འདུལ་བའི་མདོའི་རྒྱ་ཆེར་འགྲེལ་པ

Sanskrit title (Tibetan script, as in the text) བི་ན་ཡ་སཱུ་ཏྲ་ཊཱི་ཀ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 163 · folio 322b

དེ་སྤོ་བ་དང་མགུ་བར་བྱ་བ་སྤྱོད་པར་མི་བགྲང་བར་ཉིན་མཚན་དེ་བཅད་དེ་བགྲང་བར་བྱའོ། །མགུ་བར་བྱ་བ་སྤྱོད་པ་ལ་ཡང་དེ་བཞིན་ནོ་ཞེས་གསུངས་པ་ཡིན་ནོ། །མཚམས་ཀྱི་ཕྱི་རོལ་དུ་ཡང་ངོ་ཞེས་བྱ་བ་ཡང་། ཉལ་ན་ཉིན་མཚན་དེ་བཅད་དོ་ཞེས་བྱ་བའི་རྗེས་སྙགས་པའི་ཕྱིར་ཡང་ངོ་

ཞེས་བྱ་བའི་སྒྲ་སྨོས་སོ། །མ་བརྗོད་ན་ཡང་ངོ་ཞེས་བྱ་བ་ཡང་། ཡོངས་སུ་གནས་པར་དང་མགུ་བར་བྱ་བ་སྤྱོད་པའི་ཞག་འདས་པ་དང་། འབྱུང་བར་འགྱུར་བ་མ་བརྗོད་ན་ཡང་ཉིན་མཚན་དེ་གཅད་པར་བྱ་བའོ། །ཐོས་པར་བྱ་བ་དག་མཚམས་དེ་ན་ཉེ་བར་མི་འཁོད་ན་དེ་མི་འབྱུང་ངོ་ཞེས་བྱ་བ་ནི།

མཚམས་གང་དུ་དེ་སྤྱད་པར་བྱ་བའི་མཚམས་དེ་ན་གང་ལ་བརྗོད་ཅིང་ཐོས་པར་བྱ་བའི་དགེ་སློང་དག་ཉེ་བར་མི་གནས་ན་མ་བརྗོད་པ་དེ་མི་འབྱུང་བའོ། །ཉི་མ་དེ་ཉིད་ལ་ཕྱིར་འོང་ན་མཚམས་གཞན་དུ་འགྲོ་བ་ལ་ཉེས་པ་མེད་དོ་ཞེས་བྱ་བ་ནི། གལ་ཏེ་ཉི་མ་དེ་ཉིད་ལ་ཕྱིར་འོང་ན་མཚམས་གཞན་དུ་འགྲོ་བ་ལ་

ཉེས་པ་མེད་པའོ། །སྤོ་བ་བྱེད་པས་སྤོ་བ་བྱེད་པ་དང་ལྷན་ཅིག་གཡོགས་མ་གཅིག་པར་ཉལ་བར་མི་བྱའོ་ཞེས་བྱ་བ་ནི། སྤོ་བ་དང་མགུ་བར་བྱ་བ་སྤྱོད་པས་དེ་སྤྱོད་པ་གཞན་དང་ལྷན་ཅིག་ཏུ་གཡོགས་མ་གཅིག་པའི་གནས་སུ་ཞག་ལོན་པར་ཉལ་བར་མི་བྱ་བ་སྟེ། ཉིན་མཚན་བཅད་པར་ནི་

མི་འགྱུར་མོད་ཀྱི། འོན་ཀྱང་ཉིན་མཚན་གྱི་མཐར་ཉེས་བྱས་ཡོངས་སུ་རྫོགས་པར་འགྱུར་ལ། དེའི་མདུན་རོལ་དུ་ནི་སྦྱོར་བ་ལས་བྱུང་བའི་ཉེས་བྱས་སུ་འགྱུར་རོ། །རང་བཞིན་དུ་གནས་པ་དང་ལྷན་ཅིག་ཉལ་བ་ལ་ཡང་ཁ་ན་མ་ཐོ་བ་དེ་གཉིས་སུ་འགྱུར་བའི་སྟེང་དུ་དེའི་ཉིན་མཚན་བཅད་

པ་ཡང་འགྱུར་རོ། །དེ་དང་མུ་སྟེགས་ཅན་སྤོ་བ་ལ་གནས་པ་དང་དེར་ལྷན་ཅིག་པ་ལ་ནི་ཉེས་པ་མེད་དོ་ཞེས་བྱ་བ་ནི། སྤོ་བ་དང་མགུ་བར་བྱ་བ་སྤྱོད་པ་དེ་དང་མུ་སྟེགས་ཅན་ཟླ་བ་བཞིའི་བར་དུ་མཁན་པོས་སྦྱར་བའི་གོས་ཀྱིས་སྤོ་བ་ལ་གནས་པ་དང་ལྷན་ཅིག་གཡོགས་མ་གཅིག་པའི་གནས་དེར་

ཉལ་བ་ལ་ཉེས་པ་མེད་པའོ། །ཅིའི་ཕྱིར་སྤོ་བའི་གཞི་ལ་ས་གཞན་ན་གནས་པའི་སྤྱོད་པའི་གཞི་ཞེས་མིང་གཞན་དུ་བྱས་ཤེ་ན། ས་གཞན་ན་གནས་པ་ཐམས་ཅད་ཀྱི་ཡུལ་བསྟན་པར་བྱ་བའི་ཕྱིར་སྤོ་བའི་ཕྱིར་གཞི་འདིའི་མིང་ས་གཞན་ན་གནས་པའི་སྤྱོད་པའི་གཞི་ཞེས་མིང་གཞན་དུ་བྱས་སོ། །མགུ་

Vol. 163 · folio 323a

བར་བྱ་བ་སྤྱོད་པ་དང་བསླབ་པ་བྱིན་པ་ལ་སོགས་པ་ས་གཞན་ན་གནས་པ་གང་ཇི་སྙེད་པ་དེ་དག་ཐམས་ཅད་གཞི་འདིས་སྤྱོད་པར་བསྟན་གྱི། སྤོ་བ་བྱེད་པས་འབའ་ཞིག་ཏུ་མ་ཟད་པས་དེའི་ཕྱིར་དོན་དེ་བསྟན་པའི་ཕྱིར། ས་གཞན་ན་གནས་པའི་སྤྱོད་པའི་གཞི་ཞེས་

མིང་གཞན་དུ་བྱས་སོ། །ས་གཞན་ན་གནས་པའི་སྤྱོད་པའི་གཞི་ཞུ་བའི་སྐབས་སོ་ཞེས་བྱ་བ་དེ་ཞུ་བའི་སྐབས་ནས་འབྱུང་བ་བཤད་ཟིན་ཏོ། །ས་གཞན་ན་གནས་པའི་སྤྱོད་པའི་གཞི་རྫོགས་སོ་ཞེས་བྱ་བ་སྤོ་བའི་གཞི་བཤད་ཟིན་ཏོ།། །།ད་ནི་ཡོངས་སུ་སྤྱད་པའི་གཞི་བསྡུ་བར་བྱ་བ་

སྟེ། འདིར་གཞི་དང་བཅས་པས་གླེང་བ་ལ་སོགས་པ་ནི་འཆགས་ལ་གཞི་མེད་པས་གླེང་བ་ལ་སོགས་པ་ནི་མི་འཆགས་སོ་ཞེས་འོག་ནས་འབྱུང་བས་གཞི་དང་བཅས་པ་ནི་གང་ཡིན། གཞི་མེད་པ་ནི་གང་ཡིན་ཞེ་ན་དེའི་ཕྱིར། མ་གྲགས་པ་ནི་གཞི་ཉིད་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ།

མ་གྲགས་པ་ཞེས་བྱ་བ་མིའི་ཆོས་ལས་བླ་མར་གྱུར་པ་ཐ་སྙད་དུ་བྱ་བ་མ་ཡིན་པའི་མཐོང་བ་དང་ཐོས་པ་དང་དོགས་པ་ནི་གཞི་ཉིད་མ་ཡིན་ཏེ། གཞི་དེས་གླེང་བ་ལ་སོགས་པ་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །མ་གྲགས་པ་དེས་ཅིའི་ཕྱིར་གླེང་བར་མི་བྱ་ཞེ་ན། ཁ་ཅིག་མིའི་ཆོས་ལས་བླ་མ་

དང་ལྡན་པས་ཞེས་གླེངས་པ་ན་དེའི་ཆོས་ལ་སྐུར་པ་འདེབས་པར་འགྱུར་བ་དང་། ཁ་ཅིག་དེ་དང་མི་ལྡན་བཞིན་དུ་བདག་ཉིད་དེ་དང་ལྡན་པར་སྒྲོ་འདོགས་ཤིང་། གཞན་ལ་སྐུར་པ་འདེབས་པའི་ཉེས་པ་སྤང་བའི་ཕྱིར་རོ། །འདིར་གཞུང་ནི་དགེ་སློང་དག་ལྷའི་མིག་ནི་ཐ་སྙད་དུ་བྱ་བ་མ་ཡིན་ཏེ། དེ་

བས་ན་དགེ་སློང་གིས་ལྷའི་མིག་གིས་མཐོང་བས་གླེང་བར་མི་བྱའོ་ཞེས་བྱ་བ་ནས། དེ་བཞིན་དུ་ལྷའི་རྣ་བས་གླེང་བར་མི་བྱའོ་ཞེས་བྱ་བ་ལ་སོགས་པའི་བར་དུ་གསུངས་པ་ཡིན་ནོ། །དགག་དབྱེ་བརྗོད་པ་རྫོགས་ན་དགག་དབྱེ་གཞག་པ་མི་འཆགས་སོ་ཞེས་བྱ་བ་ནི། གང་ཟག་གང་གིས་དབྱར་

གནས་པའི་དགེ་འདུན་ལ། ཚེ་དང་ལྡན་པ་དགོངས་སུ་གསོལ། །དེང་ནི་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་དགག་དབྱེ་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བདག་ལ་མཐོང་བ་དང་ཐོས་པ་དང་དོགས་

Vol. 163 · folio 323b

པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་ཀྱི་ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་གདམས་སུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བསྟན་དུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་གཟུང་དུ་གསོལ། ཐུགས་

བརྩེ་བ་ཅན་ཚེ་དང་ལྡན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་ཉེ་བར་བཟུང་སྟེ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། ལྟུང་བ་ཤེས་ཤིང་མཐོང་ན་ཆོས་བཞིན་དུ་སླར་བགྱིའོ། །ལན་གསུམ་དུ་བཟླས། ཐབས་ཡིན་ནོ། །ལེགས་སོ་ཞེས་བྱ་བའི་སྔགས་ཀྱིས་དགག་དབྱེ་བརྗོད་པ་

རྫོགས་པར་བྱས་ནས། དེ་ལ་ཁྱོད་ཕྱིས་བདག་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དགག་དབྱེ་མ་བྱེད་ཅིག་ཅེས་དགག་དབྱེ་འཇོག་པར་མི་འཆགས་པའོ། །དགག་དབྱེ་བརྗོད་པ་མ་རྫོགས་པ་དགག་དབྱེ་འཇོག་པར་བྱེད་ན་ནི་འཆགས་སོ། །དགག་དབྱེའི་

སྔགས་ལན་གཅིག་བརྗོད་པ་ལ་ནི་དེའི་མཐར་ཕྱིན་པ་ཉིད་རྫོགས་པ་ཡིན་ནོ། །ལན་གཉིས་བརྗོད་པ་ལ་ནི་གཉིས་པའི་མཐར་ཕྱིན་པ་ཉིད་རྫོགས་པ་ཡིན་ནོ། །ལན་གསུམ་བརྗོད་པ་ལ་ཡང་གསུམ་པའི་མཐར་ཕྱིན་པ་ཉིད་རྫོགས་པ་ཡིན་ནོ། །བྱེད་པ་པོ་ནད་པ་དང་ལྡན་པ་ཉིད་ལ་ཡང་

དེ་བཞིན་ནོ་ཞེས་བྱ་བ་ནི། དགག་དབྱེ་འཇོག་པ་གང་གི་བྱེད་པ་པོ་ནད་པ་ཡིན་པ་དེ་ནི་བྱེད་པ་པོ་ནད་པ་དང་ལྡན་པ་སྟེ་དེའི་དངོས་པོ་ནི་དེ་ཉིད་དོ། །དེས་དགག་དབྱེ་འཇོག་ཏུ་འཇུད་པ་ཡང་སྔ་མ་བཞིན་དུ་མི་འཆགས་པ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ། ནད་པས་དགེ་སློང་གཞན་གྱི་དགག་

དབྱེ་འཇོག་ཏུ་འཇུད་ཅིང་ཁྱོད་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་མ་བྱེད་ཅིག་ཅེས་ཟེར་ན་དེ་མི་འཆགས་སོ། །ཅི་དེས་མངོན་སུམ་དུ་འཇོག་པ་མི་འཆགས་པར་མ་ཟད་དམ་ཞེ་ན། དེའི་ཕྱིར་མངགས་པས་ཀྱང་ངོ་ཞེས་བྱ་བ་སྨྲས་ཏེ། ནད་པས་དེ་མངགས་པས་

དགག་དབྱེ་འཇོག་ཏུ་འཇུད་པ་ཡང་མི་འཆགས་སོ། །ཀྱང་ངོ་ཞེས་བྱ་བའི་སྒྲས་ནི། རང་གིས་འཇོག་ཏུ་འཇུད་ན་ཡང་མི་འཆགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ནད་པ་ཉིད་ལ་ཡང་ངོ་ཞེས་བྱ་བ་ནི། གལ་ཏེ་གཞན་གྱིས་ནད་པའི་དགག་དབྱེ་འཇོག་པར་བྱེད་ན་དེས་ཀྱང་ནད་པའི་དགག་

Vol. 163 · folio 324a

དབྱེ་གཞག་པ་མི་འཆགས་པའོ། །འདིར་དགག་དབྱེ་ཞེས་སྨོས་པ་ནི་གསོ་སྦྱོང་དང་གདམས་ངག་གཞག་པའི་དཔེ་ཡིན་ནོ། །དེ་མནོད་པར་མི་བྱའོ་ཞེས་བྱ་བ་ནི། དགག་དབྱེ་གཞག་པ་མི་འཆགས་པར་བསྟན་པ་གང་ཡིན་པ་དེ་དགེ་འདུན་གྱིས་ཀྱང་མནོད་པར་མི་

བྱ་བའོ། །ནད་པས་རང་ངམ་མངགས་པས་གཞན་གྱི་དགག་དབྱེ་འཇོག་ཏུ་འཇུད་པ་དང་གཞན་གྱིས་རང་ངམ་མངགས་པས་ནད་པའི་དགག་དབྱེ་འཇོག་ཏུ་འཇུད་པ་དེ་དག་དགེ་འདུན་གྱིས་ཇི་ལྟར་གནོད་པར་མི་བྱ་ཞེ་ན། དེའི་ཕྱིར། ཚེ་དང་ལྡན་པ་ནད་པ་ནི་སྦྱོར་མི་བཟོད་པ་ཡིན་གྱི་ཁྱོད་སྡོད་

ཅིག་ཅེའམ་ཚེ་དང་ལྡན་པ་ཕོ་ཉ་ནད་པ་དེ་ལ་ནི་བརྒལ་ཞིང་བརྟགས་པ་མ་ཡིན་ནོ་ཞེས་ལན་གདབ་པར་བྱའོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་ནད་པ་རང་གིས་གཞན་གྱི་དགག་དབྱེ་འཇོག་ཏུ་འཇུད་ན་དེའི་ཚེ་དགེ་འདུན་གྱིས་ནད་པ་དེ་ལ་ཚེ་དང་ལྡན་པ་ནད་པ་ནི་སྦྱོར་མི་བཟོད་པ་ཡིན་གྱི་ཁྱོད་སྡོད་ཅིག་

ཅེས་ལན་གདབ་པར་བྱའོ། །གལ་ཏེ་ནད་པས་མངགས་པས་གཞན་གྱི་དགག་དབྱེ་འཇོག་ཏུ་འཇུད་ན། དེའི་ཚེ་དགེ་འདུན་གྱིས་མངགས་པ་དེ་ལ་ཚེ་དང་ལྡན་པ་ཕོ་ཉ་ནད་པ་དེ་ལ་ནི་བརྒལ་ཞིང་བརྟག་པར་བྱ་བ་མ་ཡིན་ནོ་ཞེས་ལན་གདབ་པར་བྱའོ། །གལ་ཏེ་གཞན་གྱིས་རང་གི་ནད་པའི་

དགག་དབྱེ་འཇོག་ཏུ་འཇུད་ན་དེའི་ཚེ་དགེ་འདུན་གྱིས་གཞན་དེ་ལ་ཚེ་དང་ལྡན་པ་ནད་པ་ལ་ནི་སྦྱོར་མི་བཟོད་པ་ཡིན་གྱིས་ཁྱོད་སྡོད་ཅིག་ཅེས་ལན་གདབ་པར་བྱའོ། །གལ་ཏེ་གཞན་གྱིས་མངགས་པས་ནད་པའི་དགག་དབྱེ་འཇོག་ཏུ་འཇུད་ན་དེའི་ཚེ་དགེ་འདུན་གྱིས་མངགས་པ་དེ་ལ་ཚེ་དང་ལྡན་པ་ཕོ་

ཉ་ནད་པ་དེ་ལ་ནི་བརྒལ་ཞིང་བརྟག་པར་བྱ་བ་མ་ཡིན་ནོ་ཞེས་ལན་གདབ་པར་བྱའོ། །བྱས་པ་དང་བྱེད་པའི་རང་གི་ངོ་བོ་མ་རྟོགས་པ་ཉིད་ན་ཡང་གླེང་བ་མི་འཆགས་སོ་ཞེས་བྱ་བ་ལ་བྱས་པའི་རང་གི་ངོ་བོ་མ་རྟོགས་པ་ཉིད་ཅེས་བྱ་བ་ནི། འཕགས་པ་ཆེ་གེ་མོས་ཉེས་པ་བྱས་ཞེས་ནི་ཐོས་ཀྱི་ཉེས་པ་འདི་

དང་འདི་ལྟ་བུ་བྱས་ཞེས་ནི་མ་ཐོས་སོ་ཞེས་ཟེར་བའོ། །བྱེད་པའི་རང་གི་ངོ་བོ་མ་རྟོགས་པ་ཉིད་ཅེས་བྱ་བ་ནི། འཕགས་པས་ཉེས་པ་འདི་དང་འདི་ལྟ་བུ་བྱས་ཞེས་ནི་ཐོས་ཀྱི། ཆེ་གེ་མོ་ཞིག་གིས་ཞེས་ནི་མ་ཐོས་སོ་ཞེས་ཟེར་བ་སྟེ། དེ་ལྟར་བྱས་པ་དང་བྱེད་པའི་རང་གི་ངོ་བོ་མ་རྟོགས་པ་

Vol. 163 · folio 324b

ཉིད་ཡིན་ན་ཡང་གླེང་བ་མི་འཆགས་སོ། །ལྷག་མས་ཀྱང་དུས་མ་ཡིན་པར་འཇུག་པར་མི་བྱའོ་ཞེས་བྱ་བ་ལ། ལྷག་མས་ཀྱང་ཞེས་བྱ་བ་ནི། བྱེད་པ་པོ་ནད་པ་ལ་སོགས་པས་གླེང་བ་དེ་ལས་གཞན་པས་ཀྱང་དུས་མ་ཡིན་པར་གླེང་བ་ལ་འཇུག་པར་མི་བྱའི་དུས་སུ་འཇུག་པར་བྱ་བའོ། །

དྲན་པ་དང་ཤེས་བཞིན་ཉེ་བར་མི་གཞག་པར་མི་བྱའོ་ཞེས་བྱ་བ་ནི། དྲན་པ་དང་ཤེས་བཞིན་མངོན་དུ་མ་བྱས་པར་ཡང་གླེང་བ་ལ་འཇུག་པར་མི་བྱ་བའོ། །མཐའ་མ་ཡིན་པར་མི་བྱའོ་ཞེས་བྱ་ནི། གནས་གང་དུ་གླེང་བར་བྱ་བའི་གང་ཟག་དེའི་བསྲུང་བར་བྱ་བ་མཁན་པོའམ་སློབ་དཔོན་

ནམ་དགེ་འདུན་ནམ་ཞེ་འགྲས་པ་ལ་སོགས་པ་སྤང་བར་བྱ་བ་དག་གི་མདུན་དུ་གླེངས་ན་དེས་བདག་ལ་བརྙས་པར་འགྱུར་རོ་སྙམ་པའི་བློ་སྐྱེ་བར་འགྱུར་བའི་གནས་དེ་ལས་གཞན་པའི་མཐའ་དབེན་པ་དེར་གླེང་བར་བྱ་བ་ལ་གླེང་བར་བྱའི། དེས་བསྲུང་བར་བྱ་བ་དག་གི་དབུས་སུ་གླེང་བར་མི་བྱ་བའོ། །

ལྕགས་ཀྱི་གསལ་ཤིང་ཅན་ཉིད་ནི་དམ་པ་རྣམས་ཀྱིས་སྨད་པར་བྱ་བ་ཉིད་ཡིན་པའི་ཕྱིར་ཏེ། གང་ལྕགས་ལས་བྱས་པའི་གསལ་ཤིང་གིས་འཛུགས་པར་བྱེད་པ་དེ་ནི་ལྕགས་ཀྱི་གསལ་ཤིང་ཅན་ཏེ། མང་པོ་དག་གི་མདུན་དུ་གནད་དུ་ཕོག་པར་བྱེད་པ་གང་ཡིན་པའོ། །དེའི་དངོས་པོ་

ནི་དེ་ཉིད་དེའི་གནད་དུ་ཕོག་པར་བྱེད་པ་དེ་ཉིད་དོ། །དེ་ནི་དམ་པ་རྣམས་ཀྱིས་སྨད་པར་བྱ་བ་ཉིད་ཡིན་པས་དེའི་ཕྱིར་མཐའ་མ་ཡིན་པར་གླེང་བ་ལ་འཇུག་པར་མི་བྱའོ། །སྐབས་འབྱེད་དུ་མ་བཅུག་པར་མི་བྱའོ་ཞེས་བྱ་བ་ནི། གང་དུ་གང་ཟག་གང་ལ་སྐབས་འབྱེད་དུ་མ་བཅུག་པར་གླེང་བ་ལ་

འཇུག་པར་མི་བྱ་བ་སྟེ། དེ་ནི་རབ་ཏུ་འཁྲུག་པ་སྤང་བའི་ཕྱིར་རོ། །དགག་དབྱེ་ནི་དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི། གང་གིས་དགག་དབྱེའི་ཚེ་དགེ་འདུན་ལ་དགག་དབྱེ་བྱས་པ་དེ་ནི་སྐབས་ཕྱེ་བ་ཉིད་ཡིན་པས་དེའི་ཕྱིར་དགག་དབྱེ་བྱེད་ན་གླེང་བ་ལ་འཇུག་པ་ལ་ནི་ཉེས་པ་མེད་དོ། །མི་དྲན་ན་

དྲན་པར་བྱ་བའོ་ཞེས་བྱ་བ་ནི། གླེངས་པ་ནི་མི་དྲན་ན། དྲན་པར་བྱའོ། །དྲན་པར་བྱ་བ་ནི་གླེང་བའི་འཁོར་ཡིན་པས་དེའི་ཕྱིར་ཇི་ལྟར་གླེང་བ་ལ་དུས་མ་ཡིན་པར་འཇུག་པར་མི་བྱ་བ་དང་དྲན་པ་དང་ཤེས་བཞིན་ཉེ་བར་མ་བཞག་པར་མི་བྱ་བ་དང་། མཐའ་མ་ཡིན་པར་མི་བྱ་བ་དང་། སྐབས་

Vol. 163 · folio 325a

འབྱེད་དུ་མ་བཅུག་པར་དེ་མི་བྱ་བའོ་ཞེས་ཇི་སྐད་སྨོས་པ་དེ་དག་དྲན་པར་བྱ་བའི་སྐབས་འདིར་ཡང་གྲུབ་པ་ཡིན་ནོ། །དེ་མི་བྱེད་ན་དེ་ལ་བརྗོད་པ་དང་བཅས་པ་ཉིད་བྱའོ་ཞེས་བྱ་བ་ནི། སྐབས་འབྱེད་པ་དེ་མི་བྱེད་ན་གླེང་བར་བྱ་བ་དེ་ལ་བརྗོད་པ་དང་བཅས་པ་ཉིད་བྱའོ། །

ཇི་ལྟར་བརྗོད་པ་དང་བཅས་པ་ཉིད་བྱ་ཞེ་ན་དེའི་ཕྱིར། ཚེ་དང་ལྡན་པ་ཁྱོད་ལ་བརྗོད་པ་དང་བཅས་པ་ཉིད་བྱས་ཁྱོད་ཀྱིས་གནས་འདི་ནས་མ་ཞུས་པར་འགྲོ་བར་མི་བྱའོ། །ཁོ་བོ་ལ་ཚེ་དང་ལྡན་པ་ལ་བརྗོད་པའི་ཕྱིར་བསྡོགས་པ་ཡོད་དོ་ཞེས་བྱ་བ་སྨྲས་ཏེ། བརྗོད་པར་བྱ་བ་ཉིད་དུ་ངེས་

པ་ནི་བསྡོགས་པ་ཞེས་བྱའོ། །དེས་འདུལ་བར་མི་འགྱུར་ན་མི་གདམས་པ་ཉིད་དུའོ་ཞེས་བྱ་བ་སྨྲས་ཏེ། དེ་ལྟར་བརྗོད་པ་དང་བཅས་པ་ཉིད་བྱས་ཀྱང་གལ་ཏེ་འདུལ་བར་མི་འགྱུར་ན་དེའི་ཚེ་གླེང་བར་བྱ་བ་དེ་ལ་མི་གདམས་པ་ཉིད་དུ་བྱ་བའོ། །དེ་ལ་གཏམ་འདྲེ་བ་ལ་སོགས་པ་ཡང་བཟློག་

པར་བྱའོ་ཞེས་བྱ་བ་ནི། མི་གདམས་པ་ཉིད་དུ་བྱས་པ་དེ་ལ་གདམས་ཤིང་རྗེས་སུ་བསྟན་པར་བྱ་བ་ཉིད་ཀྱིས་ཕན་གདགས་པ་བཟློག་པར་བྱ་བ་འབའ་ཞིག་ཏུ་མ་ཟད་ཀྱི་གཏམ་འདྲེ་བ་དང་ཕེབས་པར་སྨྲ་བར་དང་སོ་སོར་ཀུན་དགའ་བར་བྱ་བའི་ཐ་སྙད་ཀྱི་ཚིག་སྦྱིན་པ་ཡང་མི་བྱའོ། །དེ་ལྟར་

ན་ཡང་གསོ་སྦྱོང་གཞག་གོ་ཞེས་བྱ་བ་ནི། དེ་ལྟར་སྨྲ་བར་མི་བྱ་བ་ཉིད་དུ་རྣམ་པར་གཞག་ཅིང་མི་གདམས་པར་བྱས་ཀྱང་འདུལ་བར་མི་འགྱུར་ཞིང་སྐབས་མི་འབྱེད་ན་དེའི་ཚེ་གསོལ་བ་དང་བཞིའི་ལས་ཀྱིས་དེའི་གསོ་སྦྱོང་གཞག་པར་བྱ་བའོ། །དེའི་སྔགས་ནི། དགེ་འདུན་བཙུན་

པ་རྣམས་གསན་དུ་གསོལ། །དགེ་སློང་མིང་འདི་ཞེས་བགྱི་བ་འདི་གླེངས་ཤིང་དྲན་པར་བགྱིད་ཀྱང་སྐབས་འབྱེད་དུ་མི་བཏུབ་སྟེ། འདི་དགེ་སློང་རྣམས་ཀྱིས་སྨྲ་བར་མི་བགྱིད་པ་ཉིད་དུ་རྣམ་པར་བཞག་ཅིང་མི་གདམས་པར་བགྱིས་ཀྱང་སྐབས་མི་འབྱེད་ན། གལ་ཏེ་དགེ་འདུན་

གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱི་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་གཞག་པར་བགྱིའོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང་མིང་འདི་ཞེས་བགྱི་བ་འདི་གླེངས་

Vol. 163 · folio 325b

ཤིང་དྲན་པར་བགྱིས་ཀྱང་སྐབས་འབྱེད་དུ་མི་བཏུབ་སྟེ། འདི་དགེ་སློང་རྣམས་ཀྱིས་སྨྲ་བར་མི་བགྱི་བ་ཉིད་དུ་རྣམ་པར་གཞག་ཅིང་མི་གདམས་པར་བགྱིས་ཀྱང་སྐབས་མི་འབྱེད་དེ་དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་གཞག་པར་བགྱིད་ན། ཚེ་དང་

ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་གཞག་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱི་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་

སྦྱོང་གཞག་ལགས་ཏེ། འདི་ལྟར་ཅང་མི་གསུང་པས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་གསུངས་པ་ཡིན་ནོ། །དེས་ཀྱང་ན་དགག་དབྱེ་བྱའོ་ཞེས་བྱ་བ་ནི། དེ་ལྟར་གསོ་སྦྱོང་གཞག་པ་དེས་ཀྱང་འདུལ་བར་མི་འགྱུར་ཞིང་སྐབས་མི་འབྱེད་ན་དེའི་ཚེ་གསོལ་བ་དང་། བཞིའི་ལས་ཀྱིས་དེའི་དགག་

དབྱེ་གཞག་པར་བྱའོ། །དེའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང་མིང་འདི་ཞེས་བགྱི་བ་འདི་གླེངས་ཤིང་དྲན་པར་བགྱིས་ཀྱང་སྐབས་འབྱེད་དུ་མི་བཏུབ་སྟེ། འདི་དགེ་སློང་རྣམས་ཀྱིས་སྨྲ་བར་མི་བགྱི་བ་ཉིད་དུ་རྣམ་པར་གཞག་ཅིང་མི་གདམས་པར་

བགྱིས་ཀྱང་སྐབས་མི་འབྱེད་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱི་དགེ་སློང་མིང་འདི་ཞེས་བགྱི་བའི་དགག་དབྱེ་གཞག་པར་བགྱིའོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་

གསོལ། །དགེ་སློང་མིང་འདི་ཞེས་བགྱིད་པ་འདི་གླེངས་ཤིང་དྲན་པར་བགྱིས་ཀྱང་སྐབས་འབྱེད་དུ་མི་བཏུབ་སྟེ། འདི་དགེ་སློང་རྣམས་ཀྱིས་སྨྲ་བར་མི་བགྱི་བ་ཉིད་དུ་རྣམ་པར་གཞག་ཅིང་མི་གདམས་པར་བགྱིས་ཀྱང་སྐབས་མི་འབྱེད་དེ་དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་

ཞེས་བགྱིས་པའི་དགག་དབྱེ་གཞག་པར་བགྱི་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བའི་དགག་དབྱེ་གཞག་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་

Vol. 163 · folio 326a

གནང་ནས། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བའི་དགག་དབྱེ་གཞག་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་གསུངས་པ་ཡིན་ནོ། །གསོ་སྦྱོང་དང་དགག་དབྱེ་གཞག་པ་ཞེས་བྱ་བ་ནི། གང་ཟག་འདི་འདུག་པ་

དང་ལྷན་ཅིག་དགེ་སློང་རྣམས་ཀྱིས་གསོ་སྦྱོང་དང་དགག་དབྱེ་མི་བྱའོ་ཞེས་བྱ་བར་རིག་པར་བྱའོ། །འཇོག་པར་བྱེད་པ་དག་གིས་གཞག་པ་དེ་དང་ལྷན་ཅིག་ཏུ་བྱ་བ་ཡང་འདིར་བཟོད་པ་ཡིན་ནོ་ཞེས་བྱ་བ་ནི། འཇོག་པར་བྱེད་པའི་དགེ་སློང་གང་དག་གིས་གསོ་སྦྱོང་དང་དགག་དབྱེ་གཞག་

པ་གང་ཡིན་པ་དེ་གང་ཟག་དེ་དང་ལྷན་ཅིག་བྱ་བ་གང་ཡིན་པ་དེ་ཡང་སྐབས་འདིར་དེ་ལ་བཟོད་པ་བྱ་བ་ཡིན་གྱི། ཚིག་འབའ་ཞིག་གིས་བཟོད་པར་བྱ་ཞིང་བག་ཡོངས་སུ་བྱ་བར་མ་ཟད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི། དྲུག་སྡེ་དག་གིས་དྲན་ཐོར་ཅན་གྱི་བསམ་པས་དགེ་

སློང་གི་གསོ་སྦྱོང་གཞག་པ་དང་། དགེ་སློང་རང་བཞིན་དུ་གནས་པ་ཐམས་ཅད་ཀྱིས་ཀྱང་ཁྱོད་ཀྱི་གསོ་སྦྱོང་དྲུག་སྡེ་དག་གིས་གཞག་གོ་ཞེས་གསོ་སྦྱོང་ལས་ཟློག་པར་བྱེད་ནས། ཡང་དྲུག་སྡེ་དག་གིས་གསོ་སྦྱོང་བྱའོ་ཞེས་བྱ་བ་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། གལ་ཏེ་དགེ་སློང་གང་དག་གིས་གསོ་སྦྱོང་གཞག་པ་དེ་དག་ཉིད་ཀྱིས་གསོ་སྦྱོང་བྱས་ན་བཟོད་པ་བྱས་པར་བརྗོད་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །སྐབས་ཕྱེ་བ་ཉིད་ན་གལ་ཏེ་མཉན་པ་ཉིད་མ་ཡིན་ན་ཕུར་པ་དང་བཅས་པ་བྱའོ་ཞེས་བྱ་བ་ནི། གླེང་བར་

བྱ་བ་དེས་སྐབས་ཕྱེ་བ་ཉིད་ན་གལ་ཏེ་དེ་མཉན་པ་ཉིད་དུ་མི་འགྱུར་ན། དེའི་ཚེ་དེ་ལ་ཕུར་པ་དང་བཅས་པ་ཉིད་དུ་བྱ་བ་སྟེ་ཕུར་པ་དང་བཅས་པའི་སྐབས་འདི་ནི་མ་མོ་ལས་འབྱུང་ངོ་། །ཇི་ལྟར་ཕུར་པ་དང་བཅས་པར་བྱ་ཞེ་ན། དེའི་ཕྱིར་གནས་འདི་འམ་གཞན་དུའམ་གཞི་

འདིའམ་གང་རུང་བ་ལ་འདོད་པ་སྨྲ་བར་བྱའོ་ཞེས་བྱ་བ་དང་། ལྟུང་བ་བཀལ་ཞིང་ཉེས་པ་བསྟན་ཏེ་བཏང་བས་སོ་ཞེས་བྱ་བ་སྨྲས་ཏེ། གང་ཡང་རུང་བ་ལ་ཞེས་བྱ་བ་ནི། གནས་སམ་གཞི་ལའོ། །ཉེས་པ་བསྟན་ཏེ་ཞེས་བྱ་བ་ནི། ལྟུང་བ་བཀལ་ཞིང་ཞེས་བྱ་བའི་རྣམ་

Vol. 163 · folio 326b

གྲངས་གཞན་བསྟན་ཏོ། །རྟ་དམུ་རྒོད་ཕུར་པ་དང་བཅས་པ་དང་འདྲ་བར་དེ་ཡང་དྲི་མ་དང་བཅས་པར་བཏང་བ་ཡིན་པས་དེའི་ཕྱིར་ཕུར་པ་དང་བཅས་པ་ཞེས་བྱའོ། །ཚུལ་ཁྲིམས་དང་ལྟ་བ་དང་ཆོ་ག་དང་འཚོ་བ་ཉམས་པས་གླེང་བ་ལ་སོགས་པ་དེ་དག་ཐམས་ཅད་བྱེད་པ་ནི་གཞི་དང་བཅས་

པ་འཆགས་སོ་ཞེས་བྱ་བ་ནི། མཐོང་བ་དང་ཐོས་པ་དང་དོགས་པ་དག་གིས་གཞི་དང་བཅས་པ་ཚུལ་ཁྲིམས་དང་ལྟ་བ་དང་ཆོ་ག་དང་འཚོ་བ་ཉམས་པས་གླེང་བ་ལ་སོགས་པ་དེ་དག་ཐམས་ཅད་བྱེད་ན་འཆགས་པའོ། །སྩོགས་པ་ཞེས་བྱ་བའི་སྒྲས་ནི། དྲན་པར་བྱ་བ་དང་སྐབས་འབྱེད་

དུ་གཞུག་པ་དང་། བརྗོད་པ་དང་བཅས་པ་ཉིད་དང་། མི་གདམས་པ་ཉིད་དང་། གསོ་སྦྱོང་གཞག་པ་དང་། དགག་དབྱེ་གཞག་པ་དང་། ཕུར་པ་དང་བཅས་པ་བྱ་བ་དག་བསྡུ་སྟེ། དེ་དག་བྱ་བ་ཡང་གཞི་ཡོད་ན་འཆགས་ཀྱི། གཞི་མེད་པར་ཚུལ་ཁྲིམས་ལ་སོགས་པ་ཉམས་

པས་གླེང་བ་ལ་སོགས་པ་བྱེད་ན་ནི་མི་འཆགས་སོ། །གཞི་ལེགས་པ་མ་ཡིན་པས་མི་བྱའོ་ཞེས་བྱ་བ་ནི། གླེང་བ་ལ་སོགས་པ་དེ་དག་ལེགས་པར་མ་མཐོང་བ་དང་ལེགས་པར་མ་ཐོས་པ་དང་། ལེགས་པར་མི་དོགས་པས་མི་བྱ་བ་དེ་མི་གསལ་བར་མཐོང་བ་ནི་ལེགས་པར་མ་མཐོང་བའོ། །

མི་གསལ་བར་ཐོས་པ་ནི་ལེགས་པར་མ་ཐོས་པའོ། །སྙིང་ཐ་དད་ཅིང་དད་པ་ཞན་པའི་ཡོངས་སུ་རྟོགས་པ་ནི་ལེགས་པར་མི་དོགས་པའོ། །འདི་ལ་དངོས་པོ་ལས་བདེན་པ་ཉིད་ཀྱི་རྒྱུ་མ་ཡིན་ནོ་ཞེས་བྱ་བ་ནི། གཞི་འདི་ལ་དངོས་པོ་ལས་བདེན་པ་ཉིད་ཀྱི་རྒྱུ་མ་ཡིན་གྱི། འདུ་ཤེས་ལས་

བདེན་པ་ཉིད་ཀྱི་རྒྱུ་ཉིད་དུ་རྣམ་པར་གཞག་པ་སྟེ། དངོས་པོ་བདེན་པ་ཉིད་ཡིན་ཡང་གལ་ཏེ་མཐོང་བ་ལ་སོགས་པའི་འདུ་ཤེས་མེད་པས་གླེང་བར་བྱེད་ན་གཞི་མེད་པ་ཁོ་ནས་གླེང་བ་ལ་སོགས་པར་འགྱུར་ལ། དངོས་པོ་མི་བདེན་པ་ཉིད་ཡིན་ཡང་གལ་ཏེ་མཐོང་བ་ལ་སོགས་པའི་འདུ་ཤེས་

ཀྱིས་གླེང་བར་བྱེད་ན་གཞི་དང་བཅས་པ་ཁོ་ནས་གླེང་བ་ལ་སོགས་པར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །ཐོས་པ་ནི་རྣམ་པ་གསུམ་སྟེ་བྱ་བའི་མཚན་མ་དང་གཞན་ཕེབས་པར་སྨྲ་བ་དང་རང་གིས་རྗེས་སུ་ཐོས་པའོ་ཞེས་བྱ་བ་ལ། བྱ་བའི་མཚན་མ་ཞེས་བྱ་བ་ནི། བྱ་བ་དེ་སྒྲ་གང་དག་

Vol. 163 · folio 327a

གིས་འཇུག་པའི་སྒྲ་དེ་དག་དེར་བྱ་བ་དེ་དང་ལྷན་ཅིག་འབྱུང་བའི་རང་བཞིན་ཅན་གང་ཡིན་པ་དེ་ནི་བྱ་བའི་མཚན་མའི་སྒྲ་སྟེ་མི་ཚངས་པར་སྤྱོད་པ་དང་འཛིན་པ་ལ་སོགས་པའི་བྱ་བ་གང་བྱེད་པ་དེ་ལ་སྒྲ་ཤུབ་ཤུབ་པོ་དང་། ཁུ་ཚུར་གྱིས་བརྡེགས་པ་དང་ལག་པས་བརྡེགས་

པ་ལ་སོགས་པའི་སྒྲ་གྲགས་པ་གང་ཡིན་པ་དེ་ནི་བྱ་བའི་མཚན་མའི་སྒྲ་ཐོས་པ་ཡིན་ནོ། །གཞན་ཕེབས་པར་སྨྲ་བ་ཞེས་བྱ་བ་ནི། གཞན་དག་མི་ཚངས་པར་སྤྱོད་པ་དང་འཛིན་པ་ལ་སོགས་པ་གང་བྱེད་པ་དེ་གཞན་ཕེབས་པར་སྨྲ་བ་ལས་ཐོས་པ་གང་ཡིན་པའོ། །རང་གི་རྗེས་སུ་ཐོས་

པ་ཞེས་བྱ་བ་ནི། ཆེ་གེ་མོ་ཞིག་གིས་འདི་ལྟ་བུ་བྱས་སོ་ཞེས་གཞན་དག་ནི་ལོགས་ཤིག་ན་གཏམ་ཟེར་བ་རང་གིས་ལོགས་ཤིག་ནས་རྗེས་སུ་ཐོས་པ་གང་ཡིན་པའོ། །འདིར་གཞུང་ནི། འདི་ལ་དགེ་སློང་དག་གིས་རྣམ་པ་གང་དག་དང་། རྟགས་གང་དག་དང་། །མཚན་མ་

གང་དག་གིས་ཕམ་པར་འགྱུར་བ་མཐའི་ལྟུང་བ་འབྱིན་པའི་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་གིས་ཕམ་པར་འགྱུར་བ་མཐའི་ལྟུང་བ་འབྱིན་པ་དེ་ཐོས་པ་དང་གཏམ་དེ་ཡང་དེ་ལས་བྱུང་ཞིང་དེའི་རང་བཞིན་གྱིས་ཉེ་བར་གནས་པ་ཡིན་པ་དང་། དེ་

བཞིན་དུ་དེས་དགེ་སློང་དེ་ཕམ་པར་འགྱུར་བ་མཐའི་ལྟུང་བ་བྱུང་ངོ་ཞེས། ཡིད་ཆེས་པའི་ཚིག་ལས་ཐོས་པར་གྱུར་ན་གཞི་དེས་གནས་དེའམ་གཞན་དུ་དེའི་གསོ་སྦྱོང་འཇོག་པར་བྱེད་ན། ཆོས་བཞིན་དུ་གསོ་སྦྱོང་འཇོག་པར་བྱེད་པ་ཡིན་ནོ་ཞེས་གསུངས་པ་ཡིན་ཏེ། དེར་ཇི་སྐད་

གསུངས་པ་དེ་དག་གོ་རིམས་བཞིན་དུ་འདིར་བསྡུས་པ་ཡིན་ནོ། །ཡིད་མ་ཆེས་པ་ནི་གཞི་མ་ཡིན་ནོ་ཞེས་བྱ་བ་ནི། ཐོས་ཀྱང་ཡིད་མ་ཆེས་པ་གང་ཡིན་པ་དེ་ནི་གཞི་མ་ཡིན་པར་རིག་པར་བྱའོ། །འདིར་གཞུང་ནི། དེས་ཡིད་ཆེས་པའི་ཚིག་ལས་ཐོས་པ་མ་ཡིན་ན་ཞེས་གསུངས་པ་ཡིན་

ནོ། །ཡོངས་སུ་སྦྱང་བའི་གཞིའོ་ཞེས་བྱ་བ་དེ་འདུལ་བ་གཞིའི་སྐབས་སུ་གཏོགས་པ་བཤད་ཟིན་ཏོ།། །།ད་ནི་ཡོངས་སུ་སྦྱང་བའི་གཞི་ཞུ་བའི་སྐབས་བསྡུ་བའི་ཕྱིར་ཤེས་པ་དུ་མ་ཉིད་ཡིན་ན་གླེང་བ་ལ་སོགས་པ་ལ་འདོད་པས་སོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་གླེང་བར་བྱ་བ་དེའི་ལྟུང་པ་

Vol. 163 · folio 327b

ཤེས་པའི་དགེ་སློང་དུ་མ་ཉིད་ཡིན་ན་དེ་ལ་གླེང་བ་དང་དྲན་པར་བྱ་བ་དང་། སྐབས་འབྱེད་དུ་གཞུག་པ་ལ་སོགས་པ་དེ་དག་རྒན་རིམས་ཀྱིས་འཇུག་པར་བྱ་བར་མ་ངེས་ཀྱི་གང་གླེང་བར་འདོད་པས་ཅི་དགར་འཇུག་པར་བྱ་བའོ། །འདིར་གཞུང་ནི་བརྫུན་དུ་སྨྲ་བའི་ལྟུང་བྱེད་ཀྱི་ཞུ་བ་ལས་བཙུན་

པ་དགེ་སློང་དགེ་འདུན་གྱི་དབུས་སུ་བསླབ་པ་ལས་འདའ་བར་བགྱིད་ན་སུས་གླེང་བར་བགྱི། གང་འདོད་པས་སོ་ཞེས་གསུངས་པ་ཡིན་ནོ། །དགག་དབྱེ་མ་ཡིན་པར་དེ་གཞག་པར་མི་བྱའོ་ཞེས་བྱ་བ་ནི། དགག་དབྱེའི་ལས་ཀྱི་དུས་མ་ཡིན་པ་གཞན་དུ་དགག་དབྱེ་དེ་གཞག་པར་

མི་བྱ་བའོ། །གསོ་སྦྱོང་མ་ཡིན་པར་དེ་མི་བྱའོ་ཞེས་བྱ་བ་ནི། གསོ་སྦྱོང་གི་ལས་ཀྱི་དུས་མ་ཡིན་པ་གཞན་དུ་གསོ་སྦྱོང་དེ་གཞག་པར་མི་བྱ་བའོ། །འཇོག་པར་བྱེད་པ་བུད་མེད་ཀྱིས་གཞན་སྐྱེས་པའི་གཞག་པ་ཉིད་བྱེད་དམ་བྱས་པ་ཉིད་ན་གཞག་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། གསོ་

སྦྱོང་དང་དགག་དབྱེ་འཇོག་པར་བྱེད་པས་དེ་དག་འཇོག་པར་བྱེད་པ་ཉིད་ནའམ། གཞག་པར་བྱས་པ་ཉིད་ཀྱི་འོག་ཏུ་གལ་ཏེ་མཚན་གྱུར་ཏམ་དང་པོ་ཉིད་ནས་བུད་མེད་དུ་གྱུར་པ་ཉིད་ཀྱིས་འཇོག་པར་བྱེད་པ་བུད་མེད་ཡིན་པར་གྱུར་ལ། གཞག་པར་བྱ་བ་གཞན་སྐྱེས་པ་ཡིན་པར་གྱུར་ན།

དེ་ནི་འཇོག་པར་བྱེད་པ་བུད་མེད་ཉིད་ཀྱིས་གཞན་སྐྱེས་པའི་གསོ་སྦྱོང་དང་དགག་དབྱེ་གཞག་པ་ཉིད་བྱེད་དམ་བྱས་པ་ཉིད་ནི་གཞག་པ་ཉིད་མ་ཡིན་ཏེ། བུད་མེད་རྣམས་ནི་སྐྱེས་པའི་ཡུལ་ལ་དབང་མེད་པའི་ཕྱིར་གཞག་པ་མི་འབྱུང་བ་ཁོ་ན་ཡིན་ནོ། །སྐྱེས་པས་བུད་མེད་ཀྱི་འཇོག་པ་ནི་

འབྱུང་བ་ཁོ་ན་ཡིན་ནོ། །འོ་ན་གང་གི་ཚེ་འཇོག་པར་བྱེད་པ་བུད་མེད་ཀྱིས་འཇོག་ཏུ་བཅུག་ནས་སྐྱེས་པ་ཉིད་དུ་གྱུར་ན་ཇི་ལྟར་བརྗོད་པར་བྱ་ཞེ་ན། འཇོག་པར་བྱེད་པ་བུད་མེད་ཉིད་ལ་གཞག་པ་དང་པོ་ནས་མི་འབྱུང་བས་ཕྱིས་སྐྱེས་པ་ཉིད་དུ་གྱུར་ཀྱང་རྗེས་སུ་འཇུག་པ་མེད་དོ། །དེ་ལྟ་བས་ན་བུད་

མེད་ཀྱིས་འཇོག་ཏུ་བཅུག་ནས་སྐྱེས་པ་ཉིད་དུ་གྱུར་ཀྱང་གཞག་པ་ཉིད་མེད་དོ། །འདིར་གཞུང་ནི། དགག་དབྱེའི་གཞིའི་ཞུ་བ་ལས་བཙུན་པ་རེ་ཞིག་དགེ་སློང་གིས་དགེ་སློང་གི་དགག་དབྱེ་འཇོག་པར་བགྱིད་ཅིང་། གང་གི་འཇོག་བར་བགྱིད་པ་དེའི་མཚན་གྱུར་ཏེ་དགེ་སློང་མར་གྱུར་ན་གཞག་

Vol. 163 · folio 328a

པར་བརྗོད་པར་བགྱིའམ། ཉེ་བ་འཁོར་གཞག་པར་བརྗོད་པར་བྱའོ། །འཇོག་པར་བགྱིད་པ་གང་ལགས་པ་དེ་མཚན་གྱུར་ཏེ་དེ་དགེ་སློང་མར་གྱུར་ན་གཞག་པར་བརྗོད་པར་བགྱིའམ་ཉེ་བར་འཁོར་གཞག་པར་བརྗོད་པར་མི་བྱའོ། །བཙུན་པ་རེ་ཞིག་དགེ་སློང་མས་དགེ་

སློང་མའི་དགག་དབྱེ་འཇོག་པར་བགྱིད་ཅིང་གང་གིས་འཇོག་པར་བགྱིད་པ་དེ་མཚན་གྱུར་ཏེ་དགེ་སློང་དུ་གྱུར་ན་གཞག་པར་བརྗོད་པར་བགྱིའམ། ཉེ་བ་འཁོར་གཞག་པར་བརྗོད་པར་མི་བྱའོ། །འཇོག་པར་བགྱིད་པ་གང་ལགས་པ་དེ་མཚན་གྱུར་ཏེ་དགེ་སློང་དུ་གྱུར་ན་གཞག་པར་བརྗོད་པར་

བགྱིའམ། ཉེ་བ་འཁོར་གཞག་པར་བརྗོད་པར་མི་བྱའོ། །དེ་བཞིན་དུ་དགེ་སློང་དང་དགེ་སློང་མས་དགག་དབྱེ་བྱེད་པ་ཡང་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་བཞིན་དུ་ཉམས་པས་ཀྱང་མ་ཡིན་ནོ་ཞེས་བྱ་བ་ནི། སྨྱོན་པ་ལ་སོགས་པས་གཞག་པ་ཉིད་ཀྱང་གཞག་པ་ཉིད་མ་ཡིན་

པའོ། །ཚུལ་ཁྲིམས་མེད་པ་དང་གཅིག་པ་ཉིད་མ་ཡིན་པས་ཀྱང་མ་ཡིན་ནོ་ཞེས་བྱ་བ་ནི། ཉམས་པའམ་དང་པོ་ནས་སྡོམ་པ་མ་ཐོབ་པས་ཚུལ་ཁྲིམས་མེད་པ་ཉིད་དོ། །ཆོས་དང་ཆོས་མ་ཡིན་པའི་ཕྱོགས་སུ་གྱུར་པ་ཕན་ཚུན་བློ་གཅིག་པ་ཉིད་མ་ཡིན་པ་དེ་གཉིས་ཀྱིས་གཞག་པ་ཉིད་ཀྱང་

གཞག་པ་ཉིད་མ་ཡིན་ནོ། །གཅིག་པ་ཉིད་མ་ཡིན་པའི་གཞུང་ནི་དགག་དབྱེའི་གཞིའི་ཞུ་བ་ལས་བཙུན་པ་རེ་ཞིག་ཁས་བླངས་པ་དག་གིས་ཁས་མ་བླངས་པ་དག་གི་དགག་དབྱེ་འཇོག་པར་བགྱིད་ན་གཞག་པར་བརྗོད་པར་བགྱིའམ། ཉེ་བ་འཁོར་གཞག་པར་བརྗོད་པར་མི་བྱའོ། །

བཙུན་པ་རེ་ཞིག་ཁས་མ་བླངས་པ་དག་གིས་ཁས་བླངས་པ་དག་གི་དགག་དབྱེ་འཇོག་པར་བགྱིད་ན། གཞག་པར་བརྗོད་པར་བགྱིའམ། ཉེ་བ་འཁོར་གཞག་པར་བརྗོད་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་གཉིས་ཀྱི་ཡང་མ་ཡིན་ནོ་ཞེས་བྱ་བ་ནི། རང་བཞིན་ཉམས་པ་

ཞེས་བྱ་བ་དེ་དང་། ཚུལ་ཁྲིམས་མེད་པ་དང་གཅིག་པ་ཉིད་མ་ཡིན་པ་ཞེས་སྨོས་པའི་ཚོམས་དེ་གཉིས་ཀྱིས་གསོ་སྦྱོང་དང་དགག་དབྱེ་གཞན་གྱིས་གཞག་པ་ཉིད་ཀྱང་གཞག་པ་ཉིད་མ་ཡིན་པའོ། །ཅིའི་ཕྱིར་གསོ་སྦྱོང་གཞག་པའི་གཞི་འདིའི་མིང་ཡོངས་སུ་སྦྱང་བའི་གཞི་ཞེས་གཞན་དུ་བྱས་ཤེ་ན་

Vol. 163 · folio 328b

གཞི་འདིས་དགག་དབྱེ་གཞག་པ་དང་གདམས་ངག་གཞག་པ་དང་། བརྗོད་པ་དང་བཅས་པ་དང་། ཕུར་པ་དང་བཅས་པ་ལ་སོགས་པས་ཡོངས་སུ་སྦྱང་བར་བྱ་བ་ཐམས་ཅད་བསྡུས་པ་ཡིན་གྱི། གསོ་སྦྱོང་གཞག་པ་འབའ་ཞིག་ཏུ་མ་ཟད་ཀྱི། དེ་དག་ཐམས་ཅད་བསྟན་པའི་ཕྱིར། གསོ་སྦྱོང་གཞག་

པའི་གཞི་འདིའི་མིང་ཡོངས་སུ་སྦྱང་བའི་གཞི་ཞེས་མིང་གཞན་དུ་བྱས་སོ། །ཡོངས་སུ་སྦྱང་བའི་གཞི་ཞུ་བའི་སྐབས་སོ་ཞེས་བྱ་བ་དེ་ཞུ་བའི་སྐབས་ནས་འབྱུང་བ་བཤད་ཟིན་ཏོ་ཡོངས་སུ་སྦྱང་བའི་གཞི་རྫོགས་སོ་ཞེས་བྱ་བ་གསོ་སྦྱོང་གཞག་པའི་གཞི་བཤད་ཟིན་ཏོ།། །།ད་ནི་ལས་བྱེད་པའི་གཞི་སྨྲ་

བར་འདོད་ནས་དགེ་འདུན་ཐ་དད་པ་ཉིད་དུ་ནུས་པ་ལ་མི་འདོད་པར་གླེང་བ་དང་གླེང་བར་བྱེད་པ་ན་ལོག་པར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། གང་ཟག་གང་གིས་དགེ་འདུན་ཐ་དད་པ་ཉིད་དུ་དབྱེ་བར་ནུས་པ་དེ་ལ་དེ་མི་འདོད་བཞིན་དུ་ཕར་གླེང་བར་མི་བྱ་ལ། དེས་ཚུར་གླེངས་པ་ན་ཡང་ལོག་ཐབས་མི་བྱ་

བ་སྟེ། དེ་ནི་དེས་དགེ་འདུན་འབྱེད་པར་འགྱུར་བ་སྤང་བའི་ཕྱིར་རོ། །འདའ་བར་བྱ་བ་གང་ན་མི་མཐུན་པ་ཡོད་པ་དེ་དང་ལྷན་ཅིག་ཏུ་འཁོད་པར་མི་བྱའོ་ཞེས་བྱ་བ་ནི། གནས་གང་དུ་འདའ་བར་བྱེད་ཅིང་ངལ་བསོ་བར་བྱེད་པའི་གནས་དེ་ནི་འདའ་བར་བྱ་བ་ཞེས་བྱ་སྟེ། དབེན་པ་ཞེས་བྱ་

བའི་ཐ་ཚིག་གོ། །འདའ་བར་བྱ་བའི་གནས་གང་ན་མི་མཐུན་པ་ཞེས་བྱ་བར་དགྲ་བོ་ཡོད་པ་དེར་དེ་དང་ལྷན་ཅིག་ཏུ་འཁོད་པ་ཞེས་བྱ་བ་འདུག་པ་དང་། འགྲེང་བར་མི་བྱ་བ་སྟེ་འཐབ་ཀྲོལ་གྱི་སྐབས་བཅད་པའི་ཕྱིར་འདི་བཅའ་བ་མཛད་དོ། །གཞན་དུ་ནི་གོ་གཉིས་སམ་གསུམ་གྱི་བར་དུ་

བཅད་དེའོ་ཞེས་བྱ་བ་ནི། འདའ་བར་བྱ་བའི་གནས་དབེན་པ་སྔར་བསྟན་པ་དེ་ལས་གཞན་པའི་གནས་གང་ན་གང་ཟག་མི་མཐུན་པ་ཡོད་པ་དེ་དང་ལྷན་ཅིག་ཏུ་མི་འཁོད་དུ་མི་རུང་ན་གོ་གཉིས་སམ་གསུམ་གྱི་བར་དུ་བཅད་དེ་འཁོད་པར་བྱའོ། །འདི་ནི་ལུས་ཀྱིས་ཕ་རོལ་གནོད་པ་དང་

རེག་པ་སྤང་བའི་ཕྱིར་རོ། །དེས་ཅིག་ཤོས་དང་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི། མི་མཐུན་པའི་ཡུལ་གང་ལ་འདའ་བར་བྱ་བ་གང་ན་མི་མཐུན་པ་ཡོད་པ་དེ་དང་ལྷན་ཅིག་ཏུ་འཁོད་པར་མི་བྱ་བ་དང་། གཞན་དུ་ནི་གོ་གཉིས་སམ་གསུམ་གྱིས་བཅད་དེ་འཁོད་པར་བྱའོ་ཞེས་བསྟན་པ་

Vol. 163 · folio 329a

གང་ཡིན་པ་དེ་མི་མཐུན་པར་དེས་ཀྱང་མི་མཐུན་པའི་ཡུལ་ཅིག་ཤོས་དང་དེ་བཞིན་དུ་བྱ་བའོ། །དེ་གཉིས་ཀྱི་གཙུག་ལག་ཁང་བར་དུ་ཆོད་པ་སྦྱིན་པར་བྱ་བ་ཉིད་དང་མནོད་པར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། གང་ཟག་མི་མཐུན་པ་དེ་གཉིས་ཀྱི་གཙུག་ལག་ཁང་ཞེས་བྱ་བ་

གནས་པའི་གཞི་གཡོགས་པའམ་མ་གཡོགས་པ་གང་ཡང་རུང་བ། བར་དུ་གཞན་གྱི་གནས་ཁང་གིས་ཆོད་པ་གནས་ཁང་བསྒོ་བས་ཀྱང་སྦྱིན་པར་བྱ་བ་ཉིད་ཡིན་ལ། རང་གིས་ཀྱང་མནོད་པར་བྱ་བ་ཉིད་ཡིན་ནོ། །བསྐོ་བས་དེ་ལས་གཞན་དུ་བསྐོས་ན་ཡང་ཉེས་བྱས་སུ་འགྱུར་ལ། ནོད་

པས་དེ་མནོས་ན་ཡང་ཉེས་བྱས་སུ་འགྱུར་རོ། །དགེ་འདུན་ཐམས་ཅད་ཀྱིས་གྲོགས་བྱས་སམ་ལས་སུ་སྩལ་ཏེ། དེར་གནས་ཁང་སྦྱིན་པར་བྱེད་ན་ཡང་ཐམས་ཅད་ལ་ཉེས་བྱས་སུ་འགྱུར་རོ། །འདི་ནི་མི་མཐུན་པ་དེ་གཉིས་མི་འཕྲད་པར་བྱ་བའི་ཕྱིར་རོ། །ཆོས་དང་འདུལ་བ་ལ་གལ་ཏེ་དེ་དང་ལྡན་

པར་ཤེས་ནས་ཆོས་མ་ཡིན་པ་ལ་མངོན་པར་ཞེན་པ་ལ་དགེ་འདུན་མཐུན་པ་མེད་དོ་ཞེས་བྱ་བ་ནི། དངོས་པོ་དང་འབྲེལ་བའི་རྣམ་པའི་འདུལ་བ་ལ་གལ་ཏེ་དེ་དང་ལྡན་པ་ཉིད་དུ་ཤེས་ན་ཞེས་བྱ་བ་ཆོས་དང་འདུལ་བ་ལ་གལ་ཏེ་མི་མཐུན་པ་དེ་དང་ལྡན་པར་ཤེས་ནས་ཆོས་མ་ཡིན་པ་ལ་མངོན་

པར་ཞེན་པ་ལ་ཞེས་བྱ་བ་དེ་ལྟར་ཆོས་དང་འདུལ་བའི་རྣམ་པ་ལ་མི་མཐུན་པ་ཉིད་དང་ལྡན་པར་ཤེས་ནས་དེའི་འོག་ཏུ་ཆོས་མ་ཡིན་པ་ལ་མངོན་པར་ཞེན་པ་ལ་དེ་ལ་དགེ་འདུན་མཐུན་པ་མེད་དོ། །གང་གི་ཕྱིར་ཆོས་དང་འདུལ་བའི་ཕྱིར་དགེ་འདུན་མཐུན་པ་ཡིན་གྱི་དོན་གཞན་གྱི་ཕྱིར་མ་ཡིན་

པ་དེའི་ཕྱིར་མི་མཐུན་པ་ལ་ནི་དགེ་འདུན་མཐུན་པ་འབྱེ་བར་མི་འགྱུར་རོ། །དེའི་ཕྱིར་དེ་ལས་གཞན་པ་དག་དང་ཚོགས་ཏེ་ལས་བྱས་ན་ཡང་མི་འཆགས་པ་ལ་ཕན་ཚུན་མི་མཐུན་པ་ཉིད་དུ་ཡང་མི་འགྱུར་རོ་ཞེས་བྱ་བ་ནི། གང་གི་ཕྱིར་ཇི་སྐད་བསྟན་པ་དེ་ལ་དགེ་འདུན་མཐུན་པ་མེད་པ་དེའི་ཕྱིར་

ཆོས་མ་ཡིན་པ་ལ་མངོན་པར་ཞེན་པ་དེ་དག་དང་། དེ་ལས་གཞན་པའི་ཆོས་ཀྱི་ཕྱོགས་དང་མཐུན་པ་དག་ཚོགས་ཏེ་ལས་བརྒྱ་རྩ་གཅིག་པོ་དག་བྱས་ན་ཡང་མི་འཆགས་ལ། མ་ཚོགས་པར་སོ་སོར་བྱེད་ན་ཡང་ཕན་ཚུན་མི་མཐུན་པ་ཉིད་དུ་མི་འགྱུར་ཏེ། ཕྱོགས་སོ་སོའི་ལས་

Vol. 163 · folio 329b

འཆགས་པར་འགྱུར་བའོ། །དེ་དག་དེའི་མི་མཐུན་པའི་ཕྱོགས་དང་འཐབ་པར་འགྱུར་བ་ཉིད་ནི་ཆོས་འདི་པ་དག་པའི་ཕྱག་མི་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། ཆོས་མ་ཡིན་པ་ལ་མངོན་པར་ཞེན་པ་དེ་དག་དེའི་མི་མཐུན་པའི་ཕྱོགས་ཆོས་དང་མཐུན་པའི་ཕྱོགས་སུ་གཏོགས་པ་དང་།

ལྷན་ཅིག་འཐབ་པར་འགྱུར་བ་ཉིད་ན་དེ་དག་ལ་ཆོས་འདི་ལ་དགེ་སློང་དང་དགེ་སློང་མ་དང་དགེ་ཚུལ་དང་། དགེ་ཚུལ་མ་དང་། དགེ་སློབ་མ་དང་། དགེ་བསྙེན་དང་དགེ་བསྙེན་མ་དག་གིས་ཕྱག་མི་བྱ་བ་ཉིད་ཡིན་པའོ། །མངོན་དུ་ལྡང་བ་དང་སྟན་ལ་བོད་པ་དང་གཏམ་འདྲེ་བ་དང་།

ཕེབས་པར་སྨྲ་བ་དང་། ཀུན་དགའ་བར་འགྱུར་བ་དང་། རྣམ་པར་བལྟ་བ་དང་། ཅུང་ཟད་བལྟ་བ་དག་ཀྱང་མི་བྱའོ་ཞེས་བྱ་བ་ནི། ཇི་སྐད་སྨོས་པ་དེ་དག་ཐམས་ཅད་ཀྱང་ཆོས་མ་ཡིན་པ་ལ་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །གཏམ་འདྲེ་བ་ཞེས་བྱ་བ་ནི། ཚིག་གི་ལན་ལ་སོགས་པ་ཀུན་

དུ་སྨྲ་བ་སྦྱིན་པའོ། །ཕེབས་པར་སྨྲ་བ་ཞེས་བྱ་བ་ནི། ཡིད་གཅུགས་པའི་གཏམ་བྱ་བའོ། །ཀུན་དགའ་བར་འགྱུར་བ་ཞེས་བྱ་བ་ནི། གཏམ་དྲི་བ་ལ་སོགས་པའི་ཐ་སྙད་བྱ་བའོ། །རྣམ་པར་བལྟ་བ་ཞེས་བྱ་བ་ནི། མིག་གིས་རྒྱུན་དང་ལྡན་པར་བལྟ་བའོ། །ཅུང་ཟད་བལྟ་བ་ཞེས་བྱ་བ་ནི།

རྒྱུན་དང་ལྡན་པ་མ་ཡིན་པར་བལྟ་བའོ། །ལོག་པའི་ཐ་སྙད་ཀྱིས་གནས་མལ་ངན་པ་རྗེས་སུ་སྦྱིན་ནོ་ཞེས་བྱ་བ་ནི། ཆོས་མ་ཡིན་པ་ལ་མངོན་པར་ཞེན་པ་དེ་དག་ཉེ་བར་འོངས་ནའོ། །ཁ་ཅིག་ལས་ནི་ཚིག་གིས་ཐོས་པ་དང་བཅས་པར་གཞན་ལའོ་ཞེས་བྱ་བ་ནི། གཞུང་ཁ་ཅིག་

ལས་ནི་ཆོས་མ་ཡིན་པ་ལ་མངོན་པར་ཞེན་པ་དེ་དག་འོངས་ན་ཚིག་གིས་ཅི་ནས་ཀྱང་དེ་དག་གིས་ཐོས་པ་དང་བཅས་པར་གང་ཟག་གཞན་ལ་བརྟེན་ཏེ་དེ་དག་འདི་ཙམ་འཐོབ་བོ་ཞེས་བྱ་བའི་ཚིག་གིས་གནས་མལ་ངན་པ་རྗེས་སུ་སྦྱིན་པར་བྱའོ་ཞེས་འབྱུང་ངོ་། །གཙུག་ལག་ཁང་མཇུག་

ཏུའོ་ཞེས་བྱ་བ་ནི། སྦྱིན་ནོ་ཞེས་བྱ་བར་སྦྱར་ཏེ་མཇུག་ཏུ་ཞེས་བྱ་བར་ནི་ཐ་མར་རོ། །ཁོ་བོ་ཅག་རྒན་ནོ་ཞེས་ཟེར་ན་ཁྱེད་ཀྱང་བདག་ཅག་ཤཱཀྱའི་སྲས་ཀྱི་དགེ་སློང་དག་ཡིན་ནོ་སྙམ་དུ་བདག་ཉིད་ཁས་འཆེའམ་ཁྱེད་ཅག་གང་དག་གི་སྤྱོད་ཚུལ་འདི་ལྟ་བུ་དང་གཏམ་འདི་ལྟ་བུ་འདི་ལ་ཡང་མི་

Vol. 163 · folio 330a

འཐོབ་པ་ཡིན་ན། ཁྱོད་ཀྱི་སྟོན་པ་ཐུགས་རྗེ་དང་ལྡན་པས་དེས་ན་འདི་རྗེས་སུ་གནང་ངོ་ཞེས་གཞན་ལ་ལན་གདབ་པར་བྱའོ་ཞེས་བྱ་བ་ནི། ཆོས་མ་ཡིན་པ་ལ་མངོན་པར་ཞེན་པ་དེ་དག་གནས་མལ་ངན་པ་དག་ཐ་མར་བྱིན་པ་ན། གལ་ཏེ་འདི་སྐད་ཅེས་ཁོ་བོ་ཅག་

རྒན་རབས་ཡིན་ན་ཅིའི་ཕྱིར་གནས་མལ་འདི་ལྟ་བུ་ངན་པ་མཇུག་ཏུ་སྦྱིན་ཞེས་ཟེར་ན་དེ་དག་ལ་དངོས་སུ་ལན་མི་གདབ་པར་གང་ཟག་གཞན་ལ་བརྟེན་ཏེ་ལན་འདི་སྐད་གདབ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ཁྱེད་ཅག་ཀྱང་བདག་ཅག་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་དག་ཡིན་ནོ་སྙམ་དུ་བདག་

ཉིད་ཁས་འཆེ་འམ་ཞེས་བྱ་བ་ནི། ཁྱེད་ཅག་དེ་མ་ཡིན་ནོ་ཞེས་བྱ་བའི་ཟུར་ཡིན་ནོ། །སྤྱོད་ཚུལ་འདི་ལྟ་བུ་ཞེས་བྱ་བ་ནི། ཁྱེད་ཅག་གིས་སྤྱད་པའི་སྤྱོད་པ་ལ་སོགས་པ་དང་གསོ་སྦྱོང་དང་དགག་དབྱེ་ཉམས་པ་གང་ཡིན་པ་དེ་དག་བརྗོད་པར་བྱའོ། །གཏམ་འདི་ལྟ་བུ་ལ་ཞེས་བྱ་བ་ནི།

སྤྱོད་ཚུལ་དེ་ལ་ཉེས་དམིགས་གང་བྱུང་བ་སྟེ་སྟོན་པར་གུད་དུ་གཤེགས་པ་ལ་སོགས་པ་གང་ཡིན་པ་དེ་དག་བརྗོད་པར་བྱའོ། །འདི་ཡང་མི་ཐོབ་པ་ཡིན་ནོ་ཞེས་བྱ་བ་ནི། གནས་མལ་ངན་པ་མཇུག་ཏུ་བྱིན་པ་འདི་ཡང་ཁྱེད་ལ་མི་འོས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཁྱེད་ཀྱི་སྟོན་པ་ཐུགས་

རྗེ་དང་ལྡན་པ་ཞེས་བྱ་བ་ནི། དེ་དག་ཀྱང་ད་དུང་དེ་བཞིན་གཤེགས་པའི་ཉན་ཐོས་ཡིན་པས་སྟོན་པའི་ཆེ་བ་ཉིད་བརྗོད་པར་བྱའོ། །དེས་ན་ཞེས་བྱ་བ་ནི། སྟོན་པ་ཐུགས་རྗེ་དང་ལྡན་པའི་རྒྱུ་དེས་ནའོ། །འདི་རྗེས་སུ་གནང་ངོ་ཞེས་བྱ་བ་ནི། གནས་མལ་ངན་པ་མཇུག་ཏུ་སྦྱིན་པ་ཞེས་བྱ་བ་འདི་

རྗེས་སུ་གནང་ངོ་ཞེས་སོ། །གཞན་ལ་ལན་གདབ་པར་བྱའོ་ཞེས་བྱ་བ་ནི། དེ་དག་ལ་དངོས་སུ་ལན་མི་གདབ་པར་གང་ཟག་གཞན་ལ་བརྟེན་ཏེ་ལན་དེ་སྐད་ལན་གདབ་པར་བྱ་བའོ། །དགེ་སློང་མས་སྟན་ལས་ལྡང་བ་ལ་དབྲི་བར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་འཐབ་ཀྲོལ་བྱེད་པ་དེ་དག་ལ་

དགེ་སློང་མས་ནི་སྟན་ལས་ལྡང་བ་གཞན་གྱི་ལུགས་ལས་དབྲི་བར་མི་བྱ་བའོ། །འདི་སྐད་བསྟན་ཏེ། དགེ་སློང་མས་ནི་འཐབ་ཀྲོལ་བྱེད་པ་དག་མཐོང་ན་དེ་ལྟར་ཡང་སྟན་ལས་ལྡང་བར་བྱའོ། །དགེ་བསྙེན་གྱིས་བསོད་སྙོམས་དབུལ་བར་བྱའོ་ཞེས་བྱ་བ་ནི་འཐབ་ཀྲོལ་ཅན་དེ་དག་ལའོ། །

Vol. 163 · folio 330b

བཟོད་པ་བྱས་པ་དེ་དག་ལ་མཐུན་པ་ཐོབ་པ་མེད་པར་མཐུན་པར་མི་འབྱུང་ངོ་ཞེས་བྱ་བ་ནི། ཆོས་མ་ཡིན་པ་ལ་མངོན་པར་ཞེན་པ་དེ་དག་གིས་དགེ་འདུན་ལ་བཟོད་པ་གསོལ་ཏེ། དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་བཟོད་པ་བྱས་སུ་ཟིན་ཀྱང་དེ་དག་རང་གིས་དགེ་འདུན་ལ་བཟོད་པ་

གསོལ་ཏེ། དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་མཐུན་པ་སྦྱིན་པ་ཐོབ་པ་མེད་པར་དགེ་འདུན་དང་མཐུན་པ་མི་འབྱུང་བའོ། །དེ་དག་གིས་དགེ་འདུན་ལ་བཟོད་པ་གསོལ་བའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །བདག་དགེ་སློང་ཀཽ་ཤཱམྦཱི་བའི་དགེ་

སློང་ནང་པར་སྔ་ཞིག་ཏུ་མདོ་སྡེ་དང་འདུལ་བ་དང་མ་མོའི་ལུང་རྣམ་པར་རྟོག་རྟོག་ན་འདི་སྙམ་བགྱིད་དེ་གང་ལས་བདག་ཅག་ལ་འཐབས་དང་མཚང་འདྲུ་བ་དང་། རྩོད་པ་དང་འགྱེད་པ་འབྱུང་བའི་གཞི་ནི་འདི་ལྟ་སྟེ། ལྟུང་བ་བྱུང་ངམ་མ་བྱུང་བ་དང་གནས་ནས་ཕྱུང་ངམ་མ་ཕྱུང་བ་ལགས་ན། བདག་

ཅག་ལ་ལྟུང་བ་བྱུང་གི་ལྟུང་བ་མ་བྱུང་བ་མ་ལགས་གནས་ནས་ཕྱུང་བ་ལགས་ཀྱི། གནས་ནས་མ་ཕྱུང་བ་མ་ལགས་ཏེ། གང་གནས་ནས་ཕྱུང་བ་ནི་ཆོས་དང་མཐུན་པའི་ལས་མ་འཁྲུགས་གཞག་པར་མི་འོས་པས་བགྱིས་སོ་སྙམ་བགྱིད་ནས་བདག་གྲོང་ཁྱེར་ཡངས་པ་ཅན་གྱི་དགེ་སློང་དང་

སྡུམས་བགྱི་ཞིང་མཐུན་པར་བགྱིའོ་སྙམ་དུ་སྟེ། བདག་ཀཽ་ཤཱམྦཱི་པའི་དགེ་སློང་སྐྲ་འགྲེང་བར་གྱུར་སྐྲ་འཕྱར་བར་གྱུར་ཅིང་དགེ་འདུན་ལ་སྤུ་སྙོལ་བར་བགྱིད། འབྱུང་བར་སྐྱོད་མཚུངས་པ་ཉེ་བར་སྟོན་ལ་མཚམས་ཀྱི་ནང་དུ་མཆིས་ཏེ་བཟོད་པ་གསོལ་ཞིང་བཞི་གང་ལས་གནས་ནས་དབྱུང་

བའི་ཕྲིན་ལས་མཛད་པའི་གཞི་དེ་ལས་སླར་ལྡོག་པར་བགྱིད་ན་ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པ་ལ་བཟོད་པ་མཛད་དུ་གསོལ། ལན་གསུམ་དུ་བཟླས་ཞེས་གསུངས་པ་ཡིན་ནོ། །དགེ་འདུན་

གྱིས་གསོལ་པ་དང་བཞིའི་ལས་ཀྱིས་བཟོད་པ་བྱ་བའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །ཀཽ་ཤཱམྦཱི་པའི་དགེ་སློང་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པ་འདི་སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང་། དགེ་འདུན་ལས་སྤུ་སྙོལ་བར་བགྱིད་ན།

Vol. 163 · folio 331a

འབྱུང་བ་སྐྱོད། མཚུངས་པར་ཉེ་བར་སྟོན་ལ་མཚམས་ཀྱི་ནང་དུ་མཆིས་ཏེ། བཟོད་པ་གསོལ་ཞིང་གཞི་གང་ལས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་པའི་གཞི་དེ་ལས་སླར་ལྡོག་པར་བགྱིད་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་

གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་ཀཽ་ཤཱམྦཱི་པའི་དགེ་སློང་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པ་ལ་བཟོད་པ་མཛད་དོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །མཐུན་པ་གསོལ་བ་དང་མཐུན་པ་སྦྱིན་པའི་སྔགས་ནི་འོག་ནས་འབྱུང་

ངོ་། །གསོ་སྦྱོང་མེད་པར་རང་བཞིན་དུ་གནས་པ་ཉིད་མི་འཐོབ་པོ་ཞེས་བྱ་བ་ནི། མཐུན་པ་གསོལ་ཏེ་མཐུན་པ་ཐོབ་ཏུ་ཟིན་ཀྱང་ཇི་སྲིད་དུ་དགེ་འདུན་ལས་མཐུན་པའི་གསོ་སྦྱོང་གསོལ་ཞིང་མཐུན་པའི་གསོ་སྦྱོང་མ་ཐོབ་ཀྱི་བར་དུ་རང་བཞིན་དུ་གནས་པ་ཉིད་མི་འཐོབ་སྟེ། ཆོས་དང་ཟང་ཟིང་

གི་ལོངས་སྤྱོད་གཉིས་ཀྱི་འོས་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །མཐུན་པའི་གསོ་སྦྱོང་ཞེས་བྱ་བ་ནི། དོན་དང་མཐུན་པར་བརྗོད་པ་ཡིན་ཏེ། མཐུན་པར་སྒྲུབ་པའི་ཕྱིར་གསོ་སྦྱོང་བྱ་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བྱིན་ནས་བྱའོ་ཞེས་བྱ་བ་ནི། མཐུན་པའི་གསོ་སྦྱོང་དེ་དེ་བཞིན་

དུ་མི་བྱ་བར་བྱིན་ནས་གཟོད་བྱ་བའོ། །དེ་ནི་ལས་ཀྱིས་སོ་ཞེས་བྱ་བ་ནི། མཐུན་པའི་གསོ་སྦྱོང་སྦྱིན་པ་དེ་ནི་དེ་དག་གིས་གསོལ་ནས་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་སྦྱིན་པའོ། །དེ་དག་གིས་གསོལ་བའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །

བདག་ཀཽ་ཤཱམྦཱི་པའི་དགེ་སློང་ལ་དགེ་འདུན་གྱིས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པས་བདག་དགེ་འདུན་གྱི་གན་དུ་མཆིས་ཏེ། བཟོད་པ་གསོལ་ན་དགེ་འདུན་གྱིས་བདག་ལ་བཟོད་པའི་ཕྲིན་ལས་མཛད་ལགས་ཏེ། བདག་བཟོད་པའི་ཕྲིན་ལས་མཛད་ལགས་པ་འཁོར་དང་

བཅས་པ་དགེ་འདུན་གྱི་གན་དུ་མཆིས་ནས་མཐུན་པ་གསོལ་ན། དགེ་འདུན་གྱིས་བདག་འཁོར་དང་བཅས་པ་ལ་མཐུན་པ་སྩལ་ལགས་པས་བདག་ཀཽ་ཤཱམྦཱི་པའི་དགེ་སློང་འཁོར་དང་བཅས་པ་མཐུན་པ་སྩལ་བ་མཐུན་པའི་གསོ་སྦྱོང་དུ་གསོལ་ན་ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་

Vol. 163 · folio 331b

ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ཀཽ་ཤཱམྦཱི་པའི་དགེ་སློང་འཁོར་དང་བཅས་པ་མཐུན་པ་སྩལ་བ་ལས་མཐུན་པའི་གསོ་སྦྱོང་སྩལ་དུ་གསོལ། །ལན་གསུམ་དུ་བཟླས་ཞེས་གསུངས་པ་ཡིན་ནོ། །དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་མཐུན་པའི་གསོ་སྦྱོང་སྦྱིན་པའི་སྔགས་ནི།

དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །ཀཽ་ཤཱམྦཱི་པའི་དགེ་སློང་འདི་ལ་དགེ་འདུན་གྱིས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པས་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། བཟོད་པ་གསོལ་ན་དགེ་འདུན་གྱིས་འདི་ལ་བཟོད་པའི་ཕྲིན་ལས་མཛད་ལགས་ཏེ། བཟོད་པའི་ཕྲིན་

ལས་མཛད་ལགས་པ་འཁོར་དང་བཅས་པ་འདི་དགེ་འདུན་གྱི་གན་དུ་མཆིས་ནས་མཐུན་པ་གསོལ་ཏེ། དགེ་འདུན་གྱིས་ཀཽ་ཤཱམྦཱི་པའི་དགེ་སློང་འཁོར་དང་བཅས་པ་འདི་ལ་མཐུན་པ་སྩལ་ལགས་པས། ཀཽ་ཤཱམྦཱི་པའི་དགེ་སློང་འཁོར་དང་བཅས་པ་མཐུན་པ་སྩལ་བ་འདི་མཐུན་པའི་གསོ་

སྦྱོང་གསོལ་ན་གལ་ཏེ། དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་ཀཽ་ཤཱམྦཱི་པའི་དགེ་སློང་འཁོར་དང་བཅས་པ་མཐུན་པ་སྩལ་བ་ལ་མཐུན་པའི་གསོ་སྦྱོང་གསོལ་ཏོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་

ཡིན་ནོ། །སྔ་མ་ཡང་ངོ་ཞེས་བྱ་བ་ནི། མཐུན་པ་སྦྱིན་པ་ཞེས་སྔར་བསྟན་པ་དེ་ཡང་དེ་དག་གིས་གསོལ་ནས་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་སྦྱིན་པའོ། །དེ་དག་གིས་གསོལ་བའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །བདག་ཀཽ་ཤཱམྦཱི་པའི་དགེ་

སློང་ལ་དགེ་འདུན་གྱིས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པས་བདག་དགེ་འདུན་གྱི་གན་དུ་མཆིས་ཏེ་བཟོད་པ་གསོལ་ན། དགེ་འདུན་གྱིས་བདག་ལ་བཟོད་པ་མཛད་ལགས་ཏེ། བདག་ཀཽ་ཤཱམྦཱི་པའི་དགེ་སློང་བཟོད་པའི་ཕྲིན་ལས་མཛད་ལགས་པ་འཁོར་དང་བཅས་པ་

མཐུན་པ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ཀཽ་ཤཱམྦཱི་པའི་དགེ་སློང་བཟོད་པའི་ཕྲིན་ལས་མཛད་ལགས་པ་འཁོར་དང་བཅས་པ་ལ་མཐུན་པ་སྩལ་དུ་གསོལ། །ལན་གསུམ་བཟླས་ཞེས་གསུངས་པ་ཡིན་ནོ། །དགེ་འདུན་གྱིས་

Vol. 163 · folio 332a

གསོལ་བ་དང་བཞིའི་ལས་ཀྱིས་མཐུན་པ་སྦྱིན་པའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །ཀཽ་ཤཱམྦཱི་པའི་དགེ་སློང་འདི་ལ་དགེ་འདུན་གྱིས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པས་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། བཟོད་པ་

གསོལ་ནས་དགེ་འདུན་གྱིས་འདི་ལ་བཟོད་པ་མཛད་ལགས་ཏེ། ཀཽ་ཤཱམྦཱི་པའི་དགེ་སློང་བཟོད་པའི་ཕྲིན་ལས་མཛད་ལགས་པ་འཁོར་དང་བཅས་པ་འདི་མཐུན་པ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་

ཀཽ་ཤཱམྦཱི་པའི་དགེ་སློང་བཟོད་པའི་ཕྲིན་ལས་མཛད་ལགས་པ་འཁོར་དང་བཅས་པ་འདི་ལ་མཐུན་པ་སྩོལ་ཏོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། །།བམ་པོ་དྲུག་ཅུ་དྲུག་པ། མཐུན་པ་དང་བཀྲ་ཤིས་དང་གནོད་པར་བྱུང་བའི་དོན་དུ་གསོ་

སྦྱོང་བྱར་རུང་ངོ་ཞེས་བྱ་བ་ལ། མཐུན་པའི་དོན་དུ་གསོ་སྦྱོང་བྱར་རུང་བ་ནི། བྱེ་བ་རྣམས་ཀྱི་མཐུན་པ་སྒྲུབ་པའི་ཕྱིར་མཐུན་པའི་གསོ་སྦྱོང་བྱར་རུང་བའི་སྐབས་འདིར་ཇི་སྐད་བསྟན་པ་ཉིད་ཡིན་ནོ། །བཀྲ་ཤིས་ཀྱི་དོན་དུ་གསོ་སྦྱོང་བྱར་རུང་བ་ནི། ཆོས་དང་འདུལ་བའི་སྐབས་སུ་ཆོས་མ་

ཡིན་པ་དང་འདུལ་བ་མ་ཡིན་པའི་དོན་སྒྲོ་འདོགས་པ་བཀྲ་མི་ཤིས་པ་དང་། དགེ་འདུན་བདེ་བའི་སྐབས་སུ་དགེ་འདུན་ལ་མི་བདེ་བ་ཡམས་ཀྱི་ནད་དང་། སེར་བ་དང་བྱེ་བ་དང་ཆོམ་རྐུན་དང་དམག་དང་རླུང་ལ་སོགས་པ་ཕྱི་རོལ་གྱི་བཀྲ་མི་ཤིས་པ་འབྱུང་བ་དག་མཐོང་ན་བཀྲ་ཤིས་པར་

སྒྲུབ་པའི་ཕྱིར་གསོ་སྦྱོང་བྱར་རུང་བའོ། །གནོད་པ་བྱུང་བའི་དོན་དུ་གསོ་སྦྱོང་བྱར་རུང་བ་ནི། རིམས་ཉིན་བཞི་པ་ལ་སོགས་པའི་གནོད་པ་བྱུང་བ་ན། དེ་དག་ཉེ་བར་ཞི་བར་བྱ་བའི་དོན་དུ་གསོ་སྦྱོང་བྱར་རུང་བའོ། །གྲོང་ཁྱེར་ཡངས་པ་ཅན་དུ་ཡང་དག་པར་སྡུད་པར་བྱེད་པ་ན། གསོ་སྦྱོང་བྱས་

པ་གང་ཡིན་པ་དེ་ནི་མི་རུང་བའི་གཞི་བཅུ་བྱུང་བ་དེ་དག་ཉེ་བར་ཞི་བར་བྱ་བའི་ཕྱིར་ཏེ། དེ་ཡང་ཆོས་དང་འདུལ་བའི་སྐབས་སུ་ཆོས་མ་ཡིན་པ་དང་། འདུལ་བ་མ་ཡིན་པའི་དོན་སྒྲོ་འདོགས་པ་བཀྲ་མི་ཤིས་པ་མཐོང་ནས། བཀྲ་ཤིས་པར་སྒྲུབ་པའི་ཕྱིར་བཀྲ་ཤིས་ཀྱི་གསོ་སྦྱོང་བྱ་བ་ཡིན་ནོ། །མི་

Vol. 163 · folio 332b

རུང་བའི་གཞི་བཅུ་གང་ཞེ་ན། སྡོམ་ལ། །ཧུ་ལུ་ཧུ་ལུ་ཡི་རང་དང་། །ཀུན་སྤྱད་གནོད་དང་ལན་ཚྭ་དང་། །ལམ་དང་སོར་གཉིས་དཀྲུགས་དང་གདིང་། །གསེར་གྱི་རུང་བ་བྱས་པ་ནི། །འདི་ལ་རུང་མིན་གཞི་བཅུ་ཡིན། །དེ་ལ་ཧུ་ལུ་ཧུ་ལུའི་རུང་བ་ཞེས་བྱ་བ་ནི། ཡངས་པ་ཅན་པ་དག་

ཆོས་མ་ཡིན་པ་དང་མི་མཐུན་པས་ལས་དག་བྱེད་ཅིང་། འཇུག་ཏུ་ཐལ་མོ་བརྡབས་ཏེ། ཧུ་ལུ་ཧུ་ལུ་ཞེས་བྱ་བའི་སྒྲ་ཕྱུང་ནས་ལས་འདི་གྲུབ་བོ་ཞེས་ཟེར་བ་གང་ཡིན་པའོ། །ཡི་རང་བའི་རུང་བ་ཞེས་བྱ་བ་ནི། ཡངས་པ་ཅན་པ་དག་ཆོས་མ་ཡིན་པ་དང་མི་མཐུན་པས་ལས་དག་བྱས་ནས།

དགེ་སློང་ལྷག་མ་རྣམས་རྗེས་སུ་ཡི་རང་བ་བྱེད་དུ་བཅུག་པ་གང་ཡིན་པའོ། །ཀུན་དུ་སྤྱད་པའི་རུང་བ་ཞེས་བྱ་བ་ནི། དེ་དག་གིས་གྲགས་པའི་དབང་གིས་ས་བརྐོས་པ་དང་། རྐོར་བཅུག་པ་གང་ཡིན་པའོ། །གནོད་པའི་རུང་བ་ཞེས་བྱ་བ་ནི། དེ་དག་ན་བར་གྱུར་ནས་ཆང་འཐུངས་པ་གང་ཡིན་

པའོ། །ལན་ཚྭའི་རུང་བ་ཞེས་བྱ་བ་ནི། དེ་དག་གིས་འཚོ་བའི་བར་དུ་བཅང་བར་བྱིན་གྱིས་བརླབས་པའི་ལན་ཚ་དུས་སུ་རུང་བ་དང་། ལྷན་ཅིག་ཏུ་མི་ན་བར་ཡང་ཟོས་པ་གང་ཡིན་པའོ། །ལམ་གྱི་རུང་བ་ཞེས་བྱ་བ་ནི་དེ་དག་གིས་རྒྱང་གྲགས་ཕྱེད་དུ་ཡང་སོང་སྟེ། འདུས་ཤིང་ཟ་བ་བྱས་པ་

གང་ཡིན་པའོ། །སོར་གཉིས་ཀྱི་རུང་བ་ཞེས་བྱ་བ་ནི། དེ་དག་གི་སྤངས་པ་ན་ལྷག་པོར་བྱེད་དུ་མ་བཅུག་པར་སོར་མོ་གཉིས་ཀྱིས་རེག་པར་བྱས་ཏེ་བཟོད་པ་གང་ཡིན་པའོ། །དཀྲུགས་པའི་རུང་བ་ཞེས་བྱ་བ་ནི། དེ་དག་གིས་ཞོ་དང་འོ་མ་དག་དཀྲུགས་ཏེ་དུས་མ་ཡིན་པར་ཡང་འཐུངས་

པ་གང་ཡིན་པའོ། །གདིང་བའི་རུང་བ་ཞེས་བྱ་བ་ནི། དེ་དག་གིས་གདིང་བ་སར་པ་ལ་གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་འཁོར་བས་མ་གླན་པར་སྤྱད་པ་གང་ཡིན་པའོ། །གསེར་གྱི་རུང་བ་ཞེས་བྱ་བ་ནི། དེ་དག་གིས་ལྷུང་བཟེད་ཁྲིའུ་གོར་བུ་ཅན་གྱི་སྟེང་དུ་བཞག་སྟེ། དགེ་

ཚུལ་གྱི་མགོའམ་ཕྲག་པར་བཀལ་ཏེ། བསྔགས་པ་བརྗོད་ཅིང་བྲམ་ཟེ་དང་ཁྱིམ་བདག་དག་ལས་དབྱིག་དང་གསེར་ལ་སོགས་པ་བསླངས་ཏེ་སྤྱད་པ་གང་ཡིན་པ་སྟེ། དེ་ནི་དེ་དག་གིས་རང་གི་ངོ་བོ་ཡིན་པར་བལྟ་བར་བྱའོ། །མཐུན་པའི་གསོ་སྦྱོང་ལ་སོགས་པ་དེ་དག་གང་གི་ཚེ་བྱ་ཞེ་ན།

Vol. 163 · folio 333a

དེའི་ཕྱིར་འདི་ལ་དུས་དེ་ཁོ་ནའི་རྒྱུ་ཉིད་དུའོ་ཞེས་བྱ་བ་སྨྲས་ཏེ། གསོ་སྦྱོང་བྱ་བ་འདི་ལ་དེ་དག་ཚེས་བཅུ་བཞིའམ་བཅོ་ལྔའི་དུས་དེ་ཁོ་ནའི་རྒྱུ་ཉིད་དུ་བྱ་བར་མ་ངེས་ཀྱི་མཐུན་པ་ལ་སོགས་པ་དེ་དག་གི་དུས་དེ་ཁོ་ནའི་རྒྱུ་ཉིད་དུ་བྱ་བ་ཡིན་ནོ། །འདིར་གཞུང་ནི་ཉེ་

བ་འཁོར་གསོ་སྦྱོང་ནི་ལྔ་པོ་འདི་དག་ཡིན་ཏེ། བཅུ་བཞི་པ་དང་བཅོ་ལྔ་པ་དང་། བཀྲ་ཤིས་ཀྱི་གསོ་སྦྱོང་དང་། གནོད་པ་བྱུང་བའི་གསོ་སྦྱོང་དང་། མཐུན་པའི་གསོ་སྦྱོང་ངོ་། །དགེ་སློང་གིས་གསོ་སྦྱོང་མ་ཡིན་པར་གསོ་སྦྱོང་མི་བྱའོ། །བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །

བཀྲ་ཤིས་ཀྱི་གསོ་སྦྱོང་དང་། གནོད་པ་བྱུང་བའི་གསོ་སྦྱོང་དང་། མཐུན་པའི་གསོ་སྦྱོང་ནི་མ་གཏོགས་སོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །ལས་བྱེད་པའི་གཞིའོ་ཞེས་བྱ་བ་དེ་འདུལ་བའི་གཞིའི་སྐབས་སུ་གཏོགས་པ་བཤད་ཟིན་ཏོ།། །།ད་ནི་ལས་བྱེ་བའི་གཞི་ཞུ་བ་དང་། བྲམ་

ཟེའི་བུ་མོའི་སྐབས་བསྡུ་བའི་ཕྱིར། ཆོས་མ་ཡིན་པ་སྨྲ་བ་དག་གིས་དབྱེ་བའི་སེམས་ཀྱིས་མཚམས་ཀྱི་ནང་དུ་ལས་ཐ་དད་པར་བྱས་ན་དེ་དབྱེ་བ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཆོས་མ་ཡིན་པ་སྨྲ་བ་དག་གིས་ཆོས་སྨྲ་བ་འདི་དག་བདག་ཅག་གི་ནང་དུ་ཞུགས་པས་ཅི་བྱས། དེ་དག་བདག་

ཅག་ལས་ཐ་དད་པར་གྱུར་ཅིག་སྙམ་དུ་དབྱེ་བའི་མཚམས་ཀྱི་ནང་དུ་ཆོས་སྨྲ་བ་དག་ལས། ལས་ཐ་དད་པར་བྱས་ན་ལས་དེ་བྱེ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་སྨྲ་བ་དག་གིས་མཚམས་ཀྱི་ནང་དུ་ཆོས་མ་ཡིན་པ་སྨྲ་བ་དག་ལས་ཐ་དད་པར་བྱས་པ་དེ་ནི། ལས་དེ་བྱེ་བར་མི་འགྱུར་

ཏེ། དེ་དག་གིས་ལས་དེ་ཆོས་ལས་རྣམ་པར་མ་གཡོས་པ་ཁོ་ནར་བྱེ་བའི་ཕྱིར་རོ། །འདིར་གཞུང་ནི་སུ་དག་གིས་ཀཽ་ཤཱམྦཱི་པའི་དགེ་འདུན་ཕྱེ་བར་གྱུར། ཆོས་མ་ཡིན་པ་སྨྲ་བ་དག་གིས་མཚམས་ཀྱི་ནང་དུ་གནས་གཅིག་ཏུ་གསོ་སྦྱོང་མ་འདྲེས་པར་བྱས་པས་སོ་ཞེས་གསུངས་པ་ཡིན་ནོ། །

འདི་ལ་སོ་སོའི་རང་གི་ལས་ནི་འཆགས་སོ་ཞེས་བྱ་བ་ནི། ལས་བྱེ་བའི་བདག་ཉིད་ཀྱི་དགེ་འདུན་གྱི་བྱེ་བ་འདི་ལ་ཕྱོགས་སོ་སོའི་ལས་ཐ་དད་པར་བྱས་པ་ནི་ཐ་དད་པར་འཆགས་སོ། །རང་གི་ཕྱོགས་དང་མཐུན་པ་མ་ཡིན་པ་ལ་ནི་མི་འཆགས་སོ་ཞེས་བྱ་བ་ནི། རང་གི་ཕྱོགས་དང་མཐུན་

Vol. 163 · folio 333b

པ་མ་ཡིན་པའི་གང་ཟག་ལ་བསྡིགས་པ་དང་སྨད་པ་དང་བསྐྲད་པ་དང་། ཕྱིར་འགྱེད་པ་དང་གནས་ནས་དབྱུང་བའི་ལས་བྱེད་པ་ནི་མི་འཆགས་སོ། །འདིར་གཞུང་ནི་དགེ་འདུན་བྱེ་བར་གནས་པ་ན། ཕན་ཚུན་གྱི་ཕྱོགས་གནས་ནས་འབྱིན་པར་བགྱིད་ན། གནས་ནས་བྱུང་བར་བརྗོད་

པར་བགྱི་འམ་བཀའ་སྩལ་པ། གནས་ནས་མ་ཕྱུང་བར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དགེ་འདུན་གྱི་ནི་ཆོས་སྨྲ་བས་བྱས་པ་ཉིད་ནི་བྱས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། དགེ་འདུན་གྱི་མཚམས་བཅད་པ་ལ་སོགས་པའི་ལས་གང་ཡིན་པ་དེ་ནི་ཆོས་སྨྲ་བ་དག་གིས་བྱས་པ་ཉིད་

ན་བྱས་པ་ཉིད་ཡིན་གྱི་ཆོས་མ་ཡིན་པ་སྨྲ་བ་དག་གིས་བྱས་པ་ཉིད་ན་ནི་བྱས་པ་ཉིད་མ་ཡིན་ནོ། །འདིར་གཞུང་ནི་དགེ་འདུན་བྱེ་བ་ན་གཅིག་གམ་ཅིག་ཤོས་ཀྱི་མཚམས་འགྲོལ་བར་བགྱིད་ན། མཚམས་བཀྲོལ་བར་བརྗོད་པར་བགྱིའམ། གལ་ཏེ་ཆོས་སྨྲ་བས་འགྲོལ་བར་བྱེད་ན་བཀྲོལ་བར་

བར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདི་ལ་གལ་ཏེ་གཟུ་བོ་དག་ཡོད་ན་དགེ་སློང་མ་རྣམས་ལ་བསྟན་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། དགེ་འདུན་བྱེ་བ་འདི་ལ་གལ་ཏེ་དགེ་སློང་གཟུ་བོ་དག་ཡོད་ན་དེ་དག་གིས་དགེ་སློང་མ་རྣམས་ལ་བསྟན་པར་བྱ་བ་ཉིད་ཡིན་ནོ། །གལ་ཏེ་དེ་དག་

མེད་ན་ཆོས་སྨྲ་བ་དག་ཉིད་ཀྱིས་སོ། །འདིར་གཞུང་ནི་ཞུ་བ་ལས་བཙུན་པ་རེ་ཞིག་ཀཽ་ཤཱམྦཱི་པའི་དགེ་སློང་ཕྱོགས་གཉིས་སུ་འདུས་ཤིང་མཆིས་པར་གྱུར་ན། དེ་གཉིས་གང་གིས་དགེ་སློང་མ་རྣམས་ལ་བསྟན་པར་བགྱི། ཉེ་བ་འཁོར་གཟུ་བོ་དག་གིས་མཚམས་ཀྱི་ཕྱི་རོལ་དུ་

སོང་སྟེ་བསྟན་པར་བྱ་བའོ་ཞེས་གསུངས་པ་དང་། བྲམ་ཟེའི་བུ་མོས་ཞུས་པ་ལས་ཀྱང་གལ་ཏེ་གཟུ་བོ་དག་མེད་ན། ཆོས་སྨྲ་བ་དག་ཁོ་ནས་སོ་ཞེས་གསུངས་པ་ཡིན་ནོ། །དེ་དག་གི་ནི་ཆོས་ཀྱི་ཕྱོགས་དང་མཐུན་པ་དག་གིས་མི་མཐུན་པ་ཉིད་དོ་ཞེས་བྱ་བ་ནི། གཟུ་བོ་དེ་དག་གི་

ལས་ནི་ཆོས་ཀྱི་ཕྱོགས་དང་མཐུན་པ་དག་གིས་མི་མཐུན་པ་ཉིད་དུ་འགྱུར་བ་སྟེ། དེ་དག་ནི་དགེ་འདུན་གྱི་ཁོངས་སུ་གཏོགས་པའི་ཕྱིར་དང་། དགེ་འདུན་ལས་ཐ་མི་དད་པའི་ཕྱིར་རོ། །ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་དག་གིས་ནི་མི་མཐུན་པ་ཉིད་དུ་མི་འགྱུར་བ་དེ་དག་ནི་

Vol. 163 · folio 334a

དགེ་འདུན་གྱི་ཁོངས་སུ་མ་གཏོགས་པའི་ཕྱིར་དང་དགེ་འདུན་ལས་ཐ་དད་པའི་ཕྱིར་རོ། །དེ་བས་ན་གཟུ་བོའི་དགེ་སློང་དག་གིས་ལས་ལ་ཆོས་སྨྲ་བ་དག་དང་མི་མཐུན་པ་ཉིད་སྤང་བར་བྱ་ཞིང་དེ་དག་དང་ལྷན་ཅིག་ལས་བྱས་ན་ཡང་འཆགས་སོ། །ཆོས་མ་ཡིན་པར་སྨྲ་

བ་དག་དང་མི་མཐུན་པ་ཉིད་དུ་སྤང་བར་བྱ་མི་དགོས་ཏེ། དེ་དག་དང་ལྷན་ཅིག་ལས་བྱས་ན་ཡང་མི་འཆགས་སོ། །རྗེས་སུ་ཞུགས་ན་དེ་ཉིད་ཉམས་སོ་ཞེས་བྱ་བ་ནི། གཟུ་བོ་རྣམས་ཆོས་སྨྲ་བའམ། ཆོས་མ་ཡིན་པ་སྨྲ་བ་གང་ཡང་རུང་བའི་ཕྱོགས་ཀྱི་རྗེས་སུ་ཞུགས་ན། གཟུ་བོ་ཉིད་

ཉམས་ཏེ་གཟུ་བོར་མི་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །གཟུ་བོ་ཞེས་བྱ་བ་ནི། སྐམ་ལ་གནས་པ་སྟེ། དབུས་ན་གནས་པ་དང་ཞལ་ཅེ་བ་ཉིད་ཡིན་པས་འདི་ལྟར་དེ་དག་ནི་འཐབ་ཀྲོལ་གྱི་ལྗན་ལྗིན་གྱི་འདམ་རྫབ་སྤངས་པའི་སྐམ་སའི་དབུས་ན་གནས་པ་ཡིན་པས་གཟུ་བོ་དང་དབུས་ན་

གནས་པ་དང་ཞལ་ཅེ་བ་ཡིན་པར་རིག་པར་བྱའོ། །ཕྱོགས་དེ་གཉིས་ལས་ཕྱོགས་གང་ཡང་རུང་བ་ཅིག་ཤོས་སུ་ཡང་མ་ལྷུང་ལ་ཅིག་ཤོས་སུ་ཡང་མ་ལྷུང་བ་ཉིད་ཀྱིས་སྐམ་ལ་གནས་པ་ནི་གཟུ་བོ་ཞེས་བྱའོ། །དེ་ལྟར་ཡང་འདིར་གཞུང་ནི་ཞུ་བ་ལས། ཡངས་པ་ཅན་གྱི་དགེ་སློང་

དག་གི་ས་གཞི་བཅུ་ཕྱུང་བ་ན། དགེ་སློང་གནས་བརྟན་གང་དག་ཕྱོགས་ཅིག་ཤོས་སུ་ཡང་མ་གཏོགས་ལ་ཕྱོགས་གཉིས་པར་ཡང་མ་གཏོགས་པ་དེ་དག་ཅི་ལགས་པར་བརྗོད་པར་བགྱི། སྐམ་ས་ལ་གནས་པ་གཟུ་བོ་ཡིན་པར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་མི་བྱའོ་ཞེས་བྱ་

བ་ནི། གཟུ་བོ་ཉིད་ཉམས་པ་དེ་མི་བྱའོ། །འདིར་གཞུང་ནི། དགེ་འདུན་བྱེ་བར་རྣམ་པར་གནས་པ་ན། གཟུ་བོ་རྣམས་ཀྱིས་ཇི་ལྟར་བསྒྲུབ་པར་བགྱི། ཕྱོགས་ཅིག་ཤོས་སུ་རང་འགྲོ་བར་ཡང་མི་བྱ། མངག་པ་གཏང་བར་ཡང་མི་བྱ་ཞིང་། ཕྱོགས་གཉིས་པར་ཡང་རང་འགྲོ་བར་

ཡང་མི་བྱ། མངག་པ་གཏང་བར་ཡང་མི་བྱ་བར་ལུས་ཀྱིས་ཀྱང་བསྡམ་པར་བྱ། ངག་གིས་ཀྱང་བསྡམ་པར་བྱ་ཞིང་མཚམས་ཀྱི་ཕྱི་རོལ་དུ་སོང་སྟེ་གསོ་སྦྱོང་བྱའོ་ཞེས་གསུངས་པ་ཡིན་ནོ། །དགེ་སློང་མའི་དགེ་འདུན་ཕྱོགས་དང་གཞན་གྱི་ཕྱོགས་སུ་རྣམ་པར་གནས་པ་ལ་གདམས་པར་བྱ་

Vol. 163 · folio 334b

བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། དགེ་སློང་མའི་དགེ་འདུན་ལས་དང་འཁོར་ལོ་མ་བྱེ་བ་དགེ་སློང་གི་དགེ་འདུན་ལས་དང་འཁོར་ལོ་བྱེ་བའི་ཕྱོགས་དང་གཞན་གྱི་ཕྱོགས་ཀྱི་འགབ་ལ་བརྟེན་ཅིང་རྣམ་པར་གནས་པ་དག་ལ་ནི་དགེ་སློང་གི་དགེ་འདུན་གྱི་ཕྱོགས་བཟུང་བ་མེད་པར་ཅི་ནས་ཀྱང་དེ་དག་

བྱེ་བར་མི་འགྱུར་བར་བྱ་བའི་ཕྱིར་གདམས་ཤིང་རྗེས་སུ་བསྟན་པར་བྱ་བ་ཉིད་ཡིན་ནོ། །འདིར་གཞུང་ནི་དགེ་སློང་མའི་དགེ་འདུན་ཕྱོགས་དང་ཕྱོགས་ལ་རྣམ་པར་གནས་པ་ལ་དགུང་ཟླ་ཕྱེད་ཕྱེད་ཅིང་གདམས་ངག་དང་རྗེས་སུ་བསྟན་པ་སྩལ་བར་བགྱིའམ། བཀའ་སྩལ་པ། དགེ་སློང་མའི་

དགེ་འདུན་བྱེ་བར་མི་འགྱུར་བར་བྱ་བའི་ཕྱིར་སྦྱིན་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །བྱེ་བ་ལ་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ནི། དགེ་སློང་མའི་དགེ་འདུན་ལས་དང་འཁོར་ལོ་བྱེ་བ་ཕྱོགས་དང་གཞན་གྱི་ཕྱོགས་སུ་རྣམ་པར་གནས་པ་ལ་ནི་སྔ་མ་ལྟར་གདམས་པར་མི་བྱ་བ་ཉིད་ཡིན་པའོ། །

གསོལ་བ་ན་མཐུན་པ་ཉིད་ལ་ངེས་པར་སྦྱར་བར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། དགེ་སློང་མ་བྱེ་བ་ཕྱོགས་དང་གཞན་གྱི་ཕྱོགས་སུ་རྣམ་པར་གནས་པ་དེ་དག་གདམས་ངག་གསོལ་བ་ན། སྲིང་མོ་དག་ཇེ་མཐུན་པར་གྱིས་ཤིག་ཅེས་མཐུན་པ་ཉིད་ལ་ངེས་པར་སྦྱར་བར་བྱའོ། །དབྱར་གྱི་རྙེད་

པ་ནི་ཆོས་སྨྲ་བ་དབང་བ་ཉིད་དོ་ཞེས་བྱ་བ་ནི། དགེ་འདུན་བྱེ་བ་ན་དབྱར་གནས་པའི་རྒྱུ་ལས་བྱུང་བའི་རྙེད་པ་ནི་ཆོས་སྨྲ་བ་དག་དབང་བ་ཉིད་ཡིན་གྱི། ཆོས་མ་ཡིན་པ་སྨྲ་བ་དག་མི་དབང་བའོ། །གཉི་ག་འདུས་པ་ལ་བྱེ་བྲག་ཏུ་མ་བྱས་པར་བགོ་བཤའ་བྱ་བ་དགེ་འདུན་ལ་ཕུལ་བ་

ཡང་ངོ་ཞེས་བྱ་བ་ནི། ཆོས་དང་ཆོས་མ་ཡིན་པ་སྨྲ་བའི་ཕྱོགས་གཉི་ག་འདུས་པ་ལ་བྱེ་བྲག་ཏུ་མ་བྱས་པར་དགེ་འདུན་ཙམ་ལས་ཕུལ་བའི་བགོ་བཤའ་བྱ་བ་ཆོས་གོས་ལ་སོགས་པ་དགེ་འདུན་ལ་ཕུལ་བ་ཡང་ཆོས་སྨྲ་བ་རྣམས་དབང་བའོ། །འདི་སྐད་བསྟན་ཏེ། དབྱར་གནས་པ་

པའི་རྒྱུ་ལ་བརྟེན་ཏེ། དགེ་འདུན་ཙམ་ལ་འབུལ་བར་བྱེད་པའི་རྙེད་པ་གང་ཡིན་པ་དེ་ཡང་ཆོས་སྨྲ་བ་དག་ཁོ་ན་དབང་བ་ཡིན་གྱི། ཆོས་མ་ཡིན་པ་སྨྲ་བ་དག་ནི་མི་དབང་ངོ་། །ཅི་ཐམས་ཅད་ལ་དེ་ལྟར་རྣམ་པར་གཞག་གམ་ཞེ་ན་དེའི་ཕྱིར། དེ་ལ་གལ་ཏེ་དགེ་འདུན་གྱི་ཚད་ཉིད་ཡིན་ན་

Vol. 163 · folio 335a

དེ་དག་གོ་ཞེས་བྱ་བ་སྨྲས་ཏེ། རྙེད་པ་དབང་བ་དེ་ལ་གལ་ཏེ་ཆོས་སྨྲ་བ་དག་བཞི་ཡན་ཆད་ཡིན་ན་རྙེད་པ་དེ་དེ་དག་དབང་བར་རྣམ་པར་གཞག་གོ། །དེ་དག་ཉུང་བ་ཉིད་ཡིན་ན་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན་དེའི་ཕྱིར། གལ་ཏེ་ཉུང་བ་ཉིད་ཡིན་ལ་ཅིག་ཤོས་ནི་དེ་ཉིད་

ཡིན་ན་གང་གིས་ཕང་བར་ཕུལ་བའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་དེ་ན་ཆོས་སྨྲ་བ་དག་ནི་དགེ་འདུན་གྱི་ཚད་པས་ཉུང་བ་ཉིད་ཡིན་ལ། ཆོས་མ་ཡིན་པ་སྨྲ་བ་ཅིག་ཤོས་ནི་དགེ་འདུན་གྱི་ཚད་དེ་ཉིད་ཡིན་ན། ཕྱོགས་དེ་གཉིས་ཀྱི་གང་ཟག་གིས་ཕང་བར་རྙེད་པ་དེ་ཕུལ་བའི་ཕྱོགས་དེ་རྙེད་པ་

དེ་དབང་ངོ་། །ཕང་བ་ཞེས་སྨོས་པ་ནི་ལག་པ་དང་རྐང་པའི་དྲུང་དག་གི་དཔེ་ཡིན་ནོ། །གལ་ཏེ་གཉི་གའི་ན་གཉི་གའོ་ཞེས་བྱ་བ་ནི། གལ་ཏེ་ཕྱོགས་གཉི་གའི་དགེ་སློང་གི་ཕང་བ་ལ་སོགས་པར་ཕུལ་ན་ཕྱོགས་གཉི་ག་དབང་བའོ། །དེ་ལ་ཕྱོགས་གཉི་གས་ཇི་ལྟར་བགོ་བར་བྱ་ཞེ་ན་དེའི་ཕྱིར།

དེ་ལ་གང་ཟག་ལས་ཆ་ཉིད་ཡིན་གྱི་དགེ་འདུན་ལས་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཕྱོགས་གཉི་ག་དབང་བའི་རྙེད་པ་དེ་ལ་ཕྱོགས་གཉི་གའི་གང་ཟག་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་ཆ་ཉིད་དུ་བགོ་བར་བྱའི། ཆོས་དང་ཆོས་མ་ཡིན་པ་སྨྲ་བའི་དགེ་འདུན་གྱི་ཕྱོགས་གཉིས་ལས་ཕྱེད་ཕྱེད་དུ་བགོ་བ་

ནི་མ་ཡིན་ནོ། །ལས་བྱེ་བའི་གཞི་ཞུ་བ་དང་། བྲམ་ཟེའི་བུ་མོའི་སྐབས་སོ་ཞེས་བྱ་བ་དེ་དེ་གཉིས་ཀྱི་སྐབས་ནས་འབྱུང་བ་བཤད་ཟིན་ཏོ། །ལས་བྱེ་བའི་གཞི་རྫོགས་སོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་ནི་འཁོར་ལོ་བྱེ་བའི་གཞི་སྨྲ་བར་འདོད་ནས། དེ་བསྡུ་བའི་ཕྱིར་དགེ་འདུན་

གྱི་དབྱེན་ནི་ཆོས་ལས་ཐ་དད་པའི་དངོས་པོར་གསོལ་བས་སམ་དོན་དེས་ཚུལ་ཤིང་ལེན་དུ་འཇུག་པས་སོ་ཞེས་བྱ་བ་སྨྲས་ཏེ། དགེ་འདུན་གྱི་དབྱེན་ནི་རྒྱུ་གཉིས་ཀྱིས་འགྱུར་ཏེ། ཆོས་ལས་ཐ་དད་པའི་དངོས་པོར་གསོལ་བས་དབྱེན་བྱེད་པ་དང་དོན་དེས་ཚུལ་ཤིང་ལེན་དུ་འཇུག་པས་

དབྱེན་བྱེད་པའོ། །དེ་ལ་ཆོས་ལས་ཐ་དད་པའི་དངོས་པོར་གསོལ་བས་དབྱེན་བྱེད་པ་ཞེས་བྱ་བ་ལ་འདིར་ཞེས་བྱ་བ་ནི། ཐར་པའི་ལམ་ཡང་དག་པ་ཉིད་དུ་གྱུར་པ་སྟེ། དེ་ལས་ཐ་དད་པའི་དངོས་པོར་བྱ་བའི་ཕྱིར་འགྱེད་པར་བྱེད་པའི་གང་ཟག་གིས་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པའི་

Vol. 163 · folio 335b

དགེ་འདུན་ལ་གསོལ་བས། དགེ་འདུན་འབྱེད་པར་བྱེད་པའོ། །དེའི་སྔགས་ནི་ཚེ་དང་ལྡན་པ་དག་དགེ་སྦྱོང་གཽ་ཏ་མ་ནི་ཤ་ཟ་སྟེ། བདག་ཅག་གིས་ཤ་བཟའ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་སྲོག་ཆགས་གསོད་པར་འགྱུར་བའི་ཕྱིར་རོ། །དགེ་སྦྱོང་གཽ་ཏ་མ་ནི་འོ་མ་

འཐུངས་ཏེ། བདག་ཅག་གིས་བཏུང་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་བེའུ་ལ་གནོད་པའི་ཕྱིར་རོ། །དགེ་སྦྱོང་གཽ་ཏ་མ་ནི་ལན་ཚྭ་ཟ་སྟེ། བདག་ཅག་གིས་བཟའ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཁུ་བ་ལས་གྱུར་པའི་ཕྱིར་རོ། །དགེ་སྦྱོང་གཽ་ཏ་མ་ནི་གོས་

དྲས་པ་གྱོན་ཏེ་བདག་ཅག་གིས་བགོ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་དད་པས་སྦྱིན་པར་བྱ་བ་ཆུད་ཟོས་པར་འགྱུར་བའི་ཕྱིར་རོ། །དགེ་སྦྱོང་གཽ་ཏ་མ་ནི་དགོན་པ་ན་གནས་པར་བྱེད་དོ། །བདག་ཅག་ནི་གྲོང་དུ་གནས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་

ལས་དད་པས་སྦྱིན་པར་བྱ་བ་ཡོངས་སུ་མ་སྤྱད་པར་འགྱུར་བའི་ཕྱིར་རོ། །ཚེ་དང་ལྡན་པ་དག་ཁྱེད་ཅག་ལས་གང་བརྟུལ་ཞུགས་ཀྱི་གནས་ལྔ་པོ་འདི་དག་གིས་དག་པ་དང་གྲོལ་བ་དང་ངེས་པར་འབྱུང་བར་འདོད་པ་དང་། བཟོད་པ་དང་། ལེགས་པར་འཛིན་པ་དེས་དགེ་སྦྱོང་

གཽ་ཏ་མ་ལས་རིང་དུ་གྱིས་ཤིག །སོ་སོར་གྱིས་ཤིག །ཐ་དད་དུ་གྱིས་ཤིག །རྒྱང་སྲིངས་ཤིག ཐག་སྲིངས་ཤིག །ལོགས་ཤིག་ན་འདུག་ཤིག་ཅེས་ཟེར་བ་ཡིན་ནོ། །དོན་དེས་ཚུལ་ཤིང་ལེན་དུ་འཇུག་པས་དབྱེན་བྱེད་པ་ཞེས་བྱ་བ་ལ་འདིར་དོན་དེས་ཞེས་བྱ་བ་ནི།

ཆོས་ལས་ཐ་དད་པའི་དངོས་པོར་ཞེས་སྔར་སྨོས་པའི་དོན་དེ་ཉིད་ཀྱིས་ཏེ། དེ་ལས་ཐ་དད་པའི་དངོས་པོར་བྱ་བའི་ཕྱིར་འབྱེད་པར་བྱེད་པའི་གང་ཟག་གིས་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པའི་དགེ་འདུན་ལ་ཚུལ་ཤིང་ལེན་དུ་འཇུག་པས་དགེ་འདུན་འབྱེད་པར་བྱེད་པའོ། །དེའི་སྔགས་

ནི་ཚེ་དང་ལྡན་པ་དག །དགེ་སྦྱོང་གཽ་ཏ་མ་ནི་ཤ་ཟ་སྟེ། བདག་ཅག་གིས་ཤ་བཟའ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་སྲོག་གཅོད་པར་འགྱུར་བའི་ཕྱིར་རོ། །དགེ་སྦྱོང་གཽ་ཏ་མ་ནི་འོ་མ་འཐུངས་ཏེ། བདག་ཅག་གིས་བཏུང་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན།

Vol. 163 · folio 336a

གཞི་དེ་ལས་བེའུ་ལ་གནོད་པའི་ཕྱིར་རོ། །དགེ་སྦྱོང་གཽ་ཏ་མ་ནི་ལན་ཚྭ་ཟ་སྟེ། བདག་ཅག་གིས་བཟའ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཁུ་བ་ལས་གྱུར་པའི་ཕྱིར་རོ། །དགེ་སྦྱོང་གཽ་ཏ་མ་ནི་གོས་དྲས་པ་གྱོན་ཏེ། བདག་ཅག་གིས་བགོ་བར་མི་བྱའོ། །དེ་

ཅིའི་ཕྱིར་ཞེ་ན། གཞི་དེ་ལས་དད་པས་སྦྱིན་པར་བྱ་བ་ཆུད་ཟོས་པར་འགྱུར་བའི་ཕྱིར་རོ། །དགེ་སྦྱོང་གོ་ཏ་མ་ནི་དགོན་པ་ན་གནས་པར་བྱེད་དེ། བདག་ཅག་གིས་གྲོང་དུ་གནས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་དད་པས་སྦྱིན་པར་བྱ་བ་ཡོངས་སུ་མ་སྤྱད་པར་འགྱུར་

བའི་ཕྱིར་རོ། །ཚེ་དང་ལྡན་པ་དག་ཁྱེད་ཅག་ལས་གང་བརྟུལ་ཞུགས་ཀྱི་གནས་ལྔ་པོ་འདི་དག་གིས་དག་པ་དང་གྲོལ་བ་དང་། ངེས་པར་འགྱུར་བར་འདོད་པ་དང་། བཟོད་པ་དང་ལེགས་པར་འཛིན་པ་དེས་ཚུལ་ཤིང་ལོངས་ཤིག་ཅེས་ཟེར་བ་ཡིན་ནོ། །དབྱེ་བར་བྱ་བ་དགེ་འདུན་གྱི་

ཚད་ཉིད་མ་ཡིན་པ་དང་མཚམས་ཀྱི་ནང་ན་གཞན་དགེ་འདུན་གྱི་ཚད་དག་ཀྱང་མེད་པ་ཉིད་ཡིན་ན་དེ་མི་འཆགས་སོ་ཞེས་བྱ་བ་ནི། གལ་ཏེ་ཕྱོགས་གཉི་ག་ལ་སོ་སོ་ན་དགེ་འདུན་གྱི་ཚད་དུ་མེད་པ་ཉིད་ཡིན་ན་འབྱེད་པར་བྱེད་པ་དེས་དགེ་འདུན་དབྱེ་བ་དེ་མི་འཆགས་སོ། །འདིར་དགེ་

འདུན་གྱི་ཚད་ནི་བཞི་ཡན་ཆད་དོ། །འབྱེད་པར་བྱེད་པ་ཉིད་ཀྱིས་ཆོས་མ་ཡིན་པའི་ཕྱོགས་ཀྱི་དགེ་འདུན་གྱི་ཁ་བསྐང་དུ་ཡང་མི་རུང་ངོ་། །ཅི་འབྱེད་པ་ཐམས་ཅད་ལ་མཚམས་མེད་པར་འགྱུར་རམ་ཞེ་ན། དེའི་ཕྱིར། ཆོས་དང་ཆོས་མ་ཡིན་པ་གཉི་ག་དེ་བཞིན་ཉིད་དུ་ཤེས་ན་མཚམས་

མེད་པའོ་ཞེས་བྱ་བ་སྨྲས་ཏེ། ཆོས་ཀྱང་ཆོས་ཉིད་དུ་ཤེས་ལ་ཆོས་མ་ཡིན་པ་ཡང་ཆོས་མ་ཡིན་པ་ཉིད་དུ་ཤེས་བཞིན་དུ་དགེ་འདུན་འབྱེད་པར་བྱེད་ན་དེ་ལ་མཚམས་མེད་པའི་ཁ་ན་མ་ཐོ་བར་འགྱུར་རོ། །ཆོས་ལ་ཆོས་མ་ཡིན་པར་འདུ་ཤེས་པ་དང་། ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་

པ་ལ་ནི་མཚམས་མེད་པར་མི་འགྱུར་ཏེ། དེ་ལ་བསམ་པས་ལོག་པར་བསྒྲུབ་པ་མེད་པའི་ཕྱིར་རོ། །དབྱེན་ལ་ཆོས་སུ་འདུ་ཤེས་པས་ཀྱང་ངོ་ཞེས་བྱ་བ་ཡང་། མཚམས་མེད་པ་ཉིད་དུ་འགྱུར་རོ་ཞེས་བྱ་བར་སྦྱར་ཏེ། ཕུང་པོའི་ལྷག་མ་མེད་པའི་ཆུད་ཟ་བ་དེ་ལས་བཟློག་ཅིང་དབྱེན་བྱེད་པ།

Vol. 163 · folio 336b

འགྲོ་བ་རྣམས་ཐར་པ་ལས་བཟློག་པ་གང་ཡིན་པ་དེ་ནི་འདོད་པའི་ཁམས་ཀྱི་དབང་ཕྱུག་ལ་ཕན་པ་ཆེན་པོ་བྱེད་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་རྣམ་པས་དབྱེན་ལ་ཆོས་སུ་འདུ་ཤེས་པས་དགེ་འདུན་གྱི་དབྱེན་བྱེད་ན་དེས་ཀྱང་ཆོས་དང་ཆོས་མ་ཡིན་པ་དག་དེ་བཞིན་ཉིད་དུ་ཤེས་པ་ཡིན་

པས་མཚམས་མེད་པར་འགྱུར་རོ། །ཡིད་གཉིས་ནི་འདུ་ཤེས་དང་འདྲ་བས་དེའི་ཕྱིར་འདི་ལ་ཡིད་གཉིས་ཟ་ན་ཡང་དེ་མཚམས་མེད་པ་ཉིད་དུ་འགྱུར་བར་རིག་པར་བྱའོ། །འཁོར་ལོ་བྱེད་པའི་གཞིའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་ནི་རྩོད་པའི་གཞི་སྨྲ་བར་འདོད་ནས། རྩོད་པ་ནི་རྣམ་

པ་བཞི་སྟེ། འགྱེད་པའི་ཕྱིར་རྩོད་པ་དང་། མ་གདམས་པའི་ཕྱིར་རྩོད་པ་དང་། ལྟུང་བའི་ཕྱིར་རྩོད་པ་དང་། བྱེ་བའི་ཕྱིར་རྩོད་པ་སྟེ་དེ་ལ་འགྱེད་པའི་ཕྱིར་རྒྱུ་ལས་རྩོད་པ་ནི་འགྱེད་པའི་ཕྱིར་རྩོད་པའོ། །ལྷག་མ་རྣམས་ཀྱང་དེ་བཞིན་དུ་བརྗོད་པར་བྱའོ་ཞེས་གསུངས་པ་ལ་རྩོད་པ་བཞི་པོ་གང་དག་ཡིན་

པ་དེ་དག་གི་རང་གི་ངོ་བོ་ངེས་པར་གཟུང་བའི་ཕྱིར། འཁྲུག་ལོང་གི་རྒྱུ་བཞིའོ་ཞེས་བྱ་བ་སྨྲས་ཏེ། ཚིག་གི་ཕྱིར་སེམས་གཞོལ་བ་གང་ཡིན་པ་དེ་ནི་འདིར་འཁྲུག་ལོང་ཞེས་བྱའི་ཁྲོ་བ་ནི་མ་ཡིན་ནོ། །ཚིག་ཅེས་བྱ་བ་ནི། དགྲ་བོས་མི་མཐུན་པར་སྨྲས་པ་གང་ཡིན་པ་དགོངས་ཀྱི་

ཚིག་ཙམ་ནི་མ་ཡིན་ཏེ། དེའི་ཕྱིར་དེ་ལ་འཁྲུག་ལོང་ཉིད་དུ་ཉེ་བར་གདགས་སོ། །གལ་ཏེ་ཚིག་གི་ཕྱིར་སེམས་གཞོལ་བ་འཁྲུག་ལོང་ཡིན་ལ་དེ་ཉིད་རྩོད་པ་ཡིན་ན། འོ་ན་ཇི་ལྟར་གཙུག་ལག་ལས་དེ་ལ་བརྟེན་ཏེ་འཐབ་པ་དང་མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་

གང་ཡིན་པ་དེ་འགྱེད་པའི་ཕྱིར་རྩོད་པ་ཞེས་བྱའོ་ཞེས་གསུངས་ཤེ་ན། འདི་ལྟར་འཐབ་པ་ལ་སོགས་པ་ནི་ཚིག་གི་ཕྱིར་གཞལ་བའི་འཁྲུག་ལོང་འདིའི་འཁོར་ཡིན་ཏེ་དེ་དང་འབྲེལ་པ་ལས་འབྱུང་བའི་ཕྱིར་རོ། །ཡང་དག་པར་ན་འཁྲུག་ལོང་ཉིད་རྩོད་པ་ཡིན་ཏེ། འདི་ལྟར་རྩོད་

པའི་གཞི་ཡིན་པས་གཞིར་གྱུར་པའི་དངོས་པོ་ནི་འགྱེད་པའི་ཕྱིར་རྩོད་པ་ཡིན་པར་རིག་པའི་ཕྱིར་རོ། །འཁྲུག་ལོང་གི་རྒྱུ་བཞི་པོ་དེ་དག་གང་ཞེ་ན་དེའི་ཕྱིར་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབ་པ་དང་སྤོང་བ་དང་ལྟུང་བ་དང་བཅས་པ་ཉིད་དང་། ལས་ལ་མཐུན་པ་མི་སྦྱིན་

Vol. 163 · folio 337a

པའོ་ཞེས་བྱ་བ་སྨྲས་ཏེ། དངོས་པོའི་དེ་བཞིན་ཉིད་ཅེས་བྱ་བ་ནི། དེའི་རང་བཞིན་ཉིད་དེ་རང་གི་ངོ་བོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ལོག་པར་བསྒྲུབ་པ་ཞེས་བྱ་བ་ནི། མ་ངེས་པ་ཉིད་དེ་ཆོས་ཡིན་ནོ་ཞེའམ། ཆོས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ལྟ་བུར་

གཉིས་སུ་འདྲེན་པའོ། །དེ་ལྟར་དངོས་པའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབ་པ་དེ་ནི་འཁྲུག་ལོང་གི་རྒྱུ་དང་པོ་ཡིན་ནོ། །ཇི་ལྟར་ན་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབ་པ་དེ་འབའ་ཞིག་འཁྲུག་ལོང་དང་པོའི་རྒྱུར་བཞག་སྟེ། དེ་ལྟར་དངོས་པོའི་རྣམ་པ་འདི་ལྟ་བུ་ལ་སྤྱོད་པ་ལས་

ཀྱང་འགྱེད་པ་འབྱུང་བའི་ཕྱིར་ཏེ། དེ་ཅིའི་ཕྱིར་ཁྱོད་ཀྱིས་འདི་བླངས་ཤེའམ་བྱིན་ཞེའམ་ལུས་སུ་བསྐོས་པ་འདི་མ་བྱས་ཞེས་འགྱེད་པ་གང་ཡིན་པ་དེ་ཡང་དངོས་པོའི་དེ་བཞིན་ཉིད་མ་ཡིན་པ་མ་ཡིན་ཏེ། འདི་ནི་བྱ་བའོ་ཞེའམ་བྱ་བ་མ་ཡིན་ནོ་ཞེས་ཞུགས་པའི་ཕྱིར་རོ་ཞེ་ན། འདི་ལྟར་

འདིར་དེ་ལྟ་བུ་དང་མཐུན་པ་དག་མ་བསྡུས་པར་ཤེས་པར་མི་བྱ་སྟེ། དེས་ན་དངོས་པོའི་རང་གི་ངོ་བོ་ཁོ་ན་ལ་འགྱེད་པ་འདི་འབྱུང་བས་དེའི་ཕྱིར། དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབ་པ་ལས་འགྱེད་པའི་ཕྱིར་རྩོད་པ་འདི་འབྱུང་བར་ཤེས་པར་བྱའོ། །སྤོང་བ་ཞེས་བྱ་བ་

ནི། གདམས་ངག་ལ་སོགས་པ་འཇོག་པར་འགྱུར་བས་གཞན་སྤོང་བ་སྟེ། འདི་ནི་འཁྲུག་ལོང་གི་རྒྱུ་གཉིས་པ་ཡིན་ནོ། །རྒྱུ་དེ་ལས་མི་གདམས་པའི་ཕྱིར་རྩོད་པ་འབྱུང་བར་ཤེས་པར་བྱའོ། །ལྟུང་བ་དང་བཅས་པ་ཉིད་ཅེས་བྱ་བ་ནི། འཁྲུག་ལོང་གི་རྒྱུ་གསུམ་པ་ཡིན་ཏེ།

དེ་ལ་ལྟུང་བའི་ཕྱིར་རྩོད་པ་འབྱུང་ངོ་། །ལས་ལ་མཐུན་པ་མི་སྦྱིན་པ་ཞེས་བྱ་བ་ནི། གསོལ་བ་ལ་སོགས་པའི་ལས་ལ་མཐུན་པ་མི་སྦྱིན་པ་སྟེ་དེ་ནི་འཁྲུག་ལོང་གི་རྒྱུ་བཞི་པ་ཡིན་ཏེ། དེ་ལས་བྱ་བའི་ཕྱིར་རྩོད་པ་འབྱུང་ངོ་། །འཁྲུག་ལོང་གི་རྒྱུ་བཞི་པོ་དེ་དག་གིས་བསྐྱེད་པའི་

འཁྲུག་ལོང་བཞི་པོ་དེ་དག་ཇི་ལྟར་ཉེ་བར་ཞི་བར་འགྱུར་ཞེ་ན་དེའི་ཕྱིར། རྒྱུ་དང་པོ་ལས་བྱུང་བ་ནི་རྒྱུད་གཅིག་ཏུ་བྱ་བས་ཉེ་བར་ཞིའོ་ཞེས་བྱ་བ་སྨྲས་ཏེ། རྒྱུ་དང་པོ་ཞེས་བྱ་བ་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབ་པ་ཞེས་བྱ་བ་ལས་བྱུང་བའི་འཁྲུག་ལོང་འགྱེད་པའི་ཕྱིར་རྩོད་པ་ཞེས་

Vol. 163 · folio 337b

བྱ་བ་དེ་ནི་རྒྱུད་གཅིག་ཏུ་བྱ་བས་ཉེ་བར་ཞི་བར་འགྱུར་ཏེ། མངོན་སུམ་གྱིས་འདུལ་བར་འགྱུར་བ་ཞེས་བྱ་བ་ཡང་དེ་ཡིན་ནོ། །རྒྱུད་ཅེས་བྱ་བ་ནི་ངེས་པར་རྟོགས་པ་སྟེ། དངོས་པོ་གང་ལ་ངེས་པར་རྟོགས་པ་གཅིག་ཡོད་པའི་དངོས་པོ་དེ་ནི་རྒྱུད་གཅིག་ཅེས་བྱ་སྟེ་གཅིག་ཏུ་རྣམ་པར་

གཞག་པར་བྱ་བའོ། །ངེས་པ་བསྐྱེད་པ་མཐའ་གཅིག་ཏུ་བྱ་བ་དེས་ཤེས་པའི་ཐ་ཚིག་གོ། །འདི་ལྟར་དངོས་པོའི་རང་གི་ངོ་བོ་ལ་ལོག་པར་བསྒྲུབ་པ་ནི་ཐེ་ཚོམ་ཞེས་བྱ་སྟེ། ཐེ་ཚོམ་ནི་ངེས་པ་བསྐྱེད་པ་ལྡོག་པས་དེས་ན་རྒྱུད་གཅིག་ཏུ་བྱ་བས་ལོག་པར་བསྒྲུབ་པར་ཉེ་བར་ཞི་བར་

འགྱུར་ཏེ་མཐའ་གཅིག་ཏུ་བྱེད་པའི་ཕྱིར་རོ། །རྒྱུ་གཉིས་པ་ལས་བྱུང་བ་ནི་འདི་དང་དག་པ་སྦྱིན་པས་སོ་ཞེས་བྱ་བ་ནི། རྒྱུ་གཉིས་པ་ཞེས་བྱ་བ་སྤོང་བ་ཞེས་བྱ་བ་ལས་བྱུང་བའི་འཁྲུག་ལོང་མི་གདམས་པའི་ཕྱིར་རྩོད་པ་ཞེས་བྱ་བ་ནི་རྒྱུ་གཅིག་ཏུ་ཞེས་བྱ་བ་ཞེས་སྨོས་པ་འདི་དང་དག་པ་སྦྱིན་པས་ཉེ་བར་

ཞི་བར་འགྱུར་ཏེ། དྲན་པས་འདུལ་བ་དང་མ་མྱོས་པས་འདུལ་བ་ཞེས་བྱ་བ་ཡང་དེ་བཞིན་ནོ། །འདི་ལྟར་གླེང་བར་བྱ་བ་དེ་དང་འབྲེལ་བའི་དྲན་པ་གང་ཡིན་པ་དེས་འདི་འདུལ་བ་ལ་ནི་དྲན་པས་འདུལ་བའི་རྩོད་པ་ཉེ་བར་ཞི་བ་ཡིན་ལ། གླེང་བར་བྱ་བ་དེ་ཉིད་མྱོས་པའི་ཕྱིར་ཕྱིས་ངེས་

པ་སྐྱེས་ཤིང་འདུ་ཤེས་མ་ཉམས་པའི་བདག་ཉིད་དུ་གྱུར་པ་གང་ཡིན་པ་དེ་ནི་འདིར་མ་མྱོས་པ་ཞེས་བྱ་སྟེ། དེས་འདུལ་བ་ནི་འདིར་མ་མྱོས་པས་འདུལ་བའི་རྩོད་པ་ཉེ་བར་ཞི་བ་ཡིན་ནོ། །སྤོང་བ་ཞེས་བྱ་བ་ནི་རྒྱུ་དང་བཅས་པ་ཡང་ཡོད་ལ། རྒྱུ་མེད་པ་ཡང་ཡོད་དེ། དེ་ལ་རྒྱུ་དང་

བཅས་པ་ཉིད་ཡིན་ན་ནི་རྒྱུད་གཅིག་ཏུ་བྱ་བས་དེ་ལས་བྱུང་བའི་རྩོད་པ་ཉེ་བར་ཞི་བ་ཉིད་དུ་འགྱུར་ཏེ་སྤོང་བར་འོས་པ་ཉིད་ངེས་པར་གྱུར་པའི་ཕྱིར་རོ། །རྒྱུ་མེད་པ་ཉིད་ཡིན་ན་ནི། དག་པ་སྦྱིན་པས་ཉེ་བར་ཞི་བར་འགྱུར་ཏེ། སྤོང་བའི་རྒྱུ་མེད་ན་དག་པ་རྣམ་པར་གནས་པའི་ཕྱིར་རོ། །དེ་

ལྟར་ན་རྒྱུ་གཉིས་ཀྱིས་སྤང་བའི་རྒྱུ་ལས་བྱུང་བའི་རྩོད་པ་ཉེ་བར་ཞི་བར་བསྟན་ཏོ། །རྒྱུ་གསུམ་པ་ལས་བྱུང་བ་ནི་ཕྱིར་བཅོས་པ་དང་ངེས་པར་འཛིན་པ་ལ་སྦྱར་བ་ཉིད་སྦྱིན་པས་སོ་ཞེས་བྱ་བ་ནི། རྒྱུ་གསུམ་པ་ཞེས་བྱ་བ་ལྟུང་བ་དང་བཅས་པ་ཉིད་ཅེས་བྱ་བ་ལས་བྱུང་བའི་འཁྲུག་ལོང་

Vol. 163 · folio 338a

ལྟུང་བའི་ཕྱིར་རྩོད་པ་ཞེས་བྱ་བ་དེ་ནི་ཕྱིར་བཅོས་པ་ཞེས་བྱ་བ་བཤགས་པས་ཉེ་བར་ཞི་བར་བྱ་བ་དང་ངེས་པར་འཛིན་པ་ལ་སྦྱར་བ་ཉིད་སྦྱིན་པ་ཞེས་བྱ་བ་དེའི་ངོ་བོ་ཉིད་དུ་ཚོལ་དུ་གཞུག་པས་ཉེ་བར་ཞི་བར་བྱའོ། །ལྟུང་བ་དང་བཅས་པ་ཉིད་ནི་རྣམ་པ་གཉིས་ཏེ། རྣམ་པར་

ཤེས་པས་ན་རང་གི་ངོ་བོའི་ཉེས་པ་དང་། རྣམ་པར་མི་ཤེས་པ་ན་རང་གི་ངོ་བོའི་ཉེས་པས་སོ། །དེ་ལ་རྣམ་པར་ཤེས་པ་ན་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་ལ་ནི་ཕྱིར་བཅོས་པས་བསལ་བ་བྱས་ན་དེ་ལས་བྱུང་བའི་རྩོད་པ་ཉེ་བར་ཞི་བར་འགྱུར་རོ། །རྣམ་པར་མི་

ཤེས་པ་ན་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་ལ་ནི་རང་གི་ངོ་བོ་ཉིད་བཙལ་ནས་བསལ་བར་ནུས་པས་དེ་ལ་ནི་ངེས་པར་འཛིན་པ་ལ་སྦྱར་བ་ཉིད་སྦྱིན་པས་དེ་ལས་བྱུང་བའི་རྩོད་པ་ཉེ་བར་ཞི་བར་འགྱུར་རོ། །དེ་ལྟར་ན་རྒྱུ་གཉིས་ཀྱིས་ལྟུང་བ་དང་བཅས་པ་ཉིད་ཀྱི་རྒྱུ་ལས་བྱུང་བའི་

རྩོད་པ་ཉེ་བར་ཞི་བར་བསྟན་ཏོ། །ཐ་མ་ནི་སྦྱིན་དུ་གཞུག་པས་སོ་ཞེས་བྱ་བ་ནི། ཐ་མ་ཞེས་བྱ་བ་ལས་ལ་མཐུན་པ་མི་སྦྱིན་པ་ཞེས་བྱ་བའི་རྒྱུ་ལས་བྱུང་བའི་འཁྲུག་ལོང་བྱ་བའི་ཕྱིར་རྩོད་པ་ཞེས་བྱ་བ་དེ་ནི་ལས་ལ་མཐུན་པ་སྦྱིན་དུ་གཞུག་པས་ཉེ་བར་ཞི་བར་བྱ་སྟེ། མཐུན་པ་ཉིད་དུ་གྱུར་ན་བྱ་བའི་

ཕྱིར་རྩོད་པ་ཉེ་བར་ཞི་བ་ཉིད་ཡིན་ནོ། །འོ་ན་རྒྱུད་གཅིག་ཏུ་བྱ་བས་ཉེ་བར་ཞི་བར་བྱའོ་ཞེས་གང་བསྟན་པ་དེ་ཇི་ལྟར་རྒྱུད་གཅིག་ཏུ་བྱ་ཞེ་ན་དེའི་ཕྱིར། འགྱེད་པ་གཉིས་རང་གིས་མ་ནུས་ན་ཚོགས་པར་དབྱུང་བ་དག་གིས་ལེགས་པར་བསྒྲུབ་པོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་འགྱེད་པར་བྱེད་

པའི་གང་ཟག་དེ་གཉིས་རང་གིས་རྩོད་པ་དེ་ཉེ་བར་ཞི་བར་བྱེད་མི་ནུས་ན་ཚོགས་པར་དབྱུང་བ་དག་གིས་དོན་དེ་ལེགས་པར་བསྒྲུབ་ཅིང་མཐའ་གཅིག་ཏུ་བྱའོ། །འོ་ན་འགྱེད་པ་མང་པོ་དག་འབྱུང་ན་ཅིའི་ཕྱིར་འགྱེད་པ་གཉིས་ཞེས་གཉིས་ཀྱི་ཚིག་ཏུ་བྱས་ཤེ་ན། བདེན་མོད་ཀྱི་དེ་

ནི་ཕྱོགས་གཉིས་སུ་རྣམ་པར་གནས་པས་དེ་ལ་གཉིས་ཉིད་དུ་གྱུར་པ་ཉིད་ཡིན་པའི་ཕྱིར་རོ། །ཚོགས་པར་དབྱུང་བ་ཇི་ལྟ་བུ་དག་གིས་ཤེ་ན། དེའི་ཕྱིར་དགེ་སློང་དག་གིས་སོ་ཞེས་བྱ་བ་སྨྲས་སོ། །དགེ་སློང་ཇི་ལྟ་བུ་དག་གིས་ཤེ་ན་དེའི་ཕྱིར་འདྲ་བ་དག་གིས་སོ་ཞེས་བྱ་བ་སྨྲས་

Vol. 163 · folio 338b

སོ། །སུ་འདྲ་བ་དག་གིས་ཤེ་ན་དེའི་ཕྱིར་དེ་གཉིས་སོ་ཞེས་བྱ་བ་སྨྲས་ཏེ་འགྱེད་པ་དེ་གཉིས་སོ། །ཇི་སྙེད་དག་གིས་ཤེ་ན་དེའི་ཕྱིར་གཅིག་ཡན་ཆད་ཀྱིས་སོ་ཞེས་བྱ་བ་སྨྲས་སོ། །གཅིག་ཡན་ཆད་དུའང་རུང་བ་ཞེས་བྱ་བའི་ཐ་ཚིག་གོ། །དགེ་སློང་གཅིག་གམ་དུ་མ་ཇི་ལྟ་བུ་ལ་དེ་

གཉིས་ཀྱིས་འདྲ་བར་བྱ་ཞེ་ན་དེའི་ཕྱིར། གཟུ་བོ་དག་ལས་འདྲ་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། ཕྱོགས་གཉི་གའི་དབུས་ན་གནས་པ་ལ་བརྟན་པ་ནི་གཟུ་བོ་ཡིན་པར་རིག་པར་བྱའོ། །དེ་ལྟར་ཡང་འདིར་གཞུང་ནི་སོ་སོར་ཐར་པའི་སྐབས་ཀྱི་རྩོད་པ་ཞི་བར་བྱ་བ་ཞུ་བའི་གཞུང་ཁ་ཅིག་

ལས་དགེ་སློང་གཟུ་བོ་གང་ཞེ་ན། ཕྱོགས་ཅིག་ཤོས་སུ་ཡང་མ་སོང་ལ་གཉིས་པར་ཡང་མ་སོང་བ་གང་ཡིན་པའོ་ཞེས་གསུངས་པ་ཡིན་ནོ། །དེ་དག་དགེ་འདུན་གྱིས་གཏན་དུ་བསྐོའོ་ཞེས་བྱ་བ་ནི། གཟུ་བོ་དེ་དག་དགེ་འདུན་གྱི་གནས་དེར་གཏན་དུ་དགེ་འདུན་གྱི་རྩོད་པ་བྱུང་ངོ་

ཅོག་རྣམ་པར་ཞི་བར་བྱ་བའི་ཕྱིར་བསྐོ་བར་བྱའི། རྩོད་པ་གཅིག་གི་ཕྱིར་འཕྲལ་ལ་བསྐོ་བར་བྱ་བ་ནི་མ་ཡིན་ནོ། །དེ་ཡང་དགེ་འདུན་གྱིས་སྤྲོ་བར་བྱས་ནས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོའོ། །དེའི་སྔགས་ནི་མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་ལ་རྩོད་པ་བྱུང་བ་བྱུང་བ་

རྣམས་མངོན་སུམ་གྱིས་འདུལ་བས་རྣམ་པར་ཞི་བར་བྱེད་པར་སྤྲོའམ། སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །གཟུ་བོ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་རྩོད་པ་བྱུང་བ་བྱུང་བ་རྣམས་མངོན་སུམ་གྱིས་འདུལ་བས་རྣམ་པར་ཞི་བར་བགྱིད་པ་སྤྲོ་ན། གལ་ཏེ་

དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་གཟུ་བོ་མིང་འདི་ཞེས་བགྱི་བ་འདི་རྩོད་པ་རྣམ་པར་ཞི་བར་བགྱིད་པ་བསྐོ་བར་བགྱི་སྟེ། གཟུ་བོ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་རྩོད་པ་བྱུང་བ་བྱུང་བ་རྣམས་མངོན་

སུམ་གྱིས་འདུལ་བས་རྩོད་པ་རྣམ་པར་ཞི་བར་བགྱིད་དོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདིར་འཐབ་མོ་མི་སྐྱེད་པ་བསྐོ་བར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། གཟུ་བོ་བསྐོ་བ་འདིར་གང་ཟག་དེ་ལྟ་བུ་བསྐོ་བར་བྱ་བ་ཉིད་ཡིན་ནོ། །ངོ་ཚ་ཤེས་ཤིང་

Vol. 163 · folio 339a

བསླབ་པ་འདོད་པའོ་ཞེས་བྱ་བ་ནི། གཟུ་བོར་བསྐོ་བར་བྱ་བ་ཉིད་དོ་ཞེས་བྱ་བར་སྦྱར་ཏེ། འདིར་ངོ་ཚ་ཤེས་པ་ཞེས་བྱ་བ་ནི། བསླབ་པའི་གཞི་ཡང་དག་པར་བླངས་པ་ཐམས་ཅད་ལ་བག་རྐྱོང་བ་ཞུམ་པར་བྱེད་པ་ཡིན་གྱི་ཕམ་པར་འགྱུར་བ་ཙམ་ཉི་ཚེར་མ་ཟད་དོ། །

མ་མོ་ལས་འདི་སྐད་དུ་གསུངས་ཏེ། དགེ་སློང་ཆོས་ཉི་ཤུ་རྩ་གཉིས་དང་ལྡན་པ་བཙལ་བར་བྱ་སྟེ། ཉི་ཤུ་རྩ་གཉིས་གང་ཞེ་ན། ཅི་ཚེ་དང་ལྡན་པ་དེ་ཚུལ་ཁྲིམས་དང་ལྡན་ཞིང་དང་པོ་ནས་ཕུན་སུམ་ཚོགས་པ་དང་། ངོ་ཚ་ཤེས་ཤིང་འགྱོད་པ་དང་ལྡན་ལ་བསྡམས་པ་དང་། བསླབ་

པ་འདོད་པ་དང་། འདུལ་བ་ལ་ཤིན་ཏུ་རྣམ་པར་ངེས་ཤིང་ཐོས་པ་འཛིན་པ་ཐོས་པ་བསགས་པ་དང་། ལུང་ཐོན་པ་དང་། རྩོད་པ་ལ་མཁས་པ་དང་། རྩོད་པ་ཀུན་ནས་སློང་བ་ལ་མཁས་པ་དང་། རྩོད་པའི་བྱེ་བྲག་ལ་མཁས་པ་དང་། རྩོད་པ་འགོག་པ་ལ་མཁས་པ་དང་། རྩོད་

པ་འགགས་ནས་ཕྱིས་མི་འབྱུང་བ་ལ་མཁས་པ་དང་། བསྟན་བཅོས་ལ་མཁས་པ་དང་། གཞི་ལྷག་པར་སྤྱོད་པ་ལ་མཁས་ཤིང་ཉེས་རྩོམ་མེད་པར་སྨྲ་བ་དང་། ཉེས་རྩོམ་བྱེད་དུ་མི་འཇུག་པ་དང་། ལུས་དང་ངག་གིས་མི་འཇུག་པ་དང་། སྨྲ་བར་བྱེད་ཅིང་སྨྲས་པ་བརྡ་ཕྲད་པར་བྱེད་

པ་དང་། གོ་བར་བྱེད་ཅིང་བསྒོ་བ་བརྡ་ཕྲད་པར་བྱེད་པ་དང་། རྣམ་པར་རིག་པར་བྱེད་ཅིང་རྣམ་པར་རིག་པར་བྱས་པ་བརྡ་ཕྲད་པར་བྱེད་པ་དང་། ངེས་པར་རྟོགས་པར་བྱེད་ཅིང་ངེས་པར་བརྟགས་པ་བརྡ་ཕྲད་པར་བྱེད་པ་དང་། འདུན་པས་འགྲོ་བ་མ་ཡིན་པ་དང་། ཞེ་སྡང་གིས་

འགྲོ་བ་མ་ཡིན་པ་དང་། གཏི་མུག་གིས་འགྲོ་བ་མ་ཡིན་པ་དང་། འཇིགས་པས་འགྲོ་བ་མ་ཡིན་པ་སྟེ། གཟུ་བོ་ཆོས་ཉི་ཤུ་རྩ་གཉིས་པོ་དེ་དག་དང་ལྡན་པ་ནི་ཆོས་ཀྱི་ལོངས་སྤྱོད་དམ་ཟང་ཟིང་གི་ལོངས་སྤྱོད་ཀྱིས་ཕྱོགས་གཉི་ག་ལ་མི་བརྟེན་པ་ཡིན་ནོ་ཞེས་གསུངས་པ། དེ་དག་

འདིར་ཅི་རིགས་པར་བསྡུས་པར་ཤེས་པར་བྱའོ། །འདུལ་བ་ལ་ཤིན་ཏུ་རྣམ་པར་ངེས་པའོ་ཞེས་བྱ་བ་ནི། ལྟུང་བ་དང་ལྟུང་བ་མ་ཡིན་པ་ལ་མཁས་པ་ཞེས་བྱ་བའི་ཐ་ཚིག་གོ། །རྩོད་པ་བྱུང་བའི་སྤྱོད་པ་ལ་མཁས་པའོ་ཞེས་བྱ་བ་ནི། རྩོད་པ་ལ་མཁས་པ་དང་། རྩོད་པ་ཀུན་ནས་སློང་

Vol. 163 · folio 339b

བ་ལ་མཁས་པ་དང་། རྩོད་པའི་བྱེ་བྲག་ལ་མཁས་པ་དང་། རྩོད་པ་འགོག་པ་ལ་མཁས་པ་དང་། རྩོད་པ་འགགས་ནས་ཕྱིས་མི་འབྱུང་བ་ལ་མཁས་པའོ། །རྣམ་པར་ཞེན་པའོ་ཞེས་བྱ་བ་ནི་དོན་རྣམ་པར་ངེས་པས་མི་འགྱུར་བ་སྟེ། དེས་ནི་བསྟན་བཅོས་ལ་མཁས་པ་བསྡུས་སོ། །

བརྟན་ཞིང་ཉེས་རྩོམ་མེད་པར་འཇུག་པའོ་ཞེས་བྱ་བ་ལ། བརྟན་པ་ཞེས་བྱ་བས་ནི་ལུས་དང་ངག་གིས་མི་འཇུག་པ་བསྡུས་སོ། །ཉེས་རྩོམ་མེད་པར་འཇུག་པ་ཞེས་བྱ་བས་ནི་གཞི་ལྷག་པར་སྤྱོད་པ་ལ་མཁས་ཤིང་ཉེས་རྩོམ་མེད་པར་སྨྲ་བ་དང་ཉེས་རྩོམ་བྱེད་དུ་མི་འཇུག་པ་བསྡུས་སོ། །སྙོམས་

པའོ་ཞེས་བྱ་བ་ནི། འདུན་པ་དང་ཞེ་སྡང་དང་འཇིགས་པས་མི་འགྲོ་བ་བསྟན་ཏོ། །བརྡ་ཕྲད་པའོ་ཞེས་བྱ་བ་ནི། གཞན་གྱིས་བསྒོ་བ་བརྡ་ཕྲད་པར་བྱེད་པ་གང་ཡིན་པ་དེ་ནི། །བརྡ་ཕྲད་པ་སྟེ་དེས་ནི་སྨྲས་པ་བརྡ་ཕྲད་པར་བྱེད་པ་དང་བསྒོ་བ་བརྡ་ཕྲད་པར་བྱེད་པ་དང་། རྣམ་པར་རིག་པར་བྱས་

པ་བརྡ་ཕྲད་པར་བྱེད་པ་དང་། ངེས་པར་བརྟགས་པ་བརྡ་ཕྲད་པ་ཞེས་བྱ་བའི་ཚིག་འོག་མ་བཞི་བསྡུས་སོ། །བརྡ་སྤྲོད་པར་བྱེད་པའོ་ཞེས་བྱ་བ་ནི། གཞན་ལ་གོ་བར་བྱེད་ནུས་པ་གང་ཡིན་པ་དེ་ནི་བརྡ་སྤྲོད་པར་བྱེད་པ་སྟེ། དེས་ནི་སྨྲ་བར་བྱེད་པ་དང་གོ་བར་བྱེད་པ་དང་། རྣམ་པར་

རིག་པར་བྱེད་པ་དང་། ངེས་པར་རྟོགས་པར་བྱེད་པ་ཞེས་བྱ་བའི་ཚིག་གོང་མ་བཞི་བསྡུས་སོ། །མཁས་པའོ་ཞེས་བྱ་བ་ནི་རྨོངས་པ་མེད་ཅིང་མཁས་པ་སྟེ། དེས་ནི་གཏི་མུག་གིས་འགྲོ་བ་མ་ཡིན་པ་ཞེས་བྱ་བ་ཡན་ཆད་བསྡུས་ཏེ། དེ་བས་ན་འདི་ཙམ་གྱིས་ཐམས་ཅད་བསྡུས་པར་རིག་

པར་བྱའོ། །དེ་དག་གིས་ཉེ་བར་མ་ཞི་ན་དགེ་འདུན་ལ་དབུལ་ལོ་ཞེས་བྱ་བ་ནི། གཟུ་བོ་དེ་དག་གིས་རྩོད་པ་དེ་ཉེ་བར་མ་ཞི་ན་དགེ་འདུན་ལ་དབུལ་བར་བྱའོ། །དེས་མ་ནུས་ན་གསལ་བ་དག་བསྐོའོ་ཞེས་བྱ་བ་ནི། དགེ་འདུན་དེས་རྩོད་པ་དེ་ཉེ་བར་ཞི་བར་བྱེད་མ་ནུས་ན་དགེ་སློང་གསལ་བ་

དག་བསྐོ་བར་བྱའོ། །གསལ་བ་དུ་དག་བསྐོ་བར་བྱ་ཞེ་ན་དེའི་ཕྱིར། དགེ་འདུན་གྱི་ཚད་ལས་མི་ཉུང་བ་དག་གོ་ཞེས་བྱ་བ་སྨྲས་ཏེ། མཚམས་ཀྱི་ཕྱི་རོལ་དུ་སོང་ན་དགེ་འདུན་དུ་ཚང་བ་དག་བསྐོའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་དགེ་འདུན་གྱིས་སྤྲོ་བར་བྱས་ནས། གསོལ་བ་དང་

Vol. 163 · folio 340a

གཉིས་ཀྱི་ལས་ཀྱིས་བསྐོའོ། །དེའི་སྔགས་ནི་མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་ལ་རྩོད་པ་བྱུང་བ་རྣམ་པར་ཞི་བར་བྱེད་པ་སྤྲོ་འམ། སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང་གསལ་བ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་རྩོད་

པ་བྱུང་བ་རྣམ་པར་ཞི་བར་བགྱིད་པར་སྤྲོ་ན་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་གསལ་བར་བསྐོ་བར་བགྱི་སྟེ། གསལ་བ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་རྩོད་པ་བྱུང་བ་རྣམ་པར་ཞི་

བར་བགྱིད་དོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྡེ་ཚན་དེས་མ་ནུས་ན་རང་གི་གསལ་བ་དག་བསྐོ་བ་ཉིད་དོ་ཞེས་བྱ་བ་ནི། གཟུ་བོའི་སྡེ་ཚན་ནམ་གསལ་བའི་སྡེ་ཚན་ནམ་གསལ་བའི་ཡང་གསལ་བའི་སྡེ་ཚན་གང་ཡང་རུང་བས་རྩོད་པ་དེ་ཉེ་བར་ཞི་བར་མ་

ནུས་ན་སྡེ་ཚན་དེ་དག་གིས་གསོལ་བ་དག་བསྐོ་བར་རིག་པ་ཉིད་ཡིན་ཏེ། དགེ་འདུན་གྱི་ཚད་ལས་མི་ཉུང་བ་དག་གོ་ཞེས་སྔར་སྨོས་པའི་དགོས་པ་ནི་དེ་ཡིན་པར་ཤེས་པར་བྱའོ། །འདིར་གཞུང་ནི་ཁ་ཅིག་ལས། གཟུ་བོ་རྣམས་ཀྱིས་གསལ་བ་དག་བསྐོ་བར་གསུངས་ཏེ། གལ་ཏེ་

དགེ་སློང་གཟུ་བོ་དག་གིས་རྩོད་པ་དེ་ཉེ་བར་ཞི་བར་བྱེད་མ་ནུས་ན། དགེ་སློང་གཟུ་བོ་རྣམས་ཀྱིས་དགེ་སློང་གསལ་བ་དག་བསྐོ་བར་བྱའོ་ཞེས་གསུངས་པ་དང་། ཁ་ཅིག་ལས་དགེ་འདུན་གྱིས་གསལ་བ་དག་བསྐོ་བར་གསུངས་ཏེ། གལ་ཏེ་དགེ་འདུན་གྱི་རྩོད་པ་དེ་ཉེ་བར་ཞི་བར་བྱེད་མ་ནུས་

ན། གལ་ཏེ་དགེ་འདུན་གྱིས་དགེ་སློང་གསལ་བ་དག་བསྐོ་བར་བྱའོ་ཞེས་གསུངས་པ་ཡིན་ཏེ་འདིར་དེ་གཉི་ག་ཡང་རུང་ངོ་། །མི་ནུས་ཤིང་གཞན་མི་བྱེད་ན་གང་ལས་བླངས་པ་དེ་ལ་དབུལ་ལོ་ཞེས་བྱ་བ་ནི། གསལ་བ་དང་གསལ་བའི་ཡང་གསལ་བ་གང་ཡིན་པ་དེ་དག་གིས་རྩོད་པ་དེ་ཉེ་བར་

ཞི་བར་བྱེད་མ་ནུས་ཤིང་། རང་གི་སྡེ་ཚན་ལས་སྡེ་ཚན་གཞན་བསྐོ་བར་ཡང་མི་བྱེད་ན། དེའི་ཚེ་དང་པོ་རྩོད་པ་དེ་གང་ལས་བླངས་པ་དེ་ཉིད་ལ་ཕྱིར་དབུལ་བར་བྱ་བ་སྟེ། གསལ་བའི་ཡང་གསལ་བ་དག་གིས་ནི་གསལ་བ་དག་ལའོ། །གསལ་བ་དག་གིས་ནི་གཟུ་བོ་དག་ལའམ། དགེ་

Vol. 163 · folio 340b

འདུན་དག་ལའོ། །གཟུ་བོ་དག་གིས་ནི་རྒོལ་བ་དང་ཕྱིར་རྒོལ་བ་དག་ལའོ། །གནས་བརྟན་དག་གིས་ནི་རྩོད་པ་སྦེད་པ་ལའོ། །དེས་ནི་དགེ་འདུན་དག་ལའོ། །ཕྱིར་འོངས་ན་དགེ་འདུན་བཞི་པོས་རྩོད་པ་སྦེད་པ་བསྐོའོ་ཞེས་བྱ་བ་ནི། གསལ་བ་དག་ལས་རྩོད་པ་དེ་ཕྱིར་འོངས་ན།

དགེ་འདུན་བཞི་པོས་རྩོད་པ་སྦེད་པ་བསྐོ་བར་བྱ་སྟེ། དེ་ཡང་དགེ་འདུན་གྱིས་སྤྲོ་བར་བྱས་ནས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །དེའི་སྔགས་ནི་མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་གྱི་རྩོད་པ་སྦེད་པར་སྤྲོའམ། སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ།

དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་རྩོད་པ་སྦེད་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱི་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་རྩོད་པ་སྦེད་པར་བསྐོ་བར་བགྱི་སྟེ། རྩོད་པ་སྦེད་པ་མིང་འདི་ཞེས་

བགྱི་བ་འདི་དགེ་འདུན་ལ་རྩོད་པ་སྦེད་དོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེས་གནས་བརྟན་དང་བཅས་སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་གཞན་ལ་དབུལ་ལོ་ཞེས་བྱ་བ་ནི། རྩོད་པ་སྦེད་པ་དེས་རྩོད་པ་དེ་གནས་བརྟན་དང་བཅས། སོ་སོར་ཐར་

པར་བཅས་པའི་དགེ་འདུན་གཞན་ལ་དབུལ་བར་བྱའོ། །སྔར་བྱུང་བ་བརྗོད་དེ་དུས་ཟླ་བ་གསུམ་དུ་དབུལ་ལོ་ཞེས་བྱ་བ་ནི། རྩོད་པ་སྦེད་པ་དེས་གནས་བརྟན་དང་བཅས། སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་གཞན་ལ་བྱུང་བའི་མཐའ་སྔར་བརྗོད་དེ། དུས་ཟླ་བ་གསུམ་དུ་རྩོད་

པ་དེ་དབུལ་བར་བྱ་བའོ། །དེའི་སྔགས་ནི་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། རྩོད་པ་འདི་གནས་ཆེ་གེ་མོ་ཞེས་བགྱི་བར། གང་ཟག་ཆེ་གེ་མོ་ཞེས་བགྱི་བ་དང་། མིང་འདི་ཞེས་བགྱི་བ་ལས། གཞི་འདིའི་སླད་དུ་བྱུང་ན་ཡུན་འདི་སྲིད་ཅིག་ལགས་ཏེ། རྩོད་པ་འདི་

གཟུ་བོ་རྣམས་ལ་ཕུལ་ན། གཟུ་བོ་རྣམས་ཀྱིས་ཀྱང་རྣམ་པར་ཞི་བར་བགྱིད་རྔོ་མ་ཐོགས་ཏེ། དེ་དག་གིས་དགེ་འདུན་ལ་ཕུལ་ནས། དགེ་འདུན་གྱིས་ཀྱང་རྣམ་པར་ཞི་བར་བགྱིད་རྔོ་མ་ཐོགས་ཏེ། དགེ་འདུན་གྱིས་དགེ་སློང་གསལ་བ་དག་བསྐོས་ན། དགེ་སློང་གསལ་བ་རྣམས་

Vol. 163 · folio 341a

ཀྱིས་ཀྱང་རྣམ་པར་ཞི་བར་བགྱིད་རྔོ་མ་ཐོགས་ཏེ། དེ་དག་གིས་དགེ་སློང་གསལ་བའི་ཡང་གསལ་བ་དག་བསྐོས་ན། དགེ་སློང་གསལ་བའི་ཡང་གསལ་བ་དེ་དག་གིས་ཀྱང་རྣམ་པར་ཞི་བར་བགྱིད་རྔོ་མ་ཐོགས་ཏེ། དེ་དག་གིས་གསལ་བ་རྣམས་ལ་ཕུལ་བ་ལས་

གསལ་བ་རྣམས་ཀྱིས་དགེ་འདུན་ལ་ཕུལ་ནས། དགེ་འདུན་གྱིས་བདག་དགེ་སློང་མིང་འདི་ཞེས་བགྱི་བ་རྩོད་པ་སྦེད་པར་བསྐོས་ཏེ། བདག་རྩོད་པ་སྦེད་པ་དགེ་སློང་མིང་འདི་ཞེས་བགྱི་བས་རྩོད་པ་འདི་གནས་བརྟན་དང་བཅས། སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་ལ་དབུལ་

ལོ། །དགེ་འདུན་བཙུན་པ་རྣམས་ཀྱིས་རྩོད་པ་འདི་ཟླ་བ་གསུམ་གྱི་མཐའ་ཚུན་ཆད་ཀྱིས་རྣམ་པར་ཞི་བར་མཛད་དུ་གསོལ་ཞེས་གསུངས་པ་ཡིན་ནོ། །དེ་ནི་དེའོ་ཞེས་བྱ་བ་ནི། དབུལ་བའི་བདག་ཉིད་ཀྱི་ལས་དེ་ནི་རྩོད་པ་སྦེད་པ་དེ་ཡིན་པ་སྟེ། དེ་དབུལ་བ་ཐམས་ཅད་བསྡུ་བའི་ཕྱིར་

མདོ་འདི་བྱས་སོ། །ཕྱིར་ཕུལ་བ་ན་དེས་མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་དག་ལའོ་ཞེས་བྱ་བ་ནི། གནས་བརྟན་དང་བཅས། སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་གྱིས་རྩོད་པ་དེ་ཉེ་བར་ཞི་བར་བྱེད་མ་ནུས་ཏེ། རྩོད་པ་སྦེད་པའི་དགེ་སློང་དེ་ཉིད་ལ་ཕྱིར་ཕུལ་བ་ན། རྩོད་པ་

སྦེད་པའི་དགེ་སློང་དེས་རྩོད་པ་དེ་མདོ་སྡེ་ལ་སོགས་པ་འཛིན་པ་དག་ལ་དབུལ་བར་བྱའོ། །ཟླ་བ་དྲུག་ཏུའོ་ཞེས་བྱ་བ་ནི། སྔར་བྱུང་བ་བརྗོད་དེ་དུས་ཟླ་བ་དྲུག་ཏུ་དབུལ་ལོ་ཞེས་བྱ་བར་སྦྱར་རོ། །དེའི་སྔགས་ནི་ཚེ་དང་ལྡན་པ་མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་པ་དང་མ་མོ་འཛིན་

པ་དག་གསན་དུ་གསོལ། རྩོད་པ་འདི་གནས་ཆེ་གེ་མོ་ཞེས་བགྱི་བར་གང་ཟག་ཆེ་གེ་མོ་དང་། མིང་ཆེ་གེ་མོ་ཞེས་བགྱི་བ་ལས་གཞི་འདིའི་སླད་དུ་བྱུང་ནས། ཡུན་འདི་སྲིད་ཅིག་ལགས་ཏེ། རྩོད་པ་འདི་གཟུ་བོ་རྣམས་ལ་ཕུལ་ན། གཟུ་བོ་རྣམས་ཀྱིས་ཀྱང་རྣམ་པར་ཞི་བར་བགྱིད་

རྔོ་མ་ཐོགས་ཏེ། དེ་དག་གིས་དགེ་འདུན་ལ་ཕུལ་ནས། དགེ་འདུན་གྱིས་ཀྱང་རྣམ་པར་ཞི་བར་བགྱིད་རྔོ་མ་ཐོགས་ཏེ། དགེ་འདུན་གྱིས་དགེ་སློང་གསལ་བ་དག་བསྐོས་ན། དགེ་སློང་གསལ་བ་རྣམས་ཀྱིས་ཀྱང་རྣམ་པར་ཞི་བར་བགྱིད་རྔོ་མ་ཐོགས་ཏེ། དེ་དག་གིས་དགེ་སློང་

Vol. 163 · folio 341b

གསལ་བའི་ཡང་གསལ་བ་དག་བསྐོས་ན། དགེ་སློང་གསལ་བའི་ཡང་གསལ་བ་དེ་དག་གིས་ཀྱང་རྣམ་པར་ཞི་བར་བགྱིད་རྔོ་མ་ཐོགས་ཏེ། དེ་དག་གིས་གསལ་བ་རྣམས་ལ་ཕུལ་བ་ལས་གསལ་བ་རྣམས་ཀྱིས་དགེ་སློང་ལ་ཕུལ་ནས། དགེ་འདུན་གྱིས་བདག་དགེ་སློང་མིང་འདི་ཞེས་བགྱི་བ་

རྩོད་པ་སྦེད་པར་བསྐོས་ཏེ། བདག་རྩོད་པ་སྦེད་པ་དགེ་སློང་མིང་འདི་ཞེས་བགྱི་བས་རྩོད་པ་འདི་གནས་བརྟན་དང་བཅས་སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་ལ་ཟླ་བ་གསུམ་གྱི་མཐའ་ཚུན་ཆད་དུ་ཕུལ་ན། གནས་བརྟན་དང་བཅས་སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་གྱིས་ཀྱང་རྣམ་པར་ཞི་

བར་བགྱིད་རྔོ་མ་ཐོགས་ཏེ། དེས་ཀྱང་བདག་རྩོད་པ་སྦེད་པ་མིང་འདི་ཞེས་བགྱི་བ་ལ་སྩལ་ནས། བདག་རྩོད་པ་སྦེད་པ་མིང་འདི་ཞེས་བགྱི་བས་རྩོད་པ་འདི་མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རྣམས་ལ་དབུལ་ལོ། །མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་

པ་དང་མ་མོ་འཛིན་པ་རྣམས་ཀྱིས་རྩོད་པ་འདི་ཟླ་བ་དྲུག་གི་མཐའ་ཚུན་ཆད་ཀྱིས་རྣམ་པར་ཞི་བར་མཛད་དུ་གསོལ་ཞེས་གསུངས་པ་ཡིན་ནོ། །དེ་དག་གིས་གནས་བརྟན་མཐུ་དང་ལྡན་པ་ལའོ་ཞེས་བྱ་བ་ནི། མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་དེ་དག་གིས་རྩོད་

པ་ཕྱིར་ཕུལ་བ་དེ་གནས་བརྟན་གྲགས་པ་བས་ཀྱང་ཆེས་གྲགས་པ། གཙོ་བོ་བས་ཀྱང་ཆེས་གཙོ་བོ་དེ་ལ་དབུལ་བར་བྱ་བའོ། །ཐུག་པ་མེད་པར་རོ་ཞེས་བྱ་བ་ནི་སྔར་བྱུང་བ་བརྗོད་དེ། དུས་ཐུག་པ་མེད་པར་དབུལ་ལོ་ཞེས་བྱ་བར་སྦྱར་ཏེ། གནས་གཞན་མེད་པའི་ཕྱིར་འདིར་དུས་

དཔག་ཏུ་མེད་པ་ལ་བརྟེན་པ་མཛད་དོ། །འདིའི་སྔགས་ནི་གནས་བརྟན་གསན་དུ་གསོལ། རྩོད་པ་འདི་གནས་ཆེ་གེ་མོ་ཞེས་བགྱི་བར་གང་ཟག་ཆེ་གེ་མོ་ཞེས་བགྱི་བ་དང་། མིང་ཆེ་གེ་མོ་ཞེས་བགྱི་བ་ལས་གཞི་འདིའི་སླད་དུ་བྱུང་ནས་ཡུན་འདི་སྲིད་ཅིག་ལགས་ཏེ། རྩོད་པ་

འདི་གཟུ་བོ་རྣམས་ལ་ཕུལ་ན་གཟུ་བོ་རྣམས་ཀྱིས་ཀྱང་རྣམ་པར་ཞི་བར་བགྱིད་རྔོ་མ་ཐོགས་ཏེ། དེ་དག་གིས་དགེ་འདུན་ལ་ཕུལ་ནས། དགེ་འདུན་གྱིས་ཀྱང་རྣམ་པར་ཞི་བར་བགྱིད་རྔོ་མ་ཐོགས་ཏེ། དགེ་འདུན་གྱིས་དགེ་སློང་གསལ་བ་དག་བསྐོས་ན། དགེ་སློང་གསལ་བ་རྣམས་

Vol. 163 · folio 342a

ཀྱིས་ཀྱང་རྣམ་པར་ཞི་བར་བགྱིད་རྔོ་མ་ཐོགས་ཏེ། དེ་དག་གིས་དགེ་སློང་གསལ་བའི་ཡང་གསལ་བ་དག་བསྐོས་ན། དགེ་སློང་གསལ་བའི་ཡང་གསལ་བ་དེ་དག་གིས་ཀྱང་རྣམ་པར་ཞི་བར་བགྱིད་རྔོ་མ་ཐོགས་ཏེ། དེ་དག་གིས་གསལ་བ་རྣམས་ལ་

ཕུལ་བ་ལས་གསལ་བ་རྣམས་ཀྱིས་དགེ་འདུན་ལ་ཕུལ་ནས། དགེ་འདུན་གྱིས་བདག་དགེ་སློང་མིང་འདི་ཞེས་བགྱི་བ་རྩོད་པ་སྦེད་པར་བསྐོས་ཏེ། བདག་རྩོད་པ་སྦེད་པ་དགེ་སློང་མིང་འདི་ཞེས་བགྱི་བས་རྩོད་པ་འདི་གནས་བརྟན་དང་བཅས་སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་

ལ་ཟླ་བ་གསུམ་གྱི་མཐའ་ཚུན་ཆད་དུ་ཕུལ་ན་དེས་ཀྱང་རྣམ་པར་ཞི་བར་བགྱིད་རྔོ་མ་ཐོགས་ཏེ། དེས་བདག་རྩོད་པ་སྦེད་པ་མིང་འདི་ཞེས་བགྱི་བ་ལ་སྩལ་ན། བདག་རྩོད་པ་སྦེད་པ་མིང་འདི་ཞེས་བགྱི་བས། རྩོད་པ་འདི་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་

འཛིན་པ་རྣམས་ལ་ཟླ་བ་དྲུག་གི་མཐའ་ཚུན་ཆད་དུ་ཕུལ་ན། དེ་དག་གིས་ཀྱང་རྣམ་པར་ཞི་བར་བགྱིད་རྔོ་མ་ཐོགས་ནས། དེ་དག་གིས་བདག་རྩོད་པ་སྦེད་པ་མིང་འདི་ཞེས་བགྱི་བ་ལ་སྩལ་ཏེ། བདག་རྩོད་པ་སྦེད་པ་མིང་འདི་ཞེས་བགྱི་བས། རྩོད་པ་འདི་གནས་བརྟན་ལ་དབུལ་ལོ། །གནས་

བརྟན་གྱིས་རྩོད་པ་འདི་ཐུག་པ་མ་མཆིས་པ་ཚུན་ཆད་ཀྱི་རྣམ་པར་ཞི་བར་མཛད་དུ་གསོལ་ཞེས་གསུངས་པ་ཡིན་ནོ། །གནས་བརྟན་དེས་གདུལ་བར་བྱ་བ་དེ་གཉིས་ལ་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན་དེའི་ཕྱིར། དེས་དེ་གཉིས་ལས་བདག་གིར་བྱ་བ་ཐ་ན་འདག་རྫས་དང་སོ་ཤིང་ཡན་

ཆད་ཅུང་ཟད་ཀྱང་སྤང་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། གནས་བརྟན་དེས་གདུལ་བར་བྱ་བ་དེ་གཉིས་ལས་སོ། །ལྷན་ཅིག་འགྲེང་བ་དང་འདུག་པ་དང་ལྷན་ཅིག་འཆག་སར་འཆགས་པ་དང་། གཏམ་འདྲེ་བ་དང་ཕེབས་པར་སྨྲ་བ་ཡང་ངོ་ཞེས་བྱ་བ་ཡང་། དེས་དེ་གཉིས་ལས་

སྤང་བར་བྱའོ་ཞེས་བྱ་བར་སྦྱར་རོ། །རྗེས་སུ་འབྲངས་ན་དེ་དག་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱེད་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་འཐབ་པར་གྱུར། མཚང་འདྲུ་བར་གྱུར། རྩོད་པར་གྱུར། འགྱེད་པར་གྱུར་ཅིང་གནས་པ་ནི་མ་རྙེད་དེ་རྙེད་

Vol. 163 · folio 342b

པ་མ་ཡིན་ནོ། །ཉེས་པ་རྙེད་ཀྱི་ལེགས་པ་རྙེད་པ་མ་ཡིན་གྱི་ཚེ་དང་ལྡན་པ་དག་མ་འཐབ་ཤིག །མཚང་མ་འདྲུ་ཤིག །མ་རྩོད་ཅིག །མ་འགྱེད་ཅིག །འགྱེད་པས་གཉི་ག་རྒྱལ་བ་མེད་དོ། །རྒྱུག་པས་གཉི་ག་རྒྱལ་བ་མེད་དེ་གཅིག་རྒྱལ་གཅིག་ཕམ་དུ་འགྱུར་རོ་ཞེས་བརྗོད་

པར་བྱའོ་ཞེས་བྱ་བ་ནི། རྒོལ་བ་དང་ཕྱིར་རྒོལ་བའི་དགེ་སློང་དེ་དག་གནས་བརྟན་དེའི་རྗེས་སུ་འབྲང་བ་ན་དེས་དེ་དག་ལ་དེ་སྐད་ཅེས་བརྗོད་པར་བྱའོ། །ཆེས་མང་བའི་བློས་ལེགས་པར་གཞག་པ་ནི་ལེགས་པར་བསྒྲུབ་པའི་རྣམ་པ་གཞན་ཡིན་ནོ་ཞེས་བྱ་བ་ནི། ཚོགས་པར་དབྱུང་

བ་དག་གིས་རྒྱུད་གཅིག་ཏུ་བྱའོ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་བསྟན་པའི་རྣམ་པ་དག་གིས་འགྱེད་པའི་ཕྱིར་རྩོད་པ་ཉེ་བར་ཞི་བར་བྱ་བའི་རྣམ་པ་ཇི་སྐད་བསྟན་པ་དེ་དག་ལ་འདི་ལྟ་སྟེ། ཆེས་མང་བའི་བློས་ལེགས་པར་གཞག་པ་ཞེས་བྱ་བ་འདི་ནི་ལེགས་པར་བསྒྲུབ་པའི་རྣམ་པ་གཞན་

ཡིན་པར་ཤེས་པར་བྱའོ།། །།བམ་པོ་དྲུག་ཅུ་བདུན་པ། འདི་ནི་ཆོས་རྣམ་པར་གཏན་ལ་དབབ་པ་ལ་སྲིད་ཀྱི་ཚུལ་ཁྲིམས་རྣམ་པར་གཏན་ལ་དབབ་པ་ལ་མི་སྲིད་དོ་ཞེས་བྱ་བ་ནི། ཆེས་མང་བའི་བློས་ལེགས་པར་གཞག་པ་འདི་ནི་ཞེས་བྱ་བར་སྦྱར་རོ། །

ཆོས་རྣམ་པར་གཏན་ལ་དབབ་པ་ཞེས་བྱ་བ་ནི། དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབ་པ་བསལ་བ་སྟེ། དེ་ལ་ནི་ཆེས་མང་བའི་བྲོས་ལེགས་པར་གཞག་པ་ཞེས་བྱ་བ་འདི་སྲིད་དེ། ཅི་འདི་ཆོས་ཡིན་ནམ་འོན་ཏེ་ཆོས་མ་ཡིན། འདུལ་བ་ཡིན་ནམ་འོན་ཏེ་འདུལ་བ་

མ་ཡིན་ཞེས་བྱ་བ་ལ་སོགས་པ་ཆོས་རྣམ་པར་གཏན་ལ་དབབ་པ་ལ་ནི་ཆེས་མང་བ་དག་གི་བློས་ལེགས་པར་གཞག་ཏུ་རུང་བའི་ཕྱིར་རོ། །ཚུལ་ཁྲིམས་རྣམ་པར་གཏན་ལ་དབབ་པ་ཞེས་བྱ་བ་ནི་ལྟུང་བ་དང་བཅས་པ་ཉིད་བསལ་བ་སྟེ། དེ་ལ་ནི་ཆེས་མང་བའི་བློས་ལེགས་

པར་གཞག་པ་ཞེས་བྱ་བ་འདི་མི་སྲིད་དེ། ཅི་འདིས་གཞི་འདི་བྱས་སམ་འོན་ཏེ་མ་བྱས་ཞེས་བྱ་བ་ལ་སོགས་པས་ལྟུང་བ་དང་བཅས་པ་ཡིན་ནམ། ལྟུང་བ་མེད་པ་ཡིན་པ་རྣམ་པར་དཔྱད་པ་ལ་ནི་གླེང་བ་པོ་དང་། གླེང་བར་བྱ་བ་གཉིས་ཀྱི་བློས་ལེགས་པར་གཞག་པར་ཟད་ཀྱི།

Vol. 163 · folio 343a

ཆེས་མང་པོ་དག་གི་བློས་ལེགས་པར་གཞག་ཏུ་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེའི་ཕྱིར་དེའི་སྐབས་ཀྱི་ཤེས་པ་ནི་འགྱེད་པ་གཉིས་དང་འབྲེལ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེའི་སྐབས་ཀྱི་ཤེས་པ་ཞེས་བྱ་བ་ཚུལ་ཁྲིམས་རྣམ་པར་

གཏན་ལ་དབབ་པའི་ཡུལ་གྱི་སྐབས་ཀྱི་ཤེས་པ་ནི། འགྱེད་པ་གཉིས་ཞེས་བྱ་བ་གླེང་བ་པོ་དང་གླེང་བར་བྱ་བ་གཉིས་ཀྱི་རྒྱུད་དང་འབྲེལ་བ་ཡིན་པའི་ཕྱིར་ཏེ། འདུལ་བ་རྣམ་པར་གཏན་ལ་དབབ་པ་ནི་འདིས་གཞི་འདི་བྱས་སམ། འོན་ཏེ་མ་བྱས་ཞེས་གཏན་ལ་འབེབས་པ་ཡིན་

པས། དེ་ནི་འགྱེད་པ་གཉིས་ལས་གཞན་པ་དག་གིས་ཤེས་པའི་ཡུལ་མ་ཡིན་པས་དེའི་ཕྱིར་འདུལ་བ་རྣམ་པར་གཏན་ལ་དབབ་པ་ལ་ནི་ཆེས་མང་བའི་བློས་ལེགས་པར་གཞག་པ་དེ་མི་སྲིད་དོ། །ཅི་འདི་ལ་དེ་བཞིན་དུ་བརྟན་པར་བྱའམ་ཞེ་ན་དེའི་ཕྱིར། རྒོལ་བ་དང་ཕྱིར་

རྒོལ་བ་དག་གིས་དེ་གཅེས་པར་གཟུང་བ་ཉིད་དང་རབ་ཏུ་དམ་པ་ཉིད་དང་མི་བཟད་པ་ཉིད་ཡིན་ཞིང་དེ་དག་དབྱེ་བར་དོགས་པ་ཉིད་ཀྱིས་དེ་ལ་བརྟན་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་རྒོལ་བ་དང་ཕྱིར་རྒོལ་བ་དག་གིས་མངོན་པར་ཞེན་པ་རྣོན་པོས་གཅོད་པ་དེ་གཅེས་པར་གཟུང་བ་ཉིད་

དང་། མངོན་པར་ཞེན་པ་མི་ཕྱེད་པས་རབ་ཏུ་དམ་པ་ཉིད་དང་། མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་ཉིད་དང་། རྣམ་པར་གནོན་པ་ཉིད་ཀྱིས་དེ་མི་བཟད་པ་ཉིད་ཀྱང་ཡིན་ཞིང་། གལ་ཏེ་རྩོད་པ་དེ་ཡལ་བར་བོར་ན་དེ་དག་འབྱེ་བར་དོགས་པ་ཉིད་ཀྱང་ཡོད་ན་དེའི་ཚེ་དགེ་འདུན་

འབྱེ་བར་གྱུར་ན་མི་རུང་ངོ་སྙམ་པའི་བསམ་པས་ཆེས་མང་བའི་བློས་ལེགས་པར་གཞག་པ་ཞེས་བྱ་བ་ལེགས་པར་བསྒྲུབ་པའི་རྣམ་པ་གཞན་འདི་ལ་བརྟན་པར་བྱའི་གཞན་དུ་ན་མི་བྱའོ། །བསྡམ་པར་བྱ་བ་ཉིད་མ་ཡིན་པའི་དོན་ལའོ་ཞེས་བྱ་བ་ནི། འདི་ལྟུང་བ་ཡིན་ནམ་མ་

ཡིན་ཞེས་རྣམ་པར་གཏན་ལ་དབབ་པའི་དོན་ཏེ། གལ་ཏེ་ལྟུང་བ་ལས་བསྡམ་པར་བྱ་བའི་བདག་ཉིད་མ་ཡིན་གྱི། བཤགས་པར་བྱ་བའི་བདག་ཉིད་ཡིན་ན། དེས་ཀྱང་དོན་དེ་ལ་ཆེས་མང་བའི་བློས་ལེགས་པར་གཞག་པ་ཞེས་བྱ་བའི་ལེགས་པར་བསྒྲུབ་པའི་རྣམ་པ་གཞན་འདི་

Vol. 163 · folio 343b

ལ་བརྟེན་པར་བྱའི་བསྡམ་པར་བྱ་བའི་དོན་ཡིན་ན་དེ་ལ་ནི་རྣམ་པ་འདི་ལ་བརྟན་པར་མི་བྱ་སྟེ་ཕྲན་ཚིགས་ཙམ་དུ་ཟད་པའི་ཕྱིར་རོ། །ཅི་དང་པོ་ཉིད་ནས་འདི་ལ་བརྟེན་པར་བྱའམ་ཞེ་ན། དེའི་ཕྱིར་གནས་བརྟན་གྱི་མཐར་ཐུག་པ་དག་ཡོངས་སུ་ཉོན་མོངས་པར་གྱུར་བ་དག་ལའོ་ཞེས་

བྱ་བ་སྨྲས་ཏེ། དགེ་འདུན་བཞི་པོ་དང་གསལ་བ་ལ་སོགས་པའི་རིམ་གྱིས་གནས་བརྟན་གྱི་མཐར་ཐུག་པའི་བར་དག་གིས་ཡོངས་སུ་ཉོན་མོངས་པར་བརྩལ་ཀྱང་ཉེ་བར་མ་ཞི་བར་གྱུར་པ་ཉིད་ཡིན་ན། དེའི་ཚེ་གཟོད་ལེགས་པར་བསྒྲུབ་པའི་རྣམ་པ་གཞན་འདི་ལ་བརྟེན་

པར་བྱའོ། །གང་གིས་འདི་ལ་བརྟེན་པར་བྱ་ཞེ་ན་དེའི་ཕྱིར། དགེ་འདུན་བཞི་པོས་སོ་ཞེས་བྱ་བ་སྨྲས་སོ། །དོན་འདི་ལ་ཆེས་མང་པོ་དག་ལ་འདྲང་བར་ཇི་ལྟར་ཤེས་པར་བྱ་ཞེ་ན་དེའི་ཕྱིར། འདི་ལ་ཚུལ་ཤིང་བྲིམ་པས་བློ་གཟུང་བར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཆེས་

མང་པོའི་བློས་ལེགས་པར་གཞག་པ་འདི་ལ་ཚུལ་ཤིང་བྲིམ་པས་རྒོལ་བ་དང་ཕྱིར་རྒོལ་བ་དག་གིས་བློ་བཟུང་ཞིང་འདྲང་བར་བྱ་བ་ཉིད་ཡིན་ན། ཚུལ་ཤིང་བྲིམ་པ་བསྐོ་བར་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱིས་ཚུལ་ཤིང་བྲིམ་པའི་དགེ་སློང་སྤྲོ་བར་བྱས་ནས། གསོལ་བ་དང་

གཉིས་ཀྱི་ལས་ཀྱིས་བསྔོ་བའོ། །འདིའི་སྔགས་ནི། མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་ལ་ཚུལ་ཤིང་བྲིམ་པར་སྤྲོའམ་སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་ཚུལ་ཤིང་འདྲིམ་པར་སྤྲོ་ན། གལ་ཏེ་

དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བྱ་བ་འདི་ཚུལ་ཤིང་བྲིམ་པར་བསྐོ་བར་བགྱི་སྟེ། དགེ་སློང་ཚུལ་ཤིང་འདྲིམ་པ་མིང་འདི་ཞེས་བགྱི་བ་འདི་ཚུལ་ཤིང་འདྲིམ་མོ། །འདི་ནི་གསོལ་བའོ་

ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེས་ཚུལ་ཤིང་རྣམ་པ་གཉིས་དག་ཉེ་བར་གཞག་གོ་ཞེས་བྱ་བ་ནི། དགེ་སློང་ཚུལ་ཤིང་བྲིམ་པ་དེས་ཆོས་དང་ཆོས་མ་ཡིན་པའི་ཕྱོགས་ཀྱི་ཚུལ་ཤིང་རྣམ་པ་གཉིས་དག་ཉེ་བར་གཞག་པར་བྱ་བའོ། །ཆོས་ཀྱི་ཚུལ་ཤིང་དག་

Vol. 163 · folio 344a

ནི་ཡ་ཡོ་མེད་པ་དང་ཁྱར་ཁྱོར་མེད་པ་དང་ཆས་ཆུས་མེད་པ་དང་ཁ་དོག་བཟང་བ་དང་དྲི་ཞིམ་པ་དང་རེག་པ་འཇམ་པ་ཉིད་དག་ཡིན་ལ་ཅིག་ཤོས་ཀྱི་ནི་བཟློག་པའོ་ཞེས་བྱ་བ་ལ། ཅིག་ཤོས་ཞེས་བྱ་བ་ནི་ཆོས་མ་ཡིན་པ་སྟེ། དེའི་ཚུལ་ཤིང་

དག་ནི་ཡ་ཡོ་ཅན་དང་ཁྱར་ཁྱོར་ཅན་དང་ཆས་ཆུས་ཅན་དང་ཁ་དོག་ངན་པ་དང་དྲི་ངན་པ་དང་རེག་པ་རྩུབ་པ་ཉིད་དག་ཡིན་ནོ། །དགེ་འདུན་ལ་འདུ་བར་གསོལ་ལོ་ཞེས་བྱ་བ་ནི་ཚུལ་ཤིང་འདྲིམ་པ་དེས་སོ། །ཇི་སྐད་དུ་ཞེ་ན་དེའི་ཕྱིར། ཚུལ་ཤིང་འདྲིམ་པར་འགྱུར་གྱི་ཐམས་ཅད་

ཀྱིས་འདུ་བར་བྱའོ་ཞེས་སོ་ཞེས་བྱ་བ་སྨྲས་སོ། །གལ་ཏེ་དེ་ལྟར་འདུ་བ་སྦྱིན་པས་ཚོགས་པ་ན་ཆོས་མ་ཡིན་པའི་ཚུལ་ཤིང་ལྷག་པར་འགྱུར་བར་སེམས་ན་བྲིམ་པར་མི་བྱའོ་ཞེས་བྱ་བ་ནི། གལ་ཏེ་དེ་ལྟར་འདུ་བ་རྗེས་སུ་སྦྱིན་པའི་རྣམ་པས་ཚོགས་པ་ན་ཚུལ་ཤིང་བྲིམ་པར་བྱ་བའི་ཚེ། འདྲིམ་

པར་བྱེད་པས་ཆོས་མ་ཡིན་པའི་ཚུལ་ཤིང་ལྷག་པར་འགྱུར་བར་སེམས་ན་དེའི་ཚེ་བྲིམ་པར་མི་བྱའོ། །ཆོས་ཀྱི་ཚུལ་ཤིང་དག་ལྷག་པར་སེམས་ན་ནི་དེས་ན་བྲིམ་པར་བྱའོ། །འདྲིམ་པའི་ཚེ་ན་ལག་པ་གཡས་པས་ཆོས་ཀྱི་ཚུལ་ཤིང་དག་བཟུང་ཤིང་གཡོན་པས་ཅིག་ཤོས་དག་

གོ་ཞེས་བྱ་བ་ནི། ཚུལ་ཤིང་འདྲིམ་པའི་ཚེ་ན་ལག་པ་གཡས་པས་ཆོས་ཀྱི་ཚུལ་ཤིང་དག་བཟུང་ཤིང་། ལག་པ་གཡོན་པས་ཅིག་ཤོས་ཆོས་མ་ཡིན་པའི་ཚུལ་ཤིང་དག་གཟུང་བར་བྱའོ། །དེ་དག་གཡོགས་ཏེ་སྔ་མ་དག་སྣང་བར་བྱས་ནས་བརྗོད་པར་བྱའོ་ཞེས་བྱ་བ་ནི།

ཆོས་མ་ཡིན་པའི་ཚུལ་ཤིང་དེ་དག་གཡོགས་ཏེ། ཆོས་ཀྱི་ཚུལ་ཤིང་སྔ་མ་དག་སྣང་བར་བྱས་ནས་དགེ་འདུན་ལ་བརྗོད་པར་བྱ་བའོ། །ཇི་ལྟར་བརྗོད་པར་བྱ་ཞེ་ན་དེའི་ཕྱིར། གནས་བརྟན་འདི་དག་ནི་ཆོས་ཀྱི་ཚུལ་ཤིང་ཡ་ཡོ་མེད་པ་ཁྱར་ཁྱོར་མེད་

པ་ཆས་ཆུས་མེད་པ་ཁ་དོག་བཟང་བ་དྲི་ཞིམ་པ་རེག་པ་འཇམ་པ་དག་ཡིན་གྱི་ལོང་ཤིག་ཅེས་སོ་ཞེས་བྱ་བ་སྨྲས་ཏེ་དེ་སྐད་བརྗོད་པར་བྱའོ། །ཅིག་ཤོས་ཆོལ་ན་ཚིག་གཉིས་ཀྱི་བར་དུ་མི་དབུལ་ལོ་ཞེས་བྱ་བ་ནི། གལ་ཏེ་ཅིག་ཤོས་མ་ཡིན་པའི་ཚུལ་ཤིང་ཚོལ་ན་ཚིག་གཉིས་

Vol. 163 · folio 344b

ཀྱི་རབ་དུ་མི་དབུལ་ལོ། །གཡོགས་ཕྱེ་སྟེ་གང་གིས་ཆོས་ཀྱི་མང་བར་འགྱུར་བ་དེ་ལྟར་བྲིམ་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་གཡོགས་ཏེ་བྲིམ་ན་ཆོས་ཀྱི་ཚུལ་ཤིང་མང་པར་འགྱུར་བ་ལྟ་ན་ཡང་གཡོགས་ཏེ་བྲིམ་པར་བྱའོ། །ཇི་སྟེ་ཕྱེ་སྟེ་བྲིམ་ན། ཆོས་ཀྱི་ཚུལ་ཤིང་

མང་བར་འགྱུར་བ་ལྟ་ན་ཡང་ཕྱེ་སྟེ་བྲིམ་པར་བྱའོ། །ཆོས་ཀྱི་ཚུལ་ཤིང་བླངས་པ་དག་གི་སློབ་མ་ལ་སོགས་པ་དག་ཆོས་མ་ཡིན་པའི་ཚུལ་ཤིང་ལེན་པར་རྩོལ་བ་ལྟ་ན་དེའི་ཚེ་ཚུལ་ཤིང་འདྲིམ་པས་དེ་དག་ལ་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན་དེའི་ཕྱིར། ཚེ་དང་ལྡན་པ་ཁྱོད་ཀྱི་མཁན་པོ་དང་

སློབ་དཔོན་དང་། མཁན་པོ་གཅིག་པ་དང་སློབ་དཔོན་གཅིག་པ་དང་། གཏམ་འདྲེས་པ་དང་། ཕེབས་པར་སྨྲ་བ་དང་། སྨོས་འདྲིན་དང་། འགྲོགས་བཤེས་ཀྱིས་ཆོས་ཀྱི་ཚུལ་ཤིང་བླངས་ཀྱི་ཁྱོད་ཀྱིས་ཀྱང་ཆོས་ཀྱི་ཚུལ་ཤིང་ལོང་ཤིག་ཁྱོད་དེ་དག་དང་ལྷན་ཅིག་རྩོད་པར་

གྱུར་ན་མ་ལེགས་སོ་ཞེས་རྣ་དྲུང་དུ་གཤུབ་པོ་ཞེས་བྱ་བ་སྨྲས་ཏེ། བརྡ་ཕྲད་པའི་ཕྱིར་རྣ་དྲུང་དུ་གཤུབ་ཅིང་དེ་སྐད་ཡང་དང་ཡང་དུ་བརྗོད་པར་བྱའོ། །ཆོས་མ་ཡིན་པའི་ཚུལ་ཤིང་བླང་བར་མི་བྱའོ་ཞེས་བྱ་བ་ནི། ལེན་ན་འདུལ་བ་དང་འགལ་བ་ཉེས་བྱས་ཀྱི་ལྟུང་བ་བཤགས་

པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་དག་ལ་མ་དྲིས་པར་མི་བྱའོ་ཞེས་བྱ་བ་ནི། ཚུལ་ཤིང་བླང་བར་ཞེས་བྱ་བར་སྦྱར་ཏེ། མདོ་སྡེ་འཛིན་པ་དག་ལ་སོགས་པ་ལ་དྲི་བ་ནི་ཆོས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རོ། །དབྱེན་དུ་འགྱུར་བའི་

བཟོད་པས་མི་བྱའོ་ཞེས་བྱ་བ་ནི། ཨེ་མའོ་བྱེ་བར་གྱུར་ན་ཇི་མ་རུང་སྙམ་པའི་མངོན་པར་འདོད་པས་ཀྱང་ཚུལ་ཤིང་བླང་བར་མི་བྱའོ། །ཆོས་མ་ཡིན་པས་མི་བྱའོ་ཞེས་བྱ་བ་ནི། ཨེ་མའོ་ཆོས་མ་ཡིན་པ་བྱུང་བར་གྱུར་ན་ཅི་མ་རུང་སྙམ་བས་ཚུལ་ཤིང་བླང་བར་མི་བྱ་བ་སྟེ། ཆོས་མ་ཡིན་པ་བྱུང་

བར་འདོད་པས་བླང་བར་མི་བྱའོ། །དེ་གཉིས་འབྱུང་བར་འགྱུར་བ་ཉིད་དུ་ཤེས་ན་མི་བྱའོ་ཞེས་བྱ་བ་ནི། འདི་ལྟར་ཨེ་མའོ། །བྱེ་བར་གྱུར་ན་ཅི་མ་རུང་སྙམ་པ་དང་། ཨེ་མའོ་ཆོས་མ་ཡིན་པ་བྱུང་བར་གྱུར་ན་ཅི་མ་རུང་སྙམ་པ་མེད་དུ་ཟིན་ཀྱང་དེ་གཉིས་འབྱུང་བར་འགྱུར་བ་ཉིད་དུ་ཤེས་ཏེ།

Vol. 163 · folio 345a

དོན་འདི་ལྟ་བུ་དང་འདི་ན་དགེ་སློང་གང་དག་དབྱེན་ལ་མངོན་པར་ཞེན་པར་བྱེད་པ་དེ་ལྟ་བུ་དག་ཡོད་པས་སྟོན་པ་ཉིད་ཀྱང་འགའ་ཞིག་འབྱུང་བར་འགྱུར་རོ་སྙམ་དུ་ཤེས་ན། དེ་ལྟ་ན་ཡང་ཚུལ་ཤིང་དག་བླང་བར་མི་བྱ་བའོ། །མཉམ་པ་ཉིད་ན་ཉན་ཐོས་ཆེན་པོའི་

ཕྱིར་ཆོས་ཀྱི་ཚུལ་ཤིང་གཅིག་བླང་ངོ་ཞེས་བྱ་བ་ནི། ཆོས་དང་ཆོས་མ་ཡིན་པའི་ཚུལ་ཤིང་དག་གྲངས་མཉམ་པ་ཉིད་ཡིན་ན། ཉན་ཐོས་ཆེན་པོ་བཙུན་པ་ཀུན་ཤེས་ཀཽཎྜི་ནྱ་ལ་བསྔོས་ཏེ་ཆོས་ཀྱི་ཚུལ་ཤིང་གཅིག་བླང་བར་བྱ་བ་སྟེ། དེ་ལྟར་ན་རྩོད་པ་དེ་ཆོས་ཀྱིས་ཉེ་བར་ཞི་བར་གྱུར་པ་

ཡིན་ནོ། །ཆོས་མ་ཡིན་པའི་ཚུལ་ཤིང་ལྷག་ན་ནི་རྩོད་པ་དེ་ཆོས་མ་ཡིན་པས་ཉེ་བར་ཞི་བར་གྱུར་པ་ཡིན་ནོ། །ཆོས་མ་ཡིན་པས་ཉེ་བར་ཞི་བ་ལ་སྐྱོ་སྔོགས་མི་བྱའོ་ཞེས་བྱ་བ་ནི། ཆོས་ཀྱི་ཉེ་བར་ཞི་བ་ལ་སྐྱོ་སྔོགས་བྱེད་པ་ནི་ལྟུང་བྱེད་དུ་འགྱུར་བས་འདི་ནི་ཉེས་བྱས་སུ་གསུངས་

སོ། །འགྱེད་པའི་ཕྱིར་རྩོད་པ་ཉེ་བར་ཞི་བ་བཤད་ཟིན་ཏོ།། །།མི་གདམས་པའི་ཕྱིར་རྩོད་པ་ནི་རྒྱུད་གཅིག་ཏུ་བྱ་བ་དང་དག་པ་སྦྱིན་པ་ཞེས་བྱ་བ་གཉིས་ཀྱིས་ཉེ་བར་ཞི་བར་བསྟན་པ་དེ་ལ་རྒྱུད་གཅིག་ཏུ་བྱ་བ་ནི་བསྟན་ཟིན་པས་དག་པ་སྦྱིན་པ་བརྗོད་པར་བྱ་སྟེ། དེའི་ཕྱིར། གླེང་བའི་ཁ་ན་མ་ཐོ་

བ་མེད་པ་ལ་ནི་དག་པ་སྦྱིན་ནོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་དགེ་སློང་དེ་ལ་ལྟུང་བ་གང་གིས་གླེང་བར་བྱ་བའི་ལྟུང་བ་དེའི་ཁ་ན་མ་ཐོ་བ་མེད་པར་གྱུར་ན་དེའི་ཕྱིར་དེ་ལ་དྲན་པས་འདུལ་བ་དང་མ་སྨྱོས་པས་འདུལ་བའི་བདག་ཉིད་ཀྱི་དག་པ་སྦྱིན་པར་བྱའོ། །གླེང་བ་དེ་ནི་རྣམ་པ་བཞི་སྟེ་

གཞི་མེད་པ་དང་། གཞན་རྗེས་སུ་བསྒྲུབ་པའི་དབང་གིས་དང་ཕྱིར་བཅོས་པ་ལ་མི་ལྟོས་པའི་ཕྱིར་དང་སྨྱོན་པས་བྱས་པས་སོ་ཞེས་བྱ་བ་ནི། གླེང་བའི་ཁ་ན་མ་ཐོ་བ་མེད་པ་དེ་ནི་རྣམ་པ་བཞི་སྟེ། གཞི་མེད་པ་ནི་ལྟུང་བ་མ་བྱུང་བ་ཉིད་ལ་གླེང་བ་གང་ཡིན་པའོ། །གཞན་རྗེས་སུ་

བསྒྲུབ་པའི་དབང་གིས་ནི་དེས་གཞན་རྗེས་སུ་བསྒྲུབ་ལ། གཞན་གྱིས་གླེང་བར་བྱེད་པ་སྟེ། ལྟུང་བྱེད་ལ་དགེ་འདུན་ལྷག་མ་ལ་སོགས་པས་གླེང་བའོ། །ཕྱིར་བཅོས་པ་ལ་མི་ལྟོས་པའི་ཕྱིར་ནི་འདི་ལ་ལྟུང་བ་བྱུང་བར་འགྱུར་རོ་ཞེས་བྱ་བ་དེ་དེས་ཆོས་བཞིན་དུ་ཕྱིར་བཅོས་པ་ཉིད་ནི་

Vol. 163 · folio 345b

ཕྱིར་བཅོས་པ་ཉིད་ལ་མི་ལྟོས་པར་གླེང་བའོ། །སྨྱོན་པས་བྱས་པ་ནི་སྨྱོས་པའི་གནས་སྐབས་སུ་དེས་རུང་བ་མ་ཡིན་པ་ཀུན་དུ་སྤྱད་པ་དེས་གླེང་བར་བྱེད་པའོ། །དང་པོ་གསུམ་ལ་ནི་དྲན་པས་འདུལ་བ་སྦྱིན་ནོ་ཞེས་བྱ་བ་ནི། གཞི་མེད་པ་དང་གཞན་རྗེས་སུ་བསྒྲུབ་པའི་དབང་གིས་དང་།

ཕྱིར་བཅོས་པ་ལ་མི་ལྟོས་པའི་ཕྱིར་ཞེས་བྱ་བ་གསུམ་གྱིས་གླེང་བར་བྱ་བ་དེ་དག་ལ་ནི་དགེ་འདུན་གྱིས་དྲན་པས་འདུལ་བ་སྦྱིན་པར་བྱ་སྟེ་དེ་བྱིན་ན་དགེ་སློང་དེ་ལ་དགེ་སློང་དག་གིས་དྲན་པ་དང་ལྡན་པར་འཛིན་གྱི་ལྟུང་བ་དང་བཅས་པར་མི་འཛིན་ཏེ། གང་གི་ཕྱིར་འདི་ནི་དྲན་པ་དང་ལྡན་པ་

ཡིན་པས་འདིས་ལྟུང་བ་བརྗོད་པས་དེ་མི་དྲན་ན། དེའི་ཕྱིར་འདི་ལ་ལྟུང་བ་མེད་དོ་ཞེས་དེ་ཉིད་ཀྱིས་འདི་ལ་རྩོད་པ་ཉེ་བར་ཞི་བ་ཡིན་ནོ། །དེ་ཡང་རང་གིས་དགེ་འདུན་ལ་གསོལ་ནས། དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་སྦྱིན་པར་བྱའོ། །དེའི་སྔགས་ནི། དགེ་འདུན་བཙུན་

པ་རྣམས་གསན་དུ་གསོལ། བདག་དགེ་སློང་གྱད་བུ་ནོར་ལ་དགེ་སློང་མ་མཛའ་མོས་ཡང་དག་པ་མ་ལགས་པ་གསོབ་གསོག་བརྫུན་གྱིས་སྐུར་ཏེ། བདག་ལ་དགེ་སློང་དག་གིས་གཞི་དེས་གླེང་བས། བདག་དགེ་སློང་གྱད་བུ་ནོར་དགེ་འདུན་ལས་དྲན་པས་འདུལ་བ་གསོལ་ན། ཐུགས་

བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ། བདག་དགེ་སློང་གྱད་བུ་ནོར་ལ་དྲན་པས་འདུལ་བ་སྩལ་དུ་གསོལ། །ལན་གསུམ་དུ་བཟླས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང་གྱད་བུ་ནོར་འདི་ལ་དགེ་སློང་མ་མཛའ་མོས་ཡང་དག་པ་

མ་ལགས་པ། གསོབ་གསོག་བརྫུན་གྱིས་སྐུར་ཏེ། འདི་ལ་དགེ་སློང་དག་གིས་གཞི་དེས་གླེང་བས་དགེ་སློང་གྱད་བུ་ནོར་འདི་དགེ་འདུན་གྱིས་དྲན་པས་འདུལ་བ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་

འདུན་གྱིས་དགེ་སློང་གྱད་བུ་ནོར་འདི་ལ་དྲན་པས་འདུལ་བ་སྩལ་ཏོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཐ་མ་ལ་ནི་མ་སྨྱོས་པས་འདུལ་བའོ་ཞེས་བྱ་བ་ནི་སྨྱོན་པས་བྱས་པས་གླེང་བ་ལ་ནི་དགེ་འདུན་གྱིས་མ་མོས་པས་འདུལ་བ་སྦྱིན་པར་བྱ་བ་སྟེ། དེ་བྱིན་ན་དགེ་སློང་

Vol. 163 · folio 346a

དེ་ལ་དགེ་སློང་དེ་དག་གིས་རང་བཞིན་དུ་གནས་པ་ཉིད་དུ་འཛིན་གྱི་ལྟུང་བ་དང་བཅས་པར་མི་འཛིན་ཏེ། གང་གི་ཕྱིར་སྨྱོས་པའི་གནས་སྐབས་དང་ལྷན་ཅིག་ཐ་སྙད་འགའ་ཡང་མེད་པ་དེའི་ཕྱིར་སྨྱོས་པའི་གནས་སྐབས་སུ་ལྷག་པར་སྤྱོད་པ་བྱས་པས་གླེང་བ་ཡང་མེད་པ་

ཁོ་ནར་འགྱུར་བས། རྩོད་པ་ཉེ་བར་ཞི་བར་འགྱུར་རོ། །དེ་ཡང་རང་གིས་དགེ་འདུན་ལ་གསོལ་ནས། དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་སྦྱིན་པར་བྱའོ། །དེའི་སྔགས་ནི་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །བདག་དགེ་སློང་བྱེ་མ་སྐྱེས་སྨྱོས་པ་

སེམས་འཁྲུགས་པ་སྡུག་བསྔལ་གྱི་ཚོར་བས་གཟིར་བས། དགེ་སློང་གི་ཚུལ་མ་ལགས་པ་རྗེས་སུ་མཐུན་པ་མ་ལགས་པ་རུང་བ་མ་ལགས་པ་ཚུལ་དང་མཐུན་པ་མ་ལགས་པ་མང་དུ་སྤྱད་ཅིང་སྨྲས་ཏེ་བརྩལ་ནས་མིག་གྱུར། ཁ་ཆུ་ཟགས། བཞིན་བསྒྱུར། ས་ལ་འདྲེས་ལྡོག་

གཉིད་ཀྱིས་མ་ལོག་ཀྱང་གཉིད་ཀྱིས་ལོག་པ་ལྟར་བཅོས། །མ་མྱོས་ཀྱང་མྱོས་པ་ལྟར་བཅོས། སྨྲ་བར་མ་བསམས་ཀྱང་སྨྲས་ཏེ། བདག་གིས་དྲན་པ་རྙེད་ན་བདག་ལ་དགེ་སློང་རྣམས་ཀྱིས་གཞི་དེས་གླེང་བས་བདག་དགེ་སློང་བྱེ་མ་སྐྱེས་དགེ་འདུན་ལས་མ་མྱོས་པས་འདུལ་བ་

གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ། བདག་དགེ་སློང་བྱེ་མ་སྐྱེས་ལ་མ་མྱོས་པས་འདུལ་བ་སྩལ་དུ་གསོལ། ལན་གསུམ་དུ་བཟླས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་བྱེ་མ་སྐྱེས་སྨྱོས་པས་

སེམས་འཁྲུགས་པ་སྡུག་བསྔལ་གྱི་ཚོར་བས་གཟིར་བ་འདིས། དགེ་སློང་གི་ཚུལ་མ་ལགས་པ་རྗེས་སུ་མཐུན་པ་མ་ལགས་པ། རུང་བ་མ་ལགས་པ་ཚུལ་དང་མཐུན་པ་མ་ལགས་པ། མང་དུ་སྤྱད་ཅིང་སྨྲས་ཏེ་བརྩལ་ནས་མིག་གྱུར། ཁ་ཆུ་ཟགས། བཞིན་བསྒྱུར། ས་ལ་

འདྲེས་ལྡོག །གཉིད་ཀྱིས་མ་ལོག་ཀྱང་གཉིད་ཀྱིས་ལོག་པ་ལྟར་བཅོས། མ་མྱོས་ཀྱང་མྱོས་པ་ལྟར་བཅོས། སྨྲ་བར་མ་བསམས་ཀྱང་སྨྲས་ཏེ། འདིས་དྲན་པ་རྙེད་ན་འདི་ལ་དགེ་སློང་རྣམས་ཀྱིས་གཞི་དེས་གླེང་བས། དགེ་སློང་བྱེ་མ་སྐྱེས་འདི་དགེ་འདུན་ལས་མ་མྱོས་པས་འདུལ་

Vol. 163 · folio 346b

བ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་བྱེ་མ་སྐྱེས་ལ་མ་མྱོས་པས་འདུལ་བ་སྩོལ་ཏོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །མི་གདམས་པ་ལས་

རྩོད་པ་ཉེ་བར་ཞི་བར་བྱ་བའི་ཆོ་ག་བཤད་ཟིན་ཏོ།། །།ལྟུང་བའི་ཕྱིར་རྩོད་པ་ནི་ཕྱིར་བཅོས་པས་ཉེ་བར་ཞི་བར་བྱའོ་ཞེས་བསྟན་པ་དེའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། ལྟུང་བ་དང་བཅས་པ་ཉིད་ཀྱི་ཕྱིར་འཁྲུག་ལོང་རྣམ་པ་གསུམ་སྟེ། འཕྲོས་པ་མེད་པ་དང་། འཕྲོས་པ་དང་བཅས་

པ་རྣམ་པ་གཉིས་པ་ཉི་ཚེ་བ་དང་། དགེ་འདུན་མཐའ་དག་དང་འབྲེལ་པའོ་ཞེས་བྱ་བ་སྨྲས་ཏེ། དེ་ལ་ཕྱིར་འཕྲོས་པ་མེད་པ་ནི་ཕྱོགས་དང་གཞན་གྱི་ཕྱོགས་སུ་རྣམ་པར་གནས་པ་དང་བྲལ་བ་སྟེ་འདི་སྐད་བསྟན་ཏེ། གང་ལ་གླེང་བར་བྱ་བ་དང་། གླེང་བ་པོ་གཉིས་འབའ་ཞིག་ཁོ་ན་ལ་

འཁྲུག་ལོང་ཡོད་ཀྱི་གཞན་གང་ལ་ཡང་འཁྲུག་ལོང་མེད་པ་དེ་ནི་འཕྲོས་པ་མེད་པའི་འཁྲུག་ལོང་ཡིན་ནོ། །ཉི་ཚེ་བ་ཞེས་བྱ་བ་ནི་གང་ལ་གླེང་བར་བྱ་བ་དང་གླེང་བ་པོ་གཉིས་འབའ་ཞིག་ཁོ་ནར་མ་ཟད་ཀྱི་དགེ་འདུན་གྱི་ཁོངས་སུ་གཏོགས་པ་ཁ་ཅིག་ལ་ཡང་འཁྲུག་ལོང་བྱུང་བའོ། །དགེ་འདུན་

མཐའ་དག་དང་འབྲེལ་པ་ཞེས་བྱ་བ་ནི། གང་ལ་དགེ་སློང་གི་ཚོམས་གཅིག་ཀྱང་མ་ལུས་པར་དགེ་སློང་མཐའ་དག་ཕྱོགས་དང་གཞན་གྱི་ཕྱོགས་སུ་རྣམ་པར་གནས་པས་འཁྲུག་ལོང་དུ་གྱུར་པའོ། །དང་པོ་ལས་ནི་ཁས་བླངས་པའི་བྱ་བས་ཕྱིར་བཅོས་སོ་ཞེས་བྱ་བ་ནི། འཕྲོས་པ་མེད་པས་

འཁྲུག་ལོང་དུ་གྱུར་པའི་འོག་ཏུ་ལྟུང་བའི་ཕྱིར་བཅོས་པ་ནི་ཁས་བླང་པའི་བྱ་བས་ལྟུང་བ་ཕྱིར་བཅོས་པར་བྱ་སྟེ། ཁས་བླངས་པ་ཙམ་གྱི་དབང་གིས་དེའི་ཕྱིར་བཅོས་པར་བྱ་བའི་ཕྱིར་རོ། །དེའི་མིང་ཅིའི་ཕྱིར་དེ་སྐད་ཅེས་བྱ་བར་རྣམ་པར་གཞག་ཅེ་ན། སྨྲས་པ། རྩོད་པ་ཞི་བར་བྱ་བ་གང་

ལ་ཚེ་དང་ལྡན་པ་ཁྱོད་ལ་ལྟུང་བ་བྱུང་གི་ཆོས་བཞིན་དུ་ཕྱིར་གྱིས་ཤིག་ཅེས་གླེང་བ་པོས་ཚུལ་དེ་ལྟ་བུར་བྱས་པ། འཁྲུག་ལོང་མེད་པ་ལ་ཁས་བླང་བ་འབའ་ཞིག་གི་ཕྱིར་བཅོས་པར་བྱ་བ་དེ་ནི་ཁས་བླངས་པའི་བྱ་བས་རྩོད་པ་ཞི་བར་བྱ་བ་ཞེས་བྱ་བ་སྟེ། དེའི་ཕྱིར་དེའི་མིང་དེ་སྐད་ཅེས་བྱའོ། །

Vol. 163 · folio 347a

བྱ་བ་ཞེས་བྱ་བ་ནི་ཕྱིར་བཅོས་པར་བྱ་བའོ། །གཉིས་པ་ལས་ནི་མངོན་སུམ་གྱིས་འདུལ་བས་སོ་ཞེས་བྱ་བ་ནི། འཕྲོས་པ་དང་བཅས་པ་ཉི་ཚེ་བས་འཁྲུག་ལོང་དུ་གྱུར་པའི་འོག་ཏུ་ནི་མངོན་སུམ་གྱིས་འདུལ་བས་ཕྱིར་བཅོས་སོ། །འདི་སྐད་བསྟན་ཏེ། གཉིས་པ་ལས་

འཁྲུག་ལོང་དུ་གྱུར་པའི་འོག་ཏུ་ལྟུང་བ་ཕྱིར་འཆོས་པར་བྱེད་པ་གང་ཡིན་པ་དེ་ནི་མངོན་སུམ་གྱིས་འདུལ་བས་རྩོད་པ་ཞི་བར་བྱེད་པ་ཡིན་ནོ། །ཅིའི་ཕྱིར་དེའི་མིང་དེ་སྐད་བྱས་ཤེ་ན། གླེང་བར་བྱ་བ་དང་གླེང་བ་པོ་དང་དེ་དག་གི་རྗེས་སུ་འབྲང་བ་རྣམས་ཀྱིས་རྒོལ་བ་དང་ལན་མངོན་སུམ་དུ་བྱུང་བ་གང་

ཡིན་པ་དེ་ནི་སྔོན་དུ་བཏང་བ་ཡིན་པའི་ཕྱིར་མིང་དེ་སྐད་ཅེས་བྱས་སོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། འདི་ལ་རྒོལ་བ་དང་ལན་གྱི་ཚིག་དག་མངོན་སུམ་དུ་བྱུང་བ་དག་གིས་འདུལ་ཞིང་ཞི་བ་ཡིན་གྱི། གླེང་བ་པོས་དམ་བཅས་པ་ཙམ་གྱིས་འདི་ལ་རྣམ་པར་ངེས་པར་སྦྱིན་པ་མ་ཡིན་

པར་རིག་པར་བྱའོ། །གསུམ་པ་ལ་ནི་རྩྭ་བཀྲམ་པ་ལྟ་བུས་སོ་ཞེས་བྱ་བ་ནི། གསུམ་པ་ལས་འཁྲུག་ལོང་བྱུང་བའི་འོག་ཏུ་ལྟུང་བ་ཕྱིར་འཆོས་པར་བྱེད་པ་གང་ཡིན་པ་དེ་ནི་རྩྭ་བཀྲམ་པ་ལྟ་བུ་ཞེས་བྱ་བའི་རྩོད་པ་ཞི་བར་བྱེད་པ་ཡིན་ནོ། །ཅིའི་ཕྱིར་དེའི་མིང་དེ་སྐད་བྱས་ཤེ་ན། དཔེར་ན་རྩྭ་བཀྲམ་

པ་ན་རྩྭ་ཐམས་ཅད་ཕན་ཚུན་ནས་རྩེ་སྤྲད་དུ་ཉལ་བ་དང་འདྲ་བར་ཕྱོགས་དང་གཞན་གྱི་ཕྱོགས་སུ་རྣམ་པར་གནས་པའི་དགེ་འདུན་དུ་གྱུར་པའི་དགེ་སློང་ཐམས་ཅད་འདི་ལ་འཁྲུག་ལོང་ཉེ་བར་ཞི་བའི་ཕྱིར་ཕན་ཚུན་ནས་འདུད་པར་འགྱུར་བས་དེའི་ཕྱིར་དེའི་མིང་དེ་སྐད་ཅེས་བྱ་བར་གཞག་གོ། །འདི་

ལ་མང་པོ་དག་གི་དོན་དུ་དགེ་འདུན་མ་ཡིན་པ་ལ་བཤགས་པར་བྱ་བ་དག་ནི། གཅིག་གིས་ཕྱིར་བཅོས་པར་བྱའོ་ཞེས་བྱ་བ་ནི། ཉེས་པ་སྦོམ་པོ་དང་དགེ་འདུན་ལྷག་མ་དང་དགེ་འདུན་ལྷག་མར་གཏོགས་པའི་ཉེས་པ་སྦོམ་པོ་ལྕི་བ་དགེ་འདུན་ལ་བཤགས་པར་བྱ་བ་དེ་དག་ལས་གཞན་

པའི་ལྟུང་བ་དགེ་འདུན་མ་ཡིན་པ་ལ་བཤགས་པར་བྱ་བ་དག་ནི་འདིར་གང་ཟག་མང་པོ་དག་གི་དོན་དུ་གང་ཟག་གཅིག་གིས་རྩྭ་བཀྲམ་པ་ལྟ་བུས་ཕྱིར་བཅོས་པ་བྱར་རུང་བའོ། །འདི་སྐད་བསྟན་ཏོ། མང་པོ་དག་གི་དོན་དུ་གཅིག་གིས་ཕྱིར་འཆོས་པར་བྱེད་ན་དེའི་ཚེ་ཡང་ལྟུང་བའི་ཕྱིར་རྩོད་པ་

Vol. 163 · folio 347b

ཉེ་བར་ཞི་བར་འགྱུར་རོ། །དུ་མ་དག་ཅིག་ཅར་དུ་ཡང་ངོ་ཞེས་བྱ་བ་ནི། འདིར་མང་པོ་དག་གི་དོན་དུ་ལྟུང་བ་དུ་མ་དག་ཅིག་ཅར་དུ་ཕྱིར་བཅོས་སུ་ཡང་རུང་བའོ། །གང་ཡིན་པའོ་ཞེས་སྨོས་པ་དང་ཤེས་པ་སྣང་བར་བྱ་བས་སོ་ཞེས་བྱ་བ་ནི། གཞི་འདི་ལས་ཁྱོད་ལ་

ལྟུང་བ་བྱུང་བ་གང་ཡིན་པ་དང་། ཁོ་བོ་ལ་ལྟུང་བ་བྱུང་བ་གང་ཡིན་པ་དེ་དག་ཚེ་དང་ལྡན་པ་དག་གི་མདུན་དུ་བཤགས་པ་དང་མི་བཅབས་པར་ཁོ་བོ་སྤྲོའོ་ཞེས་བྱ་བ་ལ་སོགས་པའི་སྔགས་སྨོས་པ་དང་ལྟུང་བའི་མིང་དང་རིགས་ལས་གཞན་ལྟུང་བའི་ངོ་བོ་ཉིད་ཤེས་པ་སྣང་བར་བྱ་ཞིང་

གོ་བར་བྱ་བས་ཕྱིར་བཅོས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་སྔགས་ནི་ཚེ་དང་ལྡན་པ་དག་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་ནས། འཐབ་པར་གྱུར། མཚང་འདྲུ་བར་གྱུར། རྩོད་པར་གྱུར། འགྱེད་པར་གྱུར་ཅིང་གནས་ཏེ་ཕྱོགས་དང་གཞན་གྱི་

ཕྱོགས་སུ་རྣམ་པར་གནས་པ་ནི་བདག་ཅག་གིས་མ་རྙེད་དེ་རྙེད་པ་མ་ཡིན་ནོ། །ཉེས་པ་རྙེད་ཀྱི་ལེགས་པ་རྙེད་པ་མ་ཡིན་ནོ། །ཁ་ན་མ་ཐོ་བ་སྦོམ་པོ་དང་། ཁྱིམ་ན་གནས་པ་ལ་བརྟེན་པ་མ་གཏོགས་པར་གཞི་འདི་ལས་ཁྱོད་ལ་ལྟུང་བ་བྱུང་བ་གང་ཡིན་པ་དང་། ཁོ་བོ་ལ་ལྟུང་བ་

བྱུང་བ་གང་ཡིན་པ་དེ་དག་ཚེ་དང་ལྡན་པ་དག་གི་མདུན་དུ་བཤགས་པ་དང་། མི་བཅབས་པར་ཁོ་བོ་སྤྲོའོ། །ཚེ་དང་ལྡན་པ་གང་དག་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བས་འཐབ་པར་གྱུར། མཚང་འདྲུ་བར་གྱུར། རྩོད་པར་གྱུར། འགྱེད་

པར་གྱུར་ཅིང་གནས་ཏེ། ཕྱོགས་དང་གཞན་གྱི་ཕྱོགས་སུ་རྣམ་པར་གནས་པ་ནི་བདག་ཅག་གིས་མ་རྙེད་དེ་རྙེད་པ་མ་ཡིན་ནོ། །ཉེས་པ་རྙེད་ཀྱི་ལེགས་པ་རྙེད་པ་མ་ཡིན་ནོ། །ཁ་ན་མ་ཐོ་བ་སྦོམ་པོ་དང་། ཁྱིམ་ན་གནས་པ་ལ་བརྟེན་པ་མ་གཏོགས་པར་གཞི་འདི་ལས་དེ་དག་

ལ་ལྟུང་བ་བྱུང་བ་གང་ཡིན་པ་དང་། ཁོ་བོ་ལ་ལྟུང་བ་བྱུང་བ་གང་ཡིན་པ་དེ་དག་ཚེ་དང་ལྡན་པ་དག་གི་མདུན་དུ་ཁོ་བོ་འཆགས་སོ། །མི་འཆབ་པོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་འགྱུར་རོ། །མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ལྟུང་བ་མཐོང་ངམ། མཐོང་ངོ་། །

Vol. 163 · folio 348a

ཕྱིན་ཆད་སྡོམ་མམ། སྡོམ་མོ་ཞེས་གསུངས་པ་ཡིན་ནོ། །ཕྱོགས་གཞན་གྱིས་ཀྱང་མཐུན་པ་དེ་དག་ལའོ་ཞེས་བྱ་བ་ནི། ཕྱོགས་གཞན་གྱིས་ཀྱང་བློ་གཅིག་ཏུ་གྱུར་པ་དེ་དག་ལ་དེ་ཕྱིར་བཅོས་པར་བྱའི། གཞན་གང་ལ་ཡང་མ་ཡིན་ནོ། །ཁས་མི་ལེན་པ་དང་དོན་མེད་པ་ལ་ནི་

བཤགས་པ་མི་འཆགས་སོ་ཞེས་བྱ་བ་ནི། ཁ་ན་མ་ཐོ་བ་ཁས་མི་ལེན་པ་དང་། ཁ་ན་མ་ཐོ་བ་མེད་པ་བཞིན་དུ་འཆགས་པ་གང་ཡིན་པ་དེ་ལ་ནི་བཤགས་པ་མི་འཆགས་པ་སྟེ། ལྟུང་བ་བྱུང་ལ་བདག་ལ་ལྟུང་བ་མ་བྱུང་ངོ་ཞེས་ཁས་མི་ལེན་པ་དང་། ལྟུང་བ་མ་བྱུང་བ་ལ་བདག་ལ་ལྟུང་བ་བྱུང་ངོ་ཞེས་

ཁས་ལེན་པར་བྱེད་པ་ནི་ཆོས་མ་ཡིན་པའོ་ཞེས་གསུངས་པ་དེ་བསྡུས་པ་ཡིན་ནོ། །འདིར་ལུང་ནི་འདི་ལྟར་དགེ་སློང་ཕམ་པར་འགྱུར་བའི་ལྟུང་བ་བྱུང་ལ་མ་བྱུང་ངོ་ཞེས་ཁས་འཆེ་བར་བྱེད་པ་དེ་ལ། དགེ་འདུན་གྱིས་ཁས་འཆེ་བར་བྱེད་དུ་འཇུད་པ་དེ་ནི་ཆེས་མ་ཡིན་པས་དམ་འཆར་

གཞུག་པ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །ལྷན་ཅིག་གིས་དངོས་པོས་གླེང་བ་ཉིད་དུ་རུང་ངོ་ཞེས་བྱ་བ་ནི། གང་ཟག་གིས་གང་ཟག་ལ་གླེང་བར་བྱེད་པ་དང་། གང་ཟག་གིས་གང་ཟག་གཉིས་ལ་དང་། གང་ཟག་གིས་གང་ཟག་མང་པོ་ལ་དང་། གང་ཟག་གིས་དགེ་འདུན་ལ་

དང་། གང་ཟག་གཉིས་ཀྱིས་གང་ཟག་ལ་དང་། གང་ཟག་གཉིས་ཀྱིས་གང་ཟག་གཉིས་ལ་དང་། གང་ཟག་གཉིས་ཀྱིས་གང་ཟག་མང་པོ་ལ་དང་། གང་ཟག་གཉིས་ཀྱིས་དགེ་འདུན་ལ་དང་། གང་ཟག་མང་པོས་གང་ཟག་ལ་དང་། གང་ཟག་མང་པོས་གང་ཟག་གཉིས་ལ་

དང་། གང་ཟག་མང་པོས་གང་ཟག་མང་པོ་ལ་དང་། གང་ཟག་མང་པོས་དགེ་འདུན་ལ་དང་། དགེ་འདུན་གྱིས་གང་ཟག་ལ་དང་། དགེ་འདུན་གྱིས་གང་ཟག་གཉིས་ལ་དང་། དགེ་འདུན་གྱིས་གང་ཟག་མང་པོ་ལ་དང་། དགེ་འདུན་གྱིས་དགེ་འདུན་ལ་གླེང་བར་བྱེད་ན་ཞེས་གླེང་བར་བྱ་བ་དང་། གླེང་བར་བྱེད་པའི་སྐབས་

ལྷན་ཅིག་གིས་དངོས་པོར་བསྟན་པ་དེ་དག་བསྡུའོ། །གླེང་བ་པོ་ཉིད་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ནི། ལྷན་ཅིག་གིས་དངོས་པོས་རུང་བའོ། །འདི་ལ་གྲངས་ཀྱི་བྱེ་བྲག་ནི་ངེས་པ་མེད་དོ་ཞེས་བྱ་བ་ནི། གླེང་བར་བྱ་བ་དང་གླེང་བ་པོ་ཉིད་འདི་ལ་གླེང་བར་བྱ་བ་ཇི་སྙེད་པ་དེ་སྙེད་ཁོ་ནའི་གླེང་བ་པོ་དག་

Vol. 163 · folio 348b

གིས་བྱ་བར་མ་ངེས་པའོ། །གླེང་བ་པོ་ལུས་དང་ངག་དག་གིས་བསྡམས་པ་ཉིད་དང་། སྡེ་སྣོད་དག་ཤེས་པ་ཉིད་དང་། དགེ་འདུན་གྱི་ནང་དུ་བསམས་བཞིན་དུ་ཆོས་དང་འདུལ་བ་ལོག་པ་དང་། དེ་ལས་བཟློག་པ་དག་མི་སྟོན་པ་ཉིད་ཅེས་བྱ་བ་གསུམ་དང་ལྡན་པ་ལ་གུས་པར་བྱའོ་

ཞེས་བྱ་བ་ནི། གླེང་བ་པོ་ཡོན་ཏན་གསུམ་དང་ལྡན་པ་ལ་གུས་པར་བྱ་སྟེ་གསུམ་གང་ཞེ་ན། ལུས་དང་ངག་དག་གིས་བསྡམས་པ་ཉིད་དང་། སྡེ་སྣོད་དག་ཤེས་པ་ཉིད་དང་། དགེ་འདུན་གྱི་ནང་དུ་བསམས་བཞིན་དུ་ཤེས་བྱ་རྣམ་པར་གཞག་པའི་ཆོས་དང་། ཚུལ་ཁྲིམས་

རྣམ་པར་གཞག་པའི་འདུལ་བ་ཆོས་མ་ཡིན་པ་དང་། འདུལ་བ་མ་ཡིན་པར་ལོག་པར་མི་སྟོན་ཅིང་། དེ་ལས་བཟློག་པ་ཆོས་མ་ཡིན་པ་དང་འདུལ་བ་མ་ཡིན་པ་ཆོས་དང་འདུལ་བར་མི་སྟོན་པ་ཉིད་དོ། །ཚུལ་ཁྲིམས་འཆལ་བ་དང་ལོག་པར་སྟོན་པ་ལ་མཐུན་པར་མི་བྱའོ་ཞེས་བྱ་

བ་ནི། གླེང་བ་པོ་ཚུལ་ཁྲིམས་འཆལ་པ་དང་། ཆོས་དང་འདུལ་བ་ཆོས་མ་ཡིན་པ་དང་འདུལ་བ་མ་ཡིན་པར་ལོག་པར་སྟོན་པ་ལ་ནི་མཐུན་པར་མི་བྱ་སྟེ། མི་བགྲང་ཞིང་སྨད་པ་དང་དེའི་ཚིག་གིས་ཅུང་ཟད་ཀྱང་བསྒྲུབ་པར་མི་བྱའོ། །རྣམ་པ་དེ་ལྟ་བུ་མ་ཡིན་པ་སྡེ་སྣོད་དག་འཛིན་

ཅིང་མི་ཤེས་པ་ལ་ནི་བློན་གདབ་པར་བྱའོ་ཞེས་བྱ་བ་ནི། གླེང་བ་པོ་ཚུལ་ཁྲིམས་འཆལ་པ་དང་། ལོག་པར་སྟོན་པའི་རྣམ་པ་དེ་ལྟ་བུ་མ་ཡིན་པ་ལུས་དང་ངག་དག་གིས་བསྡམས་པ་དང་། ཆོས་དང་འདུལ་བ་བཞིན་དུ་སྟོན་པ་སྡེ་སྣོད་དག་ཚིག་གི་སྒོ་ནས་འཛིན་ཅིང་། དོན་གྱི་སྒོ་

ནས་མི་ཤེས་པས། གླེང་བར་བྱེད་པ་ལ་ནི་དགེ་འདུན་གྱིས་བློན་གདབ་པར་བྱ་སྟེ། ཚིག་འཇམ་པོ་སྙན་པའི་རྣམ་པས་བཟློག་པར་བྱ་བ་ནི་བློན་གདབ་པའོ། །འོ་ན་གླེང་བ་པོ་ཡོན་ཏན་གསུམ་དང་ལྡན་པ་ལ་གུས་པར་བྱའོ་ཞེས་ཇི་སྐད་བསྟན་པ་དེ་ལ་བརྟག་པ་ཙམ་ཡང་མི་བྱའམ་ཞེ་ན་དེའི་

ཕྱིར། དེ་ལ་བསམ་པ་རྟོགས་པར་བྱ་བའི་ཕྱིར་བརྒལ་ཞིང་བརྟག་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། གླེང་བ་པོ་ཡོན་ཏན་གསུམ་དང་ལྡན་པ་སྨད་པར་བྱ་བ་མ་ཡིན་པ་དེ་ལ་བསམ་པར་ཤེས་པར་བྱ་བའི་ཕྱིར་བརྒལ་ཞིང་བརྟག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །སེམས་ཀྱི་སྤྱོད་པ་ནི་གཡོ་བ་

Vol. 163 · folio 349a

ཡིན་པས་སྔར་སྡིག་པ་ལ་མ་ཞུགས་སུ་ཟིན་ཀྱང་། ཕྱིས་འཇུག་པར་འགྱུར་སྲིད་པས་དེའི་ཕྱིར་སེམས་ཀྱི་སྤྱོད་པ་བགམ་པའི་ཕྱིར་བརྒལ་ཞིང་བརྟག་པར་བྱའོ། །ཇི་ལྟར་བརྒལ་ཞིང་བརྟག་པར་བྱ་ཞེ་ན། དེའི་ཕྱིར་གནས་སུ་མི་གཞག་པས་སོ་ཞེས་བྱ་བ་

སྨྲས་ཏེ། དུས་དང་ཡུལ་དང་སྤྱོད་ལམ་དང་རྗེས་སུ་བསྒྲུབ་པའི་གནས་སུ་ཚིག་མི་གཞག་པས་བརྒལ་ཞིང་བརྟག་པར་བྱ་སྟེ། འདི་ནི་ལོག་པའི་བསམ་པས་རྗེས་སུ་བཙལ་བར་བྱ་བ་ཡིན་གྱི། ཡང་དག་པའི་བསམ་པ་རྗེས་སུ་བཙལ་བར་བྱ་བ་ནི་མ་ཡིན་ནོ། །གལ་ཏེ་གང་ཟག་

དེ་ལ་བརྒལ་ཞིང་བརྟག་པ་ན་དུས་ལ་སོགས་པའི་གནས་སུ་གླེང་བའི་ཚིག་འཇོག་པར་མི་བྱེད་ན། དེ་ལོག་པར་གླེང་བ་ལ་ཞུགས་པར་ངེས་པ་ཡིན་པས་དེའི་ཕྱིར། གནས་སུ་མི་འཇོག་ན་བསམ་པ་ལོག་པ་ཡིན་པར་ཤེས་པར་བྱའོ། །གང་དུ་མི་འཇོག་ན་བསམ་པ་ལོག་པར་མཚོན་པར་

བྱ་བའི་གནས་དེ་གང་ཞེ་ན། དེའི་ཕྱིར་གནས་ནི་དུས་དང་ཡུལ་དང་སྤྱོད་ལམ་དང་རྗེས་སུ་བསྒྲུབ་པ་དག་གོ་ཞེས་བྱ་བ་སྨྲས་ཏེ། དུས་ཞེས་སྨོས་པས་ནི་མཚན་མོ་བྱས་པས་གླེང་བ་དང་། ཉིན་མོ་བྱས་པས་གླེང་བ་ལ་སོགས་པ་བསྡུས་སོ། །ཡུལ་ཞེས་སྨོས་པས་ནི་ལྐོག་ཏུ་བྱས་པ་དང་།

གསལ་བར་བྱས་པ་དང་། ལམ་དུ་བྱས་པ་དང་། ལམ་གོལ་བར་བྱས་པ་དང་། གྲོང་དུ་བྱས་པ་དང་། དགོན་པར་བྱས་པ་ལ་སོགས་པ་བསྡུས་སོ། །སྤྱོད་ལམ་ཞེས་སྨོས་པས་ནི། འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་ཉལ་བར་བྱས་པས་གླེང་བ་བསྡུས་སོ། །རྗེས་སུ་

བསྒྲུབ་པ་ཞེས་སྨོས་པས་ནི་ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་རྗེས་སུ་བསྒྲུབས་པས་གླེང་བར་བསྡུས་སོ། །གནས་གཞན་དུ་འཕོ་བ་དང་རྙོག་པ་ཅན་དུ་གྱུར་ན་གླེང་བ་མི་འཆགས་སོ་ཞེས་བྱ་བ་ནི། གལ་ཏེ་

གླེང་བ་པོ་དེ་ལ་དེ་ལྟར་བརྒལ་ཞིང་བརྟགས་པས་ན། གནས་ནས་གནས་གཞན་དུ་འཕོ་བ་དང་། འཁྲུག་པའི་རྙོག་པ་ཅན་དུ་གྱུར་ན་དེའི་ཚེ་དེ་ལ་གླེང་བ་མི་འཆགས་པ་ཉིད་ཡིན་ཏེ། གླེང་བའི་བྱ་བ་མ་བྱས་པ་ཉིད་དང་མ་བྱུང་བ་དང་མི་སྐྱེ་བ་ཉིད་ཡིན་ནོ། །གནས་ནས་གནས་གཞན་དུ་འཕོས་

Vol. 163 · folio 349b

ན་གླེངས་པ་ཉིད་དང་། གླེང་བ་པོ་ཉིད་མེད་པ་ཡིན་ཏེ། དེ་ཉིད་ཀྱིས་འདིར་དགོས་པ་གྲུབ་པར་འགྱུར་ཏེ། འདི་ལྟར་དེ་ལྟར་ན། རྩོད་པ་ཉེ་བར་ཞི་བ་ཉིད་ཡིན་པ་དེའི་ཕྱིར། དེ་ལ་གླེང་བར་མི་འཆགས་སོ་ཞེས་སྨོས་སོ། །གླེང་བས་ཁས་བླངས་ན་མཐར་ཐུག་པ་ཡིན་ནོ་ཞེས་བྱ་བ་ནི།

གང་ཟག་གང་ལ་གླེང་བ་དེས་ལྟུང་བ་དེ་ཁས་བླངས་པ་དེ་ནི་འདིར་རྩོད་པ་དེའི་མཐར་ཐུག་པ་ཡིན་ཏེ། ཁས་བླངས་ན་རྩོད་པ་དེ་ཉེ་བར་ཞི་བ་ཡིན་པའི་ཕྱིར་རོ། །སྨྲ་བ་པོ་བདེན་པ་མཐོང་བ་ཉིད་དང་ཡོན་ཏན་ལས་ཆེས་མཆོག་ཏུ་གྱུར་པ་ཁྱིམ་པ་ཡང་རུང་བ་གཞན་ཚད་མར་བྱའོ་ཞེས་བྱ་བ་ནི། གང་

གི་ཚེ་གླེང་བའི་གང་ཟག་ཉེས་པ་ཁས་མི་ལེན་པ་དེའི་ཚེ་ཇི་ལྟར་ངེས་པར་བྱ་ཞེ་ན། སྨྲ་བ་པོ་བདེན་པ་མཐོང་བ་ཟག་པ་མེད་པའི་ལམ་མཐོང་བ་ཉིད་དམ། འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བ་ལ་སོགས་པ་ཡོན་ཏན་ལས་ཆེས་མཆོག་ཏུ་གྱུར་པ། རབ་ཏུ་བྱུང་བ་འབའ་ཞིག་ཏུ་མ་ཟད་ཀྱི་

ཁྱིམ་པ་ཡང་རུང་བ་གཞན་དག་ཚད་མར་བྱས་ཏེ། དེ་དག་ཆེ་བཞིར་དྲི་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་སིལ་བུ་དག་ལས་བཙུན་པ་རེ་ཞིག་དགེ་སློང་གཉིས་ལ་ཐ་དད་པར་སྨྲ་བ་དང་། འགལ་བར་སྨྲ་བ་དང་མི་མཐུན་པར་སྨྲ་བ་དག་བྱུང་ན། གང་གི་ཚིག་གཟུང་བར་བགྱི།

གང་ཚུལ་ཁྲིམས་དང་ལྡན་པའིའོ། །གཉི་ག་ཚུལ་ཁྲིམས་དང་ལྡན་པ་ལགས་ན་གང་མང་དུ་ཐོས་པའིའོ། །གཉི་ག་མང་དུ་ཐོས་པ་ལགས་ན་གང་ཡང་དག་པར་བསྡམས་པའིའོ། །གཉི་ག་ཡང་དག་པར་བསྡམས་པ་ལགས་ན། གང་ཆེས་ཡང་དག་པར་བསྡམས་པའིའོ། །གཉི་ག་ཆེས་

ཡང་དག་པར་བསྡམས་པ་ལགས་ན་དེ་ནི་གནས་མ་ཡིན་སྐབས་མ་ཡིན་ཏེ། གལ་ཏེ་གཉིས་ཆེས་ཡང་དག་པར་བསྡམས་པ་ལ་ཐ་དད་སྨྲ་བ་དང་། འགལ་བར་སྨྲ་བ་དང་མི་མཐུན་པར་སྨྲ་བ་དག་འབྱུང་བ་དེ་ནི་གནས་མེད་དོ་ཞེས་གསུངས་པ་ཡིན་ནོ། །གཞན་དང་བཅས་པ་ཉིད་ཡིན་ན་ཚིག་

བསྟུན་པར་བྱའོ་ཞེས་བྱ་བ་ནི། ཆེ་བཞི་དེ་ལ་གལ་ཏེ་གང་ཟག་གཞན་དང་བཅས་པ་ཉིད་ཡིན་ན། གཞན་དེ་ཡང་དྲི་བར་བྱ་ཞིང་དེའི་ཚིག་གིས་ཅིག་ཤོས་ཀྱི་ཚིག་གཟུང་བར་བྱའོ། །འདིར་གཞུང་ནི་བཙུན་པ་དགེ་བསྙེན་མ་དད་པ་ཅན་དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ཏེ། འདི་སྐད་ཅེས་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words