འདུལ་བའི་མདོའི་རྒྱ་ཆེར་འགྲེལ་པ
Sanskrit title (Tibetan script, as in the text) བི་ན་ཡ་སཱུ་ཏྲ་ཊཱི་ཀ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 163 · folio 295a
ནས་ཡོངས་སུ་གནས་པ་ཡང་བགྱིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ་བཅབས་པའི་སླད་དུ་ཡང་གཞི་ནས་བསླང་སྟེ་ཡོངས་སུ་གནས་པ་ཡང་བགྱིས་ལགས་ཏེ། དགེ་འདུན་ལས་ཞག་དྲུག་མགུ་བར་བགྱིས་པ་གསོལ་ནས།
དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ་བཅབས་པའི་སླད་དུ་ཡང་གཞི་ནས་བསླང་སྟེ་
ཡོངས་སུ་གནས་པ་ཡང་བགྱིས་ལགས་པ་འདི་ལ་ཞག་དྲུག་མགུ་བར་བགྱི་བ་སྩལ་ཏེ། དགེ་སློང་འཆར་ཀ་འདི་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས་ལགས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་
སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་ཡང་བགྱིས་ལགས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ་བཅབས་པའི་སླད་དུ་ཡང་གཞི་ནས་བསླང་སྟེ་ཡོངས་སུ་གནས་པ་ཡང་བགྱིད་ལགས། ཞག་དྲུག་མགུ་བ་
ཡང་བགྱིས་ལགས་ཏེ། དགེ་འདུན་ལས་དབྱུང་བ་གསོལ་ན། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས་ལགས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་
སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པ་དེའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་ཡང་བགྱིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ་བཅབས་པའི་སླད་དུ་ཡང་གཞི་ནས་བསླང་སྟེ་ཡོངས་སུ་གནས་པ་ཡང་བགྱིས། ཞག་དྲུག་མགུ་བ་ཡང་བགྱིས་པ་
དབྱུང་བ་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འཆར་ཀ་འདི་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པའི་སླད་དུ་
Vol. 163 · folio 295b
གཞི་ནས་ཡོངས་སུ་གནས་པ་ཡང་བགྱིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ་བཅབས་པའི་སླད་དུ་གཞི་ནས་བསླང་སྟེ་ཡོངས་སུ་གནས་པ་ཡང་བགྱིས་ཞག་དྲུག་མགུ་བ་ཡང་བགྱིས་པ་དབྱུང་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་
དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ་དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། ཟླ་བ་ཕྱེད་བཅབས་
པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་ཡང་བགྱིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ་བཅབས་པའི་སླད་དུ་ཡང་གཞི་
ནས་བསླང་སྟེ་ཡོངས་སུ་གནས་པ་ཡང་བགྱིས། ཞག་དྲུག་མགུ་བ་ཡང་བགྱིས་པ་ཕྱུང་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་གསུངས་པ་ཡིན་ནོ། །ཡོངས་སུ་གནས་པ་དང་གཞི་ནས་ཡོངས་སུ་གནས་པ་དང་ཡང་གཞི་ནས་བསླང་སྟེ། ཡོངས་སུ་གནས་པ་དང་།
མགུ་བ་དང་གཞི་ནས་མགུ་བ་བྱས་པ་དང་། ཡང་གཞི་ནས་བསླང་སྟེ་མགུ་བ་ཡང་བྱས་པ་དབྱུང་བའི་སྔགས་ཀྱང་དེ་བཞིན་དུ་ཅི་རིགས་པར་བརྗོད་པར་བྱའོ། །དེར་བསྡིགས་པ་ཡང་ངོ་ཞེས་བྱ་བ་ནི། དབྱུང་བ་དེར་བསྡིགས་པའི་སྔགས་ཀྱང་བརྗོད་པར་བྱ་སྟེ། དེའི་སྔགས་ནི། འཆར་ཀ་
ཁྱོད་ཉོན་ཅིག །ཁྱོད་ཀྱིས་ལེགས་པ་མ་བྱས་སོ། །ལེགས་པ་ཤིན་ཏུ་མ་བྱས་སོ། །བྱ་བ་གཞན་ཡིན་ན་གཞན་བྱས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་ཆོས་ནི་འདི་ལྟར། འདོད་ཆགས་དང་བྲལ་བར་བྱ་བའི་
ཕྱིར་སེམས་རྣམ་པར་གྲོལ་བ་དང་ཤེས་རབ་རྣམ་པར་གྲོལ་བའི་ཆོས་སྟོན་ཅིང་། ཞེ་སྡང་འདོད་ཆགས་དང་བྲལ་བར་བྱས་པ་དང་། གཏི་མུག་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བའི་ཆོས་སྟོན་བཞིན་དུ་ཁྱོད་ཀྱིས་མི་མཛེས་པ་
Vol. 163 · folio 296a
འདི་ལྟ་བུ་འདི་བྱས་པ་མི་རིགས་སོ། །མི་གཏི་མུག་ཅན་ཁྱོད་ཀྱིས་སྦྲུལ་ནག་པོ་དུག་མྱུར་དུ་ཁྱབ་པར་བྱེད་པ་དུག་དྲག་པ་དུག་རྣོ་བ་ལ་ལག་པ་གཉི་གས་བཟུང་བ་ནི་བླའི། ཀུན་དུ་ཆགས་པའི་སེམས་ཀྱིས་རང་གི་ཡན་ལག་གི་རྣམ་པ་ལ་བཟུང་བ་ནི་དེ་ལྟ་མ་ཡིན་ནོ། །
མི་གཏི་མུག་ཅན་ཁྱོད་ལག་པ་གང་དག་གིས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་ལས་དད་པས་བྱིན་པ་བླང་བར་བྱ་བའི་ལག་པ་དེ་དག་ཉིད་ཀྱིས་མི་མཛེས་པ་འདི་ལྟ་བུ་འདི་བྱ་བ་མི་རིགས་སོ། །མི་གཏི་མུག་ཅན་ཁྱོད་ཀྱིས་དེ་ལྟར་བདག་ལ་བསྙེན་བཀུར་བྱ་བ་ཉམས་སུ་བླངས་པར་
གྱུར་ཏོ། །འཆར་ཀ་གཉིས་པོ་འདི་དག་ནི་ཆོས་ཀྱི་སྒྲོན་མ་དང་། ཆོས་ཀྱི་སྣང་བ་དང་། ཆོས་ཀྱི་འོད་དང་། ཆོས་ཀྱི་གསལ་བ་དང་། ཆོས་ཀྱི་སྣང་གསལ་དང་། ཆོས་ཀྱི་མར་མེ་དང་། ཆོས་ཀྱི་རབ་གསལ་མེད་པར་བྱེད་པ་སྟེ། གཉིས་གང་ཞེ་ན། ལྟུང་བ་འབྱིན་པ་གང་ཡིན་པ་དང་།
ལྟུང་བ་བྱུང་ནས་ཆོས་བཞིན་དུ་ཕྱིར་མི་འཆོས་པ་གང་ཡིན་པའོ། །གཉིས་ནི་སྡིག་པའི་རྩ་བ་མི་རྐོ། རྒྱུན་ལས་བཟློག་པ་ལ་མི་འབད། འབབ་ཆུ་དང་། འཁྲི་ཤིང་མི་སྐེམས། བདུད་མི་འདུལ། བདུད་ཀྱི་རྒྱལ་མཚན་མི་སྙོལ། ཆོས་ཀྱི་རྒྱལ་མཚན་མི་བསྒྲེང་། སྡིག་པའི་རྒྱུན་མི་
གཅོད། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་ཆོས་དང་མཐུན་པར་བསྐོར་བ་རྗེས་སུ་མི་བསྐོར་བ་སྟེ། གཉིས་གང་ཞེ་ན། ལྟུང་བ་འབྱིན་པ་གང་ཡིན་པ་དང་། ལྟུང་བ་བྱུང་ནས་ཆོས་བཞིན་དུ་ཕྱིར་མི་འཆོས་པ་གང་ཡིན་པའོ། །གཉིས་
ནི་ཀུན་ནས་ཉོན་མོངས་པར་འགྱུར་བ་དང་། གཉིས་ཀྱི་ཟག་པ་འཕེལ་བར་འགྱུར་ཏེ། གཉིས་གང་ཞེ་ན། ལྟུང་བ་འབྱིན་པ་གང་ཡིན་པ་དང་། ལྟུང་བ་བྱུང་ནས་ཆོས་བཞིན་དུ་ཕྱིར་མི་འཆོས་པ་གང་ཡིན་པའོ། །འཆར་ཀ་ཁྱོད་ཀྱིས་ལྟུང་བ་འདི་མ་བཤགས་ཤིང་སོ་སོར་མ་བཤགས་ན།
མི་རྟག་པའི་འདུ་ཤེས་དང་། མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང་། སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་དང་། ཟས་ལ་མི་མཐུན་པའི་འདུ་ཤེས་དང་། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང་། ཉེས་དམིགས་ཀྱི་འདུ་ཤེས་དང་། སྤོང་བའི་འདུ་
Vol. 163 · folio 296b
ཤེས་དང་། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང་། འགོག་པའི་འདུ་ཤེས་དང་། འཆི་བའི་འདུ་ཤེས་དང་། མི་སྡུག་པའི་འདུ་ཤེས་དང་། རྣམ་པར་བསྔོས་པའི་འདུ་ཤེས་དང་། རྣམ་པར་རྣགས་པའི་འདུ་ཤེས་དང་། རྣམ་པར་བམ་པའི་འདུ་ཤེས་དང་། རྣམ་པར་འབུས་གཞིགས་
བའི་འདུ་ཤེས་དང་། རྣམ་པར་ཟོས་པའི་འདུ་ཤེས་དང་། རྣམ་པར་དམར་བའི་འདུ་ཤེས་དང་། རྣམ་པར་འཐོར་བའི་འདུ་ཤེས་དང་། རུས་གོང་གི་འདུ་ཤེས་དང་། སྟོང་པ་ཉིད་དུ་སོ་སོར་རྟོགས་པའི་འདུ་ཤེས་ཀྱི་འོས་མ་ཡིན། བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་།
བཞི་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་དང་།
ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། རྫུ་འཕྲུལ་གྱི་ཡུལ་དང་། ལྷའི་རྣ་བ་དང་། སེམས་ཀྱི་རྣམས་གྲང་དང་། སྔོན་གྱི་གནས་དང་། འཆི་འཕོ་དང་། སྐྱེ་བ་དང་། ཟག་པ་ཟད་པའི་འོས་མ་ཡིན་ནོ། །འཆར་ཀ་ལྟུང་བ་འདི་མ་བཤགས་ཤིང་སོ་སོར་མ་
བཤགས་ན། འགྲོ་བ་གཉིས་ལས་གང་ཡང་རུང་བ་ཞིག་ཁྱོད་ཀྱི་འགྲོ་བ་ཡིན་པར་ཤེས་པར་བྱ་སྟེ། སེམས་ཅན་དམྱལ་བའམ་དུད་འགྲོའོ། །བཅོམ་ལྡན་འདས་ཀྱིས་ཀྱང་ལས་ཀྱི་མཐའ་འཆབ་པའི་འགྲོ་བ་ནི་གཉིས་ཏེ། སེམས་ཅན་དམྱལ་བའམ་དུད་འགྲོའོ། །གང་དག་ངས་བཤད་པ་
ལ་ཡིད་མི་ཆེས་པ་དེ་དག་ནི་འཆབ་པར་སེམས་སོ་ཞེས་གསུངས་སོ་ཞེས་གསུངས་པ་ཡིན་ནོ། །བསྡིགས་པ་དེ་ནམ་གྱི་ཚེ་བྱ་ཞེ་ན་དེའི་ཕྱིར། གསོལ་བ་དང་ལས་བརྗོད་པ་དང་པོའི་བར་དུའོ་ཞེས་བྱ་བ་སྨྲས་ཏེ། གསོལ་བ་བྱས་ནས་དེའི་རྗེས་ལ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ལྟུང་བ་འབྱིན་
བ་གནས་སྐབས་ཇི་ལྟར་འདུག་པ་ལ་བྱ་ཞེ་ན་དེའི་ཕྱིར་རྩྭ་བཀྲམ་པ་ལྟ་བུར་འགྱེལ་བ་ལའོ་གཟེངས་བསྟོད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། རྩྭ་བཅད་དེ་ས་ལ་བཀྲམ་པ་ལྟར་ལུས་ཐམས་ཅད་ས་ལ་སྒྱེལ་བ་ལ་ཞེས་བྱ་བའི་ཐ་ཚིག་གོ། །གཟེངས་བསྟོད་པ་ཡང་ངོ་ཞེས་བྱ་བ་ནི། དེ་ལ་གཟེངས་བསྟོད་པའི་
Vol. 163 · folio 297a
སྔགས་ཀྱང་བརྗོད་པར་བྱ་སྟེ། དེའི་སྔགས་ནི། འཆར་ཀ་ཁྱོད་ཀྱིས་ལེགས་པ་བྱས་སོ་ལེགས་པ་ཤིན་ཏུ་བྱས་སོ། །གཉིས་ནི་མཁས་པ། གཉིས་ནི་གསལ་བ། གཉིས་ནི་དགེ་བ། གཉིས་ནི་སྐྱེས་བུ་དམ་པ་སྟེ། གཉིས་གང་ཞེ་ན། ལྟུང་བ་མི་འབྱིན་པ་གང་
ཡིན་པ་དང་། ལྟུང་བ་བྱུང་ནས་ཆོས་བཞིན་དུ་ཕྱིར་འཆོས་པ་གང་ཡིན་པའོ། །གཉིས་ནི་སྡིག་པའི་རྩ་བ་རྐོ་བ། རྒྱུན་ལས་བཟློག་པ་ལ་འབད་པ། འབབ་ཆུ་དང་འཁྲི་ཤིང་སྐེམས་པ་དང་། བདུད་འདུལ་བ། བདུད་ཀྱི་རྒྱལ་མཚན་སྙོལ་བ། ཆོས་ཀྱི་རྒྱལ་མཚན་སྒྲེང་བ། སྡིག་
པའི་རྒྱུན་གཅོད་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་ཆོས་དང་མཐུན་པར་བསྐོར་བ་རྗེས་སུ་བསྐོར་བ་སྟེ། གཉིས་གང་ཞེ་ན། ལྟུང་བ་མི་འབྱིན་པ་གང་ཡིན་པ་དང་། ལྟུང་བ་བྱུང་ནས་ཆོས་བཞིན་དུ་ཕྱིར་འཆོས་པ་གང་
ཡིན་པའོ། །གཉིས་ནི་རྣམ་པར་བྱང་བར་འགྱུར་ཞིང་ཀུན་ནས་ཉོན་མོངས་པར་མི་འགྱུར་བ་དང་། གཉིས་ཀྱི་ཟག་པ་འཕེལ་བར་མི་འགྱུར་བ་སྟེ། གཉིས་གང་ཞེ་ན། ལྟུང་བ་མི་འབྱིན་པ་གང་ཡིན་པ་དང་། ལྟུང་བ་བྱུང་ནས་ཆོས་བཞིན་དུ་ཕྱིར་འཆོས་པ་གང་ཡིན་པའོ། །འཆར་ཀ་
ཁྱོད་ལྟུང་བ་འདི་བཤགས་ཤིང་སོ་སོར་བཤགས་པས་མི་རྟག་པའི་འདུ་ཤེས་དང་། མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང་། སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་དང་། ཟས་ལ་མི་མཐུན་པའི་འདུ་ཤེས་དང་། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་
དང་། ཉེས་དམིགས་ཀྱི་འདུ་ཤེས་དང་། སྤོང་བའི་འདུ་ཤེས་དང་། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང་། འགོག་པའི་འདུ་ཤེས་དང་། འཆི་བའི་འདུ་ཤེས་དང་། མི་སྡུག་པའི་འདུ་ཤེས་དང་། རྣམ་པར་བསྔོས་པའི་འདུ་ཤེས་དང་། རྣམ་པར་རྣགས་པའི་འདུ་ཤེས་དང་།
རྣམ་པར་བམ་པའི་འདུ་ཤེས་དང་། རྣམ་པར་གཞིགས་པའི་འདུ་ཤེས་དང་། རྣམ་པར་ཟོས་པའི་འདུ་ཤེས་དང་། རྣམ་པར་དམར་བའི་འདུ་ཤེས་དང་། རྣམ་པར་འཐོར་བའི་འདུ་ཤེས་དང་། རུས་གོང་གི་འདུ་ཤེས་དང་། སྟོང་པ་ཉིད་དུ་སོ་སོར་རྟོགས་པའི་འདུ་ཤེས་ཀྱི་འོས་སུ་གྱུར་པ་
Vol. 163 · folio 297b
ཡིན། བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་
དང་། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། རྫུ་འཕྲུལ་གྱི་ཡུལ་དང་། ལྷའི་རྣ་བ་དང་། སེམས་ཀྱི་རྣམ་གྲངས་དང་། སྔོན་གྱི་གནས་དང་། འཆི་འཕོ་དང་། སྐྱེ་བ་དང་། འབྲས་བུའི་མཆོག་དགྲ་བཅོམ་པའི་
འོས་སུ་གྱུར་པ་ཡིན་ནོ། །འཆར་ཀ་ལྟུང་བ་འདི་བཤགས་ཤིང་སོ་སོར་བཤགས་པས་འགྲོ་བ་གཉིས་པོ་ལས་གང་ཡང་རུང་བ་ཞིག་ཁྱོད་ཀྱི་འགྲོ་བ་ཡིན་པར་ཤེས་པར་བྱ་སྟེ། ལྷའམ་མིའོ། །བཅོམ་ལྡན་འདས་ཀྱིས་ཀྱང་ལས་ཀྱི་མཐའ་མི་འཆབ་པའི་འགྲོ་བ་ནི་གཉིས་ཏེ་ལྷའམ་མིའོ། །
གང་དག་ངས་བཤད་པ་ལ་ཡིད་ཆེས་པ་དེ་དག་ནི་འཆབ་པར་མི་སེམས་སོ་ཞེས་གསུངས་སོ། །ཡང་གསུངས་པ། །བཅབས་པ་ཆར་པ་བཞིན་དུ་འབབ། །བཤགས་པས་ཆར་བཞིན་འབབ་མི་འགྱུར། །དེ་ལྟ་བས་ན་བཤགས་པར་བྱ། །དེ་ལྟས་ཆར་བཞིན་དེ་མི་འབབ། །ཅེའོ། །
ཚེ་དང་ལྡན་པ་འཆར་ཀ་ཁྱོད་ཕྱུང་ཟིན་གྱིས་བག་ཡོད་པར་སྒྲུབས་ཤིག་ཅེས་གསུངས་པ་ཡིན་ནོ། །གང་གི་ཚེ་གཟེངས་བསྟོད་པ་དེ་བྱ་ཞེ་ན་དེའི་ཕྱིར་བརྗོད་པ་བྱས་མ་ཐག་ཏུའོ་ཞེས་བྱ་བ་སྨྲས་ཏེ། ཕྱུང་ལགས་ཏེ་འདི་ལྟར་ཅང་མི་གསུང་པས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བའི་ཚིག་བརྗོད་
པར་བྱས་མ་ཐག་ཏུའོ་ཞེས་བྱ་བའི་ཐ་ཚིག་གོ། །ཕྱིར་བཅོས་པའི་གཞི་གཞིར་གཏོགས་པའོ་ཞེས་བྱ་བ་དེ་འདུལ་བའི་གཞིའི་སྐབས་སུ་གཏོགས་པ་བཤད་ཟིན་ཏོ།། །།ད་ནི་ཕྱིར་བཅོས་པའི་གཞི་ཞུ་བའི་སྐབས་བསྡུ་བའི་ཕྱིར་ཚུལ་ཁྲིམས་འཆལ་པ་བསྐྲད་པར་བྱའོ་ཞེས་བྱ་བ་ནི་
སྨྲས་ཏེ། འདིར་ཚུལ་ཁྲིམས་འཆལ་པ་ཞེས་བྱ་བ་ནི་ཕམ་པར་གྱུར་པ་ཡིན་པར་ཤེས་པར་བྱའོ། །འདི་ལ་དགེ་འདུན་དབང་ངོ་ཞེས་བྱ་བ་ནི། ཚུལ་ཁྲིམས་འཆལ་པ་བསྐྲད་པ་འདི་ལ་དགེ་འདུན་དབང་བ་ཉིད་དེ། གཙུག་ལག་ཁང་གི་བྱ་བ་ནི་ཚོགས་ལ་རག་ལུས་པ་ཉིད་ཡིན་པའི་
Vol. 163 · folio 298a
ཕྱིར་དེ་ལ་དགེ་འདུན་དབང་བ་ཉིད་ཡིན་ནོ། །འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུལ་ཁྲིམས་འཆལ་པ་བསྐྲད་པར་བྱའོ་ཞེས་བཀའ་སྩལ་ན། གང་གིས་བསྐྲད་པར་བགྱི། དགེ་འདུན་གྱིས་སོ་ཞེས་གསུངས་པ་ཡིན་ནོ། །དེས་དེ་ཡལ་བར་མི་དོར་རོ་ཞེས་བྱ་བ་ནི། དགེ་འདུན་
དེས་ཚུལ་ཁྲིམས་འཆལ་པ་བསྐྲད་པ་དེ་ཡལ་བར་མི་དོར་བ་སྟེ་དགེ་འདུན་གྱིས་དེ་ལ་འབད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །བསྙིལ་བ་ལ་བཟོད་པར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། དགེ་ཚུལ་བསྙིལ་བའི་ལས་བྱས་པ་ལ་ཇི་ལྟར་ནན་ཐུར་བྱས་པ་གཞན་དག་ལ་བཟོད་པར་བྱ་བ་དེ་བཞིན་དུ་དེ་ལ་ཡང་
བཟོད་པར་བྱ་བ་ཉིད་ཡིན་ནོ། །འདིར་གཞུང་ནི་དགེ་ཚུལ་བསྙིལ་བ་སྡུད་པའི་ལྟུང་བྱེད་ཀྱི་ཞུ་བ་ལས་དགེ་འདུན་གྱིས་དགེ་ཚུལ་བསྙིལ་བའི་ལས་ཀྱིས་བསྙིལ་བར་གྱུར་ཅིང་དེ་ཡང་འབྱུང་བར་བསྐྱོད་ན་བཟོད་པར་བགྱི་འམ། བཟོད་པར་མི་བགྱི། བཟོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ནན་
ཐུར་བྱེད་པ་དེ་དག་གིས་མ་བསྐོས་ན་ནན་ཐུར་བྱས་པ་ལ་བཟོད་པ་མི་འཆགས་སོ་ཞེས་བྱ་བ་ནི། ནན་ཐུར་བྱེད་པའི་དགེ་སློང་རྣམས་ཀྱིས་ནན་ཐུར་བྱས་པའི་གང་ཟག་དེ་ལ་བཟོད་པ་གྱིས་ཤིག་ཅེས་མ་བསྐོས་པར་དགེ་སློང་གཞན་གྱིས་དེ་ལ་བཟོད་པ་ལེན་པར་བྱེད་པ་མི་འཆགས་པ་སྟེ། གལ་ཏེ་
དགེ་སློང་གཞན་དག་ནན་ཐུར་བྱས་པ་དེ་ལ་བཟོད་པ་བྱེད་འདོད་ན་ཅི་ནས་ཀྱང་ནན་ཐུར་བྱེད་པ་དག་གིས་དེར་བསྐོས་པ་ཉིད་དུ་འགྱུར་བ་དེ་ལྟར་བྱ་ཞིང་དེ་ལ་བཟོད་པར་བྱའོ། །བསྐྲད་པས་སུན་ཕྱུང་བའི་གནས་སུ་གནས་པར་མི་བྱ་བ་ཉིད་དོ་ཞེས་བྱ་བ་ནི། ཁྱིམ་སུན་འབྱིན་པ་བསྐྲད་པ་ཉིད་ཀྱི་
གནས་གང་སུན་ཕྱུང་བར་གྱུར་པའི་སྤྱོད་ཡུལ་གྱིས་གནས་དེར་དེས་གནས་པར་མི་བྱ་བ་ཉིད་དེ། དེས་དེ་དག་ནི་མ་དད་པ་ཡོངས་སུ་སྤང་བའི་ཕྱིར་གཞན་དུ་འགྲོ་བར་བྱའོ། །འདིར་གཞུང་ནི་རྣམ་པར་འབྱེད་པ་ལས་ཚེ་དང་ལྡན་པ་ཁྱོད་གནས་འདི་ནས་སོང་ཤིག་ཅེས་བྱ་བ་དང་། དགེ་སློང་བྲམ་
ཟེའི་བུ་མོས་ཞུས་པ་ལས་ཀྱང་བསྐྲད་པ་ཞེས་བྱ་བའི་དོན་ཅི་ལགས་ཉེ་བ་འཁོར་ལས་དེའི་མིང་ཡིན་ཏེ། འོན་ཀྱང་བསྐྲད་པར་བྱ་བ་ནི་དགེ་སློང་ཁྱིམ་སུན་འབྱིན་པ་གང་ཡིན་པ་དེ་ལ་བྱ་སྟེ་དེ་འདིར་གནས་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །གནས་ནས་ཕྱུང་བ་ཐམས་ཅད་ལ་གནས་པར་
Vol. 163 · folio 298b
བྱ་བ་མ་ཡིན་པ་ཉིད་དང་ལོངས་སྤྱོད་པར་བྱ་བ་མ་ཡིན་པ་ཉིད་དོ་ཞེས་བྱ་བ་ནི། ལྷན་ཅིག་གནས་པར་བྱ་བ་ཉིད་མ་ཡིན་པ་དང་། ལྷན་ཅིག་ལོངས་སྤྱོད་པ་མ་ཡིན་པ་ཉིད་ཅེས་བྱ་བ་དེ་གཉིས་ནི་གནས་ནས་ཕྱུང་བ་ཐམས་ཅད་ལ་རིག་པར་བྱའི། ལྟ་བའི་རྣམ་པ་མི་གཏོང་བ་ཉིད་ཀྱི་གནས་ནས་
ཕྱུང་བ་འབའ་ཞིག་ལ་དེ་གཉིས་རིག་པར་བྱ་བར་མ་ཟད་དོ། །དེ་ཡང་བསྐྲད་པར་བྱ་བ་ཡིན་ནོ། །འདིར་གཞུང་ནི། དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས་གནས་ནས་ཕྱུང་བ་གྲོགས་དང་བཅས་པར་བརྗོད་པར་བགྱིའམ། གྲོགས་མ་མཆིས་པར་བརྗོད་པར་བགྱི། གནས་
ནས་ཕྱུང་བ་ཐམས་ཅད་གཅིག་པུ་གྲོགས་མེད་པ་གཉིས་པ་མེད་པར་བརྗོད་པར་བྱའོ། །གནས་ནས་ཕྱུང་བ་ལོངས་སྤྱོད་དང་བཅས་པར་བརྗོད་པར་བགྱིའམ། ལོངས་སྤྱོད་མ་མཆིས་པར་བརྗོད་པར་བགྱི། གནས་ནས་ཕྱུང་བ་ཐམས་ཅད་ལོངས་སྤྱོད་མེད་པར་བརྗོད་པར་བྱའོ་ཞེས་གསུངས་པ་
ཡིན་ནོ། །འདི་ལ་འདུ་ཤེས་ཀྱི་རྣམ་པར་གཞག་གོ་ཞེས་བྱ་བ་ནི། གནས་ནས་ཕྱུང་བ་སྤང་བ་འདི་ལ་འདུ་ཤེས་ཀྱི་རྣམ་པར་གཞག་པ་སྟེ། གང་གིས་འདི་གནས་ནས་ཕྱུང་བ་ཡིན་ནོ་ཞེས་བྱ་བར་ཤེས་ལ་དེ་མི་སྤོང་བ་དེ་ལ་ཉེས་པ་འདིར་འགྱུར་གྱི་མི་ཤེས་པ་ལ་ནི་མ་ཡིན་ནོ། །འདིར་གཞུང་ནི།
གང་གིས་གནས་ནས་ཕྱུང་བར་ཤེས་པ་དེས་ལྷན་ཅིག་གནས་པ་དང་། ལྷན་ཅིག་ལོངས་སྤྱོད་པར་མི་བྱའི། གང་གིས་གནས་ནས་ཕྱུང་བར་མི་ཤེས་པ་དེས་ལྷན་ཅིག་གནས་པ་དང་ལྷན་ཅིག་ལོངས་སྤྱད་པ་དག་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །ཡོངས་སུ་སྤང་བར་བྱ་བ་ཐམས་
ཅད་ཡོངས་སུ་སྤང་བ་དག་ལ་ཡང་འདིའི་རྗེས་སུ་འབྲང་བའི་རྣམ་པ་ཉིད་རིག་པར་བྱའོ། །བྱ་བ་ཉིད་ན་དེ་གཉིས་ཆོས་མ་ཡིན་པའི་ཕྱོགས་དང་ཅིག་ཤོས་སུ་ཡིན་གྱི་ཅིག་ཤོས་དང་ནི་མ་ཡིན་ནོ་ཞེས་བྱ་བ་ནི། ལས་བྱེ་བ་དང་། འཁོར་ལོ་བྱེ་བ་དག་ལས་གང་ཡང་རུང་བ་བྱེ་བ་ཉིད་ན་གནས་པར་བྱ་བ་མ་
ཡིན་པ་ཉིད་དང་ལོངས་སྤྱད་པར་བྱ་བ་མ་ཡིན་པ་ཉིད་དེ་གཉིས་ཆོས་མ་ཡིན་པའི་ཕྱོགས་དང་ཅིག་ཤོས་ཆོས་ཀྱི་ཕྱོགས་སུ་ལྷན་ཅིག་མི་བྱ་བ་ཡིན་གྱི། ཆོས་ཀྱི་ཕྱོགས་ཅིག་ཤོས་དང་ཆོས་མ་ཡིན་པའི་ཕྱོགས་སུ་ལྷན་ཅིག་བྱར་མི་རུང་བ་ནི་མ་ཡིན་ཏེ། ཆོས་ཀྱི་ཕྱོགས་ལ་ནི་ཉེས་པ་མེད་
Vol. 163 · folio 299a
པའི་ཕྱིར་རོ། །འདིར་གཞུང་ནི་ཁས་བླངས་པ་དག་ཁས་མ་བླངས་པ་དག་དང་ལྷན་ཅིག་ལོངས་སྤྱོད་པར་བྱེད་ན་ཉེས་བྱས་སོ། །ཁས་མ་བླངས་པ་དག་ཁས་བླངས་པ་དང་ལྷན་ཅིག་ལོངས་སྤྱོད་པར་བྱེད་པ་ལ་ནི་ལྷུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །ནན་ཐུར་བྱས་
པ་གཞན་དག་ལ་དེ་གཉིས་མི་བྱའོ་ཞེས་བྱ་བ་ནི། གནས་ནས་ཕྱུང་བ་ལས་གཞན་པའི་ནན་ཐུར་བྱས་པ་བསྡིགས་པ་དང་སྨད་པ་དང་བསྐྲད་པ་དང་ཕྱིར་འགྱེད་པ་བྱས་པའི་ཡུལ་དག་ལ་ལྷན་ཅིག་གནས་པར་མི་བྱ་བ་ཉིད་དང་ལྷན་ཅིག་ལོངས་སྤྱད་པར་མི་བྱ་བ་ཉིད་དེ་གཉིས་མི་བྱ་བའོ། །
འདིར་གཞུང་ནི་བསྡིགས་པའི་ལས་བགྱིས་པ་ལ་སྨད་པའི་ལས་བགྱིད་ན་བགྱིས་པར་བརྗོད་པར་བགྱིའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱས་པར་བརྗོད་པར་བྱ་སྟེ། བསྡིགས་པའི་ལས་ནི་བག་ཡངས་སུ་གྱུར་ཏོ་ཞེས་བྱ་བ་ལ་སོགས་པས། གནས་ནས་ཕྱུང་བ་
ལས་གཞན་པའི་ནན་ཐུར་བྱས་པ་དག་ལ་ནན་ཐུར་གཞན་འཆགས་པར་གསུངས་ནས་གནས་ནས་ཕྱུང་བ་ལ་བསྡིགས་པའི་ལས་བགྱིད་ན་བགྱིས་པར་བརྗོད་པར་བགྱིའམ། ཉེ་བ་འཁོར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་ལོངས་མི་སྤྱད་པར་བྱ་བའི་ཕྱིར་སོང་བ་ཡིན་པའི་ཕྱིར་རོ། །དེ་བཞིན་
དུ་གནས་ནས་ཕྱུང་བ་ལ་སྨད་པ་དང་བསྐྲད་པ་དང་ཕྱིར་འགྱེད་པའི་ལས་བགྱིད་ན་བགྱིས་པར་བརྗོད་པར་བགྱིའམ། ཉེ་བ་འཁོར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་ལོངས་མི་སྤྱད་པར་བྱ་བའི་ཕྱིར་སོང་བ་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ཏེ། དེའི་ཕྱིར་མདོ་འདི་བྱས་སོ། །དེས་འགྲོགས་
བཤེས་ལ་བརྟེན་ཏེ་གནས་པར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། ནན་ཐུར་བྱས་པ་དེས་འགྲོགས་བཤེས་ལ་བརྟེན་ཏེ་གནས་པར་བྱ་བ་ཉིད་ཡིན་པ་སྟེ། ཆད་པ་དང་བཅས་པ་ཉིད་ལ་ཡང་དེ་ལྟར་འགྱུར་རོ། །འདིར་གཞུང་ནི་མི་གནས་པར་འདུག་པར་མི་བྱའོ་ཞེས་གསུངས་པ་དེའི་དོན་ཅི་ལགས། གང་
ཟག་གང་ལ་ལ་འགྲོགས་བཤེས་སམ་གུས་པའམ་ངོ་ཚ་ཤེས་པའམ་ཡིད་དུ་འཐད་པའི་སེམས་ཉེ་བར་གནས་པར་ཡོད་པ་དེ་ལ་གནས་ཏེ་འདུག་པར་བྱའོ་ཞེས་གསུངས་པའི་གཞུང་གནང་བ་ཡིན་ནོ། །ནན་ཐུར་བྱ་བས་སམ་ཉམས་པ་བསྐྲད་པར་བྱ་བས་འགྱུར་བ་བརྟེན་ན་ཡོ་བྱད་ཀྱང་ཕྱུང་སྟེ་
Vol. 163 · folio 299b
དོར་རོ་ཞེས་བྱ་བ་ནི། དགེ་སློང་གང་ལ་ནན་ཐུར་བྱ་བ་དེས་སམ། ཚུལ་ཁྲིམས་འཆལ་པ་ཉམས་པ་ལ་བསྐྲད་པར་བྱ་བ་དེས་ངོམ་ཟུང་དང་ཁྲོ་བོ་ལ་སོགས་པར་འགྱུར་བ་བསྟན་ན་དེའི་ཚེ་དེའི་ཡོ་བྱད་ཀྱང་ཕྱུང་སྟེ་དོར་བར་བྱའོ། །མཐུས་བསྐྲད་པར་བྱའོ་ཞེས་བྱ་བ་ནི། སྔར་བསྟན་པའི་གང་ཟག་
ནན་ཐུར་བྱ་བ་དང་། ཚུལ་ཁྲིམས་འཆལ་པ་དེ་གཉིས་སོ། །འཇུས་པ་གཅད་པར་བྱའོ་ཞེས་བྱ་བ་ནི། གང་ཟག་དེ་གཉིས་བསྐྲད་པ་ན་ཀ་བ་ལ་སོགས་པ་གང་ལ་འཇུས་པ་དེ་ཡང་གཅད་པར་བྱའོ། །དེ་རྡིབ་པའི་ཆོས་མ་ཡིན་ན་དབྱུང་ངོ་ཞེས་བྱ་བ་ནི། གང་ལ་འཇུས་པ་གཅད་པར་བྱ་བ་དེ་རྡིབ་
པར་འགྱུར་བ་ཉིད་མ་ཡིན་ན་དབྱུང་བར་བྱའོ། །འདིར་གཞུང་ནི། དེ་ལ་ཀ་བ་གཅད་པར་བྱ་སྒོ་སྐྱེས་དབྱུང་བར་བྱའོ་ཞེས་གསུངས་པ་ཡིན་ཏེ། དེའི་ཕྱིར་མདོ་དེ་གཉིས་བྱས་སོ། །དེ་དགེ་འདུན་གྱིས་ཕྱིར་བཅོས་སོ་ཞེས་བྱ་བ་ནི། བཅད་པ་དང་ཕྱུང་བ་དེ་དགེ་འདུན་གྱིས་ཕྱིར་བཅོས་པར་བྱའི།
གང་གི་ཕྱིར་བཅད་པ་དང་ཕྱུང་བ་དེས་ནི་མ་ཡིན་ནོ། །ཇི་ལྟར་ཞེ་ན་དེའི་ཕྱིར། བཅོལ་ཏེའོ་ཞེས་བྱ་བ་སྨྲས་ཏེ། སྦྱིན་བདག་ལའོ། །མ་གྲུབ་ན་གཙུག་ལག་ཁང་གི་རྫས་ཀྱིས་སོ་ཞེས་བྱ་བ་ནི། བཅོལ་ཏེ་མ་གྲུབ་ན་གཙུག་ལག་ཁང་གི་རྫས་ཀྱིས་ཕྱིར་བཅོས་པར་བྱ་བའོ། །འཐབ་ཀྲོལ་བྱེད་པ་
བསྐྲད་པ་ན་གཟུང་བར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་འཐབ་ཀྲོལ་བྱེད་པ་གཙུག་ལག་ཁང་ནས་བསྐྲད་པ་དང་། དགེ་སློང་གཞན་གྱིས་ཕྱིར་གཟུང་བར་མི་བྱ་བ་སྟེ། དེ་ནི་ཕྲན་ཚེགས་དག་ལས་འབྱུང་ངོ་། །འཐབ་ཀྲོལ་ལ་འབད་པས་མ་ལོག་ན་ཉེ་བར་ཞི་བར་བྱ་བའི་ཕྱིར་གནས་ནས་དབྱུང་
བར་བྱའོ་ཞེས་བྱ་བ་ནི། འཐབ་ཀྲོལ་བྱེད་པ་ལ་བསྡིགས་པས་ཉེས་པར་ཞི་བར་བྱ་བའི་ཕྱིར་གནས་ནས་དབྱུང་བར་བྱའོ་ཞེས་བྱ་བ་ནི། འཐབ་ཀྲོལ་བྱེད་པ་ལ་བསྡིགས་པས་ཉེ་བར་ཞི་བར་བྱ་བ་བརྩམས་ཤིང་འབད་པས་འཐབ་ཀྲོལ་མ་ལོག་ཅིང་མ་བཏང་ན་ཉེ་བར་ཞི་བར་བྱ་བའི་ཕྱིར་དེ་གནས་ནས་
དབྱུང་བའི་ལས་བྱའོ། །ཡང་དང་ཡང་དུ་དོན་གཞན་དང་གཞན་གྱི་ཕྱིར་འཐབ་ཀྲོལ་སྐྱེད་པར་བྱེད་པ་ཉིད་ལ་ནི་བསྡིགས་པའི་ལས་བྱའོ། །མི་གཏོང་བ་ལ་ནི་གནས་ནས་དབྱུང་བའི་ལས་བྱ་སྟེ། དེ་གཉིས་ཀྱི་ཡུལ་གྱི་བྱེ་བྲག་ནི་དེ་ཡིན་ནོ། །འདིར་གཞུང་ནི་གླེང་གཞི་དག་ལས། བཅོམ་
Vol. 163 · folio 300a
ལྡན་འདས་ཀྱིས་བཀའ་སྩལ་པ། འཐབ་ཀྲོལ་བྱེད་པ་དག་བཟློག་པར་བྱའོ། །དེ་དག་མི་བཟློག་པ་ན་མི་འཁོད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་བཟློག་པ་ན་མི་འཁོད་ན་གནས་ནས་དབྱུང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །རྣམ་པར་གཏན་
ལ་འབེབས་པ་ལས་གྱུར་པ་ལ་ཉེ་བར་ཞི་བས་སོ་ཞེས་བྱ་བ་ནི། འདི་ནི་འདི་ལྟ་བུ་ཡིན་ནོ། །འདི་ནི་འདི་ལྟ་བུ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་དངོས་པོའི་རང་གི་ངོ་བོ་ངེས་པར་འཛིན་པ་ནི་རྣམ་པར་གཏན་ལ་འབེབས་པ་སྟེ། དེ་ལས་གྱུར་པའི་འཐབ་ཀྲོལ་འོག་ནས་འབྱུང་བའི་རྩོད་པ་ཉེ་བར་
ཞི་བར་བྱ་བས་མི་ལྡོག་ན་ཉེ་བར་ཞི་བར་བྱ་བའི་ཕྱིར་གནས་ནས་དབྱུང་བའི་ལས་བྱའོ། །གནས་པ་ལ་གནས་ཀྱིས་འབད་པར་བྱའོ་ཞེས་བྱ་བ་ནི། སློབ་མ་དང་ཉེ་གནས་ཀྱི་རྣམ་པར་གཏན་ལ་འབེབས་པ་ལས་གྱུར་པའི་འཐབ་མོ་ལ་མཁན་པོ་དང་སློབ་དཔོན་གྱིས་ཡལ་བར་མི་འདོར་བར་འབད་
པར་བྱ་བ་སྟེ། འདི་ལྟར་དེས་གཞན་ལ་བཅོལ་བས་འབད་པར་བྱ་བའམ་རང་གིས་བྱ་བས་ཀྱང་རུང་ངོ་། །འཐབ་ཀྲོལ་གྱི་རྒྱུ་ཉེ་བར་སྒྲུབ་པ་ཡང་གནས་ནས་དབྱུང་བར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། མི་གཏོང་ན་ཞེས་བྱ་བར་སྦྱར་ཏེ། འདིར་འཐབ་ཀྲོལ་གྱི་རྒྱུ་ཞེས་བྱ་བ་ནི། འཐབ་ཀྲོལ་བསྐྱེད་པའི་གཞི་
བདེན་ཡང་རུང་བརྫུན་ཡང་རུང་བ་སྟེ་འཐབ་ཀྲོལ་གྱི་རྒྱུ་ཉེ་བར་སྒྲུབ་པར་བྱེད་པ་གང་ཡིན་པ་སྟེ། འཐབ་ཀྲོལ་གྱི་རྒྱུ་ཉེ་བར་སྒྲུབ་པ་ལས་བཟློག་པའི་ཕྱིར་འབད་པས་མ་ལོག་ན་དེ་ལ་ཡང་གནས་ནས་དབྱུང་བའི་ལས་བྱ་བ་ཉིད་ཡིན་གྱི་འཐབ་ཀྲོལ་བྱེད་པ་འབའ་ཞིག་ལས་བྱ་བར་མ་ཟད་དོ། །དགེ་སློང་མ་རྣམས་
དང་འདྲེ་ཞིང་གནས་པ་ལ་ཡང་གནས་ནས་དབྱུང་བར་བྱའོ་ཞེས་བྱ་བ་ཡང་མི་གཏོང་ན་ཞེས་བྱ་བར་སྦྱར་ཏེ། འདིར་འདྲེ་ཞིང་གནས་པ་ཞེས་བྱ་བ་ནི། ཡང་དང་ཡང་དུ་སྡེ་ཞིང་གནས་པ་སྟེ། དགེ་སློང་གྲེ་སྐྱེས་ལྟ་བུའོ། །དགེ་སློང་གང་དགེ་སློང་མ་རྣམས་དང་ལྷན་ཅིག་འདྲེ་ཞིང་གནས་པ་ལ་
འབད་པས་བཟློག་ཀྱང་མི་གཏོང་ན་དེ་ལ་ཡང་གསོལ་བ་དང་བཞིའི་ལས་ཀྱིས་གནས་ནས་དབྱུང་བར་བྱའི། གཞན་དག་ལ་བྱ་བ་འབའ་ཞིག་ཏུ་མ་ཟད་དོ། །དེའི་སྔགས་ནི་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་གྲེ་སྐྱེས་འདི་དགེ་སློང་མ་རྣམས་དང་ལྷན་ཅིག་འདྲེ་ཞིང་
Vol. 163 · folio 300b
གནས་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་གྲེ་སྐྱེས་དགེ་སློང་མ་རྣམས་དང་ལྷན་ཅིག་འདྲེ་ཞིང་གནས་པ་ལ་གནས་པས་དབྱུང་བའི་ཕྲིན་ལས་མཛད་དོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་
པ་གསུངས་པ་ཡིན་ནོ། །འདིས་གནས་ནས་ཕྱུང་བ་ལ་དགེ་སློང་མས་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བྱའོ་ཞེས་བྱ་བ་ནི། དགེ་སློང་མ་དང་འདྲེ་ཞིང་གནས་པའི་བདག་ཉིད་ཀྱི་རྒྱུ་འདིས་གནས་ནས་ཕྱུང་བའི་དགེ་སློང་ལ་དགེ་སློང་མ་རྣམས་ཀྱིས་ཀྱང་གསོལ་བ་དང་གཉིས་ཀྱི་ལས་
ཀྱིས་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་སྦྱིན་པར་བྱའོ། །དེའི་སྔགས་ནི་དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། །འཕགས་པ་དགེ་སློང་གྲེ་སྐྱེས་དགེ་སློང་མ་རྣམས་དང་ལྷན་ཅིག་འདྲེ་ཞིང་གནས་པས་དགེ་སློང་གི་དགེ་འདུན་གྱིས་གནས་ནས་དབྱུང་བའི་འཕྲིན་ལས་མཛད་ལགས་
ཏེ། དེའི་སླད་དུ་དགེ་འདུན་འཕགས་མ་རྣམས་ཀྱིས་འཕགས་པ་དགེ་སློང་གྲེ་སྐྱེས་གནས་ནས་དབྱུང་བའི་འཕྲིན་ལས་མཛད་ལགས་པ་ལ་ཕྱག་བགྱི་བའི་འོས་མ་ལགས་པའི་སྡོམ་པ་གསོལ་ན། གལ་ཏེ་དགེ་འདུན་འཕགས་མའི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་འཕགས་མ་རྣམས་
ཀྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་འཕགས་མ་རྣམས་ཀྱིས་འཕགས་པ་དགེ་སློང་གྲེ་སྐྱེས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པ་ལ་ཕྱག་བགྱི་བའི་འོས་མ་ལགས་པའི་སྡོམ་པ་སྩོལ་ཏོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། །།
བམ་པོ་དྲུག་ཅུ་གསུམ་པ། ནན་ཐུར་གྱི་རྒྱུ་གཞན་ལ་དེའི་དོན་དུ་བསམ་པས་གཞན་བྱེད་པ་ནི་འཆགས་སོ་ཞེས་བྱ་བ་ནི། ནན་ཐུར་གྱི་རྒྱུ་གཞན་ལ་ཞེས་བྱ་བ་བསྡིགས་པའི་ནན་ཐུར་གྱི་རྒྱུ་འཐབ་ཀྲོལ་བྱེད་པ་ཉིད་གང་ཡིན་པ་དེ་ལའོ། །དེའི་དོན་དུ་བསམ་པས་ཞེས་བྱ་བ་ནི། ནན་ཐུར་གྱི་རྒྱུ་ཉེ་
བར་གནས་པ་དེའི་བདག་ཉིད་ཀྱི་རང་གི་ངོ་བོར་གྱུར་པའི་དོན་གང་ཡིན་པ་དེ་ནི་དེའི་དོན་ཏོ། །དེར་བསམ་པ་གང་ཡིན་པ་དེ་ནི་དེའི་དོན་དུ་བསམ་པ་སྟེ། ནན་ཐུར་གྱི་རྒྱུ་ཉེ་བར་གནས་པ་དེའི་དོན་དུ་བསམ་པས་ཞེས་བྱ་བའི་ཐ་ཚིག་གོ། །གཞན་བྱེད་པ་ཞེས་བྱ་བ་ནི་བསྡིགས་པའི་ནན་ཐུར་གྱི་ལས་
Vol. 163 · folio 301a
ཀྱི་རྒྱུ་འཐབ་ཀྲོལ་བྱེད་པ་ཉིད་གང་ཡིན་པ་དེ་ལ་དེའི་དོན་དུ་བསམ་པས་དེའི་མིང་དང་ཚིག་ལས་གཞན་པས་སྒྲ་བསྐྲད་པའི་ནན་ཐུར་གྱི་ལས་བྱ་བའི་རྒྱུ་ཁྱིམ་སུན་འབྱིན་པ་ཉིད་གང་ཡིན་པའི་མིང་དང་ཚིག་གི་སྒྲ་གང་ཡིན་པ་བརྗོད་པའོ། །འཆགས་སོ་ཞེས་བྱ་བ་ནི། གཞན་
གྱིས་མིང་དང་ཚིག་གི་སྒྲ་བརྗོད་པ་དེས་བསྡིགས་པའི་ནན་ཐུར་གྱི་ལས་བྱ་བའི་རྒྱུ་འཐབ་ཀྲོལ་བྱེད་པ་ཉིད་གང་ཡིན་པ་དེ་བརྗོད་པའི་ལས་འཆགས་པ་སྟེ། དེས་བསྡིགས་པའི་ལས་ཉིད་འཆགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་བསྟན་ཏེ། གལ་ཏེ་བསྡིགས་པའི་ནན་ཐུར་གྱི་རྒྱུ་ཉེ་བར་གྱུར་
ལ། དེའི་དོན་དུ་བསམ་པས་བསྐྲད་པ་ལ་སོགས་པའི་མིང་གིས་ནན་ཐུར་གྱི་ལས་བྱེད་ན་དེ་ལྟ་ན་ཡང་བསྡིགས་པའི་ནན་ཐུར་གྱི་ལས་ཉིད་འཆགས་པར་འགྱུར་རོ། །གཞན་དུ་ན་མི་འཆགས་སོ་ཞེས་བྱ་བ་ནི། དེའི་དོན་དུ་བསམ་པ་མེད་པས་ནི་མི་འཆགས་པ་སྟེ། དེའི་མིང་གི་དོན་འདོད་པ་ཉིད་
དུ་མི་སེམས་ན་ནན་ཐུར་གྱི་རྒྱུ་ཉེ་བར་གནས་པ་དེའི་ལས་མི་འཆགས་སོ། །འདི་སྐད་བསྟན་ཏེ། ནན་ཐུར་གྱི་རྒྱུ་ཉེ་བར་གནས་པ་དེའི་མིང་དང་དེའི་བརྗོད་པས་དོན་དེ་ལ་ནན་ཐུར་གྱི་ལས་གཞན་གྱི་མིང་དང་དོན་དུ་བརྗོད་པ་ན་སྔ་མ་ཉིད་ཡིན་པར་མི་སེམས་པར་གཞན་ཉིད་ཡིན་པར་སེམས་ན་ནི་
ལས་དེ་མི་འཆགས་སོ། །འཐབ་ཀྲོལ་བྱེད་པ་ཉིད་ཀྱི་རྒྱུ་ལ་གང་གི་ཚེ་ནན་ཐུར་གྱི་ལས་བྱེད་པ་དེའི་ཚེ། གལ་ཏེ་བསྡིགས་པའི་སྒྲའི་དོན་དུ་བསམས་ཏེ་བསྐྲད་པའི་ལས་བྱེད་ན་དེས་ནི་བསྡིགས་པའི་ལས་འཆགས་སོ། །ཇི་སྟེ་འཐབ་ཀྲོལ་བྱེད་པ་ཉིད་ཀྱི་རྒྱུ་ལ་བསྐྲད་པའི་དོན་ཉིད་དུ་
བསམས་ཏེ། བསྐྲད་པའི་ལས་བྱེད་ན་དེས་ནི་བསྡིགས་པའི་ལས་མི་འཆགས་སོ། །དེ་ལྟར་ཡང་ཉེ་བ་འཁོར་བསྡིགས་པ་ཡང་གཞན་ལ་སྨད་པ་ཡང་གཞན་བསྐྲད་པ་ཡང་གཞན་ཕྱིར་འགྱེད་པ་ཡང་གཞན་ཁོ་ན་ཡིན་ཏེ། དེ་དག་གི་རྒྱུ་ནི་ཐ་དད་པ་ཉིད་དོ་ཞེས་གསུངས་པ་ཡིན་ནོ། །
གཞན་ལ་ཉམས་སོ་ཞེས་བྱ་བ་ནི། ནན་ཐུར་གཞན་བྱས་པ་ལ་སྔ་མ་ཉམས་པ་ཡིན་ཏེ། གཞན་མི་འཆགས་པ་ནི་མ་ཡིན་ནོ། །འདི་སྐད་བསྟན་ཏེ། ནན་ཐུར་གཞན་བྱས་ན་ནན་ཐུར་སྔར་བྱས་པ་ཉམས་སོ། །འདིར་གཞུང་ནི་དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས་བཙུན་པ་རེ་
Vol. 163 · folio 301b
ཞིག་བསྡིགས་པའི་ལས་བགྱིས་པ་ལ་སྨད་པའི་ལས་བགྱིད་ན་བགྱིས་པར་བརྗོད་པར་བགྱིའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱས་པར་བརྗོད་པར་བྱ་སྟེ། བསྡིགས་པའི་ལས་ནི་བག་ཡངས་སུ་གྱུར་ཏོ། །བཙུན་པ་གནས་ནས་ཕྱུང་བ་ལ་བསྡིགས་པའི་ལས་བགྱིད་ན་
བགྱིས་པར་བརྗོད་པར་བགྱིའམ། ཉེ་བ་འཁོར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་ལོངས་མི་སྤྱོད་པའི་ཕྱིར་སོང་བའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །གནས་ནས་ཕྱུང་བ་ལ་ནི་མི་འཆགས་སོ་ཞེས་བྱ་བ་ནི། གནས་ནས་དབྱུང་བའི་བདག་ཉིད་ཀྱི་ནན་ཐུར་བྱས་པ་ལ་ནི་བསྡིགས་པ་
ལ་སོགས་པའི་ནན་ཐུར་གྱི་ལས་གཞན་མི་འཆགས་པའོ། །སྔ་མ་ཉམས་པར་ཡང་མི་འགྱུར་ཏེ། དེ་ལོངས་མི་སྤྱོད་པའི་ཕྱིར་སོང་བ་ཉིད་ཡིན་པའི་ཕྱིར་རོ། །ཤེས་པ་དང་བསོད་ནམས་ཆེན་པོ་དང་མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་དང་ཐོས་པ་མང་བ་དང་ཕྱོགས་མང་བ་དང་འཁོར་
མང་བ་དག་ལ་ནི་སྦོམ་པོའོ་ཞེས་བྱ་བ་ནི། ཤེས་པ་དང་བསོད་ནམས་ཆེ་བ་དང་མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་པ་དང་མ་མོ་འཛིན་པ་དང་ཐོས་པ་མང་བ་དང་ཕྱོགས་མང་བ་དང་། འཁོར་མང་བ་དང་ཆོས་ཀྱིས་གནས་ནས་འབྱིན་ན་དབྱེན་གྱི་སྐབས་སུ་གཏོགས་པའི་ཉེས་པ་སྦོམ་པོར་
འགྱུར་རོ། །ཐོས་པ་མང་བ་ཞེས་སྨོས་པས་ནི་རྟོག་གེ་དང་སྒྲ་དང་དཔྱོད་པ་ལ་སོགས་པ་དག་ཀྱང་བསྡུས་པ་ཡིན་ནོ། །གལ་ཏེ་དབྱེ་བར་འདོད་པས་གནས་ནས་འབྱིན་ན་ནི་སྦོམ་པོའོ། །དབྱེ་བར་མི་འདོད་པས་གནས་ནས་འབྱིན་ན་ནི་སྦྱོར་བ་ལས་བྱུང་བའི་ཉེས་བྱས་སོ། །ཁྱིམ་པ་ནི་དཔེའོ་
ཞེས་བྱ་བ་ནི། ཁྱིམ་པ་ལ་བརྙས་ཐབས་བྱེད་པ་ལ་ཕྱིར་འགྱེད་པའི་ལས་བྱའོ་ཞེས་གསུངས་པའི་སྐབས་སུ་ཁྱིམ་པ་ཞེས་སྨོས་པ་ནི་དགེ་སློང་ལ་སོགས་པ་ལྔ་པོ་དག་ནི་དཔེ་ཡིན་ནོ། །དགེ་སློང་ལ་སོགས་པ་ལྔ་པོ་དག་ལ་བརྙས་ཐབས་བྱེད་པ་ལ་ཡང་ཕྱིར་འགྱེད་པར་བྱའོ་ཞེས་བྱ་བ་ནི། ཁྱིམ་
པ་ལ་བརྙས་ཐབས་བྱེད་པ་ལ་ཕྱིར་འགྱེད་པའི་ལས་བྱའོ་ཞེས་གང་གསུངས་པ་དེ་ནི་དཔེ་ཙམ་དུ་ཟད་དེ། དགེ་སློང་དང་དགེ་སློང་མ་དང་དགེ་སློབ་མ་དང་དགེ་ཚུལ་དང་དགེ་ཚུལ་མ་དག་ལ་བརྙས་ཐབས་བྱེད་པ་དག་ལ་ཡང་ཕྱིར་འགྱེད་པའི་ལས་བྱ་བ་ཁོ་ན་ཡིན་ནོ། །འདིར་གཞུང་ནི་བཙུན་
Vol. 163 · folio 302a
པ་བཅོམ་ལྡན་འདས་ཀྱིས་དགེ་སློང་ཁྱིམ་པ་ལ་བརྙས་ཐབས་བགྱིད་པ་ལ་ཕྱིར་འགྱེད་པའི་ལས་བྱའོ་ཞེས་གསུངས་ན། བཙུན་པ་དགེ་སློང་ལ་བརྙས་ཐབས་བགྱིད་པར་གྱུར་ན་དེ་ལ་ཡང་ཕྱིར་འགྱེད་པའི་ལས་བགྱིའམ། ཉེ་བ་འཁོར་བྱའོ་ཞེས་བྱ་བ་ལ་སོགས་
པ་གསུངས་པ་ཡིན་ནོ། །ཁྲོ་བ་ནི་བརྙས་ཐབས་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ནི། ཁྲོ་བ་ནི་བརྙས་ཐབས་བྱེད་པ་ཡིན་པས་དེ་ལ་ཡང་ཕྱིར་འགྱེད་པའི་ལས་བྱ་བ་ཉིད་ཡིན་ནོ། །ནན་ཐུར་གྱི་ལས་དག་ལ་ཐུན་མོང་མ་ཡིན་པ་དོགས་པར་མི་བྱའོ་ཞེས་བྱ་བ་ནི། ནན་ཐུར་གྱི་ལས་དག་ལ་
དགེ་སློང་དང་དགེ་སློང་མ་ཐུན་མོང་མ་ཡིན་པར་དོགས་པར་མི་བྱ་སྟེ། དགེ་སློང་མ་རྣམས་ལ་ཡང་ནན་ཐུར་གྱི་ལས་དག་བྱ་བ་ཉིད་ཡིན་ནོ། །རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་ལ་ཡང་དེ་དག་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་ལ་ཡང་ནན་ཐུར་གྱི་ལས་
དག་བྱ་བ་ཉིད་ཡིན་པའོ། །ཁྱིམ་པ་ལ་མི་བྱའོ་ཞེས་བྱ་བ་ནི། ཁྱིམ་པ་ལ་ནན་ཐུར་གྱི་ལས་དག་མི་བྱ་བ་སྟེ། དེ་ལ་དགེ་འདུན་མི་དབང་བའི་ཕྱིར་རོ། །དགེ་སློང་ལ་ཕམ་པར་འགྱུར་བ་ཡང་དག་པ་མ་ཡིན་པས་སྐུར་པ་དང་གཤེ་བ་དང་སྤྱོ་བ་ལ་ལྷུང་བཟེད་ཁས་དབུབ་པར་བྱའོ་ཞེས་བྱ་བ་ནི།
གསོལ་བ་འབའ་ཞིག་གི་ལས་ཀྱིས་ལྷུང་བཟེད་ཁས་དབུབ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །སུ་ལ་ཁས་དབུབ་པར་བྱ་ཞེ་ན། དེའི་ཕྱིར་དགེ་སློང་ལ་ཕམ་པར་འགྱུར་བ་ཡང་དག་པ་མ་ཡིན་པས་སྐུར་པའི་ཁྱིམ་པ་ལའོ་ཞེས་བྱ་བར་སྦྱར་རོ། །འདིར་དགེ་སློང་ཞེས་སྨོས་པ་ནི་ཆོས་འདི་པའི་རབ་ཏུ་བྱུང་
བའི་དཔེ་ཡིན་ནོ། །ཕམ་པར་འགྱུར་བ་ཞེས་སྨོས་པ་ཡང་དཔེ་ཡིན་ཏེ། ཚུལ་ཁྲིམས་ལྷུར་བྱ་བ་ཡིན་གྱི་ལྟུང་བ་ལྷུར་བྱ་བ་ནི་མ་ཡིན་ནོ། །དེས་ན་རབ་ཏུ་བྱུང་ཞིང་བསྙེན་པར་མ་རྫོགས་པ་ལ་སྐུར་པ་འདེབས་པ་ལ་ཡང་ལྷུང་བཟེད་ཁས་དབུབ་པར་བྱའོ། །ཡང་དག་པ་མ་ཡིན་པས་སྐུར་བ་ཞེས་བྱ་བ་
ནི། བརྫུན་གྱིས་སྐུར་པ་འདེབས་པ་སྟེ་དེ་ལའོ། །གཤེ་བ་དང་སྤྱོ་བ་ལ་ཞེས་བྱ་བ་ནི། རབ་ཏུ་བྱུང་བ་འདི་པ་ལ་ཡང་དག་པ་ཡང་རུང་ཡང་དག་པ་མ་ཡིན་པ་ཡང་རུང་བས་གཤེ་བ་དང་སྤྱོ་བར་བྱེད་པས་ཁྱིམ་པ་ལ་ཡང་ལྷུང་བཟེད་ཁས་དབུབ་པར་བྱ་བའོ། །འདིར་གཞུང་ནི་ཆོས་གཉིས་དང་ལྡན་པའི་
Vol. 163 · folio 302b
ཁྱིམ་པ་དག་ལ་ལྷུང་བཟེད་ཁས་དབུབ་པར་བྱ་སྟེ། གཉིས་གང་ཞེ་ན། དགེ་སློང་དག་ལ་གཤེ་བ་དང་སྤྱོ་བར་བྱེད་པ་དང་། དགེ་སློང་དག་པ་ལ་གཞི་མེད་པར་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་འདེབས་པ་ལའོ་ཞེས་གསུངས་པ་ཡིན་ནོ། །ཅི་ཁས་བུབ་ཏུ་གཞག་པས་ཁས་
དབུབ་པར་བྱའམ། འོན་ཏེ་གཞན་གྱིས་ཤེ་ན་དེའི་ཕྱིར་རྣམ་པར་གཞག་པར་བྱ་བས་སོ་ཞེས་བྱ་བ་སྨྲས་ཏེ། འདིར་ལྷུང་བཟེད་བཟེད་པར་མི་བྱའོ་ཞེས་ཁྲིམས་སུ་བཅའ་བ་རྣམ་པར་གཞག་པར་བྱ་བས་ཡིན་གྱི། ལྷུང་བཟེད་ཀྱི་དབྱིབས་ཀྱིས་ནི་མ་ཡིན་ནོ། །རྣམ་པ་གང་གིས་དེ་རྣམ་པར་གཞག་
པར་བྱ་ཞེ་ན་དེའི་ཕྱིར་གསོལ་བས་སོ་ཞེས་བྱ་བ་སྨྲས་ཏེ། གསོལ་བ་འབའ་ཞིག་གི་ལས་ཀྱིས་སོ། །དེའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །ལིཙྪ་བཱི་ཆེན་པོས་ཚེ་དང་ལྡན་པ་གྱད་བུ་ནོར་ལ་ཡང་དག་པ་མ་ལགས་པས་སྐུར་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་
ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་ལིཙྪ་བཱི་ཆེན་པོ་ལ་ལྷུང་བཟེད་ཁས་དབུབ་པར་བགྱིའོ། །འདི་ནི་གསོལ་བའོ་ཞེས་གསུངས་པ་ཡིན་ནོ། །གང་གི་ཕྱིར་དེ་ཁས་ཕུབ་པ་དེའི་དོན་བརྗོད་པར་བྱ་སྟེ། ལྷུང་བཟེད་ཁས་ཕུབ་པའི་ཁྱིམ་དུ་འགྲོ་བར་མི་བྱའོ། །
སྟན་ལ་འདུག་པར་མི་བྱའོ། །སྦྱིན་པར་བྱ་བའི་ཆོས་བཤམས་པ་ལ་ཡོངས་སུ་ལོངས་སྤྱོད་པར་མི་བྱའོ། །བསོད་སྙོམས་བླང་བར་མི་བྱའོ། །ཆོས་བསྟན་པར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། སྦྱིན་པར་བྱ་བའི་ཆོས་བཤམས་པ་ལ་ཡོངས་སུ་ལོངས་སྤྱད་པར་མི་བྱའོ་ཞེས་སྨོས་པས་ནི་གཙུག་
ལག་ཁང་ཡང་སྤང་བར་བྱས་པར་རིག་པར་བྱའོ། །དེ་ལྟར་ཡང་འདིར་གཞུང་ནི། སྦྱིན་པར་བྱ་བའི་ཆོས་སྔར་བཤམས་པ་དག་ལ་ཡོངས་སུ་ལོངས་སྤྱད་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །གང་དུ་ལས་བྱ་བ་དེར་གཏོགས་པ་དག་ལ་ཁས་ཕུབ་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། གནས་ཀྱི་
གཞི་གང་དུ་ལས་བྱ་བ་དེར་གཏོགས་པའི་ཁྱིམ་བདག་རྣམས་ལ་ལྷུང་བཟེད་ཁས་ཕུབ་པ་ཉིད་ཡིན་ནོ། །འདིར་གཞུང་ནི། དགེ་སློང་གིས་ཁྱིམ་བདག་བཞིའི་གནས་བཞི་པོ་དག་ཏུ་ལྷུང་བཟེད་བཞི་ཁས་དབུབ་པར་འགྱུར་བ་མཆིས་སམ། བཀའ་སྩལ་པ་ཡོད་དེ། ཁྲིའམ་ཁྲིའུའམ།
Vol. 163 · folio 303a
ཤིང་ངམ་རེ་ལྡེས་གནས་བཞི་པོ་དག་གི་མཚམས་དག་མནན་ཏེ་ཁས་དབུབ་པར་བྱེད་ནའོ་ཞེས་གསུངས་པ་ཡིན་ནོ། །ཐ་ན་གནས་ནས་ཕྱུང་བ་ཕན་ཆད་རང་གི་ཕྱོགས་དང་མཐུན་པ་མ་ཡིན་པའི་ཁྱིམ་དུ་དེ་མི་འཆགས་སོ་ཞེས་བྱ་བ་ནི། ཐ་ན་གནས་ནས་ཕྱུང་
བ་ཕན་ཆད་ནས་རང་གི་ཕྱོགས་དང་མཐུན་པ་མ་ཡིན་པ་ཚུན་ཆད་ཀྱི་དགེ་སློང་གིས་ཡོན་བདག་གི་ཁྱིམ་དུ་ལྷུང་བཟེད་ཁས་དབུབ་པ་དེ་མི་འཆགས་སོ། །འདིར་གཞུང་ནི་དགེ་སློང་ཁས་བླངས་པ་དག་གིས་ཁས་མ་བླངས་པ་དག་གི་ཁྱིམ་བདག་རྣམས་ཀྱི་ཁྱིམ་དག་ཏུ་ལྷུང་བཟེད་ཁས་དབུབ་
པར་བྱེད་ན་ཁས་མ་ཕུབ་པར་བརྗོད་པར་བྱའོ། །དེ་བཞིན་དུ་གནས་ནས་ཕྱུང་བ་དག་གིས་རང་བཞིན་དུ་གནས་པ་དག་གི་ཁྱིམ་བདག་རྣམས་ཀྱི་ཁྱིམ་དག་ཏུ་ལྷུང་བཟེད་ཁས་དབུབ་པ་བྱེད་ན་ཁས་མ་ཕུབ་པར་བརྗོད་པར་བྱའོ། །དེ་བཞིན་དུ་གནས་པར་མི་བྱ་བ་དག་གིས་ཁྱིམ་བདག་རྣམས་ཀྱི་
ཁྱིམ་དག་ཏུ་ལྷུང་བཟེད་ཁས་དབུབ་པར་བྱེད་ན་ཁས་མ་ཕུབ་པར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་འགའ་ཞིག་གིས་གོ་བར་བྱའོ་ཞེས་བྱ་བ་ནི། ལྷུང་བཟེད་ཁས་ཕུབ་པ་དེ་དགེ་སློང་འགའ་ཞིག་གིས་ཁྱིམ་བདག་དེ་ལ་དགེ་འདུན་གྱིས་ཁྱོད་ལ་ལྷུང་བཟེད་ཁས་ཕུབ་པོ་ཞེས་གོ་བར་
བྱའོ། །བཟོད་པར་གསོལ་བ་དང་ལྡན་ན་གསོལ་བས་བཟློག་པར་བྱའོ་ཞེས་བྱ་བ་ནི། ཁྱིམ་བདག་དེས་དགེ་སློང་གང་ལ་སྐུར་པའམ་གཤེ་བ་དང་སྤྱོ་བ་བྱས་པའི་དགེ་སློང་དེ་ལ་བཟོད་པ་གསོལ་ཟིན་པ་དང་ལྡན་ཞིང་དགེ་འདུན་ལ་ལྷུང་བཟེད་ཕྱིར་བཟློག་པར་གསོལ་བའི་སྔགས་ལན་གསུམ་
ཡང་བརྗོད་ན་དེ་ལ་དགེ་འདུན་གྱིས་གསོལ་བ་འབའ་ཞིག་གི་ལས་ཀྱིས་ལྷུང་བཟེད་ཕྱིར་བཟློག་པར་བྱ་བའོ། །དེ་ལ་གསོལ་བའི་སྔགས་ལན་གསུམ་བཟླས་པ་ནི་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །བདག་ལིཙྪ་བཱི་ཆེན་པོ་མི་དགེ་བའི་གྲོགས་པོས་བསླུས་པས་འཕགས་པ་གྱད་
བུ་ནོར་ལ་ཡང་དག་པ་མ་ལགས་པས་སྐུར་པས་དགེ་འདུན་གྱིས་བདག་ལ་ལྷུང་བཟེད་ཁས་དབུབ་པ་མཛད་དེ། བདག་ལྷུང་བཟེད་ཁས་ཕུབ་པ་དགེ་འདུན་ལས་ལྷུང་བཟེད་སླར་བཟློག་པར་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་ལྷུང་
Vol. 163 · folio 303b
བཟེད་སླར་བཟློག་ཏུ་གསོལ། །ལན་གསུམ་དུ་བཟླས་ཞེས་གསུངས་པ་ཡིན་ནོ། །གསོལ་བ་འབའ་ཞིག་གི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །ལིཙྪ་བཱི་ཆེན་པོ་མི་དགེ་བའི་གྲོགས་པོས་བསླུས་པ་འདིས། ཚེ་དང་ལྡན་པ་གྱད་བུ་ནོར་ལ་ཡང་དག་པར་མ་ལགས་
པས་སྐུར་ཏེ། དགེ་འདུན་གྱིས་དེ་ལ་ལྷུང་བཟེད་ཁས་དབུབ་པ་མཛད་པ་ལས། ལིཙྪ་བཱི་ཆེན་པོ་ལྷུང་བཟེད་ཁས་ཕུབ་པ་དེ། དགེ་འདུན་ལས་ལྷུང་བཟེད་སླར་བཟློག་པ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་
གྱིས་ལིཙྪ་བཱི་ཆེན་པོ་ལ་ལྷུང་བཟེད་སླར་བཟློག་པར་མཛད་དོ། །འདི་ནི་གསོལ་བའོ་ཞེས་གསུངས་པ་ཡིན་ནོ། །བཅབས་པའི་སེམས་མ་སྐྱེས་ན་མཐའ་ལས་ལྡང་བར་འགྱུར་རོ་ཞེས་བྱ་བ་ནི། གང་ལ་བཅབ་པའི་སེམས་གཅིག་ཀྱང་མ་སྐྱེས་ན་དེ་ཕམ་པར་འགྱུར་བའི་ལྟུང་བ་ལས་ལྡང་བར་
འགྱུར་བའོ། །ཐབས་གང་གིས་ལྡང་བར་འགྱུར་ཞེ་ན་དེའི་ཕྱིར་བསླབ་པ་སྤྱོད་པས་སོ་ཞེས་བྱ་བ་སྨྲས་སོ། །བསླབ་པ་སྤྱོད་པ་དེ་གང་གིས་བསྒྲུབ་པར་བྱ་ཞེ་ན། དེའི་ཕྱིར་དེ་ཐོབ་པས་སོ་ཞེས་བྱ་བ་སྨྲས་ཏེ། བསླབ་པ་ལ་སྤྱོད་པ་ཐོབ་པས་བསྒྲུབ་པར་བྱའི་མ་ཐོབ་པས་མ་ཡིན་ནོ། །སུ་ལས་
ཐོབ་པ་ཞེ་ན་དེའི་ཕྱིར། དགེ་འདུན་ལས་སོ་ཞེས་བྱ་བ་སྨྲས་ཏེ། དགེ་འདུན་ལས་ཇི་སྲིད་འཚོའི་བར་དུ་བསླབ་པ་སྦྱིན་པར་ལན་གསུམ་གསོལ་ཏེ། ཐོབ་པས་ལྡང་བར་འགྱུར་རོ། །གསོལ་བའི་སྔགས་ལན་གསུམ་བཟླས་པ་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་
དགེ་སློང་དགའ་བྱེད་ཀྱིས་བསླབ་པ་མ་ཕུལ་བར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ཀྱང་བཅབ་པའི་སེམས་གཅིག་ཙམ་གྱིས་ཀྱང་བཅབས་པར་མ་བགྱིས་ཏེ་བདག་དགེ་སློང་དགའ་བྱེད་དགེ་འདུན་ལས་ཇི་སྲིད་འཚོའི་བར་དུ་བསླབ་པ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་
རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ། བདག་དགེ་སློང་དགའ་བྱེད་ལ་ཇི་སྲིད་འཚོའི་བར་དུ་བསླབ་པ་སྩལ་དུ་གསོལ། །ལན་གསུམ་དུ་བཟླས་ཞེས་གསུངས་པ་ཡིན་ནོ། །དགེ་འདུན་གྱིས་དེ་ལ་ཇི་ལྟར་སྦྱིན་པར་བྱ་ཞེ་ན། དེའི་ཕྱིར་ལས་ཀྱིས་སྦྱིན་ནོ་ཞེས་བྱ་བ་སྨྲས་ཏེ། གསོལ་བ་དང་བཞིའི་
Vol. 163 · folio 304a
ལས་ཀྱིས་སྦྱིན་ནོ། །དེའི་སྔགས་ནི་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང་དགའ་བྱེད་འདིས་བསླབ་པ་མ་ཕུལ་བར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ཀྱང་བཅབས་པའི་སེམས་གཅིག་ཙམ་གྱིས་ཀྱང་བཅབས་པར་མ་བགྱིས་ཏེ། དགེ་
སློང་དགའ་བྱེད་འདི་དགེ་འདུན་ལས་ཇི་སྲིད་འཚོའི་བར་དུ་བསླབ་པ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བ་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་དགའ་བྱེད་ལ་ཇི་སྲིད་འཚོའི་བར་དུ་བསླབ་པ་སྩོལ་ཏོ། །འདི་ནི་གསོལ་བའོ་ཞེས་བྱ་
བ་ལ་སོགས་པ་གསུངས་པ་ཡིན་ནོ། །དུས་ཇི་སྲིད་དུ་ཞེ་ན། དེའི་ཕྱིར་ཇི་སྲིད་འཚོའི་བར་དུའོ་ཞེས་བྱ་བ་སྨྲས་སོ། །འདིར་གཞུང་ནི་ཕྲན་ཚེགས་དག་ལས། དགེ་སློང་དག་དགེ་སློང་དགའ་བྱེད་འདི་ལ་ཇི་སྲིད་འཚོའི་བར་དུ་བསླབ་པ་ཕྱིན་ཅིག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གང་གི་ཚེ་
དགྲ་བཅོམ་པ་ཉིད་ཐོབ་པ་དེའི་ཚེ་ན་ནི་བསླབ་པ་བྱིན་པ་ཞེས་མི་བྱ་སྟེ། འཁྲུལ་པའི་རྒྱུ་འདོད་ཆགས་ལ་སོགས་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །ངོ་ཚ་དང་ལྡན་པ་དང་མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་པ་དང་མ་མོ་འཛིན་པ་དང་། ཤེས་པས་ནི་གཅིག་གི་མདུན་དུ་བཤགས་པས་
དགེ་འདུན་ལྷག་མ་དག་གོ་ཞེས་བྱ་བ་ནི། དེ་དག་གིས་ནི་གང་ཟག་གཅིག་གི་མདུན་དུ་བཤགས་པས་ཆོག་གི །ཡོངས་སུ་གནས་པ་དང་མགུ་བ་དག་སྤྱད་པར་བྱ་མི་དགོས་པ་ཉིད་དོ། །བསམ་པས་ལྟུང་བ་ལས་ལྡང་གི་ཆད་པའི་ལས་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ནི། བསམ་པའི་ཁྱད་
པར་བསྐྱེད་པའི་ཕྱིར་ཆད་པའི་ལས་བྱ་བ་ཡིན་གྱི། གལ་ཏེ་ཆད་པའི་ལས་མེད་པར་བསམ་པའི་ཁྱད་པར་སྐྱེ་ན་ཆད་པའི་ལས་མི་དགོས་སོ། །འདིར་གཞུང་ནི། སིལ་བུ་དག་ལས་དེ་ལྟ་བས་ན་གང་དག་རྣམ་པ་དེ་ལྟ་བུར་རང་བཞིན་གྱིས་ངོ་ཚ་ཤེས་པ་དང་ལྡན་པ་དེ་དག་གིས་ནི་གཅིག་གི་
མདུན་དུ་བཤགས་པར་རྗེས་སུ་གནང་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ལྟུང་བ་མིང་དང་རིགས་དང་ལྡན་པར་བརྗོད་པར་བྱའོ་ཞེས་གང་གསུངས་པ་དེ་ལ་འདིར་མིང་ནི་རྣམ་པ་ཇི་ལྟ་བུ་ཞིག་ཡིན། རིགས་ནི་རྣམ་པ་ཇི་ལྟ་བུ་ཞིག་ཡིན་པར་ཤེས་པར་བྱ་ཞེ་ན། དེའི་ཕྱིར་
Vol. 163 · folio 304b
འདིར་མིང་ནི་ལྟུང་བྱེད་ཀྱི་སྡེ་ཚན་ལས་མིང་ངོ་། །བྱུང་བ་ནི་རིགས་སོ་ཞེས་བྱ་བ་སྨྲས་ཏེ། སྡེ་ཚན་ལ་བརྟེན་ནས་ལྟུང་བ་རྣམས་ཀྱི་མིང་དུ་གྲགས་པ་གང་ཡིན་པ་དེ་ནི་མིང་ཡིན་པར་ཤེས་པར་བྱའོ། །བྱུང་བ་གང་ཡིན་པ་དེ་ནི་རིགས་ཡིན་པར་ཤེས་པར་བྱའོ། །དེས་ན་ཕམ་པར་འགྱུར་བ་
དང་། དགེ་འདུན་ལྷག་མ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་ཞེས་བྱ་བ་ལྟུང་བྱེད་ཀྱི་སྡེ་ཚན་ལྔ་པོ་དག་ནི་མིང་ངོ་། །མི་གསོད་པ་ལ་སོགས་པའི་ཕམ་པར་འགྱུར་བ་འབྱུང་བ་དང་། བསམས་བཞིན་དུ་ཁུ་བ་འབྱིན་པ་ལ་སོགས་པའི་དགེ་འདུན་
ལྷག་མ་བྱུང་བ་དང་། སྲ་བརྐྱང་ཕྱུང་ནས་ཞག་བཅུ་ལས་འདས་པར་གོས་རྣམ་པར་མ་བརྟགས་པ་འཆང་བ་ལ་སོགས་པའི་སྤང་བའི་ལྟུང་བྱེད་དང་། ཤེས་བཞིན་དུ་བརྫུན་དུ་སྨྲ་བ་ལ་སོགས་པའི་ལྟུང་བྱེད་བྱུང་བ་དང་། ཉེ་དུ་མ་ཡིན་པའི་དགེ་སློང་མའི་ལག་ནས་བཟའ་བ་དང་བཅའ་
བ་ལེན་པ་ལ་སོགས་པའི་སོ་སོར་བཤགས་པ་བྱུང་བ་དང་། ཤམ་ཐབས་ཟླུམ་པོར་མ་བགོས་པ་ལ་སོགས་པའི་ཉེས་བྱས་བྱུང་བ་ནི་རིགས་ཡིན་ནོ། །འདིར་གཞུང་ནི་བཙུན་པ་ལྟུང་བ་རྣམས་ཀྱི་མིང་ཞེས་ཀྱང་བགྱི། རིགས་ཞེས་ཀྱང་བགྱི་ན། བཙུན་པ་མིང་ནི་གང་ལགས།
རིགས་ནི་གང་ལགས། ཉེ་བ་འཁོར་ཕམ་པར་འགྱུར་བ་ཞེས་བྱ་བ་ནི་མིང་ངོ་། །བྱུང་བ་ནི་རིགས་སོ། །དགེ་འདུན་ལྷག་མ་ཞེས་བྱ་བ་ནི་མིང་ངོ་། །བྱུང་བ་ནི་རིགས་སོ། །ལྟུང་བྱེད་དང་སོ་སོར་བཤགས་པར་བྱ་བ་དང་ཉེས་བྱས་ཞེས་བྱ་བ་ནི་མིང་ངོ་། །བྱུང་བ་ནི་རིགས་སོ་ཞེས་གསུངས་པ་ཡིན་ནོ། །
ཀཽ་ཤཱམྦཱི་པ་དང་དམར་སེར་ཅན་གྱི་གཞི་གཉིས་ལ་ཕྱིར་བཅོས་པའི་གཞི་ཞེས་བྱ་བའི་མིང་གཞན་དུ་བྱས་ཏེ་ཕྱིར་བཅོས་པར་བྱ་བའི་གང་ཟག་གི་བྱེ་བྲག་ཐམས་ཅད་བསྟན་པའི་ཕྱིར་རོ། །འཐབ་ཀྲོལ་བྱེད་པ་ལ་སོགས་པའི་གང་ཟག་གང་ཇི་སྙེད་ཕྱིར་བཅོས་པར་བྱ་བ་དེ་དག་ཐམས་
ཅད་དེ་གཉིས་ཀྱིས་ཕྱིར་བཅོས་པར་གསུངས་པས། དེའི་ཕྱིར་དོན་དང་མཐུན་པའི་མིང་བསྟན་པར་བྱ་བའི་ཕྱིར་དེ་གཉིས་ལ་ཕྱིར་བཅོས་པའི་གཞི་ཞེས་བྱ་བའི་མིང་གཞན་དུ་བྱས་ཏེ། དེས་ན་མིང་བརྗོད་པ་ཁོ་ནས་བརྡ་ཕྲད་པ་སླ་བར་འགྱུར་རོ། །ཕྱིར་བཅོས་
Vol. 163 · folio 305a
པའི་གཞི་ཞུ་བ་ལ་སོགས་པའི་སྐབས་སོ་ཞེས་བྱ་བ་དེ་ཞུ་བ་ལ་སོགས་པའི་སྐབས་ནས་འབྱུང་བ་བཤད་ཟིན་ཏོ། །ཕྱིར་བཅོས་པའི་གཞི་རྫོགས་སོ་ཞེས་བྱ་བ་ཀཽ་ཤཱམྦཱི་པ་དང་དམར་སེར་ཅན་གྱི་གཞི་བཤད་ཟིན་ཏོ།། །།ད་ནི་དུས་དང་དུས་མ་ཡིན་པར་བསྡུས་པ་
འབྱུང་བའི་གཞི་བསྡུ་བའི་ཕྱིར་འདི་ལ་དགེ་འདུན་ལྷག་མ་མི་ཤེས་པ་ཉིད་དང་བཅབས་པའི་སེམས་མ་བཞག་པས་བརྗོད་པ་དང་བྱས་སམ་མ་བྱས་ཇི་ཞིག་ཇི་ལྟ་བུ་ཞིག་ཅེས་དྲན་པར་མི་ནུས་པ་ཉིད་དང་། བསྙེན་པར་རྫོགས་པ་ཉིད་དང་། གནས་ནས་ཕྱུང་བ་ཉིད་ལ་འཆབ་པ་མི་འབྱུང་ངོ་ཞེས་
བྱ་བ་སྨྲས་ཏེ། དེ་དག་ལ་དགེ་འདུན་ལྷག་མའི་ལྟུང་བ་འཆབ་པའི་ཉེས་པ་མི་འབྱུང་ངོ་ཞེས་བྱ་བར་སྦྱར་རོ། །འདི་ལ་དགེ་འདུན་ལྷག་མ་མི་ཤེས་པ་ཉིད་ཅེས་བྱ་བ་ལ། འདི་ལ་ཞེས་བྱ་བ་ནི་བསྒྲུབ་པ་འདི་ལའོ། །དགེ་འདུན་ལྷག་མ་མི་ཤེས་པ་ཉིད་ཅེས་བྱ་བ་ནི། དགེ་འདུན་ལྷག་མར་
འགྱུར་རོ་ཞེས་བྱ་བར་མི་ཤེས་པར་ཉིད་དེ། ཤེས་ཏེ་སྦས་ན་ནི་འཆབ་པར་འགྱུར་བས་དེ་ལྟར་མི་ཤེས་པ་ཉིད་ཡིན་ན་དེ་ལ་འཆབ་པ་མི་འབྱུང་ངོ་། །བཅབས་པའི་སེམས་མ་བཞག་པས་བརྗེད་པ་ཞེས་བྱ་བ་ནི། དགེ་སློང་གང་གིས་བཅབས་པའི་སེམས་སྔ་ནས་མ་གཞག་པས་དགེ་འདུན་
ལྷག་མ་བྱུང་ནས་སྔར་ཤེས་པའི་དོན་དེ་ཉིད་དོགས་པ་མེད་པར་བརྗོད་པ་སྟེ། གང་གིས་བཅབས་པའི་སེམས་གཞག་པས་ནི་ཕྱིས་བརྗེད་པར་གྱུར་དུ་ཟིན་ཀྱང་འཆབ་པའི་ཉེས་པ་ཁོ་ནར་འགྱུར་བས་དེའི་ཕྱིར་བཅབས་པའི་སེམས་མ་བཞག་པ་ཞེས་བྱེ་བྲག་ཏུ་བྱས་ཏེ། དེ་ལྟར་བཅབས་
པའི་སེམས་མ་བཞག་པས་བརྗེད་པ་དེ་ལ་ཡང་འཆབ་པ་མི་འབྱུང་ངོ་། །བྱས་སམ་མ་བྱས་ཇི་ཞིག་ཇི་ལྟ་བུ་ཞིག་ཅེས་དྲན་པར་མི་ནུས་པ་ཉིད་ཅེས་བྱ་བ་ལ། བྱས་སམ་མ་བྱས་ཞེས་བྱ་བས་ནི་ཅི་བདག་གིས་དེང་ལས་ཤིག་བྱས་སམ་འོན་ཏེ་མ་བྱས་སྙམ་དུ་ལས་ཀྱི་འཇུག་པའི་སྐབས་ལ་
དོགས་པ་བསྟན་ཏོ། །ཅི་ཞིག་ཅེས་བྱ་བ་ནི་བདག་ཉིད་དེང་བདག་ལས་ཤིག་བྱས་སོ་ཞེས་དེ་ལྟར་ལས་བྱས་པ་ཉིད་དུ་ཡིད་ལ་སྣང་བས་ན་བདག་གིས་ལས་དེའི་ངོ་བོ་ཉིད་ཅི་ཞིག་བྱས། ཅི་བདག་གིས་ཁུ་བ་འབྱིན་པའི་ངོ་བོ་ཉིད་དམ་ལུས་ཀྱིས་རེག་པའི་ངོ་བོ་ཉིད་ལ་སོགས་པའམ་ཅི་ཞིག་བྱས་
Vol. 163 · folio 305b
ཞེས་ངོ་བོ་ཉིད་ཀྱི་ཡུལ་ལ་དོགས་པ་བསྟན་ཏོ། །ཇི་ལྟ་བུ་ཞིག་ཅེས་བྱ་བས་ནི་བདག་གིས་དེང་ཁུ་བ་འབྱིན་པའམ་ལུས་ཀྱིས་རིག་པ་ལ་སོགས་པའི་ངོ་བོ་ཉིད་ཀྱི་ལས་བྱས་ན། ཅི་དེ་བསམས་བཞིན་དུ་བྱས་སམ་འོན་ཏེ། བསམས་བཞིན་དུ་མ་བྱས་སམ་ཅི་བར་དུ་གཅོད་པ་དང་བཅས་
པར་བྱས་སམ་འོན་ཏེ་བར་དུ་ཆོད་པ་མེད་པར་བྱས། ཅི་གཉིད་ལོག་པས་བྱས་སམ། འོན་ཏེ་གཉིད་མ་ལོག་པས་བྱས་ཞེས་དེ་ལྟར་ལས་ཀྱི་ངོ་བོ་ཉིད་སྤྱིར་ཡིད་ལ་སྣང་བས་ཡུལ་ལ་སྤྱོད་པའི་སྐབས་ཀྱི་དོགས་པ་བསྟན་ཏེ། དེ་ལྟར་བྱས་སམ་མ་བྱས་ཇི་ཞིག་ཇི་ལྟ་བུ་ཞིག་ཅེས་དྲན་པར་
མི་ནུས་པ་ཉིད་དེ་ལ་ཡང་འཆབ་པ་མི་འབྱུང་ངོ་། །བསྙེན་པར་མ་རྫོགས་པ་ཉིད་ལ་ནི་དགེ་འདུན་ལྷག་མ་མེད་པས་དེ་ལས་ཡང་འཆབ་པ་མི་འབྱུང་ངོ་། །གནས་ནས་ཕྱུང་བ་ཉིད་ནི་ཐ་དད་པར་གྱུར་པ་ཡིན་པས་ཕྱིར་བཅོས་པའི་གྲོགས་མེད་པའི་ཕྱིར་དེ་ལ་ཡང་འཆབ་པ་མི་འབྱུང་ངོ་། །
ཐ་སྙད་དུ་རུང་བའི་འདུ་ཤེས་ཉམས་པ་ཉིད་ལ་ནི་ཕམ་པར་འགྱུར་བ་མན་ཆད་ཀྱི་ལྟུང་བ་ཡང་མི་འབྱུང་ངོ་ཞེས་བྱ་བ་ནི། སྨྱོས་པ་དང་སེམས་འཁྲུགས་པ་ལ་སོགས་པ་ཐ་སྙད་དུ་རུང་བའི་འདུ་ཤེས་ཉམས་པ་ཉིད་ལ་ནི་ཕམ་པར་འགྱུར་བ་མན་ཆད་ཀྱི་ལྟུང་བ་ཡང་མི་འབྱུང་བའོ། །མན་
ཆད་ཅེས་སྨོས་པས་ནི་ལྟུང་བ་ཐམས་ཅད་མི་འབྱུང་བར་བསྟན་ཏོ། །ཡང་ཞེས་བྱ་བའི་སྒྲ་ནི་འཆབ་པ་ཡང་མི་འབྱུང་ངོ་ཞེས་བྱ་བར་བསྟན་ཏོ། །མ་བཅབས་པ་ཉིད་ལ་ཡང་ངོ་ཞེས་བྱ་བ་ནི། དེ་ལ་ཕམ་པར་འགྱུར་བ་མན་ཆད་ཀྱི་ལྟུང་བ་ཡང་མི་འབྱུང་ངོ་ཞེས་བྱ་བའི་རྗེས་སྙག་པའི་ཕྱིར་
ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །འདིར་གཞུང་ནི་ལས་དང་པོ་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །མི་ཤེས་པ་ཉིད་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི། འདི་ལྟུང་བ་ཡིན་ནོ་ཞེས་བྱ་བར་མི་ཤེས་པ་ཉིད་ལ་ནི་ལྟུང་བ་མི་འབྱུང་བ་མ་ཡིན་ཏེ་འབྱུང་བ་ཁོ་ན་ཡིན་པའོ། །འདིར་གཞུང་
ནི་ཚེ་དང་ལྡན་པ་དེ་མི་ཤེས་པས་ནི་མི་འགྲོལ་ཏེ། དེ་ལ་ཉེས་པ་གང་བྱུང་བ་དེ་ཆོས་བཞིན་དུ་བྱེད་དུ་གཞུག་གི་སྟེང་དུ་ཞེས་གསུངས་པ་ཡིན་ནོ། །མངོན་པར་ཡིད་མི་ཆེས་པ་ཉིད་ལ་ཡང་ངོ་ཞེས་བྱ་བ་ཡང་མི་འབྱུང་བ་མ་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ། འདོན་པ་དང་བརྗོད་པ་དག་ཐོས་པ་
Vol. 163 · folio 306a
ན་འདི་ལྟུང་བ་ཡིན་ནོ་ཞེས་བྱ་བར་མངོན་པར་ཡིད་མི་ཆེས་པ་ཉིད་ལ་ཡང་ལྟུང་བ་འབྱུང་བ་ཁོ་ནར་འགྱུར་རོ། །མངོན་པར་མི་ཤེས་པ་ཉིད་དུ་འདུ་ཤེས་པ་ལ་ཡང་ངོ་ཞེས་བྱ་བ་ཡང་མི་འབྱུང་བ་མ་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ། འདོན་པ་བྱེད་པ་དང་རྗོད་པར་བྱེད་པ་
ལ་འདི་བྱིས་པ་ཡིན་པས་ཆུང་ཟད་ཀྱང་སྨྲ་བ་མ་ཡིན་ནོ་ཞེས་དེའི་ཚིག་དག་ལ་མི་གུས་ཤིང་མངོན་པར་མི་ཤེས་པ་ཉིད་དུ་འདུ་ཤེས་པས་ལྟུང་བ་ལ་ཡང་མངོན་པར་ཡིད་མི་ཆེས་པ་ཉིད་ལ་ཡང་ལྟུང་བ་འབྱུང་བ་ཁོ་ནར་འགྱུར་ཏེ། དེ་དག་ནི་ལྟུང་བ་མི་འབྱུང་བའི་རྒྱུ་མ་ཡིན་ནོ་ཞེས་བྱ་བའི་
ཐ་ཚིག་གོ། །འདིར་གཞུང་ནི་ཀུན་ཤེས་པར་འདོད་པའི་དགེ་སློང་གིས་ཀྱང་བསླབ་པ་འདི་ལ་བསླབ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ས་གཞན་ན་གནས་པ་ཉིད་ལ་ནི་སྔ་མ་ཡང་ངོ་ཞེས་བྱ་བ་ནི། བསྡིགས་པ་དང་སྨད་པ་དང་བསྐྲད་པ་དང་། ཕྱིར་འགྱེད་པ་དང་བསླབ་པ་བྱིན་
པས་གཞན་ན་གནས་པ་ཉིད་ལ་ནི་སྔ་མ་ཞེས་བྱ་བ་ལྟུང་བ་འབྱུང་བ་ཁོ་ནའོ་ཞེས་བསྟན་པ་དག་ནི་སྔ་མ་འཆབ་པ་ཞེས་བྱ་བ་ཡང་མི་འབྱུང་བ་མ་ཡིན་ཏེ་འབྱུང་བ་ཁོ་ན་ཡིན་པའོ། །ཡང་ངོ་ཞེས་བྱ་བའི་སྒྲས་ནི་ལྟུང་བ་ཡང་མི་འབྱུང་བ་མ་ཡིན་ཏེ་འབྱུང་བ་ཁོ་ནའོ་ཞེས་བྱ་བ་སྟོན་ཏེ། དེ་
ལ་འཆབ་པ་དང་ལྟུང་བ་གཉིས་ཀ་འབྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །འཆབ་པ་ལ་དགེ་འདུན་ལྷག་མ་ཉིད་ལ་ཡིད་གཉིས་ཟ་བ་ནི་ཤེས་པ་དང་འདྲའོ་ཞེས་བྱ་བ་ནི། ཡིད་གཉིས་ནི་འདུ་ཤེས་དང་འདྲ་བར་ཞེས་བྱ་བར་སྦྱར་ཏེ། འཆབ་པའི་ཡུལ་ལ་དགེ་འདུན་ལྷག་མ་ལ་ཡིད་
གཉིས་ཟ་བཞིན་དུ་བཅབས་ན་དགེ་འདུན་ལྷག་མར་ཤེས་བཞིན་དུ་བཅབས་པ་དང་འདྲ་སྟེ། འཆབ་པའི་ཉེས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ས་གང་ལ་འཆབ་པ་མི་འབྱུང་བ་དེ་ལ་སྤྱད་པ་ཡང་ངོ་ཞེས་བྱ་བ་ནི། བསྙེན་པར་མ་རྫོགས་པ་དང་གནས་ནས་ཕྱུང་བ་དང་། ཐ་
སྙད་དུ་བྱར་རུང་བའི་འདུ་ཤེས་ཉམས་པ་ཞེས་སྨོས་པ་དེ་དག་ནི་འདིར་ཡང་ཞེས་བྱ་བའི་སྒྲར་བརྗོད་དེ། དེ་དག་ཇི་ལྟར་འཆབ་པ་འབྱུང་བའི་ཞིང་མ་ཡིན་པ་དེ་བཞིན་དུ་ཡོངས་སུ་གནས་པ་ལ་སོགས་པའི་སྤྱད་པའི་ཞིང་མ་ཡིན་ནོ། །མ་གུས་པས་སྤྱོད་པ་གཏོང་ན་ཉེས་བྱས་སོ་ཞེས་
Vol. 163 · folio 306b
བྱ་བ་ནི། ཡོངས་སུ་གནས་པ་དང་མགུ་བ་སྤྱོད་པ་མ་གུས་པས་གཏོང་ན་ཉེས་བྱས་སུ་འགྱུར་བའོ། །འཐབ་ཀྲོལ་བྱེད་པ་འོང་བས་གཏོང་བ་ལ་ནི་ཉེས་པ་མེད་དོ། །དེ་ལ་དེའི་སྡེ་པ་ལྷག་པར་སྤྱོད་པ་ཡང་ངོ་ཞེས་བྱ་བ་ནི། ཡོངས་སུ་གནས་པ་དང་མགུ་བ་སྤྱོད་པའི་གནས་སྐབས་དེ་ལ་དེའི་
སྡེ་པ་ཞེས་བྱ་བ་དགེ་འདུན་ལྷག་མའི་སྡེ་ཚན་དུ་གཏོགས་པའི་དངོས་གཞི་འམ་ཉེས་པ་སྦོམ་པོའམ་ཉེས་བྱས་ལྷག་པར་སྤྱོད་ན་ཡང་ཉེས་བྱས་སུ་འགྱུར་བའོ། །ཡོད་ལ་ཕྱིར་མི་འཆོས་ན་ཡང་ངོ་ཞེས་བྱ་བ་ནི། ལེན་པར་བྱེད་པ་ཡོད་པ་ལ་སོགས་པས་ཕྱིར་འཆོས་པའི་ཐབས་ཡོད་
པ་ལྟུང་བ་ཕྱིར་མི་འཆོས་ན་སྐྱ་རེངས་རེ་རེ་ཞིང་ཉེས་བྱས་རེ་རེར་འགྱུར་བའོ། །མི་སྤྱོད་པའི་ས་ནས་ཕྱིར་འོངས་པ་ནི་དེའི་གནས་སྐབས་ཉིད་ཡིན་ནོ་ཞེས་བྱ་བ་ནི། ཡོངས་སུ་གནས་པ་དང་མགུ་བ་སྤྱོད་པའི་གནས་སྐབས་བསྙེན་པར་རྫོགས་པ་དང་གནས་ནས་ཕྱུང་བ་དང་ཐ་སྙད་རུང་
བའི་འདུ་ཤེས་ཉམས་པ་ཡོངས་སུ་གནས་པ་དང་མགུ་བ་མི་སྤྱོད་པའི་སར་སོང་ནས། མི་སྤྱོད་པའི་ས་དེ་ནས་ཕྱིར་འོངས་ནས་ཡོངས་སུ་གནས་པ་དང་མགུ་བ་སྤྱོད་པའི་གནས་སྐབས་ཉིད་ཡིན་པ་སྟེ། ལྟུང་བ་དང་བཅས་པའི་གནས་སྐབས་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །
སྦྱང་བའི་གཞི་ལ་ལྷག་མ་རྗེས་སུ་བསྒྲུབ་པོ་ཞེས་བྱ་བ་ནི། བདག་ལ་ལྟུང་བའི་མིང་ནི་འདི་བྱུང་། རིགས་ནི་འདི་བྱུང་། དུས་ནི་འདི་སྲིད་དུ་བཅབས་པའི་མི་བཅབས་པ་དེའི་ཕྱིར་བདག་གིས་སྤྱད་པ་འདི་བླངས་ཏེ་འདི་སྲིད་ནི་སྤྱད་ཟིན་ཏོ། །ལྷག་མ་ནི་འདི་སྲིད་ཅིག་ལུས་སོ་ཞེས་སྤྱད་པ་
གང་ལ་ཀུན་དུ་སྤྱད་པ་དེ་བརྟེན་པར་བྱ་བའི་དགེ་འདུན་ལ་བརྗོད་ཅིང་སྦྱངས་པའི་གཞི་ལ་ལྷག་མ་མ་སྤྱད་པ་ཇི་སྙེད་ཡོད་པ་བསྒྲུབ་པར་བྱ་བ་སྟེ། དེ་ལ་ལྷག་མ་གང་ཡོད་པ་དེ་སྤྱད་པར་བྱ་བའོ། །འདིར་གཞུང་ནི། ཡོངས་སུ་གནས་པར་བྱེད་པའི་གང་ཟག་གིས་གཞི་ཇི་ཙམ་སྦྱངས་ནས་རྣམ་
པར་འཁྱམས་ཏེ་ཡང་ཕྱིར་འོངས་ནས་བསྙེན་པར་རྫོགས་ན་འདུལ་བ་དང་འགལ་བའི་བཅས་པའི་ཁ་ན་མ་ཐོ་བའི་ཉེས་བྱས་བཤགས་ཏེ། སྤོ་བ་ལ་ཡོངས་སུ་གནས་པར་གྱུར་ན། སྤོ་བ་ལ་ཡོངས་སུ་གནས་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །བཅབས་པའི་དུས་ངེས་པར་མི་
Vol. 163 · folio 307a
ཤེས་ན་ཉུང་བ་ཉིད་དུ་མི་འགྱུར་བ་ལ་བརྟེན་པར་བྱའོ་ཞེས་བྱ་བ་ནི། ལྟུང་བ་གང་ལ་བཅབས་པའི་དུས་ངེས་པ་ཉིད་དུ་མི་ཤེས་ཏེ་བདག་གིས་ལྟུང་བ་དེ་དུས་འདི་སྲིད་དུ་བཅབས་སོ་ཞེས་བྱ་བར་བཅབས་པའི་དུས་ངེས་པར་མི་ཤེས་པ་དེ་ལ་ཇི་ནས་ཀྱང་ཉུང་བ་ཉིད་དུ་མི་འགྱུར་
བའི་དུས་དེ་སྲིད་ཅིག་ལ་བརྟེན་པར་བྱ་བ་སྟེ། ཇི་ནས་ཀྱང་བཅབས་པའི་དུས་པས་ཉུང་བ་ཉིད་དུ་མི་འགྱུར་བའི་དུས་དེ་སྲིད་ཅིག་ལ་བརྟེན་ཏེ། ཡོངས་སུ་གནས་པར་སྤྱད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཡུལ་གང་ལ་ཉུང་བ་ཉིད་དུ་མི་འགྱུར་བའི་དུས་དེ་ལ་བརྟེན་པར་བྱ། དུས་དེ་ནི་ཇི་འདྲ་བ་
ཞིག་ཅེ་ན་དེའི་ཕྱིར། སྤྱད་པར་བྱ་བ་ཉིད་ལ་དག་པའི་མཐའ་ཅན་ཉིད་ཀྱི་བྱེ་བྲག་གིའོ་ཞེས་བྱ་བ་སྨྲས་ཏེ། ཡུལ་གང་ལ་ཞེ་ན་སྤྱད་པར་བྱ་བ་ཉིད་ལའོ། །དུས་དེ་ཇི་འདྲ་བ་ཞིག་ཅེ་ན། དག་པའི་མཐའ་ཅན་ཉིད་ཀྱི་བྱེ་བྲག་གི་དུས་ཏེ་ཡུལ་དེ་ལ་ཉུང་བ་ཉིད་དུ་མི་འགྱུར་བའི་དུས་དེ་ལྟ་བུ་བརྟེན་པར་
བྱའོ་ཞེས་བྱ་བར་སྦྱར་རོ། །འདིར་དུས་དེ་དོན་གཉིས་ལ་བརྟེན་ཏེ་བཅབས་པ་དང་། སྤྱད་པར་བྱ་བ་ཉིད་ལའོ། །དེ་ལ་བཅབས་པ་ཞེས་བྱ་བ་ནི་དུས་འདི་སྲིད་བཅབས་པ་ཞེས་བྱའོ། །སྤྱད་པར་བྱ་བ་ཉིད་ཅེས་བྱ་བ་ནི་དུས་འདི་སྲིད་དུ་ཡོངས་སུ་གནས་པར་བྱའོ་ཞེས་བྱ་བའོ། །དེ་ལ་བཅབས་པ་ལ་ནི་
ཡོངས་སུ་གནས་པ་དང་མགུ་བར་བྱ་བ་གཉི་གའི་དུས་ལ་བརྟེན་ཏོ། །སྤྱད་པར་བྱ་བ་ཉིད་ལ་ནི་ཡོངས་སུ་གནས་པའི་དུས་འབའ་ཞིག་ལ་བརྟེན་གྱི། མགུ་བར་བྱ་བའི་དུས་ལ་ནི་མི་བརྟེན་ཏེ། འདི་ལྟར་མགུ་བའི་དུས་ནི་ཞག་དྲུག་ཁོ་ནར་ངེས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་འདིར་
བཅབས་པའི་དུས་ངེས་པར་མི་ཤེས་པས་སྤྱད་པར་བྱ་བ་ཉིད་ཀྱི་ཡུལ་ལ་བརྟེན་པར་བྱ་སྟེ། ཡོངས་སུ་གནས་པ་སྤྱད་པར་བྱ་བ་ཉིད་ཀྱི་ཡུལ་ལའོ། །ཡུལ་དེ་ལ་དུས་ཇི་ལྟ་བུ་ལ་བརྟེན་པར་བྱ་ཞེ་ན། དེའི་ཕྱིར་དག་པའི་མཐའ་ཅན་ཉིད་ཀྱི་བྱེ་བྲག་གི་དུས་ལ་སྟེ། དག་པ་ཞེས་བྱ་བ་ནི་དྲི་མ་
མེད་པ་བཅབས་པའི་ཉེས་པས་མ་གོས་པའི་དུས་ཏེ། སྔོན་དགེ་འདུན་ལྷག་མའི་ལྟུང་བ་མ་བྱུང་ཞིང་མ་བཅབས་པ་ཉིད་ཀྱི་དུས་སོ། །དེའི་མཐའ་ཞེས་བྱ་བ་ནི་དག་པ་ཡང་དེ་ཉིད་ཡིན་ལ་མཐའ་ཡང་དེ་ཉིད་ཡིན་ཏེ། དགེ་འདུན་ལྷག་མའི་ལྟུང་བ་མ་བྱུང་ཞིང་མ་བཅབས་པའི་དུས་དེའི་མཐའ་དགེ་
Vol. 163 · folio 307b
འདུན་ལྷག་མའི་ལྟུང་བ་བྱུང་ཞིང་བཅབས་པ་དེའི་སྔ་རོལ་ཁོ་ནའི་གནས་སྐབས་ཀྱི་དུས་སོ། །མཐའ་ཅན་ཞེས་བྱ་བ་ནི་ཡོངས་སུ་གནས་པའི་དུས་གང་ལ་དག་པའི་མཐའི་དུས་དེ་ཡོད་པ་དེ་ནི་དག་པའི་མཐའ་ཅན་ཏེ། བཅབས་པའི་དུས་ངེས་པར་མི་ཤེས་པས་ཡོངས་སུ་གནས་པ་སྤྱད་པར་བྱ་
བ་ཉིད་བརྩམས་པ་དེའི་དང་པོའི་ཁོངས་ན་སྔོན་དགེ་འདུན་ལྷག་མ་མ་བྱུང་གི་བཅབས་པའི་ཉེས་པས་མ་གོས་པའི་དུས་དག་པ་དེའི་མཐའ་ཡང་ཡོད་པ་ལ་བྱའོ། །དེའི་བྱེ་བྲག་གི་ཞེས་བྱ་བ་ནི་ཡོངས་སུ་གནས་པར་སྤྱད་པའི་དུས་ཀྱི་དང་པོ་དག་པའི་མཐའ་ཅན་དེའི་བྱེ་བྲག་གི་དུས་ཏེ། དག་པའི་
དུས་ཀྱི་མཐའ་དང་བཅས་པ་དེ་ཚུན་ཆད་ནས་བཟུང་སྟེ། ནམ་དགེ་འདུན་ལྷག་མ་བྱུང་བ་བཅབས་པར་དྲན་ཞིང་མཐོལ་བའི་བར་གྱི་དུས་ཟླ་བ་བཞི་ལ་སོགས་པ་ཇི་སྲིད་དུ་ཡོངས་སུ་གནས་པ་སྤྱད་པར་བྱ་བ་ཉིད་ཀྱི་དུས་ལ་བྱའོ། །འདི་སྐད་བསྟན་ཏེ་བཅབས་པའི་དུས་ངེས་པར་མི་ཤེས་
པས་ཡོངས་སུ་གནས་པ་སྤྱད་པར་བྱ་བའི་དུས་ནི་སྔོན་ཡོངས་སུ་དག་པའི་དུས་ཀྱི་མཐའ་དང་བཅས་པ་ནས་བཟུང་སྟེ་ནམ་མཐོལ་བའི་བར་གྱི་དུས་ཀྱི་བྱེ་བྲག་དེ་སྲིད་ཀྱི་བར་དུ་སྤྱད་པར་བྱའོ། །ཡོངས་སུ་གནས་པ་སྤྱད་པའི་དུས་གང་ལ་དག་པའི་དུས་ཀྱི་མཐའ་དང་བཅབས་པའི་དུས་ཀྱི་བྱེ་
བྲག་ཟླ་བ་བཞི་ལ་སོགས་པ་ཡོད་པ་དེ་ནི་དག་པའི་མཐའ་ཅན་ཉིད་ཀྱི་བྱེ་བྲག་གིས་དུས་ཞེས་བྱ་སྟེ། བཅབས་པའི་དུས་ངེས་པར་མི་ཤེས་པས་ཡོངས་སུ་གནས་པར་སྤྱད་པར་བྱ་བ་ཉིད་ཀྱི་ཡུལ་ལ་དུས་དེ་ལྟ་བུ་ལ་བརྟེན་པར་བྱའོ། །ཇི་ལྟར་ཉུང་བ་ཉིད་དུ་མི་འགྱུར་བ་དག་པའི་མཐའ་ཅན་ཉིད་ཀྱི་
བྱེ་བྲག་གི་དུས་ལ་བརྟེན་པར་བྱ་ཞེ་ན་དེའི་ཕྱིར། དག་པའི་མཐའ་ཅན་ཟླ་བ་བཞི་པའོ་ཞེས་བྱ་བ་སྨྲས་ཏེ། སྔར་བྱེ་བྲག་ཅེས་སྨོས་པ་དེ་གང་ཡིན་ཞེ་ན། ཟླ་བ་བཞི་ཞེས་བྱ་བ་འདི་དང་སྦྱར་ཏེ། དག་པའི་མཐའ་ཅན་ཉིད་ཀྱི་བྱེ་བྲག་གི་དུས་ཟླ་བ་བཞི་ལ་བརྟེན་པར་བྱ་བའོ། །ཟླ་བ་བཞི་ཞེས་སྨོས་
པས་ནི་དཔེ་སྟེ་ཉུང་བ་ཉིད་དུ་མི་འགྱུར་བ་དག་པའི་མཐའ་ཅན་ཉིད་ཀྱི་བྱེ་བྲག་གི་དུས་ཟླ་བ་གསུམ་མམ་ལྔ་ལ་སོགས་པ་ལ་བརྟེན་པར་བྱའོ། །དུས་དེ་ཙམ་ཞིག་སྤྱོད་ན་ངེས་པ་ཁོ་ནར་བཅབས་པའི་དུས་ལས་ཉུང་བ་ཉིད་དུ་མི་འགྱུར་བར་བསམས་ནས་དག་པའི་མཐའ་ཅན་གྱི་བྱེ་བྲག་ཟླ་བ་
Vol. 163 · folio 308a
བཞི་ལ་སོགས་པ་སྨོས་ཀྱི། སྤྱད་པར་བྱ་བའི་དུས་དེ་ཁོ་ནར་ངེས་པ་ཉིད་དུ་བསམས་པ་ནི་མ་ཡིན་ནོ། །ལྷག་པ་ལ་ནི་ཉེས་པ་མེད་པས་དེའི་ཕྱིར་དག་པའི་མཐའ་དང་བཅས་ཏེ། བཟུང་ནས་ཟླ་བ་བཞི་ལ་སོགས་པ་ལ་བརྟེན་པར་བྱས་སོ། །འོ་ན་བཅབས་པའི་དུས་ངེས་པར་
མི་ཤེས་པས་ཉུང་བ་ཉིད་དུ་མི་འགྱུར་བའི་དུས་ལ་བརྟེན་པར་གང་གསུངས་པ་དེ་ལ་ཅི་ཉུང་བ་ཉིད་དུ་མི་འགྱུར་བའི་དུས་ཡོངས་སུ་ཆད་པ་ཞིག་ལ་བརྟེན་པར་བྱའམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་བཅབས་པ་ནི་དཔག་ཏུ་མེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། བརྟེན་པར་བྱའོ་ཞེས་བྱ་བར་སྦྱར་རོ། །བཅབས་
པའི་དུས་ངེས་པར་མི་ཤེས་ན་བཅབས་པའི་ཕྱིར་ནི་དུས་དཔག་ཏུ་མེད་པ་ལ་བརྟེན་པར་བྱའོ། །ཇི་ལྟར་ཞེ་ན་དེའི་ཕྱིར། བསམས་བཞིན་དུ་ཁུ་བ་ཕྱུང་བ་ལས་བྱུང་བ་དཔག་ཏུ་མེད་པར་ཞེས་སོ་ཞེས་བྱ་བ་སྨྲས་ཏེ། བསམས་བཞིན་དུ་ཁུ་བ་ཕྱུང་བ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་
ལ་དུས་དཔག་ཏུ་མེད་པར་བཅབས་པ་ཞེས་བྱ་བར་སྦྱར་རོ། །སྔགས་བརྗོད་པའི་སྐབས་སུ་བསམས་བཞིན་དུ་ཁུ་བ་ཕྱུང་བ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དུས་དཔག་ཏུ་མེད་པར་བཅབས་པས་ཞེས་བརྗོད་པར་བྱའོ། །ཅིའི་ཕྱིར་འདིར་ཡང་ཟླ་བ་བཞི་བཅབས་པས་ཞེས་མི་བརྗོད་
ཅེ་ན། དེ་སྐད་བརྗོད་པ་ན་བདེན་པར་བརྗོད་པར་མི་འགྱུར་ཏེ། ངེས་པ་མེད་པ་ལ་ངེས་པ་ཉིད་དུ་བརྗོད་པའི་ཕྱིར་ཏེ། དེ་བས་ན་འདི་སྐད་མི་བརྗོད་དོ། །དེ་ལྟར་ན་ཇི་སྐད་བསྟན་པའི་མདོ་རྣམ་པ་ལྔ་པོ་དེ་དག་ལས་ཚིག་གི་དོན་འདི་འབྱུང་སྟེ། ཡོངས་སུ་གནས་པ་གསོལ་པའམ། གཞི་ནས་ཡོངས་
སུ་གནས་པ་གསོལ་བ་འམ་ཡང་གཞི་ནས་བསླང་སྟེ་ཡོངས་སུ་གནས་པ་གསོལ་བ་འམ། མགུ་བར་བྱ་བ་གསོལ་བ་འམ། གཞི་ནས་མགུ་བར་བྱ་བ་གསོལ་བ་འམ། ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་གསོལ་བ་འམ། ཡོངས་སུ་གནས་པར་སྦྱིན་པའམ། གཞི་ནས་ཡོངས་སུ་
གནས་པ་སྦྱིན་པའམ། ཡང་གཞི་ནས་བསླང་སྟེ་ཡོངས་སུ་གནས་པ་སྦྱིན་པའམ་མགུ་བར་བྱ་བ་སྦྱིན་པའམ། གཞི་ནས་མགུ་བར་བྱ་བ་སྦྱིན་པའམ། ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་སྦྱིན་པའམ། ཡོངས་སུ་གནས་པ་གཏོང་བའམ། གཞི་ནས་ཡོངས་སུ་གནས་པ་གཏོང་
Vol. 163 · folio 308b
བའམ། ཡང་གཞི་ནས་བསླང་སྟེ། ཡོངས་སུ་གནས་པ་གཏོང་བའམ། མགུ་བར་བྱ་བ་གཏོང་བའམ། གཞི་ནས་མགུ་བར་བྱ་བ་གཏོང་བའམ། ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་གཏོང་བའམ་ཡོངས་སུ་གནས་པ་བརྗོད་པའམ་གཞི་ནས་ཡོངས་སུ་གནས་པ་བརྗོད་པའམ་
ཡང་གཞི་ནས་བསླང་སྟེ་ཡོངས་སུ་གནས་པ་བརྗོད་པའམ། མགུ་བར་བྱ་བ་བརྗོད་པའམ། གཞི་ནས་མགུ་བར་བྱ་བ་བརྗོད་པའམ། ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་བརྗོད་པ་ན། གང་གི་ཚེ་བཅབས་པ་རྗོད་པར་བྱེད་པ་དེའི་ཚེ་ནི་སྔགས་ཀྱི་ཚིག་དུས་ཉུང་བ་ཉིད་དུ་མི་འགྱུར་བ་དཔག་
ཏུ་མེད་པ་བཅབས་པས་ཞེས་བྱ་བ་ལ་བརྟེན་པར་བྱའོ། །གང་གི་ཚེ་ཡོངས་སུ་གནས་པ་ལ་སོགས་པར་སྤྱད་པར་བྱ་བ་ཉིད་རྗོད་པར་བྱེད་པ་དེའི་ཚེ་ནི་སྔགས་ཀྱི་ཚིག་དུས་ཉུང་བ་ཉིད་དུ་མི་འགྱུར་བ་དག་པའི་མཐའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་ཞེས་བྱ་བ་ལ་བརྟེན་པར་བྱའོ། །གང་གི་ཚེ་མགུ་བར་
བྱ་བ་ལ་སོགས་པ་སྤྱད་པར་བྱ་བ་ཉིད་རྗོད་པར་བྱེད་པ་དེའི་ཚེ་ནི་སྔགས་ཀྱི་ཚིག་དུས་ཞག་དྲུག་ཁོ་ན་ལ་བརྟེན་པར་བྱའོ། །དེ་དག་གིས་སྔགས་ཀྱི་ཚིག་འདི་ལྟར་སྦྱར་བར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་
འདུན་ལྷག་མའི་ལྟུང་བ་བྱུང་ན། དཔག་ཏུ་མ་མཆིས་པ་བཅབས་པས་བདག་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དཔག་ཏུ་མ་མཆིས་པ་བཅབས་པ་དེའི་སླད་དུ་དགེ་འདུན་ལས་དག་པའི་མཐའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་གསོལ་ན། ཐུགས་
བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ། བདག་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དཔག་ཏུ་མ་མཆིས་པ་བཅབས་པ་དེའི་སླད་དུ་དག་པའི་མཐའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་སྩལ་
དུ་གསོལ། ལན་གསུམ་དུ་བཟླས། གཞི་ནས་ཡོངས་སུ་གནས་པ་གསོལ་བ་དང་། །ཡང་གཞི་ནས་བསླང་སྟེ་ཡོངས་སུ་གནས་པ་གསོལ་བའི་སྔགས་ལ་ཡང་དེ་བཞིན་དུ་སྦྱར་རོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་
Vol. 163 · folio 309a
བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དཔག་ཏུ་མ་མཆིས་པ་བཅབས་པས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དཔག་ཏུ་མ་མཆིས་པ་བཅབས་པ་དེའི་སླད་དུ་དགེ་འདུན་ལས་དག་པའི་མཐའ་ཅན་ཟླ་བ་བཞི་ཡོངས་སུ་
གནས་པ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དཔག་ཏུ་མ་མཆིས་པ་བཅབས་པ་དེའི་སླད་དུ་དག་པའི་མཐའ་ཅན་ཟླ་བ་བཞི་
ཡོངས་སུ་གནས་པ་སྩོལ་ཏོ། །འདི་ནི་གསོལ་བའོ། །ལས་བརྗོད་པ་གསུམ་ཡང་དེ་བཞིན་དུ་བྱའོ། །གཞི་ནས་ཡོངས་སུ་གནས་པ་སྦྱིན་པ་དང་། ཡང་གཞི་ནས་བསླང་སྟེ་ཡོངས་སུ་གནས་པའི་སྦྱིན་པའི་སྔགས་ལ་ཡང་དེ་བཞིན་དུ་སྦྱར་རོ། །དགེ་འདུན་བཙུན་པ་རྣམས་གསན་དུ་
གསོལ། བདག་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དཔག་ཏུ་མ་མཆིས་པ་བཅབས་པས་བདག་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དཔག་ཏུ་མ་མཆིས་པ་བཅབས་
པས་དེའི་སླད་དུ་དགེ་འདུན་ལས་དག་པའི་མཐའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་གསོལ་ན། དགེ་འདུན་གྱིས་བདག་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། དཔག་ཏུ་མ་མཆིས་པ་བཅབས་པས་དེའི་སླད་དུ་དག་པའི་མཐའ་ཅན་ཟླ་བ་བཞི་
ཡོངས་སུ་གནས་པ་སྩལ་ཏེ། བདག་དགེ་སློང་འཆར་ཀས་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དཔག་ཏུ་མ་མཆིས་པ་བཅབས་པས་དེའི་སླད་དུ་དག་པའི་མཐའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་བགྱིས་ལགས་ཏེ། དགེ་འདུན་ལས་ཞག་དྲུག་མགུ་བ་བགྱི་བ་གསོལ་
ན་ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། བདག་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ན་དཔག་ཏུ་མ་མཆིས་པ་བཅབས་པ་དེའི་སླད་དུ་དག་པའི་མཐའ་ཅན་ཟླ་བ་བཞི་ཡོངས་སུ་དག་པ་བགྱིས་ལགས་པ་
Vol. 163 · folio 309b
ལ་ཞག་དྲུག་མགུ་བ་བགྱི་བར་སྩལ་དུ་གསོལ། ལན་གསུམ་དུ་བཟླས། གཞི་ནས་མགུ་བར་བྱ་བ་གསོལ་བ་དང་། ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་གསོལ་བའི་སྔགས་ལ་ཡང་དེ་བཞིན་དུ་སྦྱར་རོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་
གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། དཔག་ཏུ་མ་མཆིས་པ་བཅབས་པས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དཔག་ཏུ་མ་མཆིས་པ་བཅབས་པ་དེའི་སླད་དུ་དགེ་འདུན་ལས་དག་པའི་མཐའ་ཅན་ཟླ་བ་བཞི་ཡོངས་སུ་
གནས་པ་གསོལ་ན། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དཔག་ཏུ་མ་མཆིས་པ་བཅབས་པ་དེའི་སླད་དུ་དག་པའི་མཐའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་སྩལ་ཏེ། དགེ་སློང་འཆར་ཀ་འདི་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་
མའི་ལྟུང་བ་བྱུང་བ་ལ་དཔག་ཏུ་མ་མཆིས་པ་བཅབས་པ་དེའི་སླད་དུ་དག་པའི་མཐའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་བགྱིས་ལགས་ཏེ། དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་སློང་གིས་གནང་བར་མཛོད་
ཅིག་དང་། དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དཔག་ཏུ་མ་མཆིས་པ་བཅབས་པ་དེའི་སླད་དུ་དག་པའི་མཐའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་བགྱིས་པ་ལ་ཞག་དྲུག་མགུ་བར་བགྱི་བ་སྩོལ་ཏོ། །འདི་ནི་གསོལ་བའོ། །ལས་
བརྗོད་པ་གསུམ་ཡང་དེ་བཞིན་དུ་བྱའོ། །གཞི་ནས་མགུ་བར་བྱ་བ་སྦྱིན་པ་དང་། ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་སྦྱིན་པའི་སྔགས་ལ་ཡང་དེ་བཞིན་དུ་སྦྱར་རོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །བདག་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་
ལྟུང་བ་བྱུང་ལ། དཔག་ཏུ་མ་མཆིས་པ་བཅབས་པས། བདག་དགེ་སློང་འཆར་ཀ་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དཔག་ཏུ་མ་མཆིས་པ་བཅབས་པ་དེའི་སླད་དུ་དགེ་འདུན་ལས་དག་པའི་མཐའ་ཅན་ཟླ་བ་བཞི་ཡོངས་སུ་
Vol. 163 · folio 310a
གནས་པ་གསོལ་ན། དགེ་འདུན་གྱིས་བདག་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དཔག་ཏུ་མ་མཆིས་པ་བཅབས་པ་དེའི་སླད་དུ་དག་པའི་མཐའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་སྩལ་ཏེ། བདག་དགེ་སློང་འཆར་
ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དཔག་ཏུ་མ་མཆིས་པ་བཅབས་པ་དེའི་སླད་དུ་དག་པའི་མཐའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་བགྱིས་ལགས་ཏེ་དགེ་འདུན་ལ་ཞག་དྲུག་མགུ་བ་བགྱི་བ་གསོལ་ནས་དགེ་འདུན་གྱིས་བདག་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་
བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དཔག་ཏུ་མ་མཆིས་པ་བཅབས་པ་དེའི་སླད་དུ་དག་པའི་མཐའ་ཅན་ཟླ་བ་བཞི་ཡོངས་སུ་དག་པ་བགྱི་བ་ལ་ཞག་དྲུག་མགུ་བར་བགྱི་བ་སྩལ་ཏེ། བདག་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དཔག་ཏུ་མ་མཆིས་པ་
བཅབས་པ་དེའི་སླད་དུ་དག་པའི་མཐའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་ཡང་བགྱིས་ལགས་ཞག་དྲུག་མགུ་བར་ཡང་བགྱིས་ཏེ། དགེ་འདུན་ལས་དབྱུང་བ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། བདག་དགེ་སློང་འཆར་ཀ་
ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། དཔག་ཏུ་མ་མཆིས་པ་བཅབས་པ་དེའི་སླད་དུ་དག་པའི་མཐའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་ཡང་བགྱིས། ཞག་དྲུག་མགུ་བ་ཡང་བགྱིས་པ་ལ་དབྱུང་བ་སྩལ་དུ་གསོལ། །ལན་གསུམ་དུ་བཟླས། གཞི་ནས་ཡོངས་སུ་གནས་པ་བྱས་པས་
མགུ་བ་བྱས་པ་དང་། ཡང་གཞི་ནས་བསླང་སྟེ། ཡོངས་སུ་གནས་པ་བྱས་པས་མགུ་བ་བྱས་པ་དབྱུང་བར་གསོལ་བའི་སྔགས་ལ་ཡང་དེ་བཞིན་དུ་སྦྱར་རོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དཔག་ཏུ་མ་
མཆིས་པ་བཅབས་པའི་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། དཔག་ཏུ་མ་མཆིས་པ་བཅབས་པ་དེའི་སླད་དུ་དགེ་འདུན་ལས་དག་པའི་མཐའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་གསོལ་ན། དགེ་འདུན་གྱིས་དགེ་སློང་འཆར་
Vol. 163 · folio 310b
ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། དཔག་ཏུ་མ་མཆིས་པ་བཅབས་པ་དེའི་སླད་དུ་དག་པའི་མཐའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་སྩལ་ཏེ། དགེ་སློང་འཆར་ཀ་འདིས་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དཔག་ཏུ་མ་མཆིས་པ་
བཅབས་པ་དེའི་སླད་དུ་དག་པའི་མཐའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་བགྱིས་ལགས་ཏེ། དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ན། དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དཔག་ཏུ་མ་མཆིས་པ་བཅབས་པ་དེའི་
སླད་དུ་དག་པའི་མཐའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་བགྱིས་པ་འདི་ལ་ཞག་དྲུག་མགུ་བར་བགྱི་བ་སྩལ་ཏེ། དགེ་སློང་འཆར་ཀ་འདིས་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། དཔག་ཏུ་མ་མཆིས་པ་བཅབས་པ་དེའི་སླད་དུ་དག་པའི་མཐའ་ཅན་ཟླ་བ་བཞི་ཡོངས་སུ་
གནས་པ་ཡང་བགྱིས་ལགས། ཞག་དྲུག་མགུ་བ་ཡང་བགྱིས་ལགས་ཏེ། དགེ་འདུན་ལས་དབྱུང་བ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་
བ་བྱུང་ལ། དཔག་ཏུ་མ་མཆིས་པ་བཅབས་པ་དེའི་སླད་དུ་དག་པའི་མཐའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་ཡང་བགྱིས། ཞག་དྲུག་མགུ་བ་ཡང་བགྱིས་པ་དབྱུང་བར་བགྱིའོ། །འདི་ནི་གསོལ་བའོ། །ལས་བརྗོད་པ་གསུམ་ཡང་དེ་བཞིན་དུ་བྱའོ། །གཞི་ནས་ཡོངས་སུ་གནས་པ་བྱས་
པས་མགུ་བ་བྱས་པ་དང་། ཡང་གཞི་ནས་བསླང་སྟེ་ཡོངས་སུ་གནས་པ་བྱས་པས་མགུ་བ་བྱས་པ་དབྱུང་བའི་སྔགས་ལ་ཡང་དེ་བཞིན་དུ་སྦྱར་རོ། །འདི་ལ་ཇི་སྙེད་ལ་སེམས་པ་དེ་སྙེད་དུ་གཏོགས་པ་ཉིད་རྗེས་སུ་བསྒྲུབ་པོ་ཞེས་བྱ་བ་ནི། ཡོངས་སུ་གནས་པ་དང་མགུ་བར་བྱ་བ་འདི་ལ་ལྟུང་
བ་ཇི་སྙེད་པ་ལ་ཕྱིར་བཅོས་པར་སེམས་པ་དེ་སྙེད་དུ་གཏོགས་པ་ཉིད་རྗེས་སུ་བསྒྲུབ་པར་བྱ་སྟེ། ལྟུང་བ་མང་པོ་དག་ལ་ཡང་སྤོ་བ་དང་། མགུ་བར་བྱ་བ་གཅིག་རྗེས་སུ་བསྒྲུབ་པར་བྱ་བ་ཉིད་ཀྱིས་ཆོག་གོ་ཞེས་བྱ་བའི་ཐ་ཚིག་གོ། །ཚད་ནི་རྣམ་པ་གཉིས་ཏེ་མཚན་མོའི་ཚད་དང་ལྟུང་བའི་ཚད་
Vol. 163 · folio 311a
དོ། །དེ་ལ་མཚན་མོའི་ཚད་ངེས་པར་མི་ཤེས་པའི་ཆོ་ག་ནི་བསྟན་ཟིན་ཏོ། །ལྟུང་བའི་ཚད་ངེས་པར་མི་ཤེས་པའི་ཆོ་ག་བཤད་པར་བྱ་སྟེ། ངེས་པར་མི་ཤེས་ན་དེ་དཔག་ཏུ་མེད་པ་ལ་བརྟེན་པར་བྱའོ་ཞེས་བྱ་བ་ནི། ལྟུང་བའི་ཚད་ངེས་པར་མི་ཤེས་ན་ལྟུང་བ་དེ་དཔག་ཏུ་མེད་
པ་བྱུང་ངོ་ཞེས་བྱ་བ་དེ་ལ་བརྟེན་པར་བྱ་སྟེ། ཕྱིར་བཅོས་པ་དང་འདྲ་བའི་ཕྱིར་དེ་ལྟར་ཤེས་པར་བྱའོ། །དེའི་སྐབས་སུ་སྔགས་ཀྱི་ཚིག་འདི་ལྟར་སྦྱར་བར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །བདག་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་
ལྟུང་བ་དཔག་ཏུ་མ་མཆིས་པ་བྱུང་ལ། ཟླ་བ་ཕྱེད་དམ་དཔག་ཏུ་མ་མཆིས་པ་བཅབས་པས་བདག་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་དཔག་ཏུ་མ་མཆིས་པ་བྱུང་ལ། ཟླ་བ་ཕྱེད་དམ་དཔག་ཏུ་མ་མཆིས་པ་བཅབས་པ་དེའི་སླད་དུ་དགེ་འདུན་ལས་ཟླ་བ་ཕྱེད་དམ་
དག་པའི་མཐའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་གསོལ་ན། །ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བ་ཉེ་བར་གཟུང་སྟེ། བདག་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་དཔག་ཏུ་མ་མཆིས་པ་བྱུང་ལ། ཟླ་བ་ཕྱེད་དམ་དཔག་ཏུ་
མ་མཆིས་པ་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་དམ་དག་པའི་མཐའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་སྩལ་དུ་གསོལ། ལན་གསུམ་དུ་བཟླས། ཡོངས་སུ་གནས་པ་སྦྱིན་པ་ལ་སོགས་པ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །མང་པོ་ཉིད་ལ་ནི་ཚད་ཤིན་ཏུ་མང་པོ་དང་ལྡན་
པ་ཞེས་སོ་ཞེས་བྱ་བ་ནི། ལྟུང་བ་དག་མང་པོ་ཉིད་ཡིན་ན་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་ཚད་ཤིན་ཏུ་མང་པོ་དང་ལྡན་པ་བྱུང་ལ་ཞེས་བྱ་བ་ལ་བརྟེན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་སྐབས་སུ་སྔགས་ཀྱི་ཚིག་འདི་ལྟར་སྦྱར་བར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་
གསན་དུ་གསོལ། བདག་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་ཚད་ཤིན་ཏུ་མང་པོ་དང་ལྡན་པ་བྱུང་ལ། ཟླ་བ་ཕྱེད་དམ་དཔག་ཏུ་མ་མཆིས་པ་བཅབས་པས། བདག་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་ཚད་ཤིན་ཏུ་
Vol. 163 · folio 311b
མང་པོ་དང་ལྡན་པ་བྱུང་ལ་ཟླ་བ་ཕྱེད་དམ་དཔག་ཏུ་མ་མཆིས་པ་བཅབས་པས་དེའི་སླད་དུ་དགེ་འདུན་ལས་ཟླ་བ་ཕྱེད་དམ་དག་པའི་མཐའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བ་ཉེ་བར་གཟུང་སྟེ། བདག་
དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་ཚད་ཤིན་ཏུ་མང་པོ་དང་ལྡན་པ་བྱུང་ལ་ཟླ་བ་ཕྱེད་དམ་དཔག་ཏུ་མ་མཆིས་པ་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་དམ་དག་པའི་མཐའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་སྩལ་དུ་གསོལ། ལན་གསུམ་དུ་བཟླས། ཡོངས་སུ་
གནས་པ་སྦྱིན་པ་ལ་སོགས་པ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ།། །།བམ་པོ་དྲུག་ཅུ་བཞི་པ། དུས་རྣམས་ནི་ལྷག་པས་སོ་ཞེས་བྱ་བ་ནི། ལྟུང་བ་བཅབས་པའི་དུས་ཐ་དད་པ་རྣམས་ནི་དེ་དག་གི་ནང་ནས་ལྟུང་བ་གང་གིས་བཅབས་པའི་དུས་ཡུན་རིང་ཞིང་ལྷག་པ་དེ་ལ་བརྟེན་
པར་བྱའོ། །འདི་སྐད་བསྟན་ཏེ། ལྟུང་བ་དུ་མ་དང་བཅབས་པའི་དུས་ཐ་དད་པ་རྣམས་ལ་གང་གི་ཚེ་ཡོངས་སུ་གནས་པ་དང་། མགུ་བར་བྱ་བ་སྦྱིན་པ་དེའི་ཚེ་ན་ལྟུང་བ་དེ་དག་གི་ནང་ནས་གང་གིས་བཅབས་པའི་དུས་ཡུན་རིང་བའི་ལྟུང་བ་གཅིག་གིས་དུས་ཀྱི་ལྟུང་བ་གཞན་དག་གི་དུས་ཀྱང་
བརྗོད་པར་བྱ་བ་འགྲུབ་པར་འགྱུར་རོ། །མིང་དག་ལ་ནི་སོགས་པ་དང་ལྡན་པ་ཉིད་དུའོ་ཞེས་བྱ་བ་ནི། བསམས་བཞིན་དུ་ཁུ་བ་ཕྱུང་བ་ལ་སོགས་པ་ནི་འདིར་མིང་དུ་གསུངས་པར་རིག་པར་བྱ་སྟེ། སྡེ་ཚན་གྱིས་མིང་ལ་ཐ་དད་པ་མེད་པའི་ཕྱིར་རོ། །གང་གི་ཕྱིར་དགེ་འདུན་ལྷག་མ་ཞེས་བྱ་བ་
དེ་ལ་དབྱེ་བ་འགའ་ཡང་མེད་པ་དེའི་ཕྱིར་བསམས་བཞིན་དུ་ཁུ་བ་ཕྱུང་བ་ལ་སོགས་པའི་མིང་དེ་དག་ལ་ནི་སོགས་པ་དང་ལྡན་པ་ཉིད་དུ་བརྟེན་པའོ། །དེའི་དོན་དུ་ལྟུང་བ་རྣམས་ཀྱི་མིང་སོ་སོར་བརྗོད་པར་བྱ་སྟེ། ཆེ་གེ་མོ་ལ་སོགས་པ་ཞེས་བྱ་བའི་དོན་གྱིས་ལྟུང་བ་གཞན་དག་གི་མིང་བརྗོད་པ་ལ་བརྟེན་པར་
བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་སྐབས་སུ་སྔགས་ཀྱི་ཚིག་འདི་ལྟར་སྦྱར་བར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་འཆར་ཀ་ལ་བསམས་བཞིན་དུ་ཁུ་བ་ཕྱུང་བ་ལ་སོགས་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ལ་སོགས་པ། ལུས་ཀྱི་རེག་པ་ལས་བྱུང་བའི་
Vol. 163 · folio 312a
དགེ་འདུན་ལྷག་མའི་ལྟུང་བ་དང་། འཁྲིག་པ་དང་ལྡན་པ་སྨྲ་བ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་དང་། བསྙེན་བཀུར་བསྔགས་པ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་དང་། སྨྱན་བགྱིས་པ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། ཟླ་བ་ཕྱེད་
དམ་དཔག་ཏུ་མ་མཆིས་པ་བཅབས་པ་དེའི་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །ཅི་བྱེ་བྲག་མེད་པར་དང་པོ་གང་ཡིན་པ་ཉིད་ལ་བརྟེན་པར་བྱའམ་ཞེ་ན། དེའི་ཕྱིར། ལྕི་བ་ཉིད་དང་བསམ་པ་དྲག་པོས་བྱས་པ་ཉིད་དག་གིས་དང་པོ་ཉིད་དུའོ་ཞེས་བྱ་བ་སྨྲས་ཏེ། འདིར་ལྕི་བ་ཉིད་ཅེས་བྱ་བ་ནི། གཞི་ལས་
ལྟུང་བ་གང་ལ་ལྟུང་བ་དུ་མ་འབྱུང་བ་དེ་ནི་ལྕི་བ་ཉིད་དོ། །བསམ་པ་དྲག་པོས་བྱས་པ་ཉིད་ནི་ལྟུང་བ་གང་འདོད་ཆགས་སམ་ཞེ་སྡང་ངམ་གཏི་མུག་གི་བསམ་པ་དྲག་པོས་ཀུན་ནས་བསླང་བ་སྟེ། ལྟུང་བ་ཕྱིར་བཅོས་པའི་སྐབས་འདིར་ལྕི་བ་ཉིད་དང་བསམ་པ་དྲག་པོས་བྱས་པ་ཉིད་གང་ཡིན་པའི་
མིང་དང་པོར་བརྗོད་པར་བྱའི། སྔར་ལྟུང་བ་གང་བྱུང་བ་དེའི་མིང་དང་པོར་ནི་སྨོས་པར་ནི་མི་བྱའོ། །འདིར་གཞུང་ནི་སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་དགེ་སློང་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ཞིང་བསམ་བཞིན་དུ་ཁུ་བ་ཕྱུང་བ་ལས་བྱུང་བ་ནི་
དགུང་གཅིག་བཅབས་ལ། འཛིན་པ་ལས་བྱུང་བ་ནི་དགུང་གཉིས་བཅབས་པ་ནས། བཀའ་བློ་མི་བདེ་བ་ལས་བྱུང་བ་དགུང་བཅུ་གསུམ་བཅབས་པའི་བར་དུ་བྱུང་ན། བཙུན་པ་ལྟུང་བ་དེ་དག་དུས་གཅིག་དང་སྐད་ཅིག་གཅིག་ལ་ལས་བགྱིད་པ་གཅིག་གིས་ཡོངས་སུ་གནས་པ་དང་། གཞི་ནས་
ཡོངས་སུ་གནས་པ་དང་། མགུ་བར་བགྱི་བ་དང་། གཞི་ནས་མགུ་བར་བགྱི་བ་སྩལ་ཞིང་དབྱུང་བར་བགྱི་བ་དང་། ལས་དེ་དག་ཀྱང་བགྱིད་པར་བརྗོད་པ་དང་དེས་དགེ་འདུན་ལ་ཡང་འགལ་ཚབས་ཅན་དུ་མི་འགྱུར་བར་རུང་ངམ། ཉེ་བ་འཁོར་རུང་སྟེ། བསམས་བཞིན་དུ་ཁུ་བ་ཕྱུང་བ་ལས་བྱུང་བ་
ཞག་གཅིག་བཅབས་པའི་ལྟུང་བ་གང་ཡིན་པ་ནས་བཀའ་བློ་མི་བདེ་བ་ལས་བྱུང་བ་ཞག་བཅུ་གསུམ་བཅབས་པའི་བར་གྱི་ལྟུང་བ་གང་ཡིན་པ་དེ་དག་ལས། དམ་པ་དང་རབ་ཏུ་དམ་པ་དང་། ལྕི་བ་དང་ཞག་མང་དུ་བཅབས་པ་གང་ཡིན་པ་དེའི་ཕྱིར་ཡོངས་སུ་གནས་པ་དང་གཞི་ནས་ཡོངས་སུ་
Vol. 163 · folio 312b
གནས་པ་དང་། མགུ་བར་བྱ་བ་དང་གཞི་ནས་མགུ་བར་བྱ་བ་སྦྱིན་ཞིང་དབྱུང་བར་བྱ་སྟེ། ལས་དེ་དག་ཀྱང་བྱས་པར་བརྗོད་པར་བྱ་ལ། དེས་དགེ་འདུན་ལ་ཡང་འགལ་ཚབས་ཅན་དུ་མི་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདིར་མངོན་པར་ཞེན་པས་བྱས་པས་ནི་དམ་པ་ཡིན་ལ། མངོན་པར་ཞེན་
པ་ཤས་ཆེན་པོས་བྱས་པ་ནི་རབ་ཏུ་དམ་པ་ཡིན་པར་རིག་པར་བྱའོ། །སྤྱོད་པ་ལ་སྔོན་བྱུང་བ་གཞན་ཕྱིར་གསོ་བར་འདོད་པ་སྐྱེས་ན་ཐ་དད་པར་སྦྱིན་ཞིང་ཅིག་ཅར་སྤྱོད་དོ་ཞེས་བྱ་བ་ནི། ཡོངས་སུ་གནས་པ་དང་མགུ་བར་བྱ་བ་སྤྱོད་པའི་གང་ཟག་ལ་སྔོན་ལྟུང་བ་བྱུང་བ་གཞན་ཕྱིར་གསོ་བར་འདོད་པ་སྐྱེས་
ན། དེ་ལ་ལྟུང་བ་དེའི་ཡོངས་སུ་གནས་པ་དང་མགུ་བར་བྱ་བ་སྦྱིན་པ་ནི་ཐ་དད་པར་སྦྱིན་པར་བྱ་ཞིང་སྤྱད་པ་ནི་ཅིག་ཅར་སྤྱད་དུ་རུང་བ་སྟེ། འདི་ལ་ལྟུང་བ་གཞན་ཡིན་པས་སྤྱད་པ་ཡང་ཐ་དད་པར་སྤྱད་པའི་ཆོ་ག་ཡིན་ནོ་སྙམ་དུ་བསམ་པར་མི་བྱའོ། །དེ་བཅབས་པ་ཉིད་ཡིན་ན་མགུ་བར་བྱ་བ་ལ་མི་སྲིད་དོ་
ཞེས་བྱ་བ་ནི། ཅིག་ཅར་སྤྱད་པ་དེ་བཅབས་པའི་རྒྱུ་ལས་ཡོངས་སུ་གནས་པ་བྱེད་པ་ཉིད་ཡིན་ན། མགུ་བར་སྤྱོད་པ་དང་ཡོངས་སུ་གནས་པ་དེ་ཅིག་ཅར་སྤྱད་པ་དེ་མི་སྲིད་པ་སྟེ། མགུ་བར་བྱ་བ་ནི་སེམས་མགུ་བར་བྱ་བའི་ཕྱིར་ཡིན་ལ། ཡོངས་སུ་གནས་པ་བཅབས་པ་ནི་ཁ་ན་མ་
ཐོ་བ་གཞོམ་པའི་ཕྱིར་ཡིན་པའི་ཕྱིར་རོ། །དེ་བས་ན་དེ་གཉིས་ཅིག་ཅར་སྤྱད་པ་ནི་མི་སྲིད་དོ། །དགེ་སློང་དག་ཁྱེད་ཀྱིས་གང་ཟག་དེ་ལ་ལྟུང་བ་གཉི་གའི་རྒྱུད་ལས་སྔ་མ་ལ་ནི་ཇི་ལྟར་བཅབས་པའི་སྤོ་བ་བྱིན་ཅིག །ཕྱི་མ་ལ་ནི་ཞག་དྲུག་མགུ་བར་བྱ་བ་བྱིན་ཅིག་ཅེས་བྱ་བ་ལ་སོགས་པ་
གསུངས་པ་གང་ཡིན་པ་དེས་ནི་མགུ་བར་སྤྱོད་པའི་གནས་སྐབས་སུ་ཡོངས་སུ་གནས་པ་ཡང་སྤྱད་པ་དེ་ལྟར་བསྟན་པར་ཤེས་པར་མི་བྱ་སྟེ། དེ་ནི་ཕྱིར་བཅོས་པ་ཙམ་བསྟན་པ་ཡིན་པས་དེར་ནི་སྔར་བཅབས་པའི་ཕྱིར་ཡོངས་སུ་གནས་པ་བྱེད་དུ་བཅུག་ལ་དེའི་འོག་ཏུ་དབྱུང་བའི་ཕྱིར་མགུ་བ་
བྱེད་དུ་ཆུག་ཤིག་ཅེས་གསུངས་པ་ཡིན་གྱི། མགུ་བ་དང་ཡོངས་སུ་གནས་པ་གཉིས་ཅིག་ཅར་སྤྱོད་དུ་གཞུག་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་གང་ཟག་གི་གཞི་ལ་དུས་དང་དུས་མ་ཡིན་པར་བསྡུས་པ་འབྱུང་བའི་གཞི་ཞེས་མིང་གཞན་དུ་བྱས་ཤེ་ན། དོན་དང་ལྡན་པར་བསྟན་པའི་ཕྱིར་ཏེ། དུས་དང་དུས་
Vol. 163 · folio 313a
མ་ཡིན་པར་ཞེས་བྱ་བ་ནི། འདི་ནི་ལྟུང་བ་བཅབས་པ་སྤྱད་པ་རྣམས་ཀྱི་ལྡང་བའི་དུས་སོ། །འདི་ནི་དུས་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །བསྡུས་པ་འབྱུང་བ་ཞེས་བྱ་བ་ནི། ལྟུང་བ་རྣམས་ཀྱི་ཆོ་ག་མདོར་བསྡུས་པ་འདིས་ཅིག་ཅར་དོན་གཅིག་ཏུ་འབྱུང་བའོ། །དུས་དང་དུས་མ་
ཡིན་པར་བསྡུས་པ་འབྱུང་བའི་གཞིའོ་ཞེས་བྱ་བ་གང་ཟག་གི་གཞི་འདུལ་བའི་གཞིའི་སྐབས་སུ་གཏོགས་པ་བཤད་ཟིན་ཏོ། །ད་ནི་དུས་དང་དུས་མ་ཡིན་པར་བསྡུས་པ་འབྱུང་བའི་གཞི་ཞུ་བའི་སྐབས་སུ་བརྗོད་པར་བྱ་སྟེ། ཉིན་མཚན་གྱི་ཐ་མའི་ཆ་མ་ཡིན་པ་ལ་འཆབ་པ་མི་འབྱུང་ངོ་ཞེས་བྱ་བ་ནི།
ཉིན་མཚན་གྱི་ཐ་མའི་ཆ་མ་ཡིན་པ་ཞེས་བྱ་བ་སྐྱ་རེངས་འཆར་བའི་སྐད་ཅིག་གི་མདུན་རོལ་ཚུན་ཆད་དེ། དེ་ལ་འཆབ་པ་འབྱུང་བར་མི་འགྱུར་རོ། །སྐྱ་རེངས་ཤར་ན་ནི་འཆབ་པ་འབྱུང་བ་ཁོ་ནར་འགྱུར་རོ། །བརྗོད་པའི་ཡན་ལག་མེད་ན་དེའི་སེམས་མ་ཡིན་པ་ཉིད་འཆབ་པ་མ་ཡིན་ནོ་ཞེས་བྱ་བ་ནི།
བརྗོད་པའི་ཡན་ལག་ཏུ་གྱུར་པ་རང་བཞིན་དུ་གནས་པ་དང་། ལྟ་བ་ཐ་མི་དད་པ་དང་། བསྙེན་པར་རྫོགས་པ་དང་བཅས་པ་དང་། མཚན་ཐ་མི་དད་པ་དང་། མཚམས་ཀྱི་ནང་ན་གནས་པ་ཞེས་བྱ་བ་ལ་སོགས་པའི་གང་ཟག་གང་ཡིན་པ་དེ་མེད་ན། ཉིན་མཚན་གྱི་མཐའ་མའི་ཆ་དེ་ལ་ཡང་
དེའི་སེམས་མ་ཡིན་པ་ཉིད་ཅེས་བྱ་བ་བརྗོད་པ་དེའི་སེམས་མ་ཡིན་པ་ཉིད་ཡོད་ཀྱང་དེ་ལ་འཆབ་པ་མ་ཡིན་ནོ། །བརྗོད་པའི་ཡན་ལག་ཡོད་ལ་གལ་ཏེ་མི་བརྗོད་དོ་སྙམ་དུ་མི་བརྗོད་པའི་བསམ་པ་སྐྱེད་ན། དེའི་ཚེ་འཆབ་པ་ཁོ་ནར་འགྱུར་རོ། །བགྲོད་དུ་མེད་དམ་སོང་བའི་དབང་ནི་མེད་པ་དང་
འདྲ་བ་ཉིད་དོ་ཞེས་བྱ་བ་ནི། བརྗོད་པའི་ཡན་ལག་ཡོད་དུ་ཟིན་ཀྱང་གལ་ཏེ་རྐྱེན་འགའ་ཞིག་གིས་བརྗོད་དུ་འགྲོ་བའི་གོ་སྐབས་མེད་དམ་བདག་ཉིད་གནས་དེ་ནས་གཞན་དུ་སོང་བར་གྱུར་ན་དེའི་དབང་གིས་ཡན་ལག་དེ་མེད་པ་ནི་དེའི་བརྗོད་པའི་ཡན་ལག་དེ་མེད་པ་དང་འདྲ་བ་ཉིད་ཡིན་ནོ། །འདི་སྐད་
བསྟན་ཏེ། བརྗོད་པའི་ཡན་ལག་ཉེ་བར་གནས་སུ་ཟིན་ཀྱང་རྐྱེན་འགའ་ཞིག་གིས་བདག་ཉིད་དེར་བརྗོད་དུ་འགྲོ་བའི་སྐབས་མེད་དམ། བདག་ཉིད་གནས་དེ་ནས་གཞན་དུ་སོང་བར་གྱུར་བའི་དབང་དག་གིས་བརྗོད་པའི་ཡན་ལག་མེད་པ་ན་མི་བརྗོད་པའི་སེམས་གང་ཡིན་པ་དེ་ནི་འཆབ་པ་མ་
Vol. 163 · folio 313b
ཡིན་ནོ། །བགྲོད་དུ་མེད་པ་དང་སོང་བ་དང་གཉིས་ཀྱི་བརྗོད་པ་མ་གྲུབ་པ་འབའ་ཞིག་མེད་པ་དང་འདྲ་བ་ཉིད་ཡིན་པར་མ་ཟད་ཀྱི་འདི་ལྟར་དེའི་དོན་གྱི་དབང་གིས་བྱས་པ་ཡང་ངོ་ཞེས་བྱ་བ་ཡང་མེད་པ་དང་འདྲ་བ་ཉིད་ཡིན་ཏེ། དེའི་དོན་གྱི་དབང་གིས་ཞེས་བྱ་བ་ནི། འཆབ་པར་འགྱུར་དུ་དོགས་
པའི་དོན་གྱི་དབང་གིས་ཏེ། བརྗོད་པའི་ཡན་ལག་ཏུ་གྱུར་པའི་གང་ཟག་ཉེ་བར་གནས་པ་ན་ལྟུང་བ་བྱུང་བ་དེ་འདི་སྙམ་དུ་གལ་ཏེ་དེའི་གན་དུ་སོང་ལ་མ་བརྗོད་ན་འཆབ་པའི་ཉེས་པར་འགྱུར་དུ་དོགས་པས་དེའི་དབང་གིས་དེར་མི་འགྲོའམ། གཞན་དུ་སོང་བས་བརྗོད་པ་མ་བྱས་ན་དེ་ལྟར་ན་ཡང་བཅབས་
པར་མི་འགྱུར་བ་ཁོ་ན་ཡིན་ནོ། །འདི་སྐད་བསྟན་ཏེ་སོང་སྟེ་མ་བརྗོད་ན་བདག་ལ་བཅབས་པའི་ཉེས་པར་འགྱུར་རོ་སྙམ་དུ་དོགས་པའི་བསམ་པས་གལ་ཏེ་བརྗོད་པའི་ཡན་ལག་གི་དྲུང་དུ་མི་འགྲོའམ། གལ་ཏེ་གནས་དེ་ནས་གཞན་དུ་སོང་བར་གྱུར་ན། དེ་ལྟར་ན་ཡང་བརྗོད་པའི་ཡན་ལག་མེད་པ་
དང་འདྲ་བ་ཉིད་དུ་རིག་པར་བྱ་སྟེ། དེའི་ཚེ་ཡང་འཆབ་པ་མི་འབྱུང་ངོ་། །འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་ལྟུང་བ་དང་བཅས་པ། དགེ་སློང་མི་གནས་པའི་གནས་ན་མཆིས་ཤིང་གང་ལ་ཡང་བརྗོད་པར་མི་བགྱིད་ན། བཅབས་པར་བརྗོད་པར་བགྱིའམ་ཉེ་བ་འཁོར་མི་བྱའོ། །བཙུན་པ་རེ་ཞིག་
དགེ་སློང་ལྟུང་བ་དང་བཅས་པ་དགེ་སློང་རྣམས་དང་ལྷན་ཅིག་གདུགས་ཡོལ་བར་བགྱིས་ནས་མཚན་མོ་དགེ་སློང་མི་གནས་པའི་གནས་ན་མཆིས་ཤིང་གང་ལ་ཡང་བརྗོད་པར་མི་བགྱིད་ན་བཅབས་པར་བརྗོད་པར་བགྱིའམ། ཉེ་བ་འཁོར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །དོན་མེད་པ་ནི་ཉེས་བྱས་
སོ་ཞེས་བྱ་བ་ནི། དོན་ཆུང་ཟད་ལ་ཡང་མི་ལྟོས་པར་མི་འགྲོའམ། གཞན་དུ་སོང་བས་ནི་ཉེས་བྱས་སུ་འགྱུར་བའོ། །མཐའི་མདུན་རོལ་དུ་ཡང་ངོ་ཞེས་བྱ་བ་ནི། ཉིན་མཚན་གྱི་མཐའི་མདུན་རོལ་དུ་བཅབས་པ་ཡང་ཉེས་བྱས་སུ་འགྱུར་བའོ། །འཆབ་པའི་སེམས་མ་བཏང་བ་ཉིད་ནི་དེའི་སེམས་ཉིད་
ཡིན་ནོ་ཞེས་བྱ་བ་ནི་འཆབ་པ་ཀུན་དུ་སྤྱོད་པ་ཁོ་ན་ཉིན་མཚན་གྱི་མཐར་འཆབ་པའི་སེམས་ཡིན་ཞིང་། འཆབ་པ་བསླང་བར་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི། འདི་ལྟར་འཆབ་པའི་སེམས་ཀུན་དུ་མི་སྤྱོད་ཀྱང་སེམས་མ་བཏང་ཞིང་ཡོངས་སུ་མ་སྤངས་པ་ཉིད་ཀྱང་འཆབ་པ་དེའི་སེམས་ཉིད་
Vol. 163 · folio 314a
ཡིན་པར་རིག་པར་བྱའོ། །འདིར་གཞུང་ནི་གང་གི་མདུན་དུ་འཆབ་པ་འབྱུང་བར་འགྱུར། རང་བཞིན་དུ་གནས་པ་དང་མཚམས་ཀྱི་ནང་ན་གནས་པ་ལ་གལ་ཏེ་མི་བརྗོད་ན་དེ་ཕྱིན་ཆད་འཆབ་པ་འབྱུང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདིར་བརྗོད་པ་རྗེས་སུ་སྒྲུབ་པར་
མི་བྱེད་པ་ཙམ་གང་ཡིན་པ་ཁས་བླང་བར་བྱའི། འཆབ་པ་ལ་ཕྱོགས་པ་ཉིད་ནི་མ་ཡིན་པས། དེའི་ཕྱིར་མདོ་འདི་བྱས་སོ། །དགེ་སློང་ཕམ་པར་གྱུར་པས་ལྟུང་བ་ཕྱིར་མ་བཅོས་པ་ལ་ནི་ཉེས་པ་མེད་དོ་ཞེས་བྱ་བ་ནི། དགེ་སློང་ཕམ་པར་གྱུར་པས་ལྟུང་བ་ཕྱིར་མ་བཅོས་པ་ལ་ནི་ཉེས་པ་མེད་པའོ། །འདི་
ནི་ཡོད་ལ་ཕྱིར་མི་འཆོས་པ་ཡང་ཉེས་བྱས་སོ་ཞེས་སྔར་སྨྲས་པ་དེའི་དམིགས་ཀྱིས་བསལ་བ་ཡིན་ཏེ། དེའི་སྡོམ་པ་ནི་དགོས་པ་མེད་པ་ཉིད་དུ་གྱུར་པའི་ཕྱིར་དེ་ལ་ཉེས་པ་མེད་པ་ཉིད་དུ་རིག་པར་བྱའོ། །དུས་དང་དུས་མ་ཡིན་པར་བསྡུས་པ་བྱུང་བའི་གཞི་ཞུ་བའི་སྐབས་སོ་ཞེས་བྱ་བ་དེ་ཞུ་
བའི་སྐབས་ནས་བྱུང་བ་བཤད་ཟིན་ཏོ། །དུས་དང་དུས་མ་ཡིན་པར་བསྡུས་པ་འབྱུང་བའི་གཞི་རྫོགས་སོ་ཞེས་བྱ་བ་གང་ཟག་གི་གཞི་བཤད་ཟིན་ཏོ།། །།ད་ནི་ས་གཞན་ན་གནས་པའི་སྤྱོད་པའི་གཞི་བསྡུ་བའི་ཕྱིར་ཡོངས་སུ་གནས་པ་དང་མགུ་བར་བྱ་བ་སྤྱོད་པ་དག་གིས། དགེ་སློང་རང་བཞིན་
དུ་གནས་པ་ལས་མངོན་པར་སྨྲ་བ་དང་ཕྱག་དང་མངོན་དུ་ལྡང་བ་དང་ཐལ་མོ་སྦྱར་བ་དང་གུས་པའི་ལས་དག་བདག་གིར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། ཡོངས་སུ་གནས་པ་དང་མགུ་བར་བྱ་བ་སྤྱོད་པ་དག་གིས་ཞེས་སྨོས་པས་ནི་གཞི་ནས་སྤོ་བ་དང་། ཡང་གཞི་ནས་བསླང་སྟེ་ཡོངས་སུ་གནས་པ་དང་།
གཞི་ནས་མགུ་བར་བྱ་བ་དང་། ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་སྤྱོད་པ་དག་ཀྱང་བསྡུས་པ་ཡིན་ནོ། །མངོན་པར་སྨྲ་བ་ཞེས་བྱ་བ་ནི། ཕྱག་འཚལ་ལོ་ཞེས་ཟེར་བ་སྟེ། མངོན་པར་ཞེས་བྱ་བ་ནི། བརྗོད་པའི་ཚིག་ཡིན་ལ། སྨྲས་པ་ཞེས་བྱ་བ་ནི། ཕྱག་འཚལ་ལོ་ཞེས་བྱ་བའི་ཚིག་
ཡིན་པར་སྦྱར་རོ། །ཕྱག་ཅེས་བྱ་བ་ནི་ལུས་འདུད་པའོ། །མངོན་དུ་ལྡང་བ་ཞེས་བྱ་བ་ནི། མིག་སྔར་བབ་ན་སྟན་ལས་ལྡང་བའོ། །ཐལ་མོ་སྦྱར་བ་ཞེས་བྱ་བ་ནི། ཐལ་མོ་སྦྱར་ཞིང་འདུད་པའོ། །གུས་པའི་ལས་དག་ཅེས་བྱ་བ་ནི་ལག་པ་རྐྱོང་བ་དང་བསྩུ་བ་ལ་སོགས་པ་མཆོད་པའི་ལས་
Vol. 163 · folio 314b
གཞན་དག་བསྡུའོ། །དེ་གཉིས་ཀྱིས་མི་བྱ་བ་གང་ཡིན་པ་དེའི་སྐབས་གཞན་དག་གིས་ཀྱང་དེ་དག་ལའོ་ཞེས་བྱ་བ་ལ། དེ་གཉིས་ཀྱིས་ཞེས་བྱ་བ་ནི་ཡོངས་སུ་གནས་པ་དང་མགུ་བར་བྱ་བ་སྤྱོད་པ་དེ་གཉིས་ཀྱིས་སོ། །མི་བྱ་བ་གང་ཡིན་པ་དེའི་སྐབས་ཞེས་བྱ་བ་ནི། དགེ་སློང་རང་བཞིན་
དུ་གནས་པ་ལས་མངོན་པར་སྨྲ་བ་དང་། ཕྱག་དང་མངོན་དུ་ལྡང་བ་དང་ཐལ་མོ་སྦྱར་བ་དང་། གུས་པའི་ལས་དག་བདག་གིར་མི་བྱའོ་ཞེས་ཇི་སྐད་བསྟན་པ་དག་གོ། །གཞན་དག་གིས་ཀྱང་ངོ་ཞེས་བྱ་བ་ནི། རང་བཞིན་དུ་གནས་པ་དག་གིས་ཀྱང་ངོ་། །དེ་དག་ལའོ་ཞེས་བྱ་བ་ནི། གྲོ་
བ་དང་མགུ་བར་བྱ་བ་སྤྱོད་པ་དེ་དག་ལ་མངོན་པར་སྨྲ་བ་ལ་སོགས་པ་དེ་དག་མི་བྱ་བའོ། །འདི་སྐད་བསྟན་ཏེ། རང་བཞིན་དུ་གནས་པ་དག་གིས་ཡོངས་སུ་གནས་པ་དང་། མགུ་བར་བྱ་བ་སྤྱོད་པ་དེ་གཉིས་ལ་མངོན་པར་སྨྲ་བ་ལ་སོགས་པ་དེ་དག་མི་བྱའོ། །དེ་དང་ལྷན་ཅིག་ཏུ་གོམ་པ་
བསྲི་བ་ཉིད་ལས་གཞན་པས་བཅག་པར་མི་བྱའོ་ཞེས་བྱ་བ་ནི། དེ་གཉིས་ཀྱིས་དགེ་སློང་རང་བཞིན་དུ་གནས་པ་དེ་དང་ལྷན་ཅིག་ཏུ་གོམ་པ་བསྲི་བ་ཉིད་མ་གཏོགས་པར་གོམ་པ་མཉམ་དུ་འདོར་བ་དང་། གོམ་པ་མདུན་དུ་ཐལ་བར་འདོར་བ་དག་གིས་བཅག་པར་མི་བྱ་བའོ། །སྟན་ཆེས་
དམའ་བ་ཉིད་ལས་གཞན་པས་འདུག་པར་ཡང་ངོ་ཞེས་བྱ་བ་ནི། ཡོངས་སུ་གནས་པ་དང་མགུ་བར་བྱ་བ་དེར་སྤྱོད་པ་དེ་གཉིས་ཀྱིས་དགེ་སློང་རང་བཞིན་དུ་གནས་པའི་དྲུང་དུ་སྟན་ཆེས་དམའ་བ་ཉིད་ལས་གཞན་པ་མཉམ་པའམ་མཐོ་བས་འདུག་པར་ཡང་མི་བྱ་ན། སྟན་གཅིག་ལ་ལྟ་སྨོས་ཀྱང་
ཅི་དགོས་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་བསྟན་ཏེ། དེ་གཉིས་འདུག་པས་དགེ་སློང་རང་བཞིན་དུ་གནས་པ་དང་ལྷན་ཅིག་ཏུ་སྟན་ཆེས་དམའ་བ་ལ་འདུག་པར་བྱའི། མཉམ་པའམ་མཐོན་པོ་ལ་འདུག་པར་མི་བྱའོ། །ཕྱི་བཞིན་འབྲང་བའི་དགེ་སྦྱོང་གིས་བདག་ཉིད་ལས་གཞན་པས་ཁྱིམ་
དག་ཏུ་འགྲོ་བ་ཡང་ངོ་ཞེས་བྱ་བ་ནི། ཡོངས་སུ་གནས་པ་དང་མགུ་བར་བྱ་བ་སྤྱོད་པ་དེ་གཉིས་ཀྱི་དགེ་སློང་རང་བཞིན་དུ་གནས་པ་དང་ལྷན་ཅིག་ཁྱིམ་དག་ཏུ་དེའི་ཕྱི་བཞིན་འབྲང་བའི་དགེ་སྦྱོང་གིས་བདག་ཉིད་ལས་གཞན་པ་དེའི་གྲོགས་སམ་དེའི་བླ་མའི་བདག་ཉིད་ཀྱིས་འགྲོ་བར་ཡང་མི་བྱ་
Vol. 163 · folio 315a
བའོ། །འདི་སྐད་བསྟན་ཏེ། དེ་གཉིས་གྲོང་དུ་འགྲོ་བས་རང་བཞིན་དུ་གནས་པའི་དགེ་སློང་གིས་ཕྱི་བཞིན་འབྲང་བའི་དགེ་སློང་གི་ཆོས་ཀྱིས་འགྲོ་བར་བྱའི། མདུན་དུ་འགྲོ་བའི་དགེ་སྦྱོང་གི་ཆོས་ཀྱིས་མི་བྱའོ། །གཡོགས་མ་གཅིག་ཏུ་མལ་བཤམ་པར་མི་བྱའོ་ཞེས་
བྱ་བ་ནི། སྤོ་བ་དང་མགུ་བར་བྱ་བ་སྤྱོད་པ་དེ་གཉིས་ཀྱིས་དགེ་སློང་རང་བཞིན་དུ་གནས་པ་དང་ལྷན་ཅིག་ཏུ་ངོས་དང་སྟེང་གཡོགས་གཅིག་པའི་གནས་ཀྱི་ནང་ལ་མལ་བཅའ་བར་མི་བྱ་བའོ། །རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པ་དང་གནས་སྦྱིན་པ་དང་དགེ་ཚུལ་ཉེ་བར་གཞག་པ་དག་མི་བྱའོ་
ཞེས་བྱ་བ་ནི། དེ་གཉིས་ཀྱིས་རབ་ཏུ་དབྱུང་བར་མི་བྱ། བསྙེན་པར་རྫོགས་པར་མི་བྱ། གནས་སྦྱིན་པར་མི་བྱ། དགེ་ཚུལ་ཉེ་བར་གཞག་པར་མི་བྱའོ། །གསོལ་བ་དང་བརྗོད་པ་དག་ཁས་མི་བླང་ངོ་ཞེས་བྱ་བ་ནི། དེ་གཉིས་ཀྱིས་དགེ་འདུན་གྱི་གསོལ་བ་དང་བརྗོད་པའི་ལས་དག་བྱེད་དུ་
བཅུག་པ་ཁས་བླང་བར་མི་བྱ་བའོ། །འདི་སྐད་བསྟན་ཏེ། དེ་གཉིས་ཀྱིས་ཚོགས་ཀྱི་ཁ་སྐོང་བ་ཉིད་ཀྱི་ཡན་ལག་ཀྱང་མི་བྱའོ། །ལས་བྱེད་པ་དང་དགེ་སློང་མའི་སྟོན་པ་དང་དགེ་འདུན་གྱིས་ཡིད་བརྟན་པར་བསྐོ་བ་ཡང་ངོ་ཞེས་བྱ་བ་ཡང་ཁས་མི་བླང་ངོ་ཞེས་བྱ་བར་སྦྱར་ཏེ། དེ་གཉིས་ཀྱི་
ལས་བྱེད་པར་བསྐོ་བ་དང་། དགེ་སློང་མའི་སྟོན་པར་བསྐོ་བ་དང་། དགེ་འདུན་གྱིས་ཡིད་བརྟན་པར་བསྐོ་བ་ཁས་བླང་པར་མི་བྱའོ། །དགེ་འདུན་གྱིས་ཡིད་བརྟན་པ་ཞེས་བྱ་བ་ནི། གནས་ཁང་བསྐོ་བ་ལ་སོགས་པའོ། །སྔར་བསྐོས་པས་ཀྱང་མི་བྱའོ་ཞེས་བྱ་བ་ནི། དེ་གཉིས་ལས་བྱེད་པ་ལ་
སོགས་པ་དག་ཏུ་སྔར་བསྐོས་ན་ཡང་མི་བྱའོ། །དགེ་སློང་མ་རྣམས་ལ་བརྟེན་པར་མི་བྱ་བའོ་ཞེས་བྱ་བ་ཡང་། སྔར་བསྐོས་ན་ཞེས་བྱ་བའི་རྗེས་བསྙགས་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །འདོན་པ་གཞན་ཡོད་ན་གསོ་སྦྱོང་ལ་སོ་སོར་ཐར་པ་གདོན་པར་མི་བྱའོ་ཞེས་བྱ་བ་ནི། འདོན་པར་
བྱེད་པའི་དགེ་སློང་གཞན་ཡོད་ན་དེ་གཉིས་ཀྱིས་གསོ་སྦྱོང་ལ་སོ་སོར་ཐར་པའི་མདོ་གདོན་པར་མི་བྱ་བའོ། །དགེ་སློང་ལ་ཉམས་པས་གླེང་བར་མི་བྱའོ་ཞེས་བྱ་བ་ནི། དེ་གཉིས་ཀྱིས་དགེ་སློང་ལ་ཚུལ་ཁྲིམས་ཉམས་པ་དང་ལྟ་བ་ཉམས་པ་དང་ཆོ་ག་ཉམས་པ་དང་འཚོ་བ་ཉམས་པས་གླེང་བར་མི་བྱའོ། །
Vol. 163 · folio 315b
ཅི་ཐམས་ཅད་ལ་གླེང་བར་མི་བྱའམ་ཞེ་ན་དེའི་ཕྱིར་དགེ་འདུན་ལས་མ་བཀར་བ་ལའོ་ཞེས་བྱ་བ་སྨྲས་ཏེ། རང་བཞིན་དུ་གནས་པའི་དགེ་སློང་ལ་གླེང་བར་མི་བྱའོ། །དགེ་འདུན་ལས་བཀར་བ་དང་རང་བཞིན་དུ་གནས་པ་མ་ཡིན་པ་དག་ལ་ནི་བཀག་པ་མེད་དོ། །འདིར་གཞུང་ནི་དགེ་སློང་ཐ་དད་པར་
གནས་པས་དགེ་སློང་རང་བཞིན་དུ་གནས་པའི་གདམས་ངག་གཞག་པར་མི་བྱ། གསོ་སྦྱོང་གཞག་པར་མི་བྱ། དགག་དབྱེ་གཞག་པར་མི་བྱ་ཞིང་། རང་བཞིན་དུ་གནས་པའི་དགེ་སློང་ལ་གླེང་བར་མི་བྱ་དྲན་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །བརྗོད་པ་དང་བཅས་པ་ཉིད་
དང་ཕུར་པ་དང་བཅས་པ་ཉིད་དག་མི་བྱའོ་ཞེས་བྱ་བ་ནི། དེ་གཉིས་ཀྱིས་དགེ་སློང་རང་བཞིན་དུ་གནས་པ་དགེ་འདུན་ལས་མ་བཀར་བ་ལ་བརྗོད་པ་དང་བཅས་པ་ཉིད་དང་། ཕུར་པ་དང་བཅས་པ་ཉིད་དག་མི་བྱ་བའོ། །གདམས་ངག་དང་གསོ་སྦྱོང་དང་དགག་དབྱེ་དང་གསོལ་བ་དང་བརྗོད་པ་དག་
གཞག་པར་མི་བྱའོ་ཞེས་བྱ་བ་ནི། དེ་གཉིས་ཀྱིས་དགེ་སློང་རང་བཞིན་དུ་གནས་པ་དགེ་འདུན་ལས་མ་བཀར་བའི་གདམས་ངག་གཞག་པར་མི་བྱ། གསོ་སྦྱོང་གཞག་པར་མི་བྱ། དགག་དབྱེ་གཞག་པར་མི་བྱ། གསོལ་བ་གཞག་པར་མི་བྱ། ལས་བརྗོད་པ་གཞག་པར་མི་བྱ་བའོ། །དེ་
དང་བསྟེན་པར་མི་བྱའོ་ཞེས་བྱ་བ་ནི། དེ་གཉིས་ཀྱིས་དགེ་སློང་རང་བཞིན་དུ་གནས་པ་དེ་དང་བསྟེན་པར་མི་བྱ། བསྡོང་བར་མི་བྱ་སྟེ། མཇིང་བསྒྲིལ་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཆད་པ་དེའི་རྒྱུ་བྱས་པ་སྤང་ངོ་ཞེས་བྱ་བ་ནི། དེ་གཉིས་ཀྱིས་ཡོངས་སུ་གནས་པ་དང་། མགུ་བ་སྤྱད་པ་ལ་
ཐུག་པའི་ཆད་པ་དེའི་རྒྱུ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དང་བཅབས་པ་བྱས་པ་གང་ཡིན་པ་དེ་ལྟ་བུ་གཞན་དག་སྤང་བར་བྱ་བ་སྟེ། མི་སྤོང་ན་ཁ་ན་མ་ཐོ་བ་གཞན་དུ་འགྱུར་རོ། །ཉེས་པ་གཞན་ཡང་ངོ་ཞེས་བྱ་བ་ནི། ཆད་པའི་ལས་ཀྱི་རྒྱུར་གྱུར་པ་ལས་གཞན་གྱི་ཉེས་པ་ཡང་སྤང་བར་བྱ་
བའོ། །འདིར་གཞུང་ནི་དགེ་འདུན་གྱིས་དབྱུང་བའི་ལས་བྱས་པ་དེས་ལྟུང་བ་དབྱུང་བར་མི་བྱ་ཞིང་དེ་དང་འདྲ་བ་གཞན་ཡང་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཉེས་པ་དང་མཐུན་པ་ཉིད་མི་བྱའོ་ཞེས་བྱ་བ་ནི། དེ་གཉིས་ཀྱིས་ཚངས་པ་མཚུངས་པར་སྤྱོད་
Vol. 163 · folio 316a
པ་རྣམས་ཀྱི་ཡུལ་ལ་མ་གུས་པ་དང་བརྙས་ཐབས་ལ་སོགས་པ་མི་བྱ་བའོ། །བརྟུལ་ཞུགས་སྙིང་པོ་མེད་པར་འགྱུར་རོ་སྙམ་དུ་ཡིད་ལ་བྱའོ་ཞེས་བྱ་བ་ནི། དེ་གཉིས་ཀྱིས་འདི་སྙམ་དུ་བདག་ཅག་གིས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་ཡུལ་ལ་གུས་པ་དང་བཅས་
པས་གནས་པར་བྱ་བ་ལ་སོགས་པ་སྔར་ཇི་སྐད་བསྟན་པ་དེ་དག་མ་བྱས་ན་སྤོ་བ་དང་མགུ་བ་བྱ་བ་སྤྱད་པ་ལ་སོགས་པའི་བརྟུལ་ཞུགས་ལ་སྙིང་པོ་མེད་ཅིང་གསོག་ཏུ་འགྱུར་རོ་སྙམ་དུ་དེ་ལྟར་ཡིད་ལ་ངེས་པར་བརྟག་པར་བྱ་བ་སྟེ། གུས་པར་བསྐྱེད་པར་བྱ་བའི་ཕྱིར་དེ་སྐད་བསྟན་ཏོ། །ནང་པར་སྔར་
ལངས་ཏེ་སྒོ་དབྱེ་བ་དང་། མར་མེའི་ཀོང་བུ་བསྩལ་བར་བྱའོ་ཞེས་བྱ་བ་ནི། དེ་གཉིས་ཀྱིས་ནང་པར་སྔར་ལྡང་བར་བྱ། གཙུག་ལག་ཁང་གི་སྒོ་དག་དབྱེ་བར་བྱ། མར་མེའི་ཀོང་བུ་བསྩལ་བར་བྱ་བའོ། །གཙུག་ལག་ཁང་དུ་ཆག་ཆག་དང་ཕྱག་དར་དང་ལྕི་བ་འཇམ་པོའི་བྱུག་པས་བསྐུ་བ་དག་
ཀྱང་ངོ་ཞེས་བྱ་བ་ཡང་དེ་གཉིས་ཀྱིས་བྱ་བའོ། །བཤང་བ་དང་གཅི་བའི་སྐྱབས་དག་སྦྱང་ངོ་ཞེས་བྱ་བ་ནི། དེ་གཉིས་ཀྱིས་དགེ་འདུན་གྱི་བཤང་བ་དང་གཅི་བའི་ཆབ་ཁུངས་དག་ཀྱང་བྱི་དོར་བྱ་བའོ། །ས་ཕྱགས་པ་དང་དུས་དང་མཐུན་པའི་ཆུ་དག་གཞག་པར་བྱའོ་ཞེས་བྱ་བ་ནི། བཤང་བ་དང་
གཅི་བའི་སྐྱབས་དེ་གཉིས་ཀྱིས་ས་ཕྱགས་པ་དང་། དེ་དག་ཏུ་དགུན་ནི་ཆུ་དྲོན་མོ་གཞག་པར་བྱ། ཚ་བའི་དུས་སུ་ནི་ཆུ་གྲང་མོ་གཞག་པར་བྱ་བའོ། །ཝའི་ཁ་དག་བསྩལ་ལོ་ཞེས་བྱ་བ་ནི། དེ་གཉིས་ཀྱིས་གཙུག་ལག་ཁང་གི་ཝའི་ཁ་དག་བསྩལ་བར་བྱ་བའོ། །སྟན་བཤམ་མོ་ཞེས་བྱ་བ་ནི་
དེ་གཉིས་ཀྱིས་དགེ་འདུན་གྱི་ཁྲིའུ་ལ་སོགས་པའི་སྟན་དག་བཤམ་པར་བྱ་བའོ། །དུས་ཤེས་པར་བྱ་སྟེ་བདུག་སྤོས་དང་དེའི་པོག་ཕོར་དག་ཉེ་བར་གཞག་གོ་ཞེས་བྱ་བ་ནི། དེ་གཉིས་ཀྱིས་མཆོད་པའི་དུས་ཤེས་པར་བྱ་སྟེ། བདུག་སྤོས་དང་པོག་ཕོར་དག་སྟ་གོན་བྱ་བའོ། །གལ་ཏེ་ནུས་པ་
ཉིད་ཡིན་ན་སྟོན་པའི་ཡོན་ཏན་ཡང་དག་པར་བསྒྲག་གོ་ཞེས་བྱ་བ་ནི། གལ་ཏེ་ནུས་ན་དེ་གཉིས་ཀྱིས་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་ཡང་དག་པར་བསྒྲག་པར་བྱ་བའོ། །གལ་ཏེ་མི་ནུས་ན་སྨྲ་བ་པོ་གཞན་ལ་བཅོལ་ལོ་ཞེས་བྱ་བ་ནི། གལ་ཏེ་དེ་གཉིས་ཀྱིས་སྟོན་པའི་ཡོན་ཏན་
Vol. 163 · folio 316b
ཡང་དག་པར་སྒྲོག་མི་ནུས་ན་སྨྲ་བ་པོ་གཞན་ལ་བཅོལ་བར་བྱ་བའོ། །སྤྱི་བུངས་བཤམ་པ་ན་གཎྜཱི་བརྡུང་ངོ་ཞེས་བྱ་བ་ནི། འབྲས་ཆན་ལ་སོགས་པའི་སྤྱི་བུངས་འོངས་ཤིང་བཤམས་ཟིན་པ་ནི་དེ་གཉིས་ཀྱིས་གཎྜཱི་བརྡུང་བར་བྱ་བའོ། །གལ་ཏེ་དགེ་སློང་རྣམས་ཚ་ན་བསིལ་ཡབ་བྱའོ་ཞེས་བྱ་བ་ནི། གལ་
ཏེ་དགེ་སློང་རྣམས་ཚ་བར་གྱུར་ན་དེ་གཉིས་ཀྱིས་བསིལ་ཡབ་ཀྱིས་གཡབ་པར་བྱ་བའོ། །དེ་དག་གིས་འདུག་པ་ལ་སོགས་པ་ནི་བསྙེན་པར་རྫོགས་པ་ཐམས་ཅད་ཀྱི་མཐའ་ཉིད་དོ་ཞེས་བྱ་བ་ནི། དེ་གཉིས་ཀྱིས་འདུག་པ་ལ་སོགས་པ་ནི་བསྙེན་པར་རྫོགས་པ་ཐམས་ཅད་ཀྱི་མཐའ་ཉིད་
ཡིན་པ་སྟེ། དེ་ནི་གྲལ་རིམས་བསྟན་པའི་ཕྱིར་རོ། །དགེ་སློང་གི་གྲལ་དེར་ཐམས་ཅད་ཀྱི་ཐ་མར་འདུག་པ་དང་འགྲོ་བ་ལ་སོགས་པ་བྱའོ། །ཟས་ཀྱི་བྱ་བ་བྱས་ནས་གདན་ཆ་དབེན་པར་བརྟུལ་ལོ་ཞེས་བྱ་བ་ནི། དགེ་སློང་རྣམས་ཀྱིས་ཟས་ཀྱི་བྱ་བ་བྱས་ཟིན་ནས་དགེ་འདུན་གྱི་གདན་ཆ་དབྱམ་པོ་
དང་གོར་བུ་དང་པར་ཏང་ལ་སོགས་པ་དག་དབེན་པའི་གནས་སུ་བསྡུ་བར་བྱ་བའོ། །ལྷུང་བཟེད་ཀྱི་གཞི་དོར་རོ་ཞེས་བྱ་བ་ནི། །ལྷུང་བཟེད་ཀྱི་གཞི་རྩྭ་ལ་སོགས་པ་དེ་དག་ཉིད་ཀྱིས་ཕྱི་རོལ་དུ་དོར་བར་བྱ་བའོ། །དུས་ཤེས་པར་བྱ་སྟེ་མཆོད་རྟེན་གྱི་ཕྱག་དར་བྱའོ་ཞེས་བྱ་བ་ནི། མཆོད་པའི་དུས་ཤེས་
པར་བྱས་ཏེའོ། །ལྕི་བ་འཇམ་པོའི་བྱུག་པས་བསྐུའོ་ཞེས་བྱ་བ་ནི་མཆོད་རྟེན་དག་ལའོ། །འདུ་བའི་དུས་སུ་བཤམ་པ་ལ་སོགས་པ་ནས་ཡོན་ཏན་གྱི་སྐབས་ཀྱི་བར་དག་གོ་ཞེས་བྱ་བ་ནི། དགེ་འདུན་འདུ་བའི་དུས་སུ་ཡང་སྟན་བཤམ་པ་ནས་སྟོན་པའི་ཡོན་ཏན་ཡང་དག་པར་བསྒྲག་པའི་བར་དག་
བྱ་བ་སྟེ། སྔར་སྟན་བཤམ་མོ། །དུས་ཤེས་པར་བྱ་སྟེ། བདུག་སྤོས་དང་དེའི་པོག་ཕོར་དག་ཉེ་བར་གཞག་གོ། །གལ་ཏེ་ནུས་པ་ཉིད་ཡིན་ན་སྟོན་པའི་ཡོན་ཏན་ཡང་དག་པར་བསྒྲག་གོ། །གལ་ཏེ་མི་ནུས་ན་སྨྲ་བ་པོ་ལ་བཅོལ་ལོ་ཞེས་ཇི་སྐད་བསྟན་པ་དེ་དག་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །
གལ་ཏེ་ནུས་པ་ཉིད་ཡིན་ན་ཉི་མ་བརྗོད་པ་ཡང་ངོ་ཞེས་བྱ་བ་ནི། གལ་ཏེ་ནུས་པ་ཉིད་ཡིན་ན་དེ་གཉིས་ཀྱིས་ཉི་མ་བརྗོད་པ་ཡང་བྱ་བའོ། །གལ་ཏེ་མི་ནུས་ན་དགེ་སློང་གཞན་ལ་བཅོལ་ལོ་ཞེས་བྱ་བ་ནི། གལ་ཏེ་ཉི་མ་བརྗོད་པར་མི་ནུས་ན་དེ་གཉིས་ཀྱིས་དགེ་སློང་གཞན་ལ་བཅོལ་བར་བྱ་བའོ། །དགོངས་
Vol. 163 · folio 317a
ཀར་དུས་དང་མཐུན་པའི་ཆུས་དགེ་སློང་རྣམས་ཀྱི་རྐང་པ་བཀྲུའོ་ཞེས་བྱ་བ་ནི། མཚན་མོ་དུས་དང་མཐུན་པའི་ཆུ་ཞེས་བྱ་བ་གྲང་བའི་དུས་སུ་ནི་དྲོ་བ། ཚ་བའི་དུས་སུ་ནི་བསིལ་བའི་དགེ་སློང་རྣམས་ཀྱི་རྐང་པ་དག་པར་བཀྲུ་བའོ། །རྐང་པ་དག་བསྐུའོ་ཞེས་བྱ་བ་ནི།
དགོངས་ཀར་དགེ་སློང་རྣམས་ཀྱིའོ། །མི་འདོད་ན་སྣུམ་དབུལ་ལོ་ཞེས་བྱ་བ་ནི། དགེ་སློང་དག་རྐང་པ་བསྐུ་བར་མི་འདོད་ན་སྣུམ་དབུལ་བར་བྱ་བའོ། །དེ་ནི་གཙུག་ལག་ཁང་ཐ་མར་འོས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། སྤོ་བ་དང་མགུ་བར་བྱ་བ་སྤྱོད་པ་དེའི་གནས་ཁང་ལ་སོགས་པ་གཙུག་
ལག་ཁང་བསྙེན་པར་རྫོགས་པ་ཐམས་ཅད་ཀྱི་ཐ་མར་བསྐོ་བར་བྱ་བ་ཉིད་ཡིན་པའོ། །སྤོ་བ་བྱེད་པ་ལ་སོགས་པ་ནང་ནི་ཆེ་རིམ་གྱིས་བསྐོ་སྟེ། མགུ་བར་བྱ་བ་སྤྱོད་པ་དག་པས་སྤོ་བ་ཐ་མ་ཉིད་ཡིན་ནོ། །སྤོ་བ་དག་པས་བསླབ་པ་བྱིན་པ་ཐ་མ་ཉིད་ཡིན་ཏེ། ལྟུང་བ་བྱུང་བ་ཆེས་དམན་པ་ཡིན་
པའི་ཕྱིར་རོ། །ཐམས་ཅད་པས་གནས་ནས་ཕྱུང་བ་དག་ཐ་མ་ཉིད་ཡིན་ཏེ་སྤངས་པའི་ཕྱིར་རོ། །ཐམས་ཅད་དུ་རྙེད་པ་དབང་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། གནས་ནས་ཕྱུང་བ་མ་གཏོགས་པས་གཞན་ན་གནས་ན་དེ་དག་གོ། །དགེ་བའི་ཕྱོགས་ལ་མི་གཡེལ་བར་བྱའོ་ཞེས་བྱ་བ་ནི། དེ་
དག་དགེ་བའི་ཕྱོགས་ཀྱི་དུས་མ་ཡིན་པར་ཤེས་པར་མི་བྱ་སྟེ། འདི་ལྟར་དེ་དེའི་དུས་ན་རྟོགས་པའི་སྐལ་བ་ཅན་མ་ཡིན་དུ་ཟིན་ཀྱང་དེ་ལྟ་མོད་ཀྱི་ཚོགས་རྗེས་སུ་བསྒྲུབ་པའི་ཕྱིར་དགེ་བའི་ཕྱོགས་ལ་མི་གཡེལ་བར་བྱའོ། །ནམ་ཞིག་ན་རྟོགས་པའི་སྐལ་བ་ཅན་དུ་ཡང་འགྱུར་ཏེ། འདི་ལྟར་བཅོམ་
ལྡན་འདས་ཀྱིས་བསམ་པས་ལྟུང་བ་ལས་ལྡང་བར་སྨྲའི། ཆད་པའི་ལས་ཀྱིས་ནི་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །བསླབ་པ་བྱིན་པ་ལ་ཡང་རྟོགས་པ་གྲག་པས་དེས་ན་དགྲ་བཅོམ་པ་ཉིད་ཐོབ་པ་ན་སྤོ་བ་དང་མགུ་བར་བྱ་བ་སྤྱོད་པ་དེ་གཉིས་ཀྱང་བསླབ་པ་བྱིན་པ་དང་འདྲ་བར་རང་བཞིན་
ཐོབ་ཅིང་ཆད་པའི་ལས་ལྷག་མ་སྤྱོད་པར་བྱ་མི་དགོས་པ་ཉིད་ཡིན་ཏེ། དབྱུང་བ་ལ་སོགས་པ་བྱ་མི་དགོས་སོ། །འདི་ནི་དེའི་ངོ་བོ་ཉིད་ཚོལ་བ་བྱིན་པ་དང་བསླབ་པ་བྱིན་པ་དག་ཀྱང་དེ་དང་འདྲའོ་ཞེས་བྱ་བ་ནི། དགེ་སློང་རང་བཞིན་དུ་གནས་པ་ལས་མངོན་པར་སྨྲ་བ་ལ་སོགས་པ་དག་བདག་
Vol. 163 · folio 317b
གིར་མི་བྱའོ་ཞེས་ཇི་སྐད་བསྟན་པའི་སྤྱོད་པ་འདི་ལ་དེའི་ངོ་བོ་ཉིད་ཚོལ་བ་བྱིན་པ་དང་བསླབ་པ་བྱིན་པ་དག་ཀྱང་སྤོ་བ་དང་མགུ་བར་བྱ་བ་སྤྱོད་པ་དེ་དང་འདྲ་སྟེ་དེ་གཉིས་ཀྱི་སྤྱོད་པ་ཡང་འདི་དག་ཉིད་ཡིན་ནོ། །གདོན་པར་མི་བྱའོ་ཞེས་བྱ་བ་ནི། དེའི་ངོ་བོ་ཉིད་ཚོལ་བ་བྱིན་པ་དང་བསླབ་པ་བྱིན་པ་དེ་
གཉིས་ཀྱིས་འདོན་པ་གཞན་མེད་ན་ཡང་གསོ་སྦྱོང་ལ་སོ་སོར་ཐར་པ་གདོན་པར་མི་བྱ་བའོ། །སྔ་མ་ནི་བཟོད་པ་གསོལ་བས་རང་བཞིན་འཐོབ་པོ་ཞེས་བྱ་བ་ནི། དེའི་ངོ་བོ་ཉིད་ཚོལ་བ་བྱིན་པ་དང་བསླབ་པ་བྱིན་པ་ཞེས་བྱ་བ་གཉིས་སྨོས་པའི་སྔ་མ་སྟེ། དེའི་ངོ་བོ་ཉིད་ཚོལ་བ་བྱིན་པ་ནི་རང་གིས་
དགེ་འདུན་ལ་བཟོད་པ་གསོལ་ཞིང་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་བཟོད་པ་བྱས་ན་རང་བཞིན་དུ་གནས་པ་ཉིད་འཐོབ་བོ། །རང་གི་བཟོད་པ་གསོལ་བའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །བདག་དགེ་སློང་འཆར་ཀ་དེའི་ངོ་བོ་ཉིད་ཚོལ་དུ་
སྩལ་བ་ལ། སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང་དགེ་འདུན་ལ་སྤུ་སྙོལ་བར་བགྱིད། འབྱུང་བར་བསྐྱོད། མཚུངས་པར་ཉེ་བར་སྟོན་ཅིང་མཚམས་ཀྱི་ནང་དུ་མཆིས་ཏེ། བཟོད་པ་གསོལ་ཞིང་གཞི་གང་ལས་སྨ་དབབ་པའི་ཕྲིན་ལས་མཛད་པའི་གཞི་དེ་ལས་སླར་ལྡོག་ན། ཐུགས་བརྩེ་
བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། བདག་དགེ་སློང་འཆར་ཀ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་བ་ལ་བཟོད་པ་མཛད་དུ་གསོལ། །ལན་གསུམ་བཟླས་ཞེས་གསུངས་པ་ཡིན་ནོ། །དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་བཟོད་པ་བྱ་བའི་སྔགས་
ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང་འཆར་ཀ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་བ་འདི་སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང་དགེ་འདུན་ལ་སྤུ་སྙོལ་བར་བགྱིད། འབྱུང་བར་བསྐྱོད། མཚུངས་པས་ཉེ་བར་སྟོན་ཅིང་མཚམས་ཀྱི་ནང་དུ་མཆིས་ཏེ་བཟོད་པ་
གསོལ་ཞིང་གཞི་གང་ལས་སྨ་དབབ་པའི་ཕྲིན་ལས་མཛད་པའི་གཞི་དེ་ལས་སླར་ལྡོག་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འཆར་ཀ་དེའི་ངོ་བོ་ཉིད་དུ་ཚོལ་དུ་སྩལ་བ་ལ་བཟོད་པ་མཛད་དོ། །འདི་
Vol. 163 · folio 318a
ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འོག་མ་ནི་དགྲ་བཅོམ་པ་ཉིད་ཀྱིས་སོ་ཞེས་བྱ་བ་ནི། བསླབ་པ་བྱིན་པ་ཞེས་བྱ་བ་ནི། བཟོད་པས་རང་བཞིན་མི་འཐོབ་ཀྱི་དགྲ་བཅོམ་པ་ཉིད་ཐོབ་པས་རང་བཞིན་དུ་གནས་པ་ཉིད་ཐོབ་པར་འགྱུར་བའོ། །སྒོ་
དབྱེ་བ་ཡན་ཆད་དང་གཙུག་ལག་ཁང་ལ་སོགས་པ་ལ་ཡོངས་སུ་གནས་པ་དང་ལྡན་པ་དང་སྤྱོད་པ་དང་ལྡན་པ་དང་གཉིས་ཀྱང་ངོ་ཞེས་བྱ་བ་ནི། དེ་དང་འདྲའོ་ཞེས་བྱ་བར་སྦྱར་ཏེ། སྒོ་དབྱེ་བ་ཡན་ཆད་དང་གཙུག་ལག་ཁང་ལ་སོགས་པའི་སྤྱོད་པ་དེ་གཉིས་ལ་ཡོངས་སུ་གནས་པ་དང་ལྡན་པ་དང་སྤྱད་པ་དང་
ལྡན་པ་དེ་གཉིས་ཡོངས་སུ་གནས་པ་དང་མགུ་བར་བྱ་བ་སྤྱོད་པ་དེ་དང་འདྲའོ་ཞེས་བྱ་བའི་ཐ་ཚིག་གོ། །སྒོ་དབྱེ་བ་ཡན་ཆད་ཅེས་བྱ་བ་ནི། སྔར་མདོ་ལས་ནང་པར་སྔར་ལངས་ཏེ་སྒོ་དབྱེ་བ་དང་མར་མེའི་ཀོང་བུ་བསྩལ་བར་བྱའོ་ཞེས་བསྟན་པའི་སྐབས་སུ་སྒོ་དབྱེ་བ་ཞེས་སྨོས་པ་སྟེ་དེ་ཡན་ཆད་ནས་
ཡོངས་སུ་གནས་པ་དང་མགུ་བར་བྱ་བ་སྤྱོད་པ་དག་གིས་དགེ་སློང་རང་བཞིན་དུ་གནས་པ་ལས་མངོན་པར་སྨྲ་བ་དང་ཕྱག་དང་མངོན་དུ་ལྡང་བ་དང་ཐལ་མོ་སྦྱར་བ་དང་། གུས་པའི་ལས་དག་བདག་གིར་མི་བྱའོ་ཞེས་མགོར་སྨོས་པ་མན་ཆད་ཀྱི་བར་གྱི་མདོ་ཐམས་ཅད་དང་སྤྱིར་སྦྱར་རོ། །གཙུག་ལག་
ཁང་ལ་སོགས་པ་ཞེས་བྱ་བ་ནི། སྔར་མདོ་ལས་དེའི་གཙུག་ལག་ཁང་ཐ་མར་འོས་པ་ཉིད་ཡིན་ནོ་ཞེས་བསྟན་པའི་སྐབས་སུ། གཙུག་ལག་ཁང་ཞེས་སྨོས་པ་སྟེ་དེ་ནི་གཙུག་ལག་ཁང་ཞེས་བྱ་བའི་སྒྲས་འཕངས་པ་ཡིན་ཏེ་ཉེ་བའི་ཕྱིར་རོ། །སྩོགས་པ་ཞེས་བྱ་བའི་སྒྲས་ནི་དེའི་འོག་གི་མདོ་
ལས་ཐམས་ཅད་དུ་རྙེད་པ་དབང་བ་ཉིད་ཡིན་ནོ་ཞེས་བྱ་བ་དང་། དགེ་བའི་ཕྱོགས་ལ་མི་གཡེལ་བར་བྱའོ་ཞེས་བསྟན་པའི་མདོ་དེ་གཉིས་འཕངས་པ་ཡིན་གྱི་གཞན་ནི་མ་ཡིན་ཏེ། ཡུལ་ཐ་དད་པ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱའོ། །དེ་ལྟར་ན་སྒོ་དབྱེ་བ་ཡན་ཆད་ཀྱི་མདོ་ཐམས་ཅད་དང་། དེའི་གཙུག་ལག་
ཁང་ཐ་མར་འོས་པ་ཉིད་ཡིན་ནོ་ཞེས་བྱ་བ་དང་། ཐམས་ཅད་དུ་རྙེད་པ་དབང་བ་ཉིད་ཡིན་ནོ་ཞེས་བྱ་བ་དང་། དགེ་བའི་ཕྱོགས་ལ་མི་གཡེལ་བར་བྱའོ་ཞེས་བྱ་བའི་མདོ་གསུམ་པོ་དེ་དག་གི་སྤྱོད་པ་ལ་ནི། སྤོ་བ་དང་ལྡན་པ་ཞེས་བྱ་བ་སྤོ་བ་བྱས་ཟིན་ལ། མགུ་བར་བྱ་བ་མ་བླངས་པ་དང་། སྤྱད་པ་དང་ལྡན་པ་ཞེས་བྱ་
Vol. 163 · folio 318b
བ་མགུ་བར་བྱ་བ་སྤྱད་ཟིན་ལ། ད་དུང་མ་ཕྱུང་བའི་གང་ཟག་དེ་གཉིས་ཀྱང་སྤོ་བ་དང་། མགུ་བར་བྱ་བ་སྤྱོད་པ་དེ་དང་འདྲ་བར་རིག་པར་བྱ་སྟེ། དེ་གཉིས་ནི་རང་བཞིན་དུ་གནས་པ་ཉིད་མ་ཡིན་པའི་ཕྱིར་དང་། ལས་བྱས་པ་ཉིད་ཡིན་པའི་ཕྱིར་དེ་ལྟར་རྣམ་པར་གཞག་གོ། །འདི་སྐད་བསྟན་ཏེ་ཡོངས་
སུ་གནས་པ་བྱས་ལ་མགུ་བར་བྱ་བ་མ་སྦྱིན་གྱི་བར་དུ་ནི་རེ་ཞིག་ཆོ་ག་འདི་ཡིན་ལ། མགུ་བར་བྱ་བ་བྱིན་པ་ལ་ནི་སྒོ་དབྱེ་བ་ལ་སོགས་པ་སྔར་བསྟན་པའི་མདོ་ཆོ་ག་ཐམས་ཅད་བྱ་དགོས་པར་ཤེས་པར་བྱའོ། །མགུ་བར་བྱ་བ་སྤྱད་ཟིན་ལ། དབྱུང་བར་མི་བྱེད་པའི་བར་དུ་ནི་རེ་ཞིག་ཆོ་ག་འདི་ཡིན་ལ།
དབྱུང་བ་བྱས་ཟིན་པ་ལ་ནི་སྒོ་དབྱེ་བ་ལ་སོགས་པ་སྔར་བསྟན་པའི་ཆོ་ག་ཐམས་ཅད་བྱ་མི་དགོས་ཏེ་རང་བཞིན་དུ་གནས་པར་གྱུར་ཟིན་པའི་ཕྱིར་རོ་ཞེས་བྱ་བར་ཤེས་པར་བྱའོ། །བསྡིགས་པ་དང་སྨད་པ་དང་བསྐྲད་པ་དང་ཕྱིར་འགྱེད་པ་དང་གནས་ནས་ཕྱུང་བ་དག་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ནི། དེ་དག་ཀྱང་
སྒོ་དབྱེ་བ་ཡན་ཆད་དང་གཙུག་ལག་ཁང་ལ་སོགས་པ་ལ་ཡོངས་སུ་གནས་པ་དང་མགུ་བར་བྱ་བ་སྤྱོད་པ་དང་འདྲ་བར་རིག་པར་བྱ་བའོ། །དེ་དག་ལ་ཧ་ཅང་ཐལ་བར་འགྱུར་བ་དམིགས་ཀྱིས་བསལ་བའི་ཕྱིར་གདོན་པ་ནི་མི་བྱ་བ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། འདོན་པ་གཞན་མེད་ན་ཡང་དེ་དག་གིས་གསོ་
སྦྱོང་ལ་སོ་སོར་ཐར་པ་གདོན་པ་མི་བྱ་བ་ཉིད་ཡིན་པའོ། །གཞན་དག་གིས་གནས་ནས་ཕྱུང་བ་སྤང་བར་བྱ་བ་ཁོ་ནའོ་ཞེས་བྱ་བ་ནི། རང་བཞིན་དུ་གནས་པ་གཞན་གྱིས་གནས་ནས་ཕྱུང་བ་ནི་སྤང་བར་བྱ་བ་ཁོ་ན་ཡིན་ཏེ། དེ་དང་ལྷན་ཅིག་ཏུ་བཅག་པ་དང་འདུག་པ་དང་འགྲོ་བ་ཇི་སྐད་བསྟན་པ་དག་ཀྱང་
མི་བྱ་ཞིང་འདོན་པ་གཞན་མེད་པ་ན་དེས་སོ་སོར་ཐར་པའི་མདོ་གདོན་པ་ཡང་ཉམས་སུ་མྱོང་བར་མི་བྱའོ། །གཞན་ཡང་དེ་ལ་ལུས་སམ་ངག་གི་འདྲེ་བར་གྱུར་པ་ཆུང་ཟད་ཀྱང་སྤྱད་པར་མི་བྱའོ། །དེའི་དུས་ཉིད་ཀྱི་རྒྱུ་ལས་བྱུང་བའི་རྙེད་པ་ཡང་མི་དབང་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། དེ་གནས་ནས་
ཕྱུང་བའི་དུས་ཉིད་ཀྱི་ཚེ་ན་དགེ་འདུན་ལ་རྙེད་པ་བྱུང་བ་གང་ཡིན་པ་དེ་ཡང་གནས་ནས་ཕྱུང་བ་དེ་མི་དབང་བ་ཉིད་ཡིན་པའོ། །འདི་སྐད་བསྟན་ཏེ། དེ་གནས་ནས་ཕྱུང་བའི་གནས་སྐབས་སུ་དགེ་འདུན་ལ་རྙེད་པ་བྱུང་བའི་དེའི་ཤས་གནས་ནས་ཕྱུང་བ་དེ་མི་དབང་བ་ཉིད་ཡིན་ནོ། །གནས་ནས་
Vol. 163 · folio 319a
མ་ཕྱུང་བའི་མདུན་རོལ་དུ་དབྱར་གནས་པ་ལ་སོགས་པའི་རྒྱུ་ལས་བྱུང་བའི་རྙེད་པ་གང་ཡིན་པ་དེ་ནི་དེ་ཡང་དབང་བ་ཉིད་ཡིན་ཏེ། དེའི་ཚེ་ན་དེ་རང་བཞིན་དུ་གནས་པ་ཉིད་ཡིན་པའི་ཕྱིར་རོ། །ཅི་མི་དབང་བ་ཉིད་དེ་གཏན་དུའམ་ཞེ་ན། དེའི་ཕྱིར་བྱ་བ་བཞིན་ནོ་ཞེས་བྱ་བ་
སྨྲས་ཏེ། ཇི་ལྟར་དགེ་འདུན་བྱེ་བ་ན་ཆོས་དང་མཐུན་པའི་ཕྱོགས་ཀྱི་རྙེད་པ་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པའི་གང་ཟག་མི་དབང་བ་ལ་དེས་ཆོས་དང་མཐུན་པའི་ཕྱོགས་ཕྱིར་ཁས་བླངས་པ་ན་རྙེད་པ་དབང་བ་དེ་བཞིན་དུ་གནས་ནས་ཕྱུང་བ་འདི་ཡང་ཇི་སྲིད་དུ་གནས་ནས་ཕྱུང་བ་དེ་སྲིད་དུ་རང་བཞིན་
དུ་གནས་པའི་དགེ་འདུན་གྱི་རྙེད་པ་མི་དབང་ལ་ནམ་བཟོད་པ་གསོལ་ཏོ། །གནས་སུ་ཆུད་པའི་དུས་ན་རྙེད་པ་དབང་ངོ་། །བྱེ་བའི་རྙེད་པ་དེ་ཡང་འོག་གི་མདོ་ལས་རིག་པར་བྱའོ། །བྱེ་བ་དག་ན་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་ཡང་དེ་དང་འདྲའོ་ཞེས་བྱ་བ་ནི། དགེ་འདུན་བྱེ་བ་ན་ཆོས་མ་
ཡིན་པའི་ཕྱོགས་དང་མཐུན་པ་ཡང་གནས་ནས་ཕྱུང་བ་དེ་དང་འདྲ་བ་སྟེ་གནས་ནས་ཕྱུང་བ་ལ་གང་དུ་སྤྱོད་པ་ཅི་བསྟན་པ་དེ་དག་ཐམས་ཅད་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་ལ་ཡང་བལྟ་བར་བྱ་བའོ། །དེ་ན་སྒོ་དབྱེ་བ་ཡན་ཆད་དང་གཙུག་ལག་ཁང་ལ་སོགས་པ་ལ་ཡང་ཆོས་མ་ཡིན་པའི་
ཕྱོགས་དང་མཐུན་པ་དེ་གནས་ནས་ཕྱུང་བ་དང་འདྲ་ལ་གདོན་པ་ནི་མི་བྱ་བ་ཉིད་དོ་ཞེས་བྱ་བ་ལ་ཡང་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་དེ་གནས་ནས་ཕྱུང་བ་དང་འདྲ་བ་དང་། གཞན་དག་གིས་གནས་ནས་ཕྱུང་བ་སྤང་བར་བྱ་བ་ཁོ་ནའོ་ཞེས་བྱ་བ་ལ་ཡང་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་
པ་དེ་གནས་ནས་ཕྱུང་བ་དང་འདྲ་བ་དང་དེའི་དོན་ཉིད་ཀྱི་རྒྱུ་ལས་བྱུང་བའི་རྙེད་པ་ཡང་མི་དབང་བ་ཉིད་ཡིན་ནོ་ཞེས་བྱ་བ་ལ་ཡང་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་དེ་གནས་ནས་ཕྱུང་བ་དང་འདྲ་བར་བསྟན་པར་ཤེས་པར་བྱའོ། །རང་བཞིན་དུ་གནས་པ་མ་ཡིན་པ་དག་ལ་སྤོ་བ་དང་མགུ་
བར་བྱ་བ་དང་བསླབ་པ་བྱིན་པ་དག་མི་འཆགས་སོ་ཞེས་བྱ་བ་ནི། རང་བཞིན་དུ་གནས་པ་མ་ཡིན་པ་ཞེས་བྱ་བས་གཞན་ན་གནས་པ་དག་ལ་གང་ཟག་སྤོ་བ་དང་མགུ་བར་བྱ་བ་སྤྱོད་པ་དང་བསླབ་པ་བྱིན་པ་དག་གི་སྤོ་བ་དང་། མགུ་བར་བྱ་བ་དང་། བསླབ་པ་སྤྱོད་པ་དག་བྱེད་ན་མི་འཆགས་ཏེ།
Vol. 163 · folio 319b
ཡུན་རིང་པོར་སྤྱད་ཀྱང་དུས་ཆུང་ཟད་མ་སྤྱད་པ་ཉིད་དང་འདྲ་བར་འགྱུར་རོ། །དེ་ལྟར་ཡང་འདིར་གཞུང་ནི་སྤོ་བ་གསུམ་དང་རང་བཞིན་དུ་གནས་པ་གཅིག་གམ་སྤོ་བ་གཉིས་དང་རང་བཞིན་དུ་གནས་པ་གཉིས་སམ། སྤོ་བ་གཅིག་དང་རང་བཞིན་དུ་གནས་པ་གསུམ་ལ་སྤོ་བ་དང་མགུ་བ་བྱ་བ་དང་།
བསླབ་པ་སྤྱད་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །དེའི་ཕྱིར་འདིར་རང་བཞིན་དུ་གནས་པ་མ་ཡིན་པ་དག་ལ་ཞེས་སྨོས་པ་ནི་ས་གཞན་ན་གནས་པ་དག་ཡིན་པར་གསུངས་པ་ཡིན་ཏེ། དེ་བས་ན་རང་བཞིན་དུ་གནས་པ་མ་ཡིན་པ་དག་ལ་སྤོ་བ་ལ་སོགས་པ་དག་སྤྱད་པ་དེ་ནི་མ་སྤྱད་པ་ཁོ་ན་ཡིན་ཏེ། འདི་
ལྟར་དེ་དག་ལ་དེ་མི་འཆགས་པའི་ཕྱིར་རོ། །དགེ་འདུན་མ་ཡིན་པ་ལ་ཡང་ངོ་ཞེས་བྱ་བ་ནི། སྤོ་བ་ལ་སོགས་པ་ལ་མི་འཆགས་པ་སྟེ། དགེ་འདུན་དུ་མ་གྱུར་པའི་གང་ཟག་གཅིག་གམ་གཉིས་སམ་གསུམ་དག་ལ་སྤོ་བ་དང་མགུ་བར་བྱ་བ་དང་། བསླབ་པ་སྤྱོད་པ་ཡང་མི་འཆགས་སོ། །
གནས་དེ་ན་འཁོད་པ་དག་ལས་ཡོངས་སུ་བཅད་པ་དག་ལ་ཡང་ངོ་ཞེས་བྱ་བ་ཡང་མི་འཆགས་སོ་ཞེས་བྱ་བར་སྦྱར་ཏེ། གནས་གང་དུ་སྤོ་བ་ལ་སོགས་པ་དེ་དག་སྤྱད་པར་བྱ་བའི་གནས་དེ་ན་འཁོད་པའི་དགེ་སློང་དག་ལས་དགེ་སློང་གཅིག་གམ་གཉིས་སམ་གསུམ་མམ་དགེ་འདུན་དུ་གྱུར་པ་
ཡང་རུང་སྟེ། ལོགས་ཤིག་ཏུ་ཡོངས་སུ་སྤྱད་ཅིང་དཀར་བ་དག་ལ་སྤོ་བ་ལ་སོགས་པ་སྤྱོད་པ་མི་འཆགས་སོ། །མང་པོ་ཉིད་ཡོངས་སུ་སྤང་བར་མི་བྱའོ་ཞེས་བྱ་བ་ནི། གནས་དེ་ན་དགེ་སློང་མང་པོ་དག་འཁོད་ལ། འདིར་སྤྱད་པ་དཀའ་འོ་སྙམ་པའི་བློ་མང་བ་ཉིད་ཀྱིས་ཉེས་པས་སྤང་བར་མི་
བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གནས་བརྟན་དང་སོ་སོར་ཐར་པ་དང་བཅས་པ་ཉིད་དུ་འབད་པར་བྱའོ་ཞེས་བྱ་བ་ནི། གནས་གང་ན་གནས་བརྟན་དང་བཅས་སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་ཡོད་པའི་གནས་དེར་ཇི་ལྟར་སྤྱད་པར་འགྱུར་ཞིག་གུ་སྙམ་དུ་དེའི་དོན་དུ་འབད་པར་བྱའོ། །མ་
གྲུབ་ན་གཞན་དུ་ན་ཡང་སྤྱད་པར་བྱ་བའོ། །གང་ན་གཞན་གསུམ་ལ་སོགས་པ་དེ་དག་གི་མིང་རྣམ་པ་ཐམས་ཅད་སྤྱོད་པ་དེར་དེ་སྤྱད་པར་མི་བྱའོ་ཞེས་བྱ་བ་ནི། གནས་གང་ན་གང་ཟག་གཞན་གསུམ་ལ་སོགས་པ་སྤོ་བ་དང་གཞི་ནས་སྤོ་བ་དང་། ཡང་གཞི་ནས་བསླང་སྟེ་སྤོ་བ་དང་།
Vol. 163 · folio 320a
མགུ་བར་བྱ་བ་དང་། གཞི་ནས་མགུ་བར་བྱ་བ་དང་། ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་དེ་དག་གིས་མིང་རྣམ་པ་ཐམས་ཅད་སྤྱོད་པའི་གནས་དེར་སྤོ་བ་ལ་སོགས་པ་དེ་སྤྱད་པར་མི་བྱ་སྟེ། ཚོགས་ཀྱིས་ཚོགས་ཀྱི་ལས་བྱར་མི་རུང་བའི་ཕྱིར་རོ། །དེ་བས་ན་
གཙུག་ལག་ཁང་ན་གཞན་གསུམ་ལ་སོགས་པ་དེ་དག་གི་མིང་རྣམ་པ་ཐམས་ཅད་སྤྱོད་པ་དག་འཁོད་པ་དེར་གང་ཡང་སྤྱད་པར་མི་བྱ་བའོ། །གང་ན་གཞན་གསུམ་ལ་སོགས་པ་ཡོངས་སུ་གནས་པ་སྤྱད་པ་དེར་སྤོ་བ་སྤྱད་པར་མི་བྱའོ། །གང་ན་གཞན་གསུམ་ལ་སོགས་པ་གཞི་ནས་
སྤོ་བ་སྤྱོད་པ་དེར་གཞི་ནས་ཡོངས་སུ་གནས་པ་སྤྱད་པར་མི་བྱའོ། །གང་ན་གཞན་གསུམ་ལ་སོགས་པ་ཡང་གཞི་ནས་བསླང་སྟེ་སྤོ་བ་སྤྱོད་པ་དེར་ཡང་གཞི་ནས་བསླང་སྟེ་སྤོ་བ་སྤྱད་པར་མི་བྱའོ། །དེ་བཞིན་དུ་གང་ན་གཞན་གསུམ་ལ་སོགས་པ་མགུ་བར་བྱ་བ་སྤྱོད་པ་དེར་མགུ་བར་བྱ་བ་སྤྱད་
པར་མི་བྱའོ། །གང་ན་གཞན་གསུམ་ལ་སོགས་པ་གཞི་ནས་མགུ་བར་བྱ་བ་སྤྱད་པ་དེར་གཞི་ནས་མགུ་བར་བྱ་བ་སྤྱད་པར་མི་བྱའོ། །གང་ན་གཞན་གསུམ་ལ་སོགས་པ་ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་སྤྱོད་པ་དེར། ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་སྤྱད་པར་མི་བྱའོ། །དེ་བཞིན་དུ་
གང་ན་གཞན་གསུམ་ལ་སོགས་པ་བསླབ་པ་སྤྱོད་པ་དེར་བསླབ་པ་སྤྱད་པར་མི་བྱའོ། །འདིར་གཞུང་ནི། གཙུག་ལག་ཁང་གཅིག་ཏུ་ཡོངས་སུ་གནས་པ་བྱེད་པ་བཞིས་ཡོངས་སུ་གནས་པ་སྤྱད་པར་མི་བྱའོ། །གཞི་ནས་ཡོངས་སུ་གནས་པ་བྱེད་པ་བཞིས་གཞི་ནས་ཡོངས་སུ་གནས་
པ་སྤྱད་པར་མི་བྱའོ། །མགུ་བར་བྱ་བ་སྤྱོད་པ་བཞིས་མགུ་བར་བྱ་བ་སྤྱད་པར་མི་བྱའོ། །གཞི་ནས་མགུ་བར་བྱ་བ་སྤྱོད་པ་བཞིས་གཞི་ནས་མགུ་བར་བྱ་བ་སྤྱད་པར་མི་བྱའོ། །གཙུག་ལག་ཁང་གཅིག་ཏུ་བསླབ་པ་བྱིན་པ་བཞིས་བསླབ་པ་ལ་བསླབ་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །དང་པོ་གཉིས་
ཀྱིས་གཞན་དུ་སྐྱ་རེངས་འཆར་བར་མི་བྱའོ་ཞེས་བྱ་བ་ནི། སྤོ་བ་སྤྱོད་པ་དང་མགུ་བར་བྱ་བ་སྤྱོད་པ་དང་། བསླབ་པ་ལ་སྤྱོད་པ་ཞེས་བྱ་བ་གསུམ་སྨོས་པའི་དང་པོ་གཉིས་ཏེ། སྤོ་བ་སྤྱོད་པ་དང་མགུ་བར་བྱ་བ་སྤྱོད་པ་གཉིས་ཀྱིས་གནས་གང་དུ་སྤྱད་པར་བྱ་བ་ཡང་དག་པར་བླངས་པའི་གནས་དེ་ལས་
Vol. 163 · folio 320b
གཞན་པའི་མཚམས་སུ་སྐྱ་རེངས་འཆར་བར་མི་བྱ་བའོ། །བསླབ་པ་བྱིན་པ་ལ་ནི་ཆོ་ག་འདི་མེད་དེ། དེ་ནི་ཚེ་གཅིག་པ་ཡིན་པས་ཚེ་གཅིག་ཏུ་གནས་གཅིག་ཏུ་ངེས་པ་མེད་པའི་ཕྱིར་རོ། །འདུས་པའི་དགེ་འདུན་ལ་འདས་པ་དང་འབྱུང་བར་འགྱུར་བ་བརྗོད་པར་བྱ་བ་ཉིད་དོ་ཞེས་བྱ་བ་
ནི། སྤོ་བ་དང་མགུ་བར་བྱ་བ་སྤྱོད་པ་དེས་གནས་གང་དུ་གཎྜཱི་བརྡུངས་པ་ན་མཚམས་དེར་གཏོགས་པའི་དགེ་སློང་གནས་དེར་ཇི་སྙེད་འདུས་པ་དེ་སྙེད་ཀྱི་དགེ་འདུན་ལ་རང་གིས་ཡོངས་སུ་གནས་པ་ལ་སོགས་པའམ་མགུ་བར་བྱ་བ་ལ་སོགས་པ་གང་བླངས་པ་དེའི་སྔར་འདས་པའི་ཞག་གྲངས་དང་
ཕྱིས་འབྱུང་བར་འགྱུར་བའི་ཞག་གྲངས་སྔགས་ཀྱིས་བརྗོད་པར་བྱ་བ་ཉིད་ཡིན་པའོ། །འདུས་པའི་ཞེས་སྨོས་པས་ནི་འདིར་ལས་བཞིན་དུ་ཐམས་ཅད་མ་ཚོགས་པ་ན་བརྗོད་པ་མི་འཆགས་པ་མ་ཡིན་ཏེ། ཐམས་ཅད་མ་འདུས་ཀྱང་ཇི་སྙེད་འདུས་པ་ལ་བརྗོད་པར་བྱ་བ་བསྟན་ཏོ། །
དགེ་འདུན་ལ་ཞེས་སྨོས་པས་ནི་གང་ཟག་ལ་བརྗོད་དུ་མི་རུང་སྟེ་བཞི་ཡན་ཆད་ཀྱི་ཚོགས་ལ་བརྗོད་པར་བྱ་བ་བསྟན་ཏོ། །དེའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་
བྱུང་བ་ལ། ཟླ་བ་ཕྱེད་བཅབས་པས་བདག་དགེ་སློང་མིང་འདི་ཞེས་བགྱི་བ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་དགེ་འདུན་ལས་ཟླ་བ་ཕྱེད་ཡོངས་སུ་གནས་པ་གསོལ་ཏེ། དགེ་འདུན་གྱིས་བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཆེ་གེ་
མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་སྤོ་བ་སྩལ་བས་ཞག་འདི་སྙེད་ཅིག་ནི་བགྱིས་ལགས། བགྱི་བ་ནི་ཞག་འདི་སྙེད་ཅིག་མཆིས་ཏེ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་སྤོ་བ་བགྱིད་པར་གཟུང་དུ་གསོལ། ལན་གསུམ་དུ་
བཟླས་ཞེས་གསུངས་པ་ཡིན་ནོ། །མགུ་བར་སྤྱད་པའི་སྐབས་སུ་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ཆེ་གེ་མོ་ལས་
Vol. 163 · folio 321a
བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ཏོ། །དགེ་འདུན་གྱིས་བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱི་བ་
སྩལ་བས། །ཞག་འདི་སྙེད་ཅིག་ནི་བགྱིས་ལགས། བགྱི་བ་ནི་ཞག་འདི་སྙེད་ཅིག་མཆིས་ཏེ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་མགུ་བར་བགྱི་བ་སྤྱད་པར་གཟུང་དུ་གསོལ། །ལན་གསུམ་དུ་བཟླས་ཞེས་གསུངས་པ་ཡིན་ནོ། །དུས་དཔག་ཏུ་མེད་པ་བཅབས་པས་དག་པའི་
མཐའ་ཅན་ཟླ་བ་བཞི་སྤོ་བ་གསོལ་བ་དང་། ལྟུང་བ་ཚད་ཤིན་ཏུ་མང་པོ་དང་ལྡན་པ་བྱུང་ལ་ཟླ་བ་ཕྱེད་དམ་དཔག་ཏུ་མེད་པ་བཅབས་པས་ཟླ་བ་ཕྱེད་དམ་དག་པའི་མཐའ་ཅན་ཟླ་བ་བཞི་ཡོངས་སུ་གནས་པ་གསོལ་བ་དང་། གཞི་ནས་ཡོངས་སུ་གནས་པ་ལ་སོགས་པ་གསོལ་བ་དང་། གཞི་ནས་
མགུ་བར་བྱ་བ་ལ་སོགས་པ་གསོལ་བའི་སྔགས་བརྗོད་པ་ཡང་དེ་བཞིན་དུ་ཅི་རིགས་པར་སྦྱར་རོ། །དུས་ཇི་ཙམ་ཞིག་བརྗོད་པར་བྱ་ཞེ་ན་དེའི་ཕྱིར། གལ་ཏེ་ཡུན་རིང་དུ་སྤྱད་པར་བྱ་བ་ཉིད་མ་ཡིན་ན་ཉིན་རེ་ཞིང་ངོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་སྤོ་བ་ཡུན་རིང་དུ་སྤྱད་པར་བྱ་བ་ཉིད་མ་ཡིན་ན་
ཉིན་རེ་ལན་རེ་བརྗོད་པར་བྱ་བ་ཉིད་ཡིན་ནོ། །ཟླ་བ་ཕྱེད་ལས་ལྷག་པ་ནི་ཡུན་རིང་བ་ཉིད་ཡིན་པར་ཤེས་པར་བྱ་སྟེ། གསོ་སྦྱོང་གི་དུས་གཞན་གྱིས་མཆོད་པའི་ཕྱིར་རོ། །འདི་ལ་ནི་གསུམ་མམ་བཞི་ཞིང་ངོ་ཞེས་བྱ་བ་ནི། ཡུན་རིང་དུ་སྤྱད་པར་བྱ་བ་ཉིད་འདི་ལ་ནི་ཉི་མ་གསུམ་མམ་བཞི་ཞིང་
ལན་རེ་བརྗོད་པར་བྱ་བ་ཉིད་ཡིན་ནོ། །དེ་གཉིས་ལ་དོན་དེས་བརྙས་ཐབས་མི་བྱའོ་ཞེས་བྱ་བ་ནི། སྤོ་བ་དང་མགུ་བར་བྱ་བ་སྤྱོད་པ་དེ་གཉིས་ལ་དགེ་འདུན་ལྷག་མ་ལ་སོགས་པ་ཀུན་དུ་སྤྱོད་པའི་དོན་དེས་གཞན་དག་གིས་བརྙས་ཐབས་མི་བྱ་བ་སྟེ། ལྟུང་བ་བྱུང་ནས་ཆོས་བཞིན་དུ་ཕྱིར་འཆོས་
པ་ནི་མཁས་པ་གསལ་བ་དགེ་བ་སྐྱེས་བུ་དམ་པ་ཡིན་པའི་ཕྱིར་རོ།། །།བམ་པོ་དྲུག་ཅུ་ལྔ་པ། འཐབ་ཀྲོལ་བྱེད་པ་འོང་བར་ཐོས་ཤིང་གལ་ཏེ་དེས་འཇིགས་ན་དགེ་འདུན་ཚོགས་པའམ་གང་ཟག་ལ་ཕྱིར་གཏང་བར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། གང་ཟག་ཐམས་ཅད་ལ་འཐབ་
Vol. 163 · folio 321b
ཀྲོལ་བྱེད་ཅིང་ཕྱིར་རྒོལ་བའམ་དེ་དང་མི་མཛའ་བ་ཉིད་དུ་གནས་པའི་གང་ཟག་འཐབ་ཀྲོལ་བྱེད་པ་གཅིག་གམ་དུ་མ་འོང་བར་ཐོས་ཤིང་གལ་ཏེ་དེ་དག་གིས་གཞི་དེས་གླེང་བ་དང་འདྲ་བར་བྱེད་པས་འཇིགས་ན་དེའི་ཚེ་སྤོ་བ་དང་མགུ་བར་བྱ་བ་དང་སྤྱོད་པ་དེས་དགེ་འདུན་ཚོགས་པ་ཡང་རུང་། གང་ཟག་
ལ་ཡང་རུང་སྟེ། སྤོ་བ་དང་མགུ་བར་བྱ་བ་སྤྱོད་པ་དེ་སྔགས་ཀྱིས་ཕྱིར་གཏང་བར་བྱ་ཞིང་བདག་ཉིད་རང་བཞིན་དུ་གནས་པ་ཉིད་དུ་གཞག་པར་བྱ་བའོ། །དགེ་འདུན་ལ་ཕྱིར་གཏང་བའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །བདག་དགེ་སློང་མིང་འདི་ཞེས་བགྱི་བ་སྤོ་བ་
བགྱིད་པས་དགེ་སློང་འཐབ་ཀྲོལ་བགྱིད་པ་མཚང་འདྲུ་བར་བགྱིད་པ་འཐབ་མོ་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པར་བགྱིད་བ་དག་མཆི་ཞེས་ཐོས་ཏེ། དེ་དག་གིས་བདག་ལ་གཞི་འདི་གླེང་བར་འགྱུར། དྲན་པར་བགྱིད་པར་འགྱུར་བས་བདག་གིས་ཚེ་དང་ལྡན་པ་དག་གི་མདུན་དུ་སྤོ་བ་སླར་
གཏང་བར་བགྱིའོ། །ཕྱིར་རྒོལ་བ་མི་མཛའ་བ་དེ་དག་སླར་མཆིས་ནས་ཡང་སྤོ་བ་བླང་བར་བགྱིའོ། །དགེ་འདུན་བཙུན་པ་རྣམས་ཀྱིས་བདག་རང་བཞིན་དུ་གནས་པར་གཟུང་དུ་གསོལ། །ལན་གསུམ་དུ་བཟླས་ཞེས་གསུངས་པ་ཡིན་ནོ། །གཞི་ནས་སྤོ་བ་ལ་སོགས་པ་དང་མགུ་བར་
བྱ་བ་ལ་སོགས་པ་སྤྱོད་པ་ཕྱིར་གཏང་བའི་སྔགས་ཀྱང་དེ་བཞིན་དུ་ཅི་རིགས་པར་སྦྱོར་རོ། །གང་ཟག་ལ་ཕྱིར་གཏང་བའི་སྔགས་ཀྱི་གཞུང་ནི་ཞུ་བ་ལས། བཙུན་པ་བཅོམ་ལྡན་འདས་ཀྱིས་གལ་ཏེ་ཡོངས་སུ་གནས་པ་བྱེད་པའི་དགྲ་བོ་འོངས་ན་དེས་སྤོ་བའི་སྤྱོད་པ་བག་ཡངས་སུ་བྱའོ་ཞེས་
བཀའ་སྩལ་ན། དེས་དེ་ཇི་ལྟར་བག་ཡངས་སུ་བགྱི། ཉེ་བ་འཁོར་དགེ་སློང་དེས་ཆོས་གོས་ཕྲག་པ་གཅིག་ཏུ་བྱས་ཏེ། མཆིལ་ལྷམ་དག་ཕུད་ནས་དགེ་སློང་གི་དགེ་འདུན་དུ་ཙོག་པུར་འདུག་སྟེ་འདི་སྐད་ཅེས་བརྗོད་པར་བྱའོ། །བདག་དགེ་སློང་ཡོངས་སུ་གནས་པ་བགྱིས་པའི་དགྲ་བོ་དགེ་
སློང་མཆིས་ཏེ། བདག་མིང་འདི་ཞེས་བགྱི་བ་སྤོ་བའི་སྤྱོད་པ་བག་ཡོངས་སུ་བགྱིད་ཅིང་སླར་ཡང་ལེན་བར་བགྱིའོ། །ཡང་བླངས་ཏེ་སྤྱོད་པར་བགྱིད་ན་ཚེ་དང་ལྡན་པ་དག་གིས་བདག་ངོ་ཚ་མ་མཆིས་པར་མི་གཟུང་དུ་གསོལ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། ཐབས་ཡིན་
Vol. 163 · folio 322a
ནོ་ལེགས་སོ་ཞེས་གསུངས་པ་ཡིན་ནོ། །དགྲ་བོ་སོང་ནས་ཕྱིར་ཡང་དེ་བཞིན་དུ་བླང་བར་བྱ་སྟེ། དེ་ནི་སྤོ་བ་དང་མགུ་བར་བྱ་བ་སྤྱོད་པ་གཉི་གའི་སྤྱོད་པ་ཡིན་ནོ། །འཇིགས་པ་དང་བྲལ་ན་དེ་ཉིད་དུ་ཕྱིར་བླང་བར་བྱའོ་ཞེས་བྱ་བ་ནི། གང་ཟག་འཐབ་ཀྲོལ་ཅན་དེ་སོང་
ཞིང་འཇིགས་པ་དང་བྲལ་ན་གཙུག་ལག་ཁང་དེ་ཉིད་དུ་སྤོ་བ་དང་མགུ་བར་བྱ་བ་སྤྱད་པ་དེ་དགེ་འདུན་ཚོགས་པའམ་གང་ཟག་གི་མདུན་དུ་སྔགས་ཀྱི་ཡང་ཕྱིར་བླང་བར་བྱ་བའོ། །དེའི་སྔགས་ནི་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །བདག་དགེ་སློང་མིང་འདི་ཞེས་བགྱི་བ་སྤོ་བ་
བགྱིད་པས། དགེ་སློང་འཐབ་ཀྲོལ་བགྱིད་པ་མཚང་འདྲུ་བར་བགྱིད་པ་འཐབ་མོ་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པར་བགྱིད་པ་དག་མཆི་ཞེས་ཐོས་ཏེ། དེ་དག་གིས་བདག་ལ་གཞི་འདིས་གླེང་བར་འགྱུར་དྲན་པར་བགྱིད་པར་འགྱུར་བས། བདག་གིས་དེ་སྐད་ཐོས་ནས་དགེ་སློང་
རྣམས་ཀྱི་མདུན་དུ་སྤོ་བ་སླར་བཏང་བ་ཕྱིར་རྒོལ་བ་མི་མཛའ་བ་དེ་དག་སླར་མཆིས་ལགས་པས་བདག་སྤོ་བ་ཡང་སླར་ལེན་ཏོ། །སྤོ་བ་ཞག་མ་འཁོར་བ་རྣམས་བགྱིའོ། །དགེ་འདུན་བཙུན་པ་རྣམས་ཀྱིས་བདག་ཡོངས་སུ་གནས་པར་བགྱིད་པར་གཟུང་དུ་གསོལ། །ལན་གསུམ་དུ་བཟླས་ཞེས་
གསུངས་པ་ཡིན་ནོ། །གཞི་ནས་སྤོ་བ་ལ་སོགས་པ་དང་མགུ་བར་བྱ་བ་ལ་སོགས་པ་སྤྱོད་པ་ཕྱིར་བླང་བའི་སྔགས་ཀྱང་དེ་བཞིན་དུ་ཅི་རིགས་པར་སྦྱར་རོ། །ས་གཞན་ན་གནས་པའི་སྤྱོད་པའི་གཞིའོ་ཞེས་བྱ་བ་དེ་འདུལ་བའི་གཞིར་གཏོགས་པ་བཤད་ཟིན་ཏོ། །ད་ནི་ས་གཞན་དུ་
གནས་པའི་སྤྱོད་པའི་གཞི་ཞུ་བའི་སྐབས་བསྡུ་བའི་ཕྱིར། སྤོ་བ་དང་མགུ་བར་བྱ་བ་སྤྱོད་པ་རང་བཞིན་དུ་གནས་པ་དང་ལྷན་ཅིག་ཏུ་གཡོགས་མ་གཅིག་པར་ཉལ་ན་ཉིན་མཚན་དེ་བཅད་དོ་ཞེས་བྱ་བ་སྨྲས་ཏེ། ཡོངས་སུ་གནས་པ་དང་མགུ་བར་བྱ་བ་སྤྱོད་པ་རང་བཞིན་དུ་གནས་པ་དང་ལྷན་ཅིག་ཏུ་
གཡོགས་མ་གཅིག་པའི་གནས་སུ་ཉལ་ན་ཇི་སྲིད་ཉལ་བའི་ཉིན་མཚན་དེ་སྤོ་བར་བྱ་བ་དང་། མགུ་བ་སྤྱོད་པར་བྱ་བའི་ཞག་ཏུ་བགྲང་བར་མི་བྱ་ཞིང་གཅད་པར་བྱ་བའོ། །འདིར་གཞུང་ནི་སྤོ་བ་བྱེད་པས་རང་བཞིན་དུ་གནས་པ་དང་ལྷན་ཅིག་ཏུ་གཡོགས་མ་གཅིག་པར་ཉལ་ན་དེའི་ཉིན་མཚན་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words