No title in the text — opening words: ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་བཞུགས་སོ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 175 · folio 56a

གྲོལ་བར་འདོད་པ་འདི་ཡང་སྡུག་བསྔལ་ཟློག་པར་བྱེད་པར་འདོད་པ་ཡིན་ནོ་ཞེས་པ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གང་གི་ཕྱིར་སྡུག་བསྔལ་བཟློག་པར་འདོད་པས་དེའི་རྒྱུ་ལྡོག་པར་བྱ་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་སྡུག་བསྔལ་བཟློག་པར་མི་ནུས་པ་དེའི་

ཕྱིར། སྡུག་བསྔལ་དེ་རྒྱུ་བཅོམ་ཕྱིར་དེ་ཡི་ནི། །མི་མཐུན་ཕྱོགས་ལ་སྟེ་སྡུག་བསྔལ་གྱི་རྒྱུ་དང་འགའ་བའང་གང་གོམས་པ་ལས་སྡུག་བསྔལ་གྱི་རྒྱུ་ལྡོག་པ་ཡིན་ནོ་ཞེས་བརྟག་པར་མཛད་པའོ། །དེ་ལྟ་མ་ཡིན་ན་གཞན་གང་གི་རྒྱུ་དེ་མེད་པར་བྱེད་པ་ཡིན་ཞེས་དཔྱད་པར་བྱ་བ་

ཡིན་ནོ། །སྦྱོར་བ་ནི་གང་གིས་གང་སྤང་བར་འདོད་པ་དེས་དེའི་གནོད་པ་ཅན་དཔྱད་པར་བྱ་བ་ཡིན་ཏེ། དཔེར་ན་ཉེས་པ་རྣམས་འཁྲུགས་པ་སྤོང་བར་འདོད་པས་ཉེས་པའི་གཉེན་པོའི་ཕྱོགས་སུ་གྱུར་པའི་སྨན་དཔྱད་པར་བྱ་བ་ཡིན་པ་ལྟ་བུའོ། །གྲོལ་བར་འདོད་པ་འདི་ཡང་

སྡུག་བསྔལ་གྱི་རྒྱུ་སྤོང་བར་འདོད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །སྡུག་བསྔལ་གྱི་རྒྱུ་དང་འགལ་བའི་ཆོས་གང་ཡིན་པ་དེ་ཡང་གང་ལས་ཤེས་ཤིང་། གང་ནན་ཏན་དུ་བྱས་པ་ལས་སྡུག་བསྔལ་གྱི་རྒྱུ་ལྡོག་པ་ཡིན་ཞེ་ན། དེའི་མི་མཐུན་ཕྱོགས་ཀྱང་ངེས་པར་

འགྱུར་ཞེས་བྱ་བ་སྨོས་ཏེ། སྡུག་བསྔལ་གྱི་རྒྱུ་དང་འགལ་བའི་ཆོས་ཀྱང་ཤེས་པར་འགྱུར་ཏེ། སྡུག་བསྔལ་གྱི་རྒྱུའི་ངོ་བོ་རྟོགས་ཕྱིར་རོ། །གང་གིས་ཚེ་འདིའི་དམིགས་པ་དང་རྣམ་པ་དེ་འདྲ་བ་ཅན་ཡིན་ནོ་ཞེས་སྡུག་བསྔལ་གྱི་རྒྱུའི་རང་བཞིན་ཤེས་པར་འགྱུར་བ་དེའི་ཚེ། དེ་

དང་འགལ་བའི་རྣམ་པར་གནས་པའི་ངང་ཚུལ་ཅན་གང་ཡིན་པ་དེ་ནི་དེའི་མི་མཐུན་པའི་ཕྱོགས་ཡིན་ནོ་ཞེས་བདེ་བླག་དུ་རྟོགས་པར་འགྱུར་རོ། །སྐྱེ་བའི་མཚན་ཉིད་ཅན་གྱི་སྡུག་བསྔལ་གྱི་རྒྱུ་འདི་དང་། དེ་དང་འགལ་བའི་ཆོས་ཀྱང་གང་ཞེ་ན། བདག་དང་བདག་གིར་འཛིན་བྱས་

པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆགས་པ་སྟེ་སྲེད་པ་ནི་རྒྱུ་ཡིན་པར་སྔར་བཤད་ཟིན་ཏོ། །ཅི་འདྲ་བ་ཞིག་ཅེ་ན། བདག་དང་བདག་གིས་འཛིན་བྱས་པའི། །ཞེས་བྱ་བ་སྨོས་ཏེ། བདག་དང་བདག་གིར་མངོན་པར་ཞེན་པ་སྔོན་དུ་སོང་བ་ཅན་ནོ། །དེ་ཉིད་ཀྱི་ཕྱིར་

Vol. 175 · folio 56b

འདུས་བྱས་སྤྱོད་ཡུལ་ཅན་ཡིན་ཏེ། སྡུག་བསྔལ་དུ་འགྱུར་བའི་འདུས་བྱས་བདག་དང་བདག་གི་དང་བྲལ་བ་ལ་བདག་གིའི་རྣམ་པར་མངོན་པར་ཞེན་པས་འཇུག་པ་ཞེས་བྱ་བའི་དོན་ཏོ། །སྡུག་བསྔལ་གྱི་དེའི་རྒྱུ་གནོད་པ་ཅན་ཉིད་ནི། བདག་མེད་མཐོང་བ་འགལ་བ་ཡིན། །དམིགས་

པ་དང་རྣམ་པ་ཕྱིན་ཅི་ལོག་པ་ཉིད་ཡིན་པའི་ཕྱིར་རོ། །སྦྱོར་བ་ནི་གང་ཞིག་གང་ལས་རང་བཞིན་ཕྱིན་ཅི་ལོག་པ་གང་ཡིན་པ་དེ་ནི་དེའི་མི་མཐུན་པའི་ཕྱོགས་ཡིན་ཏེ། ཏིལ་རླུང་གི་རང་བཞིན་ལས་ཕྱིན་ཅི་ལོག་པ་ཡིན་པ་ལྟ་བུའོ། །བདག་མེད་པ་མཐོང་བ་ཡང་སྐྱེ་བའི་སྡུག་

བསྔལ་གྱི་རྒྱུ་ལས་རང་བཞིན་ཕྱིན་ཅི་ལོག་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །མ་གྲུབ་པ་ཡང་མ་ཡིན་ཏེ་སྔར་བསྟན་ཟིན་པ་དེ་ཉིད་ཀྱི་ཕྱིར་དང་། དེ་ཡང་འཆད་པར་འགྱུར་རོ། །གཞན་ཡང་སྡུག་བསྔལ་གྱི་རྒྱུ་འདུས་བྱས་ཀྱི་ཡུལ་ཅན་ཉིད་དང་།

བདག་མེད་པ་ཉིད་འགལ་བ་ཡིན་ཏེ། དམིགས་པ་དང་རྣམ་པ་ཕྱིན་ཅི་ལོག་པ་ཉིད་དུ་བསྟན་པའི་ཕྱིར་རོ། །སྦྱོར་བ་ཡང་གང་ཞིག་གང་ལས་དམིགས་པ་དང་རྣམ་པ་ཕྱིན་ཅི་ལོག་པ་ཉིད་ཡིན་པ་ནི་དེའི་གནོད་པ་ཅན་ཡིན་ཏེ། དཔེར་ན་ཐག་པ་ལ་སྦྲུལ་གྱི་ཤེས་པ་ལ་རྟོགས་པར་

བྱེད་པ་པོའི་ཡང་བརྟགས་ནས་སྦྲུལ་མ་ཡིན་པའི་ཤེས་པ་ལྟ་བུའོ། །བདག་མེད་པ་ཉིད་མཐོང་བ་ཡང་བདག་དང་བདག་གིར་མཐོང་བའི་ཆགས་པ་ལས་དམིགས་པ་དང་རྣམ་པ་ཕྱིན་ཅི་ལོག་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ཇི་སྐད་དུ་བཤད་པའི་

ཆགས་པའི་ཡང་སྡུག་བསྔལ་གྱི་རྒྱུ་ཉིད་དུ་སྡུག་བསྔལ་གྱི་རྒྱུ་ཕྱིན་ཅི་ལོག་བློ་ནི་ཞེས་བྱ་བའི་བར་དེར་བསྟན་ཟིན་ཏོ། །བདག་མེད་པ་མཐོང་བ་དེ་ཡང་གཞན་གྱི་དོན་ལ་འཇུག་པར་མཛད་པ་འདིའི་དུས་རིང་པོར་ཡང་རྣམ་པ་མང་པོས་རྣམ་པ་དུ་མར་ཐབས་གོམས་པ། རྣམ་པ་སྣ་ཚོགས་

པར་གོམས་པར་མཛད་པ་བདག་མེད་པ་ཉིད་མཐོང་བ་དང་དེ་མི་མཐུན་པའི་ཕྱོགས་དེ་ལ་སྐྱོན་དང་ཡོན་ཏན་དག་མ་ལུས་པ། རབ་ཏུ་གསལ་བ་ཉིད་འགྱུར་ཏེ། ཇི་སྲིད་དུ་མ་ལུས་པར་ཐུགས་སུ་ཆུད་པ་མེད་པ་དེ་སྲིད་དུ་སྟོན་པ་ཉིད་ཕུན་སུམ་ཚོགས་པ་རྫོགས་པ་དང་ལྡན་པ་མ་

Vol. 175 · folio 57a

ཡིན་པ་དེ་ལྟར་ན་སྐྱེས་བུ་ཆེན་པོ་དག་གིས་དུས་རིང་པོར་གོམས་པར་མཛད་པ་འབྲས་བུ་མེད་པ་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་ལ་ཤེས་རབ་དུས་རིང་པོར་རྣམ་པ་མང་པོས་རྣམ་པ་དུ་མར་གོམས་པར་བྱེད་པ་དེ་ནི་དེ་དང་དེའི་མི་མཐུན་པའི་ཕྱོགས་ལ་

ཡོན་ཏན་དང་སྐྱོན་གསལ་བར་འགྱུར་ཏེ་དཔེར་ན་བཟོ་དང་ལས་ཀྱི་གནས་ལ་མངོན་པར་སྦྱོར་བའི་སྐྱེས་བུ་ཤེས་རབ་ཅན་འགའ་ཞིག་གི་ལྟ་བུའོ། །གྲོལ་བར་བཞེད་པ་འདིས་ཀྱང་བདག་མེད་པ་མཐོང་བ་དུས་རིང་པོར་རྣམ་པ་མང་པོས་རྣམ་པ་དུ་མར་གོམས་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་

ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་ལྟར་གོམས་པ་ལས་ཐུགས་ཀྱང་གསལ་བའི་རྒྱུའི་ཕྱིར་སྡུག་བསྔལ་གྱི་རྒྱུའི་བག་ཆགས་ཉོན་མོངས་པས་བྱས་པའི་ལུས་དང་ངག་དང་ཡིད་ལས་སུ་མི་རུང་བའི་མཚན་ཉིད་ཅན་སྤངས་པ་ནིའོ། །འདི་ནི་བཅོམ་ལྡན་འདས་ཐུབ་ཆེན་གཞན་དོན་

འཇུག་ཅན་གྱི། བསེ་རུ་སོགས་ལས་ཁྱད་འདི་ཡིན། །ཉན་ཐོས་དང་རང་སངས་རྒྱས་དེ་དག་གིས་ཀྱང་ཉོན་མོངས་པ་སྤངས་པ་ཡིན་མོད་ཀྱི། འོན་ཀྱང་དེ་དག་གི་བག་ཆགས་མངའ་བ་ཡིན་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དེ་ཡང་ལུས་པར་མ་མཛད་པ་དེ་ལྟར་ན་

ཉོན་མོངས་པ་དང་བྲལ་བ་ལ་ཉན་ཐོས་དང་། རང་སངས་རྒྱས་དག་ལས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཁྱད་པར་ནི་འདི་ཡིན་ཏེ། དེ་ཡང་གཞན་གྱི་དོན་ལ་འཇུག་པར་མཛད་པ་ཁོ་ན་ཉིད་ཀྱི་ཕྱིར་རོ། །མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་ཀྱི་སྐྱོན་དང་ཡོན་ཏན་

རྣམ་པར་མ་ཕྱེ་བ་ཅན་ནི་གཞན་དག་ལ་དེ་དག་ཡང་དག་པར་སྟོན་པའི་ནུས་པ་མེད་པའི་ཕྱིར། །གདོན་མི་ཟ་བར་འདིས་ནི་དེ་དག་རྣམ་པར་ཕྱེ་བའི་ཕྱིར། དུས་རིང་པོར་རྣམ་པ་མང་པོས་དུ་མར་གོམས་པ་ཁྱད་པར་དུ་མཛད་པ་ཡིན་ནོ། །དེ་ཡང་བག་ཆགས་སྤོང་བའི་རྒྱུ་ཡིན་ནོ་ཞེས་

བསྟན་པའི་ཕྱིར་རོ། །གཞན་དོན་འཇུག་ཅན་གྱི། ཁྱད་པར་འདི་ཡིན་ཞེས་བྱ་བ་སྨོས་སོ། །ཐབས་གོམས་པ་འདི་ཉིད་གང་ཡིན་པ་དེ་ནི་སྟོན་པ་ཡིན་པར་འདོད། ཕྱག་འཚལ་བའི་ཚིགས་སུ་བཅད་པར་རོ། །ཅིའི་ཕྱིར་ཞེ་ན། དེ་དོན་ཕྱིར་ན་སྟེ། དེའི་རྒྱུ་ཉིད་ཡིན་པའི་ཕྱིར་

Vol. 175 · folio 57b

རོ། །རྒྱུ་ལ་འབྲས་བུ་ཉེ་བར་བཏགས་པ་ཞེས་བྱ་བའི་དོན་ཏོ། །ཉེ་བར་བཏགས་པའི་སྒོ་ནས་ཡང་བསྟན་པའི་དགོས་པ་ནི་སེམས་ཅན་རྣམས་ལ་སྟོན་པར་རུང་བའི་ཐབས་སུ་གྱུར་པ་ཉིད་ཀྱིས་དེ་ལས་གཞན་པའི་ཐབས་ལས་ཁྱད་པ་ཅན་དུ་བསྟན་པ་ཡིན་ནོ། །གཉིས་པོ་འདི་ཡི་རྒྱུ་རུ་

བཤད། །བཅོམ་ལྡན་འདས་ཀྱི་ཐུགས་རྗེ་དང་ཐབས་གོམས་པ་རྒྱུ་ཡིན་ནོ་ཞེས་རྒྱུ་ཕུན་སུམ་ཚོགས་པ་གསུངས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གྲུབ་པ་དང་པོ་ཡོད་ཕྱིར་རོ། །བདེ་བར་གཤེགས་པ་ཞེས་བྱ་བའི་འབྲས་བུའི་ངོ་བོ་གྲུབ་པ་ནི་རང་གི་དོན་ཕུན་སུམ་ཚོགས་པ་ཡིན་ཏེ། གྲུབ་པ་དེའི་

འདི་ཉིད་རྒྱུར་གྱུར་པའི་ཕྱིར་རོ། །རྒྱུ་ཞེས་བྱ་བ་ལ་སོགས་པས་བདེ་གཤེགས་བྱ་བ་འཆད་པར་བྱེད་དོ། །དེ་ལྟར་ན་གོམས་པའི་ཁྱད་པར་གྱིས་བདག་དང་བདག་གི་ལ་ཆགས་པའི་མཚན་ཉིད་ཅན་གྱི་སྡུག་བསྔལ་གྱི་རྒྱུ་སྔ་མ་རང་གི་ངང་གིས་འགོག་པ་ན་བདག་མེད་པ་ཉིད་མཐོང་བ་

གོམས་པའི་བདག་ཉིད་ལ་གནས་པའི་སྡུག་བསྔལ་ཕྱི་མའི་རྒྱུ་མི་སྐྱེ་བའི་མཚན་ཉིད་ཅན་གྱི་ཁྱད་པར་ནི་སྤངས་པའོ། །ཡོན་ཏན་གསུམ་ནི་ཁྱབ་པར་གསུམ་མོ། །དེ་ནི་བདེ་བར་གཤེགས་པ་ཉིད་ཡིན་ནོ། །དེ་བས་ན་སུའི་སྒྲ་འདི་ལེགས་པར་བྱེད་པ་ཞེས་བྱ་བ་ལ་སོགས་པའི་ཐ་སྙད་ཀྱིས་

ཚེགས་ཆུང་བའི་དོན་ལ་སོགས་པ་ལ་འཇུག་པ་ཡིན་ན་ཡང་། འདིར་དོན་རྣམ་པ་གསུམ་གསལ་བར་བྱ་བའི་ཕྱིར་བརྗོད་པ་ཡིན་ནོ། །དོན་རྣམ་པ་གསུམ་ཡང་གང་ཞེ་ན། བསྔགས་པ་ཉིད་དང་། སླར་མི་ལྡོག་པ་ཉིད་དང་། མ་ལུས་པ་ཉིད་དོ། །བདེ་བར་གཤེགས་པ་ཉིད་དུ་

མངོན་པར་འདོད་པ་བསྔགས་པ་ཉིད་ལ་སོགས་པའི་སྒྲའི་བརྗོད་པར་བྱ་བའི་དོན་ཡང་གང་ཡིན། གང་གིས་ན་དེ་བསྔགས་པ་ཉིད་དང་སླར་མི་ལྡོག་པ་ཉིད་དང་། མ་ལུས་པར་གཤེགས་པ་ཉིད་ཅེས་བསྟན་པ་ཡིན་ཞེ་ན། བཤད་པ་རེ་ཞིག་སྡུག་བསྔལ་རྟེན་མིན་ཕྱིར་བསྔགས་པ་ཡིན་

འཇིག་རྟེན་ན་ཡང་བདེ་བ་དང་དེའི་རྒྱུ་ལ་བསྔགས་པ་ཡིན་ལ། དེ་ལས་བཟློག་པ་སྡུག་བསྔལ་དུ་གྱུར་པ་ནི་ཟག་པ་དང་བཅས་པ་ཡིན་ཏེ། དེ་བརྟེན་པ་གང་ཡིན་པ་དེ་ནི་བསྔགས་པར་འགྲོ་བ་ཅན་དུ་འགྱུར་བ་མ་ཡིན་ནོ། །སྡུག་བསྔལ་གྱི་རྟེན་མ་ཡིན་པ་དེ་ནི་བདག་མེད་པ་མཐོང་

Vol. 175 · folio 58a

བའི་རྒྱུའི་ཕྱིར་རོ། །བདག་དང་བདག་གིར་མངོན་པར་ཞེན་པ་སྤངས་པ་ཅན་ནི་སྲེད་པའི་དབང་གིས་ཟག་པ་དང་བཅས་པའི་མཚན་ཉིད་ཅན་གྱི་སྡུག་བསྔལ་གྱི་རྟེན་དུ་འགྱུར་བ་མ་ཡིན་ནོ། །བདག་ཏུ་ལྟ་བ་མ་སྤངས་པ་ཅན་གྱིས་ནི་ཅུང་ཟད་སྤངས་སུ་ཟིན་ཀྱང་། བདག་

ཏུ་ཆགས་པས་བདག་ཏུ་ཡོངས་སུ་བཟུང་ནས་དེ་མི་འདོད་པ་ཉིད་ཀྱིས་རྟོགས་པ་ཅུང་ཟད་ཅིག་སྤོང་བར་བྱེད་ཀྱི། ཅིག་ཤོས་ནི་མ་ཡིན་ཏེ། བདག་ཉིད་དུ་ཡང་ཡོངས་སུ་བཟུང་བ་མེད་པ་ཉིད་ཀྱི་ཕྱིར་རོ། །སྦྱོར་བ་ཡང་གང་གིས་བདག་དང་བདག་གིར་ལྟ་བ་དང་། ཆགས་པ་མེད་པ་

གང་ཡིན་པ་དེ་ནི་སྡུག་བསྔལ་དུ་གྱུར་པ་ཟག་པ་དང་བཅས་པའི་ཆོས་འགའ་ཞིག་གི་སྲེད་པའི་དབང་གིས་རྟེན་པ་མ་ཡིན་ཏེ། དཔེར་ན་ནམ་མཁའ་ལྟ་བུའོ། །བདག་མེད་པ་མཐོང་བ་ལྷུན་གྱིས་གྲུབ་པའི་སྐྱེས་བུའི་ཡང་བདག་དང་བདག་གིར་ལྟ་བ་དང་། ཆགས་པ་མེད་པ་ཡིན་ནོ་ཞེས་

བྱ་བ་ནི་རྒྱུ་མི་དམིགས་པའོ། །རིགས་པ་ཉིད་ཕྱིར་རོ། །རིགས་པས་ཡོངས་སུ་མཐོང་བའི་ཐབས་བཤད་མ་ཐག་པས་གཤེགས་པའི་ཕྱིར་བསྔགས་པར་གཤེགས་པ་སྟེ། བདེ་བར་གཤེགས་པའོ། །དེ་དེ་ལྟར་ན་རྣམ་པ་གཉིས་ཀྱིས་བསྔགས་པར་གཤེགས་པ་བཤད་པ་ཡིན་ནོ། །སླར་

མི་ལྡོག་པར་གཤེགས་པའི་ཕྱིར་བདེ་བར་གཤེགས་པ་ཡིན་ན། སླར་ལོག་པ་ཡང་གང་ཡིན། གང་བཟློག་པ་ལས་སླར་མི་ལྡོག་པ་ཞེས་བྱ་ཞེ་ན། སྐྱེ་དང་སྐྱོན་ནི་ཀུན་འབྱུང་དག །སླར་ཡང་ལྡོག་ཅེས་བཤད་པ་ཡིན། །སྐྱེ་བ་ཡང་འབྱུང་བ་དང་། འདོད་ཆགས་ལ་སོགས་

པའི་སྐྱོན་རྣམས་ཡང་འབྱུང་བ་ནི་སླར་ལྡོག་པ་ཡིན་ནོ། །གང་གིས་སྐྱེ་བ་དང་སྐྱོན་ཡང་འབྱུང་བ་མེད་པ་དེ་ནི་འཁོར་བ་ལས་གྲོལ་བའམ་ཉེས་པ་ཟད་པ་ཡིན་ནོ། །དེ་འཇུག་པ་ན་འཁོར་བ་དང་སོ་སོའི་སྐྱེ་བོ་ཉིད་སླར་ཡང་ལྡོག་པར་འགྱུར་ན། དེ་དག་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་

ཞེ་ན། བདག་ལྟ་བའི་ས་བོན་སྤངས་པའི་ཕྱིར། སླར་མི་གཤེགས་པ་ཉིད་ཡིན་ཏེ། །སྐྱེ་བ་དང་སྐྱོན་མི་འབྱུང་བ་ཡིན་ནོ། །དེ་ལྟར་ན་བདག་ཏུ་མངོན་པར་ཞེན་པ་ཡོད་ན་བདག་གིར་ཆགས་པ་ལ་སོགས་པའི་སྐྱོན་གྱི་ཚོགས་འཇུག་པར་འགྱུར་ཞིང་། བདག་ཏུ་ཆགས་པས་ཀྱང་གནས་

Vol. 175 · folio 58b

ཡོངས་སུ་ལེན་པར་བྱེད་དོ། །བདག་ཏུ་ལྟ་བའི་ཆགས་པ་དེ་དག་མེད་པ་གང་ཡིན་པ་དེ་གང་ལས་ཉོན་མོངས་པ་དང་ཡང་སྲིད་པ་ལེན་པ་ཡིན་སྦྱོར་བ་ནི་གང་ཞིག་བདག་ཏུ་ལྟ་བའི་ཆགས་པ་མེད་པ་དེའི་སྐྱེ་བ་ཡོངས་སུ་ལེན་པ་མེད་ཅིང་འདོད་ཆགས་ལ་སོགས་པའི་སྐྱོན་འབྱུང་བ་མེད་

དེ། དཔེར་ན་ནམ་མཁའ་ལྟ་བུའོ། །བདག་མེད་པ་ཉིད་མཐོང་བ་ལྷུན་གྱིས་གྲུབ་པའི་སྐྱེས་བུའི་ཡང་བདག་གིར་མངོན་པར་ཞེན་པའི་ལྟ་བ་དང་ཆགས་པ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་རྒྱུ་མི་དམིགས་པའོ། །བདག་ཏུ་ལྟ་བའི་ས་བོན་སྤངས་པ། དེ་བདེན་ཐ་དད་བདག་ཉིད་

ཀྱིས། །བདེན་པ་ཉིད་དུ་བདག་ཏུ་ལྟ་བས་སྒྲོ་བཏགས་པ་བདེན་པ་མ་ཡིན་པའི་རྣམ་པར་བཟློག་པར་འཛིན་པ་ཅན་ཡིན་པའི་ཕྱིར་རོ། །བདག་མེད་པ་ཉིད་མཐོང་བ་ནི་བདག་དང་བདག་གིར་ལྟ་བའི་གཉེན་པོ་དང་། ཕྱིན་ཅི་མ་ལོག་པ་དང་ཚད་མའི་གྲོགས་ཅན་ཡིན་ནོ་ཞེས་བསྟན་ཏོ། །ཐ་དད་པ་

ཉིད་ཀྱིས་ནི་བདག་ཏུ་ལྟ་བ་དང་འགལ་བ་ཉིད་དུ་བསྟན་ཏོ། །བདག་ཉིད་ཀྱིས་ནི་འདིའི་རང་བཞིན་ཉིད་བཤད་པ་ཡིན་ནོ། །གང་གི་ཕྱིར་ཕྱིན་ཅི་མ་ལོག་པ་ཉིད་ཀྱི་ཕྱིར་དེའི་འགལ་བ་དང་འགལ་བ་ཉིད་ཡིན་པའི་ཕྱིར་བདག་མེད་པ་ཉིད་མཐོང་བ་ནི་བདག་དང་བདག་གིར་ལྟ་བ་

འཇོམས་པར་བྱེད་པ་ཡིན་ནོ། །གང་གི་ཕྱིར་བདེན་པ་དང་ཚད་མའི་གྲོགས་ཅན་ཉིད་ཡིན་པ་དེའི་ཕྱིར་དེ་དོར་བར་བྱ་བའི་ཕྱིར་རྩོལ་བར་མི་བྱེད་དོ། །རང་བཞིན་ཉིད་ཀྱིས་ནི་འབད་རྩོལ་གྱིས་བཟློག་པར་བྱ་བ་ཉིད་ཡིན་པར་བསྟན་ཏོ། །གང་ཞིག་གང་གི་རང་བཞིན་ཡིན་པ་དེ་ནི་འབད་རྩོལ་

མེད་པར་བཟློག་པར་མི་ནུས་ཏེ་དཔེར་ན་གཙང་སྦྲ་ཅན་ཐོད་པ་ཅན་དུ་གྱུར་པའི་སྐྱེ་བ་ལ་སོགས་པ་ལྟ་བུའོ། །བདེན་པ་ཉིད་ཡིན་པའི་ཕྱིར་འབད་རྩོལ་གྱི་རྩོམ་པ་མི་བྱེད་པ་དེ་ལྟར་ན་ཡོངས་སུ་ཉམས་པ་མེད་དོ། །དེ་ཡང་སྔར་དཔྱད་ཟིན་ཏོ། །འདིས་ནི་ཡང་སླར་མི་ལྡོག་པ་བཤད་པ་

ཡིན་ནོ། །ད་ནི་མ་ལུས་པའི་དོན་ལུས་ངག་ཅེས་བྱ་བ་ལ་སོགས་པས་འཆད་པར་བྱེད་པ་ལ་ལྷག་མ་དེ་ཡང་གང་ཡིན། གང་སྤངས་པས་ཤེས་པར་བྱ་བ་ཇི་སྲིད་པར་གཤེགས་པའི་ཕྱིར་བདེ་བར་གཤེགས་པ་ཞེས་བྱ་ཞེ་ན། ལུས་ངག་སེམས་ཀྱི་གནས་ངན་ལེན། །ལུས་ཡིན་

Vol. 175 · folio 59a

ཞེས་བྱ་བ་སྨོས་སོ། །ཅི་འདྲ་བ་ཞིག་ཅེ་ན་ཉོན་མོངས་མེད་དང་ནད་མེད་དང་། ཉོན་མོངས་པ་མེད་པ་ཉིད་ཀྱི་ཕྱིར་ནད་མེད་ཅིང་གདུང་བ་མེད་པ་སྟེ། ཡང་འཁོར་བའི་སྡུག་བསྔལ་གྱིས་གདུང་བར་མི་སྦྱོར་བའི་ཕྱིར་རོ། །དེ་ལ་ཉོན་མོངས་པ་ཅན་མ་ཡིན་པའི་ལུས་

ཀྱི་གནས་ངན་ལེན་ནི་མ་བརྟགས་པར་ཡང་གོམས་པ་ལས་མཆོངས་ཤིང་འགྲོ་བ་ལ་སོགས་པའོ། །ངག་གི་གནས་ངན་ལེན་ནི་ངའོ་སྙམ་པའི་ང་རྒྱལ་མེད་པར་ཡང་དམངས་རིགས་བརྗོད་པ་ལ་སོགས་པའི་ཀུན་དུ་སྤྱོད་པའོ། །སེམས་ཀྱི་གནས་ངན་ལེན་ནི་རྟག་ཏུ་མཉམ་པར་མ་བཞག་

པས་ལུང་དུ་མ་བསྟན་པའི་སེམས་ཀྱི་གནས་སྐབས་དེ་གནས་ངན་ལེན་རྣམ་པ་གསུམ་པོ་དེ་དག་ནི་ལུས་པ་ཡིན་ནོ། །དུས་རིང་པོར་རྣམ་པ་མང་པོས་རྣམ་པ་དུ་མར་ལམ་གོམས་པར་མ་བྱས་པས་ལམ་དེ་དང་དེའི་མི་མཐུན་པའི་ཕྱོགས་ཀྱི་ཡོན་ཏན་དང་སྐྱོན་རྣམས་ཁྱད་པར་དུ་རྟོགས་པ་མེད་

པའི་ཕྱིར་རོ། །ཡང་ན་ཇི་ལྟ་བ་བཞིན་དུ་རྟོགས་པའི་ལམ་ཡང་རྣམ་པར་ཕྱེ་བ་དང་། བཤད་པ་ལ་མི་གསལ་བ་ནི་ལུས་པ་ཡིན་ནོ། །ཇི་སྐད་དུ་བརྗོད་པའི་ལུས་པ་དེ་དང་དེ་གཞན་གྱི་དོན་ལ་འཇུག་པ་ཅན་གྱིས་དུས་རིང་པོར་རྣམ་པ་མང་པོས། རྣམ་པ་དུ་མར་ལམ། གོམས་

ཕྱིར་མ་ལུས་སྤངས་པ་ཡིན། །དེ་མི་མངའ་བའི་ཕྱིར་འཕགས་པ་ཉན་ཐོས་ལ་སོགས་པ་ལ་མི་མངའ་ཞིང་། གྲོལ་བ་ན་ཡང་ཕྱིས་ལུས་སྤངས་པ་མི་མངའ་སྟེ་ལུས་པ་ནི་སྐྱེ་བ་དུ་མས་ཚར་གཅད་པར་བྱ་བ་ཉིད་ཡིན་པའི་ཕྱིར་དང་། འཕགས་པ་ཉན་ཐོས་ལ་སོགས་པ་ལ་ནི་

ཡང་སྐྱེ་བའི་རྒྱུན་མི་མངའ་བའི་ཕྱིར་རོ། །རྒྱལ་དཔོགས་པ་ལ་སོགས་པ་ཁ་ཅིག་སྨྲ་སོགས་ཕྱིར་ན། སྨྲ་བ་པོ་ཉིད་ལ་སོགས་པའི་གཏན་ཚིགས་ཀྱིས་འགའ་ཞིག་གི་སྐྱོན་ཟད་མིན་ན། གང་ལས་མ་ལུས་པ་སྤངས་པའམ་གཞན་དུ་འགྱུར་ཞེ་ན། སྨྲ་བ་པོ་ཉིད་ལ་སོགས་

པའི་སྒྲུབ་པར་བྱེད་པ་ནི་ཉེས་པ་ཟད་པ་འགོག་པ་ནུས་པ་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་འགལ་བ་མེད་པར་གྲུབ་པས་སྨྲ་བ་པོ་ལ་སོགས་པ་འདི་ལྡོག་ལ། ཐེ་ཚོམ་ཟ་བ་དེའི་ཕྱིར་འཁྲུལ་པ་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཉིད་ཡིན་པའི་ཕྱིར་མ་ངེས་པ་ཉིད་ཡིན་

Vol. 175 · folio 59b

པ་དེ་ལྟར་ན་ལན་མང་དུ་དཔྱད་ཟིན་པ་ཉིད་ཀྱི་ཕྱིར་འདིར་མ་སྤྲོས་སོ། །སྨྲ་བ་ཉིད་ཀྱི་ཕྱིར་ཉེས་པ་ཟད་པ་མ་ཡིན་ནོ་ཞེས་བྱ་བ་དེ་དང་དེ་ནི་ཤིན་ཏུ་རིགས་པ་ཉིད་མ་ཡིན་གྱི། འོན་ཀྱང་སེམས་དང་ལྡན་པ་འགའ་ཞིག་འདི་ལྟར། སྐྱོན་རྣམས་མི་ཟད་རྟོག་འགྱུར་ཏེ། །འདི་ལྟ་སྟེ།

རྟག་ཉིད་ཕྱིར་ཏེ་ཐེར་ཟུག་ཏུ་གནས་པ་ཉིད་ཀྱི་ཕྱིར་རོ། །རྟག་པ་གང་ཡིན་པ་དེ་དག་ཇི་ལྟར་ཟད་པར་འགྱུར། རྟག་པ་ཉིད་ནི་མ་ཡིན་ཏེ། །མི་རྟག་པ་ཉིད་ཡིན་མོད་ཀྱི། །འོན་ཀྱང་དེ་དག་ཟད་པའི་ཐབས་སྲེད་པ་མ་ཡིན་ན་གང་གིས་ན་ཟད་པར་འགྱུར་ཏེ། དེ་ལྟར་ན་ཐབས་མེད་

ཕྱིར། ཉེས་པ་རྣམས་ཟད་པ་ཉིད་མ་ཡིན་ནོ། །ཉེས་པ་དེ་རྣམས་ཟད་པའི་ཐབས་ཡོད་པ་ནི་བླ་སྟེ། དེ་ལྟར་ན་ཡང་ཐབས་དེ་རིགས་པར་བྱེད་པ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ན། གང་ལས་དེ་ནན་ཏན་དུ་བྱས་པ་ལས་ཟད་པར་འགྱུར། དེ་ལྟར་ན་ཡང་ན་ཐབས་ནི་མི་

ཤེས་ཕྱིར་མི་ཟད་པ་ཉིད་དུ་རྟོགས་པར་འགྱུར་རོ། །སྦྱོར་བ་ནི་རྟག་པ་གང་ཡིན་པ་དེ་དག་ནི་ཟད་པ་མ་ཡིན་ཏེ། དཔེར་ན་ནམ་མཁའ་ལྟ་བུའོ། །ཉེས་པ་ཡང་རྟག་པ་ཡིན་ནོ། །ཞེས་བྱ་བ་ནི་འགལ་བ་དམིགས་པའོ། །གང་ཟད་པའི་ཐབས་ཡོད་པ་མ་ཡིན་པས་དེ་ནི་ཟད་པ་

མ་ཡིན་ཏེ། དཔེར་ན་ནམ་མཁའ་དེ་ཉིད་ལྟ་བུའོ། །ཉེས་པ་རྣམས་ལ་ཡང་ཟད་པའི་ཐབས་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །གང་ཞིག་གང་ཟད་པའི་ཐབས་རིགས་པ་མ་ཡིན་པ་དེ་ནི་དེ་ཟད་པར་བྱེད་པ་མ་ཡིན་ཏེ། དཔེར་ན་ནད་ཟད་པའི་ཐབས་

མི་རིགས་པའི་སྨན་པ་ངན་པ་ལྟ་བུའོ། །སྐྱེས་བུ་འདི་ཡང་ཉོན་མོངས་པ་ཟད་པའི་ཐབས་མི་རིགས་པ་ཡིན་ནོ་ཞེས་བྱ་བ་ནི་རྒྱུ་མི་དམིགས་པའོ། །གཏན་ཚིགས་གསུམ་པོ་དེ་དག་ཀྱང་མ་གྲུབ་པ་ཡིན་ནོ། །རྒྱུ་ལྡན་ཉིད་ཕྱིར་ཏེ། ཉོན་མོངས་པ་རྣམས་མི་རྟག་པ་ཉིད་ཀྱི་ཕྱིར་

རྟག་པ་ཉིད་མ་གྲུབ་པ་ཡིན་ནོ། །གང་དང་གང་དུ་རྒྱུ་དང་ལྡན་པ་གང་ཡིན་པ་དེ་ནི་རྟག་པ་མ་ཡིན་ཏེ། དཔེར་ན་སྒྲོན་མ་ལྟ་བུའོ། །སྐྱོན་ཡང་རྒྱུ་དང་ལྡན་པ་ཉིད་ཡིན་ནོ་ཞེས་བྱ་བ་ན་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །མ་གྲུབ་པ་ཡང་མ་ཡིན་ཏེ་གློ་བུར་བ་མ་ཡིན་ན་

Vol. 175 · folio 60a

ཐམས་ཅད་དུས་ཐམས་ཅད་དུ་བདག་ཉིད་ཐམས་ཅད་ཀྱིས་མངོན་དུ་ཕྱོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །རྟག་པ་ཉིད་སྤོང་བ་ལ་རེས་འགའ་འབྱུང་བ་དམིགས་པ་ལ་སོགས་པ་གཏན་ཚིགས་ཉིད་དུ་བརྗོད་པར་བྱ་བ་ཡིན་ནོ། །དེ་ལ་ཉོན་མོངས་པ་ནི་འདོད་

ཆགས་དང་། ཞེ་སྡང་དང་གཏི་མུག་རྣམས་སོ། །བདག་དང་བདག་གིར་ལྟ་བ་ནི་གཏི་མུག་གོ། །དེ་སྔོན་དུ་སོང་བ་ཅན་གྱི་བདག་དང་བདག་གིར་ཞེན་པ་ནི་ཆགས་པའོ། །དེ་སྔོན་དུ་སོང་བ་ཅན་རྗེས་སུ་ཆགས་པའི་ཡུལ་ལ་གནོད་པར་བྱེད་པ་ལ་མནར་སེམས་པ་ནི་ཞེ་སྡང་ངོ་། །དེ་

ལྟར་ན་བདག་ཏུ་ལྟ་བ་སྔོན་དུ་སོང་བ་ཅན་གྱི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་གཞན་དག་ཀྱང་རབ་ཏུ་འཇུག་པར་འགྱུར་རོ། །ཐམས་ཅད་ཀྱི་ཡང་བདག་ཏུ་ང་རྒྱལ་བའི་མངོན་པར་ཆགས་པ་རྩ་བ་ཡིན་པ་ལྟར་ན། བདག་ཏུ་ལྟ་བ་ཉེས་པའི་རྒྱུ་ཡིན་ཏེ། དེ་མངོན་དུ་གྱུར་

པ་ན་གཞན་དག་ཀྱང་མངོན་དུ་འགྱུར་བའི་ཕྱིར་རོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་བཅུ་བདུན་པ། སྦྱོར་བ་ནི་གང་ཞིག་གང་མངོན་དུ་གྱུར་པ་ན་མངོན་དུ་འགྱུར་ཞིང་དེ་ལས་གཞན་པའི་རྒྱུ་ལྷག་མ་རྣམས་མངོན་དུ་འགྱུར་ན་ཡང་དེ་མངོན་དུ་མི་འགྱུར་

ན། མངོན་དུ་མི་འགྱུར་བ་དེ་ནི་དེ་དེ་ལས་འགྱུར་བ་ཡིན་ཏེ། དཔེར་ན་ས་བོན་མངོན་དུ་ཕྱོགས་པ་ན་མྱུ་གུ་མངོན་དུ་ཕྱོགས་པ་ལྟ་བུའོ། །སྐྱེས་བུ་སྟོང་པ་ཉིད་སྒོམ་པའི་གནས་སྐབས་སམ། ལུང་དུ་མ་བསྟན་པའི་གནས་སྐབས་ན་ཡང་ངར་འཛིན་པ་དང་ང་ཡིར་འཛིན་པ་མངོན་

དུ་འགྱུར་བ་ན་བདག་ལ་ཆགས་པ་ལ་སོགས་པའི་སྐྱོན་མངོན་དུ་འགྱུར་ཞིང་། དབང་པོ་ལ་སོགས་པ་དེ་ལས་གཞན་པ་ཡོད་ན་ཡང་དེ་མངོན་དུ་མི་འགྱུར་ན་མངོན་དུ་འགྱུར་རོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་བས་ན་བདག་ཏུ་ལྟ་བ་ནི་ཉེས་པ་རྣམས་ཀྱི་རྒྱུ་

ཡིན་ནོ། །རྒྱུ་འདི་དང་འགལ་བ་ནི་བདག་མེད་པ་ཉིད་མཐོང་བ་ཡིན་ལ་དེ་གོམས་པས་ཉེས་པ་རྣམས་ཀྱི་རྒྱུ་ནི་ཟད་ཕྱིར་རོ། །དེ་ལྟར་ན་ཉེས་པ་ཟད་པའི་ཐབས་ཡོད་པ་ཡིན་པའི་ཕྱིར་གཏན་ཚིགས་གཉིས་པ་ཡང་མ་གྲུབ་པ་ཡིན་ནོ། །སྦྱོར་བ་ནི་རྒྱུ་འགལ་བའི་རང་བཞིན་

Vol. 175 · folio 60b

གོམས་པ་ཡིན་པ་ཅན་གང་ཡིན་པ་དེ་ནི་རྒྱུད་རྒྱུན་ཆད་པ་ཡོད་པ་ཡིན་ཏེ། དཔེར་ན་འབྲུ་ལ་སོགས་པ་ལྟ་བུའོ། །འདོད་ཆགས་ལ་སོགས་པ་ཡང་རྒྱུ་འགལ་བ་གོམས་པ་ཡོད་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །སྦྱོར་བ་ཉིད་ནི་དེ་ལྟ་བུར་གྱུར་པ་མ་ཡིན་

པའི་ཆོས་རྣམས་ལ་དེ་ལྟ་བུའི་ངོ་བོར་སྒྲོ་བཏགས་ནས་འཇུག་པ་གང་ཡིན་པ་དེ་ནི་འགལ་བའི་རྐྱེན་ཡོད་པ་ཡིན་ཏེ། དཔེར་ན་ཐག་པ་ལ་སྦྲུལ་གྱི་ཤེས་པ་ལྟ་བུའོ། །མི་རྟག་པ་དང་། སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པའི་ཕུང་པོ་རྣམས་ལ་རྟག་པ་དང་།

བདེ་བ་དང་བདག་དང་བདག་གིར་སྒྲོ་བཏགས་ནས་འཇུག་པ་འདོད་ཆགས་ལ་སོགས་པ་དེ་དག་གི་རྒྱུ་ལོག་པའི་ཤེས་པ་ཡང་དེ་ལྟ་བུར་གྱུར་པ་མ་ཡིན་པའི་ཕྱིར་ཆོས་རྣམས་ལ་དེ་ལྟ་བུའི་ངོ་བོར་སྒྲོ་བཏགས་ནས་འཇུག་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །

གཏན་ཚིགས་སྔ་མ་མ་གྲུབ་པ་མ་ཡིན་ལ་འདི་ཡང་མ་ཡིན་ཏེ་སྐབས་ཇི་ལྟ་བ་བཞིན་དུ་ལ་ལར་འགའ་ཞིག་བསྟན་ཟིན་པ་ཉིད་ཀྱི་ཕྱིར་དང་སྟོན་པར་འགྱུར་བ་ཉིད་ཀྱི་ཕྱིར་རོ། །འབྲུ་ལ་སོགས་པའི་རྒྱུན་ནུས་པའི་ངོ་བོ་གནས་སྐབས་ཀྱིས་རྒྱུན་ཆད་པའི་ཕྱིར། སྔ་མ་

བསྒྲུབ་པར་བྱ་བ་དང་བྲལ་བ་ཡང་མ་ཡིན་ཏེ། སྦྱོར་བ་ནི་གང་ཞིག་གང་ལ་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་མི་དམིགས་པ་དེ་ནི་དེ་ལས་ཤིན་ཏུ་ཡོད་པ་མ་ཡིན་ཏེ། དཔེར་ན་སྡུག་བསྔལ་གྱི་བདག་ཉིད་ལ་བདེ་བ་དང་། མེ་ལ་ཆུ་ལྟ་བུའོ། །འབྲུ་ལ་སོགས་པའི་

རྒྱུན་ཚིག་པ་ཅན་ལ་ཡང་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་ཡོད་པ་ལ་ཕྱིས་ཤིན་ཏུ་མི་དམིགས་སོ་ཞེས་བྱ་བ་ནི་རང་བཞིན་མི་དམིགས་པའོ། །རྒྱུའི་རང་བཞིན་ཤེས་པ་ཡིས། །ཉེས་པ་རྣམས་ཀྱི་རྒྱུའི་མཚན་ཉིད་རྟོགས་པས། དེ་ཤེས་པ་ཡང་ངེས་པར་འགྱུར། །

ཉེས་པའི་རྒྱུ་རྣམས་ཀྱི་གཉེན་པོའི་ཤེས་པ་ཡང་ཤེས་པར་འགྱུར་རོ། །གང་དང་གང་རྒྱུའི་རང་བཞིན་རིགས་པའི་མཚན་ཉིད་ཅན་ཡིན་པ་དེ་ནི་དེའི་མཚན་ཉིད་ཤེས་པའི་སྒོ་ནས་བཟློག་པའི་ངོ་བོ་ཅན་ཡིན་ཏེ། དཔེར་ན་རླུང་ལ་སོགས་པ་ལྟ་བུའོ། །འདོད་ཆགས་

Vol. 175 · folio 61a

ལ་སོགས་པའི་ཡང་རྒྱུའི་རང་བཞིན་རིགས་པའི་མཚན་ཉིད་ཅན་ཡིན་ནོ། །དེ་ལྟར་ན་ཐབས་ཡོངས་སུ་ཤེས་པ་གྲུབ་པ་ཉིད་ཀྱི་ཕྱིར་གཏན་ཚིགས་གསུམ་པ་ཡང་མ་གྲུབ་པ་ཡིན་ནོ། །སྐྱོབ་པ་ཞེས་བྱ་བ་ལ་སོགས་པས་ཚིག་བཞི་པ་འཆད་པར་བྱེད་པ་

ལ་སྐྱོབ་པ་ཡང་གང་ཡིན། གང་དང་ལྡན་པས་ན་བདེ་གཤེགས་སྐྱོབ་པ་ཞེས་བྱ་ཞེ་ན། བཤད་པ། སྐྱོབས་པ་ཉིད་གཟིགས་ལམ་གསུང་བ། །ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་པའི་ལམ་འཆད་པར་མཛད་པ་སྟེ། ཀུན་སྟོན་པར་མཛད་ཅེས་བྱ་བའི་དོན་ཏོ། །དེ་ཉིད་ནི་རྗེས་སུ་

སྟོན་པའི་ཆོ་འཕྲུལ་ཞེས་གྲགས་པ་ཉིད་ཡིན་ནོ། །གང་གིས་སེམས་ཅན་རྣམས་སྐྱོབ་པར་མཛད་པ་སྟེ། སྡུག་བསྔལ་ཟད་པའི་ཐབས་ཡང་དག་པར་སྟོན་པའི་སྒོ་ནས་ཕན་པ་ལ་འཇུག་པ་མཛད་པའི་ཕྱིར་རོ། །བདེ་བར་གཤེགས་པ་དེ་ཡང་འབྲས་མེད་ཕྱིར་ཏེ། ལོག་པར་

གསུང་བ་ལ་དགོས་པ་མེད་པའི་ཕྱིར་རོ་བརྫུན་མི་གསུང་། ལམ་ཕྱིན་ཅི་ལོག་པར་སྟོན་པར་མི་མཛད་དེ། དེ་སྐད་དུ་སྟོན་པ་ལ་རྒྱུ་མེད་པའི་ཕྱིར་རོ། །དེ་ལྟར་ན་ལམ་ལོག་པར་སྟོན་པའི་རྒྱུ་སྐྱོན་ནམ་ལམ་གྱི་ཡུལ་མི་ཤེས་པ་ཡིན་པར་འགྱུར་གྲང་ན། དེ་ནི་དེས་སྤངས་པ་

ཡིན་ནོ་ཞེས་བཤད་ཟིན་ཏོ། །དེ་ཉིད་ཀྱི་ཕྱིར་ཉིད་ཀྱི་བདེ་བ་མངོན་པར་བཞེད་པ་ལ་སོགས་པས་རྣམ་པ་གཞན་དུ་སྟོན་པ་ལ་དགོས་པ་མེད་པ་དེ་ལྟར་ན། ཇི་ལྟར་ན་དེ་ལས་སླུ་བ་ཡིན། ཤེས་སུ་ཟིན་ཀྱང་བརྩེ་བ་མེད་པས་སླུ་བར་འགྱུར་རོ་སྙམ་ན། དེ་ཡང་བདེ་བར་གཤེགས་པ་

ལ་མི་མངའ་སྟེ། ཐུགས་བརྩེ་ལྡན་ཕྱིར་གཞན་དོན་ཡང་། །རྩོམ་པ་ཐམས་ཅད་སྦྱོར་ཕྱིར་རོ། །བཅོམ་ལྡན་འདས་ཉོན་མོངས་པ་ཟད་པའི་ཐབས་རྩོམ་པ་ཐམས་ཅད་ལ་མངོན་པར་སྦྱོར་བ་མཛད་པ་གང་ཡིན་པ་དེ་ནི་སེམས་ཅན་ལ་ཕན་པར་མཛད་པའི་ཕྱིར་ཡིན་ན་གཞན་གྱི་དོན་

གྱི་ཐབས་ཀྱིས་ལམ་མངོན་སུམ་དུ་མཛད་པ་བརྩེ་བའི་བདག་ཉིད་དུ་གྱུར་པ་དེ་ཉིད་ལ་བཞུགས་པ་ཇི་ལྟར་ན་བརྫུན་གསུང་བར་འགྱུར། སྦྱོར་བ་ནི་གང་ཞིག་གང་གི་ཚེ་བརྫུན་གྱི་ཚིག་གི་རྒྱུ་མེད་པའམ་དགོས་པ་མེད་པ་དེ་ནི་དེའི་ཚེ་བརྫུན་སྨྲ་བ་མ་ཡིན་ཏེ། གཞན་བདེན་པ་སྨྲས་

Vol. 175 · folio 61b

བའི་དུས་ཀྱི་ལྟ་བུའོ། །འདིའི་བདེ་བར་གཤེགས་པའི་གནས་སྐབས་ན་ཡང་བདེན་པ་མ་ཡིན་པ་གསུང་བའི་རྒྱུ་མི་མངའ་བའམ། དགོས་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་རྒྱུ་མི་དམིགས་པའོ། །གང་ཞིག་གང་གི་དོན་བྱ་བའི་ཕྱིར་གང་གི་བརྩེ་བས་དོན་གང་སྒྲུབ་པར་བྱེད་པ་དེ་

དེའི་དོན་གྲུབ་པ་ལ་དེའི་ཡུལ་ཅན་གྱི་བརྩེ་བ་ཡོངས་སུ་མི་འདོར་བ་དེ་ནི་དེ་ལ་སླུ་བར་མི་བྱེད་དེ། དཔེར་ན་བུའི་བཟའ་བའི་ཕྱིར་ཟས་སྒྲུབ་པར་བྱེད་པ་ཅན་གྱི་མ་ལྟ་བུའོ། །བརྗོད་པར་འདོད་པའི་སྐྱེས་བུའི་ཁྱད་པར་ཡང་སེམས་ཅན་གྱི་དོན་མཛད་པའི་ཕྱིར། སེམས་ཅན་ལ་

བརྩེ་བས་ཉོན་མོངས་པ་ཟད་པའི་ཐབས་བསྒྲུབས་པར་གྱུར་པ་དེ་ནི་ཡུལ་ཅན་གྱི་བརྩེ་བ་ཡོངས་སུ་དོར་བར་མི་མཛད་དོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །དེ་ཕྱིར་ཚད་ཡིན། གང་གི་ཕྱིར་ཇི་ལྟར་སྐུ་ཉམས་སུ་བསྟར་བ་ཕྱིན་ཅི་མ་ལོག་པ་དེ་དོན་དུ་གཉེར་བ་ལ་སྟོན་

པར་མཛད་པ་དེའི་ཕྱིར་དེའི་དེ་ལ་དེ་ཚད་མ་ཡིན་ནོ་ཞེས་བྱ་བ་ནི་རིགས་པ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་དོན་དུ་གཉེར་བ་ལ་དོན་གང་ཕྱིན་ཅི་མ་ལོག་པར་སྟོན་པ་དེ་ནི་དེའི་ཚེ་དེ་ལ་ཚད་མར་གྱུར་པ་ཡིན་པར་ཤེས་པར་བྱ་སྟེ། དཔེར་ན་ནད་པ་ནད་མེད་པ་དོན་དུ་གཉེར་བ་ལ་ནད་མེད་

པའི་ཐབས་ཕྱིན་ཅི་མ་ལོག་པ་སྟོན་པར་བྱེད་པའི་སྨན་པ་ལྟ་བུའོ། །བརྗོད་པར་འདོད་པའི་སྐྱེས་བུའི་ཁྱད་པར་ཡང་སྡུག་བསྔལ་ཟད་པ་དོན་དུ་གཉེར་བ་ལ་ཇི་ལྟར་བསྟར་བ་བཞིན་དུ་སྡུག་བསྔལ་ཟད་པའི་ཐབས་ཕྱིན་ཅི་མ་ལོག་པའི་ལམ་སྟོན་པར་མཛད་པ་ཡིན་ནོ་ཞེས་བྱ་བ་

ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་དེ་ལྟར་ན་ལུགས་ལས་འབྱུང་བ་འགྲོ་བ་ལ་ཕན་པར་མཛད་པར་བཞེད་པ་ཉིད་ལ་སོགས་པ་རྒྱུ་སྔ་མ་སྔ་མས་ཕྱི་མ་ཕྱི་མ་ཐམས་ཅད་ལ་སྲིད་པའི་རྗེས་སུ་དཔག་པས། ཚད་མ་ཤིན་ཏུ་མི་སྲིད་པ་མེད་པ་རབ་ཏུ་བསྒྲུབས་ནས། ད་ནི་ལུགས་

ལས་བཟློག་པ་འབྲས་བུ་ཕྱི་མ་ཕྱི་མ་རྟོགས་པའི་སྒོ་ནས་རྒྱུ་ཕྱི་མ་ཕྱི་མ་གྲུབ་པ་ཡང་དག་པར་སྟོན་པ་བསྟན་པའི་ངོ་བོ་ཅན་གྱི་བཅོམ་ལྡན་འདས་ཚད་མ་ཉིད་བསྒྲུབ་པར་འདོད་པས། ཡང་ན་སྐྱོབ། བདེན་པ་བཞི་ནི་སྟོན་མཛད་ཡིན། །ཞེས་བྱ་བ་སྨོས་ཏེ། བཅོམ་ལྡན་

Vol. 175 · folio 62a

འདས་ནི་སེམས་ཅན་རྣམས་ལ་འཁོར་བའི་སྡུག་བསྔལ་རབ་ཏུ་ཞི་བའི་རྒྱུར་གྱུར་པ་འཕགས་པའི་བདེན་པ་བཞི་སྟོན་པར་མཛད་པ་ཡིན་པ་དེ་ལྟར་ན་སྡུག་བསྔལ་རབ་ཏུ་ཞི་བ་དོན་དུ་གཉེར་བ་དེ་རྣམས་ཀྱི་དེ་ལ་ཚད་མ་ཡིན་ནོ། །གལ་ཏེ་གཞན་དག་གི་སྡུག་

བསྔལ་ལ་སོགས་པ་འདི་དག་བསྟན་མོད་ཀྱི། འོན་ཀྱང་རྣམ་པ་ཕྱིན་ཅི་ལོག་པས་བསྟན་པ་དེའི་ཕྱིར་དེའི་བསྟན་པ་ལས་གྲོལ་བ་མ་ཡིན་པ་དེ་ལྟར་ན་དེ་དག་སྐྱོབ་པ་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱང་ཕྱིན་ཅི་མ་ལོག་པར་སྟོན་པར་མཛད་པ་དེའི་ཕྱིར། དེའི་རྗེས་སུ་འབྲང་

བ་ཅན་ཉིད་གྲོལ་བ་དེ་ལྟར་ན། གྲོལ་བ་དོན་དུ་གཉེར་བ་རྣམས་ཀྱི་སྐྱོབ་པ་དེ་ཉིད་ཚད་མ་ཡིན་ནོ། །དེ་ལ་བདེན་པ་རེ་རེ་ལ་རྣམ་པ་བཞི་བཞི་དག་གིས་སྟོན་པར་འགྱུར་ཏེ། སྡུག་བསྔལ་ནི་མི་རྟག་པ་ཉིད་དང་སྡུག་བསྔལ་བ་ཉིད་དང་སྟོང་པ་ཉིད་དང་བདག་མེད་པ་ཉིད་དོ། །ཀུན་འབྱུང་ནི་ཀུན་འབྱུང་

བ་ཉིད་དང་རྒྱུ་ཉིད་དང་། རྐྱེན་ཉིད་དང་རབ་ཏུ་སྐྱེ་བ་ཉིད་དོ། །འགོག་པ་ནི་འགོག་པ་ཉིད་དང་ཞི་བ་ཉིད་དང་གྱ་ནོམ་པ་ཉིད་དང་། ངེས་པར་འབྱུང་བ་ཉིད་དོ། །ལམ་ནི་ལམ་ཉིད་དང་རིགས་པ་ཉིད་དང་། སྒྲུབ་པ་ཉིད་དང་། ངེས་པར་འབྱིན་པ་ཉིད་ཅེས་བྱ་བ་རྣམ་པ་བཅུ་

དྲུག་ཡིན་ནོ། །སྡུག་བསྔལ་བ་དང་། ཀུན་འབྱུང་གི་བདེན་པ་དག་ནི་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པའི་ངོ་བོར་རབ་ཏུ་བསྒྲུབས་པ་ཉིད་ཀྱིས་དེའི་རྒྱུ་ཅན་གྱི་དངོས་པོས་ཁྱད་པར་དང་། ལྷག་མ་ཀུན་འབྱུང་གིས་རྣམ་པར་བསྒྲུབས་པར་འགྱུར་བ་དེ་ལྟར་ན་སོ་སོར་

མ་བརྗོད་དོ། །དེ་བཞིན་དུ་འགོག་པ་སྡུག་བསྔལ་འགོག་པའི་རྣམ་པར་གྲུབ་པ་ན། ལྷག་མ་དང་ལམ་ཡང་སྡུག་བསྔལ་འགོག་པའི་ཐབས་ཉིད་དུ་བསྟན་པ་ན། དེའི་རབ་ཏུ་དབྱེ་བའི་ངོ་བོ་རིག་པའི་རྣམ་པ་ལ་སོགས་པ་ཡང་གྲུབ་པར་འགྱུར་བ་དེ་ལྟར་ན་སོ་སོར་མ་

བརྗོད་དོ། །དེ་ལ་བཅོམ་ལྡན་འདས་ནི་འཕགས་པའི་བདེན་པ་སྡུག་བསྔལ་ལོག་པའི་ཐབས་སུ་གྱུར་པ། དེ་དོན་དུ་གཉེར་བ་ལ་སྟོན་པར་མཛད་པའི་ཕྱིར་དེ་ལ་ཚད་མ་ཉིད་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་སྡུག་བསྔལ་རབ་ཏུ་ཞི་བ་དོན་དུ་གཉེར་བ་གང་ཡིན་པ་ལ་སྡུག་བསྔལ་

Vol. 175 · folio 62b

དེའི་རང་བཞིན་དང་། སྡུག་བསྔལ་དེའི་རྒྱུ་དང་སྡུག་བསྔལ་དེའི་རབ་ཏུ་ཞི་བ་དང་། སྡུག་བསྔལ་དེ་རབ་ཏུ་ཞི་བའི་ཐབས་དེ་ལྟ་བུར་གྱུར་པ་སྟོན་པར་བྱེད་པ་དེ་ནི། དེའི་དངོས་པོ་དེ་ལ་ཚད་མར་གྱུར་པ་ཡིན་ཏེ་ནད་པ་ནད་རབ་ཏུ་ཞི་བ་དོན་དུ་གཉེར་བ་ལ་ནད་ཀྱི་སྡུག་བསྔལ་གྱི་རྒྱུ་

ལ་སོགས་པ་ཇི་ལྟ་བུར་གྱུར་པ་སྟོན་པར་བྱེད་པའི་སྨན་པ་ལྟ་བུའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱང་སྐྱེས་བུ་འཁོར་བའི་སྡུག་བསྔལ་རབ་ཏུ་ཞི་བ་དོན་དུ་གཉེར་བ་ལ། འཁོར་བའི་སྡུག་བསྔལ་དང་། རྒྱུ་དང་རབ་ཏུ་ཞི་བ་དང་། ཐབས་ཕྱིན་ཅི་མ་ལོག་པར་སྟོན་པར་མཛད་

དོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །མ་གྲུབ་པ་ཡང་མ་ཡིན་ཏེ། གཏན་ཚིགས་ཀྱི་དོན་ནི་ཕྱིས་སྟོན་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །སྡུག་བསྔལ་ཡང་གང་ཞེ་ན། སྡུག་བསྔལ་འཁོར་བ་ཅན་ཕུང་པོ་ཞེས་བྱ་བ་སྨོས་ཏེ། འཁོར་བར་འཁོར་བས་ན་འཁོར་བ་སྟེ། སྐྱེ་བ་

དང་འཆི་བའི་རྒྱུན་ནོ། །དེ་ཕུང་པོ་གང་དག་ལ་ཡོད་པ་དེ་དག་ནི་འཁོར་བ་ཅན་གྱི་ཕུང་པོ་སྟེ་གཟུགས་ལ་སོགས་པའོ། །སྡུག་བསྔལ་རྣམ་པ་གསུམ་གྱིས་དངོས་སམ། བརྒྱུད་པས་སྡུག་བསྔལ་བ་མ་ཡིན་ནོ། །གལ་ཏེ་སེམས་ཅན་སྔ་མ་འགའ་ཞིག་ལས་འདི་ལྟ་བུའི་རྣམ་པ་ཉིད་

དུ་འོངས་པ་མ་ཡིན་ཞིང་བྱུང་བ་ཡང་ཡང་འཁོར་བ་གཞན་ལེན་པ་མ་ཡིན་པ་དེ་ལྟར་ན་གང་ལས་འཁོར་བ་ཡིན་ཞེ་ན་དེ་ནི་མ་ཡིན་ཏེ། གོམས་ལས་སྔོན་བྱས་པ་གོམས་པ་ལས་ཡིད་ཀྱི་ཆོས་འདི་རབ་ཏུ་འཇུག་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འདོད་ཆགས་ལ་སོགས་གསལ་བར་

མཐོང་ཕྱིར་ཏེ། །སྐྱེ་བ་འདི་ལ་སྐྱེས་བུ་སྔར་འདོད་ཆགས་ཀྱི་ཤས་ཆུང་བ་རྐྱེན་ཇི་ལྟ་བ་བཞིན་དུ་གོམས་པ་ལས། འདོད་ཆགས་ལ་སོགས་པ་ཤས་ཆེ་བ་འབྱུང་བར་འགྱུར་རོ། །དེ་དག་གི་འདོད་ཆགས་ལ་སོགས་པ་གསལ་བ་དེ་ནི་གོམས་པ་སྔོན་དུ་སོང་བ་ཅན་ཉིད་ཡིན་ནོ། །དེ་

ལ་དང་པོར་ཡང་ངོ་བོ་ཉིད་ཀྱིས་སེམས་ཅན་རྣམས་ཀྱི་འདོད་ཆགས་ལ་སོགས་པ་གསལ་བ་ནི་གོམས་པ་སྔོན་དུ་སོང་བ་ཅན་ཡིན་ནོ་ཞེས་ཁོང་དུ་ཆུད་པར་འགྱུར་རོ། །སྦྱོར་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་། ང་རྒྱལ་དང་། ཁེངས་པ་དང་། ཕྲག་དོག་དང་། སེར་སྣ་དང་། ཁྲོ་

Vol. 175 · folio 63a

བ་ལ་སོགས་པ་དང་། ཤེས་རབ་དང་། སྙིང་རྗེ་དང་། བྱམས་པ་དང་། མ་ཆགས་པ་ལ་སོགས་པ་དང་། བཟོའི་གནས་དང་སེམས་ཅན་ལ་སོགས་པ་འདོད་པ་གསལ་བ་གང་ཡིན་པ་དེ་ནི་གོམས་པ་སྔོན་དུ་སོང་བ་ཅན་ཡིན་ཏེ། དཔེར་ན་སྐྱེ་བ་འདི་ཉིད་ལ་

སྔར་ཇི་སྐད་དུ་བཤད་པའི་ཡོན་ཏན་མི་གསལ་བ་ཅན་གོམས་པའི་དབང་གིས་ཕྱིས་གསལ་བ་ལྟ་བུའོ། །ཡོན་ཏན་དེ་དག་གོམས་པ་མ་མཐོང་བ་ཅན་གྱི་སྐྱེས་བུ་འགའ་ཞིག་གི་ཡང་སྐྱེ་བ་འདི་ལ་དང་པོར་ཆོས་དེ་དག་གསལ་བ་ཡོད་པ་ཡིན་ནོ་ཞེས་བྱ་བ་ནི་འབྲས་བུའི་གཏན་ཚིགས་

སོ། །དེ་དང་འདྲ་བར་འཇིག་རྟེན་སྔ་མར་གོམས་པ་སྔོན་དུ་སོང་བ་ཅན་མ་མཐོང་དུ་ཟིན་ཀྱང་སྒྲུབ་པར་བྱེད་པ་དེ་ལྟར་ན་འགལ་བའི་དོགས་པར་ཡང་མི་འགྱུར་ཏེ། མི་འགལ་བར་གྲུབ་པ་ནི་མ་ངེས་པ་ཉིད་ཡིན་པའི་ཕྱིར་རོ། །འདོད་ཆགས་ལ་སོགས་པ་གསལ་བ་ནི་གོམས་པ་སྔོན་དུ་

སོང་བ་ཅན་ཡིན་ནའང་། འཇིག་རྟེན་ཕ་རོལ་གྱི་གོམས་པ་སྔོན་དུ་སོང་བ་ཅན་ཉིད་མེད་པར་དང་པོ་གསལ་བ་གོམས་པ་སྔོན་དུ་སོང་བ་ཅན་ཉིད་མཐོང་བར་འདོད་པར་འགྱུར་ན་དེ་ཡང་འགལ་བ་ཡིན་ནོ། །འདོད་ཆགས་ལ་སོགས་པ་མི་གསལ་བ་ཕྱིས་གོམས་པ་ལ་སོགས་

པ་འཕེལ་པ་གང་ཡིན་པ་དེ་ཡང་དེ་སྔོན་རང་བཞིན་མཚུངས་པས་བྱས་པ་ཉིད་ཡིན་མོད་ཀྱི། འོན་ཀྱང་གོམས་པས་གསལ་བར་འགྱུར་བ་དེ་ལྟར་ན། བསྒྲུབས་པར་བྱས་པས་སྟོང་པ་ཉིད་ཀྱང་མ་ཡིན་པའི་ཕྱིར་འགལ་བ་ཉིད་མ་ཡིན་ནོ། །དེ་ལྟར་ཡིན་ན་ཡང་འཇིག་རྟེན་ཕ་རོལ་

གྱི་གོམས་པ་སྔོན་དུ་སོང་བ་ཅན་ཉིད་བསྒྲུབ་པར་བྱ་བ་ཉིད་ཡིན་པའི་ཕྱིར་དཔེ་བསྒྲུབ་བྱས་སྟོང་པ་མ་ཡིན་ནམ་མ་ཡིན་ཏེ་ཐོག་མ་མེད་པ་ཅན་ཉིད་བསྒྲུབ་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །འདི་ནི་འཇིག་རྟེན་འདི་ཡིན་ན། འདི་ནི་འཇིག་རྟེན་ཕ་རོལ་ཡིན་ནོ་ཞེས་བྱ་བའི་

གནས་སྐབས་ཐ་དད་པར་བྱས་པ་དེ་ནི་བྱིས་པ་དང་གཞོན་ནུ་ལ་སོགས་པ་དང་། འདྲ་བར་རྣམ་པར་གཞག་པ་ཙམ་ཡིན་ཏེ། འདི་ལ་མངོན་པར་ཞེན་པར་བྱ་བ་མ་ཡིན་ནོ། །རྣམ་པ་འདིས་ནི་སེམས་ཅན་ཐོག་མ་མེད་པ་ཅན་ཉིད་དུ་བསྒྲུབ་པར་བྱ་བ་དེ་ལྟར་ན་སྐྱོན་ཡོད་པ་

Vol. 175 · folio 63b

ཉིད་མ་ཡིན་ནོ། །གསལ་བ་གོམས་པ་སྔོན་དུ་སོང་བ་ཅན་ཡིན་པ་གྲུབ་ན་དེ་ཡོད་ན་ཡོད་པའི་ཕྱིར་གཏན་ཚིགས་འདི་ཁྱབ་པ་མེད་པ་མ་ཡིན་ནོ། །གཞན་ཡང་གོམས་པ་ལ་འདོད་ཆགས་ལ་སོགས་པ་གསལ་བར་མི་འདོད་པ་གང་ཡིན་པ་དེས་དེ་གློ་བུར་བར་བརྗོད་པར་བྱ་བ་ལ་

རྒྱུ་གཞན་བརྟག་པར་བྱ་བ་ཡིན་གྲང་ན། རེ་ཞིག་འདོད་རྒྱལ་ཉིད་མ་ཡིན། །རྒྱུ་མེད་པར་འདོད་ཆགས་ལ་སོགས་པའི་གསལ་བ་སྐྱེ་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྒྱུ་མེད་ཅན་སྐྱེ་འགལ་ཕྱིར་རོ། །རྟག་ཏུ་ཡོད་པ་ལ་སོགས་པའི་སྐྱོན་ཡང་ལྡན་པའི་ཕྱིར་རོ། །ཁ་

ཅིག་ན་རེ་ཇི་སྐད་དུ་རླུང་དང་། མཁྲིས་པ་དང་། བད་ཀན་དག་གི་ཆོས་ཡིན་ནོ་ཞེས་སྨྲ་སྟེ། བད་ཀན་དག་གི་རང་བཞིན་ནི་འདོད་ཆགས་ལ་སོགས་པ་ཡིན་ཞིང་། མཁྲིས་པའི་རང་བཞིན་ནི་ཞེ་སྡང་ལ་སོགས་པ་ཡིན་ལ་རླུང་གི་རང་བཞིན་ནི་གཏི་མུག་ལ་སོགས་པ་ཡིན་

པས། དེ་གསལ་བ་ལས་ཀྱང་གསལ་བ་ཡིན་ནོ་ཞེ་ན། འདོད་ཆགས་ལ་སོགས་པ་དེ་ནི་རླུང་སོགས་ཆོས་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འཁྲུལ་ཕྱིར་ཏེ། བད་ཀན་ལ་སོགས་པ་སོ་སོ་ལ་འདོད་ཆགས་ལ་སོགས་པའི་གསལ་བ་འཁྲུལ་པར་མཐོང་ངོ་། །དེ་ལྟར་ན་བད་ཀན་གྱི་

རང་བཞིན་ཅན་ཡང་འདོད་ཆགས་ལ་སོགས་པ་ཤས་ཆུང་བ་དང་མཁྲིས་པའི་རང་བཞིན་ཅན་ཡང་ཞེ་སྡང་ལ་སོགས་པའི་ཤས་ཆེ་བ་མ་ཡིན་པ་དང་། རླུང་གི་རང་བཞིན་ཅན་ཡང་གཏི་མུག་ལ་སོགས་པ་གསལ་བ་མ་ཡིན་པ་དེ་ལྟར་ན་ཡིད་ཀྱི་ཡོན་ཏན་རྣམས་ཕན་ཚུན་

འཆོལ་བར་འགྱུར་རོ། །གང་མེད་པར་ཡང་ཡོད་པ་གང་ཡིན་པ་དེའི་དེ་རྒྱུར་རིགས་པ་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་ལ་འཁྲུལ་པ་དེ་ནི་དེའི་རྒྱུ་མ་ཡིན་ཏེ། དཔེར་ན་ཆུ་ལ་དུ་བ་འཁྲུལ་པ་ལྟ་བུའོ། །བད་ཀན་ལ་སོགས་པའི་རང་བཞིན་སོ་སོ་ལ་ཡང་འདོད་ཆགས་ལ་

སོགས་པ་གསལ་བ་འཁྲུལ་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གལ་ཏེ་རང་བཞིན་འདྲེས་པའི་ཕྱིར་རོ། །སྐྱོན་མེད་ཡིན་ན། དེ་ལྟར་ནི་འགྱུར་མོད་ཀྱི། བད་ཀན་ལ་སོགས་པའི་རང་བཞིན་དང་ལྡན་པ་ཡིན་ཡང་ཤེས་རབ་ལ་སོགས་

Vol. 175 · folio 64a

པའི་ཡོན་ཏན་ཅན་གང་ཡིན་པ་དེ་ལ། དེའི་བད་ཀན་འབའ་ཞིག་ནི་མ་ཡིན་ན། གང་གིས་ན་དེའི་རང་བཞིན་ངེས་པའི་ཡོན་ཏན་ལ་བརྟེན་པ་ཡིན་ནོ། །འོན་ཀྱང་མཁྲིས་པའི་རང་བཞིན་ཅན་ཡང་རྒྱུ་འདི་ཡིན་པ་དེ་ལྟར་ན་རང་བཞིན་འདྲེས་པ་ཡིན་པའི་

ཕྱིར་ཤེས་རབ་ལ་སོགས་པའི་ཡོན་ཏན་ཅན་ནི་མཁྲིས་པའི་རང་བཞིན་དུ་འགྱུར་བའི་ངང་ཚུལ་ཅན་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟར་ཡིན་པ་དེ་ཚེ་ཇི་ལྟར་སྐྱེས་བུ་དེའི་ཤེས་རབ་མཁྲིས་པའི་རང་བཞིན་ཅན་གྱི་ངང་ཚུལ་ཅན་དུ་འགྱུར་བ་དེ་ལྟར་ན། དེ་ལས་གཞན་ཏེ་རང་བཞིན་དེ་གཅིག་ཏུ་

ངེས་པར་འགྱུར་བ་ཅན་དྲི་ང་བ་དང་། རྡུལ་དང་སྐལ་བ་ངན་པ་ཉིད་ལ་སོགས་པའི་ཆོས་ཀྱང་ཅིའི་ཕྱིར་དེའི་མི་མཐོང་སྐྱེས་བུ་མཁྲིས་པའི་ཡོན་ཏན་ཅན་དེའི་སྟེ་མི་སྣང་ངོ་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་ནི་གང་ཞིག་གང་གི་རང་བཞིན་གྱི་ཡོན་ཏན་ཡིན་པ་དེ་ནི། ཡོན་ཏན་དེ་ཡོད་ན་

དེའི་འགྱུར་ཏེ། དཔེར་ན་མཁྲིས་པའི་རང་བཞིན་དང་ལྡན་པའི་ཤེས་རབ་ལ་སོགས་པའི་ཡོན་ཏན་ལྟ་བུའོ། །ཁྲོ་བ་ལ་སོགས་པ་ཡང་མཁྲིས་པའི་རང་བཞིན་གྱི་ཡོན་ཏན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །མཁྲིས་པའི་རང་བཞིན་འཕེལ་བ་ན་ཡང་དེ་ཙམ་དུ་འགྱུར་བའི་

ངང་ཚུལ་ཅན་དུ་དེ་ལས་གཞན་པའི་ཆོས་འདོད་པ་ཡིན་ན། མི་འགྱུར་བ་དེ་བས་ན་མཁྲིས་པའི་རང་བཞིན་དང་རྗེས་སུ་འབྲེལ་པའི་ཕྱིར་དེའི་ཤེས་རབ་མ་ཡིན་ནོ། །གལ་ཏེ་ཡོན་ཏན་འགའ་ཞིག་རང་བཞིན་གཅིག་ལ་སོ་སོར་ངེས་པ་མ་ཡིན་གྱི། འོན་ཀྱང་མཁྲིས་པའི་ཡོན་ཏན་གང་ཡིན་

པ་དེ་དག་ནི་བད་ཀན་དང་རླུང་གི་ཡང་ཡིན་ཞིང་དེ་བཞིན་དུ་རླུང་ལ་སོགས་པའི་གང་ཡིན་པ་དེ་དག་མཁྲིས་པའི་ཡང་ཡིན་པ་དེ་ལྟར་ན་ཐམས་ཅད་ཀྱི་ཆོས་ཐམས་ཅད་ཡིན་ནོ། །གང་རང་བཞིན་གང་ཡང་རུང་བ་ཅིག་སྐྱེས་པ་དེའི་ཆོས་དེ་ཉིད་ཡིན་པ་དེ་ལྟར་ན་རང་བཞིན་ཐམས་ཅད་ཀྱི་ཡིན་

པར་འགྱུར་རོ་ཞེ་ན། དེ་ནི་འདོད་ཆགས་ལ་སོགས་པ་ཆོས་ཀུན་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྐྱེས་བུ་ཐམས་ཅད་ཀྱི། འདོད་ཆགས་མཚུངས་པར་ཐལ་ཕྱིར་རོ། །གང་གི་ཚེ་གང་རང་བཞིན་འགའ་ཞིག་གི་ཆོས་དེ་ཡིན་པ་དེའི་ཚེ། ཇི་ལྟར་སྐྱེས་བུ་གཅིག་གི་རང་བཞིན་གཅིག་

Vol. 175 · folio 64b

ལ་འདོད་ཆགས་ཅི་འདྲ་བར་འགྱུར་བ་དེ་ལྟར་ན། སྐྱེས་བུའི་རང་བཞིན་གཞན་ལ་གནས་པའི་འདོད་ཆགས་ཀྱང་དེ་འདྲ་བར་འགྱུར་བ་དེ་ལྟར་ན། ཐམས་ཅད་འདོད་ཆགས་མཚུངས་པ་ཅན་དུ་འགྱུར་ཞིང་། དེ་བཞིན་དུ་ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཁེངས་

པ་དང་། ཕྲག་དོག་དང་། སེར་སྣ་དང་། ཤེས་རབ་ལ་སོགས་པའི་ཡོན་ཏན་དང་ལྡན་པར་མཚུངས་པར་འགྱུར་ཏེ། རྒྱུ་མཚུངས་པ་ཉིད་ཀྱི་ཕྱིར་རོ། །སྦྱོར་བ་ནི་རྒྱུ་མཚུངས་པ་ཅན་གང་ཡིན་པ་དེ་ནི་མཚུངས་པར་འགྱུར་ཏེ། དཔེར་ན་རྒྱུ་མཚུངས་

པ་ཅན་གྱི་མྱུ་གུ་ལ་སོགས་པ་ལྟ་བུའོ། །སྐྱེས་བུ་ལ་འདོད་ཆགས་ལ་སོགས་པ་ལ་ཡང་རྒྱུ་རང་བཞིན་མཚུངས་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །མཚུངས་པ་ཡང་མ་ཡིན་པ་དེའི་ཕྱིར་བཟློག་པ་ཡིན་ཏེ། མཚུངས་སུ་ཟིན་ཀྱང་

མཚུངས་པ་མ་ཡིན་པའི་ཕྱིར་རོ། །སྦྱོར་བ་གང་གིས་གང་མཚུངས་སུ་ཟིན་ཀྱང་མི་མཚུངས་པ་དེ་ནི་དེ་ཙམ་གྱི་རྒྱུ་ཅན་མ་ཡིན་ཏེ། དཔེར་ན་ཆུ་ཆ་མཉམ་དུ་ཟིན་ཀྱང་མེ་ལྕེའི་ཚོགས་འཕེལ་བ་དང་འགྲིབ་པར་འགྱུར་བ་ཆུའི་རྒྱུ་ཅན་མ་ཡིན་པ་ལྟ་བུའོ། །འདོད་ཆགས་ལ་སོགས་པ་

ཡང་སྐྱོན་གྱི་རང་བཞིན་མཚུངས་སུ་ཟིན་ཀྱང་འཕེལ་བ་དང་འགྲིབ་པར་འགྱུར་རོ་ཞེས་བྱ་བ་ནི། ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གལ་ཏེ་གཟུགས་སོགས་བཞིན་སྐྱོན་མེད། །དེ་ལྟར་ན་འདི་འགྱུར་ན། འབྱུང་བ་རྣམས་མཚུངས་ཀྱང་གཟུགས་ལ་སོགས་པ་འཕེལ་བ་

དང་འགྲིབ་པ་དང་ལྡན་པ་ཡིན་པ་དེ་ལྟར་ན་ཡང་། འབྱུང་བའི་འབྲས་བུར་མཐོང་བའི་ཕྱིར་ཐལ་བ་དང་ཐལ་བ་བཟློག་པ་དག་མ་ངེས་པ་ཡིན་ནོ་ཞེ་ན། དེ་ལའང་བརྩད་པ་མཚུངས་པ་ཡིན། །གལ་ཏེ་འབྱུང་བ་ཁྱད་པར་མེད་པ་དག་ཡིན་ན། དེའི་འབྲས་བུ་གཟུགས་ལ་སོགས་པ་ཡང་

འཕེལ་བ་དང་འགྲིབ་པ་དང་ལྡན་པར་མི་འགྱུར་རོ། །དེ་ལྟར་ན་འདི་ལ་ཡང་དེ་བཞིན་དུ་བརྩད་པ་ཉིད་ཡོད་པ་དེ་ལྟ་ན། དེ་ལྟ་བུའི་རིགས་ཅན་ཐམས་ཅད་ཕྱོགས་སུ་བྱས་པ་ཉིད་ཀྱི་ཕྱིར། ཐལ་བ་དང་ཐལ་བ་བཟློག་པ་མ་ངེས་པ་མ་ཡིན་ནོ། །དེ་ཙམ་རྒྱུ་ཉིད་ཡིན་པ་བསམ་པའི་ཕྱིར་རོ། །

Vol. 175 · folio 65a

གཟུགས་ལ་སོགས་པ་ནི་འབྱུང་བ་ཙམ་གྱི་རྒྱུ་ཅན་མ་ཡིན་ཏེ། རྒྱུ་མ་མཐོང་བ་ཡང་ཁས་བླངས་པའི་ཕྱིར་རོ། །གལ་ཏེ་ཐལ་བ་ལ་བྱུང་བ་རྣམས་ཀྱང་ཕྱོགས་སུ་བྱས་པའི་ཕྱིར་ཁས་བླངས་པ་ལས་ཉམས་པ་ཡིན་ནོ་ཞེ་ན། དེ་ལྟར་ནི་འགྱུར་ན། གལ་ཏེ་དེ་

ལ་འབྱུང་བ་དག་ལས་གཟུགས་ལ་སོགས་པ་སྐྱེ་བ་ལ་ཡང་ཁྱད་པར་ཅན། ལས་རྣམས་བདག་པོ་མེད་འགྱུར་ན། །འདི་ལྟར་སེམས་ཅན་རྣམས་ལ་ཕན་པ་དང་། གནོད་པ་སྒྲུབ་པར་བྱེད་པའི་ལས་སྣ་ཚོགས་པ་གཞན་དང་གཞན་དག་གིས། འབྱུང་བའི་རྡུལ་ཕྲ་རབ་རེ་རེ་དང་།

སྐད་ཅིག་མ་རེ་རེ་གཞན་དང་གཞན་དག་ནི་གཟུགས་ལ་སོགས་པ་གཞན་དང་གཞན་གྱི་རྒྱུ་ཡིན་ནོ། །དེ་ལྟར་མ་ཡིན་ན་འབྱུང་བ་མཚུངས་ཀྱང་ཅིའི་ཕྱིར། གཟུགས་ལ་སོགས་པ་མཚུངས་པ་མ་ཡིན་ཞེས་བརྩད་པ་མཚུངས་པ་ཡིན་ནོ། །འབྱུང་བའི་རང་བཞིན་

གྱི་ཁྱད་པར་ལས་ཀྱང་གཟུགས་ལ་སོགས་པའི་ཁྱད་པར་མ་ཡིན་ཏེ་ཐ་དད་པ་མེད་པའི་རང་བཞིན་ཅན་དེ་དག་ཉིད་ཀྱི་འགྱུར་བའི་ཁྱད་པར་མི་རུང་བའི་ཕྱིར་དང་རྒྱུ་མཚན་མེད་པར་རང་བཞིན་ཉིད་ལས་གྱུར་པ་ཡིན་ན་ངེས་པ་མི་རུང་བའི་ཕྱིར་དང་། སྔ་མ་བཞིན་དུ་ཕྱིས་ཀྱང་

གྱུར་པ་མེད་པར་ཐལ་བའི་ཕྱིར་རོ། །གཟུགས་སྣ་ཚོགས་པའི་རྒྱུར་གྱུར་པ་ནི་འབྱུང་བ་སྣ་ཚོགས་པ་ཉིད་ཡིན་ནོ་ཞེས་གཞན་གྱིས་བརྟགས་པ་ཡང་རིགས་པ་ཡིན་ནོ། །དེ་ལྟར་ན་དེ་དག་གིས་ཁྱད་པར་ཡིན་པ་ན། ཐལ་བ་དང་ཐལ་བ་བཟློག་པ་མ་ངེས་པར་བརྗོད་

པར་བྱ་བ་མ་ཡིན་ནོ། །གཞན་ཡང་རླུང་དང་། བད་ཀན་དང་། མཁྲིས་པའི་སྐྱོན་རྣམས་ཁྱད་པར་ཡོད་ན་ཡང་། འདོད་ཆགས་ལ་སོགས་པ་ཁྱད་པར་མེད་ཕྱིར་རླུང་ལ་སོགས་པའི་ཆོས་འདོད་ཆགས་ལ་སོགས་པ་མ་ཡིན་ནོ། །གང་གིས་ཆོས་གང་ཡིན་པ་དེ་ནི། དེའི་

ཁྱད་པར་ཡོད་ན་གདོན་མི་ཟ་བར་ཁྱད་པར་ཐོབ་པར་འགྱུར་རོ། །སྦྱོར་བ་ནི་གང་ཞིག་གང་གི་ཡོན་ཏན་ཡིན་པ་དེ་ནི་དེའི་ཁྱད་པར་ཡོད་ན་ཁྱད་པར་དུ་འགྱུར་ཏེ། དཔེར་ན་རླུང་གི་ཁྱད་པར་ཡོད་ན་གྲང་བ་དང་འདར་བ་ལ་སོགས་པ་ལྟ་བུའོ། །འདོད་ཆགས་ལ་སོགས་པའི་ཆོས་ཀྱང་

Vol. 175 · folio 65b

རླུང་ལ་སོགས་པའི་སྐྱོན་གྱི་ཡོན་ཏན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ཁྱད་པར་དུ་འགྱུར་བ་ཡང་མ་ཡིན་པ་དེའི་ཚེ་དེའི་ཆོས་མ་ཡིན་ནོ་ཞེས་བྱ་བ་ནི་བཟློག་པ་ཡིན་ཏེ། གང་ཞིག་གང་གི་ཁྱད་པར་ཡོད་ན་ཁྱད་པར་དུ་མི་འགྱུར་བ་དེ་ནི་དེའི་ཡོན་ཏན་མ་ཡིན་ཏེ།

དཔེར་ན་མེའི་ཁྱད་པར་ཡོད་ན་གྲང་བ་ཉིད་ཁྱད་པར་དུ་མི་འགྱུར་བ་ལྟ་བུའོ། །འདོད་ཆགས་ལ་སོགས་པ་ཡང་རླུང་ལ་སོགས་པའི་ཁྱད་པར་ཡོད་ན་ཡང་ཁྱད་པར་དུ་མི་འགྱུར་རོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །དེ་ལྟར་ནི་འགྱུར་ན་ཉེས་པའི་རྒྱུ་ཅན་ཡིན་ན་ཡང་

འདོད་ཆགས་ལ་སོགས་པའི་ཉེས་པའི་གནས་སྐབས་ཐམས་ཅད་ཀྱི་རྒྱུ་ཅན་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། ཉེས་པར་གྱུར་པའི་ཁྱད་པར་གྱི་རྒྱུ་ཅན་དག་ཡིན་ཏེ་ནད་ཀྱི་ཁྱད་པར་བཞིན་ནོ་དེས་ན་རང་གི་རྒྱུར་གྱུར་པའི་ཁྱད་པར་མེད་པའི་ཕྱིར་རོ། །སྐྱོན་དེའི་གྱུར་པ་གཞན་ན་ཡོད་ན་

ཡང་དེ་ལས་གཞན་པའི་ཉེས་པ་དེའི་ཆོས་མེད་པ་ཡིན་ནོ་ཞེ་ན། དེ་ལྟར་ན་ཡང་གཅིག་ནི་ཁྲོ་བ་ཅན་དང་། ཤེས་རབ་ཅན་དང་། རྡུལ་ལ་སོགས་པ་དང་ལྡན་པར་མི་འགྱུར་རོ། །གལ་ཏེ་དེ་དང་དེའི་གྱུར་པའི་ཁྱད་པར་འགྱུར་རོ་ཞེ་ན། ཡོན་ཏན་ཐམས་ཅད་ཀྱི་རྒྱུར་གྱུར་པའི་ཁྱད་པར་ཐ་

དད་པ་ཡོད་པའི་ཕྱིར་ཅིག་ཅར་ཤེས་རབ་དང་ཁྲོ་བ་ལ་སོགས་པ་མངོན་དུ་གསལ་བར་ཐལ་བར་འགྱུར་ཏེ། དེ་དག་ནི་དེ་ཙམ་གྱི་རྒྱུ་ཅན་ཉིད་ཡིན་པའི་ཕྱིར་དང་། ལྟོས་པར་བྱ་བ་གཞན་མེད་པའི་ཕྱིར་རོ། །གལ་ཏེ་མཁྲིས་པ་འཁྲུགས་པ་ཡོད་ན་སྡུག་བསྔལ་གྱིས་གནོད་པའི་མཁྲིས་པའི་

ཡོན་ཏན་ཞེ་སྡང་འབྱུང་བར་འགྱུར་བ་དེ་ལྟར་ན། གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེ་ན། དེ་མ་གྲུབ་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཐམས་ཅད་འགྱུར་བ་ཡིས་འགྱུར་བའི་ཕྱིར་རོ། །ཇི་ལྟར་མཁྲིས་པའི་འགྱུར་བས་གདུངས་པའི་སྐྱེས་བུའི་ཞེ་སྡང་དང་། དེ་བཞིན་དུ་རླུང་དང་བད་

ཀན་གྱི་ཡང་འགྱུར་བས་འགྱུར་བ་ལས་ཞེ་སྡང་འབྱུང་བར་འགྱུར་ན། རླུང་ལ་སོགས་པའི་ཡོན་ཏན་དུ་ཡང་འདོད་པ་མ་ཡིན་ནོ། །གལ་ཏེ་ཐམས་ཅད་ཐམས་ཅད་ཀྱི་ཆོས་ཡིན་པ་དེ་ལྟར་ན། བད་ཀན་ལ་སོགས་པ་འགྱུར་བ་ན་ཡང་ཞེ་སྡང་ལ་སོགས་པ་ཡོད་པས་འགལ་བ་མེད་དོ་ཞེ་ན།

Vol. 175 · folio 66a

དེ་ནི་མ་ཡིན་ཏེ། ཀུན་ལས་སྐྱེ་བའང་མིན་ཏེ། འདོད་ཆགས་ལ་སོགས་པ་འདི་དག་ཀྱང་ཐམས་ཅད་ཀྱི་ཆོས་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་ཐམས་ཅད་ཀྱི་འདོད་ཆགས་མཚུངས་པར་ཐལ་བའི་ཕྱིར་རོ་ཞེས་བྱ་བས་ཉེས་པ་བཤད་ཟིན་པའི་ཕྱིར་རོ། །གཞན་ཡང་

རླུང་ལ་སོགས་པ། རྒྱུ་ནི་འཕེལ་བར་འགྱུར་བ་ན། །འབྲས་བུ་འགྲིབ་པར་མི་རུང་སྟེ། །རླུང་ལ་སོགས་པའི་འབྲས་བུ་གཏི་མུག་ལ་སོགས་པ་ཁྱད་པར་དུ་མི་འགྱུར་བ་མི་རིགས་སོ། །ཅི་དང་འདྲ་བ་ཞེ་ན། ཚ་བ་ལ་སོགས་བཞིན་ཏེ། ཇི་ལྟར་མཁྲིས་པ་ལ་སོགས་པ་འཕེལ་བ་

ན། ཚ་བ་ལ་སོགས་པ་འཕེལ་བ་དེ་ལྟར་ཡིད་ཀྱི་ཡོན་ཏན་ཡང་འཕེལ་བར་འགྱུར་རོ། །འདི་ནི་སྐྱོན་རྣམས་ཁྱད་པར་ཡོད་ན་ཡང་། །ཞེས་བྱ་བའི་གཞུང་བཙུགས་པ་ཡིན་ན། གལ་ཏེ་སྐྱོན་རྣམས་ཆ་སྙོམས་ན་ཡང་འདོད་ཆགས་ལ་སོགས་པས་འགྱུར་བ་ཉིད་སྲིད་པའི་ཕྱིར་དང་།

ཆ་མི་སྙོམས་པ་ལ་ཡང་ཞེ་སྡང་གི་འགྱུར་བ་སྲིད་པའི་ཕྱིར་དང་། རླུང་ལ་སོགས་པའི་ཁྱད་པར་ཡོད་ན་ཡང་། འདོད་ཆགས་ལ་སོགས་པ་ཁྱད་པར་དུ་གྱུར་པ་དེ་ལྟར་ན། གཏན་ཚིགས་མ་གྲུབ་པ་ཉིད་ཡིན་ནོ་ཞེ་ན། མ་གྲུབ་པ་མ་ཡིན་ཏེ། འདི་ལྟར་འདོད་ཆགས་ལ་

སོགས། འགྱུར་བ་ན་ཡང་བདེ་སོགས་སྐྱེད། །ཁམས་ཆ་མཉམ་པ་ལ་སོགས་པ་ལས་ནང་གི་རེག་བྱའི་ཁྱད་པར་གྱི་དོན་ཕན་འདོགས་པར་བྱེད་པ་དང་དེ་ལས་གཞན་པའི་རྗེས་སུ་བྱེད་པས་བདེ་བའམ། སྡུག་བསྔལ་ལམ་འདོད་ཆགས་ལ་སོགས་པ་སྐྱེ་བ་དང་རྗེས་སུ་མཐུན་པ་

ཡིན་པ་དེ་ལྟར་ན་འདོད་ཆགས་ལ་སོགས་པ་ནི་བདེ་བ་ལས་སྐྱེས་པ་ལ་ཡིན་གྱི། ཉེས་པ་ལས་སྐྱེ་བ་མ་ཡིན་པ་དེ་ལྟར་ན་གྲུབ་པ་ཉིད་ཡིན་ནོ། །གལ་ཏེ་བད་ཀན་ལ་སོགས་པ་འཕེལ་བ་ན་ཡང་འདོད་ཆགས་ལ་སོགས་པ་འཕེལ་བར་མི་འགྱུར་བ་གང་ཡིན་པ་དེ་ནི། དེའི་རྒྱུ་

ཅན་ཉིད་ཡིན་ན་ཡང་། ཉེས་པ་ཆ་མི་མཉམ་པ་ལས་སྐྱེས་པ་ནི་སྡུག་བསྔལ་ཡིན་ལ་ཆ་མི་མཉམ་པ་ལས་སྐྱེ་བའི་སྡུག་བསྔལ་གྱི་འདོད་ཆགས་སྐྱེད་པ་མ་ཡིན་ནོ་ཞེ་ན། དེ་ནི་ཆ་མི་མཉམ་སྐྱེས་སྡུག་བསྔལ་གྱིས། །གལ་ཏེ་འདོད་ཆགས་མི་སྐྱེད་ན། །འོ་ན་དེ་ལྟར་ཡིན་ན་རྒྱུ་

Vol. 175 · folio 66b

ཅིས་འདོད་ཆགས་དེ་སྐྱེད་པ་སྨྲོས་ཤིག །གཞན་གྱིས་ཆ་མཉམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉེས་པ་ཆ་མཉམ་པའི་རྒྱུ་ལས་ཁུ་བ་འཕེལ་ཞིང་ཁུ་བ་དེ་ལས་འདོད་ཆགས་འཕེལ་བར་འགྱུར་རོ་ཞེས་བྱ་བ་ནི་གོ་རིམས་ཡིན་ནོ། །ཉེས་པ་མི་མཉམ་ཞེས་བྱ་བ་ལ་སོགས་པས་

འཁྲུལ་པར་སྟོན་པར་བྱེད་དོ། །ཉེས་མི་མཉམ་ལའང་ཆེས་ཤིན་ཏུ། །ཆགས་པ་ཅན་འགའ་ཞིག་མཐོང་ངོ་། །དེས་ན་ཁམས་ཆ་མཉམ་པ་ལས་འདོད་ཆགས་མ་ཡིན་ནོ། །ཉེས་པ་རྣམས་ཆ་མཉམ་པ་ལ་ཡང་གཞན་པ་མཐོང་། ངོ་བོ་ཉིད་ཀྱིས་ཆགས་པ་ཆུང་བ་ཅན་གང་ཡིན་པ་

ཆགས་པ་ཅན་དུའོ། །ཤིན་ཏུ་ཡུལ་བརྟེན་པས་ཁུ་བ་ཟད་པའི་རྒྱུ་ལས་ཕྱིར་སྐྱེས་བུ་ཤིན་ཏུ་ཆགས་པ་ཅན་གཞན་ལ་ཁྲག་འཛག་པ་ཡང་མཐོང་ངོ་། །གཞན་ཁུ་བ་ཤིན་ཏུ་མང་བ་ཅན་ཡང་ཆགས་པ་ཅན་མ་ཡིན་པ་དེ་ལྟར་ན་འདོད་ཆགས་ལ་སོགས་པའི་རྒྱུ་མཚན་ཁམས་ཆ་

མཉམ་པ་ལ་སོགས་པ་མ་ཡིན་ཏེ། དེ་ཡོད་ན་ཡོད་པའི་རྗེས་སུ་མི་བྱེད་པའི་ཕྱིར་རོ། །སྦྱོར་བ་ནི་གང་ཡོད་ཀྱང་གང་མི་འགྱུར་ཞིང་གང་མེད་ཀྱང་འགྱུར་བ་དེ་ནི་དེའི་རྒྱུ་ཅན་མ་ཡིན་ཏེ། དཔེར་ན་ཆུ་ཡོད་ཀྱང་མི་འགྱུར་ཞིང་མེད་ན་ཡང་འགྱུར་བའི་སྒྲོན་མ་འདི་ནི་ཆུའི་རྒྱུ་ཅན་མ་ཡིན་

པ་ལྟ་བུའོ། །འགའ་ཞིག་གི་འདོད་ཆགས་ཀྱང་ཁམས་སྙོམས་པ་དང་། ཁུ་བ་འཕེལ་བ་ཡོད་ན་ཡང་མི་འགྱུར་ཞིང་མེད་ན་ཡང་འགྱུར་རོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གཞན་ཡང་བུད་མེད་གཅིག་ལ་ཁུ་ངེས་མེད། བུད་མེད་ལ་ལ་ལ་དེའི་

ཁུ་བ་སོ་སོར་ངེས་པར་མི་འགྱུར་རོ། །དེའི་ཕྱིར་བུད་མེད་གཅིག་ལ་སོ་སོར་ངེས་པ་མེད་པའི་ཕྱིར་བུད་མེད་གཅིག་ལ་ཆགས་པ་དྲག་མི་འགྱུར་ན་ཡང་འགའ་ཞིག་ལ་ངེས་པར་ཡང་འགྱུར་རོ། །དེ་བས་ན་འདོད་ཆགས་ཀྱི་རྒྱུ་ཁུ་བ་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་ངེས་པ་མེད་

ན་ཡང་ངེས་པར་འགྱུར་བ་དེ་ནི་དེ་ཙམ་གྱི་རྒྱུ་ཅན་དུ་འགྱུར་བ་མ་ཡིན་ཏེ། ཆུ་ངེས་པ་མེད་པར་སཱ་ལུའི་ས་བོན་ལ་ངེས་པའི་སཱ་ལུའི་མྱུ་གུ་ལྟ་བུའོ། །འདོད་ཆགས་ཀྱང་ཁུ་བ་ངེས་པ་མེད་ན་ཡང་ངེས་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །དེ་ལྟར་

Vol. 175 · folio 67a

ནི་འགྱུར་མོད་ཀྱི་གལ་ཏེ་གཟུགས་སོགས་ཀྱང་ཡན་ལག །ཁུ་བ་ངེས་པ་མེད་ན་ཡང་ངེས་པར་འདོད་ཆགས་སྐྱེ་བ་ཡིན་ཏེ། གཟུགས་དང་ཉེ་བར་སྤྱོད་པ་ལ་སོགས་པ་ལྷན་ཅིག་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེ་ན། མིན་ཏེ་ཀུན་ལ་ངེས་ཕྱིར་རོ། །སྐྱེས་བུ་ཁུ་

བ་མཚུངས་པ་ཅན་དག་གི་ནང་ནས་གཅིག་ཅིག་གཟུགས་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་བུད་མེད་ལ་འདོད་པ་སྤྱོད་པ་ན་གཞན་དེ་ཉིད་ལ་རྣམ་པར་སྡང་བ་ཡིན་ནོ། །གལ་ཏེ་གཟུགས་ལ་སོགས་པ་ངེས་པར་བྱེད་པར་འགྱུར་བ་དེའི་ཚེ། ངེས་པ་མེད་པར་ཡང་མི་

འགྱུར། །གལ་ཏེ་གཟུགས་ལ་སོགས་པའི་རྒྱུ་མཚན་གྱིས་འདོད་ཆགས་འགྱུར་བ་མ་ཡིན་ཏེ། འདོད་ཆགས་ཅན་དག་གི་འགའ་ཞིག་གི་ཚེ་བུད་མེད་ཀྱི་ཡུལ་ངེས་པ་མེད་པ་ཅན་གྱི་འདོད་ཆགས་ཀྱང་སྤྱིར་འབྱུང་བར་མཐོང་ངོ་། །གང་གིས་བུད་མེད་འགའ་ཞིག་གི་གཟུགས་ལ་

སོགས་པ་ལ་ཀུན་དུ་རྟོག་པར་བྱེད་ཅིང་འདོད་ཆགས་ཀྱིས་གདུངས་པ་དེ་ནི་མ་བསམས་པར་ཕྲད་པ་གཟུགས་ངན་པ་ཅན་དང་ལྷན་ཅིག་སྤྱོད་པར་མི་འགྱུར་བ་ཞིག་ན་འགྱུར་བ་ཡང་མ་ཡིན་པ་དེའི་ཕྱིར་རྒྱུ་ཐམས་ཅད་འཁྲུལ་པར་འགྱུར་རོ། །གལ་ཏེ་ཁུ་བའི་གཟུགས་ཙམ་གྱིས་

ལྷན་ཅིག་བྱེད་པས་ཀྱང་འདོད་ཆགས་འགྱུར་བ་དེའི་ཚེ་ཡོན་ཏན་མི་འཛིན་ཅན་གྱིའང་འགྱུར། སྐྱེས་བུ་གཙང་མའི་འདུ་ཤེས་དང་བྲལ་བ་སོ་སོར་བཏགས་པ་ལ་སོགས་པའི་སྟོབས་དང་ལྡན་དུ་ཟིན་ཀྱང་བུད་མེད་གཟུགས་དང་ལྡན་པ་ལ་ཡང་འདོད་ཆགས་སྐྱེ་བར་འགྱུར་རོ། །འདི་

ལྟར་གཟུགས་དང་ཁུ་བ་ཡོད་དུ་ཟིན་ཀྱང་གཙང་མ་ལ་སོགས་པའི་འདུ་ཤེས་དང་བྲལ་བ་མི་སྐྱེ་བ་དེ་ལྟར་ན། འདོད་ཆགས་ནི་དེ་ཙམ་གྱི་རྒྱུ་ཅན་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་ཡོད་ན་ཡང་མི་འགྱུར་བ་དེ་ནི་དེ་ཙམ་གྱི་རྒྱུ་ཅན་དུ་འགྱུར་བ་མ་ཡིན་ཏེ། དཔེར་ན་ས་ཡོད་དུ་ཟིན་ཀྱང་

མྱུ་གུ་མེད་པ་ལྟ་བུའོ། །འདོད་ཆགས་ལ་སོགས་པ་ཡང་གཟུགས་དང་ཁུ་བ་ལ་སོགས་པ་དག་ཡོད་དུ་ཟིན་ཀྱང་། མི་གཙང་བ་ལ་སོགས་པའི་འདུ་ཤེས་ཅན་མི་འགྱུར་རོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གལ་ཏེ་ཡོན་ཏན་འཛིན་དེ་ཡང་། །ཡན་ལག་

Vol. 175 · folio 67b

ཡིན་ན། གལ་ཏེ་དེ་ལྟར་ནི་འགྱུར་མོད་ཀྱི། ཡོན་ཏན་འཛིན་པ་ཡང་འདོད་ཆགས་སྐྱེ་བའི་ལྷན་ཅིག་བྱེད་པའི་རྒྱུར་འདོད་པ་ཉིད་ཡིན་པ་དེ་ལྟར་ན་གྲུབ་པ་ལ་སྒྲུབ་པ་ཉིད་ཡིན་ནོ་ཞེ་ན། དེའི་ཚེ་སྐྱེས་བུ་ཐམས་ཅད་དག །ཡོན་ཏན་འཛིན་པ་ཅན་འགྱུར་རོ། །ཅིའི་ཕྱིར་ཞེ་ན། རྒྱུ་ལ་ཁྱད་

པར་མེད་ཕྱིར་རོ། །གཟུགས་སམ་ཁུ་བའམ་གཞན་འདོད་ཆགས་ཀྱི་རྒྱུ་ཉིད་དུ་བསྟན་པ་ཞེས་བྱ་བ་གང་ཡིན་པ་དེ་ཉིད་ཡོན་ཏན་འཛིན་པའི་རྒྱུ་ཉིད་དུ་ཁྱད་པར་མེད་པ་ཡིན་པ་དེ་ལྟར་ན་ཐམས་ཅད་ཡོན་ཏན་འཛིན་པ་ཅན་ཉིད་དུ་འགྱུར་ན། འགྱུར་བ་ཡང་མ་ཡིན་པ་དེའི་ཕྱིར་ཇི་སྐད་དུ་བཤད་

པའི་འདོད་ཆགས་ལ་སོགས་པ་འབྱུང་བ་ཅན་ནམ། ཡོན་ཏན་འཛིན་པ་མ་ཡིན་ནོ། །ཅི་སྟེ་མི་གཙང་བ་ལ་སོགས་པའི་འདུ་ཤེས་སྐལ་བ་མི་མཉམ་པའི་གནས་སྐབས་ཡིན་པའི་ཕྱིར་ཐམས་ཅད་ཡོན་ཏན་འཛིན་པ་ཅན་མ་ཡིན་ནོ་ཞེས་འདོད་ན། འོ་ན་དེའི་ཚེ་སྐལ་བ་མཉམ་པའི་

ཡང་བདག་དང་བདག་གིར་ལྟ་བའི་རྗེས་སུ་འབྲེལ་པའི་སེམས་ལ་ལྟོས་ནས་འདོད་ཆགས་ལ་སོགས་པ་འགྱུར་བ་དེ་ལྟར་ན་རིགས་མཐུན་སྔོན་དུ་སོང་བའི་འཇུག་པ་ཅན་ཉིད་ཡིན་པའི་ཕྱིར་མི་འདོད་པ་ཅུང་ཟད་ཀྱང་མེད་དོ། །གལ་ཏེ་ཉེས་པའི་རང་བཞིན་ལས་འདོད་ཆགས་ལ་སོགས་

པ་སྐྱེ་བ་ཡིན་པ་དེའི་ཚེ། གནས་སྐབས་ཅན་གང་ཆགས་ཅན་འདོད། །བད་ཀན་གྱི་རང་བཞིན་ཅན་གྱི་སྐྱེས་བུ་དེ་འདྲ་སྟེ། ཁྲོ་བ་ལས་བཟློག་པ་འདོད་ཆགས་ཀྱི་རང་བཞིན་ཉིད་ལ་གནས་པ་ཞེ་སྡང་ཅན་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འདོད་ཆགས་དང་ཞེ་སྡང་དང་། དེའི་

ངོ་བོ་མཚུངས་པ་མེད་ཕྱིར་རོ། །འགལ་བའི་ཕྱིར་རོ། །གང་གི་ཕྱིར་འགལ་བ་དེའི་ཕྱིར་ཞེ་སྡང་དང་། འགལ་བ་དང་། འདོད་ཆགས་ཀྱི་རང་བཞིན་བད་ཀན་གྱི་མིང་ཅན་ཡང་ཡིན་པ་དེ་ལ་གནས་པའི་ཞེ་སྡང་མི་འགྱུར་རོ། །སྦྱོར་བ་ནི་གང་ཞིག་གང་སྐྱེ་བ་དང་འགལ་བའི་རང་

བཞིན་ལ་གནས་པ་དེ་ནི་དེའི་སྐྱེད་པར་བྱེད་པར་མི་འགྱུར་ཏེ། དཔེར་ན་མེ་གྲང་བའི་སྐྱེད་པར་བྱེད་པ་མ་ཡིན་པ་ལྟ་བུའོ། །སྐྱེས་བུ་འདི་ཡང་ཞེ་སྡང་དང་འགལ་བ་འདོད་ཆགས་ཀྱི་རང་བཞིན་ལ་གནས་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་བྱེད་པ་འགལ་བ་དམིགས་པའོ། །

Vol. 175 · folio 68a

དེ་ལ་གནས་པའི་ཞེ་སྡང་འགྱུར་བ་དེ་ནི། འདི་ལ་ངེས་པ་མཐོང་མི་འགྱུར་ཏེ། རྟོག་པར་མི་འགྱུར་རོ། །གང་ཞིག་གི་ཚེ་དེའི་རང་བཞིན་ལ་གནས་པའི་འདོད་ཆགས་དང་ཞེ་སྡང་དང་། ཡང་ཕྲག་དོག་དང་སེར་སྣ་ལ་སོགས་པ་ཡིན་ནོ། །རང་བཞིན་

གཉིས་ཀ་འདུས་པ་ལས་གཉི་ག་འཇུག་པར་རྟོག་པ་ཡང་འཇུག་པ་མཚུངས་པར་ཐལ་བས་གསལ་བ་ཡིན་ནོ། །གལ་ཏེ་ཇི་ལྟར་མཁྲིས་པའི་རང་བཞིན་ལས་བྱུང་བ་ཅན་གྱི་རྡུལ་ལ་སོགས་པའི་ཆོས་འགའ་ཞིག་གི་ཚེ་འཇུག་པ་དང་ལྡོག་པ་དེ་དག་དང་འདྲ་བར་འདི་ལ་

ཡང་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ་མཚུངས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ཚ་བ་དང་གྲང་བ་ལ་སོགས་པའི་རྒྱུ་མཚན་གཞན་འགའ་ཞིག་ལ་ལྟོས་ནས། རྡུལ་ལ་སོགས་པ་དག་གི་ཡོད་པ་དང་མེད་པ་ནི་རྒྱུ་མཚན་ཇི་ལྟ་བ་བཞིན་དུ་ཡིན་པ་དེ་ལྟར་ན། དེ་དག་གི་འཇུག་པ་དང་ལྡོག་པར་

འགྱུར་བ་ནི་རིགས་པ་ཡིན་ནོ། །འདིར་ཡང་ཡིད་ལས་བྱུང་བ་དག་གི་རྒྱུ་ཇི་སྐད་དུ་བསྟན་པ་མེད་པར་གཞན་ཡོད་པ་མ་ཡིན་པ་དེ་ལྟར་ན་གགས་བྱེད་པ་གང་ཡིན། ཅི་སྟེ་འདི་ལ་ཡང་ཀུན་དུ་རྟོག་པ་ཡང་ཡན་ལག་ཉིད་དུ་རྟོག་པར་འགྱུར་བ་དེའི་ཚེ་ཀུན་དུ་རྟོག་པ་ཡང་བདག་དང་

བདག་གི་དང་། གཙང་བ་དང་བདེ་བ་ལ་སོགས་པའི་མིང་ཅན་གྱི་མཚན་ཉིད་ཀྱི་ས་བོན་ཡིན་ནོ། །ཉེས་པ་ཙམ་ལས་འཇུག་པ་ཅན་འདོད་ཆགས་ལ་སོགས་པ་མ་ཡིན་པ་དེ་ལྟར་ན་དེ་དག་གི་ཆོས་མ་ཡིན་ནོ། །གལ་ཏེ་གང་ཡང་དེ་སྐད་དུ་སྨྲ་བ་དེའི་ཡང་ཉེས་པ་འདིར་ཐལ་བར་མི་འགྱུར་

རམ་ཞེ་ན། དེ་ནི་མ་ཡིན་ཏེ། མཚུངས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །གང་གིས་འདོད་ཆགས་ལ་སོགས་པ་དག་ནི་ཉེས་པའི་རྒྱུ་ཅན་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། རིགས་མཐུན་བག་ཆགས་ཁྱད་པར་ལ། །རགས་ལས་པས་ནི་འཇུག་པ་ཅན། །འདོད་ཆགས་ལ་སོགས་པ་གང་དག་

ལ་བདག་དང་བདག་གིར་ལྟ་བ་རིགས་མཐུན་པ་དང་རྒྱུའི་ཁྱད་པར་དེ་ལ་ལྟོས་ནས་འཇུག་ཅིང་སྐྱེ་བ་ཡོད་པ་དེ་དག་ནི་རྣམ་པར་ཤེས་པ་སྣ་ཚོགས་པ་གཞན་དང་གཞན་བག་ཆགས་རབ་ཏུ་སད་པར་བྱེད་པ་དག་གིས་རབ་ཏུ་སད་པར་འགྱུར་རོ། །གང་གི་ཚེ་རྐྱེན་ཐག་ཉེ་བ་དེའི་ཚེ་འགྱུར་བ་

Vol. 175 · folio 68b

གང་ཡིན་དེའི་དེ་སྐད་དུ་སྨྲ་བའི་ཇི་སྐད་དུ་བཤད་པའི་སྐྱོན་དེ་དག་དུ་ཐལ་བ་མེད་དོ། །འདོད་ཆགས་ལ་སོགས་པ་རླུང་ལ་སོགས་པའི་ཆོས་ཡིན་པ་བསལ་མ་ཐག་པ། དེས་ནི་འབྱུང་བའི་ཆོས་ཉིད་བཀག་པར་རིག་པར་བྱ་སྟེ། རླུང་ལ་སོགས་པའི་ཉེས་པ་རྣམས་ནི་འབྱུང་བའི་རང་

བཞིན་ཉིད་ཡིན་པའི་ཕྱིར་རོ། །དཔེར་ན་རླུང་དང་མེ་དང་། ཆུ་དག་གི་ཆོས་འདོད་ཆགས་ལ་སོགས་པ་མ་ཡིན་པ་ལྟ་བུའོ། །རྟེན་ཡང་བཀག་པ་ཉིད་ཕྱིར་རོ། །ཡོད་མེད་རྟེན་ཡང་མིན་ཕྱིར་རོ། །ཞེས་བྱ་བ་ལ་སོགས་པས་སེམས་ཀྱི་རྟེན་བསལ་ཟིན་པའི་ཕྱིར། འདོད་ཆགས་

ལ་སོགས་པའི་འབྱུང་བའི་རྟེན་ཉིད་ཡིན་པ་བསལ་བ་ཉིད་ཡིན་པར་ཤེས་པར་བྱ་སྟེ། ཡང་མི་བརྗོད་དོ། །དེ་དག་ཀྱང་འདི་ལྟར་གཟུགས་ལ་སོགས་པ་ལས་ཐ་དད་པའི་འབྱུང་བ་དངོས་པོར་གྱུར་པ་ཁས་བླངས་ནས་རྟེན་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་གཟུགས་

དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དག་ལས་འབྱུང་བའི་རྫས་གཞན་ནམ་གཞན་མ་ཡིན་པ་ཅུང་ཟད་ཀྱང་མེད་པ་དེ་ལྟར་ན། གང་ལས་དེ་རྟེན་ཡིན། འབྱུང་བ་ཙམ་ཡང་གཟུགས་ལ་སོགས་པའི་སྐྱེ་མཆེད་ལྔའི་རྗེས་སུ་འཇུག་པའི་རིགས་པ་མ་ཡིན་ཏེ། དེ་ཁོ་ན་ཉིད་མང་པོ་ཉིད་དུ་

ཐལ་བའི་ཕྱིར་རོ། །དེ་ལྟར་ཁས་ལེན་ན་ཡང་རྣམ་པར་ཤེས་པ་དེ་ཙམ་དག་རྟེན་པར་འགྱུར་རོ། །འདི་ལྟར་མང་པོ་དག་ཤེས་པ་དག་གཅིག་གི་བདག་ཉིད་ཀྱི་ཆོས་ཡིན་ནོ་ཞེས་བྱ་བའི་རྟོག་པ་ཡང་འཐད་པ་མ་ཡིན་ནོ། །དེ་ལྟར་ན་སེམས་དེ་ཉིད་དོན་གཞན་ནམ་དོན་གཞན་མ་

ཡིན་པར་འགྱུར་གྲང་ན། དོན་གཞན་ཉིད་མ་ཡིན་ན་ནི། ཇི་ལྟར་སེམས་གཟུགས་གཅིག་གི་བདག་ཉིད་དུ་གྱུར་པ་ཡིན་པ་དེ་ཉིད་སྒྲ་ལ་སོགས་པའི་ཡང་ཡིན་པ་དེ་ལྟར་ན། ཆོས་གཅིག་ལས་ཐ་དད་པ་མེད་པའི་ཕྱིར་གཟུགས་ལ་སོགས་པ་གཅིག་ཉིད་དུ་འགྱུར་ན་དེ་ཡང་

ཡོད་པ་མ་ཡིན་ཏེ། དབང་པོ་གཅིག་གིས་གཟུགས་ལ་སོགས་པའི་སྐྱོན་ཡོད་པའི་ཕྱིར་རོ། །དོན་གཞན་ཉིད་ཡིན་ན་ཡང་གཟུགས་ལ་སོགས་པ་ཇི་སྙེད་པ་དེའི་འབྲས་བུའི་རྣམ་པར་ཤེས་པ་ཡང་དེ་སྙེད་ཡིན་པ་དེ་ལྟར་ན། ནན་གྱིས་དེ་ཁོ་ན་ཉིད་མང་པོ་ཉིད་དུ་འགྱུར་ཏེ། ཞར་

Vol. 175 · folio 69a

ལ་འོངས་པས་ཆོག་གོ། །གལ་ཏེ་འབྱུང་བ་དག་ལ་བརྟེན་ནས་འབྱུང་བ་ལས་གྱུར་པའི་གཟུགས་གནས་པ་ཡིན་ནོ་ཞེས་འདོད་པའི་ཕྱིར་རྟེན་བཀག་ན་ཇི་ལྟར་ཁས་བླངས་པ་ལ་གནོད་པ་མ་ཡིན་ཞེ་ན། དེ་ནི་ཁས་བླངས་པ་ལ་གནོད་པ་མ་ཡིན་ཏེ། འདི་ལྟར་ཁོ་

བོ་ཅག་ནི། དཀར་པོ་ལ་སོགས་ས་སོགས་ལ། །བརྟེན་པ་དག་ནི་མ་ཡིན་ནོ། །འབྱུང་བ་རེག་བྱའི་བདག་ཉིད་དག་ལས་གཟུགས་ལ་སོགས་པ་སྐྱེ་བར་འདོད་པ་གང་ཡིན་པ་དེ་ནི་གདོན་མི་ཟ་བར་རྒྱུ་དང་འབྲས་བུ་དུས་ཐ་དད་པ་དེ་ལྟར་ན་འབྱུང་བ་བཞིར་གྱུར་པ་ལ་བརྟེན་ནས་གཟུགས་

ལ་སོགས་པ་རྟེན་ལ་གནས་པ་མ་ཡིན་གྱི། འོན་ཀྱང་དེ་དག་ལས་འགྱུར་བ་དེ་ལྟར་ནི་སྐྱོན་ཡོད་པ་མ་ཡིན་ནོ། །འོ་ན་ཇི་ལྟར་ན་འབྱུང་བ་ཆེན་པོ་རྒྱུར་བྱས་པ་ཞེས་ཐ་སྙད་དུ་བྱེད་ཅེ་ན་དེ་རྒྱུར་བྱས་པའི་སྒྲ་དག་ཀྱང་། རྒྱུའི་དོན་ཡིན་ཞེས་བྱ་བ་སྨོས་ཏེ། རྟེན་གྱི་དོན་མ་ཡིན་ནོ། །འབྱུང་བ་བཞི་པོ་

རང་རྟེན་དང་། །གཟུགས་སོགས་ཐ་དད་མེད་པར་ནི། །གནས་ཅན་ཕྱིར་རོ། །རྒྱུའི་ཕྱིར་གཟུགས་ལ་སོགས་པ་རྟེན་པའི་འབྱུང་བ་རྣམས་རྟེན་ཡིན་པར་འདོད་པར་འགྱུར་རོ། །དེ་བཞིན་རྟེན་ཉིད་ཀྱང་ཡིན་པར་རྟོག་པ་ལ་གལ་ཏེ། འབྱུང་བ་དང་རྒྱུར་བྱས་པའི་གཟུགས་དེ་དག་གི་རང་

བཞིན་གང་ཡིན་པ་དེ་དག་ནི་རྟེན་དང་བརྟེན་པའི་ངོ་བོར་ངེས་པའི་རང་བཞིན་འདི་ཡིན་པ་དེའི་ཚེ། དེ་དག་གི་རང་བཞིན་ངེས་པ་མེད་ན་རྟེན་དང་བརྟེན་པའི་ངོ་བོ་མེད་པས་རྒྱུར་བྱས་པའི་གཟུགས་ཉིད་ཀྱི་སེམས་མི་རུང་བའི་ཕྱིར་རོ། །དེ་ལ་ཡང་དེ་ལྟར་རྟོག་ན་ནི་འདོད་ཆགས་ལ་སོགས་པ་དག་གི་

ལུས་རྟེན་མ་ཡིན་ནོ། །དེ་ལྟར་ན་གལ་ཏེ་བརྟེན་པར་འགྱུར་བ་དེའི་ཚེ་བརྟན་པའི་ངོ་བོར་ལུས་ཀྱི་བདག་ཉིད་ཅན་གྱི་རྟེན་ཡོད་ན་དེ་དག་ཀྱང་དེ་བཞིན་དུ་ཐ་དད་པ་མེད་པར་འཇུག་པར་གྱུར་ཏེ། དེ་དག་ནི་རྟེན་དང་བརྟེན་པའི་ངོ་བོར་ངེས་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །རྣམ་པ་གཞན་དུ་

འགྱུར་བ་ན། །དེའི་རྟེན་ཉིད་ཀྱི་རང་བཞིན་མེད་པས་འཇིག་པར་ཐལ་བའི་ཕྱིར་རོ། །འཇིག་པ་མེད་ན་ནི་སྔར་ཡང་འདིའི་རྟེན་ཉིད་མ་ཡིན་པར་ཐལ་བའི་ཕྱིར་རོ། །དེ་ལྟར་ཡང་མ་ཡིན་ཏེ། འགའ་ཞིག་འགའ་ཞིག་གི་ཚེ་སྐྱེ་བ་དེ་ལྟར་ན་བརྟེན་པ་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་དང་ལྷན་

Vol. 175 · folio 69b

ཅིག་ཐ་དད་པར་གནས་པ་དེ་ནི། དེ་ལ་རྟེན་དང་བརྟེན་པའི་ངོ་བོར་སོ་སོར་ངེས་པ་མ་ཡིན་ཏེ། དཔེར་ན་བ་ལང་དང་རྟ་ལྟ་བུའོ། །འདོད་ཆགས་ལ་སོགས་པ་ཡང་འབྱུང་བ་རྣམས་དང་ཐ་དད་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་

ཏེ་མྱོས་སོགས་ནུས་པ་བཞིན། །ཐ་དད་པ་ཡིན། ཆང་ཚར་གྱུར་པ་ལ་རྫས་ལྡོག་པ་མེད་དུ་ཟིན་ཀྱང་མྱོས་པའི་ནུས་པ་ལྡོག་པར་འགྱུར་རོ། །དེ་ལྟར་ན་ནུས་པ་ཆང་ལ་བརྟེན་པ་ཡིན་པའི་ཕྱིར་མ་ངེས་པ་ཡིན་ནོ་ཞེ་ན། མ་ངེས་པ་མ་ཡིན་ཏེ། འདི་ལྟར་དངོས་ལས་ནུས་པ་དོན་གཞན་དག་མ་ཡིན།

ཆང་ལ་མྱོས་པའི་འབྲས་བུ་སྐྱེད་པར་བྱེད་པའི་ནུས་པ་ཉིད་ཡོད་པ་གཞན་ཉིད་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། ཆང་ཉིད་ཡིན་ཏེ་དེའི་འབྲས་བུ་བྱེད་པ་ནུས་པ་ཉིད་བསྟན་པའི་ཕྱིར་དེ་སྐད་དུ་བརྗོད་པ་ཡིན་ནོ། །གང་ཞིག་གང་ཁོ་ན་ཡིན་པ་དེ་ལ་དེ་བརྟེན་པར་འགྱུར་བ་མ་ཡིན་ཏེ། དོན་དམ་པའི་རྟེན་དང་བརྟེན་

པའི་དངོས་པོ་ནི་གཞི་ཐ་དད་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །སྦྱོར་བ་ནི་གང་ཞིག་གང་ཁོ་ན་ཡིན་པ་དེ་ནི་དེ་དང་ལྷན་ཅིག་དོན་དམ་པར་རྟེན་དང་རྟེན་པའི་དངོས་པོས་མ་ཡིན་ཏེ། དཔེར་ན་རང་གི་བདག་ཉིད་དང་མྱོས་པའི་ནུས་པ་དེ་ཉིད་ལྟ་བུའོ། །མྱོས་པའི་ནུས་པ་ཡང་ཆང་ཉིད་ཡིན་ནོ་ཞེས་

བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །དེ་ལྟར་ནི་འགྱུར་མོད་ཀྱི་ཆང་གནས་པ་ཉིད་ནི་མྱོས་པའི་ནུས་པ་ལྡོག་པར་འགྱུར་ཏེ། གང་གནས་པ་ན་ལྡོག་པ་གང་ཡིན་པ་དེ་ནི་དེ་ཉིད་ཡིན་པར་མི་འགྱུར་བའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཡིན་ནོ། །སྦྱོར་བ་ཡང་གང་ཞིག་གང་

གནས་པ་ན་ལྡོག་པ་དེ་ནི་དེ་ཉིད་མ་ཡིན་ཏེ། དཔེར་ན་བ་ལང་གནས་པ་ན་རྟ་ལྡོག་པ་ལྟ་བུའོ། །ཆང་གནས་པ་ན་ཡང་མྱོས་པའི་ནུས་པ་ལྡོག་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །དངོས་འཇིག་འགྱུར་གྱི་ཆང་ཞེས་བྱ་བ་མྱོས་པའི་འབྲས་བུའི་རྒྱུའི་བདག་ཉིད་

ཚ་བའི་གནས་སྐབས་ན་མེད་པར་འགྱུར་གྱི་རྟེན་གནས་པ་ཡང་མ་ཡིན་ནོ། །ཅི་འདྲ་བ་ཞིག་ཅེ་ན་ཚང་ན་སྟེ་མྱོས་པའི་ནུས་པ་ཡོད་པར་རུང་བ་ན། བརྟེན་པ་དེ་འཇིག་པར་མི་འགྱུར་རོ། །དེ་དག་ནི་རྟེན་དང་བརྟེན་པའི་དངོས་པོ་ངེས་པའི་བདག་ཉིད་ཅན་གྱི་ངོ་བོ་ཡིན་པའི་ཕྱིར་རོ། །གཏན་ཚིགས་

Vol. 175 · folio 70a

མ་གྲུབ་པ་ཡིན་ནོ། །དེ་བས་ན་གལ་ཏེ་ནུས་པ་ལྡོག་པ་ཡིན་ཞེས་འདོད་པ་དེའི་ཚེ་ཆང་ལས་ནུས་པ་དེ་གཞན་མ་ཡིན་པ་དེ་ལྟར་ན། ཆང་དེ་ཉིད་ལྡོག་པ་ཡིན་ནོ། །ཅི་སྟེ་ཡང་རྟེན་དུ་གྱུར་པ་ཆང་གནས་པ་ཉིད་ཡིན་ལ་ནུས་པ་ལྡོག་པ་དེ་ནི་རིགས་པ་མ་ཡིན་ནོ། །མྱོས་པའི་

ནུས་པ་དང་འབྲེལ་པར་རུང་བའི་ཆང་གནས་པ་ན་ནུས་པ་འགའ་ཞིག་ཀྱང་ལྡོག་པ་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་འབྲེལ་པར་རུང་བ་མ་ཚང་བ་མེད་པའི་ངོ་བོར་གནས་ཤིང་། དེ་ལྟ་བུར་གྱུར་པ་དེ་གནས་པ་ན་དེ་ལ་བརྟེན་པ་ལྡོག་པ་མ་ཡིན་ཏེ། དཔེར་ན་སྔ་མའི་གནས་སྐབས་ལ་

མྱོས་པའི་ནུས་པ་དེ་ཉིད་ལྟ་བུའོ། །ཕྱིས་ཀྱི་ཆང་ཡང་མྱོས་པའི་ནུས་པ་དང་ལྡན་པར་རུང་བ་མ་ཚང་བ་མེད་པར་གནས་པའི་ངང་ཚུལ་ཅན་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གཏན་ཚིགས་མ་གྲུབ་པ་འདོད་པ་ཉིད་ཡིན་ཏེ། འདི་ལྟར་གང་ཞིག་གང་ཡོད་ན་ལྡོག་པ་དེ་ནི་དེ་

ཉིད་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནུས་པའི་ཁྱད་པར་སྒྲུབ་པར་བྱེད་པར་མི་འགྱུར་རོ། །གང་ཞིག་ཁོ་ན་ཡིན་པ་དེ་ནི་དེ་དང་ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་ལས་གཏན་ཚིགས་གྲུབ་པ་ཉིད་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་དེ་མཚུངས་ཤེ་ན། ཇི་ལྟར་ཆང་ལས་མྱོས་པའི་ནུས་པ་

དོན་གཞན་མ་ཡིན་པ་དེ་བཞིན་དུ་འབྱུང་བ་དག་ལས་ཀྱང་འདོད་ཆགས་ལ་སོགས་པ་སེམས་ལས་འབྱུང་བ་ཡང་དོན་གཞན་མ་ཡིན་ནོ་ཞེ་ན་དེ་ནི་དེ་ལྟར་མིན་ཏེ། འབྱུང་སེམས་ཐ་དད་ཉིད་ཕྱིར་རོ། །འབྱུང་བ་དག་ལས་སེམས་མཚན་ཉིད་ཐ་དད་པ་ཁོ་ན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྣང་བ་ཐ་

དད་ཅན་རྟོགས་ཕྱིར། །ལུས་དང་སེམས་དག་ནི་རྣམ་པ་ཐ་དད་པ་ཅན་གྱི་ཤེས་པའི་ཡུལ་ཉིད་ཡིན་ནོ། །དེ་ལྟར་ན་གང་གི་ཚེ་ལུས་ཡུལ་དུ་མི་བྱེད་པ་ན་ཡུལ་གཞན་འཛིན་པ་ཅན་གྱི་རང་གི་རྣམ་པར་ཤེས་པ་འགའ་ཞིག་ཡང་དག་པར་རིག་པར་བྱེད་པ་དེའི་ཚེ། རང་གི་ཡུལ་ཁ་དོག་དང་དབྱིབས་

ལ་སོགས་པའི་ཁྱད་པར་གྱི་རྣམ་པར་མི་སྣང་ངོ་། །ཡང་གང་གི་ཚེ་ལུས་ཡུལ་དུ་བྱེད་པ་དེའི་ཚེ་ལུས་ཟླུམ་པ་དང་རིང་བའི་རྣམ་པར་སྣང་སྟེ། དེའི་ཚེ་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པའི་རྣམ་པ་ཐ་དད་པ་ཉིད་ཉམས་སུ་མྱོང་བ་ཡིན་ནོ། །ལྷན་ཅིག་དམིགས་པ་ཡང་ཡུལ་དང་ཡུལ་ཅན་ཉིད་དུ་

Vol. 175 · folio 70b

འགྱུར་ན་དེ་ནི་གཞན་གྱི་ལུས་ལ་ཡང་ཡོད་པ་ཡིན་ན། དེ་ཡང་དམིགས་པར་བྱེད་པའི་སེམས་ཀྱི་རྟེན་མ་ཡིན་ནོ། །དེ་བས་ན་རང་གི་ལུས་དང་རྣམ་པར་ཤེས་པ་དག་ནི་སྣང་བ་ཐ་དད་པ་ཅན་གྱི་རྣམ་པར་ཤེས་པས་གཟུང་བར་བྱ་བ་ཉིད་ཡིན་པའི་ཕྱིར་ཐ་དད་པ་ཉིད་ཡིན་ནོ། །སྦྱོར་བ་ནི་གང་དང་གང་

སྣང་བ་ཐ་དད་པ་ཅན་གྱི་རྣམ་པར་ཤེས་པས་བཟུང་བ་དེ་དག་ནི་དངོས་སུ་ཐ་དད་པ་ཡིན་ཏེ། དཔེར་ན་མེའི་གཟུགས་དང་རླུང་གི་རེག་བྱ་ལྟ་བུའོ། །ལུས་དང་སེམས་དང་འདོད་ཆགས་ལ་སོགས་པའི་ཚོགས་ཀྱང་སྣང་བ་ཐ་དད་པ་ཅན་གྱི་རྣམ་པར་ཤེས་པས་གཟུང་བར་བྱ་བ་དག་ཡིན་ནོ་ཞེས་བྱ་བ་ནི་

རང་བཞིན་གྱི་གཏན་ཚིགས་སོ། །ཡང་རྣམ་པ་གཞན་དུ་ན་འདིས་ཡུལ་སྣང་བར་བྱེད་ཅིང་གསལ་བར་བྱེད་པས་ན་སྣང་བ་སྟེ་དབང་པོའོ། །ཐ་དད་པ་ཡང་དེ་ཡིན་ལ་སྣང་བ་ཡང་ཡིན་པས་ན་སྣང་བ་ཐ་དད་པའོ། །དབང་པོ་ཐ་དད་པས་རྟོགས་པའི་ཕྱིར་ཏེ། དབང་པོ་ཐ་དད་པས་གཟུང་བར་བྱ་བ་

ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ལུས་ཀྱང་དབང་པོ་གཞན་གྱིས་ཡུལ་དུ་བྱས་པ་ཡིན་ལ། རྣམ་པར་ཤེས་པའང་གཞན་ཉིད་ཀྱིས་ཡིན་པ་དེ་ལྟར་ན་ཐ་དད་པ་ཉིད་ཡིན་ནོ། །སྦྱོར་བ་ནི་གང་དང་གང་གིས་དབང་པོ་ཐ་དད་པས་གཟུང་བར་བྱ་བ་ཡིན་པ་དེ་དང་དེ་ནི་དངོས་སུ་བདག་ཉིད་ཐ་

དད་པ་ཡིན་ཏེ། དཔེར་ན་མེའི་གཟུགས་དང་རླུང་གི་རེག་བྱ་ལྟ་བུའོ། །ལུས་དང་སེམས་དང་འདོད་ཆགས་ལ་སོགས་པའི་ཚོགས་ཀྱང་དབང་པོ་ཐ་དད་པས་གཟུང་བར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །མཐོང་བ་དང་རེག་པ་དག་གིས་གཟུང་བར་བྱ་བའི་རྫས་གཅིག་མེད་

པའི་ཕྱིར་གཏན་ཚིགས་སྔ་མ་མ་ངེས་པ་ཉིད་མ་ཡིན་ནོ། །གལ་ཏེ་ཡང་དབང་པོ་དྲུག་པ་མི་འདོད་པ་དེ་ལྟར་ན་ཡང་གདོན་མི་ཟ་བར་རྣམ་པར་ཤེས་པའི་སྒྲུབ་པར་བྱེད་པ་འགའ་ཞིག་བརྗོད་པར་བྱའོ། །དེ་ཡང་ཤེས་པ་སྒྲུབ་པར་བྱེད་པ་ཐ་དད་པ་ཅན་ཉིད་ཡིན་པའི་ཕྱིར། གཏན་ཚིགས་ཀྱི་

དོན་དུ་འགྱུར་བ་ཡིན་ན་ཞེན་པས་ཅི་ཞིག་བྱ། གཉིས་པ་ཡང་མ་གྲུབ་པ་ཡིན་པར་བསམ་པར་བྱའོ། །ཡང་ན་སྣང་བ་ཐ་དད་ཅན་རྟོགས་ཕྱིར་ཞེས་བྱ་བ་ནི་སྐྱེས་བུ་གང་ལ་སྣང་བ་ཐ་དད་པ་དེས་རྟོགས་པའི་ཕྱིར་ཏེ། བདག་ཉིད་དང་གཞན་དག་གི་མངོན་སུམ་ཉིད་ཡིན་པའི་ཕྱིར་རོ་ཞེས་

Vol. 175 · folio 71a

བྱ་བའི་དོན་ཏོ། །འདི་སྐད་དུ་བསྟན་པར་འགྱུར་ཏེ། སེམས་ནི་བདག་ཉིད་ཀྱི་མངོན་སུམ་ཡིན་ཞིང་། ལུས་ནི་བདག་ཉིད་དང་སྐྱེས་བུའི་ཁྱད་པར་གཞན་གྱི་ཡང་མངོན་སུམ་ཡིན་ནོ། །གལ་ཏེ་ཡང་སེམས་ལུས་ལས་ཐ་དད་པར་མི་འགྱུར་བ་

དེའི་ཚེ། གཞན་གྱིས་གཞན་གྱི་ལུས་བཟུང་བ་ན་ལུས་བཞིན་དུ་དེ་དང་འབྲེལ་པ་ཅན་གྱི་སེམས་ཀྱང་བཟུང་བར་འགྱུར་བའམ། སེམས་བཞིན་དུ་ལུས་ཀྱང་མ་བཟུང་བར་འགྱུར་ཏེ། དེ་དག་གཅིག་ཉིད་ཡིན་པའི་ཕྱིར་རོ། །སེམས་ཉིད་ནི་གཟུང་བར་བྱ་བ་མ་ཡིན་པའི་རང་བཞིན་ཉིད་ཀྱང་མ་ཡིན་ཏེ།

བདག་ཉིད་ཀྱིས་དེ་འཛིན་པའི་ཕྱིར་རོ། །གཟུང་བར་བྱ་བ་ཉིད་ཡིན་དུ་ཟིན་ཀྱང་གཞན་ཉིད་ཀྱི་ཡིན་པའི་ཕྱིར་རྟོག་པ་མ་ཡིན་ནོ་ཞེས་འདོད་ན་གཞན་དང་འབྲེལ་པ་ཅན་གྱི་ལུས་ཀྱང་མ་བཟུང་བར་འགྱུར་རོ། །དེ་བས་ན་ཐ་དད་པ་ཉིད་ཡིན་ནོ། །སྦྱོར་བ་ནི་གང་ཞིག་བདག་ཉིད་ཀྱི་མངོན་སུམ་ཡིན་པ་དང་། གང་

ཞིག་བདག་དང་གཞན་གྱི་མངོན་སུམ་གང་ཡིན་པ་དེ་དག་ནི་ཕན་ཚུན་ཐ་དད་པ་ཡིན་ཏེ། དཔེར་ན་རང་ཉིད་ཀྱིས་མཁལ་མའི་ཟུག་གཟེར་ཉམས་སུ་མྱོང་བ་དང་། ཟློས་གར་མཁན་ལྟ་བུའོ། །བདག་ཉིད་ཀྱི་སེམས་ཀྱང་བདག་ཉིད་ཀྱི་མངོན་སུམ་ཡིན་ཞིང་། བདག་ཉིད་ཀྱི་ལུས་ཀྱང་བདག་

དང་གཞན་གྱི་མངོན་སུམ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གཞན་ཡང་གལ་ཏེ་སེམས་ལུས་ལ་བརྟེན་པར་འགྱུར་བ་དེའི་ཚེ། ལུས་འགྱུར་བའི་བར་དུ་ཡང་། ཇི་སྲིད་དུ་ཇི་ལྟར་མཐོང་བ་བཞིན་དུ་རྒྱུ་མཚུངས་པའི་གནས་སྐབས་གཅིག་ལ་ལུས་གནས་པ་གནས་སྐབས་

གཞན་ཡོངས་སུ་འཛིན་པ་མ་ཡིན་པ་དེ་སྲིད་དུ། ཡིད་ངོ་བོ་མཚུངས་འགྱུར་ཏེ། །དེ་ལ་བརྟེན་པའི་གཟུགས་སོགས་བཞིན་དུ། ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པ་གཅིག་ཉིད་དུ་འགྱུར་ཏེ། རྒྱུ་མཚུངས་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །འདི་ལྟར་སྐད་ཅིག་མར་ཡུལ་གཞན་པ་ཅན་ཉིད་དུ་འཇུག་པར་

འགྱུར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི་དེའི་ཚེ་རྟེན་ཐ་དད་པ་མེད་ན་ཡང་དོན་གཞན་དང་གཞན་ཡན་ལག་ཏུ་འགྱུར་རོ། །དེའི་ཕྱིར་ཤེས་པ་ནི་རྣམ་པ་གཅིག་པ་ཅན་ཉིད་མ་ཡིན་ནོ་ཞེ་ན། དེ་ཡང་ཡོད་པ་མ་ཡིན་ཏེ། འདི་ལྟར་རྣམ་པར་རྟོག་པ་ནི། དོན་གྱི་གཞན་དབང་ཅན་ཉིད་གང་རྣམ་པར་

Vol. 175 · folio 71b

རྟོག་པ་ཕྱི་རོལ་གྱི་དོན་ཐག་ཉེ་བ་ལ་ལྟོས་པ་མེད་པ་ཅན་ཉེ་བར་ལེན་པའི་དབང་གིས་འཇུག་པ་ཡིན་ནོ། །ཇི་ལྟར་ན་དེ་དག་གི་ལྷན་ཅིག་བྱེད་པ་དོན་ཡིན་ཞིང་དེ་སོ་སོར་ངེས་པ་ལ་སོགས་པ་ཡང་ཡིན་ཡང་གང་ཚེ་ལུས་ལ་ལྟོས་མེད་པར་ཤེས་པ་སྐྱེ་བ། ལ་ལའི་ཤེས་འགའ་བག་ཆགས་

དག །སད་པ་ཡི་ནི་རྒྱུར་འགྱུར་བ། །དེའི་ཚེ་རྒྱུ་དེས་ན་འགའ་ཞིག་ལས་འགའ་འགྱུར། ཤེས་པ་འགའ་ཞིག་ལས་དེ་མ་ཐག་ཏུ་ཤེས་པ་འགའ་ཞིག་འབྱུང་བར་འགྱུར་བ་དེ་ལྟར་ན་འགལ་བ་མེད་དོ། །བཤད་མ་ཐག་པའི་ཚུལ་གྱིས་སེམས་ཅན་ཐོག་མ་མེད་པ་ཅན་ཉིད་ཡིན་པ་འབའ་ཞིག་

ཏུ་མ་ཟད་ཀྱི། སྔ་ན་མེད་པའི་སེམས་ཅན་མི་སྐྱེ་བ་ཡང་གྲུབ་པ་ཡིན་ཏེ། དེ་ནི་རྣམ་ཤེས་མིན་པའང་རྣམ་ཤེས་ཀྱི། །ཉེར་ལེན་མིན་ཕྱིར་གྲུབ་པ་ཡིན། །སྦྱོར་བ་ནི་གང་ཞིག་གང་དང་མི་མཐུན་པས་མི་སྐྱེ་ཞིང་མཐུན་པས་ཀྱང་སྐྱེ་བ་དེ་ནི་དེའི་རྒྱུ་ཡིན་ཏེ། དཔེར་ན་ས་བོན་ལ་སོགས་པ་མཐུན་པ་དང་

མི་མཐུན་པའི་རྫས་སུ་བྱེད་པའི་མྱུ་གུ་ལ་སོགས་པ་ལྟ་བུའོ། །ཕྱིས་ཀྱི་ཤེས་པ་ཡང་སྔར་གྱི་ཤེས་པ་མཐུན་པ་དང་མི་མཐུན་པ་དག་གིས་སྐྱེ་བ་དང་མི་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །རྣམ་པར་ཤེས་པ་ཉིད་རྣམ་པར་ཤེས་པའི་ཉེ་བར་ལེན་པ་ཡིན་གྱི།

རྣམ་པར་ཤེས་པ་མ་ཡིན་པའི་མ་ཡིན་ཞིང་། རྣམ་པར་ཤེས་པ་མ་ཡིན་པའི་ངོ་བོ་ལུས་ལ་སོགས་པ་ཉེ་བར་ལེན་པ་མ་ཡིན་ནོ། །རྣམ་པར་ཤེས་པ་མ་ཡིན་པ་ནི་རྣམ་པར་ཤེས་པའི་ཉེ་བར་ལེན་པའི་ངོ་བོར་མི་འགྱུར་བའི་ཕྱིར། སེམས་ཅན་ཐོག་མ་མེད་པ་ཡིན་པ་དེ་ལྟར་ན་སྔ་ན་མེད་

པའི་སེམས་ཅན་རབ་ཏུ་སྐྱེ་བ་མ་ཡིན་ནོ། །འང་ཞེས་བྱ་བའི་སྒྲས་ནི་ལུས་ལ་སོགས་པའི་རྒྱུ་ཅན་ཉིད་ཡིན་ན། འདོད་ཆགས་ལ་སོགས་པ་ཅིག་ཅར་ཐལ་བའི་ཕྱིར་ཡང་སེམས་ཅན་ཐོག་མ་མེད་པ་ཉིད་དུ་འགྲུབ་པ་ཡིན་ནོ། །གལ་ཏེ་ཡང་སེམས་མངོན་པར་གསལ་བ་ཅན་མ་ཡིན་

པའི་འབྱུང་བའམ། རྩྭ་ལ་སོགས་པ་གླང་པོ་ཆེའི་བདག་ཉིད་དུ་མ་གྱུར་པ་དེ་ལྟར་ན་ཡང་། གལ་ཏེ་དངོས་པོ་ཐམས་ཅད་ནི་རྣམ་པར་ཤེས་པའི་ནུས་པ་དང་ལྡན་པ་ཡོད་པ་ཡིན་ནོ། །རྣམ་པར་ཤེས་ནུས་ལྡན་ཕྱིར་ཏེ། །རྒྱུའི་ཕྱིར་རྣམ་པར་ཤེས་པ་མ་ཡིན་པ་ལས་རྣམ་པར་ཤེས་པ་མི་

Vol. 175 · folio 72a

འབྱུང་བ་ཞེས་བཤད་པ་གང་ཡིན་པ་དེ་འདོད་པ་ཉིད་ཡིན་ནོ་ཞེ་ན། དེ་ནི་གྲུབ་པ་ལ་སྒྲུབ་པ་མ་ཡིན་ནོ། །དེ་ལྟར་ན་སེམས་མངོན་པར་གསལ་བ་མ་ཡིན་པ་ཅན་གྱི་འབྱུང་བ་རྣམས་ལ། ནུས་པའི་ངོ་བོར་གནས་པར་འདོད་པའི་སེམས་གང་ཡིན་པ་དེ་ཅི་མངོན་པར་གསལ་བའི་

གནས་སྐབས་ཀྱི་སེམས་གང་ཡིན་པ་དེ་དེ་ཉིད་ཡིན་ནམ་འོན་ཏེ་གཞན་ཉིད་ཡིན། རྩྭ་མཆོག་གི་རྩེ་མོ་ལ་གླང་པོ་ཆེ་མངོན་པར་གསལ་བ་རྣམས་ཀྱི་ངོ་བོ་གང་ཡིན་པ་དེ་ཉིད་ནུས་པའི་གནས་སྐབས་ན་ཡིན་ནམ། འོན་ཏེ་གཞན་ཉིད་ཡིན་གྲང་ན་གལ་ཏེ་གཞན་ཉིད་ཡིན་པ་དེའི་ཚེ་གཞན་ཡོད་ན་དེ་

ཡོད་དོ་ཞེས་རིགས་པ་མ་ཡིན་ནོ། །ཅི་སྟེ་མཐོང་བའི་བདག་ཉིད་ཀྱི་གནས་སྐབས་ཀྱི་སེམས་དང་གླང་པོ་ཆེའི་ངོ་བོ་གང་ཡིན་པ་སེམས་མངོན་པར་གསལ་བ་ཅན་མ་ཡིན་པར་མངོན་པར་འདོད་འདོད་པའི་འབྱུང་བ་རྣམས་སམ་རྩྭ་མཆོག་གི་རྩེ་མོ་ལ་དེ་ཉིད་ཡོད་པ་ཡིན་ནོ་ཞེས་འདོད་པ་དེ་དང་དེ་ཤིན་ཏུ་སྲིད་པ་

མ་ཡིན་ཏེ་བླུན་པ་ཉིད་ཀྱི་ཕྱིར། གྲངས་ཅན་ཕྱུགས་ལས་གཞན། ངོ་ཚ་བཅས་པ་སུ་བརྗོད་རྩོལ་ཏེ་འབད་པར་བྱེད་དོ། །འདི་ལྟར་རྩྭ་མཆོག་རྩེ་ལ་གླང་ཆེན་བརྒྱ། །སྔོན་ཆད་མ་མཐོང་བ་མངོན་པར་གསལ་བ་མ་ཡིན་པའི་གནས་སྐབས་དེའི་ཚེ་ན་རང་གི་ངོ་བོ་མ་དམིགས་པར་ཡོད་དོ་

ཞེའོ། །གལ་ཏེ་དེ་ལ་ཡོད་པར་འགྱུར་བ་དེའི་ཚེ་རང་གི་ངོ་བོ་ཉིད་དམིགས་པར་འགྱུར་རོ། །སྦྱོར་བ་ནི་གང་ཞིག་གང་གི་ཚེ་གང་ལ་ཡོད་པ་དེ་ནི་དེའི་ཚེ་དེ་ལ་རང་གི་ངོ་བོར་འགྱུར་ཏེ། དཔེར་ན་མངོན་པར་གསལ་བའི་གནས་སྐབས་ཀྱི་སེམས་དང་། གླང་པོ་ཆེ་བརྒྱ་དེ་ཉིད་ལྟ་བུའོ། །གླང་པོ་

ཆེ་བརྒྱ་དང་སེམས་ཀྱང་རྩྭ་མཆོག་གི་རྩེ་མོ་དང་། སེམས་མངོན་པར་གསལ་བ་ཅན་མ་ཡིན་པར་མངོན་པར་འདོད་པའི་འབྱུང་བའི་ཁྱད་པར་རྣམས་ལ་ཡོད་དོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ངོ་བོ་གང་ཞིག་སྣང་གྱུར་པ། །ངོ་བོ་དེ་ནི་སྔར་མི་སྣང་། འབྱུང་བའི་བདག་

ཉིད་ཀྱི། རྒྱུ་ནི་ལན་བརྒྱར་རྣམ་ཕྱེ་ཡང་། །གསོན་པའི་ལུས་བཞིན་དུ་སེམས་དམིགས་པ་སྒྲུབ་པར་བྱེད་པ་གཡོ་བ་ལ་སོགས་པ་མེད་པའི་ཕྱིར་རོ། །རྩ་བའི་བདག་ཉིད་ཅན་མངོན་པར་གསལ་བ་མ་ཡིན་པའི་གནས་སྐབས་ཀྱི་ངོ་བོ་གང་ཡིན་པ་དེ་ནི་གཞན་ཉིད་ཡིན་ཏེ། གཞན་ཡོད་པ་ན་

Vol. 175 · folio 72b

དེ་ཡོད་དོ་ཞེས་བརྗོད་པར་མི་བྱའོ། །སྦྱོར་བ་ནི་རྣམ་གྲངས་མེད་པར་གང་ཞིག་གང་གི་ངོ་བོར་མི་འགྱུར་བ་དེ་ནི་དངོས་སུ་དེར་འགྱུར་བ་མ་ཡིན་ཏེ། དཔེར་ན་བདེ་བའི་ངོ་བོ་མ་ཡིན་པ་ཅན་གྱི་སྡུག་བསྔལ་ལམ། མེའི་གཟུགས་དང་ཆུ་ལྟ་བུའོ། །ནུས་པར་མངོན་པར་འདོད་པའི་དངོས་པོ་

ཡང་སེམས་མངོན་པར་གསལ་བའི་ངོ་བོ་དང་གླང་པོ་བརྒྱའི་ངོ་བོར་མི་འགྱུར་རོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པར་འགལ་བ་དམིགས་པའོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་བཅོ་བརྒྱད་པ། དེ་ཉིད་ཡིན་པ་སྣང་བའི་གནས་སྐབས་བཞིན་དུ་དམིགས་པར་འགྱུར་བ་

དེ་ལྟར་ན་མ་གྲུབ་པ་མ་ཡིན་ནོ། །དེ་བས་ན་ཐམས་ཅད་རྣམ་པར་ཤེས་པའི་བདག་ཉིད་མ་ཡིན་པའི་ཕྱིར་རྣམ་པར་ཤེས་པ་མ་ཡིན་པ་རྣམ་པར་ཤེས་པའི་ཉེ་བར་ལེན་པ་ཉིད་མ་ཡིན་པར་བསྒྲུབ་པར་བྱ་བ་ལ། གྲུབ་པ་ལ་སྒྲུབ་པ་མ་ཡིན་ནོ་ཞེས་བྱ་བར་གནས་སོ། །གཞན་ཡང་གལ་ཏེ་

སེམས་ཅན་ཐོག་མ་མེད་པ་ནི་མི་འདོད་དོ། །འོ་ན་ཅི་ཡིན་ཞེ་ན། སྔ་ན་མེད་པར་རབ་ཏུ་སྐྱེ་བ་དེའི་ཚེ་སྔ་ན་མེད་པ་འབྱུང་བ་ལ་སེམས་ཅན་ཁས་ལེན་ན། རིགས་མཐུན་པ་ལ་རག་ལས་པས་འཇུག་པ་ཅན་དག་ནི་འདོད་ཆགས་ལ་སོགས་པ་མ་ཡིན་གྱི་འོན་ཀྱང་ལུས་ཀྱི་ཆོས་ཡིན་ནོ། །དེ་

བས་ན་ཇི་ལྟར་ལུས་ནི་ལག་པ་ལ་སོགས་པ་འགའ་ཞིག་དང་ལྡན་པ་དང་། མི་ལྡན་པ་དང་། ཆེན་པོ་དང་། ཆུང་ངུ་དང་། སྔོ་བསངས་ལ་སོགས་པའི་ཁ་དོག་དང་། དེ་མ་ཡིན་པའི་ཁ་དོག་དང་མིག་ལ་སོགས་པ་མ་ཚང་བ་མེད་པའམ། གཞན་ཡིན་པས་ཆོས་དེ་དག་སྐྱེ་བ་

ངེས་པ་མེད་པ་ཅན་ཡིན་པ་དེ་ལྟར་ན། ཆགས་སོགས་ངེས་མེད་ཐལ་བར་འགྱུར། །འདོད་ཆགས་ཅན་དང་ཆེས་འདོད་ཆགས་ཅན་དང་། ཆེས་ཤིན་ཏུ་འདོད་ཆགས་ཅན་འབའ་ཞིག་གི་འདོད་ཆགས་ཉིད་ཀྱི་བར་དུ་མི་འགྱུར་རོ། །དེ་ལྟར་ན་བདེ་བ་དང་སྡུག་བསྔལ་དང་། ཡིད་

བདེ་བ་དང་། ཡིད་མི་བདེ་བ་དང་། ཟས་ལ་སོགས་པ་འདོད་པ་དང་། ཞེ་སྡང་དང་། ཕྲག་དོག་དང་སེར་སྣ་ལ་སོགས་པ་དང་། ཤེས་རབ་ལ་སོགས་པ་བརྗོད་པར་བྱའོ། །སྦྱོར་བ་ནི་གང་མ་བྱུང་བ་ལས་སྔ་ན་མེད་པ་འབྱུང་བར་འགྱུར་ཞིང་། གང་སྔ་ན་མེད་པའི་ཆོས་རྣམས་དང་།

Vol. 175 · folio 73a

སྦྱོར་བ་དེ་ནི་ཆོས་དེ་དག་དང་ལྡན་པར་ངེས་པར་ཡོད་པ་མ་ཡིན་ཏེ། ལུས་དེ་ཉིད་ལ་དབང་པོ་དང་། ཡན་ལག་དང་། ཉིད་ལག་དང་། ཁ་དོག་དང་། དབྱིབས་ཀྱི་ཁྱད་པར་ངེས་པ་མེད་པ་དང་ལྡན་པ་ལྟ་བུའོ། །སྔ་ན་མེད་པའི་སྐྱེས་བུ་འདི་ཡང་མངལ་དུ་སྔ་ན་

མེད་པར་འབྱུང་བ་དང་། སྔ་ན་མེད་པའི་འདོད་ཆགས་ལ་སོགས་པ་དག་དང་ལྡན་པ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །ཡང་ན་གང་དང་གང་ལུས་ཀྱི་ཆོས་ཡིན་པ་དེ་དང་དེ་ནི་སྐྱེ་བར་འགྱུར་བ་ངེས་པར་སྐྱེ་བ་དང་འབྲེལ་པར་འགྱུར་བ་མ་ཡིན་ཏེ། དཔེར་ན་

དབང་པོ་དང་། ཁ་དོག་དང་། དབྱིབས་དང་། ཡན་ལག་དང་ཉིང་ལག་ལ་སོགས་པ་ལྟ་བུའོ། །ཡིད་བདེ་བ་དང་། ཡིད་མི་བདེ་བ་དང་། འདོད་ཆགས་དང་། ཞེ་སྡང་དང་། ཟས་ལ་སོགས་པ་འདོད་པ་དང་། ཤེས་རབ་ལ་སོགས་པ་ཡང་ལུས་ཀྱི་ཆོས་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་

བྱེད་པ་འགལ་བ་དམིགས་པའོ། །འདོད་ཆགས་ལ་སོགས་པའི་རྒྱུ་འབྱུང་བའི་བདག་ཉིད་ཡིན་ལ། འདོད་ཆགས་ལ་སོགས་པའི་རྒྱུར་གྱུར་པ་འབྱུང་བའི་བདག་ཉིད་དེ་ལས་ཀྱང་སྐྱེས་བུ་འགའ་ཞིག་འདས་པ་མ་ཡིན་ཏེ། འབྱུང་བའི་བདག་ཉིད་མ་འདས་ཕྱིར་ཏེ། རྒྱུའི་

ཕྱིར་དེས་སྐྱེད་པའི་འདོད་ཆགས་ལ་སོགས་པ་དང་ལྡན་པས། འགའ་ཞིག་འདོད་ཆགས་དང་བྲལ་བ་ལ་སོགས་པ་མེད་པ་ཉིད་ཡིན་པ་དེ་ལྟར་ན། གལ་ཏེ་སྐྱེས་བུ་ཐམས་ཅད་འདོད་ཆགས་ལ་སོགས་པ་དང་ལྡན་པར་འདོད་ན་ཞེས་བྱ་བའི་ཕྱོགས་སྔ་མའོ། །སྦྱོར་བ་ཡང་གང་ཞིག་

རྒྱུའི་རང་བཞིན་ལས་མ་འདས་པ་གང་ཡིན་པ་དེ་ནི་དེའི་འབྲས་བུར་རིགས་པར་འགྱུར་ཏེ། དཔེར་ན་མྱུ་གུའི་རྒྱུའི་ཚོགས་ནི་མྱུ་གུ་རྒྱུ་ལས་མ་འདས་པ་ཡིན་པ་དེ་ལྟ་བུའོ། །སྐྱེས་བུ་འདི་ཡང་འདོད་ཆགས་ལ་སོགས་པའི་རྒྱུའི་རང་བཞིན་འབྱུང་བའི་བདག་ཉིད་ལས་མ་འདས་པ་ཡིན་

ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །སྐྱེས་བུ་འབྱུང་བའི་བདག་ཉིད་ལས་མ་འདས་པ་དེ་ལྟར་ན་ཡང་། འདིའི་ཁ་དོག་དང་དབྱིབས་དང་དབང་པོ་ལ་སོགས་པ་ལུས་ཀྱི་ཆོས་འགའ་ཞིག་གི་ཚེ་མེད་པ་ཅན་ཉིད་ཡིན་པས་མ་ངེས་པ་ཡིན་ནོ། །དེ་ལྟར་ན་ཡང་ཁས་བླངས་

Vol. 175 · folio 73b

ནས་བརྗོད་པར་བྱ་སྟེ། གལ་ཏེ་འབྱུང་བའི་བདག་ཉིད་ལས་མ་འདས་པ་ཀུན་ཆགས་སོགས་ལྡན་པ། དེའི་ཕྱིར་ཐམས་ཅད་འདོད་ཆགས་མཚུངས་པར་འགྱུར་འདོད་ཆགས་ལ་སོགས་པ་ཐམས་ཅད་འབྱུང་བའི་བདག་ཉིད་ཡིན་པའི་ཕྱིར་རོ། །སྦྱོར་བ་ནི་གང་ཞིག་གང་ལས་རྒྱུ་ཁྱད་པར་ཅན་མ་

ཡིན་པ་དེ་ནི་དེ་ལས་ཁྱད་པར་མ་ཡིན་པར་འགྱུར་ཏེ། དཔེར་ན་རྒྱུ་ཁྱད་པར་ཅན་མ་ཡིན་པའི་མྱུ་གུ་ལ་སོགས་པ་ལྟ་བུའོ། །སྐྱེས་བུ་གཞན་རྣམས་ལ་འདོད་ཆགས་ལ་སོགས་པ་ཡང་རྒྱུ་ཁྱད་པར་ཅན་མ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་འབྱུང་ཕུལ་

འབྱུང་ཕྱིར་མིན། །འདོད་ཆགས་ལ་སོགས་པ་མཚུངས་པ་ཅན་ཉིད་དུ་ནི་འགྱུར་མོད་ཀྱི། གལ་ཏེ་འབྱུང་བ་ཕུལ་དུ་བྱུང་བའི་ཕྱིར་འདོད་ཆགས་ལ་སོགས་པའི་ཁྱད་པར་དུ་འགྱུར་ཏེ། འདི་ལྟར་སྐྱེས་བུ་གཞན་དུ་འགྱུར་བ་ཅན་གྱི་འབྱུང་བ་རྣམས་ཀྱི་འཕེལ་བ་དང་འགྲིབ་པ་དང་ལྡན་

པའི་ཕུལ་དུ་བྱུང་བ་འགའ་ཞིག་འདོད་ཆགས་ལ་སོགས་པའི་རྒྱུ་མཚན་ཡོད་པ་དེ་ལྟར་ན་སྐྱེས་བུ་གཞན་རྣམས་ལ་འདོད་ཆགས་ལ་སོགས་པ་ཡང་རྒྱུ་ཁྱད་པར་ཅན་མ་ཡིན་ནོ་ཞེས་བྱ་བའི་གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟར་ཡིན་པ་དེའི་ཚེ་སྲོག་ཆགས་གང་

ཡིན་པ་དེ་ལ་སྲོག་དང་ལྡན་པ་དང་། ཆེས་སྲོག་དང་ལྡན་པ་དང་། ཆེས་ཤིན་ཏུ་སྲོག་དང་ལྡན་པ་ཞེས་བྱ་བའི་ཁྱད་པར་འདི་ཡོད་པ་མ་ཡིན་པ་དེ་ལྟར་ན། འབྱུང་རྣམས་སྲོག་ཆགས་ཁྱད་པར་མེད་ནའང་། ཁྱད་པར་འདི་རྟེན་ཅན་གང་ཡིན། །འབྱུང་བ་ཕུལ་དུ་བྱུང་བ་ལ་བརྟེན་ནས་འདི་

ཆགས་པ་ཅན་དང་། ཆེས་ཆགས་པ་ཅན་དང་། ཆེས་ཤིན་ཏུ་ཆགས་པ་ཅན་དུ་འགྱུར་བ་གང་ཡིན་པ། ཁྱད་པར་གྱི་རྒྱུ་མཚན། དེས་ནི་ཕུལ་བྱུང་འགྲིབ་པ་ཅན། འབྱུང་བ་དེ་ཉམས་འགྱུར་ཏེ། འཇིག་པར་འགྱུར་རོ། །གང་ལས་ཉམས་པར་འགྱུར་ཞེ་ན། དེ་ཡོད་པ་ལས་ཏེ།

འདོད་ཆགས་ལ་སོགས་པ་དང་ལྡན་པ་ཉིད་ལས་སོ། །དེ་ལྟར་ན་འགའ་ཞིག་སྐྱེ་བཞིན་པ་ཉིད་ནི། སྡུག་བསྔལ་དང་བདེ་བ་ལ་སོགས་པ་མེད་པ་དང་ལྡན་པ་དང་། འདོད་ཆགས་དང་བྲལ་བ་དང་། ཞེ་སྡང་དང་། ཕྲག་དོག་དང་སེར་སྣ་དང་བྲལ་བ་སྐྱེ་བར་འགྱུར་རོ། །དེ་ལྟར་ན་

Vol. 175 · folio 74a

གང་ཞིག་གང་ལ་འཕེལ་བ་དང་འགྲིབ་པ་དང་ལྡན་པ་དེ་ནི་རྒྱུན་ཆད་པའི་ཆོས་ཡོད་པ་ཅན་རང་གི་འབྲས་བུ་ཡང་ཉམས་པར་བྱེད་དེ། དཔེར་ན་འབྱུང་བ་རྣམས་ལ་དཀར་པོ་དང་། ནག་པོ་དང་། སྔོན་བསངས་ལ་སོགས་པའི་ཁ་དོག་རྣམས་འཕེལ་བ་དང་འགྲིབ་པ་དང་ལྡན་

པའི་རྒྱུ་ཡིན་པ་ལྟ་བུའོ། །དེ་ལྟར་འབྱུང་བ་རྣམས་ལ་འབྱུང་བའི་ཕུལ་དུ་བྱུང་བ་འདོད་ཆགས་ལ་སོགས་པའི་ཁྱད་པར་གྱི་འབྲས་བུ་ཅན་འཕེལ་བ་དང་འགྲིབ་པ་དང་ལྡན་པ་རྒྱུན་ཆད་པའི་ཆོས་སྲིད་པ་ཅན་འབྱུང་བ་རྣམས་བདག་ཉིད་མེད་པར་འགྱུར་བ་ན་འདོད་ཆགས་ཉིད་ཉམས་པར་

འགྱུར་བའི་ཕྱིར་འདོད་ཆགས་དང་བྲལ་བ་འབའ་ཞིག་ཀྱང་སྐྱེ་བར་འགྱུར་རོ། །སྦྱོར་བ་ནི་གང་ཞིག་གང་ལ་ཕུལ་དུ་བྱུང་བ་དང་འགྲིབ་པ་དང་ལྡན་པ་དེ་ནི་དེ་ལ་སྲིད་པ་མེད་པ་ཅན་ཡིན་ཏེ། དཔེར་ན་འབྱུང་བ་དེ་དག་ཉིད་ལ་དཀར་པོ་ཉིད་ལ་སོགས་པའི་རྒྱུ་ལྟ་བུའོ། །སྐྱེས་བུའི་འདོད་

ཆགས་ལ་སོགས་པའི་རྒྱུ་ཡང་ཕུལ་དུ་བྱུང་བ་དང་འགྲིབ་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་ཐ་དད་ཀྱང་ཆགས་སོགས། །རྒྱུ་མཚུངས་བདག་ཉིད་མི་ཟད་ཕྱིར་མིན་ན། གལ་ཏེ་འདོད་ཆགས་ལ་སོགས་པ་ཆེས་ཤིན་ཏུ་

བའི་རྒྱུ་འཕེལ་བ་དང་འགྲིབ་པ་ཡོད་ནའང་འདོད་ཆགས་ལ་སོགས་པའི་རྒྱུའི་སྤྱི་ཟད་པར་འགྱུར་ན། འདོད་ཆགས་ལ་སོགས་པ་དང་བྲལ་བ་འབའ་ཞིག་ཀྱང་སྐྱེ་བར་འགྱུར་ན། གང་གི་ཕྱིར་འདོད་ཆགས་ལ་སོགས་པའི་རྒྱུ་མཚུངས་པ་མི་ཟད་པ་དེའི་ཕྱིར་འདོད་ཆགས་དང་བྲལ་བ་

འགའ་ཞིག་ཀྱང་སྲིད་པ་མ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟར་ཡིན་ན་སྐྱེས་བུ་ཀུན་ལ་འདོད་ཆགས་འདྲ་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བདག་ཉིད་འདྲ་འབྱུང་ཕྱིར། རྒྱུ་མཚུངས་པ་དག་ལས་འདོད་ཆགས་ལ་སོགས་པ་འབྱུང་བའི་ཕྱིར་ཏེ། རྒྱུ་འདྲ་བ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་དོན་

ཏོ། །ཁྲ་མོ་ལ་སོགས་པ་ལ་ལ་ལར་བ་ལང་ཤེས་པ་ཆེས་ཤིན་ཏུ་བ་ལང་དང་། ཤིན་ཏུ་བ་ལང་དང་། ཆེས་ཤིན་ཏུ་བ་ལང་ཞེས་བྱ་བ་མེད་དོ། །ཅི་འདྲ་བ་ཞིག་ཅེ་ན། བདག་ཉིད་མཚུངས་ལས་འབྱུང་། བ་ལང་གི་རིགས་གཅིག་ལས་སྐྱེ་བ་ཅན་ནོ། །དེ་ནི་གཞན་གྱི་གཞུང་གི་སྒོ་

Vol. 175 · folio 74b

ནས་བསྟན་པ་ཡིན་ནོ། །འདི་ཡང་ཚུ་རོལ་མཛེས་པ་རང་གི་སྒྲུབ་པའི་མཐའ་ལ་ཡང་ངོ་། །ས་ལ་སོགས་པའི་འབྱུང་བ་ཆེན་པོ་དག་ལ་སྲོག་ཆགས་ལ་སོགས་པ་ཆེས་ཤིན་ཏུ་བ་སྟེ། སྲོག་ཆགས་དང་ཤིན་ཏུ་སྲོག་ཆགས་དང་ཆེས་ཤིན་ཏུ་སྲོག་ཆགས་ཞེས་བྱ་བ་ཡོད་པ་མ་ཡིན་

ནོ། །དེ་བཞིན་དུ་འདོད་ཆགས་ཅན་དང་། ཤིན་ཏུ་འདོད་ཆགས་ཅན་དང་ཆེས་ཤིན་ཏུ་འདོད་ཆགས་ཅན་ཞེས་བྱ་བར་མི་འགྱུར་ཏེ། རྒྱུ་མཚུངས་པ་ལས་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་ཞེ་སྡང་ལ་སོགས་པ་ལ་ཡང་བརྗོད་པར་བྱའོ། །བདག་ཉིད་མཚུངས་པ་དང་། ཆེས་ཤིན་ཏུ་བ་དང་

ལྡན་པ་མ་གཏོགས་པར་དེའི་རྒྱུར་བརྟགས་པ་ཅན་ཡོད་པ་མ་ཡིན་ཏེ། བདག་ཉིད་མཚུངས་པ་ཡོད་ན་འདོད་ཆགས་ལ་སོགས་པ་མཚུངས་པ་དང་། ཆེས་ཤིན་ཏུ་བ་ཡོད་ན་ཆད་པར་ཡང་འགྱུར་རོ། །གཅིག་ལ་གཉི་ག་ཡོད་པ་མ་ཡིན་ཏེ་འགལ་བའི་ཕྱིར་རོ། །ཡོན་ཏན་ནམ་ཆོས་དྲོ་བའི་

ཆེས་ཤིན་ཏུ་པ་ཡང་འཕེལ་བ་དང་། འགྲིབ་པ་ཡོད་ན་ཡང་། གང་ཚེ་མེ་དྲོ་མ་ཡིན་མིན། །ཆོས་ཅན་ནམ་ཡོན་ཏན་ཅན་འགའ་ཞིག་གི་ཚེ་མ་མཐོང་ངོ་། །གལ་ཏེ་དེ་ལྟར་འདི་ཡིན་ཞེ་ན། འབྱུང་བ་ཕུལ་དུ་བྱུང་བ་འདོད་ཆགས་ལ་སོགས་པའི་རྒྱུ་འཕེལ་བ་དང་འགྲིབ་པ་དང་ལྡན་པ་ཉིད་

ཡོད་ན་ཡང་འདོད་ཆགས་ཅན་ཉིད་མ་ཡིན་པ་ལ་སོགས་པ་ཐོབ་པ་མེད་པ་དེ་ལྟར་ན། གང་ཞིག་གང་ལས་ཕུལ་དུ་བྱུང་བ་དང་འགྲིབ་པ་ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་ལ་མ་ངེས་པ་ཡིན་ནོ་ཞེ་ན། མིན་ཏེ་དྲོ་བ་ཉིད་ལས་ནི་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ།

དྲོ་བ་ཉིད་ལས་མེ་ཞེས་བྱ་བ་ཆོས་ཅན་ནམ། ཡོན་ཏན་ཐ་དད་པ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ན། གང་གིས་ན་དྲོ་བ་ཡོན་ཏན་ནམ། ཆོས་ཏེ་མེ་ཞེས་བྱ་བའི་རྫས་ལ་འཕེལ་བ་དང་། འགྲིབ་པ་དང་ལྡན་པ་ཡང་མེད་པ་ཅན་མ་ཡིན། མེའི་རྫས་ཐ་དད་པ་བཀག་པ་ཡང་རྫས་

འགོག་པའི་གཏན་ཚིགས་གཞན་དུ་བསན་པ་དག་ལས་རྟོགས་པར་བྱའོ། །གང་གི་ཕྱིར་དེ་ལྟར་ན་གང་ལ་ཡང་དྲོ་བ་ཉིད་འཕེལ་བ་དང་། འགྲིབ་པ་དང་ལྡན་པ་མེ་ཞེས་བྱ་བའི་ཆོས་ཅན་ཡོད་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། དྲོ་བ་ཉིད་མེ་ཡིན་ལ། དེ་ཡང་ས་ཕྱོགས་ལ་

Vol. 175 · folio 75a

སོགས་པའི་ཆོས་ཅན་གང་ལ་ཕུལ་དུ་བྱུང་བ་དང་། འགྲིབ་པ་དང་ལྡན་པ་དེ་ཡོད་པ་མེད་པ་ཅན་ཡང་ཡིན་ནོ། དེ་བས་ན་འདི་ལྟར་ཡོན་ཏན་ལས་གཞན་གང་ལ་ཡོན་ཏན་ཅན་གྱི་ཡོད་པའི་ཡོན་ཏན་རྣམས་གང་ཡིན་པའི་ཆོས་ཅན་ལ་ལར་ཆེས་ཤིན་ཏུ་བ་ལྡན་པ་

ཅན་ཐ་དད་པ་དང་ལྡན་པའི་ཡོན་ཏན་དེ་དག་ལས་ཐ་དད་ནའང་། ཆོས་ཅན་གང་ལ་ཐ་དད་པ་དང་ལྡན་པ་དེ་རིགས་ཐ་དད་པ་ན། ཆོས་ཅན་ལ་ལ་ཆད་འགྱུར་ཏེ། ཆོས་རྒྱུན་ཆད་པ་ཅན་དུ་འགྱུར་རོ། །ཅི་དང་འདྲ་བར་ཞེ་ན། དཀར་སོགས་བཞིན་ཏེ། སྣམ་བུ་ལ་ཡོད་པ་ཙམ་གྱི་

ངང་ཚུལ་ཅན་གྱི་དཀར་པོ་ཉིད་ལ་སོགས་པ་བཞིན་ནོ། །སྦྱོར་བ་ནི་གང་ཞིག་ཆོས་ཅན་གྱི་རིགས་སམ། ཡོན་ཏན་ཅན་གྱི་རིགས་གང་ལ་ཆོས་སམ་ཡོན་ཏན་གྱིས་ཆེས་ཤིན་ཏུ་བ་དང་ལྡན་པ་དེ་ནི། དེ་ཐ་དད་པ་ལ་ལར་ཆོས་རྒྱུན་ཆད་པ་ཅན་ཡང་ཡིན་ཏེ། དཔེར་ན་བུམ་པ་དང་སྣམ་བུ་དག་ལ་

དཀར་པོ་ཉིད་ལ་སོགས་པ་ལྟ་བུའོ། །འདོད་ཆགས་ལ་སོགས་པའི་ཆོས་སམ་ཡོན་ཏན་ཡང་ཆོས་ཅན་སྲོག་ཆགས་སམ། ཡོན་ཏན་ཅན་དག་གི་ཆེས་ཤིན་ཏུ་བ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གང་གི་ཕྱིར་འདི་ལྟར་ཁྱད་པར་དང་བཅས་

པའི་གཏན་ཚིགས་བརྗོད་པ་དེའི་ཕྱིར་མ་ངེས་པ་ཡིན་ནོ། །དེ་ལྟར་ཡིན་ན་ཡང་ཆོས་ཅན་མེ་ལྕེའམ་ཡོན་ཏན་ཅན་དེ་ལ་དྲོ་བ་ཉིད་གང་ཡིན་པ་དྲོ་བ་ཉིད་ཕུལ་དུ་འབྱུང་བ་དང་ལྡན་པ་མ་ཡིན་ནམ། མེ་ལྕེ་ཡོད་ན་རྒྱུན་ཆད་པ་ཉིད་མ་ཡིན་པ་དེ་ལྟར་ན་མ་ངེས་པ་ཉིད་ཡིན་ནོ་ཞེ་ན། མ་ཡིན་

ཏེ་དེ་ལ་ཡང་དྲོ་བའི་ཁྱད་པར་ཆོས་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་དྲོ་བ་ཉིད་ནི་འབྱུང་བ་ཡིན་ལ། དེ་ལས་འབྱུང་བ་ལས་གྱུར་པའི་གཟུགས་སྐྱེ་ཞིང་དྲོ་བ་ཉིད་ཆད་པ་ན་དེའི་འབྲས་བུ་གཟུགས་རྣམ་པར་ཆད་པ་ཡིན་ནོ། །རེག་བྱ་དང་གཟུགས་ལ་མ་གཏོགས་པའི་རྫས་གཞན་

ཡང་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་དཀར་པོ་ལ་སོགས་པ་དང་། བདེ་བ་ལ་སོགས་པའི་བ་ལང་དང་། ལུས་ནི་ཆོས་སམ་ཡོན་ཏན་མ་ཡིན་གྱི། འོན་ཀྱང་བ་ལང་དང་། ལུས་ནི་ཆོས་ཅན་ཉིད་ཡིན་ཞིང་། གཞན་ནི་དེའི་ཆོས་ཡིན་པའི་ཕྱིར་ཆོས་ཅན་གནས་པ་ན་ཆོས་རྣམས་

Vol. 175 · folio 75b

འཆད་ཅིང་ཆོས་གནས་པ་ན་ཆོས་ཅན་འཆད་པ་མ་ཡིན་ནོ། །གལ་ཏེ་ལུས་ལ་གཟུགས་དང་དྲི་དང་རོ་དང་། རེག་བྱ་ལ་སོགས་པ་མ་བྱུང་བ་ལས་སྔ་ན་མེད་པ་འབྱུང་བ་དང་། ངེས་པར་འབྲེལ་པ་ཅན་ཡིན་པ་དེ་དང་འདྲ་བར་ལུས་ཀྱི་ཆོས་སུ་གྱུར་པ་ཡིད་བདེ་བ་དང་། ཡིད་མི་བདེ་བ་དང་།

འདོད་ཆགས་དང་ཞེ་སྡང་དང་ཟས་ལ་སོགས་པ་འདོད་པ་དང་ཤེས་རབ་ལ་སོགས་པ་འགྱུར་བ་དེ་ལྟར་ན། གང་ལ་བྱུང་བ་ལས་སྔ་ན་མེད་པ་འབྱུང་བར་འགྱུར་ཞིང་ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་ལས་མ་ངེས་པ་ཡིན་ནོ་ཞེ་ན། གཟུགས་སོགས་བཞིན་ངེས་མེད། ཡིད་བདེ་བ་ལ་སོགས་

པ་དག་གོ་ཅིའི་ཕྱིར་ཞེ་ན། གཟུགས་ལ་སོགས་པ་ཁྱད་པར་མེད་པ་དེ་དག་འབྱུང་བ་ལས་ཐ་དད་མེད་ཕྱིར་རོ། །གཟུགས་ལ་སོགས་པའི་སྤྱི་ངེས་པ་གང་ཡིན་པ་དེ་འབྱུང་བ་ལ་ཐ་དད་པ་མེད་པར་གནས་པ་ཡིན་ཏེ། ལྷན་ཅིག་གནས་པའི་ངེས་པས་འཇུག་པ་ཡིན་ནོ་ཞེས་བྱ་བའི་དོན་

ཏོ། །ཡང་ན་འབྱུང་བ་དག་ལས་གཟུགས་ལ་སོགས་པ་ཐ་དད་པ་མ་ཡིན་པ་དེ་ལྟར་ན། ཁྱོད་ཀྱི་གཞུང་གི་འབྱུང་བ་ཉིད་གཟུགས་ལ་སོགས་པ་ཡིན་ནོ། །དེའི་ཕྱིར་འབྱུང་བའི་བདག་ཉིད་ཀྱི་ངོ་བོ་ཉིད་ཅན་ཡིན་པའི་ཕྱིར་འབྱུང་བ་ཡོད་ན་གཟུགས་ལ་སོགས་པ་ཡོད་པར་འགྱུར་

བ་ཉིད་ཡིན་ནོ། །འདིར་ཡང་འདོད་ཆགས་ལ་སོགས་པ་འབྱུང་བ་རྣམས་དང་ལྷན་ཅིག་གནས་པར་ངེས་པའི་མཚན་ཉིད་ཅན་ནམ། དེ་ཡོད་ན་ཡོད་པའི་མཚན་ཉིད་ཅན་གྱི་ཐ་དད་པ་མེད་པ་ཡོད་པ་མ་ཡིན་པ་དེ་ལྟར་ན་གང་ཞིག་གང་ལ་ཐ་དད་པར་གནས་པ་ཡོད་ན་མ་བྱུང་བ་ལས་

སྔ་ན་མེད་པ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ཁྱད་པར་དང་བཅས་པའི་གཏན་ཚིགས་ཡིན་པའི་ཕྱིར་མ་ངེས་པ་མ་ཡིན་ནོ། །སྦྱོར་བ་ཡང་གང་ཞིག་གང་ལ་ལྷན་ཅིག་གནས་པའི་ངེས་པ་ཡོད་པ་མེད་ན་མ་བྱུང་བ་ལས་འབྱུང་བ་དེ་ནི་དེ་ལས་ངེས་པར་སྐྱེ་བ་དང་འབྲེལ་པ་ཅན་དུ་འགྱུར་བ་མ་

ཡིན་ཏེ། དཔེར་ན་ལུས་དེ་ཉིད་ལ་མིག་དང་། རྣ་བ་དང་། ལག་པ་ལ་སོགས་པ་ལྟ་བུའོ། །འདོད་ཆགས་ལ་སོགས་པ་ཡང་ལུས་དང་ལྷན་ཅིག་གནས་པའི་ངེས་པ་ཡོད་པ་མེད་ན། སྔ་ན་མེད་པ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་ཁྱད་པར་བྱེད་པ་འགལ་བ་དམིགས་པའོ། །དེ་

Vol. 175 · folio 76a

ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་དེ་མཚུངས་ཤེ་ན། དེ་ལ་ཡང་དེ་ལྟ་བུའི་མཚན་ཉིད་ཅན་གྱི་བདེ་བ་ལ་སོགས་པ་ཐ་དད་པ་མེད་པ་དེ་ལྟར་ན་གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེ་ན་དེ་ནི་ལེན་དེ་ཉིད་མ་ཡིན་ཏེ། སྔར་འདོད་ཆགས་ལ་སོགས་པ་ཐ་དད་པར་སྒྲུབ་པས་

ལྷན་ཅིག་མི་འཇུག་པའི་ཕྱིར་དང་། ནུས་པའི་ངོ་བོ་ཡོད་ན་ཡང་དེ་ཉིད་ལ་ཡོད་པ་མ་ཡིན་ནོ་ཞེས་བསྟན་ཟིན་པའི་ཕྱིར་རོ། །ཁས་བླངས་ནས་ཀྱང་བརྗོད་པར་བྱ་སྟེ་སྐྱོན་འདི་ཉིད་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཆགས་སོགས་ཅིག་ཅར་སྐྱེ་ཐལ་ཕྱིར། །གཟུགས་ལ་སོགས་

པ་དང་འདྲ་བར་འདོད་ཆགས་དང་། ཞེ་སྡང་དང་། ཕྲག་དོག་ལ་སོགས་པ་ཅིག་ཅར་འཇུག་པར་ཐལ་བར་འགྱུར་ཏེ། འབྱུང་བའི་རང་བཞིན་ཉིད་ཡིན་པའི་ཕྱིར་དང་། དེའི་རང་བཞིན་ཉམས་པ་མེད་པའི་ཕྱིར་རོ། །ནུས་པའི་རང་བཞིན་ཡོད་ན་ཡང་འདོད་ཆགས་ལ་སོགས་པའི་རང་

གི་ངོ་བོ་འཇུག་པ་ཅན་སྲིད་པ་གསལ་བས་འདོད་པ་མ་གྲུབ་པ་དང་། འབྱུང་བའི་རང་བཞིན་དུ་ཁྱད་པར་མེད་པ་ཡིན་ན་ཡང་། དེའི་རང་བཞིན་འདོད་ཆགས་ལ་སོགས་པའི་ནུས་པ་དང་། གསལ་བའི་ཁྱད་པར་མི་རུང་བའི་ཕྱིར་རོ་དེ་ལྟར་ནི་འགྱུར་མོད་ཀྱི། འདོད་ཆགས་ལ་

ལ་སོགས་པ་འཇུག་པ་ལ། ཕྱི་རོལ་གྱི་ཡུལ་ནི་ལྷན་ཅིག་བྱེད་པ་ཡིན་ལ། དེ་མ་ཐག་ཉེ་བ་གང་ཡིན་པ་དེ་དེའི་ཚེ་འཇུག་པར་འགྱུར་བ་ཡིན་པ་དེ་ལྟར་ན་ཡུལ་ངེས་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ཅིག་ཅར་སྐྱེ་བར་ཐལ་བ་མེད་དོ་ཞེ་ན་དེ་ནི་མ་ཡིན་ཏེ་འདི་ལྟར། ཡུལ་ནི་ངེས་བྱེད་མ་

ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདོད་ཆགས་ལ་སོགས་པ་ནི་རྣམ་རྟོག་ཡུལ་ཉིད་ཡིན་ཕྱིར་རོ། །འདོད་ཆགས་ལ་སོགས་པ་ཕྱི་རོལ་གྱི་དོན་ཐག་ཉེ་བ་ལ་ལྟོས་པས་འཇུག་པ་ཅན་མ་ཡིན་ན། གང་གིས་ན་ངེས་པར་སྐྱེ་བར་འགྱུར། འོ་ན་ཅི་ཡིན་ཞེ་ན། རྣམ་པར་རྟོག་པས་སྒྲོ་

བཏགས་པའི་ཡུལ་ཅན་ཡིན་པའི་ཕྱིར་ཡུལ་ངེས་པར་བྱེད་པ་མ་ཡིན་ནོ། །གཞན་ཡང་ཁོ་བོ་ཅག་ནི་འདོད་ཆགས་ལ་སོགས་པ་སྐྱེ་བ་ལ་རིགས་མཐུན་པའི་རྒྱུ་ཡོད་དོ་ཞེས་སྨྲ་ན། དེ་ཡང་ཁྱེད་ཅག་མི་འདོད་དེ་གང་གི་ཚེ་སྐྱེ་བ་ལ་སྐལ་བ་མཉམ་པའི་རྒྱུ་མེད་པ་དེའི་ཚེ། སྐལ་བ་མཉམ་

Vol. 175 · folio 76b

རྒྱུ་མེད་པའི་ཕྱིར། རྣམ་པར་ཤེས་པ་མ་ཡིན་པ་ཡང་དེ་མ་ཐག་ཏུ་རྒྱུ་ཉིད་ཡིན་པ་བཀག་པའི་ཕྱིར། འདོད་ཆགས་ལ་སོགས་པ་རྒྱུ་མེད་པ་ཅན་ཉིད་ཡིན་པ་དེ་ལྟར་ན། ཆགས་སོགས་ངེས་པ་མེད་པའམ། གང་འགའ་ཞིག་ལའང་འདོད་ཆགས་ལ་སོགས་པ་འབྱུང་བར་

མཐོང་བ་དེ་ཉིད་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་ཡང་གང་ལ་རྒྱུ་མེད་པ་དེ་ནི་མི་འགྱུར་ཏེ། དཔེར་ན་དེ་ཁོ་ན་ཉིད་ལྔ་པ་ལྟ་བུའོ། །འདོད་ཆགས་ལ་སོགས་པ་ལ་ཡང་རྒྱུ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་བྱེད་པ་མི་དམིགས་པའོ། །གལ་ཏེ་འདོད་ཆགས་ལ་

སོགས་པའི་འབྱུང་བ་རྒྱུ་ཉིད་ཡིན་པའི་ཕྱིར། གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟར་ཡིན་པ་དེའི་ཚེ་འབྱུང་བ་དག་རྟག་ཏུ་མ་ཚང་བ་མེད་པའི་ཕྱིར་འདོད་ཆགས་ལ་སོགས་པའི་རྒྱུ་རྟག་ཏུ་ཉེ་བ་ཡིན་ཏེ། རྒྱུ་ནི་ཉེ་ཕྱིར་ཏེ། རྒྱུའི་ཕྱིར་འདོད་ཆགས་ལ་སོགས་

པའི་བློ་རྣམས་དག་ཐམས་ཅད་ཐམས་ཅད་ཚེ་ན་སྐྱེ་བ་ཐོབ་པར་འགྱུར་རོ། །སྦྱོར་བ་ནི་གང་ཞིག་གང་གི་ཚེ་རྒྱུ་མ་ཚང་བ་མེད་པ་ཐག་ཉེ་བ་ཅན་ཡིན་པ་དེ་ནི་དེའི་ཚེ་འགྱུར་ཏེ། དཔེར་ན་ལུས་དེ་ཉིད་ལ་གཟུགས་ལ་སོགས་པ་ལྟ་བུའོ། །འདོད་ཆགས་ལ་སོགས་པའི་བློ་ཡང་རྒྱུ་མ་ཚང་

བ་མེད་པ་ཐག་ཉེ་བ་ཅན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ནུས་པ་ཡོད་ན་ཡང་འདོད་ཆགས་ལ་སོགས་པའི་རང་གི་ངོ་བོ་ཡོད་པ་མ་ཡིན་ནོ་ཞེས་བཤད་པས་འདོད་པ་སྒྲུབ་པ་མ་ཡིན་ནོ། །གྱུར་པའི་ཁྱད་པར་འཇུག་པ་མེད་པས་མ་གྲུབ་པ་ཡང་མ་ཡིན་ཏེ་རང་

བཞིན་འཕོ་བ་མེད་པ་ཅན་གྱི་གྱུར་པའམ། དེའི་ཁྱད་པར་འགའ་ཞིག་ཀྱང་སྤོང་བ་མ་ཡིན་ནོ། །ཡོངས་སུ་གྱུར་པའི་ཁྱད་པར་གཅིག་ལ་གནས་པའི་སྐྱེས་བུ་འདོད་ཆགས་ལ་སོགས་པའི་བློ་རྒྱུ་ཐག་ཉེ་བ་ཅན་རིགས་མཚུངས་པ་ཐམས་ཅད་ཅིའི་ཕྱིར་འཇུག་པར་མི་འགྱུར།

སྐད་ཅིག་མ་རེ་རེ་གྱུར་པ་ཡང་རྒྱུ་མེད་པ་ཅན་ཡིན་པ་དེ་ལྟར་ན། གྱུར་པའི་རྒྱུ་མཚན་བྱུང་བ་ཙམ་ཅུང་ཟད་གང་ཡིན་པ་དེའི་གཞུང་བཙུགས་པའི་ཕྱིར་གྱུར་པ་སྐད་ཅིག་མ་རིམ་བཞིན་དུ་འགྱུར་བ་ཅན་མ་ཡིན་པའམ། དེའི་རྒྱུ་མཚན་མེད་པ་ཅན་ཡིན་ན་ཡང་ལྟོས་པར་བྱ་བ་མེད་པའི་ཕྱིར་

Vol. 175 · folio 77a

རྟག་ཏུ་གྱུར་པའམ། འགའ་ཞིག་གི་ཚེ་ཡང་མ་ཡིན་ནོ་ཞེས་ལན་དུ་མར་བཤད་ཟིན་ཏོ། །དེའི་ཕྱིར། གོམས་ལས་འདོད་ཆགས་སོགས་བསལ་བ། །མཐོང་ཕྱིར་ཞེས་བྱ་བ་ལ་སོགས་པ་སྔར་བཤད་པའི་གཏན་ཚིགས་ཐམས་ཅད་ཀྱི་འཁོར་བ་ཅན་གྱི་ཉེ་བར་ལེན་

པའི་ཕུང་པོ་ལྔ་སྡུག་བསྔལ་དུ་གྲུབ་པ་ཡིན་ནོ། །སྡུག་བསྔལ་གསུམ་མམ། སྐྱེ་བ་ལ་སོགས་པ་དང་། འབྲེལ་པའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་ལྔའི་མཚན་ཉིད་ཅན་གྱི་སྡུག་བསྔལ་དེ་དང་འདིའི་མི་རྟག་པ་ཉིད་ལ་སོགས་པ་རྣམ་པ་བཞི། འགའ་ཞིག་ཚེ་ན་ཞེས་བྱ་བ་ལ་

སོགས་པས་སྟོན་པར་བྱེད་དོ། །སྡུག་བསྔལ་དེ་མི་རྟག་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འགའ་ཞིག་ཚེ་ན་དམིགས་པའི་ཕྱིར། སྡུག་བསྔལ་གྱི་རྒྱུན་ཞེས་བྱ་བ་ནི་གཅིག་ཡོད་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། སྡུག་བསྔལ་གྱི་ཁྱད་པར་ཉིད་གཞན་དང་གཞན་འཇུག་པ་ཡིན་གྱི་

རྟག་པ་ནི་མ་ཡིན་ནོ། །མི་རྟག་པ་ཉིད་ཀྱང་བསྟན་བཅོས་མཛད་པ་རང་ཉིད་ཀྱིས་རྣམ་པ་དུ་མས་བསྟན་ཟིན་པའི་ཕྱིར་ཡང་བརྗོད་ན་མི་མཛེས་པར་འགྱུར་བ་དེ་ལྟར་ན་མ་སྤྲོས་སོ། །དེ་ལྟར་ན་མི་རྟག་པ་ཉིད་ཡིན་ནོ། །ཕུང་པོ་རྣམས་ཀྱི་སྡུག་བསྔལ་ཉིད་ཀྱང་ཉེས་བརྟེན་ཕྱིར། ཕུང་

པོ་རྣམས་ལ་ཉེས་པ་རྣམས་རྗེས་སུ་འབྲེལ་བའི་ཕྱིར་ཏེ་ཟག་པ་དང་བཅས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཉེས་པ་ཡང་བདག་དང་བདག་གིར་མངོན་པར་ཆགས་པ་ལ་སོགས་པའོ། །དེ་བས་ན་སྐྱེ་བའི་དུས་ན་བདག་གི་ངོ་བོ་གདུང་བའི་རྒྱུ་ཉིད་ཡིན་པའི་ཕྱིར་དང་སྐྱེ་བ་ལ་སོགས་

པ་རྣམ་པར་སྨིན་པའི་སྡུག་བསྔལ་དང་། ཀུན་ནས་སྦྱོར་བའི་ཕྱིར་སྡུག་བསྔལ་དུ་འདོད་དོ། །རྒྱུའི་དབང་ཉིད་ཕྱིར། གཞན་གྱི་དབང་གི་སྡུག་བསྔལ་ཡིན་ནོ། །ཕུང་པོ་རྣམས་ཀྱི་སྐད་ཅིག་མ་རེ་རེ་ལ་རྒྱུས་གཞན་གྱི་དབང་ཡིན་པ་དེ་ལྟར་ན། དེ་སྡུག་བསྔལ་ཡིན་ནོ། །བདག་མིན་ཏེ་

གང་གི་ཕྱིར་འདི་ལྟར་ཕུང་པོ་མི་རྟག་པ་དང་གཞན་གྱི་དབང་དག་ཏུ་འཇུག་པ་དེའི་ཕྱིར། དེ་དག་ནི་བདག་ཉིད་བདག་གི་ངོ་བོར་མི་འགྱུར་རོ། །བྱ་བ་དང་ལོངས་སྤྱོད་པའི་རྟེན་གྱི་མཚན་ཉིད་ཅན་ཡིན་པའི་ཕྱིར་དང་། རང་དབང་གི་མཚན་ཉིད་ཅན་ཡིན་པའི་ཕྱིར་བདག་ཡིན་པ་དེ་ལྟར་

Vol. 175 · folio 77b

ན་བདག་མེད་པའོ། །སྡུག་བསྔལ་དེ་ཕུང་པོ་དང་ཐ་མི་དད་པའམ། བརྗོད་པར་བྱ་བ་མ་ཡིན་པ་བདག་གིས་བྱིན་གྱིས་བརླབས་པས་འཇུག་པའང་མིན་ཏེ། དེས་ན་བདག་གི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེས་ནི་སྟོང་པ་ཉིད་བཤད་པ་ཡིན་ནོ། །བདག་ནི་རང་གི་རྐྱེན་ལ་རག་

ལས་པའི་ཕུང་པོ་རྣམས་ཀྱི་རྣམ་པ་འགའ་ཞིག་ལྟར་ཡང་། ཕན་འདོགས་པར་བྱེད་པ་མ་ཡིན་པ་དེ་ལྟར་ན། དེ་ཇི་ལྟར་ན་བྱིན་གྱིས་རློབ་པ་པོ་ཉིད་ཡིན་ན། གང་གིས་ན་སྟོང་པ་ཉིད་དུ་མི་འགྱུར། སྦྱོར་བ་ནི་གང་ཞིག་གང་གི་རང་བཞིན་ལ་ཕན་འདོགས་པར་བྱེད་པའི་ངང་

ཚུལ་ཅན་དུ་མི་འགྱུར་བ་དེ་ནི་དེའི་བྱིན་གྱིས་རློབ་པ་པོ་ཉིད་མ་ཡིན་ཏེ། དཔེར་ན་བུམ་པ་ལ་མོ་གཤམ་གྱི་བུ་ལྟ་བུའོ། །བདག་ཏུ་མངོན་པར་འདོད་པའི་དངོས་པོ་ཡང་ཕུང་པོ་རྣམས་ཀྱི་རང་བཞིན་ལ་ཕན་འདོགས་པར་བྱེད་པའི་ངང་ཚུལ་ཅན་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་

པ་མི་དམིགས་པའོ། །དེ་ཉིད་ནི། རྒྱུ་མིན་བྱིན་གྱིས་རློབ་པ་མིན། །ཞེས་བྱ་བ་སྨོས་སོ། །གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ཏེ། འདི་ལྟར་ཡང་ན་རྟག་ཉིད་ཇི་ལྟར་རྒྱུ་ཡིན་ཏེ་མ་ཡིན་པ་ཁོ་ནའོ། །དེ་ཡང་སྐབས་གཞན་དུ་མང་དུ་བཤད་ཟིན་ཏོ། །སྦྱོར་བ་ནི་གང་ཞིག་གང་གི་རྒྱུར་

མི་འགྱུར་བ་དེ་ནི་དེའི་རང་བཞིན་ལ་ཕན་འདོགས་པར་བྱེད་པའི་ངང་ཚུལ་ཅན་མ་ཡིན་ཏེ་བུམ་པ་ལ་མོ་གཤམ་གྱི་བུ་ལྟ་བུའོ། །བདག་ཏུ་མངོན་པར་འདོད་པའི་དངོས་པོ་ཡང་ཕུང་པོ་རྣམས་ཀྱི་རྒྱུ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པ་ཉིད་ཡིན་ནོ། །གང་གི་ཕྱིར་རྟག་

པ་ཉིད་རྒྱུ་མ་ཡིན་པའི་ཕྱིར་དུ་མ་གཅིག་ལས་ནི། འཕོ་བ་མེད་པའི་རང་བཞིན་ལས། དུས་ཐ་དད་པར་སྐྱེ་མི་འགྱུར། །ཅིག་ཅར་ཁོ་ནར་སྐྱེ་བར་འགྱུར་ཏེ། རྒྱུ་མ་ཚང་བ་མེད་པའི་ཕྱིར་རོ། །ཡང་ན་འགའ་ཞིག་གི་ཚེ་ཡང་མ་ཡིན་ཏེ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བ་

ནི་ངེས་པ་ཡིན་ནོ། །གང་ཞིག་གང་ཡོད་ན་འགྱུར་བ་འདིའི་རྒྱུ་དང་འབྲས་བུ་ཡིན་ནོ་ཞེས་བྱ་བ་དེ་ལྟར་འགྱུར་ཏེ། དེའི་རྒྱུ་དེ་ལས་གཞན་པ་ཐག་ནི་ཉེ་བ་ན་འང་། དེ་མེད་པ་ན་དེའི་འབྲས་བུ་སྐྱེ་བར་མི་འགྱུར་བ་དེའི་ཚེ། འབྲས་བུ་དག་ནི་མི་སྐྱེ་ཕྱིར། །རྒྱུ་གཞན་རྗེས་སུ་དཔོག་

Vol. 175 · folio 78a

འགྱུར་ན། །དཔེར་ན་གང་མེད་པའི་ཕྱིར་དེའི་འབྲས་བུ་མི་སྐྱེ་བ་དེའི་རྒྱུ་གཞན་དག་ཀྱང་ལྟ་བུའོ། །དེ་ནི་རྟག་རྣམས་ལ་ཡོད་མིན། །རྟག་པ་རྣམས་ལྡོག་པ་མེད་པའི་ཕྱིར་རོ། །ཇི་སྐད་དུ་བཤད་པའི་ལྡོག་པ་ཉིད་ཡོད་པ་མ་ཡིན་ན། གང་གིས་ན་དེའི་ནུས་པ་

རྟོག་པར་བྱེད་དེ་ཐལ་ཆེས་པའི་ཕྱིར་རོ། །དེ་བས་ན་གང་དག་ཡོད་ན་གང་ཉིད་འགྱུར། །དེ་ནི་དེ་ཙམ་གྱིས་རྒྱུ་ཅན་ཉིད་ཡིན་པར་བལྟ་བར་བྱའོ། །སྦྱོར་བ་ནི་གང་ཞིག་གང་ཡོད་ན་འགྱུར་བ་དེ་ཉིད་ནི་དེ་ཙམ་ལས་འགྱུར་བའི་ངང་ཚུལ་ཅན་དང་། དེ་ལས་ཐ་དད་པའི་རྒྱུ་གཞན་ལ་

ལྟོས་པ་མེད་པ་ཁས་བླང་བར་བྱ་སྟེ། དཔེར་ན་མངོན་པར་འདོད་པའི་ཚོགས་པ་ཡོད་ན་འབྲས་བུའི་ཁྱད་པར་ངེས་པར་འགྱུར་བ་ཁས་བླངས་པ་དེ་ཙམ་གྱི་རྒྱུ་ཅན་དང་གཞན་ལ་ལྟོས་པ་མེད་པ་ཁས་བླངས་པ་ཡིན་པ་ལྟ་བུའོ། །མིག་གི་རྣམ་པར་ཤེས་པ་ཡང་མིག་དང་གཟུགས་

དང་སྣང་བ་དང་ཡིད་ལ་བྱེད་པ་དག་ཡོད་ན་འགྱུར་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་བཞིན་དུ་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་རྣམ་པར་ཤེས་པ་ཡང་རྣ་བ་ལ་སོགས་པ་དང་། །སྒྲ་ལ་སོགས་པ་དང་ཡིད་ལ་བྱེད་པ་དག་ཡོད་ན་འགྱུར་བ་དང་། ཡིད་ཀྱི་རྣམ་

པར་ཤེས་པ་ཡང་འབད་རྩོལ་གྱི་མཚན་ཉིད་ཅན་རྣམ་པར་ཤེས་པ་ཡང་སྔ་མའི་ཁྱད་པར་ཡོད་ན་འགྱུར་བ་དང་། དབུགས་འབྱུང་བ་དང་། རྔུབ་པ་དང་། མིག་འབྱེད་པ་དང་འཛུམས་པ་ལ་སོགས་པ་ཡང་འབད་རྩོལ་དང་། ལུས་རྗེས་སུ་མཐུན་པ་ཡོད་ན་འགྱུར་རོ། །དེ་ལྟར་

སྡུག་བསྔལ་གྱི་རྣམ་པ་བཞི་བཤད་པ་ཡིན་ནོ། །འདིའི་ཀུན་འབྱུང་ནི། རེས་འགའ་འབྱུང་བ་ཉིད་ཀྱིས་ནི། །ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །རེ་ཞིག་སྡུག་བསྔལ་དེ་རྒྱུ་མེད་པ་ཅན་དུ་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། རེས་འགའ་འབྱུང་བ་ཉིད་ཀྱིས་ནི། །གང་རེས་འགའ་

འབྱུང་བ་དེ་ནི་རྒྱུ་དང་བཅས་པ་ཉིད་ཡིན་པ་དེ་བས་ན་ཇི་སྐད་དུ་བཤད་པའི་སྡུག་བསྔལ་འདི་རྒྱུ་བཅས་པ་ཉིད་གྲུབ་པ་ཡིན་ནོ། །དེ་ལྟར་མ་ཡིན་ན། རྒྱུ་མེད་དེ་འདི་ལ་རྒྱུ་ཡོད་པ་མ་ཡིན་པས་ན་རྒྱུ་མེད་པ་དེ་ནི་རྟག་ཏུ་ཡོད་པ་འམ་མེད་པར་འགྱུར། ཅིའི་ཕྱིར་ཞེ་ན། གཞན་ལ་མི་ལྟོས་ཕྱིར་

Vol. 175 · folio 78b

ཏེ། །དོན་རྒྱུ་མེད་པ་ཅན་རང་དབང་དུ་སྐྱེ་བ་ལ་གང་ཐག་ཉེ་བ་ལས་རེས་འགའ་འགྱུར་བ་དང་ཐག་ཉེ་བ་མེད་པ་ལས་དུས་གཞན་དུ་མི་འགྱུར་བ་སྟེ། ལྟོས་པར་བྱ་བ་ཅུང་ཟད་ཀྱང་ཡོད་པར་འགྱུར་བ་མ་ཡིན་ནོ། །དེ་བས་ན་ཁྱད་པར་མེད་པའི་ཕྱིར་འབྱུང་བར་འདོད་པའི་དུས་ནའང་མི་

འགྱུར་རོ། །འབྱུང་བའི་དུས་མ་ཡིན་པར་ཁྱད་པར་མེད་པའི་ཕྱིར་རྟག་ཏུ་ཡོད་པར་འགྱུར་རོ། །ཇི་ལྟར་ཚེར་མ་ལ་སོགས་པ་ལ་ཞེས་བྱ་བ་ལ་སོགས་པས་དེ་ཉིད་ཀྱི་ཕྱོགས་སྔ་མ་འགོད་པར་བྱེད་དོ། །སོགས་པ་སྨོས་པས་ནི་པདྨའི་སྡོང་བུ་དང་། འདབ་མ་དང་།

གེ་སར་དང་། ལྟེ་བ་ལ་སོགས་པ་བཟུང་ངོ་། །རྣོ་བ་ཉིད་སོགས་ཀྱི་སོགས་པ་སྨོས་པས་ནི་དབྱིབས་དང་ཁ་དོག་དང་། རྩུབ་པ་དང་། འཇམ་པ་ལ་སོགས་པ་བཟུང་སྟེ། ཇི་ལྟར། རྣོ་བ་ཉིད་སོགས་རྒྱུ་མེད་པ། །དེ་ལྟར་སྡུག་བསྔལ་དེ་དག་རྒྱུ་མེད་འགྱུར། །ཞེས་ནི་ཁ་ཅིག་རབ་ཏུ་བརྗོད།

རང་བཞིན་དུ་སྨྲ་བའོ། །དེ་དག་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། རྒྱུ་ཞེས་བྱ་བ་གཞན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། འོན་ཀྱང་གང་ཡོད་ན་ནི་གང་སྐྱེ་བའམ། འགྱུར་བ་ཡོད་ན་འགྱུར་བ་ཡང་། གང་ཞིག་འགྱུར་བ་ན་འགྱུར་བ་སྟེ། དངོས་པོ་འགྱུར་བའི་རྗེས་སུ་བྱེད་པ་ཅན་

གང་ཡིན་པ། དེ་ནི་དེ་རྒྱུར་རབ་བསྟན་པ། །རྒྱུར་སྨྲ་བ་སངས་རྒྱས་པ་ལ་སོགས་པས་སོ། །དེ་དང་དེ་དག་དེ་རྣམས་ལ་ཡང་ཡོད། ས་བོན་གྱི་ཡུལ་ལ་སོགས་པ་སོ་སོར་ངེས་པ་གང་དག་ལ་རྣོ་བ་ཉིད་ལ་སོགས་པར་འགྱུར་བ་དེ་དག་ནི་ས་བོན་གྱི་ཡུལ་ལ་སོགས་པ་ཡོད་པ་དང་མེད་པའི་

རྗེས་སུ་བྱེད་པ་དེ་ལྟར་ན། དེའི་རྒྱུ་ཅན་དེ་དག་གསལ་བར་རྟོགས་པར་འགྱུར་བ་ཡིན་པའི་ཕྱིར་འདིར་འབད་རྩོལ་གྱིས་ཅི་ཞིག་བྱ། གལ་ཏེ་རེག་བྱ་ཡོད་ན་མིག་གི་རྣམ་པར་ཤེས་པ་འགྱུར་ཞིང་། མེད་ན་མི་འགྱུར་བ་དེ་ལྟར་ན་ཡང་མིག་གི་རྣམ་པར་ཤེས་པའི་རྒྱུ་མ་ཡིན་པ་དེ་ལྟར་ན་རྒྱུ་དང་འབྲས་

བུའི་དངོས་པོའི་མཚན་ཉིད་ཅན་དེ་འཁྲུལ་པ་ཡིན་ནོ་ཞེ་ན། དེ་ནི་འཁྲུལ་པ་མ་ཡིན་ཏེ། འདི་ལྟར་རེག་བྱ་ཞེས་བྱ་བ་ནི་འབྱུང་བ་དག་ཡིན་ནོ། །དེ་དག་རྒྱུར་བྱས་ནས་རྒྱུར་བྱས་པའི་གཟུགས་རབ་ཏུ་འཇུག་པ་དེ་ལྟར་ན། གཟུགས་རྒྱུ་ཉིད་ཕྱིར་རེག་བྱ་ནི། །བརྒྱུད་པས་མཐོང་བ་ལ་ནི་

Vol. 175 · folio 79a

རྒྱུ་མཚན་ཡོད་པའི་ཕྱིར་འཁྲུལ་པ་མེད་དོ། །དེ་ཡང་ལྡོག་པ་ཙམ་ཡིད་ལ་བྱས་ནས་ལན་དུ་བསྟན་པ་ཡིན་ནོ། །དེ་ལྟར་མ་ཡིན་ན་བཤད་པའི་མཚན་ཉིད་ཅན་གྱི་ལྡོག་པ་ལ་འབྲེལ་པ་ཡོད་པ་ཉིད་མ་ཡིན་ནོ། །དེ་ལྟར་ན་གཟུགས་ཐག་ཉེ་བ་རབ་ཏུ་བསྟན་ནས་རེག་བྱའི་

ལྡོག་པ་བསྟན་པར་མི་ནུས་སོ། །དེ་དེ་ལྟར་ན་སྡུག་བསྔལ་རྒྱུ་མེད་པ་ཅན་ཉིད་མ་ཡིན་གྱི་འོན་ཀྱང་རྒྱུ་དང་བཅས་པ་ཉིད་ཡིན་ནོ། །རྒྱུ་དང་ལྡན་པ་ཉིད་ཡིན་ན་ཡང་སྡུག་བསྔལ་འདི་ནི། དབང་ཕྱུག་སོགས་ལས་འབྱུང་མིན་ནོ། །སོགས་པ་སྨོས་པས་ནི་གཙོ་བོ་དང་སྐྱེས་བུ་ལ་

སོགས་པ་བཟུང་ངོ་། །རྒྱུ་ཡང་གང་གིས་ཤེ་ན། རྟག་པ་རྣམས་ནི་བཀག་པ་དང་། །ཞེས་སྨོས་ཏེ། རྟག་པ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ་སྐབས་གཞན་དུ་བཀག་པའི་ཕྱིར་རོ། །དང་གི་སྒྲས་ནི་འདི་ཉིད་དང་གཞན་དུ་བཀག་པ་སྟེ་དབང་ཕྱུག་སོགས་མ་ཡིན་ཁྱད་པར་མེད་

ཕྱིར་རོ་ཞེས་རྟག་པ་ཉིད་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བཀག་པའི་ཕྱིར་རོ། །རེ་ཞིག་དབང་ཕྱུག་ལ་སོགས་པ་ལས་སྡུག་བསྔལ་འདི་འབྱུང་བ་མ་ཡིན་ཞིང་། ཡོད་ན་ཡང་རྟག་པ་རྣམས་ནི་འབྲས་བུ་ལ་ནུས་མེད་ཕྱིར། དེ་དག་ལས་སྡུག་བསྔལ་བ་ཡིན་ནོ། །དེ་ལྟར་

ན་རྟག་པ་ཉིད་ནི་དུས་ཐམས་ཅད་ན་ནུས་པ་ཡོད་པ་ཉིད་ཡིན་པའི་ཕྱིར། ལྷན་ཅིག་བྱེད་པ་ལ་ལྟོས་པ་མེད་པར་ཅིག་ཅར་ཐམས་ཅད་བྱེད་པའམ། མི་བྱེད་ན་ཕྱིས་ཀྱང་ཁྱད་པར་མེད་པའི་ཕྱིར། འགའ་ཞིག་གི་ཚེ་ཡང་ནུས་པ་མེད་པ་ཡིན་ནོ་ཞེས་མང་དུ་བཤད་ཟིན་ཏོ། །

གང་གི་ཕྱིར་སྡུག་བསྔལ་འདི་རྒྱུ་མེད་པ་ཅན་མ་ཡིན་ཞིང་། རྒྱུ་རྟག་པ་ཅན་ཡང་མ་ཡིན་པ་དེ་བས་ན་མི་རྟག་པའི་རྒྱུ་ཅན་ཡིན་ནོ། །དེ་ལ་ཡང་མི་རྟག་པའི་རྒྱུ་གང་ཡིན་པ་འགའ་ཞིག་གིས་དེ་དང་ལྡན་པ་མ་ཡིན་གྱི། འོན་ཀྱང་མཐུན་པའི་སྒོ་ནས་ཡིན་ནོ། །སྤྱད་པར་

གྱུར་པ་དེ་ཡང་སྐྱེ་བའི་སྲེད་པ་མ་གཏོགས་པར་གཞན་མ་ཡིན་པ་དེའི་ཕྱིར་སྡུག་བསྔལ་འདི་ཡིད་སྲིད་པ་འདོད་པ་རྒྱུ་ཡིན་ནོ། །སྐྱེ་བའི་གནས་དང་གནས་སྐབས་དང་། ཉེ་བར་མཁོ་བ་དང་། སེམས་ཅན་ལ་སོགས་པ་ལ་མངོན་པར་འདོད་པའོ། །ཅིའི་ཕྱིར་ཞེ་ན། གང་

Vol. 175 · folio 79b

ཕྱིར་བདེ་བའི་རྒྱུ་ཉིད་དང་། བགྲོད་པར་བྱ་བ་ཉིད་ཀྱིས་ཡུལ་དུ་བྱས་པ་མངལ་ལ་སོགས་པའི་ཡུལ་གྱི་ཁྱད་པར་ཡོངས་སུ་ལེན་པ་སྟེ། མངོན་པར་འདོད་པ་སྔོན་དུ་སོང་བ་ཅན་གྱི་ཉེ་བར་ལེན་པའོ། །སྔར་ཡོད་པ་གཞན་གྱིས་བཀྲི་བར་བྱ་བ་མ་ཡིན་པ་སེམས་དང་བཅས་པའི་མི་

རྣམས་དེ་ཐོབ་བསམ་པས་བྱས། ཡུལ་གྱི་ཁྱད་པར་མངོན་པར་འདོད་པ་མངོན་དུ་སོང་བ་ཅན་ཡིན་ནོ། །ཡུལ་སྨོས་པ་ནི་ཉེ་བར་མཚོན་པ་ཅན་ཡིན་ཏེ། དུས་དེར་འབྱུང་བའི་ངང་ཚུལ་ཅན་གྱི་གནས་སྐབས་དང་། དེའི་རྗེས་སུ་མཐུན་པའི་ཕྱིར་ཕན་འདོགས་པར་བྱེད་པ་རྣམས་དང་།

སེམས་ཅན་རྣམས་ཡོངས་སུ་ལེན་པ་ཡང་རྟོགས་པར་བྱའོ། །རྒྱས་པར་ནི་སྦྱོར་བའི་དོན་དང་སྦྱོར་བ་ནི། བདག་ལ་ཆགས་པ་དང་ལྡན་པ། །སེམས་ཅན་གཞན་གྱིས་བཀྲི་མིན་པ། །ཞེས་བྱ་བ་ལ་སོགས་པའི་སྐབས་སུ་བཤད་ཟིན་ཏོ། །དེ་ལ་སྡུག་བསྔལ་ཀུན་འབྱུང་འཕགས་

པའི་བདེན་པ་གང་ཞེ་ན། གང་སྲེད་པ་འདི་ནི་ཡང་སྲིད་པར་འབྱུང་བ་ཅན་དགའ་བའི་འདོད་ཆགས་དང་བཅས་པ་དེ་དང་དེ་ལ་མངོན་པར་དགའ་བའི་ངང་ཚུལ་ཅན། འདི་ལྟ་སྟེ་འདོད་པའི་སྲིད་པ་དང་། སྲིད་པའི་སྲེད་པ་དང་འཇིག་པའི་སྲེད་པ་ཡིན་ནོ་ཞེས་གསུངས་སོ། །

དེ་ནི་སྲིད་འདོད་ཅེས་བྱ་བ་ལ་སོགས་པས་སྟོན་པར་བྱེད་དོ། །བཤད་མ་ཐག་པའི་སྐྱེ་བའི་གནས་སུ་ཉེ་བར་འགྲོ་བའི་སྲིད་པ་གང་ཡིན་པ་དེ་ནི་སྲིད་པའི་སྲེད་པ་ཞེས་བྱ་བའི་མིང་ཅན་ཡིན་ནོ། །གང་ཕྱིར་ཡང་གཞན་གྱིས་བཀྲི་བ་མ་ཡིན་པ་སེམས་དང་བཅས་པ་སྔ་ནས་རྣམ་པར་ཤེས་པ་ལ་

གནས་པའི་སྲོག་ཆགས་བདེ་སྡུག་ཐོབ་པ་དང་། དོར་འདོད་བདེ་བ་ཐོབ་པ་དང་། སྡུག་བསྔལ་ཡོངས་སུ་དོར་བ་ཚོལ་བའི་ངང་ཚུལ་ཅན་གྱི་འཇུག་པ་གང་ཡིན་པ་འགའ་ཞིག་སྟེ། གནས་དང་རྟེན་དང་ཉེ་བར་ལེན་པ་ཡོངས་སུ་ལེན་པའི་དོན་ཅན་ནོ། །དེ་ལས་ཀྱང་སྲིད་པ་

ཉིད་ཀྱི་རྒྱུ་མཚན་གྱིས་མངལ་གྱི་གནས་ལ་སོགས་པ་ཡོངས་སུ་ལེན་པ་ཡིན་ནོ་ཞེས་རྟོགས་པར་འགྱུར་རོ། །དེ་དག་ནི་འདོད་དང་འཇིག་ལ་སྲེད་ཡིན་འདོད། བདེ་བའི་སྲིད་པ་འཇུག་པའི་རྒྱུ་མཚན་གང་ཡིན་པ་དེ་ནི་འདོད་པའི་སྲེད་པ་ཞེས་བྱ་བར་འདོད་དོ། །སྡུག་བསྔལ་དང་འབྲལ་

Vol. 175 · folio 80a

བར་འདོད་པ་གང་ཡིན་པ་དེ་ནི་འཇུག་པའི་སྲེད་པ་ཡིན་པར་འདོད་དོ། །སྦྱོར་བ་ཡང་གང་དག་གཞན་གྱི་དབང་མ་ཡིན་པ་སེམས་ལ་གནས་པ་གནས་ལ་སོགས་པ་ཐོབ་པ་དང་། དོར་བ་ཡོངས་སུ་ལེན་པ་དེ་དག་ནི་བདེ་བ་དང་སྡུག་བསྔལ་ཐོབ་པ་དང་། དོར་བ་སྔོན་དུ་

སོང་བ་ཅན་ཡིན་ཏེ། དཔེར་ན་ལྷ་སྦྱིན་གྱི་གྲོང་གཞན་ལ་སོགས་པ་ཐོབ་པ་དང་། དོར་བ་ཡོངས་སུ་ལེན་པ་ལྟ་བུའོ། །སྲོག་ཆགས་རྣམས་དང་གཞན་གྱི་དབང་མ་ཡིན་པ་སེམས་ལ་གནས་པ་གནས་ལ་སོགས་པ་ཐོབ་པ་དང་། དོར་བ་ཡོངས་སུ་ལེན་པ་མངལ་ལ་སོགས་པ་ཐོབ་པ་དང་། དོར་

བ་ཡོངས་སུ་ལེན་པ་ཡིན་ནོ་ཞེས་བྱ་བ་ནི་འབྲས་བུའི་གཏན་ཚིགས་སོ། །བདེ་མིན་ནི་རྟག་པ་དང་བདེ་བ་དང་། བདག་དང་བདག་གི་དང་བྲལ་བ་དངོས་པོ་དམན་པ་ལའོ། །རྟག་པ་ལ་སོགས་པར་སྒྲོ་འདོགས་པ་ཅན། བདེར་འདུ་ཤེས་པ་སྟེ། འདི་ལས་འདི་བདེ་བ་ཡིན་ནོ་

ཞེས་མངོན་པར་འདོད་པའི་སྐྱེས་བུའིའོ། །ལ་ལར་འཇུག་པའི་བདག་ཏུ་ཆགས་པ་ཉིད་རྒྱུ་ཡིན་ཏེ། བདག་ལ་ཆགས་པ་རྒྱུ་ཉིད་ཕྱིར་རོ། །ཡུལ་གང་ལ་ཞེ་ན་ཀུན་ལ་རབ་ཏུ་འཇུག་པ་ལ་ཡུལ་དུ་གྱུར་པ་ཐམས་ཅད་ལ་གནས་སུ་འགྲོ་བ་ལ་སོགས་པའི་འབད་རྩོལ་གྱི་མཚན་ཉིད་

ཅན་གྱི་འཇུག་པ་དང་ལྡོག་པ་ལ་བདག་ཏུ་ཆགས་པ་རྒྱུ་ཡིན་ནོ། །དེ་ལྟར་ན་བརྩེ་བ་དང་ལྡན་པ་ལས་གཞན་དུ་གཞན་ལ་རག་ལུས་པ་མེད་པ་སྔ་ན་ཡོད་པའི་སྲོག་ཆགས་བློ་ཕྱིན་ཅི་ལོག་པ་ཅན་ཁོ་བོའི་སྡུག་བསྔལ་ལམ། ངའི་འདི་ཞེས་སྡུག་བསྔལ་ཡོངས་སུ་སྤངས་ནས་

ཀྱང་བདེ་བ་དེ་ཐོབ་པར་བྱའོ་ཞེས་འཇུག་པའི་ངར་འཛིན་པ་དང་། ང་ཡིར་འཛིན་པས་ཀུན་ནས་བསླངས་པའི་བདག་ཏུ་ཆགས་པ་ཉིད་ལ་ཐམས་ཅད་དུ་འཇུག་པར་འགྱུར་རོ། །མངལ་ན་གནས་པའི་འཇུག་པ་ཡང་སྲོག་ཆགས་ཇི་སྐད་དུ་བཤད་པ་དག་ཏུ་ཆགས་པ་སྔོན་དུ་

སོང་བ་ཅན་ཉིད་ཡིན་ནོ། །སྦྱོར་བ་ནི་གང་དང་གང་སྲོག་ཆགས་གཞན་གྱི་དབང་མ་ཡིན་པ་སེམས་ལ་གནས་པ་རྟག་པ་དང་བདེ་བ་དང་། བདག་དང་། བདག་གི་དང་བྲལ་བ་ལ་དེར་སྒྲོ་འདོགས་ནས་འཇུག་པ་དང་། གནས་ལ་སོགས་པ་འདོད་པ་ཡོངས་སུ་ལེན་པ་གང་ཡིན་པ་དེ་

Vol. 175 · folio 80b

ཐམས་ཅད་ཀྱི་ཕྱིན་ཅི་ལོག་པའི་བློ་ནི་བདག་ཏུ་ཆགས་པས་བྱས་པ་ཡིན་ཏེ། དཔེར་ན་འདི་ཉིད་ཀྱི་ཐ་སྙད་ཀྱི་དུས་སུ་འགྱུར་བའི་ངང་ཚུལ་ཅན་གྱི་འཇུག་པ་ལྟ་བུའོ། །སྲོག་ཆགས་རྣམས་ཀྱང་གཞན་གྱི་དབང་མ་ཡིན་པ། སེམས་ལ་གནས་པ་རྟག་པ་དང་། བདེ་བ་དང་། བདག་

དང་བདག་གི་དང་བྲལ་བ་ལ་དེར་སྒྲོ་འདོགས་པས་འཇུག་པ་ལ་སོགས་པ་དང་མངལ་ལ་སོགས་པའི་གནས་ལ་འཇུག་པ་ལ་སོགས་པ་ཡིན་ནོ་ཞེས་བྱ་བ་ནི་འབྲས་བུའི་གཏན་ཚིགས་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ཡིན་པ། དེ་ཕྱིར་སྲིད་པ་སྲེད་རྟེན་ཡིན། །སྲིད་པ་ཉིད་སྐྱེ་བའི་

ཀུན་དུ་འཆིང་བའི་རྒྱུ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བའོ། །ཆགས་བྲལ་སྐྱེ་བ་མ་མཐོང་ཕྱིར། །ཞེས་ནི་སློབ་དཔོན་རྣམས་ཀྱི་གསུངས། །གང་གི་ཕྱིར་འདོད་ཆགས་ལ་སོགས་པ་དང་བྲལ་བ་སྐྱེས་བུའི་སྐྱེ་བ་མ་མཐོང་བ་དེའི་ཕྱིར། སྐྱེ་བ་ནི་འདོད་ཆགས་ཀྱི་རྒྱུ་མཚན་ཅན་

ཡིན་ནོ་ཞེས་སློབ་དཔོན་དབྱིག་གཉེན་ལ་སོགས་པས་འདིའི་འདི་རྒྱུ་ཡིན་པར་གསུངས་པ་སློབ་དཔོན་གྱིས་འདི་ལྟར་སྲེད་པ་སྲིད་པའི་རྟེན་ཡིན་ནོ་ཞེས་བཤད་དོ། །དེ་སྐད་དུ་བཤད་པ་ན་ཚུ་རོལ་མཛེས་པ་གང་ཡིན་པས་སྨྲས་པ། ཇི་ལྟར་འདོད་ཆགས་དང་བྲལ་བའི་སྐྱེ་པ་མཐོང་

བའི་ཕྱིར་དང་འདོད་ཆགས་སྐྱེ་བའི་རྒྱུ་ཡིན་པ་དེ་ལྟར་ན་ལུས་མེད་པ་ལ་ཡང་འདོད་ཆགས་མ་མཐོང་སྟེ། ལུས་མེད་འདོད་ཆགས་མ་མཐོང་ཕྱིར། །ལུས་འདོད་ཆགས་ཀྱི་རྒྱུ་ཡིན་པ་དེ་ལྟར་ན་ལུས་ལས་ཀྱང་ནི་འདོད་ཆགས་འབྱུང་བ་ཐོབ་པར་འགྱུར་རོ། །དེ་དང་དེ་ནི་འདོད་པ་

སྟེ་གྲུབ་པ་ལ་སྒྲུབ་པ་ཉིད་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དངོས་སམ་བརྒྱུད་པ་རྣམས་འགའ་ཞིག་གི་ཡུལ་ལ་སོགས་པ་དང་འདྲ་བར་ལུས་ཀྱང་འདོད་ཆགས་ལ་སོགས་པ་ལ་ཕན་འདོགས་པར་བྱེད་པའི་ཕྱིར། རྒྱུ་མཚན་ཁས་བླངས་ཕྱིར་ཏེ། ཕན་འདོགས་འགའ་ཞིག་

འབྱུང་བ་ལ་ལྷན་ཅིག་བྱེད་པའི་རྒྱུ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །ཉེར་ལེན་དག་ནི་བསལ་བ་ཡིན། །འདོད་ཆགས་ལ་སོགས་པའི་ལུས་ཉེ་བར་ལེན་པའི་རྒྱུ་ཡིན་ནོ་ཞེས་འགའ་ཞིག་བཀག་པ་ཡིན་ནོ། །ནིའི་སྒྲས་ནི་ལྷན་ཅིག་བྱེད་པའི་རྐྱེན་དུ་འགྱུར་བ་ཉིད་ཡིན་ནོ་

Vol. 175 · folio 81a

ཞེས་བསྟན་ཏོ། །དེ་དག་སྐྱེ་བའི་རྒྱུ་དང་གགས་བྱེད་པ་ལ་སོགས་པ་ཉེ་བར་སྦྱོར་བ་ཉིད་བཀག་པ་དེ་ལྟར་ན་ལུས་རྒྱུ་ཉིད་དུ་ཁས་བླངས་པ་དང་། བཀག་པ་དག་ལ་ཡང་འགལ་བ་ཡོད་པ་མ་ཡིན་ནོ། །འདོད་ཆགས་མེད་པར་སྐྱེ་བ་མ་མཐོང་ཕྱིར་འདིའི་འདོད་ཆགས་

རྒྱུ་ཡིན་ནོ་ཞེས་བྱ་བའི་རིགས་འདི་ལུས་འདོད་ཆགས་ཀྱི་རྒྱུ་ཉིད་ཡིན་པར་འདོད་པ་ན་སྟེ་ཁས་ལེན་ན་ཚུ་རོལ་མཛེས་པ་བདག་ཉིད་འདིའི་རང་གཞུང་ལ་ནི་གནོད་པར་འགྱུར། །དེ་ལྟར་ན་ལུས་དང་འདོད་ཆགས་དག་ཕན་ཚུན་རྒྱུ་ཉིད་དུ་ཁས་ལེན་པས་ན། འདོད་ཆགས་ལ་སོགས་

པའི་ཚོགས་ལས་ལུས་དང་ལུས་ལས་ཡང་འདོད་ཆགས་ལ་སོགས་པའི་ཚོགས་ཡིན་པ་དེ་ལྟར་ན་སེམས་ཅན་གྱི་རྒྱུན་ཐོག་མ་མེད་པ་ཅན་ཡིན་པས་ན་དེ་དག་ནི་བདག་ཉིད་ལ་འགལ་བ་བྱེད་པ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་སྐྱེས་ལས་ཆགས་མཐོང་ཕྱིར། །སྐྱེ་དང་ལྷན་ཅིག་

འབྱུང་བ་ཡིན། །གང་གི་ཕྱིར་སྲོག་ཆགས་སྐྱེས་པར་གྱུར་པ་དག་ལ་འདོད་ཆགས་མཐོང་གི་སྔར་མ་ཡིན་པ་དེའི་ཕྱིར་སྐྱེས་པ་དང་ལྷན་ཅིག་འདོད་ཆགས་འབྱུང་བ་ཡིན་ནོ། །དེ་བས་ན་ལུས་དང་དུས་མཚུངས་པར་འབྱུང་བའི་ངང་ཚུལ་ཅན་གྱི་འདོད་ཆགས་ནི་ལུས་ཀྱི་རྒྱུ་མ་ཡིན་ཏེ། འབྲས་བུ་

གྲུབ་པ་ལ་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་རོ་ཞེ་ན། གལ་ཏེ་དེ་ལྟ་ཡིན་པ་དེའི་ཚེ་རིགས་པ་འདི་ཉིད་ཀྱིས་ལུས་ལ་འདོད་ཆགས་ལ་སོགས་པའི་ཚོགས་ཀྱང་རག་ལུས་པ་མེད་པ་དེ་ལྟར་ན་དེ་དག་ཕན་ཚུན་རྒྱུ་ཉིད་མ་ཡིན་ཞིང་། རྒྱུ་མེད་པ་ཅན་ཡང་མ་ཡིན་ནོ། །དེ་བས་ན་སྔར་གྱི་སྐལ་བ་

མཉམ་པའི་རྒྱུ་ལས་འདི་སྐྱེས་པས་ན། སྐལ་མཉམ་སྐྱེས་ཕྱིར་སྔར་གྲུབ་ཡིན། །སྔར་གྲུབ་པའི་ཕྱིར་ཡང་ཡོན་ཏན་དང་བཅས་པའི་རྫས་སྐྱེ་བ་ཡིན་ནོ་ཞེས་རྟོག་པ་མི་རུང་ངོ་། །སྲོག་ཆགས་དག་གནས་ལ་སོགས་པ་ཡོངས་སུ་ལེན་པ་ལ་རྟག་པ་དང་བདེ་བ་དང་བདག་དང་བདག་གི་དང་བྲལ་བ་

ལ་ཕྱིན་ཅི་ལོག་པའི་བློ་འཇུག་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་དེ་བོར་ནས་ཅིའི་ཕྱིར་སྲེད་པ་ཉིད་རྒྱུ་ཉིད་ཡིན་པར་བསྟན་ཅེ་ན། བཤད་པ། སྲིད་ལ་མི་ཤེས་རྒྱུ་ཡིན་ནའང་། །འདིར་མི་ཤེས་པ་སྡུག་བསྔལ་གྱི་རྒྱུ་ཉིད་དུ་མ་བརྗོད་སྲེད་པ་ཉིད་བཤད་པ་སྟེ། འདི་ལྟར་རྒྱུ་ཡིན་པར་བཤད་དོ། །ཅིའི་ཕྱིར་ཞེ་

Vol. 175 · folio 81b

ན། སྲིད་པར་རྒྱུ་ནི་འཕེན་པར་བྱེད་ཕྱིར་དང་། །སྲིད་པའི་རྒྱུ་མཚན་ཏེ། སྐྱེ་བ་ཡོངས་སུ་ལེན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །སྲིད་པ་ནི་ཡུལ་ལ་སོགས་པ་ཐོབ་པའི་རྒྱུ་མཚན་གྱི་རྩོལ་བ་ཀུན་ནས་སློང་བར་བྱེད་པ་ཡིན་ལ། འབད་རྩོལ་ལས་ཉེ་བར་ལེན་པའི་ཕུང་པོ་རྒྱུ་དང་།

འབྲས་བུར་གྱུར་པའི་རྒྱུན་སྐད་ཅིག་མ་གཞན་དང་། སྐྱེ་བའི་མཚན་ཉིད་ཅན་དུ་འགྱུར་རོ། །དེའི་ཕྱིར་མངལ་གྱི་གནས་ལ་སོགས་པ་ཡོངས་སུ་ལེན་པ་དེ་ལྟར་ན། རྒྱུད་འཕེན་པར་བྱེད་པའི་ཕྱིར་སྲིད་པའི་སྲེད་པ་ཉིད་བཤད་པ་ཡིན་ནོ། །དེ་མ་ཐག་ཕྱིར་རོ། །མི་ཤེས་པ་

ཡོད་དུ་ཟིན་ཀྱང་འདོད་པ་མེད་པར་འཇུག་པ་དེ་ལྟར་ན། འདོད་པ་ལས་འཇུག་པ་ཆོད་པ་མེད་པ་ཡིན་པ་འདི་ཉིད་རྒྱུ་རུ་བཤད་དོ། །ཇི་ལྟར་མི་ཤེས་པ་རྒྱུར་མ་བརྗོད་པ་དེ་ལྟར་ལས་ཀྱང་སྡུག་བསྔལ་གྱི་རྒྱུར་མ་བཤད་དོ། །ཅིའི་ཕྱིར་ཞེ་ན། དེ་ཡོད་ན་ཡོད་མེད་ཕྱིར་རོ། །

ཇི་ལྟར་རྣམ་པར་གྲོལ་བའི་སེམས་ལ་ལས་ས་བོན་དུ་གྱུར་པ་ཡོད་དུ་ཟིན་ཀྱང་མ་རིག་པའི་སྡུག་བསྔལ་གྱིས་ཁྱད་པར་དུ་བྱས་པ་དང་། སྲིད་པའི་འདོད་ཆགས་ཀྱིས་ཡོངས་སུ་བརླན་པར་མ་གྱུར་པ་དེ་སྲིད་དུ། དེ་དག་འབྲས་བུ་འབྱིན་པར་མི་འགྱུར་བ་དེ་ལྟར་ན།

ལས་ཀྱང་རྒྱུ་ཉིད་དུ་མ་བཤད་དོ། །དེ་ལྟར་ཀུན་འབྱུང་བཤད་པ་ཡིན་ནོ། །ཇི་སྐད་དུ་བཤད་པའི་རྒྱུ་དང་རང་བཞིན་གྱི་སྡུག་བསྔལ་དེ་དང་དེ་ནི་རྟག་པ་མ་ཡིན་ཏེ། རྒྱུ་འཆད་པར་སྲིད་པའི་ཆོས་ཅན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྡུག་བསྔལ་གྱི་རྒྱུ་ལས་གགས་

སོགས་སྲིད་ཕྱིར་རོ། །སོགས་པ་སྨོས་པས་ནི་མ་ཚང་བ་སྲིད་པའི་ཕྱིར་རོ། །གང་གི་ཕྱིར་རྒྱུ་དང་ལྡན་པ་ནི་རྒྱུ་གགས་བྱེད་པ་དང་། མ་ཚང་བ་སྲིད་པ་ཅན་ཡིན་པ་དེའི་ཕྱིར། རྒྱུ་དང་ལྡན་པ་ཉིད་ཀྱི་སྡུག་བསྔལ་ནི་རྟག་ཏུ་མ་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །

སྦྱོར་བ་ཡང་གང་དག་རྒྱུ་དང་ལྡན་པ་ཡིན་པ་དེ་དག་ནི་གགས་བྱེད་པ་དང་། རྒྱུ་མ་ཚང་བ་སྲིད་པ་ཅན་གྱི་རྒྱུ་ཅན་ཡིན་ཏེ། དཔེར་ན་འབྲུ་ལ་སོགས་པ་ལྟ་བུའོ། །སྡུག་བསྔལ་འདི་ཡང་རྒྱུ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གང་དག་

Vol. 175 · folio 82a

གགས་བྱེད་པ་དང་། མ་ཚང་བ་སྲིད་པ་ཅན་གྱི་རྒྱུ་ཅན་ཡིན་པ་དེ་དག་ནི་གདོན་མི་ཟ་བར་རྟག་ཏུ་བའི་རྒྱུན་གྱི་རྗེས་སུ་བྱེད་པར་འགྱུར་བ་མ་ཡིན་ཏེ། དཔེར་ན་འབྲུ་ལ་སོགས་པ་དེ་ཉིད་ལྟ་བུའོ། །སྡུག་བསྔལ་ཡང་གགས་བྱེད་པ་དང་མ་ཚང་བ་སྲིད་པ་ཅན་

གྱི་རྒྱུ་ཅན་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །འཁོར་བ་ཉིད་ཕྱིར་ཐར་པ་མེད། །གང་གི་ཕྱིར་སྲོག་ཆགས་འདིའི་འཁོར་བའི་ཆོས་ཅན་ཡིན་ན་ཆོས་གང་ཡིན་པ་དེ་གང་གི་ཡིན་པ་དེའི་ཉམས་པར་མི་འགྱུར་བ་དེ་ལྟར་ན་འཁོར་བ་ཡིན་པའི་ཕྱིར་

ཐར་པ་མ་ཡིན་ནོ་ཞེས་བྱ་བ་ནི་གཞན་གྱིའོ། །སྦྱོར་ན་ནི་གང་ཞིག་ཆོས་ཅན་གང་ཡིན་པ་དེ་ནི་དེ་ལས་གྲོལ་བ་མ་ཡིན་ཏེ། དཔེར་ན་མེ་དྲོ་བའི་ཆོས་ཅན་ལྟ་བུའོ། །སྐྱེས་བུ་འདི་ཡང་འཁོར་བའི་ཆོས་ཅན་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །སྐྱོན་

དེ་ཡོད་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། འདོད་པ་ཉིད་ཡིན་པའི་ཕྱིར་ཏེ་འཁོར་བ་ཅན་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ན། གང་འཁོར་བ་ལས་གྲོལ་བར་འགྱུར། །སྡུག་བསྔལ་ཙམ་འབའ་ཞིག་པོ་འདི་རྒྱུ་དང་བཅས་པ་ཅན་འཇུག་པར་འགྱུར་བ་དང་། རྒྱུ་མ་ཚང་བ་ལས་

རེས་འགའ་མི་འབྱུང་ངོ་ཞེས་ཁོ་བོ་སྨྲའོ། །དེ་བས་ན་གྲུབ་པ་ལ་སྒྲུབ་པ་ཡིན་པའི་ཕྱིར་སྐྱོན་ཡོད་པ་མ་ཡིན་ནོ། །འཁོར་བའི་ཆོས་ཅན་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ཏེ། འོན་ཀྱང་དེ་དག་རྒྱུ་དང་འབྲས་བུ་འབའ་ཞིག་ཡིན་ནོ། །ཅི་སྟེ་གང་སྐྱེད་པར་བྱེད་པའི་རྒྱུ་གང་ཡིན་པ་དེས་

དེ་སྐྱེད་པར་འགྱུར་བ་ཉིད་ཡིན་ནོ་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་དེ་ནི་མ་ངེས་པ་ཉིད་ཡིན་ཏེ། རྒྱུ་རྣམས་ལ་གགས་བྱེད་པ་དང་མ་ཚང་བ་དང་སྲིད་པས་འབྲས་བུ་རྩོམ་པའི་ངེས་པ་མེད་པའི་ཕྱིར་རོ། །གལ་ཏེ་འཁོར་བ་འབའ་ཞིག་བདེ་བ་ཅན་ནམ་སྡུག་བསྔལ་ཅན་དུ་མི་འགྱུར་བ་དེའི་ཚེ།

བདེ་བ་དང་སྡུག་བསྔལ་སྤང་བ་དང་ཐོབ་པའི་དོན་དུ་ཁོ་བོ་འབད་རྩོལ་བྱེད་དོ་ཞེས་བྱ་བ་ཡང་ཅུང་ཞིག་མི་སྣང་ཞིང་དེ་ལྟར་རྩོལ་བ་མེད་པར་འགྱུར་རོ། །སྦྱོར་བ་ནི་གང་ཞིག་གང་སྡུག་བསྔལ་གང་བཟློག་པར་བྱ་བའི་ཕྱིར་དང་། བདེ་བ་ཐོབ་པའི་ཕྱིར་ཁོ་བོ་འབད་རྩོལ་བྱེད་དོ་ཞེས་བྱ་བ་མ་

Vol. 175 · folio 82b

མཐོང་བ་དེ་ནི་འཁོར་བའམ། ཐར་པ་འགའ་ཞིག་ལ་འབད་རྩོལ་མི་བྱེད་དེ། དཔེར་ན་མོ་གཤམ་གྱི་བུ་ལྟ་བུའོ། །སྐྱེས་བུ་འདི་ལ་ཡང་ཇི་ལྟར་དུ་བཤད་པའི་རྣམ་པས་ཇི་སྐད་དུ་བཤད་པའི་ཁོ་བོ་འབད་རྩོལ་བྱེད་དོ་ཞེས་བྱ་བ་མ་མཐོང་ངོ་ཞེས་བྱ་བ་ནི་རྒྱུ་མི་དམིགས་པའོ། །གལ་ཏེ་གང་

དག་གྲོལ་བའི་བདག་ཉིད་ཅན་དེ་ལྟར་མི་མཐོང་བ་དེ་མདུན་དུ་བྱས་ནས་དེ་སྐད་དུ་བརྗོད་པ་དེའི་ཚེ་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །ཅི་སྟེ་ཁོ་བོ་ཅག་ལ་སོགས་པ་ལ་བརྩམས་པ་ཡིན་པ་དེའི་ཚེ་མ་གྲུབ་པ་མ་ཡིན་ཏེ། ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་མཐོང་བ་ལ་མཐོང་བ་ཞེས་མི་བྱའི། འོན་

ཀྱང་ཇི་སྲིད་དུ་མངོན་སུམ་གྱི་དེ་ནི་ཆོས་ཙམ་ཁོ་ན་ཡིན་ནོ་ཞེས་མངོན་སུམ་དུ་མ་བྱས་པར་རོ། །བདག་ཏུ་མངོན་པར་ཆགས་པས་བདག་ཏུ་ཆགས་པའི་རྗེས་སུ་ཞུགས་པ་ཅན་གྱི་ཡིད། ཇི་སྲིད་བདག་ཅག་མ་བཅོམ་པ། །དེ་སྲིད་བདག་ཏུ་ཆགས་པ་ཅན། །དེ་ནི་ཡོངས་སུ་གདུང་འགྱུར་

བ། །འདི་སྡུག་བསྔལ་གྱིས་གནས་པར་འགྱུར་རོ། །ཇི་སྲིད་དུ་ཡོངས་སུ་གདུང་བར་འགྱུར་བ། དེ་སྲིད་སྡུག་བསྔལ་སྒྲོ་བཏགས་ནས། །བདག་ཉིད་ལའོ། །རང་བཞིན་དུ་ནི་གནས་པ་མེད། །སྲོག་ཆགས་སུ་མངོན་པར་འདོད་པའི་ཕུང་པོའི་རྒྱུན་ནོ། །གང་གི་ཕྱིར་དེ་ལྟར་རྨོངས་

པ་ལས་བདག་ལ་སྡུག་བསྔལ་ཉིད་དུ་སྒྲོ་བཏགས་ནས། བདེ་བ་མེད་པ་དེ་བས་ན་དེ་ལྟར་ཐོས་པ་དང་ལྡན་པས་གྲོལ་བ་པོ་ནི་མེད་ན་ཡང་། ལོག་པ་སྒྲོ་འདོགས། དེ་ཉིད་བཅོམ་ཕྱིར་བརྩོན། བདག་ལ་སོགས་པ་འགའ་ཞིག་གོ། །སྦྱོར་བ་ནི་གང་ཞིག་གང་ལ་གང་གི་རྣམ་པར་སྒྲོ་

འདོགས་པས་ཆགས་པ་དང་ལྡན་པ་དེ་ནི་དེ་ལ་སྒྲོ་འདོགས་པའི་ཆགས་པས་བྱས་པའི་འཇུག་པ་དང་ལྡན་པ་ཡིན་ཏེ། སྲོག་ཆགས་སུ་མངོན་པར་འདོད་པའི་འདུས་བྱས་ཀྱི་རྒྱུན་དེ་ཉིད་དུག་དང་བཅས་པའི་ཟས་ལ་དུག་མེད་པར་སྒྲོ་བཏགས་ནས་མངོན་པར་འདོད་པ་དང་ལྡན་པ་

དེས་བྱས་པའི་འཇུག་པ་དང་ལྡན་པ་ལྟ་བུའོ། །འདུས་བྱས་ཀྱི་རྒྱུན་འདི་ཡང་ཉེ་བར་ལེན་པའི་ཕུང་པོའི་རྒྱུན་འདི་ལ་བདག་དང་བདག་གིར་སྒྲོ་བཏགས་ནས་ཆགས་པ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །རེ་ཞིག་བདག་ཏུ་འཛིན་པའི་འཆིང་བ་

Vol. 175 · folio 83a

ཅན་དག་གི་འཇུག་པ་ནི་བདག་ལ་རྗེས་སུ་ཕན་འདོགས་པའི་ཕྱིར་རིགས་པ་ཡིན་ན་གང་ཡང་འདོད་ཆགས་དང་བྲལ་བ་བདག་དང་བདག་གིར་ལྟ་བ་སྤངས་པ་ཅན་དེ་དག་ནི་འགའ་ཞིག་གི་ཚེ་ངའམ་ངའི་ཞེས་བྱ་བའི་བློ་མེད་པ་ཡིན་ལ། དེ་དག་ནི་བདག་ལ་

ཕན་འདོགས་པ་ཅུང་ཟད་ལ་ཡང་མི་ལྟ་བ་ཡིན་ན་ཇི་ལྟར་ན་དེ་དག་དེའི་དོན་དུ་འཇུག་པར་རིགས་པ་ཡིན། སྦྱོར་བ་ནི་གང་ཞིག་ཇི་ལྟ་བ་བཞིན་གྱི་ངོ་བོ་ཡིན་ན། བདག་ལ་ཕན་འདོགས་པ་ལ་ལྟ་བ་མ་ཡིན་པ་དེ་ནི་དེ་ལྟ་བུའི་ངོ་བོ་སྒྲུབ་པ་མ་ཡིན་ཏེ། དཔེར་ན་སྐྱེས་བུ་འགའ་ཞིག་

བདག་ལ་ཕན་འདོགས་པ་ལ་མི་ལྟ་བ་ལྟ་བུའོ། །འདོད་ཆགས་དང་བྲལ་བ་ཡང་གནས་པར་འཇུག་པའི་ཕྱིར་བདག་ལ་ཕན་འདོགས་པ་ལ་མི་ལྟ་བ་ཡིན་ནོ་ཞེས་བྱ་བ་ནི་རྒྱུ་མི་དམིགས་པའོ། །གཏན་ཚིགས་དེ་ནི་མ་ངེས་པ་ཡིན་ཏེ། འདི་ལྟར་བདག་ལ་ཆགས་པ་

ཉིད་ཀྱི་གནས་པ་མ་ཡིན་གྱི། འོན་ཀྱང་འདོད་ཆགས་དང་བྲལ་བའི་གནས་པ་གང་ཡིན་པ་དེ་ནི་བརྩེ་བའམ་གཞན་ལ་ཡང་ཕན་གདགས་པའི་ཕྱིར་འཆིང་བ་མེད་པ་ཅན་དུ་ཅུང་ཟད་ཅིག་བཞུགས་པ་ཡིན་གྱི། གཞན་ལ་ཕན་འདོགས་པ་བདག་གི་བདེ་བའི་ཕྱིར་རམ་

སེམས་ཅན་ལ་ཆགས་པའི་ཕྱིར་མ་ཡིན་གྱི། འོན་ཀྱང་འདུ་བྱེད་ཀྱི་སྡུག་བསྔལ་ལ་དམིགས་པ་ཅན་གྱི་བརྩེ་བས་ཡིན་ཏེ། རྡོ་ལ་ཆགས་པའི་སྦལ་པ་བཏོན་པ་བཞིན་ནོ། །གཞན་ཡང་འདོད་ཆགས་དང་བྲལ་བ་རྣམས་ཀྱི་གནས་པ་ནི། ཡང་ན་ལས་

རྣམས་སམ་ཞེས་བྱ་བ་སྨོས་ཏེ། སྔོན་བྱས་པའི་ལས་ཀྱིས་འཕངས་པའི་སྡུག་བསྔལ་གྱི་རྒྱུན་རང་གི་ངང་གིས་འཇུག་པ་ཡིན་ནོ། །དེ་འཆིང་བར་བྱེད་པ་མ་ཡིན་ཞིང་། རྒྱུན་གཅོད་པར་བྱེད་པ་ཡང་མ་ཡིན་པ་དེ་ལྟར་ན་གཉི་ག་ལ་བཏང་སྙོམས་སུ་བྱེད་པ་ཡིན་ནོ། །

གལ་ཏེ་ཡང་བར་མ་དོར་གགས་བྱེད་པ་དེའི་ཚེ་ཡང་མི་མཐུན་པ་ཉིད་ཡིན་པས་ནི་མ་ཡིན་ནོ། །འོན་ཀྱང་ཅི་ཡིན་ཞེ་ན། དེ་ལྟར་སེམས་ཅན་ལ་ཕན་གདགས་པར་བྱ་བ་འགའ་ཞིག་ཀྱང་མ་མཐོང་བའི་ཕྱིར་ན་འགལ་བ་མེད་པ་ཡིན་ནོ། །སྔོན་གྱི་ལས་ཀྱིས་འཕངས་པའི་ནུས་

Vol. 175 · folio 83b

པ་ཉིད་ཀྱིས་ཉོན་མོངས་པ་སྤངས་པ་རྣམས་གནས་པ་ཡིན་ནོ། །དེ་བཞིན་དུ་སྡུག་བསྔལ་གྱི་རྒྱུན་འཕངས་ལ་ལྡོག་མེད་འདོད་ཕྱིར་རོ། །ལྡོག་པར་སྨོན་པ་ནི་ལྡོག་པར་འདོད་པའོ། །ལྡོག་པར་འདོད་པ་མ་ཡིན་པ་ནི་ལྡོག་པ་མེད་པའི་འདོད་པའོ། །ལྡོག་པ་མེད་པའི་འདོད་

པའི་རྒྱུའི་ཕྱིར་ཇི་ལྟར་འཕངས་པ་བཞིན་དུ་འཇུག་པ་ཉིད་ཡིན་ནོ། །དེ་ལྟར་ན་སྡུག་བསྔལ་གྱི་རྒྱུན་འཇུག་པ་མི་མཐུན་པའི་མིང་ཅན་གྱིས་རྒྱུན་གཅད་པའི་ཕྱིར་འབད་རྩོལ་རྩོམ་པ་མ་ཡིན་གྱི་འོན་ཀྱང་བཏང་སྙོམས་སུ་བྱེད་པ་ཡིན་ཏེ། ཇི་སྐད་དུ། འཆིང་ལ་དགའ་

བར་མི་བྱ་ཞིང་། །གསོན་པ་ལ་ནི་དགའ་མི་བྱ། །དཔེར་ན་གླ་བའི་གླ་བཞིན་དུ། །ཁོ་བོ་དུས་ལ་སྡོད་པ་ཡིན། །ཞེས་བཤད་པ་ལྟ་བུའོ། །གལ་ཏེ་དེ་ལྟར་གཞན་འཇུག་པར་བྱེད་པ་སྲིད་པ་གཞན་དུ་ཉིང་མཚམས་སྦྱོར་བར་བྱེད་པའི་ལས་ཀྱིས་ཀྱང་སྲིད་པ་གཞན་དུ་འཕེན་

པར་བྱེད་པ་ཡིན་ནའང་བཏང་སྙོམས་སུ་བྱེད་པ་དེ་ལྟར་ན་ཡང་སྲིད་པར་ཉིང་མཚམས་སྦྱོར་བར་འགྱུར་རོ་ཞེ་ན། སྐྱོན་དེ་ཡོད་པ་མ་ཡིན་ཏེ་འདི་ལྟར་སྲིད་པའི་སྲེད་པ་ལས་རྣམ་པར་རྒལ་བའི་ངང་ཚུལ་ཅན་གང་ཡིན་པ་དེ་དག་ནི། སྲིད་པའི་སྲེད་ལས་རྣམ་རྒལ་བ། །འདོད་

ཆགས་དང་བྲལ་བ་རྣམས་ཀྱི་ལས་གཞན་སྲིད་པ་གཞན་དུ་འཕེན་ནུས་ཡོད་མིན་ཏེ། ཤུགས་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ལྷན་ཅིག་བྱེད་པའི་ཟད་ཕྱིར་རོ། །ལྷན་ཅིག་བྱེད་པའི་རྒྱུ་ནི་མི་རྟག་པ་ལ་སོགས་པའི་བདག་ཉིད་ལ་ཕྱིན་ཅི་ལོག་གི་ཤེས་པ་དང་སྲིད་

པ་ལ་སྲེད་པ་ཡིན་ཏེ། ལྷན་ཅིག་བྱེད་པའི་རྒྱུ་དེ་གཉི་ག་ཟད་པའི་ཕྱིར་འཕེན་པ་མ་ཡིན་ནོ། །བརྩེ་བས་ཆགས་པ་དང་བྲལ་བ་རྣམས་ཀྱི་གནས་པ་རིགས་པ་མ་ཡིན་ཏེ། འདི་ལྟར་བརྩེ་བ་ནི་སེམས་ཅན་ལ་ལྟ་བ་སྔོན་དུ་སོང་བ་ཅན་ཡིན་ན། དེ་ཡང་སེམས་རྣམ་པར་གྲོལ་བ་

དག་ལ་ཡོད་པ་མ་ཡིན་པ་དེས་ན། གང་གིས་ན་བརྩེ་བས་གནས་པར་འགྱུར། ཅི་སྟེ་ཡོད་པ་ཡིན་པ་དེའི་ཚེ་བདག་ཏུ་ལྟ་བ་སྤངས་པ་མ་ཡིན་ནོ། །སྦྱོར་བ་ཡང་གང་སེམས་ཅན་ལ་ལྟ་བ་སྔོན་དུ་སོང་བ་ཅན་དེ་ནི་སེམས་ཅན་དུ་ལྟ་བ་སྤངས་པར་འགྱུར་བ་མ་ཡིན་ཏེ། དཔེར་ན་

Vol. 175 · folio 84a

བདག་ལ་ཆགས་པ་ལྟ་བུའོ། །སྙིང་རྗེ་ཡང་སེམས་ཅན་ལ་ལྟ་བ་སྔོན་དུ་སོང་བ་ཅན་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །དེ་ལྟར་ཡང་མ་ཡིན་ན་སྙིང་རྗེས་ཡང་འགྱུར་བ་ཡིན་པ་དེ་བས་ན། བདག་ཏུ་ལྟ་བ་སྤངས་པ་ཅན་མ་ཡིན་པ་དེ་

ལྟར་ན་བཟློག་པ་ནི་གང་དང་གང་བདག་ཏུ་ལྟ་བ་སྔོན་དུ་སོང་བ་ཅན་གྱི་བློ་དང་ལྡན་པ་དེ་དག་ནི་བདག་ཏུ་ལྟ་བ་སྤངས་པ་ཅན་ཡིན་པར་མི་འགྱུར་ཏེ། དཔེར་ན་བདག་ཏུ་ལྟ་བ་སྔོན་དུ་སོང་བ་ཅན་བདག་ཏུ་ཆགས་པ་དང་ལྡན་པ་ལྟ་བུའོ། །སྐྱེས་བུའི་གྲོལ་བ་ཉིད་དུ་མངོན་པར་འདོད་པ་

ཡང་བདག་ཏུ་ལྟ་བ་སྔོན་དུ་སོང་བ་ཅན་གྱི་སྙིང་རྗེའི་སེམས་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཡིན་ནོ་ཞེས་བྱ་བ་ནི་ཕྱོགས་སྔ་མའོ། །སྦྱོར་བ་སྔ་མ་ལ་གྲུབ་པ་ལ་སྒྲུབ་པ་དང་གཏན་ཚིགས་མ་གྲུབ་པ་ཡིན་ཏེ། སེམས་ཅན་ལ་དམིགས་པ་ཅན་གྱི་

སྙིང་རྗེ་ནི་དོན་དམ་པ་ཅན་མ་ཡིན་གྱི་འོན་ཀྱང་ཆོས་ལ་དམིགས་པ་ཅན་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གཉིས་པ་ལ་མ་གྲུབ་པ་ཉིད་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར། སྡུག་བསྔལ་ཤེས་པ་ཞེས་བྱ་བ་སྨོས་ཏེ། སྡུག་བསྔལ་ཤེས་པ་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་

པ་དང་བདག་མེད་པ་ཤེས་པ་ཡོད་ན། ཞེ་སྡང་སྤངས་པ་ཅན་གྱི་རྒྱུད་འགལ་བ་མེད་པའི་བརྩེ་བ་སྐྱེ་བ་གང་ཡིན་པ་དེ། འདུ་བྱེད་སྔ་མ་འཇུག་པ་ཅན་དེ་དག་གིས་སྔར་ཡང་སྙིང་རྗེ་གོམས་པར་བྱས་ཤིང་། དེ་གོམས་པ་ལས་ཕྱིས་ཀྱང་བརྩེ་བ་སྐྱེ་བ་ཡིན་ནོ། །དེ་ཡང་དངོས་ཆོས་

ཏེ། རང་བཞིན་ཡིན་ཏེ། གོམས་པ་ལ་སྡུག་བསྔལ་ཙམ་མངོན་དུ་བྱེད་པའི་སྒོ་ནས་འཇུག་པའི་ཕྱིར་རོ། །བརྩེ་བ་སྐྱེ་བ་དེ། སེམས་ཅན་རྗེས་འབྲེལ་ཅན་མ་ཡིན། སེམས་ཅན་ལ་ལྟ་བ་སྔོན་དུ་སོང་བ་ཅན་མ་ཡིན་པ་དེ་ལྟར་ན་མི་ཤེས་པའི་ངོ་བོ་མ་ཡིན་ནོ། །འདོད་ཆགས་ལ་སོགས་

པའི་རང་བཞིན་དུ་ཡང་འགྱུར་བ་མ་ཡིན་ཏེ། འདི་ལྟར་དེ་བདག་མེད་པ་ཅན་ཏེ། རྟག་པ་དང་། བདེ་བ་དང་། བདག་དང་བདག་གི་དང་བྲལ་བའི་ཡུལ་དུ་གྱུར་པའོ། །ཆོས་ལ་སྟེ་ཕུང་པོ་ལ་སོགས་པའི་རང་གི་ངོ་བོ་ལའོ། །བདག་གཞན་སྒྲོ་བཏགས་ཕྱིར་ཏེ། རྟག་པ་དང་། བདེ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words