No title in the text — opening words: ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་བཞུགས་སོ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 175 · folio 84b

བ་དང་བདག་དང་བདག་གིའི་རང་བཞིན་དུ་སྒྲོ་བཏགས་པའི་རྒྱུའི་ཕྱིར་མངོན་པར་ཞེན་པའི་མཚན་ཉིད་ཀྱི་ཆགས་པ་སྐྱེ་བར་འགྱུར་རོ། །སྡུག་བསྔལ་རྒྱུན་གྱི་དུས་རེ་ཙམ། སྤྱོད་ཡུལ་ཐོབ་པར་གྱུར་པ་ཙམ་ཉིད་ལས་བརྩེ་བ་སྐྱེ་བ་ཡིན། བརྩེ་བ་འབྱུང་བ་ཡང་ཡིན་གྱི། རང་བཞིན་

གཞན་སྒྲོ་བཏགས་པ་ལས་མ་ཡིན་པ་དེ་ལྟར་ན་འདོད་ཆགས་ཀྱི་མཚན་ཉིད་ལས་བཟློག་པའི་རང་བཞིན་ཅན་ཡིན་པའི་ཕྱིར་འདོད་ཆགས་སྙིང་རྗེ་མ་ཡིན་ནོ། །གཏི་མུག་ཉེས་པའི་རྩ་བ་ཡིན། ཐམས་ཅད་ཀྱི་དང་པོའི་རྟེན་ཡིན་ཏེ། དེ་དག་དེའི་ཁྱད་པར་ཉིད་ཡིན་པའི་ཕྱིར་

རོ། །གཏི་མུག་དེ་ཡང་སེམས་ཅན་འཛིན་པ་ཡིན། བདག་དང་བདག་གིར་ལྟ་བ་ཡིན་ནོ། །དེ་མིན་ཏེ་སེམས་ཅན་དུ་འཛིན་པ་མེད་པར་རོ། །བདག་དང་བདག་གི་དང་འགལ་བ་ཅན་གྱི་ཁྲོ་རྒྱུ་ཞེ་སྡང་མིན་ནོ། །དེས་ན་བདག་དང་བདག་གི་རྣམ་པའི་རྗེས་སུ་འབྲེལ་པ་ཞེ་སྡང་

ཡིན་ཏེ། སྡུག་བསྔལ་གྱི་སྟོབས་ལས་སྐྱེ་བ་ཅན་གྱི་བརྩེ་བ་ནི་དེ་འདྲ་བ་མ་ཡིན་ནོ། །རྒྱུ་དེའི་ཕྱིར་བརྩེ་བ་ཉེས་མི་འདོད། ཞེ་སྡང་གི་ངོ་བོར་ཡང་མི་འགྱུར་རོ། །དེ་ལྟར་ན་སྲེད་པ་དང་བྲལ་བ་རྣམས་ཀྱི་བརྩེ་བ་ནི་ཕྱིན་ཅི་ལོག་གི་རྣམ་པར་སྒྲོ་བཏགས་པ་ཅན་དང་། ཉོན་མོངས་པའི་རང་

བཞིན་མ་ཡིན་པ་དེ་ལྟར་ན་ཐལ་བ་གྲུབ་པ་ལ་སྒྲུབ་པ་དང་མ་གྲུབ་པ་ཡིན་ཞིང་། བཟློག་པ་ལ་ཡང་མ་གྲུབ་པ་ཡིན་ནོ། །གལ་ཏེ་དེ་ལྟར་ཡིན་ན་སྔོན་གྱི་ལས་ཀྱིས་འཕངས་པས་གཞན་གྱི་དབང་ཉིད་ཡིན་པའི་ཕྱིར། དེ་ཉིད་ཀྱི་ཚེ་མྱ་ངན་ལས་འདས་པར་མི་འགྱུར་བ་དེའི་ཚེ།

འཁོར་བ་ལས་གྲོལ་བ་ཉིད་མ་ཡིན་ནོ་ཞེ་ན། དེ་གྲོལ་མེད་མ་ཡིན་སྔོན་དུ་བྱེད། ཟད་པ་ཡོད་ན་སྡུག་བསྔལ་གཞན་གྱི་རྒྱུ་མ་ཚང་བས་ཉིང་མཚམས་སྦྱོར་བ་མེད་པའི་ཕྱིར། གཞན་མཚམས་སྦྱོར་མི་བྱེད་པའི་གཏན་ཚིགས་ཀྱི་ཕྱིར་གྲོལ་བ་ཉིད་ཡིན་ནོ། །ཡང་གང་འདུ་བྱེད་

ནུས་ཟད་མེད་ཅན། ཡིན་པ་དེ་དག་གི་སྔོན་གྱི་འདུ་བྱེད་ཟད་པ་མ་ཡིན་པ་དེ་ལྟར་ན་དུས་ཐམས་ཅད་དུ་གནས་པར་འགྱུར་རོ། །དེ་ནི་དེ་ལྟར་ཡིན་ཏེ། གང་དག་གི་ལས་ནི་ནུས་པ་མ་ཟད་པ་ཅན་ཡིན་ཏེ། དཔེར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྟ་བུའོ། །དེ་གནས་ཉེས་མེད་

Vol. 175 · folio 85a

ཅན་སྐྱོན་དུ་གྱུར་པ་མ་ཡིན་པ་དེ་ལྟར་ན་མི་འདོད་པ་མ་ཡིན་ནོ། །གལ་ཏེ་ཆགས་པ་མེད་པ་དག་སྙིང་རྗེས་གནས་པ་དེའི་ཚེ། སྙིང་རྗེ་ལ་གནས་ནས་སེམས་ཅན་གྱི་དོན་ཡིད་ལ་བྱས་ནས་དེ་དག་ཡུན་རིང་པོར་ཅིའི་ཕྱིར་མི་གནས། སྦྱོར་བ་ནི་སྙིང་རྗེ་ལ་གནས་པ་དེ་

ནི་སེམས་ཅན་གྱི་དོན་ཡིད་ལ་བྱེད་པས་གནས་པའམ། ཡོངས་སུ་མྱ་ངན་ལས་འདས་པ་མ་ཡིན་ཏེ། དེ་ཉིད་ཀྱི་སྔོན་གྱི་གནས་སྐབས་ལྟ་བུའོ། །ཕྱིས་ཀྱང་སྙིང་རྗེ་ལ་གནས་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །བསྒྲུབ་པར་བྱ་བ་གཉིས་པ་ལ་ལྟོས་ནས་

ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གང་དག་གིས་སེམས་ཅན་མདུན་དུ་བྱས་ནས་སྔར་སྙིང་རྗེ་ཤིན་ཏུ་གོམས་པར་མ་བྱས་པ་ཡིན་ཏེ། དཔེར་ན་ཉན་ཐོས་དང་རང་སངས་རྒྱས་དག་ལྟ་བུའོ། །དེ་དག་སྙིང་རྗེས་དམན་པ་ཡིན་པས་ན། སྙིང་རྗེ་དམན་པ་ཉིད་ཕྱིར་ཡང་།

སྔོན་གྱི་ལས་ཀྱིས་འཕངས་པའི་ཕུང་པོའི་རྒྱུན་འཇུག་པ་ལས་གཞན་གྱིས་ཉིང་མཚམས་སྦྱོར་བས་གནས་པའི་འབད་རྩོལ་ཆེན་པོ་མེད། དེ་ལྟར་ན་དུས་རིང་པོར་གནས་པ་མ་ཡིན་ནོ། །དེ་ལྟར་གནས་པར་བྱེད་པའི་སྙིང་རྗེ་མེད་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ། །གང་

དག་སེམས་ཅན་ཆེན་པོ་རྒྱུ་མེད་པར་མཆོག་ཏུ་མཉེས་གཤིན་པ་བྱང་ཆུབ་ཀྱི་སེམས་སྔོན་དུ་སོང་བ་ཅན་གྱི་བརྩེ་བ་གོམས་པའི་སྟོབས་ཀྱིས་རང་གི་ངང་གིས་འཇུག་པའི་བརྩེ་བ་ཆེན་པོ་རྒྱུན་མི་འཆད་པར་གནས་པའི་རྒྱུ་མངའ་བ་དེ་དག་གཞན་གྱི་ངོར་ནི་བཞུགས་པ་ཡིན། སེམས་

ཅན་གྱི་དོན་གྱི་ཕྱིར་དུས་ཐམས་ཅད་དུ་བཞུགས་པ་དེ་ལྟར་ན་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །གང་ལ་བདག་ཏུ་ལྟ་བ་ཡོད་པ་དེ་ནི་སྡུག་བསྔལ་ལ་བདེ་བའི་འདུ་ཤེས་ཅན་ཡིན་ཏེ། ཡང་སྲིད་པར་མཚམས་སྦྱོར་བར་འགྱུར་རོ། །དེ་བས་ན་གལ་ཏེ་འཇིག་ཚོགས་ལྟ། ཡང་སྲིད་པར་

ཉིང་མཚམས་སྦྱོར་བའི་རྒྱུར་གྱུར་པ་དང་བྲལ་བའི་ཕྱིར་རྒྱུན་དུ་ཞུགས་པ་ལ་སོགས་པ་ལམ་དང་པོ་སྟེ། མཐོང་བའི་ལམ་ཉིད་ཀྱིས་སྲིད་མེད་གྲོལ་བ་ཉིད་དུ་འགྱུར་ན། དེ་ཡང་མི་འགྱུར་བ་དེའི་ཕྱིར་བདག་ཏུ་ཆགས་པ་སྐྱེ་བའི་མཚམས་སྦྱོར་བའི་རྒྱུ་མ་ཡིན་ནོ་ཞེ་ན། དེ་ནི་སྲིད་པ་མེད་

Vol. 175 · folio 85b

པ་ཉིད་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ལྷན་ཅིག་སྐྱེས་སྤངས་མེད་ཕྱིར་རམ། བདག་ཏུ་ལྟ་བའི་རྣམ་པ་གཉིས་ཏེ། ཀུན་བརྟགས་པ་དང་ལྷན་ཅིག་སྐྱེས་པའོ། །ཀུན་དུ་བརྟགས་པ་དེ་ནི་དེ་དག་གིས་ཤིན་ཏུ་ཀུན་དུ་སྤྱོད་པའི་ཆོས་མ་ཡིན་པས་ན་སྤངས་པས། དེ་ནི་སྐྱེ་བའི་ཀུན་ནས་འཆིང་

བའི་རྒྱུར་མི་འགྱུར་རོ། །འཇིག་ཚོགས་སུ་ལྟ་བ་ལྷན་ཅིག་སྐྱེས་པ་ཡང་སྲིད་པའི་རྒྱུ་གང་ཡིན་པ་དེ་ནི་དེ་དག་ཉིད་ཀྱིས་སྤངས་པ་མ་ཡིན་ནོ། །དེ་མ་སྤངས་པའི་རྒྱུའི་ཕྱིར་བདག་ཏུ་ཆགས་པ་མ་ལོག་པ་ཉིད་ཡིན་པ་དེ་ལྟར་ན་ཡང་སྲིད་པ་ཡོད་པ་ཡིན་ནོ།། །།ཚད་མ་རྣམ་

འགྲེལ་གྱི་འགྲེལ་པ། བམ་པོ་བཅུ་དགུ་པ། ཅི་སྟེ་འཇིག་ཚོགས་སུ་ལྟ་བ་ལྷན་ཅིག་སྐྱེས་པ་ཉིད་སྤངས་ནའང་། དེའི་ཚེ་ལྟ་བ་ཉིད་སྤངས་པར་ཁས་ལེན་པ་ན། སྲིད་པ་གང་ལས་ཡིན་ཏེ། ཐོབ་པ་ཉིད་མ་ཡིན་ནོ། །བདག་ཏུ་ལྟ་བ་ལྷན་ཅིག་སྐྱེས་པ་གང་ཡིན་པ་དེ་མ་སྤངས་པ་ཡང་གང་

ཡིན་ཞེ་ན། རེ་ཞིག་རྒྱུན་དུ་ཞུགས་པ་གདོན་མི་ཟ་བ་ཁོ་བོ་བདེ་བར་གྱུར་ཅིག །སྡུག་བསྔལ་བར་མ་གྱུར་ཅིག་ཅེས་འདོད་པར་འགྱུར་རོ་ཞེས་འདོད་པ་ཡིན་ཏེ། བདེ་བར་གྱུར་པའམ་སྡུག་བསྔལ་བར་མ་གྱུར་ཅིག་ཅེས་འདོད་པའི་སྲིད་པའི་གནས་སྐབས། འདི་ལ་ང་ཞེས་བློ་གང་དེ་

སེམས་ཅན་ལ་ལྟ་བ་ལྷན་ཅིག་སྐྱེས་པ་ཡིན་པར་འདོད་དོ། །དེ་ཡང་སྲིད་པའི་རྒྱུ་ཡིན་ནོ། །གང་གི་ཕྱིར། འགའ་ཞིག་ང་ཞེས་མཐོང་མེད་པ། །བདག་ལ་ཆགས་པར་བྱེད་པ་མིན། །དེའི་ཕྱིར་སྡུག་བསྔལ་ལ་ཕྱིན་ཅི་ལོག་པའི་བློ་ཉིད་བདག་ལ་ཆགས་པ་ཡིན་ནོ། །བདག་ལ་ཆགས་

པ་མེད་པ་ཡང་བདག་ལ་ཆགས་པ་མ་གཏོགས་པར་འགའ་ཞིག་ཀྱང་། བདེ་བར་འདོད་པ་མངོན་རྒྱུག་མེད། དེ་བས་ན་རྒྱུན་དུ་ཞུགས་པ་ཕྱིན་ཅི་ལོག་པའི་བློ་ཅན་གྱིས་ཡོངས་སུ་འཛིན་པ་གང་ཡིན་པ་དེས་བདག་ལ་སྲེད་པ་དང་ལྡན་པ་ཡིན་ནོ། །དེ་བས་ན་སེམས་ཅན་དུ་ལྟ་བ་ལྷན་

ཅིག་སྐྱེས་པ་མ་སྤངས་པ་ཡིན་ནོ། །སྦྱོར་བ་ནི་གང་སྡུག་བསྔལ་ལ་བདེ་བའི་འདུ་ཤེས་ཕྱིན་ཅི་ལོག་གི་བློ་ཅན་ཡང་སྲིད་པ་ཉིང་མཚམས་སྦྱོར་བར་བྱེད་པ་དེ་ནི་བདག་ལ་ཆགས་པ་དང་ལྡན་པ་ཡིན་ཏེ། དཔེར་ན་སོ་སོའི་སྐྱེ་བོ་ལྟ་བུའོ། །རྒྱུན་དུ་ཞུགས་པ་ལ་སོགས་པ་ལ་ཡང་སྡུག་བསྔལ་ལ་

Vol. 175 · folio 86a

བདེ་བའི་འདུ་ཤེས་ཀྱི་ཕྱིན་ཅི་ལོག་གི་བློ་ཅན་ཡང་སྲིད་པར་ཉིང་མཚམས་སྦྱོར་བར་བྱེད་དོ་ཞེས་བྱ་བ་ནི་འབྲས་བུའི་གཏན་ཚིགས་སོ། །གང་བདག་ཏུ་ཆགས་པ་དང་ལྡན་པ་གང་ཡིན་པ་དེས་ནི། འཇིག་ཚོགས་སུ་ལྟ་བ་ལྷན་ཅིག་སྐྱེས་པ་མ་སྤངས་པ་ཡིན་ཏེ་དཔེར་ན་སོ་

སོའི་སྐྱེ་བོ་ལྟ་བུའོ། །རྒྱུན་དུ་ཞུགས་པ་ལ་སོགས་པ་ཡང་བདག་ཏུ་ཆགས་པ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གལ་ཏེ་བདག་བཅིངས་པ་དང་གྲོལ་བ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ན། ཇི་ལྟར་འཆིང་བ་དང་ཐར་པ་གྲུབ་པ་ཡིན། སྦྱོར་བ་ནི་

འཆིང་བ་གང་ཡིན་པ་དེ་ནི་བཅིངས་པ་ལ་བརྟེན་པ་ཅན་ཡིན་ཏེ། དཔེར་ན་ལྷ་སྦྱིན་ལྕགས་སྒྲོག་གིས་བཅིངས་པ་ལྟ་བུའོ། །འཁོར་བ་ཡང་འཆིང་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གང་དང་གང་ཐར་བ་ཡིན་པ་དེ་ནི་གྲོལ་བ་ལ་བརྟེན་པ་ཅན་ཡིན་ཏེ། དཔེར་ན་ལྷ་སྦྱིན་

ལྕགས་སྒྲོག་ལས་ཐར་བ་ལྟ་བུའོ། །མྱ་ངན་ལས་འདས་པ་ཡང་ཐར་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་བས་ན་བཅིངས་པ་དང་གྲོལ་བ་འགའ་ཞིག་ཡོད་པ་ཉིད་ཡིན་ནོ་ཞེས་གཞན་དག་སེམས་སོ། །དེ་ལ་གཏན་ཚིགས་དེ་གཉིས་ནི་མ་གྲུབ་པ་ཡིན་ཏེ། འདི་

ལྟར་བཅིངས་པ་དང་གྲོལ་བ་འབའ་ཞིག་ཀྱང་ཡོད་པ་མ་ཡིན་ཏེ། འོན་ཀྱང་མ་རིག་པ་ཡོད་ན་འདུ་བྱེད་ནས་འཁྲུལ་པའི་བར་དུ་འཇུག་པར་འགྱུར་རོ། །བདག་དང་བདག་གི་དང་བྲལ་བ་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པོ་འབྱུང་བར་འགྱུར་རོ་ཞེས་གསུངས་སོ། །དེ་བས་ན་འདི་ནི་

འཁོར་བ་ཡིན་ནོ། །མ་རིག་པ་འགགས་པས་འདུ་བྱེད་འགག་པ་ནས་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པོ་འགག་པར་འགྱུར་རོ་ཞེས་བྱ་བའི་བར་ནི་ཐར་པ་ཡིན་ནོ། །གཞན་ཡང་བདག་ཉིད་ཀྱི་འཆིང་བ་དང་ཐར་བ་ནི་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་སྡུག་བསྔལ་སྐྱེ་བའི་རྒྱུ་ཉིད་ནི་

འཆིང་བ་ཡིན་པར་བརྗོད་དོ། །རྟག་པའི་དེ་སྟེ། སྡུག་བསྔལ་སྐྱེ་བའི་རྒྱུ་ཉིད་འབའ་ཞིག་ལ་ཡང་ནུས་པ་མེད་པའི་ཕྱིར་གང་ལས་ཡིན་སྦྱོར་བ་ནི་གང་སྡུག་བསྔལ་གྱི་རྒྱུ་ཉིད་མ་ཡིན་པ་དེ་ནི་འཆིང་བ་མ་ཡིན་ཏེ། དཔེར་ན་མོ་གཤམ་གྱི་བུ་ལྟ་བུའོ། །བདག་ཀྱང་སྡུག་བསྔལ་

Vol. 175 · folio 86b

སྐྱེ་བའི་རྒྱུ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །འདི་མ་གྲུབ་པ་ཡིན་པར་བསམ་པར་མི་བྱའོ། །སྐབས་གཞན་དག་ཏུ་རྟག་པའི་རྣམ་པར་བྱེད་པ་པོ་ཉིད་མ་ཡིན་པར་བསྟན་ཟིན་པའི་ཕྱིར་རོ། །ཇི་སྐད་དུ་བཤད་པའི་འཆིང་བས་བཅིངས་པར་འགྱུར་ན་

ཡང་། སྡུག་བསྔལ་མི་སྐྱེ་རྒྱུ་ཉིད་ནི། །གང་ཡིན་པ་དེ་ཐར་པ་ཡིན་ནོ། །རྟག་པ་དེ་སྟེ་སྡུག་བསྔལ་མི་སྐྱེ་བའི་རྒྱུ་ཉིད་འཆིང་བར་མ་གྲུབ་པའི་ཕྱིར་གང་ལས་ཡིན་ཏེ། མ་ཡིན་པ་དེ་ལྟར་ན་ལོག་པའི་རྟོག་པ་ཡིན་ནོ། །རྒྱས་པར་དེ་དག་ནི་རང་གི་སྡེ་པ་བསྟན་བཅོས་མཛད་པ་གཞན་

གྱིས་མང་དུ་བཤད་ཟིན་པའི་ཕྱིར་མ་སྤྲོས་སོ། །གལ་ཏེ་རྟག་པ་ལས་འཆིང་བ་དང་ཐར་པ་ཡོད་པ་མ་ཡིན་པ་དེ་ལྟར་ནི་འདོད་པ་ཉིད་ཡིན་མོད་ཀྱི། རྟག་པ་དང་མི་རྟག་པ་ཉིད་དུ་བརྗོད་དུ་མེད་པའི་གང་ཟག་བཅིངས་པ་དང་ཐར་པར་ཁས་ལེན་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། གཉི་

གའི་རྣམ་པར་མ་ཡིན་པའི་དངོས་པོ་མེད་པའི་ཕྱིར་རོ། །རྟག་པ་དང་མི་རྟག་པ་དག་ནི་ཕན་ཚུན་སྤངས་ཏེ། གནས་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །དངོས་པོ་ལ་གཅིག་རྣམ་པར་གཅད་པ་དང་། ཡོངས་སུ་གཅོད་པ་དག་ནི་དེ་ལས་གཞན་ཡོངས་སུ་གཅོད་པ་དང་། རྣམ་པར་

གཅད་པ་མེད་ན་མི་འབྱུང་བ་ཉིད་ཡིན་པའི་ཕྱིར་རོ། །གང་ཟག་དེ་ཡང་སྐད་ཅིག་མའམ། སྐད་ཅིག་མ་མ་ཡིན་པར་འགྱུར་གྲང་ན། །རེ་ཞིག་གལ་ཏེ་སྐད་ཅིག་མ་མ་ཡིན་པ་དེའི་ཚེ་སྐད་ཅིག་མ་ལས་ཕྱི་མའི་གནས་སྐབས་ཉིད་ཡིན་པའི་ཕྱིར་རྟག་པ་ཡིན་ནོ། །དེ་བས་ན་རྟག་པ་ནི་

རྟག་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་འགལ་ལོ། །མི་རྟག་པ་སྟེ་སྐད་ཅིག་མ་ཉིད་དུ་བརྗོད་བྱ་མིན་གང་ཡིན་དེ་ནི་མེད་པ་ཉིད་ཡིན་ནོ། །དེ་འགའ་ཞིག་གི་སྟེ། འབྲས་བུའི་རྒྱུ་མ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །དེ་བས་ན་གང་ཟག་ཡོད་པ་ཉིད་མ་ཡིན་པ་དེས་ན་འདི་ལ་སྡུག་བསྔལ་སྐྱེ་

བའི་རྒྱུ་མཚན་ཉིད་ཅན་གྱི་འཆིང་བ་ཡོད་པ་མ་ཡིན་ནོ། །དེའི་ཚེ་མ་བཅིངས་པ་ནི་སྡུག་བསྔལ་གྱི་རྒྱུ་ཉིད་མ་ཡིན་པའི་མཚན་ཉིད་ཅན་གྱི་ཐར་པ་མ་ཡིན་པ་དེ་ལྟར་ན། རྣམ་པ་ཇི་ལྟར་བཅིངས་ཐར་པ། །བརྗོད་བྱ་མིན་ལའང་མི་རུང་ངོ་། །གལ་ཏེ་རྟག་པ་ཉིད་དུ་བརྗོད་པར་བྱ་བ་ཉིད་མ་ཡིན་པའི་

Vol. 175 · folio 87a

ཕྱིར་སྐྱོན་མེད་དོ་ཞེ་ན། དེ་ལྟར་བརྗོད་པར་བྱ་བ་ཉིད་མ་ཡིན་པ་ནི་བླ་སྟེ། དེ་ལྟར་ན་ཡང་རེ་ཞིག་དེའི་རང་བཞིན་དུས་ཐམས་ཅད་ན་ཡོད་པའམ། ཡོད་པ་མ་ཡིན་ཞེས་བརྗོད་པར་བྱའོ། །དེ་བས་ན་གལ་ཏེ་ཡོད་པ་ཡིན་པ་དེའི་ཚེ་རྟག་པ་ཉིད་ཡིན་ནོ། །དེ་ལྟར་ན་རྟག་

པ་ཞེས་བྱ་བ་གཞན་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ཏེ། འདི་ལྟར་གང་གི་རང་བཞིན་འཇིག་མེད་པ་དེ་ལ་མཁས་རྣམས་རྟག་ཅེས་བརྗོད་དོ། །གང་གི་ཚེ་དེ་ལྟ་ཡིན་པ་དེའི་ཚེ་རྟག་པ་དང་། མི་རྟག་པ་མེད་པའི་ངོ་བོ་ཅན་གྱི་གང་ཟག་ཏུ་སྒྲོ་བཏགས་པའི། ལྟ་འདི་ངོ་ཚ་མེད་སྤངས་པ། །

མཁས་པའི་ཚོགས་ལ་ངོ་ཚ་བར་བྱེད་པའོ། །རང་བཞིན་འཇིག་པ་མེད་པ་དེ་ཕྱིར་དྲང་པོའི་རྣམ་པས་གང་ཟག་དེ་ནི་རྟག་ཅེས་བརྗོད། ཕྱིས་པའི་རྩེད་མོའི་རྟོག་པ་དང་འདྲ་བར་ལུང་དུ་མ་བསྟན་པའི་ཚིག་ལ་དམིགས་པས་ཅི་ཞིག་བྱ། འགོག་པའི་བདེན་པ་བཤད་ཟིན་ཏོ། །ད་ལམ་གྱི་

བདེན་པའི་སྐབས་སུ་བབ་པས་བཤད་ཟིན་ལམ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། སྟོན་པའི་ཚིག་བཤད་པའི་སྐབས་སུ་ཇི་ལྟར་བདག་མེད་པ་ཉིད་མཐོང་བ་གོམས་པའི་མཚན་ཉིད་ཅན་འདི་ནི་ཐབས་གོམས་པ་ཉིད་ཡིན་ནོ་ཞེས་བྱ་བས་བཤད་ཟིན་ཏོ། །ལམ་དེ་གོམས་པ་ལས་

བདག་མེད་པ་མཐོང་བའི་མཚན་ཉིད་ཅན་གྱི་ལམ་དེའི་སྒོམ་པ་རྫོགས་པ་ན། རྟེན་ནི་ཡོངས་སུ་གྱུར་པར་འགྱུར། །ཉེས་པ་དང་བཅས་པའི་སེམས་ཤིན་ཏུ་སྐྱེ་བ་མེད་པའི་ཆོས་ཅན་ཡོད་ན། ལམ་དེའི་བདག་ཉིད་ལ་སེམས་གནས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ནི་འགྱུར་

མོད་ཀྱི། གལ་ཏེ་གོམས་ཀྱང་ལམ་བཞིན་དུ། །ཉེས་འབྱུང་ཇི་ལྟར་ཉེས་པའི་བདག་ཉིད་ལ་གནས་པའི་སེམས་ལམ་གྱི་རྣམ་པར་འབྱུང་བ་དེ་བཞིན་དུ་ལམ་གོམས་པ་ལ་གནས་པའི་ཡང་ཉེས་པར་འབྱུང་བའི་ཕྱིར་གྲོལ་བ་ཉིད་མེད་དོ་ཞེ་ན། སྐྱོན་དེ་ནི་ཡོད་པ་མ་ཡིན་ནོ། །

ཅིའི་ཕྱིར་ཞེ་ན། ནུས་མེད་ཕྱིར། ལམ་གོམས་པ་ལ་གནས་པའི་སེམས་ལ་ཉེས་པ་རྣམས་ཡང་འབྱུང་བའི་ནུས་པ་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་སེམས་ཀྱི་རང་བཞིན་ནི་དེ་ཁོ་ན་ཉིད་མཐོང་བའི་བདག་ཉིད་ཅན་ཡིན་གྱི། ཕྱིན་ཅི་ལོག་གི་རྣམ་པ་དང་རྗེས་སུ་འབྲེལ་པའི་ཉེས་པ་དེའི་

Vol. 175 · folio 87b

བདག་ཉིད་ཅན་ནི་མ་ཡིན་ནོ། །འདིའི་ཉེ་བའི་ཉོན་མོངས་པ་གང་ཡིན་པ་དེ་ཡང་གློ་བུར་བའི་རྐྱེན་གྱི་དབང་གིས་ཡིན་ནོ། །དེ་ལ་གནོད་པ་ཡོད་ན་རང་གི་རང་བཞིན་ལ་གནས་པའི་སེམས་ནི་ཡང་ཉེས་པའི་རྟེན་བྱེད་པ་མ་ཡིན་ཏེ། དངོས་པོའི་སྟོབས་ཀྱིས་ཞུགས་པའི་རང་བཞིན་ཉིད་ཡིན་

པའི་ཕྱིར་རོ། །སྦྱོར་བ་ནི་གང་ཞིག་རང་བཞིན་གྱིས་དེའི་བདག་ཉིད་དུ་གྱུར་པ་གང་ཡིན་པ་རྐྱེན་གྱི་དབང་གིས་རྣམ་པ་གཞན་དུ་འཇུག་པ་དེ་ནི་རྐྱེན་དང་ཤིན་ཏུ་བྲལ་བར་ཡོད་ན་རང་གི་དེའི་བདག་ཉིད་ཐོབ་པ་ཡང་བདག་ཉིད་དེའི་རྟེན་དུ་འགྱུར་བ་མ་ཡིན་ཏེ། དཔེར་ན་གསེར་རང་བཞིན་གྱིས་རྣམ་

པར་དག་པ་འདྲེས་པའི་རྐྱེན་གྱི་དབང་གིས་འདྲེས་པར་གྱུར་པ་རྣམ་པར་སྦྱངས་པས་དེ་ཤིན་ཏུ་མེད་པ་ན་རང་གི་བདག་ཉིད་ལ་གནས་པ་ཡང་བདག་ཉིད་མ་དག་པར་གྲོལ་བ་མ་ཡིན་པ་ལྟ་བུའམ། འདི་ལྟ་སྟེ་སེམས་དེ་ཉིད་རང་བཞིན་གྱིས་ཐག་པ་ལ་ཐག་པའི་རྣམ་པར་མཐོང་བའི་

བདག་ཉིད་ཅན་གྱི་རྐྱེན་གྱི་དབང་གིས་སྦྲུལ་དུ་སྣང་བ། དེའི་རྐྱེན་ཤིན་ཏུ་མེད་པ་ན་ཡང་སྦྲུལ་དུ་འཛིན་པ་མ་ཡིན་པ་ལྟ་བུའོ། །སེམས་ཀྱང་རང་བཞིན་ཉིད་ཀྱི་དེ་ཁོ་ན་ཉིད་མཐོང་བ་དེའི་བདག་ཉིད་ཅན་གྱི་རྐྱེན་གྱི་དབང་གིས་རྣམ་པ་གཞན་དུ་འཇུག་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་

པ་འགལ་བ་དམིགས་པའོ། །མ་གྲུབ་པ་མ་ཡིན་ཏེ། འདི་ལྟར་རྣམ་པར་ཤེས་པའི་ཆོས་ཀྱང་གང་ཞེ་ན་ཞེས་དྲིས་པ་ན་དོན་དམ་པར་རྣམ་པར་ཤེས་པ་ནི་དོན་འཛིན་པར་འདོད་པས། རྣམ་ཤེས་ཡུལ་འཛིན་པའི་ཆོས་ཞེས་བརྗོད་པར་བྱའོ། །གང་གི་ཚེ་རྣམ་པར་ཤེས་པ་ཡུལ་ཅན་དུ་གྱུར་པ་

ཐམས་ཅད་ཀྱི་ཆོས་ཡུལ་འཛིན་པ་ཡིན་པ་དེའི་ཚེ། མི་རྟག་པ་ལ་སོགས་པའི་རྣམ་པ་གང་གིས། ཇི་ལྟར་དེ་ནི་ཡོད་པ་བཞིན། །ཡུལ་ཡོད་པ་དེ་བཞིན་དུ་འཛིན་འགྱུར་གྱི་མེད་པའི་རྣམ་པས་ནི་མ་ཡིན་ནོ། །དེ་དེ་ལྟར་ན་ཤེས་པ་དོན་ཇི་ལྟ་བ་བཞིན་དུ་ཡུལ་དུ་བྱེད་པར་རིགས་པས་ཐོབ་པ་

ན། དེ་ལྟར་ན་རྟོགས་པ་མ་ཡིན་པ་གང་ཡིན་པ་དེ་ནི་ཕྱི་རོལ་ལམ་ཅིག་ཤོས་གློ་བུར་བའི་འཁྲུལ་པའི་རྒྱུ་མཚན་གྱིས་ཡིན་ཏེ། དཔེར་ན་སྦྲུལ་དུ་འདྲིས་པའི་ཕྱོགས་མི་གསལ་བར་ཐག་པ་ལ་སྦྲུལ་གྱི་ཤེས་པ་ལྟ་བུའོ། །དེ་བས་ན་ཡུལ་གྱི་རྣམ་པ་ཡོད་པ་འཛིན་པ་གང་ཡིན་པ་དེ་ནི་སེམས་

Vol. 175 · folio 88a

ཀྱི་རང་བཞིན་ནོ། །ཅི་སྟེ་ཡང་ལོག་པར་འཛིན་པ་ཉིད་རང་བཞིན་ཡིན་པ་དེའི་ཚེ་ཡུལ་འཛིན་པའི་ཆོས་མ་ཡིན་ནོ། །དེ་ལྟར་ན་ཇི་ལྟར་ཤེས་པས་ཡུལ་དུ་བྱེད་པ་དེ་ལྟར་དོན་དེ་མ་ཡིན་ཞིང་ཇི་ལྟར་དོན་དེ་ཡིན་པ་དེ་ལྟར་ཡུལ་དུ་བྱེད་པ་མ་ཡིན་པའི་ཕྱིར། ཤེས་པ་དག་

ཡུལ་མེད་པ་ཅན་དུ་འགྱུར་བས། གང་གང་གི་ཡུལ་ལམ་ཡུལ་ཅན་ཉིད་ཡིན། དེ་ལྟར་ན་དངོས་པོ་ཐམས་ཅད་མ་གྲུབ་པ་ཡིན་ཏེ། ཤེས་པ་ཡང་ཕྱིན་ཅི་ལོག་གི་རྣམ་པ་ལ་དམིགས་པ་ཉིད་ཀྱི་ཕྱིར་རོ། །དེ་ནི་ཡུལ་དང་ཡུལ་ཅན་གྱི་དངོས་པོ་རྣམ་པར་གཞག་པ་ཉིད་ཀྱི་སྐབས་ཡིན་

ནོ། །དེ་བས་ན་ཡུལ་དང་ཡུལ་ཅན་གྱི་དངོས་པོ་འདོད་པ་ཉིད་ཀྱིས་རྣམ་པར་ཤེས་པའི་ཆོས་ཡུལ་འཛིན་པ་ཡིན་པར་བརྗོད་པར་བྱའོ། །དེ་ལྟར་ན་འདིའི་རང་བཞིན་ནི་ཡང་དག་པའི་ཡུལ་གྱི་རྣམ་པ་འཛིན་པ་ཡིན་ནོ། །དེ་རྣམ་པ་གཞན་དུ་འགྱུར་བ་གང་ཡིན་པ་དེ་ནི་གློ་བུར་གྱི་རྐྱེན་གྱིས་བྱས་

པ་ཉིད་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་རྣམ་པ་ཡོད་པ་མ་ཡིན་པ་དེ་ནི་དེ་ལ་དེའི་རང་བཞིན་འཛིན་པའི་ཤེས་པས་ཤེས་པ་མ་ཡིན་ཏེ། དཔེར་ན་བདེ་བ་ལ་སྡུག་བསྔལ་གྱི་རྣམ་པ་མེད་པ་བདེ་བ་རིག་པའི་ཤེས་པས་ཤེས་པ་མ་ཡིན་པ་ལྟ་བུའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཡང་

རྟག་པ་དང་བདེ་བ་དང་བདག་དང་བདག་གི་རྣམ་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །གང་ཞིག་གང་ལ་རྣམ་པ་མེད་པར་འཛིན་པ་ཅན་གྱི་ཤེས་པ་ཡིན་པ་དེ་ནི་དེ་ལ་གློ་བུར་བའི་འཁྲུལ་པའི་རྒྱུ་མཚན་གྱིས་འཁྲུལ་པ་ཡིན་ཏེ། དཔེར་ན་ཐག་པ་ལ་

སྦྲུལ་གྱི་ཤེས་པ་ལྟ་བུའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་རྟག་པ་ལ་སོགས་པའི་རྣམ་པར་འཛིན་པའི་ཤེས་པ་ཡང་། རྣམ་པ་མེད་པ་འཛིན་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གང་ཞིག་གང་གི་རང་བཞིན་ཡིན་པ་དེ་ནི་གློ་བུར་བའི་རྐྱེན་གྱིས་བྱས་པའི་རང་

བཞིན་དེ་ལས་རྣམ་པ་གཞན་དུ་འགྱུར་བ་ཅན་ཡིན་ཏེ། དཔེར་ན་ཐག་པར་འཛིན་པའི་རང་བཞིན་ཅན་གྱི་ཤེས་པའི་གློ་བུར་བའི་རྐྱེན་གྱིས་བྱས་པའི་རང་བཞིན་ལས་རྣམ་པར་གཞན་དུ་འགྱུར་བ་ཅན་ཡིན་པ་ལྟ་བུའོ། །དེའི་ཡུལ་ཅན་གྱི་རྣམ་པར་ཤེས་པ་ཡང་ཡང་དག་པའི་

Vol. 175 · folio 88b

ཡུལ་གྱི་རྣམ་པར་འཛིན་པའི་རང་བཞིན་ཅན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ཡང་ན་གང་ཞིག་གང་ལ་རྣམ་པ་མེད་པ་དེ་ནི་དེ་ལ་གློ་བུར་བའི་རྐྱེན་གྱིས་བྱས་པའི་འཁྲུལ་པའི་རྣམ་པར་ཤེས་པའི་ཁྱད་པར་གྱི་སྒྲོ་བཏགས་པ་ཡིན་ཏེ། དཔེར་ན་ཐག་པ་ལ་སྦྲུལ་

གྱི་རྣམ་པ་ལྟ་བུའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཡང་རྟག་པའི་རྣམ་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །རྟག་པ་ལ་སོགས་པའི་རང་བཞིན་སྔར་བཀག་པ་ཉིད་ཀྱི་ཕྱིར། གཏན་ཚིགས་ཐམས་ཅད་ལ་མ་གྲུབ་པའི་དགོས་པ་ཡོད་པ་མ་

ཡིན་ནོ། །ཡོད་པའི་བདག་ཉིད་དོ། །དེའི་སྐྱེད་པར་བྱེད་པའང་ཡིན། །ཡུལ་དེ་ནི་ཡུལ་ཅན་གྱི་རྣམ་པར་ཤེས་པ་དེའི་སྐྱེད་པར་བྱེད་པ་ཡིན་པར་འདོད་དོ། །སྐྱེད་པར་བྱེད་པ་ཡོད་པའི་བདག་ཉིད་གང་ཡིན་པ་དེ་ནི་སྐྱེད་པར་བྱེད་པར་རིགས་པ་ཡིན་པ་དེའི་ཕྱིར་མི་རྟག་པ་ལ་

སོགས་པའི་རྣམ་པར་ཡོད་པའི་ཡུལ་གང་ཡིན་པའི་རྣམ་པ་དེ་ཉིད་ཀྱིས་རང་གི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་དེ་ནི་ཡུལ་གྱི་རང་བཞིན་ཡིན་ནོ། །འདིར་སྦྱོར་བ་ནི་གང་ཞིག་གང་གི་སྐྱེད་པར་བྱེད་པར་ཡིན་པ་དེ་ནི་ཇི་ལྟར་བདག་ཉིད་ཡོད་པ་དེ་ལྟར་དེ་སྐྱེད་པར་བྱེད་

པར་འགྱུར་ཏེ་དཔེར་ན་ས་བོན་ལ་སོགས་པ་ཇི་ལྟར་བདག་ཉིད་ཡོད་པ་དེ་བཞིན་དུ། མྱུ་གུ་ལ་སོགས་པ་སྐྱེད་པར་བྱེད་པ་ཡིན་པ་ལྟ་བུའོ། །ཡུལ་ཡང་རང་བཞིན་འཛིན་པར་བྱེད་པའི་ཤེས་པ་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གང་དག་དེའི་རང་

བཞིན་དུ་འགྱུར་བ་མ་ཡིན་པ་དེ་དག་ནི་རང་བཞིན་དེས་རང་གི་འབྲས་བུ་སྐྱེད་པར་བྱེད་པ་མ་ཡིན་ཏེ། དཔེར་ན་སཱ་ལུ་ལ་སོགས་པ་ནས་ཀྱི་ས་བོན་མ་ཡིན་པ་དག་ནི་ནས་ཀྱི་ས་བོན་གྱི་བདག་ཉིད་ཅན་གྱི་རང་གི་འབྲས་བུ་སྐྱེད་པར་བྱེད་པར་འགྱུར་བ་མ་ཡིན་པ་ལྟ་བུའོ། །ཡུལ་ཡང་

རྟག་པ་ལ་སོགས་པའི་རང་བཞིན་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པར་འགལ་བ་དམིགས་པའོ། །འདི་ཡང་མ་གྲུབ་པ་མ་ཡིན་ཏེ། སྔར་མི་རྟག་པ་ཉིད་ལ་སོགས་པ་བསྒྲུབས་ཟིན་པའི་ཕྱིར་རོ། །དེ་དེ་ལྟར་ན་འདི་ལྟར་རང་བཞིན་ཇི་ལྟ་བ་བཞིན་དུ་རང་འཛིན་པའི་ཤེས་པ་སྐྱེད་པར་

Vol. 175 · folio 89a

བྱེད་པ་དེ་ནི་ཡུལ་གྱི་རང་བཞིན་ཡིན་ལ་ཡུལ་ཅན་གྱི་ཡང་ཡང་དག་པའི་ཡུལ་གྱི་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་རང་བཞིན་ཡིན་ནོ། །ཇི་སྐད་དུ་བཤད་པའི་རང་གི་རང་བཞིན་འདི་ལས་ནི། རྒྱུ་གཞན་གྱིས་ནི་གློ་བུར་བའི་འཁྲུལ་པའི་རྒྱུ་མཚན་གྱིས་རང་གི་

ཡུལ་ལ་སེམས། དེ་གཞན་འགྱུར་ཏེ། རྟག་པ་ལ་སོགས་པའི་རྣམ་པར་སྒྲོ་འདོགས་པས་འཇུག་པ་ནི་གཞན་དུ་གྱུར་པའོ། །གཞན་དུ་གྱུར་པ་དེ་ལས་ལྡོག་པ་ལ་ནི་རང་བཞིན་རྣམ་པ་གཞན་དུ་འགྱུར་བའི་ལྡོག་པའི་རྒྱུ་མཚན་གྱི་རྐྱེན་ལ་ལྟས་པ་ཡིན་ཏེ། དེ་ལྟར་སྐྱེས་བུའི་འཁྲུལ་

པ་གནོད་པ་ཅན་གྱི་ཚད་མ་ལ་ལྟོས་པ་དང་བཅས་པ་ཡིན་ནོ། །མི་བརྟན་པ་སྟེ་གློ་བུར་བའི་འཁྲུལ་པའི་རྐྱེན་གྱིས་རྣམ་པ་གཞན་དུ་འགྱུར་བ་ཅན་དུ་བྱས་པ་ཉིད་ཀྱི་ཕྱིར་དང་། དངོས་པོ་མ་ཡིན་པའི་སྟོབས་ཀྱིས་ཞུགས་པ་ཉིད་ཀྱི་ཕྱིར་དང་། གནོད་པ་ཅན་གྱི་ཚད་མ་སྲིད་པའི་ཕྱིར་ཏེ། ཡུལ་

ལ་འདི་རྣམ་པ་གཞན་དུ་རྟོགས་པ་ཡིན་གྱི། རང་བཞིན་ཉིད་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅི་དང་འདྲ་བར་ཞེ་ན། ཐག་པ་ལ་སྦྲུལ་གྱི་བློ་བཞིན་ནོ། །དེ་ཐམས་ཅད་ཀྱིས་གང་ཞིག་རང་བཞིན་གྱིས་དེའི་བདག་ཉིད་དུ་འགྱུར་བ་ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་ལ་གཏན་

ཚིགས་གྲུབ་པར་ཉེ་བར་སྦྱོར་བ་ཡིན་ནོ། །དེའི་ཕྱིར་སེམས་འདིའི་རང་བཞིན་འོད་གསལ་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་འཛིན་པའི་རང་བཞིན་ཡིན་ནོ། །དྲི་མ་རྣམས་ནི་བདག་ཏུ་ལྟ་བ་དང་ཆགས་པ་ལ་སོགས་པའོ། །རྐྱེན་གཞན་གྱི་རྒྱུ་མཚན་ལས་འོངས་པ་ཉིད་ཡིན་པའི་

ཕྱིར། གློ་བུར་བ་ཡིན་གྱི་དེའི་རང་བཞིན་ནི་མ་ཡིན་ནོ། །དེའི་ཕྱིར་དེ་དག་ནི་རང་དང་རིས་མཐུན་པའི་ཉེ་བར་ལེན་པའི་རྒྱུའི་སྟོབས་ཀྱིས་འཇུག་པ་ཡིན་གྱི་དེའི་རང་བཞིན་ཉིད་ཡིན་པའི་ཕྱིར་ནི་མ་ཡིན་ནོ། །བདག་མེད་པ་མཐོང་བའི་མངོན་སུམ་དུ་བྱས་པའི་རྒྱུ། དེའི་ཕྱིར་སྔར་ནུས་

མེད་པ་ཡང་། དྲི་མ་རྣམས་ཀྱི་སེམས་ལ་སྔར་ཡང་གནོད་པ་བྱེད་པར་ནུས་པ་མ་ཡིན་ཏེ། སྒྲོ་བཏགས་པའི་རྣམ་པའི་སྒོ་ནས་དངོས་པོ་མེད་པའི་སྟོབས་ཀྱིས་ཞུགས་པའི་ཕྱིར་དང་། ཚད་མའི་གྲོགས་མེད་པ་ཉིད་ཀྱི་ཕྱིར་རོ། །ཡང་གང་ལས་ཕྱིས་ཏེ། བདག་མེད་པ་མཐོང་བ་

Vol. 175 · folio 89b

གོམས་པ་གྲུབ་པ་ན་དེའི་རང་བཞིན་ལམ་དེའི་བདག་ཉིད་ཅན་གྱི་སེམས་ལ་ནུས་པ་མེད་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བའོ། །གང་གི་ཕྱིར་འདི་ལྟར་སེམས་ནི་ངོ་བོ་ཉིད་ཀྱི་དེ་ཁོ་ན་ཉིད་མཐོང་བའི་བདག་ཉིད་ཅན་ཡིན་ལ་དྲི་མ་རྣམས་ནི་གློ་བུར་བ་མ་ཡིན་པ་དེ་ནི་ཉིད་ཀྱིས་ཕྱིར་ཉེས་པའི་

ཚོགས་སྐྱེད་པའི་ནུས་པ་ཡོད་ན་ཡང་། ཤིན་ཏུ་སྐྱེད་ནུས་མེད་ཡིན་ནོ། །གང་གིས་སེམས་ཀྱི་དེ་ཁོ་ན་ཉིད་མཐོང་བ་དེའི་བདག་ཉིད་ཅན་བསལ་ནས་གང་ལ་སྐྱེད་པར་མི་ནུས་པ་ཉིད་ཡིན་ཞེ་ན། སེམས་ཀྱི་རྒྱུན་ཞེས་བྱ་བའི་དངོས་པོ་ལའོ། །ཅི་འདྲ་བ་ཞིག་ཅེ་ན། གནོད་པ་ཅན་སྐྱེད་ནུས་སྙིང་

པོ་ཅན་ཏེ་བདག་མེད་པ་ཉིད་མཐོང་བའི་མཚན་ཉིད་ཅན་གྱི་ལམ་འཁྲུལ་པ་ལ་གནོད་པ་ཅན་སྐྱེད་པ་དེའི་ནུས་པ་དེ་ཉིད་སྙིང་པོ་སྟེ་མཆོག་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །ཅི་དང་འདྲ་བར་ཞེ་ན། ས་རློན་ལ་ནི་མེ་བཞིན་ནོ། །ཞེས་བྱ་བ་སྨོས་ཏེ། ཇི་ལྟར་རྟག་ཏུ་ཆུས་བངས་པའི་རང་

བཞིན་གྱི་ས་ལ། ཤིང་སྟོབས་དང་ལྡན་པ་ཅན་མེ་ཆེས་ཤིན་ཏུ་འབར་བར་གྱུར་པ་མ་ཡིན་པ་དེ་དང་འདྲའོ། །སྦྱོར་བ་ནི་གང་ཞིག་གང་ལ་གནོད་པ་ཅན་སྐྱེད་ནུས་པའི། སྙིང་པོ་ཅན་ཡིན་པ་དེ་ནི་དེ་ལ་ཤིན་ཏུ་སྐྱེ་བ་མ་ཡིན་ཏེ། དཔེར་ན་ས་རློན་པ་ལ་མེ་ལྟ་བུའོ། །རྣམ་པར་ཤེས་

པའི་རྒྱུད་ཀྱང་ཉོན་མོངས་པ་ལ་གནོད་པ་ཅན་དེ་ཁོ་ན་ཉིད་མཐོང་བ་སྐྱེད་ནུས་པའི་སྙིང་པོ་ཅན་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །མ་གྲུབ་པ་ཡང་མ་ཡིན་ཏེ། མངོན་སུམ་དང་རྗེས་སུ་དཔག་པའི་རྐྱེན་ཇི་ལྟ་བ་བཞིན་དུ་གནོད་པ་ཅན་གྱི་རྒྱུ་མཚན་

ཁས་བླངས་པའི་ཕྱིར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། ཇི་ལྟར་ཉེས་པ་དེའི་བདག་ཉིད་དུ་གྱུར་པ་ལ་གནས་པ་དེ་ལ་གནོད་པ་ཅན་གྱི་ལམ་སྐྱེ་བ་དེ་ལྟར་ལམ་དེའི་བདག་ཉིད་དུ་གྱུར་པའི་སྐྱེས་བུ་ལ་ཡང་ཅིའི་ཕྱིར་ཉེས་པ་སྐྱེ་བར་མི་འགྱུར་ཏེ། འགལ་བ་ནི་གཉི་ག་ལ་ཡོད་པ་ཉིད་ཀྱི་ཕྱིར་

རོ། །འདིར་ཇི་ལྟར་ངོ་བོ་ཉིད་ཀྱིས་ལམ་གྱི་རང་བཞིན་ཅན་གྱི་སེམས་འཁྲུལ་བའི་རྒྱུ་མཚན་གྱིས་སྦྲུལ་གྱི་བློ་བཞིན་དུ་རྣམ་པ་གཞན་དུ་འགྱུར་བ་ཡོད་པ་གོམས་པའི་དབང་གིས་འཁྲུལ་པའི་རྒྱུ་མཚན་ཤིན་ཏུ་གསལ་བ་ན། ཉེས་པ་རྣམས་ཀྱི་སྐབས་ཡོད་པ་མ་ཡིན་ནོ་ཞེས་བཤད་

Vol. 175 · folio 90a

ཟིན་ཏོ། །གཞན་ཡང་རང་བཞིན་འབད་རྩོལ་མེད་པར་ཟློག་པར་ནུས་པ་མ་ཡིན་ནོ། །རང་བཞིན་ཡང་ལྷག་མཐོང་ཡིན་ལ་འབད་རྩོལ་ཡང་ཉེས་པ་མཐོང་བའི་སྒོ་ནས་བྱེད་པར་གྱུར་ན། དེ་ཡང་འདི་ལ་ཡོད་པ་མ་ཡིན་ཏེ། ལྷག་མཐོང་ནི་ཡོན་ཏན་ཡིན་པའི་

ཕྱིར་དང་། ཉེས་པ་རྣམས་ནི་ཕྱིན་ཅི་ལོག་ཡིན་པའི་ཕྱིར་བསྐྱེད་པ་ལ་འབད་རྩོལ་ཡོད་པ་མ་ཡིན་ནོ། །བློ་ནི་རྣམ་པ་འགའ་ཞིག་གིས། །ཉེས་པ་སྐྱེད་པའི་ཕྱིར་བརྩོན་དང་ལྡན་ཡང་། བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །ཉེས་པའི་གཉེན་པོའི་ཕྱོགས་སུ་གྱུར་པ་ཡོན་ཏན་དང་ལྡན་པའི་

ལམ་གྱི་ཕྱོགས་འཛིན་པའི་རྒྱུའི་ཕྱིར། ཉེས་པ་རྣམས་ཀྱིས་ལམ་ལ་གནོད་མེད་དོ། །ཅི་འདྲ་བ་ཞིག་ཅེ་ན། འཚེ་བ་མེད་དང་ཡང་དག་དོན། རང་བཞིན་ལ་ནི་ཕྱིན་ཅི་ལོག་གིས། ལམ་ནི་འཚེ་བ་མེད་པའི་རང་བཞིན་ཡིན་ཏེ། རྣམ་པར་འཚེ་བ་ཐམས་ཅད་རབ་ཏུ་ཞི་བ་དང་བདེ་བའི་

མཚན་ཉིད་ཅན་ཉིད་ཡིན་པའི་ཕྱིར་རོ། །ཡང་དག་པའི་དོན་གྱི་རང་བཞིན་ཡིན་ཏེ། མི་རྟག་པ་ལ་སོགས་པའི་རྣམ་པའི་ཡུལ་ཅན་ཉིད་ཡིན་པའི་ཕྱིར་རོ། །དེས་ནི་ཚད་མའི་གྲོགས་ཅན་ཉིད་ཡིན་པར་བཤད་དོ། །ཇི་སྐད་དུ་བཤད་པའི་རང་བཞིན་ལས་ཕྱིན་ཅི་ལོག་པའི་ཉེས་པ་ཉེས་

དམིགས་དང་བཅས་པ་ཚད་མ་མ་ཡིན་པའི་གྲོགས་ཅན་དེ་དག་གིས་གནོད་པར་བྱེད་པ་མ་ཡིན་ནོ། །ལྷག་མ་ནི་གོང་དུ་བཤད་པ་བཞིན་དུ་རྟོགས་པར་བྱའོ། །བདག་ཏུ་ཆགས་པ་ལ་སོགས་པའི་གཉེན་པོར་གྱུར་པ་བདག་མེད་པ་ཉིད་མཐོང་བ་བཤད་ཟིན་ལམ་དེ་གོམས་པ་

ལས། རྟེན་ནི་ཡོངས་སུ་གྱུར་པར་འགྱུར་ཞེས་བཤད་པ་གང་ཡིན་པ་དེ་ལ་ངེས་པ་འདི་ཡོད་པ་མ་ཡིན་ཏེ། འདི་ལྟར་འདོད་ཆགས་དང་ཞེ་སྡང་དག་ཕན་ཚུན་འགལ་བ་ཡིན་དུ་ཟིན་ཀྱང་། གཅིག་ཤིན་ཏུ་གོམས་པ་ལས་གཞན་ཤིན་ཏུ་ཉམས་པ་མ་ཡིན་ནོ་ཞེ་ན། དེ་ནི། འདོད་

ཆགས་ཁོང་ཁྲོ་ཕན་ཚུན་དག །མཚན་ཉིད་ཐ་དད་ན་ཡང་གནོད་པ་མེད། གང་གིས་ནི་དེ་དག་ཤིན་ཏུ་འགལ་བ་ཡིན་ཅིའི་ཕྱིར་ཞེ་ན། བདག་འཛིན་རྒྱུ་གཅིག་ཉིད་དང་སྟེ། འདོད་ཆགས་དང་ཞེ་སྡང་དག་རྒྱུ་གཅིག་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །རྒྱུ་གཅིག་ནི་བདག་ཏུ་ལྟ་བ་

Vol. 175 · folio 90b

ཡིན་ལ། རྒྱུ་གཅིག་ཉིད་ཀྱིས་དེ་དག་གི་ནང་ནས་ཇི་ལྟར་རྒྱུ་དེ་ཡོད་ན་གཅིག་འབྱུང་བར་འགྱུར་བ་དེ་ལྟར་ན། རྒྱུ་དེས་དེ་སྐྱེད་པ་ན་གདོན་མི་ཟ་བར་ཐག་ཉེ་བས་འགྱུར་བ་ཡིན་ནོ། །དེ་ཉིད་ལས་ཀྱང་རྐྱེན་ཇི་ལྟ་བ་བཞིན་དུ་གཞན་དག་ཀྱང་འབྱུང་བ་ཡིན་པ་དེ་ལྟར་ན་ཇི་ལྟར་འགལ་

བ་ཡིན། ཅིག་ཅར་མི་འཇུག་པ་ཡང་ཉེ་བར་ལེན་པའི་སེམས་ཀྱིས་རིགས་མཐུན་པའི་སེམས་གཉིས་འཕེན་པར་མི་ནུས་པའི་ཕྱིར་རོ། །རྒྱུ་དང་འབྲས་བུ་ངོ་བོའི་ཕྱིར་ཕན་ཚུན་འགལ་བ་ཡོད་པ་མ་ཡིན་ནོ་གང་ལ་བདག་ཏུ་ཆགས་པ་དེ་ཉིད་ལ་ཡང་དེ་ལ་གནོད་པ་བྱེད་པ་ལ་ཞེ་སྡང་བར་

འགྱུར་བ་དེ་ལྟར་ན། འདོད་ཆགས་ཞེ་སྡང་གི་རྒྱུ་ཡིན་ཏེ་གང་ཞིག་གང་གི་རྒྱུ་མཚན་ཡིན་པ་དེ་ནི་དེ་དང་འགལ་བ་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་རྒྱུ་གཅིག་པ་ཅན་ཡིན་པ་ནི་དེ་དང་ལྷན་ཅིག་གནོད་པར་བྱ་བ་དང་། གནོད་པར་བྱེད་པའི་ངོ་བོ་མ་ཡིན་ཏེ། ཤིང་གི་ཁྱད་པར་གཅིག་

ལས་འབྱུང་བ་ཅན་གྱི་མེ་དང་དུ་བ་ལྟ་བུའོ། །འདོད་ཆགས་དང་ཞེ་སྡང་ཡང་རྒྱུ་གཅིག་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གང་དག་རྒྱུ་དང་འབྲས་བུ་ངོ་བོར་གྱུར་པ་དེ་དག་ནི་ཤིན་ཏུ་གོམས་པའི་དབང་གིས་ཕན་ཚུན་གནོད་པ་མ་ཡིན་ཏེ།

དཔེར་ན་བདག་ཏུ་ལྟ་བ་དང་བདག་ཏུ་ཆགས་པ་ལྟ་བུའོ། །འཇིག་ཚོགས་ལ་ཆགས་པ་དང་། ཞེ་སྡང་ཡང་རྒྱུ་དང་འབྲས་བུའི་ངོ་བོར་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །བྱམས་པ་དང་མི་གཙང་བ་ལ་སོགས་པ་ནི་ཞེ་སྡང་ལ་སོགས་པའི་

གཉེན་པོར་གྱུར་པ་ཡིན་ན་ཅིའི་ཕྱིར་ཉེས་པ་ཤིན་ཏུ་རྒྱུན་གཅོད་པར་མི་འདོད་ཅེ་ན་བཤད་པ། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། །གཏི་མུག་ཉེས་པ་རྣམས་ཀྱི་རྒྱུ་དང་སེམས་ཅན་ལ་དམིགས་པའི་བྱམས་པ་ལ་སོགས་པ་དང་འགལ་བ་ཡོད་པ་མ་ཡིན་ནོ། །དེ་བས་ན་

བྱམས་པ་ལ་སོགས་པས་ཉེས་པ་ཤིན་ཏུ་ཚར་གཅོད་མེད། འོན་ཀྱང་ཇི་སྲིད་རིགས་མི་མཐུན་པའི་སེམས་གོམས་པ་གནས་པའི་དུས་དེ་སྲིད་དུ་ཀུན་ནས་ལྡང་བར་མི་འགྱུར་རོ། །ཉེས་ཀུན་དེ་ཡི་རྩ་བ་ཅན། །གཏི་མུག་དེ་ཡང་འཇིག་ཚོགས་ལྟ་བ་ཡིན། དེ་ལྟར་ན་

Vol. 175 · folio 91a

ཉེས་པ་རྣམས་ཀྱི་རྒྱུ་ལ་གནོད་པ་མེད་པའི་ཕྱིར། ཉེས་པ་རྣམས་ཤིན་ཏུ་རྩ་བ་ནས་འདོན་པ་མ་ཡིན་པའི་ཕྱིར། བྱམས་པ་ལ་སོགས་པ་རབ་ཏུ་བརྟག་པ་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་གི་རྒྱུ་ལ་གནོད་པ་མེད་པ་དེ་ནི་དེ་ལ་ཤིན་ཏུ་གནོད་པར་འགྱུར་

བ་མ་ཡིན་ཏེ། དཔེར་ན་མངར་ཞིང་སྣུམ་ལ་བསིལ་བའི་རྫས་རྣམས་བད་ཀན་གྱི་ནད་ཀྱི་རྒྱུ་ལ་གནོད་པ་མེད་པ་དེ་ནད་ལ་གནོད་པ་མེད་པ་མ་ཡིན་པ་ལྟ་བུའོ། །སེམས་ཅན་ལ་དམིགས་པའི་བྱམས་པ་ལ་སོགས་པའང་ཉོན་མོངས་པ་སྐྱེ་བའི་རྒྱུ་འཇིག་ཚོགས་སུ་ལྟ་བ་ལ་གནོད་

པ་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །རླུང་དང་མཁྲིས་པ་དང་བད་ཀན་དག་གི་སྨན་ཏིལ་མར་ལ་སོགས་པའི་ཆོས་མཐུན་པ་ཉིད་ཅན་གྱི་ཞེ་སྡང་ལ་སོགས་པའི་བྱམས་པ་ལ་སོགས་པ་གཉེན་པོར་བཤད་པ་གང་ཡིན་པ་དེ་ཡང་། དུས་

དེ་སྲིད་དུ་མངོན་སུམ་དུ་རྒྱུ་བ་ལ་གནོད་པ་ཉིད་ཀྱིས་གཉེན་པོ་ཡིན་པ་དགོངས་པས་བཤད་པའམ། ཆོས་ལ་དམིགས་པའི་བྱམས་པ་ལ་སོགས་པ་ཡིན་པ་དེ་ལྟར་ན་འགལ་བ་མེད་པའི་ཕྱིར་ཉེས་པ་མེད་དོ། །དེ་བཞིན་དུ་གཞན་དག་ལ་ཡང་ཅི་རིགས་པར་ཤེས་པར་བྱའོ། །

འཇིག་ཚོགས་སུ་ལྟ་བ་ནི་དོན་ཕྱིན་ཅི་ལོག་ཏུ་རྟོག་པའི་ངོ་བོ་ཅན་ཡིན་ཞིང་། མི་ཤེས་པ་མི་གསལ་པའི་ངོ་བོ་ནི་གཞན་ཉིད་ཡིན་ན་དེ་ཇི་ལྟར་ན་གཏི་མུག་དེ་ཡང་འཇིག་ཚོགས་ལྟ་བ་ཡིན་ཞེས་ཐ་སྙད་དུ་བྱ་བར་རིགས་ཞེས་རང་གི་སྡེ་པ་འགའ་ཞིག་སེམས་ཏེ། མ་རིག་པའི་

མཚན་ཉིད་འཇོག་པ་དཔྱོད་པ་དེ་དག་གིས་ཀྱང་དོན་ཕྱིན་ཅི་ལོག་པ་རྟོགས་པའི་ངོ་བོ་ཅན་ཉིད་ཡིན་པར་ཁས་བླང་བར་བྱའོ། །དེ་ལ་གཏི་མུག་སྤྱི་ནི་ལོག་པའི་ཤེས་པ་ཐམས་ཅད་ཡིན་ལ། དེ་ཉིད་ཀྱི་ཁྱད་པར་ནི་འཇིག་ཚོགས་སུ་ལྟ་བ་ཡིན་ཏེ། ཉོན་མོངས་པའི་རྒྱུ་ཉིད་ཡིན་

པའི་ཕྱིར་གཙོ་བོ་ཡིན་པ་དེ་ལྟར་ན་དེ་གཏི་མུག་གང་ཞེས་བཤད་པ་ཡིན་ནོ། །དེ་ལ་རེ་ཞིག་ཡང་དག་པའི་དོན་མཐོང་བ་ནི་རིག་པ་ཡིན་ལ། མ་རིག་པ་ཞེས་བྱ་བའི་རྟོགས་པ་དེ་ལས་གཞན་པའམ། དེ་དང་འགལ་བའམ། དེ་མེད་པའི་ཆོས་ཡིན་གྲང་ན། རེ་ཞིག་གཞན་ནི་མ་ཡིན་

Vol. 175 · folio 91b

ཏེ། གཟུགས་ལ་སོགས་པ་ཡང་དེ་ལྟ་བུར་ཐལ་བའི་ཕྱིར་རོ། །མེད་པའི་ཡང་མ་ཡིན་ཏེ། དངོས་པོའི་མཚན་ཉིད་ཀྱི་གནས་སྐབས་ཡིན་པའི་ཕྱིར་རོ། །མི་མཐུན་པའི་ཕྱོགས་སུ་འགྱུར་གྲང་ན། མི་མཐུན་པའི་ཕྱོགས་ཉིད་ཀྱང་འགལ་བའི་རང་བཞིན་ཉིད་ཡིན་ནོ། །དེ་ལྟར་ན་རྣམ་

པ་གང་རིག་པས་གཟུང་བ་དེ་ལས་ཕྱིན་ཅི་ལོག་པའི་རྣམ་པ་འཛིན་པ་ཅན་ནི་མ་རིག་པ་ཞེས་བྱ་བར་འགྱུར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི་དེ་ནི་མཚན་ཉིད་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། ཡང་དག་པར་རྟོགས་པས་དབེན་པའི་མཚན་ཉིད་ཅན་ནི་མ་རིག་པ་ཞེས་བྱའོ་ཞེ་ན། ཡང་དག་

པའི་དོན་མཐོང་བས་དབེན་པ་ནི་མེད་པ་ཙམ་ཡིན་ན། ཇི་ལྟར་དངོས་པོའི་ངོ་བོ་ཅན་གྱི་མ་རིག་པའི་མཚན་ཉིད་དུ་རིག་པ་མ་ཡིན་པས་དངོས་པོ་ལ་རེག་པ་ཡིན་ན་ཡང་། །སེམས་མེད་པ་རྣམས་ལ་ཡང་ཐལ་བར་འགྱུར་བའི་ཕྱིར། འདི་ལྟར་རྟོག་པ་པོས་མ་རིག་པའི་རང་བཞིན་ནི་

འདི་ཡིན་ནོ་ཞེས་བྱ་བ་ཁྱད་པར་གྱིས་རྟོགས་པར་འགྱུར་བའི་མཚན་ཉིད་མ་འཆོལ་བར་བརྗོད་པར་བྱའོ། །གང་ཡོད་ན་དོན་གྱི་དེ་ཁོ་ན་ཉིད་མཐོང་བའི་གགས་བྱེད་པར་འགྱུར་བ་དེ་ནི་མ་རིག་པ་ཡིན་ནོ་ཞེས་བྱ་བ་ཡང་མཚན་ཉིད་མ་ཡིན་གྱི་འོན་ཀྱང་དེ་ནི་འབྲས་བུ་དང་འགལ་བ་

ཡིན་ཏེ། དེའི་མཚན་ཉིད་ཀྱང་གཞན་དུ་བརྗོད་པར་བྱའོ། །དེ་ཡང་དཔྱད་པར་བྱ་ན། རིག་པའི་མི་མཐུན་ཕྱོགས་ཉིད་ཕྱིར། །ལོག་པར་དམིགས་པའི་མི་ཤེས་པ་ནི་མ་རིག་པ་ཡིན་ནོ། །རིག་པས་གཟུང་བར་བྱ་བའི་རྣམ་པ་ལས་ཕྱིན་ཅི་ལོག་ཏུ་རྟོགས་པའི་ངོ་བོ་ཉིད་ནི་མ་

རིག་པའོ། །སྦྱོར་བ་ནི་གང་ཞིག་གང་རྟོག་པ་དང་འགལ་བའི་རང་བཞིན་ཅན་དེ་ནི་དེས་གཟུང་བའི་རྣམ་པ་ལས་ཕྱིན་ཅི་ལོག་ཏུ་རྟོགས་པའི་ངོ་བོར་འགྱུར་ཏེ། དཔེར་ན་བདེ་བའི་འདུ་ཤེས་ཀྱིས་གཟུང་བའི་རྣམ་པ་ལས་འདུས་བྱས་རྣམས་ལ་སྡུག་བསྔལ་གྱི་འདུ་ཤེས་ནི་ཕྱིན་ཅི་

ལོག་ཏུ་རྟོགས་པའི་ངོ་བོ་ཡིན་པ་ལྟ་བུའོ། །མ་རིག་པའང་རིག་པའི་རྟོག་པ་དང་འགལ་བའི་རང་བཞིན་ཅན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །སེམས་བྱུང་ཉིད་ཀྱིས་དམིགས་པའི་ཕྱིར། མ་རིག་པ་ནི་སེམས་ལས་བྱུང་བའི་ཆོས་ཡིན་ནོ་སེམས་ལས་བྱུང་

Vol. 175 · folio 92a

བ་ཡིན་པའི་རྒྱུ་ཉིད་ཀྱིས་དམིགས་པ་སྟེ། དམིགས་པ་དང་རྣམ་པ་འཛིན་པ་ཡིན་ཏེ། རྟོག་པ་མེད་པའི་ངོ་བོ་ནི་མ་ཡིན་ནོ། །དེ་ལྟར་རྟེན་དང་དམིགས་པ་དང་རྣམ་པ་དང་། དུས་དང་རྫས་མཚུངས་པ་དག་གིས་མཚུངས་པར་ལྡན་པའི་ཕྱིར་མཚུངས་པར་

ལྡན་པ་ཡིན་པར་འདོད་དོ། །རྟོགས་པའི་ངོ་བོ་ཡིན་དུ་ཟིན་ཀྱང་བདེན་པའི་རྣམ་པ་འཛིན་པ་ཅན་ནམ། བརྫུན་པའི་རྣམ་པ་འཛིན་པ་ཅན་དུ་འགྱུར་གྲང་ན། རེ་ཞིག་དེ་ནི་བདེན་པའི་རྣམ་པ་འཛིན་པ་འདོད་པ་མ་ཡིན་ཏེ། དེ་ལྟར་འཛིན་པ་ནི་ཤེས་རབ་ཀྱི་མཚན་ཉིད་ཡིན་པའི་

ཕྱིར་རོ། །དེའི་ཕྱིར་ལོག་པར་དམིགས་པ་ནི་མི་ཤེས་པ་ཡིན་ནོ། །སྦྱོར་བ་ནི་གང་དམིགས་པར་འཛིན་པ་དེ་ནི་དམིགས་པར་བྱེད་པའི་ངོ་བོ་ཡིན་ཏེ། དཔེར་ན་རྣམ་པར་ཤེས་པ་ལྟ་བུའོ། །མི་ཤེས་པ་ཡང་དམིགས་པ་འཛིན་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་

ཚིགས་སོ། །སེམས་ལས་བྱུང་བ་གང་ཞིག་གང་དང་འགལ་བའི་མཚན་ཉིད་ཅན་ཡིན་པ་དེ་ནི་དེས་བཟུང་བའི་རྣམ་པ་ལས་ཕྱིན་ཅི་ལོག་ཏུ་འཛིན་པ་ཡིན་ཏེ། དཔེར་ན་མི་གཙང་བ་ནི་འདོད་ཆགས་ཀྱིས་བཟུང་བའི་རྣམ་པ་ལས་ཕྱིན་ཅི་ལོག་ཏུ་འཛིན་པ་ཡིན་པ་ལྟ་བུའོ། །མི་

ཤེས་པ་ཡང་བདེན་པའི་རྣམ་པ་འཛིན་པའི་ཤེས་རབ་དང་འགལ་བའི་མཚན་ཉིད་ཅན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཉིད་ཡིན་ནོ། །གསུང་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང་མདོ་དེ་དང་དེ་དག་ཏུ་ཤེས་རབ་ཀྱིས་བཟུང་བའི་རྣམ་པ་ལས་ཕྱིན་ཅི་ལོག་ཏུ་འཛིན་པའི་

ངོ་བོ་ཉིད་ནི་མ་རིག་པ་ཡིན་ནོ་ཞེས་གསུངས་པ་ཡིན་ཏེ། འདི་ལྟ་སྟེ་འཕགས་པ་ཟླ་བ་སྒྲོན་མའི་ཏིང་ངེ་འཛིན་ལས་དེ་ལ་མི་ཤེས་པ་མེད་པ་གང་ཞེ་ན། གང་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཆོས་རྣམས་ལ་སྒྲོ་འདོགས་པ་མེད་པ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །དེའི་ཕྱིར་ཡང་ཕྱིན་

ཅི་ལོག་ཏུ་མི་ཤེས་པ་དེ་ཉིད་ཡིན་ནོ། །དེ་སྐད་དུ་ས་བཅུ་པའི་མདོ་ལས་དེ་འཇིག་རྟེན་གྱི་འབྱུང་བ་དང་། འཇིག་པ་ལ་རྣམ་པར་ལྟ་བའི་ཚེ་འདི་སྙམ་དུ་སེམས་ཏེ། འཇིག་རྟེན་དུ་འདོགས་པ་འབྱུང་བ་ཇི་སྙེད་པ་དེ་དག་ཐམས་ཅད་ནི། བདག་ཏུ་མངོན་པར་ཞེན་པ་ལས་འབྱུང་

Vol. 175 · folio 92b

སྟེ། བདག་ཏུ་མངོན་པར་ཞེན་པ་དང་བྲལ་ན་འབྱུང་བ་ཡང་མེད་པར་འགྱུར་རོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ་བྱིས་པའི་བློ་ཅན་བདག་ཏུ་མངོན་པར་ཞེན་པ་མི་ཤེས་པའི་རབ་རིབ་ཀྱིས་བསྒྲིབས་པ་ཡོད་པ་དང་མེད་པ་ལ་མངོན་པར་འདོད་པ་ཅན་ཚུལ་བཞིན་མ་ཡིན་པ་ཡིད་ལ་

བྱེད་པ་ལས་བྱུང་བ་ལམ་ལོག་པར་ཞུགས་པ་ལོག་པའི་རྗེས་སུ་འབྲང་བ་དེ་དག་ནི། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་འདུ་བྱེད་རྣམས་ཀྱང་སོགས་ཏེ། འདུ་བྱེད་དེ་དག་གིས་ཡོངས་སུ་བསྒོས་པའི་སེམས་ཀྱི་ས་བོན་ཟག་པ་དང་བཅས་པ་ཉེ་བར་ལེན་

པ་དང་བཅས་པ་ནི་ཕྱི་མ་ལ་སྐྱེ་བ་དང་རྒ་ཤིའི་རང་བཞིན་ཡང་སྲིད་པ་མངོན་པར་གྲུབ་པ་འབྱུང་བ་ཉེ་བར་འགྲོ་བ་ཡིན་ཏེ་ཞེས་གསུངས་སོ། །འདི་ཉིད་ལ་ཡང་མ་རིག་པའི་ཡན་ལག་བསྟན་པས་བདག་ཏུ་ལྟ་བ་བསྟན་པ་ཡིན་ནོ། །དེ་བས་ན་བདེན་པ་རྣམས་ལ་མི་ཤེས་པ་མ་རིག་པ་ཡིན་པ་

དེ་ལྟར་ན་ཡང་། ཇི་སྐད་དུ་བཤད་པའི་ངོ་བོ་ཉིད་ཕྱིན་ཅི་ལོག་པའི་ཤེས་པ་ཡིན་པར་བལྟ་བར་བྱའོ། །འདིར་ཡང་མ་རིག་པ་དང་མཚུངས་པར་ལྡན་པའི་ལྟ་བ་ཡིན་ནོ་ཞེས་དེའི་སྒོ་ནས་མ་རིག་པ་ཁོ་ན་བསྟན་པ་ཡིན་ནོ་ཞེ་ན། དེ་ལྟར་རྟོགས་པར་ཡང་མི་བྱ་སྟེ། མ་རིག་པའི་རང་གི་ངོ་

བོ་བརྗོད་པར་བྱ་བ་ལ་གཞན་བཤད་ན་འཆད་པ་པོ་མི་མཁས་པ་ཐོབ་པའི་ཕྱིར་དང་། དེ་སྐད་དུ་བརྗོད་པ་ལ་ངེས་པར་བྱེད་པ་མེད་པའི་ཕྱིར་རོ། །ཇི་སྐད་དུ་བཤད་པའི་དོན་རྟོགས་པ་ཡང་རིགས་པ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །དེ་བས་ན་ཇི་སྐད་དུ་བསྟན་པའི་མི་ཤེས་པ་ལས་མི་

ཤེས་པ་གཞན་བསྟན་པ་རིགས་ལྡན་མ་ཡིན་ནོ་ཞེས་བལྟ་བར་བྱའོ། །འགལ་བ་གང་ཡིན་འདིར་བཤད་བྱ། དེ་ཉིད་ཀྱི་ཕྱིར་མི་ཤེས་པའི་ངོ་བོ་རྣམ་པར་གཞག་པ་ན། ལུང་གི་ཕྱོགས་ཀྱི་ཁྱད་པར་ལ་འགལ་བ་འགའ་ཞིག་བཞིན་དུ་མཚོན་པར་བྱ་བ་ཇི་སྐད་དུ་བཤད་པའི་མཚན་ཉིད་

ཅན་གྱི་འགལ་བ་མེད་པས་རབ་ཏུ་བསྟན་པར་བྱའོ། །འདི་ལྟ་སྟེ། གལ་ཏེ་འཇིག་ཚོགས་སུ་ལྟ་བ་ཉིད་མ་རིག་པ་ཡིན་པ་དེའི་ཚེ་ལྟ་བ་དང་མཚུངས་པར་ལྡན་པ་མ་རིག་པ་ཡིན་ནོ་ཞེས་བྱ་བའི་མཚུངས་པར་ལྡན་པའི་དོན་འཐད་པ་མ་ཡིན་ཏེ། བདག་ཉིད་བདག་ཉིད་དང་མཚུངས་པར་

Vol. 175 · folio 93a

ལྡན་པ་མ་ཡིན་པ་དང་བདེན་པར་བལྟ་བ་ནི་དོན་གཞན་མ་ཡིན་ནོ་ཞེ་ན་དེ་ལ་འདིར་མཚུངས་པར་ལྡན་པ་ཉིད་པ་ནི་སྤྱིར་བཏང་བའི་མཚན་ཉིད་མ་ཡིན་གྱི། འོན་ཀྱང་ཕྱོགས་དང་། ཕྱོགས་ཅན་གྱི་དངོས་པོ་ཀུན་དུ་སྟོན་པ་ཡིན་ཏེ། དཔེར་ན་པ་ལ་ཤ་ལ་སོགས་པ་དང་

ལྡན་པའི་ནགས་དང་། ལུས་ལག་པ་ལ་སོགས་པ་དང་ལྡན་པ་ཞེས་བྱ་བ་ལྟ་བུའོ། །དེ་ལ་འདིར་ལྡན་པ་ཉིད་ལ་མཚུངས་པར་ལྡན་པར་ཞེས་བྱའོ། །ལུས་ཞེས་བྱ་བ་ནི་གཞན་མ་ཡིན་ཏེ། གང་ལག་པ་ལ་སོགས་པ་དང་ལྡན་པ་ཉིད་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། ཕྱོགས་

གཅིག་དང་ཕྱོགས་གཅིག་པ་ཅན་གྱི་དངོས་པོ་བསྟན་པ་ཡིན་ནོ། །དེ་བཞིན་དུ་འདིར་ཡང་མ་རིག་པ་ནི་ཕྱོགས་གཅིག་པ་ཅན་ཡིན་ལ། དེའི་ཕྱོགས་གཅིག་པའི་ངོ་བོ་ནི་འཇིག་ཚོགས་སུ་ལྟ་བ་ཡིན་ནོ། །དེ་ལྟར་བསྟན་པའི་དགོས་པ་ནི་ཕྱོགས་གཅིག་པ་བསྟན་པ་ཡིན་པ་དེ་

ལྟར་ན་འགལ་བ་མེད་དོ། །དེ་བཞིན་དུ་གཞན་དག་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ། །གང་གི་ཕྱིར་དེ་ལྟར་བདག་ཏུ་ལྟ་བ་ལས་བྱུང་བའི་སྐྱོན་ཐམས་ཅད་ནི། སྟོང་ཉིད་ལྟ་དང་དེ་འགལ་ཕྱིར། །བདག་མེད་པ་ཉིད་མཐོང་བ་ནི་བདག་ཏུ་ལྟ་བ་དང་འགལ་བའི་ཕྱིར་རོ། །

དེའི་རང་བཞིན་ཏེ་བདག་ཏུ་ལྟ་བའི་རང་བཞིན་གྱི་ཁྱད་པར་ཅན་དང་བདག་ཏུ་ལྟ་བ་ལས་བྱུང་བའི་འདོད་ཆགས་ལ་སོགས་པའི་ཉེས་ཀུན་དང་ལྷན་ཅིག་དོན་གྱིས། འགལ་བར་རབ་ཏུ་གྲུབ་པ་ཡིན། །སྦྱོར་བ་ནི་གང་ཞིག་གང་དང་ལྷན་ཅིག་འགལ་བ་དེ་ནི་དོན་གྱིས་དེའི་རང་བཞིན་

དང་ལྷན་ཅིག་འགལ་བར་འགྱུར་ཏེ། དཔེར་ན་གྲང་བ་དང་འགལ་བའི་མེ་ནི་གྲང་བའི་ཁྱད་པར་བ་མོའི་རེག་པ་ལ་སོགས་པ་དང་། གྲང་བའི་འབྲས་བུ་སྤུ་ལོང་ཞེས་བྱེད་པའི་ཁྱད་པར་ལ་སོགས་པ་དེའི་རང་བཞིན་དང་ལྷན་ཅིག་འགལ་བ་ལྟ་བུའོ། །སྟོང་པ་ཉིད་དུ་ལྟ་བ་དང་

ཡང་བདག་ཏུ་ལྟ་བ་དང་ལྷན་ཅིག་འགལ་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ཡང་ན་གང་ཞིག་གང་གི་རང་བཞིན་ཡིན་པ་དེ་ནི་དོན་གྱིས་འགལ་ཟླ་དེ་དང་ལྷན་ཅིག་འགལ་བར་འགྱུར་ཏེ། དཔེར་ན་སྔར་བཤད་པའི་གྲང་བའི་རང་བཞིན་གྱི་ཆོས་ཉིད་ནི་དོན་

Vol. 175 · folio 93b

གྱིས་གྲང་བ་དང་འགལ་ཟླ་མེ་དང་འགལ་བ་ཡིན་པ་ལྟ་བུའོ། །འདོད་ཆགས་ལ་སོགས་པ་ཡང་འཇིག་ཚོགས་སུ་ལྟ་བའི་རང་བཞིན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །མ་གྲུབ་པ་ཡང་མ་ཡིན་ཏེ། ངར་འཛིན་པ་དང་། ང་ཡིར་འཛིན་པ་དག་ལ་གནས་པའི་འདོད་

ཆགས་ལ་སོགས་པའི་འཇུག་པ་ནི་སྔར་བསྟན་ཟིན་པ་ཉིད་ཀྱི་ཕྱིར་དང་སྟོན་པར་འགྱུར་བ་ཉིད་ཀྱི་ཕྱིར་རོ། །དེ་དེ་ལྟར་ན་བདག་མེད་པར་ལྟ་བ་སྐྱོན་གྱི་གཉེན་པོའི་ཕྱོགས་ཉིད་ཡིན་པས་ན་དེ་གོམས་པ་ལས་དེའི་བདག་ཉིད་དུ་གྱུར་པ་ཡོད་ན་སྐྱོན་རྣམས་ཀྱང་འཇུག་པ་མེད་པའི་ཆོས་ཅན་

ཉིད་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི་གཉེན་པོའི་ཕྱོགས་གོམས་པ་ལས་ཉོན་མོངས་པ་རྣམས་ལྡོག་ཏུ་ཟིན་ཀྱང་། འདི་དག་ཡང་མི་སྐྱེ་བའི་ཆོས་ཅན་ནི་མ་ཡིན་ཏེ། སྲོག་ཆགས་ཀྱི་ཆོས་ཉིད་ཡིན་པའི་རྒྱུའི་ཕྱིར་གཟུགས་ལ་སོགས་པ་བཞིན་ནོ། །དཔེར་ན་གཟུགས་ལ་

སོགས་པའི་གཟུགས་དང་ལྡན་པའི་རྫས་ཀྱི་ཆོས་འཇིག་པ་མེད་པ་ལྟ་བུའོ། །སོགས་པ་སྨོས་པས་ནི་དཔེར་ན་མེ་ལ་སོགས་པའི་དྲོ་བ་ལ་སོགས་པའི་ཆོས་བཟུང་ངོ་། །སྦྱོར་བ་ནི་གང་ཞིག་གང་གི་ཆོས་ཡིན་པ་དེ་ནི་དེ་གནས་ན། ཟད་པ་མ་ཡིན་ཏེ། དཔེར་ན་མེའི་དྲོ་བ་ལྟ་བུའམ་

འདི་ལྟ་སྟེ་གཟུགས་ལ་སོགས་པའི་དེ་དང་ལྡན་པའི་ངོ་བོ་ཟད་པ་མ་ཡིན་པ་ལྟ་བུའོ། །འདོད་ཆགས་ལ་སོགས་པ་ཡང་སྲོག་ཆགས་ཀྱི་ཆོས་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །དེ་ལ་ཉེས་པ་རྣམས་ཤིན་ཏུ། །ཟད་མིན་སྲོག་ཆགས་ཆོས་ཉིད་ཕྱིར། །

གཟུགས་སོགས་བཞིན་མིན། འོན་ཀྱང་ཟད་པ་ཁོ་ན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གཏན་ཚིགས་འདི་མ་གྲུབ་པ་དང་། སྲོག་ཆགས་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ན། གང་གི་འདོད་ཆགས་ལ་སོགས་པ་འདི་ཆོས་ཡིན། འདི་ཐམས་ཅད་ནི་རྐྱེན་ཉིད་འདི་བ་ཙམ་འབའ་ཞིག་

ཡིན་ནོ། །དེ་བས་ན་རྐྱེན་མ་ཚང་བའི་ཕྱིར་དེ་ལ་རག་ལས་པ་ཅན་གྱི་སྐྱེ་བ་མེད་པ་དེ་ལྟར་ན་མ་གྲུབ་པ་ཡིན་ནོ། །འདི་ལ་ཡང་སྲོག་ཆགས་ཀྱིས་ཆོས་ཉིད་དུ་རང་བཞིན་ནམ་དེ་ལས་བྱུང་བ་ལ་བརྗོད་པ་ཡིན་གྲང་ན། རེ་ཞིག་རང་བཞིན་ནི་མ་ཡིན་ཏེ། རང་བཞིན་གྱིས་འོད་གསལ་

Vol. 175 · folio 94a

བ་ཉིད་ཀྱིས་གློ་བུར་བར་བསྟན་པ་ཉིད་ཀྱི་ཕྱིར་མ་གྲུབ་པ་ཉིད་ཡིན་ནོ། །ཅི་སྟེ་དེ་ལས་འབྱུང་བ་ཅན། །ཞེས་བྱ་བ་ནི་རྒྱུའི་དོན་ཡིན་པ་དེའི་ཚེ་ཐག་པ་ལ་སྦྲུལ་གྱི་ཤེས་པ་འབྱུང་བ་དང་མི་འབྱུང་བ་དེ་བས་ན་མ་ངེས་པ་ཉིད་ཡིན་ནོ། །རེས་འགའ་འབྱུང་བ་ཉིད་ཡིན་པའི་

ཕྱིར་གཏན་ཚིགས་མ་གྲུབ་པ་ཉིད་ཡིན་ཏེ། འགའ་ཞིག་གི་ཚེ་ཉོན་མོངས་པ་འགའ་ཞིག་འཇུག་པར་འགྱུར་གྱི་ཐམས་ཅད་དུ་ནི་མ་ཡིན་ནོ། །རང་བཞིན་གང་ཡིན་པ་དེ་ཡང་རེས་འགའ་འབྱུང་བར་འགྱུར་བ་མ་ཡིན་ཏེ། དཔེར་ན་གཟུགས་དང་ལྡན་པའི་དངོས་པོའི་གཟུགས་

ལ་སོགས་པ་དེ་ཉིད་ལྟ་བུའོ། །རང་བཞིན་ཉིད་མ་གྲུབ་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་ལ་རེས་འགའ་འབྱུང་བ་ཅན་ཡིན་པ་དེ་ནི་དེའི་རང་བཞིན་དུ་འགྱུར་བ་མ་ཡིན་ཏེ་དཔེར་ན་རླུང་གི་དྲི་ལྟ་བུའོ། །འདོད་ཆགས་ལ་སོགས་པ་ཡང་རྣམ་

པར་ཤེས་པའི་རྒྱུད་ལ་རེས་འགའ་འབྱུང་བ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །བདག་མེད་པ་མཐོང་བའི་མཚན་ཉིད་ཅན་གྱི། གཉེན་པོའི་ཕྱོགས་དང་བྲེལ་ཡོད་ན། མངོན་དུ་གྱུར་པ་ཡོད་ན། ལྡོག་པ་དག་ཀྱང་མཐོང་ཕྱིར་རོ། །འདོད་

ཆགས་ལ་སོགས་པ་དུས་དེ་སྲིད་དུ་མངོན་དུ་རྒྱུ་བ་ཡང་མཐོང་བ་མེད་པའི་ཕྱིར་རོ། །རང་བཞིན་ཉིད་མ་ཡིན་པ་དེ་ལྟར་ན་གཏན་ཚིགས་མ་གྲུབ་པ་ཉིད་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་ལ་གཉེན་པོའི་ཕྱོགས་མངོན་དུ་གྱུར་པ་ཡོད་ན། སྤངས་པ་དེ་ནི་དེ་ངེས་པར་མངོན་དུ་གྱུར་

པའི་ཆོས་ཅན་མ་ཡིན་ཏེ། དཔེར་ན་གྲང་བ་མངོན་དུ་གྱུར་པ་ཡོད་ན་རྡོ་བ་ལ་སོགས་པའི་དྲོ་བའི་རེག་པ་མེད་པ་ལྟ་བུའོ། །འདོད་ཆགས་ལ་སོགས་པ་ཡང་རྣམ་པར་ཤེས་པའི་རྒྱུ་ལས་གཉེན་པོའི་ཕྱོགས་མངོན་དུ་གྱུར་པ་ཡོད་ན་སྤངས་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་

བ་དམིགས་པའོ། །དེ་ལྟར་ནི་འགྱུར་མོད་ཀྱི་ཇི་ལྟར་ཟངས་མ་ལ་སོགས་པའི་སྲ་བའི་མི་མཐུན་པའི་ཕྱོགས་མེ་མངོན་དུ་གྱུར་པ་ལས་ཞུ་བར་གྱུར་པ་ན་སྲ་བ་ཉིད་མེད་དུ་ཟིན་ཀྱང་ཡང་འབྱུང་བ་ཉིད་ཡིན་པ་དེ་དང་འདྲ་བ་གཉེན་པོའི་ཕྱོགས་མངོན་དུ་གྱུར་པ་ལོག་པ་ན་ཡང་ཉོན་མོངས་

Vol. 175 · folio 94b

པ་རྣམས་ཡང་འབྱུང་བའི་ཆོས་ཉིད་ཡིན་ནོ། །དེ་བས་ན་གང་ཞིག་གང་གི་གཉེན་པོའི་ཕྱོགས་ཡིན་པ་དེ་གོམས་པ་ལས་དེ་དང་ཤིན་ཏུ་བྲལ་བ་ལ་མ་ངེས་པ་ཡིན་ནོ་ཞེ་ན། སྲ་བ་བཞིན་དུའང་སྐྱེ་མིན་ཏེ། ཉོན་མོངས་པ་རྣམས་སོ། །ཅིའི་ཕྱིར་ཞེ་ན། ཉེས་པ་རྣམ་པར་འགགས་

པ་ཡི། །དེའི་བདག་ཉིད་ལྡོག་མེད་ཕྱིར་རོ། །ཟངས་མ་ལ་སོགས་པའི་སྲ་བ་ཉིད་དང་འགལ་བའི་མེ་གང་ཡིན་པ་དེ་རེས་འགའ་ཐག་ཉེ་བ་ཉིད་ཀྱི་ཕྱིར། སྲ་བ་མེད་པ་དང་བཅས་པ་ནི་དེ་མངོན་སུམ་དུ་གྱུར་པ་ན། སྲ་བ་ལ་སོགས་པ་མངོན་དུ་གྱུར་པ་མེད་པ་ཉིད་ཡིན་ཞིང་། དེ་མེད་པ་ན་

ཡང་ལོག་པ་ནི་རིགས་པ་ཡིན་ནོ། །དེ་ལྟར་འདིར་ཡང་གལ་ཏེ་ལམ་འགྱུར་ན། དེ་ལྟར་ནི་འགྱུར་མོད་ཀྱི་གང་ལས་དེ་ལྟར་ནི་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། ཉེས་པ་འགོག་པར་བྱེད་པ་བདག་མེད་པ་མཐོང་བ་ཤིན་ཏུ་གོམས་པ་ལས་སེམས་དེ་དེའི་བདག་ཉིད་ཅན་དུ་འགྱུར་རོ། །དེ་

བས་ན་དེའི་བདག་ཉིད་ཅན་དུ་གྱུར་པའི་རྒྱུས་ལྡོག་པ་མ་ཡིན་ཞིང་། འཇིག་པ་མེད་པའི་ཕྱིར་ཡང་སྐྱོན་རྣམས་འབྱུང་བ་མ་ཡིན་ནོ། །སྦྱོར་བ་ནི་གང་ལ་གང་གི་གཉེན་པོའི་ཕྱོགས་ཉམས་པ་མེད་པ་དེ་ལ་དེའི་སྐབས་ཡོད་པ་མ་ཡིན་ཏེ། དཔེར་ན་མེ་ལ་གྲང་བ་ལྟ་བུའོ། །

བདག་མེད་པ་གོམས་པར་གྱུར་པའི་རྣམ་པར་ཤེས་པའི་རྒྱུད་ལ་ཡང་བདག་ཏུ་ལྟ་བའི་གཉེན་པོའི་ཕྱོགས་ཉམས་པ་མེད་པའོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །མ་ངེས་ཕྱིར་རོ་ཐལ་བ་བཞིན། ཤིང་ཐལ་བར་འགྱུར་བ་ཡང་ཤིན་ཏུ་མི་འགྱུར་བ་དེ་བཞིན་

དུ་གཉེན་པོའི་ཕྱོགས་ཀྱིས་ཉེས་པ་རྒྱུན་བཅད་པ་ཡང་འབྱུང་བ་ཞེས་བྱ་བ་གང་ཡིན་པ་དེ་ཡང་མ་ངེས་པ་ཡིན་ནོ། །གང་ཞིག་གང་རང་བཞིན་ཡིན་པ་ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་ལ་གང་ཞིག་གང་ཞེས་བྱ་བ་ལ་སོགས་པས་གཏན་ཚིགས་གྲུབ་པར་སྟོན་པར་བྱེད་དོ། །སྲོག་

ཆགས་གང་ཞིག་ང་ཞེས་བདག་མཐོང་བ། འཁྲུལ་པ་ཡིན་ནོ། །དེའི་བདག་ཉིད་ཅན་དུ་ཉེ་བར་འགྲོ་བའི་བདག་ཉིད་ཀྱིས་དངོས་པོ་དེ་ལ་བདག་ཉིད་དུ་ལྟ་བ་འདི་རྟག་པ་ཉིད་དུ་སྟེ། འཇིག་པ་མེད་པ་ཉིད་དུའོ། །ཆགས་པ་ནི་བདག་ཏུ་མངོན་པར་ཆགས་པའོ། །དེ་ལ་གནོད་

Vol. 175 · folio 95a

པར་བྱེད་པའང་བདག་མེད་པ་ཉིད་མཐོང་བ་ཡིན་ནོ། །གལ་ཏེ་དེ་མི་འདོད་པ་དེའི་ཚེ་གནོད་པ་ཅན་མེད་པའི་ཕྱིར་རྟག་ཏུ་བདག་ལ་ཆགས་པ་ཉིད་ཡིན་པ་དེ་ལྟར་ན་གྲོལ་བར་མི་འགྱུར་རོ། །སྦྱོར་བ་ཡང་གང་ལ་ཤེས་པ་གང་སྐྱེ་བའི་གནོད་པ་ཅན་ཡོད་པ་མ་ཡིན་པ་དེ་ནི་དེ་

ལ་ཤེས་པ་ལྡོག་པ་མ་ཡིན་ཏེ། དཔེར་ན་མེ་ལ་དྲོ་བར་རྟོགས་པའི་དུས་ཀྱི་དྲོ་བའི་ཤེས་པ་ལྟ་བུའོ། །བདག་ཏུ་ལྟ་བའི་ཆགས་པའི་ཤེས་པ་ལ་ཡང་བདག་ལ་སྐྱེ་བའི་གནོད་པ་ཅན་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །མ་གྲུབ་པ་ཡང་མ་

ཡིན་ཏེ། བདག་ཏུ་ལྟ་བའི་ཡུལ་དེ་སུན་ཕྱུང་བ་མེད་པའི་ཕྱིར་རོ། །སྦྱོར་བ་ནི་གང་ཞིག་ཡུལ་གང་ལ་ཉེས་པར་མཐོང་བའི་སྒོ་ནས་སུན་འབྱིན་པར་བྱེད་པ་མ་ཡིན་པ་དེ་ནི་དེ་ལ་ཆགས་པ་སྐྱེ་བ་ལྡོག་པ་མ་ཡིན་ཏེ། དཔེར་ན་འདོད་ཆགས་ཅན་ཡུལ་གྱི་བཟང་མོ་ལ་ཉེས་པར་མཐོང་བའི་སྒོ་

ནས་སུན་འབྱིན་པ་མ་ཡིན་པ་ལྟ་བུའོ། །བདག་ཏུ་ལྟ་བ་ཅན་ཡང་བདག་ལ་ཉེས་པར་མཐོང་བའི་སྒོ་ནས་སུན་འབྱིན་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །ཡང་ན་གང་ཞིག་གང་ལ་ཉེས་པར་མཐོང་བ་ཅན་མ་ཡིན་པ་དང་། དེར་འདོད་ཆགས་སྐྱེ་བ་

དེ་ནི་དེ་ལ་འདོད་ཆགས་དང་བྲལ་བ་མ་ཡིན་ཏེ། དཔེར་ན་འདོད་ཆགས་ཅན་ཡུལ་གྱི་བཟང་མོ་ལ་ཉེས་པར་མཐོང་བ་མེད་པ་འདོད་ཆགས་སྐྱེ་བ་ལྟ་བུའོ། །བདག་ཏུ་ལྟ་བ་ཅན་ཡང་ཉེས་པར་མཐོང་བ་ཅན་མ་ཡིན་པ་དང་། དེར་ཆགས་པ་སྐྱེ་བ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་

བྱེད་པ་མི་དམིགས་པའོ། །འདི་མ་གྲུབ་པ་ཡང་མ་ཡིན་ཏེ་བདག་ཉིད་མི་འདོད་པའི་ཕྱིར་དང་། བསྟན་ཟིན་པ་ཉིད་ཀྱི་ཕྱིར་རོ། །དེ་དེ་ལྟར་ན་བདག་ཏུ་ཆགས་པས་ཏེ། རྒྱུའི་ཕྱིར་བདག་གི་བདེ་ལ་སྲེད་འགྱུར་ཞིང་། སྦྱོར་བ་ནི་གང་ཞིག་གང་ལ་ཆགས་པ་བསྟན་པ་དེ་ནི་

དེའི་བདེ་བ་ལ་ཡོངས་སུ་སྲེད་པ་དང་ལྡན་པར་འགྱུར་ཏེ། དཔེར་ན་སོ་སོའི་སྐྱེ་བོའི་གནས་སྐབས་ཅན་གྱི་སྐྱེས་བུའི་དེ་ཉིད་ལྟ་བུའོ། །སྐྱེས་བུ་ཆགས་པ་དང་བྲལ་བར་མངོན་པར་འདོད་པ་ཡང་ཕྱིས་ཀྱང་ཆགས་པ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་ལྟར་

Vol. 175 · folio 95b

ན་བདག་གི་བདེ་བ་ལ་སྲེད་པས་བདེ་བ་སྒྲུབ་པར་བྱེད་པ་ཉིད་དུ་ཉེ་བར་འགྲོ་བ་ཟག་པ་དང་བཅས་པའི་དངོས་པོའི་སྐྱོན་རྣམས་ཡོད་པ་སེལ་བར་བྱེད། ཡོན་ཏན་འཛིན་པར་བྱེད་ཅེས་བྱ་བའི་དོན་ཏོ། །སྦྱོར་བ་ཡང་གང་ཞིག་གང་བདག་གི་བདེ་བ་ལ་ཡོངས་སུ་སྲེད་པ་དང་ལྡན་པ་དེ་

ནི་བདག་གི་སྐྱོན་མཐོང་བ་ཅན་མ་ཡིན་པའམ། དེའི་བདེ་བའི་ཆ་ཤིན་ཏུ་སྒྲུབ་པར་བྱེད་པ་ཡོན་ཏན་དུ་ལྟ་བ་ཅན་ཡིན་ཏེ། དཔེར་ན་སོ་སོའི་སྐྱེ་བོའི་གནས་སྐབས་ཀྱི་སྐྱེས་བུ་དེ་ཉིད་ལྟ་བུའོ། །སྐྱེས་བུ་འདོད་ཆགས་དང་བྲལ་བར་མངོན་པར་འདོད་པ་ཡང་བདག་གི་བདེ་བ་ལ་

ཡོངས་སུ་སྲེད་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །བསྒྲུབ་པར་བྱ་བ་གཉིས་པ་ལ་ལྟོས་ནས་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །དེ་ལྟར་ན་བདེ་བ་སྒྲུབ་པར་བྱེད་པ་ལ། ཡོན་ཏན་མཐོང་བ་ཡོངས་སུ་སྲེད། །ངའི་ཞེས་དེ་ཡི་སྒྲུབ་བྱེད་

ལེན། །ངའི་ཉིད་དུ་བདེ་བ་སྒྲུབ་པར་བྱེད་པ་བརྟན་པོར་ཡོངས་སུ་ལེན་པར་བྱེད་དོ། །སྦྱོར་བ་ནི་གང་ཞིག་གང་ལ་ཡོན་ཏན་དུ་མཐོང་བ་ཅན་ཡོངས་སུ་སྲིད་པ་དང་ལྡན་པ་དེ་ནི་དེ་ལ་ངའི་ཞེས་བྱ་བའི་སེམས་ཀྱི་ཡོངས་སུ་འཛིན་པ་བརྟན་པོ་ཅན་དུ་འགྱུར་ཏེ། དཔེར་ན་སྔོན་གྱི་

གནས་སྐབས་ཀྱི་སྐྱེས་བུ་དེ་ཉིད་ལྟ་བུའོ། །སྐྱེས་བུ་ཆགས་པ་དང་བྲལ་བར་འདོད་པའི་ཡང་བདག་གི་དངོས་པོ་ལ་ཕྱིས་ཀྱང་ཡོན་ཏན་དུ་མཐོང་བ་ཅན་གྱི་ཡོངས་སུ་སྲེད་པ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །སྐྱེས་བུ་བདག་ཏུ་མཐོང་བས་བདག་ལ་

ཆགས་པ་ལ་སོགས་པའི་སྲེད་པས་ཡོན་ཏན་དུ་མཐོང་བ་ཅན་གྱི་ཡོངས་སུ་སྲེད་པ་དང་ལྡན་པ་བདག་གིར་ཡོངས་སུ་འཛིན་པ་རྩོམ་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་འཁོར་བ་ཡོངས་སུ་འཛིན་པ་གང་ཡིན་པ། དེས་ནི་ཇི་སྲིད་བདག་མངོན་ཆགས། །དེ་སྲིད་དུ་འཁོར་བར་

ཡོངས་སུ་འཇུག་པར་འགྱུར་རོ། །བདག་ཡོད་ན་ནི་གཞན་དུ་ཤེས། །ཇི་སྲིད་དུ་བློ་བདག་ཅེས་མངོན་པར་ཞེན་པ་དེ་སྲིད་དུ་བདག་ཏུ་འདུ་ཤེས་པ་དང་། དེ་ཡོད་ན་དེ་ལྟར་མི་འཛིན་པ་གང་ཡིན་པ། དེ་ཐམས་ཅད་གཞན་ཡིན་ནོ་ཞེས་བྱ་བ་ནི་གཞན་དུ་འདུ་ཤེས་པའོ། །དེ་དེ་ལྟ་

Vol. 175 · folio 96a

བུའི་བློས། བདག་གཞན་ཆ་ལས་འཛིན་དང་སྡང་། །བདག་ཉིད་དུ་བཟུང་བ་ལས་ཡོངས་སུ་འཛིན་པ་ནི་མངོན་པར་ཆགས་པའོ། །གཞན་ཉིད་དུ་རྣམ་པར་ཕྱེ་བ་ལས་སྡང་བ་ཡིན་ཏེ་ཡོངས་སུ་དོར་བའོ། །ཡོངས་སུ་འཛིན་པ་དང་སྡང་བ་དག་ནི་འདོད་ཆགས་དང་ཞེ་སྡང་

དག་ཡིན་ཏེ། འདི་དག་དང་ནི་ཀུན་འབྲེལ་ལས། །ཇི་སྲིད་དུ་ཕྲག་དོག་དང་སེར་སྣ་ལ་སོགས་པའི་ཉེས་པ་ཐམས་ཅད་འབྱུང་བར་འགྱུར། ཇི་སྲིད་དུ་འཁོར་བ་པ་ཡིན་ནོ། །བདག་ཏུ་ལྟ་བ་མེད་པ་ཉིད་ཀྱི་ཕྱིར། དེ་དག་ཐམས་ཅད་ཡོད་པ་མ་ཡིན་པ་དེ་ལྟར་ན་བདག་མེད་པར་མཐོང་

བ་ནི་བདག་ཏུ་ལྟ་བ་དང་། དེའི་རང་བཞིན་ཅན་གྱི་ཉེས་པ་རྣམས་ཀྱིས་གནོད་པ་ཅན་ཉིད་ཡིན་ནོ། །གལ་ཏེ་ཇི་ལྟར་བདག་ཏུ་ཆགས་པ་དང་ལྡན་པ་ཡིན་པ་དེ་ལྟར་ན་ཡང་བདག་གི་ཆགས་པ་དང་བྲལ་བ་འཁོར་བར་འཁོར་བ་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར་སྐྱེས་བུ་བདག་

ལ་ཆགས་པར་འགྱུར་ན་ནི། དེ་ཡི་ལ་ངེས་ཆགས་བྲལ་མིན། །ལོངས་སྤྱོད་ལ་རག་ལུས་པའི་སྒྲུབ་པར་བྱེད་པ་ཉིད་ཀྱིས་བདག་གིར་བྱེད་པ་ལ་ཆགས་པ་དང་བྲལ་བ་མ་ཡིན་ནོ། །དེ་ལྟར་ན་བདག་ཏུ་ཆགས་པ་དང་ལྡན་པའི་བདག་གི་དང་འབྲེལ་པ་ཙམ་གྱིས་བྱས་པའི་ཆགས་

པ་ཡོད་པ་མ་ཡིན་ནོ། །གང་ཞིག་བདག་ལ་ཆགས་པ་དེ་ནི་ངེས་པར་བདག་དང་འབྲེལ་པ་ཅན་གྱི་དབང་པོ་ལ་སོགས་པ་ལ་ཆགས་པ་དང་ལྡན་པ་ཡིན་ཏེ། དཔེར་ན་སྔ་མའི་གནས་སྐབས་ཅན་གྱི་སྐྱེས་བུ་དེ་ཉིད་ལྟ་བུའོ། །སྐྱེས་བུ་འདི་ཡང་ཕྱིས་ཀྱང་བདག་ལ་ཆགས་

པ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །མ་གྲུབ་པ་ཡང་མ་ཡིན་ཏེ། འདི་ལྟར། ཉེས་མེད་བདག་ལ་ཆགས་པ་དང་། །བྲལ་བའི་རྒྱུ་ནི་ཡོད་མ་ཡིན། །སྐྱེས་བུ་དེ་ནི་སྡུག་བསྔལ་དང་བྲལ་བ་གཅིག་ཏུ་རྣམ་པར་འཚེ་བ་མེད་པའི་བདག་འདོད་པ་ཡིན་པ་

དེ་ལྟར་ན་བདག་ལ་ཆགས་པ་དང་བྲལ་བ་ཉིད་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་ལ་སྡུག་བསྔལ་དང་བྲལ་ཞིང་རྣམ་པར་འཚེ་བ་མེད་པར་འདོད་པ་དེ་ནི། དེ་ལ་འདོད་ཆགས་དང་བྲལ་བའམ། །ཞེན་པ་མེད་པ་མ་ཡིན་ཏེ། དཔེར་ན་སྔ་མའི་གནས་སྐབས་ཅན་གྱི་སྐྱེས་བུ་དེ་ཉིད་

Vol. 175 · folio 96b

བདག་ལ་ཆགས་པ་དང་ལྡན་པ་ལྟ་བུའོ། །བདག་ཏུ་སྨྲ་བའང་འདོད་ཆགས་དང་བྲལ་བའི་གནས་སྐབས་ན་ཡང་བདག་སྡུག་བསྔལ་དང་བྲལ་ཞིང་རྣམ་པར་འཚེ་བ་མེད་པར་འདོད་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གལ་ཏེ་ཆགས་པ་སྐྱོན་

བཅས་ཤེས། །བདག་ནི་ཉེས་པ་མེད་པ་ཉིད་ཡིན་ལ། དེ་ལ་ཆགས་པ་གང་ཡིན་པ་དེ་ཉིད་ཉེས་པ་དང་ལྡན་པ་ཡིན་ནོ། །ཉེས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་མཁས་པ་ཉིད་ཀྱིས་དོར་བར་བྱ་བ་ཡིན་ཏེ། སྦྲུལ་གྱིས་ཟིན་པའི་སོར་མོ་བཞིན་ནོ་ཞེས་དེ་ལྟར་གཞན་དག་སེམས་

སོ། །འདི་ཉིད་ལ་མི་མཉེས་པས་གལ་ཏེ་ཆགས་པས་ཉེས་པ་དང་བཅས་པ་ཡིན་ནོ། །དེ་ལས་ཅིར་འགྱུར་ཞེས་འདྲི་བ་མཛད་པ་ཡིན་ནོ། །བདག་ཏུ་ཆགས་པ་སྐྱོན་དང་ལྡན་པ་ཉིད་ཡིན་པའི་ཕྱིར། དེ་སྤངས་ཡིན་ཞེས་སྨྲས་སོ། །དེས་ན་གཏན་ཚིགས་མ་གྲུབ་པ་

ཉིད་ཡིན་ནོ་ཞེ་ན། བདག་ཏུ་ཆགས་པ་འདི་ཡི་ཡུལ། །བདག་གང་ཡིན་པ་དེ་ཡུལ་མེད་པ་ཉིད་དུ། སུན་ཕྱུང་མེད་པར་ནི། དེ་སྤངས་པར་ནི་ནུས་མ་ཡིན། །དེའི་ཡུལ་ཅན་གྱི་ཆགས་པ་སྐྱེ་བ་སྤངས་པར་ནུས་པ་མ་ཡིན་ཏེ། དེ་ཡོད་པ་ཙམ་དུ་ལྟ་བའི་ངང་ཚུལ་ཅན་ཉིད་ཡིན་

པའི་ཕྱིར་རོ། །སྦྱོར་བ་ནི་གང་ཞིག་གང་ལ་ཆགས་པ་སྐྱེ་བའི་ཡུལ་གྱི་ཉེས་པ་མཐོང་བ་མེད་པ་དེས་ནི་དེ་ལ་ཆགས་པ་སྤོང་བར་ནུས་པ་མ་ཡིན་ཏེ། དཔེར་ན་འདོད་ཆགས་ཅན་ཡུལ་གྱི་བཟང་མོ་ལ་ཆགས་པའི་ཡུལ་གྱི་ཉེས་པ་མཐོང་བ་མ་ཡིན་པ་ལྟ་བུའོ། །སྐྱེས་བུ་འདིས་

ཀྱང་བདག་ཏུ་ཆགས་པའི་ཡུལ་གྱི་ཉེས་པ་མ་མཐོང་བ་ཡིན་ནོ་ཞེས་བྱ་བ་ནི་རྒྱུ་མི་དམིགས་པའོ། །ཡོན་ཏན་སྐྱོན་དང་ཞེས་བྱ་བ་ལ་སོགས་པས་འདི་ཉིད་ཀྱི་གཞུང་འཛུགས་པར་བྱེད་དོ། །འདོད་སྡང་སོགས་ཅི་འདྲ་བ་ཞིག་ཅེ་ན་ཡོན་ཏན་སྐྱོན་དང་རྗེས་འབྲེལ་པའི་འདོད་པ་

ཡུལ་ལ། ལ་ལ་ཡོན་ཏན་མཐོང་བའི་རྗེས་སུ་འབྲེལ་པས་སྐྱེ་བ་ཡིན་ཞིང་ཞེ་སྡང་ཡང་ཉེས་པ་མཐོང་བའི་རྗེས་སུ་འབྲེལ་པས་ཡིན་ནོ། །སོགས་པ་སྨོས་པས་ནི་བདག་ཉིད་ཇི་ལྟ་བ་བཞིན་དུ་རྒྱུ་མཚན་མཐོང་བས་ཕྲག་དོག་ལ་སོགས་པ་སྐྱེ་བ་བཟུང་ངོ་། །དེ་ལྟར་

Vol. 175 · folio 97a

འཇུག་པའི་འདོད་པ་དང་ཞེ་སྡང་ལ་སོགས་པ་དེའི་འདི་སྤངས་པ་ནི། སྤོང་བའི་ཐབས་ནི་འདིར་སྤོང་བར་མངོན་པར་འདོད་པ་ཉིད་ཡིན་ནོ། །འདི་ལྟ་སྟེ། སྐྱོན་དང་ཡོན་ཏན་དེ་དག་ཡུལ་ལ་མཐོང་མེད་པ། ཡུལ་གང་ལ་ཡོན་ཏན་མཐོང་བས་འདོད་པ་སྐྱེས་པ་དེ་ནི་ཡོན་

ཏན་མཐོང་བ་མེད་པས་འདོད་པ་མེད་པར་འགྱུར་བ་དང་། ཞེ་སྡང་ཡང་ཉེས་པ་གང་མཐོང་བས་སྐྱེ་བ་དེ་སྐྱོན་མཐོང་བ་མེད་པས་ཀྱང་ཡིན་ནོ། །གོ་རིམས་གང་ཡིན་ཕྱི་ལྟར་མེད། །དེ་ལ་ཚེར་མ་ལ་སོགས་པ་མངོན་པར་མི་འདོད་པ་གང་ཡིན་པ་དེ་ཕྱུང་ནས་གཞན་དུ་འདོར་བར་བྱེད་

པ་དེ་ལྟར་ཡིད་ཀྱི་ཡོན་ཏན་རྣམས་ནི་མ་ཡིན་ནོ། །དེ་བས་ན་བདག་ཡོད་པ་ཉིད་དུ་ལྟ་བའི་སྒོ་ནས་འོངས་པའི་བདག་ཏུ་མངོན་པར་ཆགས་པ་ནི་ཇི་སྲིད་བདག་ཏུ་མཐོང་བའི་རྒྱུ་མཚན་མེད་པར་མ་གྲུབ་པ་དེ་སྲིད་དུ་གང་ལས་སྤངས་པ་ཡིན། སྦྱོར་བ་ནི་གང་ཞིག་མཐོང་བའི་སྒོ་ནས་གང་ལ་

སྐྱེས་བུའི་འདོད་པ་སྐྱེ་བ་དེ་ནི། དེ་ལ་དེ་མཐོང་བ་ཡོད་ན་མེད་པ་མ་ཡིན་ཏེ། དཔེར་ན་བདེ་བ་སྒྲུབ་པར་བྱེད་པར་མཐོང་བས་ཡུལ་གྱི་བཟང་མོ་ལ་སྐྱེས་བུ་འདོད་པ་སྐྱེ་བ་ལྟ་བུའོ། །འདིའི་བདག་ཏུ་ཆགས་པ་ཡང་བདག་ཡོད་པ་ཉིད་དུ་ལྟ་བའི་སྒོ་ནས་སྐྱེ་བ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་

པར་བྱེད་པ་འགལ་བ་དམིགས་པའོ། །གལ་ཏེ་བདག་ཏུ་ཆགས་པ་ལ་ཡོན་ཏན་དུ་ལྟ་བ་ལས་ཆགས་པ་སྐྱེ་བར་འགྱུར་བ་དེའི་ཚེ། དེ་ཉེས་པར་མཐོང་བ་ལས་དེ་མེད་པར་འགྱུར་ན། འདི་ལྟར་ཆགས་སོགས་ཡོན་ཏན་ལས་ཆགས་པ་མིན། འོན་ཀྱང་དོན་གྱི་ཡོན་ཏན་མཐོང་བ་

ལས་ཆགས་པ་ཡིན་ཏེ་ཡུལ་གྱི་ཡོན་ཏན་མཐོང་བ་ལས་ཆགས་པ་འབྱུང་བར་འགྱུར་བ་ཡིན་ནོ། །བདག་ལ་ཆགས་པའི་ཡོན་ཏན་མཐོང་བའི་རྒྱུ་མཚན་ཡང་བདག་ཡོད་པ་མཐོང་བ་ཙམ་ཉིད་ཡིན་ནོ། །དེ་མ་ཚང་བ་མེད་པ་ཡིན་ནོ། །བདག་ཏུ་ཆགས་པའི་རྒྱུ་ཚད་མེད་པ་དེ་ལ་ནི་བདག་ཏུ་

ཆགས་པ་ཞེས་བྱ་བ་དེ་འབྲས་བུ་རྒྱུ་གང་གིས་བཟློག་དེ་ལྟར་ན་རྒྱུ་མ་ཚང་བར་བྱས་པས་འབྲས་བུ་ལྡོག་པ་ཡིན་ན། དེ་ནི་བདག་ཏུ་ཆགས་པའི་རྒྱུ་མཚན་བདག་ཡོད་པ་ཉིད་དུ་མཐོང་བ་ཡོད་པ་འདི་ལ་ཡོད་པ་མ་ཡིན་པ་དེ་ལྟར་ན། བདག་ཏུ་ཆགས་པ་མ་སྤངས་པ་ཁོ་ན་ཡིན་ནོ། །སྦྱོར་བ་ནི་

Vol. 175 · folio 97b

གང་ཞིག་གང་གི་རྒྱུ་ཅན་ཡིན་པ་དེ་ནི་དེ་མ་ཚང་བ་མེད་པ་ཡོད་ན་མེད་པར་མི་འགྱུར་ཏེ། དཔེར་ན་ས་བོན་ལ་སོགས་པའི་ཚོགས་པ་མ་ཚང་བ་མེད་པའི་རྒྱུ་ཅན་གྱི་མྱུ་གུ་ལྟ་བུའོ། །བདག་ཏུ་ཆགས་པ་ཡང་བདག་ཏུ་ལྟ་བའི་རྒྱུ་ཅན་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་

པའོ། །དེ་ནི་འདིའི་ཡུལ་སུན་ཕྱུང་མེད་པར་ནི་ཞེས་བྱ་བ་ལ་སོགས་པ་ཉིད་ཀྱི་གཞུང་བཙུགས་པ་ཡིན་ནོ། །ཆགས་པ་ནི་སྐྱོན་དང་བཅས་པ་ཡིན་ཞིང་། ཉེས་པ་དང་ལྡན་པ་གང་ཡིན་པ་དེ་མཁས་པ་རྣམས་ཀྱིས་དོར་བར་བྱ་བ་ཡིན་ཏེ། དཔེར་ན་སྦྲུལ་གྱིས་ཟིན་པའི་སོར་མོ་ལྟ་བུའོ། །བདག་

ཏུ་ཆགས་པ་ཡང་ཉེས་པ་དང་ལྡན་པ་ཡིན་པ་དེ་བས་ན་དོར་བར་བྱ་བ་ཡིན་ནོ་ཞེས་བཤད་པ་གང་ཡིན་པ་དེ་ལ་བདག་ཏུ། ཆགས་ལ་སྐྱོན་བཅས་ཅན་མཐོང་གང་། གང་གིས་འདི་སྤངས་པ་ཡིན་ཞེ་ན། སྡུག་བསྔལ་རྟེན་ནི་ཡིན་པས་སོ། །ཞེས་བྱ་བ་འདིས་ནི་གཞན་གྱིས་མ་གྲུབ་པའི་ལན་

འདེབས་པར་བྱེད་དེ། བདག་ཏུ་ཆགས་པ་ལས་བདེ་བ་ལས་ཡོངས་སུ་སྲེད་པ་དང་ལྡན་པ་སྡུག་བསྔལ་དུ་འགྱུར་བའི་འཁོར་བ་ལེན་པར་འགྱུར་རོ། །དེ་བས་ན་ཆགས་པའི་ཉེས་པ་ནི་སྡུག་བསྔལ་གྱི་རྒྱུ་ཉིད་ཡིན་པ་དེ་ལྟར་ན་སྐྱོན་དང་ལྡན་པར་གྲུབ་པ་ཉིད་ཡིན་ནོ། །སྦྱོར་བ་ནི་གང་

སྡུག་བསྔལ་གྱི་རྟེན་ཡིན་ན་དེ་ནི་སྐྱོན་དང་ལྡན་པ་ཡིན་པས་དོར་བར་བྱ་བ་ཡིན་ཏེ། དཔེར་ན་སྦྲུལ་གྱིས་ཟིན་པའི་སོར་མོ་ལྟ་བུའོ། །བདག་ཏུ་ཆགས་པ་ཡང་སྡུག་བསྔལ་གྱི་རྟེན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་པར་སེམས་སོ། །གལ་ཏེ་ཡང་དེ་སྡུག་བསྔལ་

གྱི་རྟེན་ཉིད་ཡིན་པའི་ཕྱིར། ཉེས་པ་ལྡན་པ་དོར་བར་བྱ་བ་ཡིན་པ་དེ་ལྟར་ཡང་འདིར་ཆགས་བྲལ་མིན། བདག་ཏུ་ཆགས་པ་ལའོ། །གང་ལས་སམ་ཇི་ལྟར་རང་ཉིད་མཐོང་ཕྱིར་དཔེར་བདག་བཞིན། ཇི་ལྟར་བདག་ལ་རང་གི་བློ་རྒྱུ་ཡིན་པའི་ཕྱིར། བདག་སྡུག་བསྔལ་གྱི་རྒྱུ་ཡིན་ན་

ཡང་འདོད་ཆགས་དང་བྲལ་བ་མ་ཡིན་པ་དེ་ལྟར་བདག་ལ་ཆགས་པ་ཡང་རང་ཉིད་དུ་བཟུང་བ་ན་སྡུག་བསྔལ་གྱི་རྟེན་ཉིད་ཡིན་ན་ཡང་འདོད་ཆགས་དང་བྲལ་བར་འགྱུར་བ་མ་ཡིན་པ་དེ་ལྟར་ན་མ་ངེས་པ་ཡིན་པར་བསྟན་ཏོ། །སྦྱོར་བ་ཡང་གང་ལ་སྐྱེས་བུའི་རང་གི་བློ་གཅིག་ཏུ་ངེས་

Vol. 175 · folio 98a

པ་ཅན་ཡིན་པ་དེ་ལ་སྐྱོན་དང་ལྡན་པ་ཡིན་དུ་ཟིན་ཀྱང་དེ་འདོད་ཆགས་དང་བྲལ་བ་ཉིད་མ་ཡིན་ཏེ་དཔེར་ན་བདག་ཉིད་ལྟ་བུའོ། །སྐྱེས་བུ་ཡང་བདག་ལ་ཆགས་པ་ལ་རང་གི་བློ་གཅིག་ཏུ་ངེས་པ་ཅན་ཡོད་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །

དེ་ལྟར་ནི་འགྱུར་མོད་ཀྱི། །གལ་ཏེ་དེ་མིན་བདག་སྡུག་བསྔལ། །རྒྱུ་མིན་བདག་གིར་ཆགས་པའི་བློ་དང་དབང་པོ་ལ་སོགས་པ་དང་ལྡན་པའི་ཕྱིར། བདག་སྡུག་བསྔལ་གྱི་རྒྱུ་ཉིད་ཡིན་གྱི་ཡན་གར་བ་ནི་མ་ཡིན་པ་དེ་ལྟར་ན་བདག་ལ་ཆགས་པ་ལ་སོགས་པ་ཉིད་ཉེས་པ་དང་ལྡན་པ་ཉིད་

ཡིན་གྱི་བདག་ནི་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་དང་ལྡན་པའི་ཕྱིར་སྡུག་བསྔལ་གྱི་རྒྱུ་ཉིད་ཡིན་པ་དེ་ནི་དེ་ལ་ཉེས་པ་དང་ལྡན་པ་ཡིན་གྱི་གཞན་མ་ཡིན་ཏེ། དཔེར་ན་སོར་མོ་དུག་དང་ལྡན་པའི་ཕྱིར་སྡུག་བསྔལ་གྱི་རྒྱུ་དང་ལྡན་པ་ཡིན་པ་ལ་དུས་ཉེས་པ་དང་ལྡན་པ་ལྟ་བུའོ། །བདག་

ཀྱང་ཆགས་པ་ལ་སོགས་པ་དང་ལྡན་པའི་ཕྱིར་སྡུག་བསྔལ་གྱི་རྒྱུ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་ཡང་དེ་དང་འདྲ། ཇི་ལྟར་བདག་ཡན་གར་བ་སྡུག་བསྔལ་གྱི་རྒྱུ་མ་ཡིན་གྱི། འོན་ཀྱང་བདག་ཏུ་ཆགས་པ་ལ་སོགས་པ་དད་ལྡན་པ་ཡིན་པའི་ཕྱིར་དེ་ལྟར་ན་བདག་

ལ་ཆགས་པ་ཡང་ཡན་གར་བ་མ་ཡིན་གྱི་འོན་ཀྱང་བདག་དང་ལྡན་པ་ཉིད་ཀྱི་ཕྱིར་བདག་སྐྱོན་དང་ལྡན་པར་འདོད་པ་མ་ཡིན་པ་དེ་བས་ན་གཏན་ཚིགས་མ་ངེས་པ་ཡིན་ནོ། །དེ་ལྟར་གཉིས་ཀྱང་སྐྱོན་མེད་པ་ཡིན་ནོ། །ཇི་ལྟར་བདག་ཡན་གར་བ་སྡུག་བསྔལ་གྱི་རྒྱུ་མ་ཡིན་པས་ཉེས་པ་དང་ལྡན་པ་

མ་ཡིན་པ་དེ་ལྟར་བདག་མེད་པ་བདག་ཏུ་ཆགས་པ་ལ་སོགས་པ་ཡང་སྡུག་བསྔལ་གྱི་རྒྱུ་མ་ཡིན་པས་ན་བདག་ཏུ་ཆགས་པ་ལ་སོགས་པ་ཡང་ཉེས་པ་དང་ལྡན་པ་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་གཉི་ག་ཡང་མཚུངས་པ་ཉིད་ཀྱི་བདག་ཏུ་ཆགས་པ་དང་བྲལ་བའི་རྒྱུ་ལྷག་པ་

ཡོད་པ་མ་ཡིན་པའི་རྒྱུ། དེ་ཕྱིར་གཉི་ག་ཆགས་བྲལ་མིན། །ཇི་ལྟར་བདག་ཏུ་ཆགས་པ་དང་། དབང་པོ་ལ་སོགས་པ་དང་ཉེས་པ་མཚུངས་པ་ཅན་གྱི་བདག་གི་ཆགས་པ་དང་བྲལ་བ་མ་ཡིན་པ་དེ་ལྟར་བདག་དང་མཚུངས་པའི་ཉེས་པ་དག་ཏུ་ཆགས་པ་ལ་སོགས་

Vol. 175 · folio 98b

པའི་ཆགས་པ་དང་བྲལ་བར་མི་འགྱུར་རོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་ཉི་ཤུ་པ། སྦྱོར་བ་ནི་གང་ཞིག་གང་དང་ཉེས་པ་མཚུངས་པ་ཡིན་པ་དེ་ནི་དེ་མེད་པའི་ངང་ཚུལ་ཅན་དེ་ཙམ་གྱི་རྒྱུ་མཚན་ཅན་འདོད་ཆགས་དང་བྲལ་བ་དེས་ཡུལ་དུ་བྱས་པ་མ་ཡིན་ཏེ།

དཔེར་ན་སྐྱེས་བུ་ཉེས་པ་མཚུངས་པ་གཉིས་ཀྱི་ནང་ནས་གཅིག་ལ་མེད་པའི་ངང་ཚུལ་ཅན་དེ་ཙམ་གྱི་རྒྱུ་མཚན་ཅན་གྱི་འདོད་ཆགས་དང་བྲལ་བ་ནི་དེ་ལས་གཞན་དག་ལའང་མི་འགྱུར་བ་ལྟ་བུའོ། །འདོད་ཆགས་ལ་སོགས་པ་ཡང་བདག་དང་སྐྱོན་མཚུངས་པ་ཡིན་ནོ་ཞེས་བྱ་བ་ནི་

ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་སྡུག་བསྔལ་བསྒོམ་པ་ཡིས། །སྦྲུལ་གྱི་ཡན་ལག་བཟུང་བཞིན་འགྱུར། །སྐྱེས་བུ་བདག་ཏུ་ཆགས་པ་ལ་སོགས་པ་སྡུག་བསྔལ་སྒོམ་པར་བྱེད་ཅིང་སྡུག་བསྔལ་བསྒོམ་པས་ཀྱང་བདག་ཏུ་ཆགས་

པ་སོགས་པ་ལ་འདོད་ཆགས་དང་བྲལ་བར་འགྱུར་ཏེ། དཔེར་ན་སྦྲུལ་གྱིས་ཡན་ལག་བཟུང་བ་བདག་གི་ཉིད་དུ་ཉེས་པར་བཟུང་བ་དེ་ཡང་སྡུག་བསྔལ་སྒོམ་པ་དང་ལྡན་པས་སྤོང་བར་བྱེད་པ་དེ་ལྟར་ན་གཏན་ཚིགས་མ་གྲུབ་པ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་ལ་སྡུག་

བསྔལ་བསྒོམ་པ་དང་ལྡན་པ་དེ་ནི་དེ་ལ་ཆགས་པ་དང་བྲལ་བ་ཡིན་ཏེ། དཔེར་ན་སྐྱེས་བུ་སྦྲུལ་གྱིས་ཡན་ལག་བཟུང་བ་སྒོམ་པ་ཡིན་པ་ལྟ་བུའོ། །སྐྱེས་བུ་གྲོལ་བར་འདོད་པ་ཡང་བདག་ཏུ་ཆགས་པ་ལ་སོགས་པ་ལ་སྡུག་བསྔལ་བསྒོམ་པ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་རང་

བཞིན་གྱི་གཏན་ཚིགས་ཡིན་པར་སེམས་སོ། །བདག་གི་བློ་ནི་བཅོམ་པས་འདིར། །དོར་བ་ཡིན་གྱི་བཟློག་ལ་མིན། །ཇི་སྲིད་དུ་སྦྲུལ་གྱིས་བཟུང་བའི་ཡན་ལག་ལ་ལོངས་སྤྱོད་པའི་རྟེན་གྱི་བློ་ཉམས་པ་མེད་པ་དེ་སྲིད་དུ། དོར་བར་སྤྲོ་བ་མ་ཡིན་ནོ། །གང་གི་ཚེ་རང་བཞིན་

དུ། གནས་པར་མ་གྱུར་པ་ན་མན་ཆད་ཡན་ལག་འདི་ལོངས་སྤྱོད་པའི་རྟེན་མ་ཡིན་ནོ་ཞེས་དེ་ལ་བདག་གི་བློ་འདོར་བར་བྱེད་པ་དེའི་ཚེ་ཡན་ལག་དེ་དོར་བར་འགྱུར་རོ། །འདིས་ནི་མ་ངེས་པ་ཉིད་དུ་བསྟན་ཏོ། །དེ་བས་ན་ཇི་སྲིད་དུ་བདག་གི་བློ་ཡོད་པ་དེ་སྲིད་དུ་དོར་བ་མ་ཡིན་ནོ། །

Vol. 175 · folio 99a

དབང་པོ་ལ་སོགས་ལོངས་སྤྱོད་པའི། །རྟེན་ཉིད་དུ་ནི་བཟུང་བ་ལ། །ལོངས་སྤྱོད་པའི་རྟེན་སྒྲུབ་པར་བྱེད་པ་ཉིད་དུ་བཟུང་བ་ལའོ། །སོགས་པ་སྨོས་པས་ནི་ལུས་ཀྱི་དབང་པོ་ལ་སོགས་པ་བཟུང་ངོ་། །རང་ཉིད་བློ་ནི་གང་གིས་བཟློག །དེ་ལ་ཆགས་བྲལ་དེ་གང་ལས་

ཡིན་ཏེ་མ་ཡིན་པ་ཉིད་དོ། །དེ་ལྟར་ན་དེ་ནི་སྐྱེ་བོ་ཐམས་ཅད་ཀྱི་ནི་མངོན་སུམ་ཡིན། དཔེར་ན་ལུས་ལ་སྐྲ་སོགས་བོག་པ་ན། ཡན་ལག་དང་ཉིང་ལག་ཁྱད་པར་མེད་པ་ཡོན་ཏན་དང་སྐྱོན་དང་ལྡན་པར་མཚུངས་པ་དེ་འདྲ་བ་འབའ་ཞིག་ལ། སྐྱོན་བཅས་བློ་ནི་སྐྱེ་འགྱུར་རོ། །རང་གི་བློ་ནི་མ་རྟོགས་

ཏེ། །ངའི་ལོངས་སྤྱོད་ཀྱི་རྟེན་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བློ་དང་བྲལ་བའི་ཕྱིར་རོ། །གཞན་ལ་ཆགས་བཅས་སྐྱེ་འགྱུར་ལྟར། སྐྲ་ལ་སོགས་པ་ལུས་ལས་ཐ་དད་པར་མ་གྱུར་པ་བདག་གི་ཉིད་དུ་ཀུན་ནས་བཟུང་བ་ཡོད་ན་ཆགས་པའི་བློ་འབྱུང་བ་བཞིན་ནོ། །སྦྱོར་བ་ནི་གང་ཞིག་གང་

གིས་ལོངས་སྤྱོད་ཀྱི་རྟེན་སྒྲུབ་པར་བྱེད་པ་ཉིད་དུ་བཟུང་བ་དེ་ལ་དེའི་རང་གི་བློ་ཉིད་ལྡོག་པ་མ་ཡིན་ཏེ། སྔར་གྱི་གནས་སྐབས་ཅན་གྱི་སྐྱེས་བུ་དེ་ཉིད་ཀྱི་ལུས་ཀྱི་དབང་པོ་ལ་སོགས་པ་ལ་རང་ཉིད་ཀྱི་བློ་ལྟ་བུའོ། །སྐྱེས་བུ་འདོད་ཆགས་དང་བྲལ་བ་འདོད་པས་ཀྱང་ཕྱིས་ཀྱི་ལུས་ཀྱི་དབང་

པོ་ལ་སོགས་པ་ཡང་ལོངས་སྤྱོད་ཀྱི་རྟེན་སྒྲུབ་པར་བྱེད་པ་ཉིད་དུ་བཟུང་བ་ཡིན་ནོ་ཞེས་བྱ་བ་ནི་རྒྱུ་འགལ་བ་དམིགས་པ་ཡིན་ནོ། །གང་ཞིག་གིས་རང་གི་ཉིད་དུ་བཟུང་བ་དེ་ལ་ནི་ཆགས་པ་དང་བྲལ་བ་མ་ཡིན་ཏེ། དཔེར་ན་སྔར་གྱི་གནས་སྐབས་ཅན་གྱི་སྐྱེས་བུ་དེ་ཉིད་ལྟ་བུའོ། །སྐྱེས་བུ་འདིས་

ཀྱང་ཕྱིས་ཀྱི་ལུས་ཀྱི་དབང་པོ་ལ་སོགས་པ་རང་གི་ཉིད་དུ་བཟུང་བ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གང་ཞིག་གང་ཡོད་ན་འགྱུར་ཞིང་། དེ་ལས་གཞན་པ་ཡོད་ན་ཡང་མེད་པར་འགྱུར་བ་ཡིན་པ་དེ་ནི་དེ་ལས་འགྱུར་ཏེ། དཔེར་ན་ས་བོན་ལས་

འབྱུང་བའི་མྱུ་གུ་ལྟ་བུའོ། །བདག་ལ་གནས་པའི་སྐྲ་དང་སེན་མོ་དང་འཆིལ་མ་ལ་སོགས་པ་ལ་ཆགས་པ་དང་བྲལ་བ་མེད་པ་ཡང་བདག་གི་བློ་ཡོད་ན་འགྱུར་ཞིང་། ལུས་ལས་འབོགས་པ་དག་ལ་དེ་ཡོད་པའི་ཕྱིར་ཁྱད་པར་མེད་པ་ལ་ཡང་མི་འགྱུར་རོ་ཞེས་བྱ་བ་ནི་རང་བཞིན་

Vol. 175 · folio 99b

གྱི་གཏན་ཚིགས་སོ། །དེ་ལྟར་ནི་འགྱུར་མོད་ཀྱི། སྡུག་བསྔལ་བསྒོམས་པ་གོམས་པ་ལས་བདག་ཉིད་དུ་ཆགས་པ་ལ་སོགས་པ་སྤོང་བ་ཡིན་པ་དེ་ལྟར་ན། གང་ཞིག་གང་གིས་རང་གི་ཉིད་དུ་བཟུང་བ་ཞེས་བྱ་བའི་སྦྱོར་བ་ལ་གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེ་ན། དེ་ནི་དེ་ལྟར་མ་

ཡིན་ཏེ། འདི་ལྟར། དེ་ལ་རང་བློ་འཕྲོད་འདུ་བ། །ལ་སོགས་འབྲེལ་པས་སྐྱེད་ཡིན་ན། །ཆགས་པ་ལ་སོགས་པ་ལ་རང་གི་བློ་བདག་ལ་འཕྲོད་པ་འདུ་བའི་འབྲེལ་པ་ལས་ཡིན་ནོ། །སོགས་པ་སྨོས་པས་ནི་ལུས་ལོངས་སྤྱོད་ཀྱི་རྟེན་ཉིད་དང་། དབང་པོ་ལོངས་སྤྱོད་ཀྱིས་སྒྲུབ་པར་བྱེད་

པ་ཉིད་འབྲེལ་པ་ལས་སྐྱེ་བ་བཟུང་ངོ་། །འབྲེལ་པ་ཉིད་ཀྱང་ཆགས་པ་དང་བྲལ་བ་འདོད་པའི་གནས་སྐབས་ཡིན་ན་ཡང་། དེ་བཞིན་ཡིན་སྔ་མ་བཞིན་དུ་མ་ཚང་བ་ཉིད་མེད་པ་ཡིན་ནོ། །བདག་ལ་ཆགས་པ་ལ་སོགས་པའི་ཉེས་པ་དེ་ལྟར་མཐོང་ཡང་། འཕྲོད་པ་འདུ་བ་ལ་སོགས་

པའི་འབྲེལ་པ་ལས་སྐྱེ་བའི་བདག་ཏུ་ཆགས་པ་ལ་སོགས་པ་ལ་རང་ཉིད་ཀྱི་བློ་བཅོམ་པ་མིན། སྦྱོར་བ་ནི་གང་ཞིག་གང་ལ་གང་གིས་ཤེས་པ་སྐྱེད་པ་དེ་ནི་ཡོད་ན་འཇིག་པ་མ་ཡིན་ཏེ། དཔེར་ན་ས་བོན་ལ་སོགས་པ་ལས་སྐྱེ་ཞིང་འབྱུང་བའི་མྱུ་གུ་ལ་དེའི་འབྲས་བུའི་ཐ་སྙད་

ཀྱི་ཤེས་པ་ལྟ་བུའོ། །ཆགས་པ་ལ་སོགས་པ་ལ་རང་གི་ཉིད་ཀྱི་ཤེས་པ་ཡང་འཕྲོད་པ་འདུ་བ་ལ་སོགས་པའི་འབྲེལ་པས་སྐྱེད་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གང་ཡང་གྲངས་ཅན་འཕྲོད་པ་འདུ་བ་ལ་སོགས་པའི་འབྲེལ་པས་བདག་ཏུ་

ཆགས་པ་ལ་སོགས་པ་རང་གི་བློ་སྐྱེད་པ་གང་ཡིན་པ་དེ་ནི་དེ་ལ་ཆགས་པ་དང་བྲལ་བ་མ་ཡིན་པས་གྲོལ་བར་མི་འགྱུར་གྱི། ཁོ་བོ་ཅག་གིས་ནི་ཇི་སྲིད་དུ་རང་བཞིན་དང་སྐྱེས་བུ་དག་ལ་གཅིག་ཉིད་དུ་ངེས་པ་ཅན་གྱི་བློ་ཡོད་པ་དེ་སྲིད་དུ་འཁོར་བ་ཡིན་ཞིང་། གང་གི་ཚེ་རང་བཞིན་

དང་སྐྱེས་བུ་གཞན་ཉིད་ཡིན་པར་ཤེས་པ་དེའི་ཚེ་རང་བཞིན་དང་སྐྱེས་བུའི་ཁྱད་པར་ཤེས་པའི་ཕྱིར་གྲོལ་བ་ཡིན་ནོ་ཞེས་སེམས་ན། དེ་དང་དེ་ཡང་དེ་ལ་རང་གི་བློའི་འཕྲོད་པ་འདུ་བ་ལ་སོགས་འབྲེལ་པས་སྐྱེད་ཡིན་ན་ཞེས་བྱ་བ་དེར་སོགས་པ་སྨོས་པས་བསལ་བ་ཉིད་ཡིན་ནོ། །དེ་ལྟར་ཡང་

Vol. 175 · folio 100a

བརྗོད་པར་བྱ་སྟེ། རང་བཞིན་དང་སྐྱེས་བུའི་ཁྱད་པར་ཤེས་པ་མེད་པའི་ཕྱིར་བདག་ཏུ་ཆགས་པ་ལ་སོགས་པ་ལ་རང་གི་བློ་མ་ཡིན་གྱི། འོན་ཀྱང་ལོངས་སྤྱོད་ཀྱི་ཡན་ལག་ཉིད་ཀྱིས་ཡིན་ནོ། །དེ་ལྟར་ན་ཕྱི་རོལ་གྱི་དངོས་པོ་ཐ་དད་པ་དག་ནི་བློ་གཅིག་གི་རྒྱུ་མ་ཡིན་

ན། དེ་དག་ལ་རང་གི་བློར་ཕན་འདོགས་པར་བྱེད་པའི་སྒོ་ནས་འགྱུར་བ་ཡང་ཡིན་ནོ། །འཕྲོད་པ་འདུ་སོགས་མེད་ན་ཡང་། །འཕྲོད་པ་འདུ་བ་མ་ཡིན་པའི་ཕྱི་རོལ་གྱི་དོན། ཐམས་ཅད་ལ་ནི་ཕན་འདོགས་ཡོད། །རང་གི་བློའི་རྒྱུ་ཡིན་པ་དེ་ལྟར་ན་རང་བཞིན་དང་སྐྱེས་བུ་དག་ལ་

གཅིག་ཉིད་དུ་ངེས་པར་བྱས་པའི་རང་གི་བློ་ནི་མ་ཡིན་ཏེ། དེ་མེད་ན་ཡང་ཕན་གདགས་པར་བྱ་བ་དང་། ཕན་འདོགས་པར་བྱེད་པའི་སྒོ་ནས་ཡོད་པའི་ཕྱིར་རོ། །སྦྱོར་བ་ནི་གང་ཞིག་གང་མེད་ན་ཡང་གང་ཡོད་ན་ཡོད་པ་དེ་ནི་དེ་ལ་ལྟོས་པ་མེད་ཅིང་དེས་བྱས་པ་ཡིན་ཏེ། དཔེར་ན་ནས་ཀྱི་ས་

བོན་མེད་དུ་ཟིན་ཀྱང་། སཱ་ལུའི་ས་བོན་ཡོད་ན་ཡོད་པའི་སཱ་ལུའི་མྱུ་གུ་ལྟ་བུའོ། །རང་གི་བློ་ཡང་གཅིག་ཉིད་དུ་ཤེས་པ་མེད་ན་ཡང་ཕྱི་རོལ་གྱི་དོན་དག་ལ་ཕན་གདགས་པར་བྱ་བ་དང་ཕན་འདོགས་པར་བྱེད་པའི་དངོས་པོའི་ཤེས་པ་ཡོད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་

ཚིགས་སོ། །བདག་ནི་གལ་ཏེ་སྡུག་སྔལ་རྟེན་ཡིན་ཕྱིར། སྡུག་བསྔལ་ཉེ་བར་འཇོག་པར་བྱེད་པའི་རྒྱུའི་ཕྱིར་ལུས་ཀྱི་དབང་པོ་ལ་སོགས་པ་དེ་ལ། རང་བློ་མི་འགྱུར། རང་ཉིད་ཀྱི་བློ་ཉིད་སྦྲུལ་གྱིས་ཟིན་པའི་སོར་མོ་བཞིན། སྡུག་བསྔལ་གྱི་རྒྱུ་ཉིད་དུ་འགྱུར་བ་དོར་བར་བྱ་བ་ཡིན་

ནོ་དེས་ན་གཏན་ཚིགས་མ་གྲུབ་པ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་གི་མི་འདོད་པའི་ཚོར་བའི་རྒྱུ་ཡིན་པ་དེ་ལ་ནི་རང་གི་བློར་མི་འགྱུར་ཏེ། དཔེར་ན་སྦྲུལ་གྱིས་བཟུང་བའི་སོར་མོ་དོར་བར་བྱ་བ་ལྟ་བུའོ། །བདག་དང་ལུས་དང་དབང་པོ་ལ་སོགས་པའི་ཚོགས་ཀྱང་མི་འདོད་པའི་

ཚོར་བའི་རྒྱུ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གཅིག་ཏུ་དེ་ནི་སྡུག་བསྔལ་མིན། །ལུས་དང་དབང་པོ་ལ་སོགས་པ་དེ་དང་དེ་ནི་ངེས་པར་སྡུག་བསྔལ་གྱི་རྒྱུ་མ་ཡིན། རྣམ་གྲངས་ཀྱིས་བདེ་བའི་རྒྱུ་ཉིད་ཀྱང་འདི་ལ་ཡོད་པ་ཡིན་ནོ། །དེས་ན་སྡུག་བསྔལ་སྐྱེད་པར་

Vol. 175 · folio 100b

བྱེད་པ་ཉིད་ཡིན་དུ་ཟིན་ཀྱང་། རྣམ་པ་གང་གིས་བདག་ཏུ་ཆགས་པ་ལ་སོགས་པའི་བདེ་བ་ཉིད་ཀྱི་རྒྱུ་ཡིན་པའི་ཆ་དེ་ཙམ་གྱིས་བདེ་བའི་ལོངས་སྤྱོད་ཀྱི་རྟེན་བྱེད་པ་ཅན་ཡིན་པ་དེ་ལྟར་ན། དེ་ཆགས་པ་དང་བཅས་པ་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་གྱི་རྒྱུ་ཉིད་དུ་མ་གྲུབ་པ་ཡིན་ནོ། །སྦྱོར་

བ་ནི་གང་བདག་ཏུ་ཆགས་པ་བརྟེན་པ་དེ་ནི་སྡུག་བསྔལ་གྱི་རྒྱུ་ཉིད་ཡིན་དུ་ཟིན་ཀྱང་རྣམ་གྲངས་འགའ་ཞིག་གིས་བདག་གི་བདེ་བའི་རྒྱུ་ཡིན་པས་དེ་སྡུག་བསྔལ་གྱི་རྒྱུ་ཉིད་ཡིན་པར་ཤེས་ན་ཡང་སྲེད་པ་དང་བཅས་པ་ཉིད་དང་བདེ་བ་ཉེ་བར་བྱེད་པའི་བློ་ཅན་དུ་འགྱུར་ཏེ། དཔེར་ན་སོ་

སོའི་སྐྱེ་བོ་ཚ་བ་ཅན་ཆུ་བསིལ་མོ་ལ་ལྟ་བུའོ། །སྐྱེས་བུ་འདོད་ཆགས་དང་བྲལ་བར་འདོད་པ་འདི་ཡང་བདག་ཏུ་ཆགས་པ་བརྟན་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་ཡང་གཅིག་ཏུ་སྡུག་བསྔལ་གྱི་རྒྱུ་མ་ཡིན་པ་དེ་ལྟར་ན་ཡང་ཕལ་ཆེར།

ལུས་དང་དབང་པོ་ལ་སོགས་པ་སྡུག་བསྔལ་གྱི་རྒྱུ་ཉིད་ཡིན་པའི་ཕྱིར། བདེ་བ་ཉེ་བར་བྱེད་པའི་བློ་དང་། ཆགས་པ་དང་བཅས་པའི་བློ་ཉིད་མ་ཡིན་ཏེ། དུག་བཅས་ཟས་བཞིན་ནོ། །དེ་ལྟར་ན་གཏན་ཚིགས་མ་ངེས་པ་ཡིན་ནོ་ཞེ་ན། དེ་དང་དེ་ནི་ཡོད་པ་མ་ཡིན་ནོ། །འདི་ལྟར་གལ་ཏེ་ཡང་དུག་དང་

བཅས་པའི་ཟས་ལ་སོགས་པ་སྲོག་འཕྲོག་པར་བྱེད་པ་ཡིན་མོད་ཀྱི། བདེ་བའི་ཆ་ཡོད་པ་དེ་ལྟར་ན་ཡང་དེ་ལས་གཞན་པའི་སྲོག་ལ་གནོད་པ་མི་བྱེད་པ་ཤིན་ཏུ་ཁྱད་པར་ཅན་བདེ་བ་བྱེད་པའི་ངང་ཚུལ་ཅན་དང་། བདེ་བ་སྒྲུབ་པར་བྱེད་པ་ཡོད་པ་ཡིན་ནོ། །དེའི་ཕྱིར་སྲོག་ལ་སོགས་པ་དང་བདེ་

བའི་ལོངས་སྤྱོད་ཤིན་ཏུ་ཁྱད་པར་ཅན་དེ་ལས་ཐོབ་པར་འགྱུར་བ་དེ་ལྟར་ན། ཁྱད་པར་ཅན་གྱི་བདེ་ཆགས་ལས་རྒྱུའི་ཕྱིར་དེ་འགལ་བ་ནི། བདེ་བ་ཁྱད་པར་ཅན་གྱི་གནོད་པ་དུག་དང་བཅས་པའི་ཟས་ལ་ཆགས་བྲལ་འགྱུར་རྣམ་པ་གཞན་སྲིད་པའི་ཕྱིར་རོ། །དེ་ལས་གཞན་པའི་བདེ་བ་སྒྲུབ་

པར་བྱེད་པ་འབྱུང་བའི་ངང་ཚུལ་ཅན་ནི། ཁྱད་པར་དེ་ལ་སྲེད་པ་ཡིས། ཕལ་ཆེར་བདེ་བ་སྡུག་བསྔལ་སྒྲུབ་པར་བྱེད་པ་སྲིད་པ་ཅན་ནི། བདེ་བ་ཅུང་ཟད་ཡོངས་སུ་སྤོང་། གང་གིས་ཟས་འགལ་བ་ལ་སོགས་པ་ལས་གཞན་ཟས་འགལ་བ་མེད་པ་ལ་སོགས་པ་དེ་མ་རྙེད་པར་མཐོང་ཞིང་། ཟས་

Vol. 175 · folio 101a

འགལ་བ་ཡོངས་སུ་ལོངས་མ་སྤྱད་ན་བཀྲེས་པ་ལ་སོགས་པའི་ནད་ཀྱིས་བདག་ཉིད་འཆི་བར་མཐོང་བ་དེའི་ཚེ། དེ་ལས་གཞན་པའི་འཚོ་བའི་རྟེན་མེད་པའི་ཕྱིར། བསམ་པ་མེད་པ་བདག་ཆགས་ལས། །ཇི་ལྟར་རྙེད་པ་བཞིན་ལ་འཇུག །ཇི་ལྟར་རྙེད་པའི་ཟས་

དུག་དང་བཅས་པ་ཡིན་དུ་ཟིན་ཀྱང་། ཕལ་ཆེར་སྡུག་བསྔལ་དང་འབྲེལ་པ་ཅན་གྱི་ཉེས་པ་བསལ་ནས་ད་ལྟར་གྱི་བདེ་བ་ལ་ཆགས་ནས་ཡོངས་སུ་ལོངས་སྤྱོད་པ་ཡིན་ནོ། །དེ་ལྟར་ན། བུད་མེད་དག་ནི་མ་རྙེད་པ། །དུད་འགྲོ་ལ་འདོད་སྤྱོད་མཐོང་བཞིན། །སྐྱེས་བུ་འདོད་ལྡན་དག་བུད་མེད་དག་དང་

ལྷན་ཅིག་འདུས་པ་མ་རྙེད་པ། དུད་འགྲོའི་འགྲོ་བ་དག་ལ་ཡང་བདག་གི་བདེ་བ་ལ་སྲེད་པས་བདག་ཏུ་ཆགས་པས་འདོད་པ་སྤྱོད་པར་བྱེད་ཅིང་བར་མ་ལ་བརྟེན་པ་མ་ཡིན་པ་ལྟ་བུའོ། །དེས་ན་འཁོར་བའི་ནང་ན་གནས་པ་ཅན་བདེ་བ་སྒྲུབ་པར་བྱེད་པ་དག་ལ་ཤིན་ཏུ་བདེ་བ་སྒྲུབ་པར་བྱེད་པ་

ཉིད་ཡོད་པ་མ་ཡིན་ནོ། །གང་སྲེད་པས་སྐྱེས་བུ་བདག་ཏུ་ཆགས་པ་དང་ལྡན་པ་སྡུག་བསྔལ་གྱི་རྒྱུ་ཡོངས་སུ་སྤོང་བར་འགྱུར་བ་དེ་ལྟར་ན་དེ་གང་གིས་འབའ་ཞིག་ལ་ཤིན་ཏུ་འདོད་ཆགས་དང་བྲལ་བ་ཡིན། སྦྱོར་བ་ནི་བདག་ཏུ་ཆགས་པ་དང་ལྡན་པ་དང་ཁྱད་པར་ཅན་གྱི་བདེ་བ་སྒྲུབ་པར་བྱེད་

པ་མཐོང་བ་ཅན་གང་ཡིན་པ་དེ་ནི་ཕལ་ཆེར་སྡུག་བསྔལ་སྒྲུབ་པར་བྱེད་པ་ལ་ཡང་དེ་བདེ་བའི་སྲེད་པས་འཇུག་པར་འགྱུར་ཏེ། དཔེར་ན་ཚ་བས་གདུངས་པ་ཅན་དེ་ཉིད་ཆུ་བསིལ་མོ་འཐུང་བ་ལས་ནད་ཤིན་ཏུ་འཕེལ་བ་རྟོགས་བཞིན་དུ་ཡང་ཆུ་བསིལ་མོ་འཐུང་བའམ། བཀྲེས་པའི་

སྡུག་བསྔལ་གྱིས་ཤི་བར་རྟོགས་པ་དག་ཀྱང་ཁྱད་པར་ཅན་གྱི་བདེ་བ་སྒྲུབ་པར་བྱེད་པ་གཞན་མེད་པ་ན་ཟས་དུག་དང་བཅས་པ་ཟ་བ་ལྟ་བུའོ། །སྐྱེས་བུ་འདོད་ཆགས་དང་བྲལ་བར་འདོད་པའི་གནས་སྐབས་འདི་ཡང་བདག་ཏུ་ཆགས་པ་དང་ལྡན་པ་དང་། ཁྱད་པར་ཅན་གྱི་བདེ་བ་སྒྲུབ་པར་

བྱེད་པ་མཐོང་བ་ཅན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ལོངས་སྤྱོད་ལ་སོགས་པའི་རྟེན་ཐམས་ཅད་མ་ཚང་བ་ཉིད་དུ་འདོད་པའམ། མེད་པར་ཁྱད་པར་མེད་པ་ཉིད་ཀྱི་ཕྱིར། དོན་གྱིས་བདག་དེ་འཇིག་པ་ཉིད་ཡིན་པར་འདོད་པར་འགྱུར་རོ། །བདག་ཉིད་འདོད་པ་གང་

Vol. 175 · folio 101b

ཡིན་དེའི། སྐྱེས་བུ་བདག་ཏུ་མངོན་པར་ཆགས་པ་དང་ལྡན་པའོ། །ཇི་ལྟར་དེ་ནི་འཇིག་པར་འདོད། །མྱོང་བ་དང་ཞེས་བྱ་བ་ལ་སོགས་པས་མེད་པར་ཁྱད་པར་མེད་པ་ཉིད་སྟོན་པར་བྱེད་དོ། །ཆགས་པ་ཡིས་ནི་ཇི་ལྟར་འདོད། །བདག་འདོད་པ་ཉིད་མ་ཡིན་ནོ། །ཅི་འདྲ་བ་ཞིག་ཅེ་ན། མྱོང་

དང་ཐ་སྙད་ཡོན་ཏན་དག །ཀུན་གྱི་རྟེན་ནི་ལྡོག་པ་ཅན། །ཉམས་སུ་མྱོང་བ་ཐམས་ཅད་ཀྱི་རྟེན་ལྡོག་པ་ཅན་དང་ཐ་སྙད་ཐམས་ཅད་ཀྱི་རྟེན་ལྡོག་པ་ཅན་དང་། ཤེས་རབ་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཀྱི་རྟེན་ལྡོག་པ་ཅན་ནོ། །ཅིའི་ཕྱིར་འཇིག་པ་མི་འདོད་ཅེ་ན། འདི་ལྟར་ཆགས་

པ་སྟེ། ཞེན་པ་དེ་འདྲ་བའི་རང་བཞིན་ཏེ་ངོ་བོ་ཉིད་མེད་དོ། །ལོངས་སྤྱོད་ལ་སོགས་པའི་རྟེན་ཐམས་ཅད་དང་བྲལ་བ་ཉིད་ཀྱིས་མེད་པར་མཚུངས་པར་འགྲོ་བའི་བདག་ཉིད་ཅན་གྱི་འདོད་པ་དོན་དུ་གཉེར་བར་བྱེད། སྦྱོར་བ་ནི་གང་ཞིག་གང་ལ་ཆགས་པ་དང་ལྡན་པ་དེ་ནི་དེ་ལ་ཉམས་སུ་མྱོང་བ་

དང་། ཐ་སྙད་དང་། ཡོན་ཏན་ཐམས་ཅད་ཀྱི་རྟེན་ལྡོག་པ་ཅན་ཤིན་ཏུ་འདོད་པ་མ་ཡིན་ཏེ། དཔེར་ན་ཕ་བུ་ལ་ཆགས་པ་ལྟ་བུའོ། །སྐྱེས་བུ་འདི་ཡང་བདག་ལ་ཆགས་པ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གལ་ཏེ་འདི་ཉིད་ཉམས་སུ་མྱོང་བ་དང་། ཐ་

སྙད་དང་། ཡོན་ཏན་གྱི་རྟེན་ལྡོག་པ་ཅན་དུ་འདོད་པ་དེའི་ཚེ། དེས་ནི་དེའི་བདག་མེད་པ་ཉིད་ཡིན་པར་འདོད་པར་འགྱུར་རོ། །དེ་ལྟར་ན་རང་བཞིན་མེད་པ་ལས་ཉམས་སུ་མྱོང་བ་དང་། ཐ་སྙད་དང་། ཡོན་ཏན་ཐམས་ཅད་ཀྱི་རྟེན་ལྡོག་པ་ཅན་ཡིན་པར་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །

སྦྱོར་བ་ནི་གང་ཉམས་སུ་མྱོང་བ་དང་ཐ་སྙད་ཐམས་ཅད་ཀྱི་རྟེན་གྱི་བདག་ཉིད་ལྡོག་པ་ཅན་ཡིན་པ་དེ་ནི་བདག་མེད་པ་ཡིན་ཏེ་དཔེར་ན་མོ་གཤམ་གྱི་བུ་ལྟ་བུའོ། །སྐྱེས་བུ་གྲོལ་བར་འདོད་པ་ཡང་ཉམས་སུ་མྱོང་བ་དང་ཐ་སྙད་ཐམས་ཅད་ཀྱི་རྟེན་གྱི་བདག་ཉིད་ལྡོག་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་

གྱི་གཏན་ཚིགས་སོ། །དེ་བས་ན་གང་ཞིག་བདག་གང་ཡིན་པ་མེད་པར་མི་འདོད་པ་དེས་ནི་དེའི་ཉམས་སུ་མྱོང་བ་ལ་སོགས་པ་ཐམས་ཅད་ཀྱང་ལྡོག་པ་ཅན་ཡིན་པར་འདོད་པར་མི་བྱའོ། །སྦྱོར་བ་ནི་གང་ཞིག་གང་ཤིན་ཏུ་མེད་པར་མི་འདོད་པ་དེ་ནི་ཉམས་སུ་མྱོང་བ་དང་ཐ་སྙད་དང་།

Vol. 175 · folio 102a

ཡོན་ཏན་གྱི་རྟེན་ལྡོག་པ་ཅན་ཡང་འདོད་པ་མ་ཡིན་ཏེ། དཔེར་ན་ཕ་དེ་ཉིད་བུ་ལ་ཆགས་པ་ལྟ་བུའོ། །སྐྱེས་བུ་འདོད་ཆགས་དང་བྲལ་བར་འདོད་པ་ཡང་བདག་ཤིན་ཏུ་མེད་པར་མི་འདོད་དོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་

ཕྱིར། རྣམ་པ་ཀུན་དུ་བདག་འཛིན་པས། །ཤིན་ཏུ་བདག་ལ་ཆགས་པ་བརྟེན་པར་བྱེད། །དེ་བས་ན་སྐྱེས་བུ་འདིའི་བདག་ཏུ་ཆགས་པ་ཡང་ལྡོག་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་བདག་ཏུ་ཆགས་པའི་ས་བོན་དེ། བདག་ཏུ་ཆགས་པ་ཞེས་བྱ་བ་དེ་སྐབས་ཅན་དུ་རྣམ་པར་གནས་

པ་ཡིན་ནོ། །གང་ཞིག་རྒྱུ་གང་དང་ལྡན་པ་དེ་ནི་དེ་དང་ལྡན་པར་ཡང་འགྱུར་ཏེ། དཔེར་ན་ནད་ཀྱི་རྒྱུ་དང་ལྡན་པ་ནད་དང་ལྡན་པ་ལྟ་བུའོ། །སྐྱེས་བུ་འདི་ཡང་བདག་གི་ཆགས་པའི་རྒྱུ་བདག་ཏུ་ཆགས་པ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གལ་ཏེ་ཡང་

སྡུག་བསྔལ་ལ་ཆགས་པ་དང་བྲལ་བའི་ཕྱིར། འབད་རྩོལ་རྩོམ་པ་ཡོད་པ་དེ་ལྟ་ན་ཡང་། བརྩོན་པ་ཡོད་ཀྱང་ཡོན་ཏན་ཆ་རྟེན་ཕྱིར། བདག་གི་ཡོན་ཏན་གྱི་ཆ་མཐོང་བའི་སྒོ་ནས་ཤིན་ཏུ་མ་སྤངས་པའི་དུས་དེ་སྲིད་དུ་བདག་ཏུ་ཆགས་པ་མངོན་སུམ་དུ་མི་རྒྱུ་ན་ཡང་། རྐྱེན་ཇི་ལྟ་བ་

བཞིན་དུ་འཇུག་པ་དང་ནི་ལྡན་པ་ན། མངོན་དུ་ཕྱོགས་པའི་བདག་ཆགས་བྲལ་ལ་གགས་བྱེད་དང་། དེ་སྐྱོན་ལ་ནི། བདག་གི་སྐྱོན་ལ་སྒྲིབ་བྱེད་མིན། །བདག་ཏུ་ཆགས་པ་དོར་བ་མེད་ན། བདག་གི་ཆགས་པ་དོར་བར་བྱ་བར་ནུས་པ་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་ལ་ཆགས་

པ་དོར་བ་མེད་པ་དེ་ནི་དེ་ལ་ཆགས་པ་དང་བྲལ་བའི་ཕྱིར་བརྩོན་པ་དང་ལྡན་ཡང་། འབའ་ཞིག་གི་ཚེ་དེའི་ཡོན་ཏན་གྱི་ཆ་མཐོང་བའི་ཕྱིར་དེ་ལ་རྗེས་སུ་ཆགས་པ་རྗེས་སུ་སྦྱོར་བ་དང་། དེའི་སྐྱོན་མཐོང་བ་ལ་སྒྲིབ་པར་བྱེད་པ་ཡིན་ཏེ། དཔེར་ན་བུ་ཉེས་པ་ཅན་འབའ་ཞིག་ལ་སོ་སོའི་སྐྱེ་བོའི་

ཆགས་པ་མི་འདོར་བ་ལྟ་བུའོ། །སྐྱེས་བུ་འདིས་ཀྱང་བདག་གི་ཆགས་པ་དོར་བ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་བདག་ལ་ཆགས་བྲལ་ཡང་། །ཇི་ལྟར་བདག་གི་དང་བྲལ་བ་དེ་ལྟར་བདག་ལ་ཆགས་པ་ཡང་སྤོང་བ་ཉིད་

Vol. 175 · folio 102b

ཡིན་ནོ། །དེ་བས་ན་བདག་ཏུ་ཆགས་པའི་སྒོ་ནས་གཏན་ཚིགས་བཤད་པ་ཐམས་ཅད་མ་གྲུབ་པ་ཡིན་ནོ་ཞེ་ན། དེ་ནི་འདིར་ཉེས་མེད་གང་ལ་ཆགས་པ་དང་བྲལ་བའི་རྒྱུ་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་བཤད་ཟིན་ཏོ། །གཞན་ཡང་བདག་ལ་ཆགས་པ་དང་བྲལ་བ་ཡང་བླ་སྟེ། དེ་ལྟར་ན་ཡང་གང་ལ། འདི་

ལ་ཆགས་པ་བྲལ་འགྱུར་ན། དེ་ལ་འདི་འདོར་མ་ཡིན་དཔེར་བདག་བཞིན། སྐྱེས་བུ་བདག་ལ་ཆགས་པ་དང་བྲལ་དུ་ཟིན་ཀྱང་བདག་སྤོང་བ་མ་ཡིན་ནོ། །དེ་བཞིན་དུ་བདག་གི་ཡང་ཆགས་པ་དང་བྲལ་ན་ཡང་དེ་དོར་བར་འགྱུར་བ་མ་ཡིན་པ་དེ་ལྟར་ན། དེ་ཕྱིར་སྡུག་བསྔལ་སྒོམ་དོན་

མེད། །དེ་ལྟར་ན་སྡུག་བསྔལ་བསྒོམ་པ་སྡུག་བསྔལ་དོར་བའི་རྒྱུ་མཚན་འདོད་ཆགས་དང་བྲལ་བ་ཀུན་ནས་བྱེད་པའི་ཕྱིར་ཚོལ་བར་བྱེད་དོ། །གང་གི་ཚེ་དེས་ཀྱང་འདོད་ཆགས་དང་བྲལ་བ་ཐོབ་པ་ཡོད་ན་ཡང་བདག་དོར་བ་ཉིད་མ་ཡིན་པ་དེའི་ཚེ། དེ་དང་འདྲ་བར་སྡུག་བསྔལ་བསྒོམས་

པས་བདག་གི་ཡང་དོར་བར་མི་འགྱུར་རོ། །སྦྱོར་བ་ནི་གང་ཞིག་གང་ཡོད་ན་ཡང་མི་འགྱུར་བ་ནི། དེའི་རྒྱུ་མཚན་ཅན་མ་ཡིན་ཏེ། དཔེར་ན་ནས་ཀྱི་ས་བོན་ཡོད་ན་ཡང་སཱ་ལུའི་མྱུ་གུ་མི་འབྱུང་བ་ལྟ་བུའོ། །བདག་དོར་བ་ཡང་འདོད་ཆགས་དང་བྲལ་བ་ཡོད་ཀྱང་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་ནི་

ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །འདིས་ནི་འདོད་ཆགས་དང་བྲལ་བ་ལས་སྡུག་བསྔལ་སྤོང་ངོ་ཞེས་འདི་འཁྲུལ་པར་བསྟན་ཏོ། །དེ་ལྟར་ནི་འགྱུར་མོད་ཀྱི་འདོད་ཆགས་དང་བྲལ་བ་ཡོད་དུ་ཟིན་ཀྱང་འདོར་བར་ནུས་པ་ཅན་གྱི་སྡུག་བསྔལ་དོར་བ་ཡིན་གྱི། བདག་དོར་བར་ནུས་པ་

ཅན་ནི་མ་ཡིན་ནོ་ཞེ་ན། དེའི་ཚེ་སྡུག་བསྔལ་འཇུག་པའི་རྒྱུ་མཚན་བདག་དང་མ་བྲལ་ན་དེ་ཡང་ལྡོག་པ་མེད་པ་ཉིད་ཡིན་པ་དེ་ལྟར་ན་བདག་གི་ཡང་དོར་བ་ཉིད་མ་ཡིན་པའམ། སྡུག་བསྔལ་འཇུག་པའི་རྒྱུ་མཚན་གྱི་རང་བཞིན་སྤོང་བར་ཁས་ལེན་ན་འཇིག་པའི་རང་བཞིན་ཅན་ཡིན་པས་ན་

བདག་བདག་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །གཞན་ཡང་སྡུག་བསྔལ་བསྒོམས་པས་བདག་གི་ལ་འདོད་ཆགས་དང་བྲལ་བར་འགྱུར་ཞིང་། འདིས་ཀྱང་གོམས་པས་སྡུག་བསྔལ་མངོན་སུམ་དུ་བྱེད་པར་འགྱུར་ཏེ། བསྒོམས་པ་ལ་སོགས་པ་ཐབས་རྩོམ་པ་ཐམས་ཅད་

Vol. 175 · folio 103a

ཀྱི་འབྲས་བུ་ནི་མངོན་སུམ་དུ་གནས་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་ལས་ལྷག་པའི་འབྲས་བུའི་ཁྱད་པར་གྲུབ་པ་མེད་པ་ཉིད་ཀྱི་ཕྱིར་རོ། །དེའི་ཡོད་ན་ཡང་ཁྱད་པར་མེད་པའི་ཕྱིར། འདོད་ཆགས་དང་བྲལ་བ་མི་འབྱུང་བ་ནི་བསྒོམས་པས་བྱས་པའི་མངོན་སུམ་ལས་

ཀྱང་མེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སྡུག་བསྔལ་བསྒོམས་པས་ཀྱང་དེ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣལ་འབྱོར་པ་དེ་དག་སྡུག་བསྔལ་ཉིད་ནི་རྣམ་པར་བསྒོམ་པར་འགྱུར་བ་ནི་མངོན་སུམ་དུ་བྱེད་པ་ཡིན་གྱི། ལྷག་པར་བྱེད་པར་ནུས་པ་མ་ཡིན་ན། གང་ལས་

དེ་ལ་འདོད་ཆགས་དང་བྲལ་བར་འགྱུར་ལུང་ལས་བསྟན་པའི་སྡུག་བསྔལ་གང་ཡིན་པ་དེ། གང་བསྒོམས་པས་བསྒོམ་པར་བྱ་བ་གང་ཡིན་པ། དེ་སྔར་ཡང་ནི་མངོན་སུམ་ཉིད། དེའི་ཡིན་པར་འགྱུར་ན། དེ་ལྟར་ཡང་ཆགས་བྲལ་ལྡན་མ་ཡིན་པར་འགྱུར་རོ། །དེ་ལྟར་ན་བསྒོམས་པས་

ཀྱང་སྡུག་བསྔལ་མངོན་སུམ་དུ་བྱས་པ་ཅན་འདོད་ཆགས་བྲལ་བར་འགྱུར་བ་མ་ཡིན་ནོ། །གྲོལ་བའི་ཕྱིར་སྡུག་བསྔལ་བསྒོམས་པ་ཙམ་སྟོན་པའི་བསྟན་བཅོས་ཀྱིས་མ་མཐོང་བ་ཅུང་ཟད་ཀྱང་བསྟན་པ་མེད་དེ། འདི་ལྟར་སྡུག་བསྔལ་བསྒོམས་པས་རྣམ་པར་བསྒོམས་པ་འདོད་

ཆགས་དང་བྲལ་བའི་ཕྱིར་རྒྱུར་རྟག་པ་མ་ཡིན་པ་དེ་ལྟར་ན་དེ་སྟོན་པར་བྱེད་པ་ཡིན་དུ་ཟིན་ཀྱང་བསྟན་བཅོས་ཀྱི་འབྲས་བུ་མེད་པ་ཉིད་ཡིན་ནོ། །ཁོ་བོ་ཅག་གི་ནི་སྔར་བདག་མེད་པ་ཉིད་མ་མཐོང་བ་ཕྱིས་བསྒོམས་པས་མངོན་སུམ་དུ་བྱས་པས་འདོད་ཆགས་དང་བྲལ་བའི་ཕྱིར་རིགས་

པ་ཡིན་ནོ། །སྦྱོར་བ་ཡང་གང་བདག་ལ་ཆགས་པ་དང་ལྡན་པ་དེ་ནི་སྡུག་བསྔལ་མངོན་དུ་མཐོང་དུ་ཟིན་ཀྱང་། དེ་ལས་འདོད་ཆགས་དང་བྲལ་བར་ཉེ་བར་འགྲོ་བ་མ་ཡིན་ཏེ། དཔེར་ན་སོ་སོའི་སྐྱེ་བོའི་གནས་སྐབས་ཅན་གྱི་སྐྱེས་བུ་དེ་ཉིད་ལྟ་བུའོ། །སྡུག་བསྔལ་མངོན་སུམ་དུ་

མཐོང་བར་འདོད་པའི་སྐྱེས་བུ་དེ་ཡང་ཕྱིས་ཀྱང་བདག་ཏུ་ཆགས་པ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་རྒྱུ་འགལ་བ་དམིགས་པའོ། །གལ་ཏེ་ལ་ལར་ཉེས་པ་མཐོང་བ་ལས་སྐྱེས་བུ་འདོད་ཆགས་དང་བྲལ་བ་མཐོང་ངོ་། །དེས་ན་གང་བདག་ཏུ་ཆགས་པ་དང་ལྡན་པ་དེ་ནི་སྡུག་བསྔལ་

Vol. 175 · folio 103b

མངོན་སུམ་དུ་མཐོང་དུ་ཟིན་ཀྱང་ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་ལ་གཏན་ཚིགས་མ་ངེས་པའམ། མ་གྲུབ་པ་ཉིད་ཡིན་ནོ་ཞེ་ན། དེ་ནི་དེ་ལྟར་མ་ཡིན་ནོ། །དེ་ལྟར་ན་གལ་ཏེ་གཅིག་ལའང་བདག་གིས་བདེ་བ་སྒྲུབ་པར་བྱེད་པ་ཉིད་དུ་ཁས་བླངས་པའི་ཡུལ་འགའ་ཞིག་ལ། ཉེས་པ་

འགའ་ཞིག་གིས། སྐད་ཅིག་དེ་ལ་བློ་ལྡོག་སྟེ། །ཇི་སྲིད་ཉེས་པ་མཐོང་བའི་བར་ལ་རྗེས་སུ་ཆགས་པ་ཅན་གྱི་སྐྱེས་བུའིའོ། །དེ་ལྟར་ན་ཡང་དེ་ལ་ཡང་ཉེས་པ་བཟུང་བ་ཅན་གྱི་ཡུལ་ལ་དེ་ཤིན་ཏུ་འདོད་ཆགས་བྲལ་བ་ཉིད་མ་ཡིན་པར་བལྟ་བར་བྱ་སྟེ། ཡུལ་ཅན་ཐམས་ཅད་ཀྱི་

ཆགས་པ་མ་སྤངས་པའི་ཕྱིར་རོ། །ཡོན་ཏན་མཐོང་བ་ལས་ཀྱང་རྣམ་གྲངས་ཀྱི་རྗེས་སུ་ཆགས་པ་ཅན་ཉིད་སྲིད་པ་ཡིན་ནོ། །ཅི་དང་འདྲ་བར་ཞེ་ན། འདོད་ལྡན་བུད་མེད་གཞན་ལ་བཞིན། །དཔེར་ན་འདོད་པ་དང་ལྡན་པ་འགའ་ཞིག་བུད་མེད་གཞན་ལ་སྐྱོན་ཅུང་ཟད་མཐོང་བས་ཆགས་པ་

དང་བྲལ་བ་གཞན་ལ་ཆགས་པ་དང་མ་བྲལ་པ་ཉིད་ཡིན་པ་ལྟ་བུའོ། །ཡུལ་གཞན་ལ་འབྱུང་བ་ཅན་གྱི་འདོད་ཆགས་ཀྱི་ལྷག་མ་ནི་བུད་མེད་དེ་ལ་ཡང་འདོད་ཆགས་སྐྱེ་བའི་རྒྱུར་འགྱུར་རོ། །དེ་ལྟར་ན་རྣམ་གྲངས་ཀྱིས་ཡོན་ཏན་མཐོང་བ་ལྷན་ཅིག་བྱེད་པ་ཡོད་ན་ཡང་དུ་ས་གཅིག་གི་ཚེ་

སྔར་འདོད་ཆགས་དང་བྲལ་བའི་ཡུལ་དུ་གྱུར་པའི་བུད་མེད་དེ་ཉིད་ལ་ཡང་འདོད་ཆགས་དང་ལྡན་པར་འགྱུར་བ་དེ་ལྟར་ན། ཤིན་ཏུ་འདོད་ཆགས་དང་བྲལ་བ་ཉིད་མ་ཡིན་ནོ། །འདི་ལྟར་བླང་དང་དོར་བའི་ཁྱད་ཡོད་ན། །སྐྱེས་བུ་འགའ་ཞིག་དོར་བར་བྱ་བ་ཡིན། །དཔེར་ན་མངོན་པར་འདོད་

ཆགས་པར་བྱ་བ་མ་ཡིན་པའི་བུད་མེད་ལྟ་བུའོ། །འགའ་ཞིག་བླང་བར་བྱ་བ་ཡིན་ཏེ། དཔེར་ན་མངོན་པར་འདོད་ཆགས་པ་ལྟ་བུའོ། །དེ་ལྟར་ན་བླང་བར་བྱ་བ་དང་དོར་བར་བྱ་བ་སྣ་ཚོགས་པ་ཉིད་ཡོད་ནའོ། །གཅིག་ལས་འབྱུང་ཅན་ཆགས་གང་ཉིད། །བླང་བར་བྱ་བར་འདོད་

པའི་དོན་གྱི་རྗེས་སུ་འབྲང་བ་ཅན་ནོ། །འདོད་ཆགས་ཀྱི་ཡུལ་གྱི་རྗེས་སུ་འབྱུང་བ་ཅན་གྱི་ཆགས་པ་དེ་ནི། ས་བོན་ཡིན་ཏེ་རྒྱུ་མཚན་ཡིན་ནོ། །རྣམ་གྲངས་ཀྱིས་བསྐྱེད་ཚེ། ཆགས་པ་རྣམས་ཀྱི་ས་བོན་དུ་འགྱུར་རོ། །འདི་དུས་གཅིག་གི་ཚེ་བདག་གི་འགའ་ཞིག་ལ་གང་འདོད་ཆགས་

Vol. 175 · folio 104a

དང་བྲལ་བར་འགྱུར་བ་དེ་ལྟར་ན་ཡང་། བདག་ཏུ་ཆགས་པ་མ་སྤངས་པ་ཉིད་ཀྱི་ཕྱིར། ས་བོན་དེ་ཉིད་ཀྱིས་བདག་གི་ལ་ཡང་རྣམ་གྲངས་འགའ་ཞིག་གིས་ཆགས་པར་འགྱུར་ཏེ། བུད་མེད་གཞན་ལ་བཞིན་ནོ། །དེ་བས་ན་དེ་ལ་ལ་ལ་ཤིན་ཏུ་འདོད་ཆགས་དང་བྲལ་བ་

མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་བླང་བ་དང་དོར་བའི་ཁྱད་པར་གྱིས། ལ་ལ་ལ་འདོད་ཆགས་དང་བྲལ་བ་ཡིན་དུ་ཟིན་ཀྱང་ལ་ལ་ཆགས་པར་འགྱུར་བ་དེ་ནི་དེའི་ཆགས་པ་དེའི་ནི་དུས་གཅིག་གི་ཚེ། འདོད་ཆགས་དང་བྲལ་བའི་ཡུལ་ལ་ཡང་རྒྱུད་ལས་ཆགས་པ་སྐྱེད་པའི་ས་བོན་ཡིན་ཏེ།

དཔེར་ན་བུད་མེད་གཅིག་ལ་རྗེས་སུ་ཆགས་པ་ཅན་བུད་མེད་གཞན་ལ་ཆགས་པ་དང་བྲལ་བ་ཡང་རྣམ་གྲངས་ཀྱིས་ཀྱང་དེའི་ཡུལ་ཅན་གྱི་འདོད་ཆགས་སྐྱེ་བའི་ཆགས་པ་ལྷག་མ་ས་བོན་ཡིན་པ་ལྟ་བུའོ། །སྐྱེས་བུ་འདོད་ཆགས་དང་བྲལ་བར་འདོད་པ་འདི་ཡང་བླང་བ་དང་

དོར་བའི་ཁྱད་པར་གྱིས་བདག་གི་ལ་ཆགས་པ་དང་བྲལ་བ་ཡིན་དུ་ཟིན་ཀྱང་བདག་ལ་རྗེས་སུ་ཆགས་པ་ཅན་དུ་འགྱུར་རོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །བདག་མེད་པར་མཐོང་བ་ལ་ཡང་སྐྱོན་འདི་ཡོད་པ་མ་ཡིན་ཏེ། བདག་མེད་པ་ཉིད་མཐོང་བ་ལས་བདག་དང་བདག་

གི་ཐམས་ཅད་ལ་ཁྱད་པར་མེད་པར་འདོད་ཆགས་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །གཞན་ཡང་བདག་ཏུ་ཆགས་པ་ལ་སོགས་པ་ལ་འདོད་ཆགས་དང་བྲལ་བ་ཉིད་མ་ཡིན་ནོ། །དེ་ལྟར་ན་བདག་སྐྱོན་མེད་པ་ཡིན་པའི་ཕྱིར། དེ་ལ་འདོད་ཆགས་ལ་སོགས་པ་ཡང་སྐྱོན་ཡོད་པ་

མ་ཡིན་ཏེ་སྐྱོན་མེད་པ་ལ་ཆགས་པ་དང་། བདག་སྐྱོན་མེད་པ་ལས་ཆགས་པ་གང་ཡིན་པ་དེ་ཡང་སྐྱོན་མེད་པ་ཉིད་ཡིན་ནོ། །སྒྲུབ་བྱེད་ཀྱང་ནི། བདག་སྐྱོན་མེད་པའི་ལོངས་སྤྱོད་སྒྲུབ་པར་བྱེད་པ་དབང་པོ་ལ་སོགས་པ་དེ་དག་ཀྱང་སྐྱོན་མེད་ཡིན་ནོ། །འགྲོ་བ་དེ་ཙམ་ཉིད་

ཡིན་ན་འདི་ལྟ་སྟེ། བདག་དང་དེ་ལ་ཆགས་པ་དང་དབང་པོ་དང་ལུས་ལ་སོགས་པ་ཡིན་ནའོ། །འདི་ལ་སྐྱོན་མེད་པ་ཉིད་ཀྱི་ཕྱིར་འདོད་ཆགས་དང་བྲལ་བ་ཉིད་བསྒོམ་པར་བྱ་བ་མ་ཡིན་ནོ། །དོར་བར་བྱ་བ་གཞན་ཡང་ཡོད་པ་མ་ཡིན་པའི་ཕྱིར། སྐྱེས་བུ་དེ་དག་གང་ལ་ཆགས་བྲལ་

Vol. 175 · folio 104b

འགྱུར། གང་གིས་འཁོར་བའི་འཆིང་བ་ལས་གྲོལ་བར་འགྱུར། སྦྱོར་བ་དག་ནི་གང་དང་གང་སྐྱོན་མེད་པའི་ཡུལ་ཅན་གྱི་འདུན་པ་དེ་ནི་སྐྱོན་མེད་པ་ཡིན་ཏེ་དཔེར་ན་ཐར་པ་ལ་འདུན་པ་ལྟ་བུའོ། །བདག་ལ་འདུན་པ་ཡང་སྐྱོན་མེད་པའི་ཡུལ་ཅན་གྱི་འདུན་པ་ཡིན་ནོ་ཞེས་བྱ་བ་ནི་རང་

བཞིན་གྱི་གཏན་ཚིགས་སོ། །གང་དང་གང་སྐྱོན་མེད་པ་དེ་ལ་འདོད་ཆགས་དང་བྲལ་བ་བསྒོམ་པར་བྱ་བ་མ་ཡིན་ཏེ། དཔེར་ན་ཐར་པ་ལྟ་བུའོ། །བདག་དང་དབང་པོ་དང་ལུས་ལ་སོགས་པ་ཡང་སྐྱོན་མེད་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །དེ་ལྟར་

ནི་འགྱུར་མོད་ཀྱི། གལ་ཏེ་སྐྱོན་བཅས་ཡིན་ན་ཡང་། གལ་ཏེ་ཡང་བདག་སྐྱོན་མེད་པའི་ཡུལ་ཅན་བདག་ཏུ་ཆགས་པ་ལ་སོགས་པ་ཡིན་པ་དེ་ལྟར་ན་ཡང་སྡུག་བསྔལ་གྱི་རྟེན་ཉིད་ཡིན་པའི་ཕྱིར་འདི་སྐྱོན་དང་ལྡན་པ་ཡིན་ནོ། །དེ་བས་ན་གཏན་ཚིགས་མ་གྲུབ་པ་ཡིན་ཏེ། སྦྱོར་བ་

ནི་སྐྱོན་དང་ལྡན་པ་གང་ཡིན་པ་དེ་ལ་འདོད་ཆགས་དང་བྲལ་བ་དང་ལྡན་པ་ཡིན་ཏེ་དཔེར་ན་སྦྲུལ་གྱིས་བཟུང་བའི་སོར་མོ་ལྟ་བུའོ། །བདག་ཏུ་ཆགས་པ་ལ་སོགས་པ་ཡང་སྐྱོན་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གལ་ཏེ་དེ་ལྟར་ཡིན་ན་དེའི་ཚེ། དེ་སྟེ་སྐྱེས་

བུ་གྲོལ་བར་འདོད་པ་དེ་ལ་བདག་ཀྱང་སྡུག་བསྔལ་གྱི་མཚན་ཉིད་དེ། སྐྱོན་དང་བཅས་པར་མཚུངས་པ་ཡིན་ནོ། །གང་གི་ཚེ་དེ་སྐྱོན་དེ་ལ་ཆགས་བྲལ་མིན། དེ་ལ་ནི་བདག་ལའོ། །གང་ལ་བདག་ཏུ་ཆགས་པ་ལ་སོགས་པ་འབྱུང་བའི་ངང་ཚུལ་ཅན་དེའི་སྐྱོན་ཡོད་པ་ཞེས་བྱ་བར་ཚིག་

རྣམ་པར་སྦྱར་རོ། །གང་གི་ཚེ་དེ་ལ་ཆགས་པ་དང་བྲལ་བ་མེད་པ་དེའི་ཚེ་སྐྱེས་བུ་དེ་དག་གང་ལ་ཆགས་བྲལ་འགྱུར། ཇི་ལྟར་སྡུག་བསྔལ་གྱི་རྒྱུ་ཉིད་ཡོད་ན་ཡང་། བདག་ལ་འདོད་ཆགས་དང་བྲལ་བ་ལྡན་པ་མ་ཡིན་པ་དེ་ལྟར་བདག་གི་ལ་ཡང་མི་འགྱུར་བའི་ཕྱིར་འཁྲུལ་

པར་བསྟན་ཏོ། །སྦྱོར་བའང་གང་ཞིག་གང་ཡོད་ན་ཡང་མི་འགྱུར་བ་དེ་ནི་དེའི་རྒྱུ་མཚན་ཅན་མ་ཡིན་ཏེ། དཔེར་ན་ནས་ཀྱི་ས་བོན་ཡོད་ན་ཡང་སཱ་ལུའི་མྱུ་གུ་མེད་པ་ལྟ་བུའོ། །བདག་ལ་འདོད་ཆགས་དང་བྲལ་བ་ཡང་སྡུག་བསྔལ་གྱི་རྒྱུ་ཉིད་ཡོད་ན་ཡང་མི་འགྱུར་རོ་ཞེས་བྱ་བ་ནི་ཁྱབ་པར་

Vol. 175 · folio 105a

བྱེད་པ་འགལ་བ་དམིགས་པའོ། །གཞན་ཡང་གལ་ཏེ་བདག་གི་ལ་ཆགས་པ་འདི་ཡོན་ཏན་མཐོང་བ་ལས་འགྱུར་བ་དེའི་ཚེ་སྐྱོན་མཐོང་སྟེ། སྐྱོན་དུ་ལྟ་བ་བདག་གི་ཆགས་པའི་རྒྱུ་དང་འགལ་བའི་ཕྱིར་ཡོན་ཏན་མཐོང་ལས་འབྱུང་། ཆགས་པ་དང་ནི་འགལ་བར་འགྱུར་

ཏེ། རྣམ་པ་གཞན་དུ་མ་ཡིན་ནོ། །ཆགས་པ་དེ་དབང་སོགས་ཡོད་ན་ཡིན་ན། དེ་ལྟར་མིན། ཡོན་ཏན་མཐོང་བ་ལས་འབྱུང་བ་མ་ཡིན་གྱི་འོན་ཀྱང་ལོངས་སྤྱོད་ཀྱི་རྟེན་ཉིད་ཡིན་པ་ལ་སོགས་པའི་སྒོ་ནས་བདག་གི་བློ་བསྐྱེད་པ་ཡིན་ན་དེ་ཇི་ལྟར་བདག་གི་ཆགས་པའི་རྒྱུ་བདག་གི་བློ་ལ་སྡུག་

བསྔལ་མཐོང་བ་གནོད་པར་བྱེད་པ་མ་ཡིན་ནོ། །བདག་གི་ཆགས་པ་ལ་སོགས་གནོད་པར་འགྱུར། སྦྱོར་བ་ནི་གང་ཞིག་གང་གི་རྒྱུ་ལ་གནོད་པ་བྱེད་པ་མ་ཡིན་པ་དེ་ནི་དེ་ལས་དེ་ཉེ་བར་ཞི་བ་མ་ཡིན་ཏེ། དཔེར་ན་བད་ཀན་གྱི་ནད་ཀྱི་གཞི་ལ་གནོད་པ་བྱེད་པ་མ་ཡིན་པ་མངར་ཞིང་བསིལ་ལ་སྣུམ་

པ་ལ་སོགས་པས་བད་ཀན་གྱི་ནད་རབ་ཏུ་ཞི་བ་མ་ཡིན་པ་ལྟ་བུའོ། །སྡུག་བསྔལ་བསྒོམ་པ་ཡང་དབང་པོ་ལ་སོགས་པའི་ཡུལ་ལ་ཆགས་པའི་རྒྱུ་བདག་གི་བློ་ལ་གནོད་པ་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །བདག་གི་ལ་ཆགས་པའི་རྒྱུ་མཚན་ནི་ཡོན་

ཏན་མཐོང་བ་ཡིན་ན། ཡོན་ཏན་མཐོང་བ་དེ་ལ་སྡུག་བསྔལ་བསྒོམ་པ་གནོད་པ་བྱེད་པ་ཡིན་ནོ། །དེ་ལྟར་ན་མ་གྲུབ་པར་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བྱིས་སོགས་ལ་ཡང་ཡོད་ཕྱིར་རོ། །བྱིས་པ་དང་། ཕྱུགས་ལ་སོགས་པ་བདག་དང་འབྲེལ་པའི་མིག་ལ་སོགས་པ་ལ་

ཡོན་ཏན་དང་སྐྱོན་དུ་བརྟག་པ་དང་། བྲལ་བ་ལ་ཡང་མིག་ལ་སོགས་པ་དེ་ལ་ཆགས་པར་འགྱུར་བ་ཉིད་ཡིན་ནོ། །ཡོན་ཏན་མཐོང་བ་དེ་མེད་པར་ཡང་འདི་ཡོད་པའི་ཕྱིར་དེས་བྱས་པ་མ་ཡིན་ནོ་ཞེས་བྱ་བར་རྟོགས་པར་འགྱུར་རོ། །སྐྱོན་ལྡན་ལ་ཡང་ཡོད་ཕྱིར་རོ། །འདིས་ཀྱང་མིག་ལ་སོགས་

པ་བདག་གི་ལ་ཡང་བདག་གི་ཉིད་དུ་བཟུང་བ་ལ་སྐྱོན་དང་ལྡན་པ་ཡིན་ཞིང་རབ་རིབ་དང་ལོང་བ་དང་ཞི་བ་དང་། གཟུགས་ངན་པ་ལ་སོགས་པའི་སྐྱོན་མཐོང་ན་ཡང་རྗེས་སུ་ཆགས་པ་ཉིད་དུ་འགྱུར་རོ། །དེ་བས་ན་ཡོན་ཏན་དང་སྐྱོན་མཐོང་བ་ལས་ཀྱང་འདི་འགྱུར་བ་མ་ཡིན་ནོ། །ཡོན་ཏན་

Vol. 175 · folio 105b

ལྡན་པ་གཞན་དག་ལའང་། མེད་ཕྱིར་སྐྱེས་བུ་གཞན་ཉིད་དུ་མངོན་པར་འདོད་པའི་མིག་ལ་སོགས་པ་ཡོན་ཏན་དང་ལྡན་པ་གང་ཡིན་པ་དེ་ལ་གཞན་དག་གི་མིག་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ལ་ཡང་ཡོན་ཏན་མཐོང་བ་དག་གིས་ཡང་བདག་གི་ཆགས་པ་འབྱུང་བ་མ་ཡིན་ནོ། །བདག་

གི་ཉིད་ཡོད་ན་ཡང་། འདས་སོགས་ལ་ནི་མེད་ཕྱིར་རོ། །གང་གི་ཚེ་བདག་གི་ཡང་འདས་ཤིང་ཞིག་པར་གྱུར་པ་ལའོ། །སོགས་པ་སྨོས་པས་ནི་རང་གི་ལུས་ལས་བོག་པ་ལ་སོགས་པའི་ཡན་ལག་དང་ཉིང་ལག་དེ་དང་འདྲ་བ་ཁྱད་པར་མེད་པ་ཡོན་ཏན་དང་ལྡན་པར་མཚུངས་

པ་དག་ལ་བདག་གི་བློ་དོར་བ་ཡོད་ན། བདག་གི་ཆགས་པ་དང་བྲལ་བའི་ཕྱིར། ཆགས་པ་ཡོན་ཏན་མཐོང་བས་བྱས་པ་མ་ཡིན་ནོ། །དེ་བས་ན་ཡོན་ཏན་མཐོང་བ་ལ་ཡང་མེད་པའི་ཕྱིར་དང་བདག་གི་ཤེས་པ་ཡོད་ན་ཡོད་པའི་ཕྱིར་བདག་གི་བློ་ལས་བྱུང་བ་ནི་ཡོན་ཏན་མཐོང་བའི་རྒྱུ་མཚན་ཅན་མ་ཡིན་

པ་དེ་ལྟར་ན་མ་གྲུབ་པ་མ་ཡིན་ནོ། །སྦྱོར་བ་དག་ཀྱང་གང་ཞིག་གང་མེད་ན་ཡང་འགྱུར་བ་དེ་ནི་དེས་བྱས་པར་འགྱུར་བ་མ་ཡིན་ཏེ། དཔེར་ན་ནས་ཀྱི་ས་བོན་མེད་ན་ཡང་སཱ་ལུའི་མྱུ་གུ་ཡོད་པ་ལྟ་བུའོ། །ཡོན་ཏན་དང་སྐྱོན་བརྟག་པའི་ནུས་པ་དང་བྲལ་བའི་བྱིས་པ་དག་གི་མིག་ལ་

སོགས་པ་དང་། ལུས་ལ་སོགས་པ་ལ་བདག་གི་བློ་དང་ལྡན་པའི་ཆགས་པ་ཡང་ཡོན་ཏན་མཐོང་བ་མེད་ན་ཡང་འགྱུར་བ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གང་ཞིག་གང་སྐྱོན་དང་ལྡན་པ་ལ་ཡང་དེ་སྐྱོན་དུ་མཐོང་བར་ཡང་འགྱུར་བ་དེ་ནི་

དེ་ལ་ཡོན་ན་མཐོང་བས་བྱས་པ་མ་ཡིན་ཏེ། དཔེར་ན་སྐྱོན་དང་ལྡན་པ་ལ་སྐྱོན་དེར་མཐོང་བ་ཅན་ཞེ་སྡང་བར་འགྱུར་བ་ལྟ་བུའོ། །བདག་གི་ཆགས་པ་ཡང་མིག་ལ་སོགས་པ་བདག་གི་ལ་སྐྱོན་དང་ལྡན་པ་ལ་ཡང་སྐྱོན་དེར་མཐོང་བ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་

འགལ་བ་ཡིན་ནོ། །གང་ཞིག་གང་ཡོད་ན་ཡང་མི་འགྱུར་བ་དེ་ནི་དེས་བྱས་པ་མ་ཡིན་ཏེ། དཔེར་ན་ནས་ཀྱི་ས་བོན་མེད་ན་ཡང་སཱ་ལུའི་མྱུ་གུ་ཡོད་པ་ལྟ་བུའོ། །བདག་གི་ཆགས་པ་ཡང་གཞན་དག་གི་མིག་ལ་སོགས་པ་ལ་ཡོན་ཏན་དུ་མཐོང་བ་ཡོད་ན་ཡང་མི་འགྱུར་རོ་ཞེས་བྱ་བ་ནི་

Vol. 175 · folio 106a

ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གང་ཞིག་གང་ཡོད་ན་འགྱུར་ཞིང་གཞན་ཡོད་ན་ཡང་དེ་མེད་ན་མི་འགྱུར་བ་དེ་ནི་དེས་བྱས་པ་ཡིན་ཏེ། དཔེར་ན་ནས་ཀྱི་ས་བོན་ཡོད་ན་མྱུ་གུ་འབྱུང་བ་ལྟ་བུའོ། །བདག་གི་ཆགས་པ་ཡང་བདག་གིའི་མཐོང་བ་ཡོད་ན་བདག་

གི་ཆགས་པ་ཡོད་ཅིང་ཡོན་ཏན་ལ་སོགས་པ་གཞན་ཡོད་པ་དང་བདག་གི་བློ་དོར་བ་དང་། ལུས་འཕོས་པ་ལ་སོགས་པ་ཡོད་ན་ཡང་དེ་མེད་ན་མི་འགྱུར་རོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་ལྟར་ནི་འགྱུར་མོད་ཀྱི། བདག་གིར་ཆགས་པའི་ཡོན་ཏན་མཐོང་བ་ནི་རྒྱུ་མ་ཡིན་

ནོ། །འོ་ན་ཅི་ཡིན་ཞེ་ན། བདག་གི་བློ་ཉིད་ཡིན་ནོ། །བདག་གི་བློ་དེ་ཡང་ཡོན་ཏན་མཐོང་བ་ལས་འགྱུར་རོ། །དེས་ན་སྡུག་བསྔལ་བསྒོམ་པས་བདག་གི་བློའི་རྒྱུར་གྱུར་པ་ཡོན་ཏན་མཐོང་བའི་རྒྱུན་བཅད་པ་ལས་བདག་གི་ཆགས་པ་དང་བྲལ་བ་མ་ཡིན་པ་དེ་ལྟར་ན་གཏན་ཚིགས་མ་གྲུབ་

པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར་གཏན་ཚིགས་གང་དག་གིས་བདག་གིའི་ཆགས་པའི་ཡོན་ཏན་མཐོང་བ་རྒྱུ་མ་ཡིན་པ། དེ་ཉིད་ཕྱིར་ཡང་། བྱིས་སོགས་ལ་ཡང་ཡོད་ཕྱིར་རོ། །ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་དེ་དག་གི་ཕྱིར། བདག་བློའི་ཡང་། ཡོན་ཏན་མཐོང་

བའི་རྒྱུ་མ་ཡིན་ནོ། །ཡོན་ཏན་མཐོང་བའི་རྒྱུ་ཅན་མ་ཡིན་པ་དེའི་ཕྱིར། དེ་ཡང་ཉམས་པ་མ་ཡིན་ནོ། །བདག་གི་བློ། །ཅིའི་ཕྱིར་ཞེ་ན། ཡོན་ཏན་མི་མཐོང་ཕྱིར་ཏེ། །ཡོན་ཏན་མ་ཡིན་པ་མཐོང་བའི་ཕྱིར་རོ། །གང་ཞིག་གང་གི་རྒྱུ་ལ་གནོད་པ་བྱེད་པ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་

འདིར་ཡང་བརྗོད་པར་བྱ་སྟེ་མ་གྲུབ་པ་ཡང་མ་ཡིན་ནོ། །གཞན་ཡང་ཇི་སྲིད་དུ་བདག་ཏུ་ཆགས་པ་དང་མ་བྲལ་བ་དེ་སྲིད་དུ་བདག་གི་བློ་ཡོད་པ། དེ་བས་ན་དེ་སྲིད་དུ་བདག་གིའི་ཆགས་པ་ཡང་ཡོད་པ་ཡིན་ནོ། །དེ་ཡང་སྐྱོན་མཐོང་བ་གཅིག་ཏུ་འབྱུང་བའི་ངང་ཚུལ་ཅན་ལ་གགས་བྱེད་པ་

ཡིན་པ་དེ་ལྟར་ན་གང་ལས་སྐྱོན་མཐོང་བ་ཡིན་ཞིང་། གང་གིས་དེ་ལ་བདག་གི་ཆགས་པ་ཟད་པར་འགྱུར། དེ་ལྟར་ན་ཡོན་ཏན་མེད་སྒྲོ་འདོགས་བདག་ཏུ་ཆགས་ལས་དེར་ནི་བདག་གི་ཆགས་པར་སྣང་བ་ཡིན། ཡོན་ཏན་མེད་པར་སྒྲོ་འདོགས་པ་ལས་ཀྱང་སྐྱོན་མཐོང་བའི་སྐབས་ཤིན་ཏུ་

Vol. 175 · folio 106b

མེད་པ་ཉིད་ཡིན་ནོ། །དེའི་ཕྱིར་གྲོལ་བའི་ཕྱིར་བརྗོད་པའི་ཆོ་ག་སྟེ། གང་འགའ་ཞིག་དང་ལྡན་པ་སྡུག་བསྔལ་བསྒོམ་པ་ལ་སོགས་པའི་མཚན་ཉིད་ཅན་ནོ། །ཅི་འདྲ་བ་ཞིག་ཅེ་ན། དེ་རྒྱུ་ལ་གནོད་མེད་བདག་གི་ཡིད་ཆགས་པའི་རྒྱུ་མཚན་ལ་གནོད་པ་བྱེད་པ་མ་ཡིན་པའོ། །བདག་གིའི་ཆགས་

པ་དེ་ལ་ཇི་ལྟར་གནོད་པ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བའོ། །ཁོ་བོ་ཡོན་ཏན་དུ་མཐོང་བ་ལས་ཆགས་པར་མི་སྨྲའོ། །འོ་ན་ཅི་ཡིན་ཞེ་ན། རང་བཞིན་དང་སྐྱེས་བུ་དག་ལ་བློ་གཅིག་ཏུ་བྱེད་པ་ཆགས་པ་ཡིན་ནོ། །དེས་ན་རང་བཞིན་དང་སྐྱེས་བུ་གཞན་དུ་ཤེས་པས་རང་ཉིད་ཀྱི་བློ་འདོར་

བའི་ཕྱིར་འདོད་ཆགས་དང་བྲལ་བ་ཡིན་ནོ་ཞེ་ན། འདིར་ཕྱི་རོལ་གྱི་དོན་དག་ལ་གཅིག་ཏུ་ཞེན་པ་མེད་ན་ཡང་ཕན་འདོགས་པར་བྱེད་པ་ཙམ་གྱིས་རང་ཉིད་ཀྱི་བློས་ཆགས་པ་ཡིན་ནོ་ཞེས་བཤད་ཟིན་ཏོ། །བློ་གཅིག་གིས་བྱས་པ་ཡིན་པ་ཡང་བླ་སྟེ། དེ་ལྟར་ན་ཡང་དབང་པོ་ལ་

སོགས་པ་ལ་བདག་ཉིད་ཀྱི་བློ་གཅིག་པ་ཉིད་འཐད་པ་མ་ཡིན་ནོ། །འདི་ལྟར། སྐྱེ་བོ་འདི་ཡིས་དབང་སོགས་ལས། །བདག་ནི་ཐ་དད་གྱུར་པར་ཤེས། །ཇི་ལྟར་ཞེ་ན། མཆོག་གཞན་དོན་དུ་གཉེར་ཕྱིར་དང་། །གང་གི་ཕྱིར་སྔར་ཐོབ་པའི་མིག་ལ་སོགས་པ་ཡོན་ཏན་མེད་པ་ལས་མཆོག་

སྟེ། གཙོ་བོ་དབང་པོ་ལ་སོགས་པ་གཞན་དང་གཞན་དོན་དུ་གཉེར་བའི་ཕྱིར་རོ། །འདི་ལས་བདག་གི་མིག་ལ་སོགས་པ་གཞན་ཁྱད་པར་ཅན་དུ་གྱུར་ཅིག་སྙམ་པ་ཡིན་གྱི་ངའི་བདག་གཞན་དུ་གྱུར་ཅིག་ཅེས་ནི་མ་ཡིན་ནོ། །གང་གི་ཚེ་ཡང་ངའི་བདག་འདི་ལྟ་བུར་གྱུར་ཅིག་ཅེས་དོན་

དུ་གཉེར་བར་འགྱུར་བ་དེ་ཡང་བདག་གནས་པའི་སྐབས་དོན་དུ་གཉེར་བ་ཡིན་གྱི། བདག་གཞན་དོན་དུ་གཉེར་བ་ནི་མ་ཡིན་ནོ། །དེའི་ཕྱིར་མིག་ལ་སོགས་པ་དག་ལས་ཐ་དད་པའི་བློ་དང་ལྡན་པ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་ལ་འདི་ལས་ཁྱད་པར་དུ་འཕགས་པ་གཞན་དུ་གྱུར་

ཅིག་ཅེས་མཆོག་གཞན་དོན་དུ་གཉེར་བ་དང་ལྡན་པ་དེ་ནི་བདག་ལས་ཐ་དད་པའི་བློ་དང་ལྡན་པ་ཡིན་ཏེ། དཔེར་ན་ལྷ་སྦྱིན་ཇི་སྐད་དུ་བཤད་པའི་རིམ་པས་འདི་ལས་ཁྱད་པར་དུ་འཕགས་པ་གཞན་དུ་གྱུར་ཅིག་ཅེས་བ་ལང་ལ་སོགས་པ་ལ་མཆོག་གཞན་དོན་དུ་གཉེར་བ་ལྟ་བུའོ། །

Vol. 175 · folio 107a

སྐྱེས་བུ་འདི་ཡང་མིག་ལ་སོགས་པ་མཆོག་གཞན་དོན་དུ་གཉེར་བ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །སྐྱེ་འཇིག་བློ་ཅན་ཉིད་ཀྱི་ཕྱིར། །འདིས་ཀྱང་བདག་གནས་པ་ཉིད་དུ་མཐོང་བས་སྐྲ་དང་སེན་མོ་དང་ཡན་ལག་དང་མིག་ལ་སོགས་པ་སྐྱེ་བ་

དང་འཇིག་པའི་བློ་དང་ལྡན་པ་ཉིད་ཀྱི་ཕྱིར་གཅིག་ཏུ་ཞེན་པ་ཅན་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་གི་གནས་སྐབས་ཀྱི་བློ་དང་ལྡན་དུ་ཟིན་ཀྱང་གང་ཡང་སྐྱེ་བ་དང་འཇིག་པར་མཐོང་བ་དེ་ནི་དེ་ལས་དད་པའི་བློ་དང་ལྡན་པ་ཡིན་ཏེ། དཔེར་ན་སྐྱེས་བུ་རི་བོ་ལ་གནས་པ་ལ་ལྷའི་གནས་

སྐྱེ་བ་དང་འཇིག་པའི་བློ་དང་ལྡན་པ་ཡིན་པ་ལྟ་བུའོ། །སྐྱེས་བུ་འདི་ཡང་བདག་གི་གནས་སྐབས་ལ་བློ་དང་ལྡན་པ་ཡིན་དུ་ཟིན་ཀྱང་མིག་ལ་སོགས་པ་དང་སྐྲ་དང་སེན་མོ་ལ་སོགས་པ་སྐྱེ་བ་དང་འཇིག་པའི་བློ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་ཕྱིར་

རང་བཞིན་དང་སྐྱེས་བུ་གཅིག་ཉིད་མཐོང་བས་ཀྱང་། བདག་གི་ལ་ཆགས་མིན། དེ་མེད་ན་ཡང་ཡོད་པའི་ཕྱིར་རོ། །སྦྱོར་བ་ནི་གང་ཞིག་གང་མེད་ན་ཡང་འགྱུར་བ་མ་ཡིན་ཏེ། དཔེར་ན་ནས་ཀྱི་ས་བོན་མེད་དུ་ཟིན་ཀྱང་སཱ་ལུའི་མྱུ་གུ་འབྱུང་བ་ལྟ་བུའོ། །སྐྱེས་བུའི་བདག་གིའི་

ཆགས་པ་ཡང་མིག་ལ་སོགས་པ་དང་། སྐྲ་དང་སེན་མོ་ལ་སོགས་པ་བློ་གཅིག་པ་ཉིད་མེད་ན་ཡང་འགྱུར་རོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །བདག་གི་རྒྱུ་གཞན་དེ་ཡང་གང་ཞེ་ན། །སྐྱེས་བུ་ཆགས་འགྱུར་དེ་དག་དང་། །དམིགས་པའི་ནང་གི་ཡན་ལག་ལ་

དབང་པོ་ལ་སོགས་པ་ལོངས་སྤྱོད་སྒྲུབ་པར་བྱེད་པ་བདག་གི་ལའོ། །ངོ་བོ་ཉིད་ཀྱིས་ཏེ། རང་བཞིན་ཉིད་ཀྱིས་རྗེས་ཆགས་འགྱུར། །དེས་ན་བདག་ཏུ་ཆགས་པ་བདག་ཡོད་པ་ཉིད་དུ་མཐོང་བ་ཙམ་ལས་འབྱུང་བའི་ངང་ཚུལ་ཅན་མ་ཡིན་ཏེ། དེ་ནི་བདག་གི་ལ་ཆགས་པའི་རྒྱུ་ཡིན་

ནོ། །དེ་བདག་གི་ལ་འདོད་ཆགས་དང་བྲལ་བའི་གགས་བྱེད་པ་ཡིན་པ་དེ་ལྟར་ན་སྡུག་བསྔལ་སྒོམ་པ་འབྲས་བུ་མེད་པ་ཡིན་ནོ། །སྲོག་ཆགས་རྣམས་ཀྱི་ད་ལྟར་གནས་པའི་སྡུག་བསྔལ་མཐོང་ནས་འདོད་ཆགས་དང་བྲལ་བར་འགྱུར་བ་མཐོང་བ་ཉིད་མ་ཡིན་ནམ། དེ་ཇི་ལྟར་ན་སྡུག་བསྔལ་

Vol. 175 · folio 107b

བསྒོམ་པས་འདོད་ཆགས་དང་བྲལ་བ་མ་ཡིན་ཞེ་ན། སྡུག་བསྔལ་ད་ལྟར་འབྱུང་གང་ལས། །ཞེས་བྱ་བ་སྨོས་ཏེ། སྐྱེས་བུ་ཉེས་པ་མཐོང་བའི་སྒོ་ནས་ཡིད་འབྱུང་བ་གང་ཡིན་དེ་འདོད་ཆགས་དང་བྲལ་བ་མ་ཡིན་གྱི་འོན་ཀྱང་། སྡང་ཡིན་གྱི། ཅི་འདྲ་བ་ཞིག་ཅེ་ན། སྡུག་བསྔལ་དེ་ལས་ཡིད་

མི་བདེ་བས་སྐྱོ་བ་དེ་ཡང་ཞེ་སྡང་ཡིན་ཏེ། དཔེར་ན་འཕགས་པ་གནས་བརྟན་པའི་སྡེས་ཡིད་མི་བདེ་བ་ཐམས་ཅད་ནི་ཞེ་སྡང་དང་མཚུངས་པར་ལྡན་པ་ཡིན་ནོ་ཞེས་བཤད་པ་ལྟ་བུའོ། །དེ་འདྲ་བ་ནི་ཆགས་བྲལ་མ་ཡིན་ཏེ། དེ་ནི་དེ་དང་མཚན་ཉིད་ཐ་དད་པ་ཡིན་པའི་ཕྱིར་རོ། །བཅོམ་

ལྡན་འདས་ཀྱིས་ཡིད་མི་བདེ་བ་དེ་འདྲ་བ་མི་དགེ་བ་ཉིད་ཡིན་ན་ཡང་། དགེ་བའི་ཆོས་སྐྱེ་བར་བྱེད་པ་ཉིད་ཡིན་པའི་ཕྱིར་བརྟེན་པར་བྱ་བ་ཉིད་ཡིན་པར་བཤད་དོ། །གནས་སྐབས་གང་ལ་ཡང་སྐྱེས་བུ་འདི་ལ་ལར་ཡིད་འབྱུང་བ་དེ་ཚེ་ཡང་། འདིའི་བདག་གི་ལ་ཡང་ཆགས་པ་ཡོད་པ་ཡིན་ནོ། །

ཅིའི་ཕྱིར་ཞེ་ན། སྐབས་གཞན་ཚོལ་ཕྱིར་རོ། །ད་ལྟར་གྱི་སྡུག་བསྔལ་གྱི་གནས་སྐབས་མ་གཏོགས་པའི་བདེ་བའི་གནས་སྐབས་གཞན་ཚོལ་བའི་ཕྱིར་ཆགས་པ་མ་སྤངས་པ་ཉིད་ཡིན་ནོ། །དེའི་ཡིད་བྱུང་བའི་མཚན་ཉིད་ཅན་གྱི་ཞེ་སྡང་སྐྱེ་བ་གང་ཡིན་པའི་ཞེ་སྡང་དེ་ནི་སྡུག་བསྔལ་སྐྱེ་

བའི་རྒྱུ་དང་བྱེད་རྒྱུ་ཡིན་པ་དེ་ལྟར་ན་སྡུག་བསྔལ་རྒྱུ་ཉིད་ཕྱིར་ཏེ། གཏན་ཚིགས་ཀྱི་ཕྱིར་ཞེ་སྡང་ཡང་ཤིན་ཏུ་རྗེས་སུ་འཇུག་པ་ཅན་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། དེ་ནི་དེ་ཙམ་ཉིད་དུ་གནས། །ཇི་སྲིད་དུ་འདི་སྡུག་བསྔལ་འཇུག་པ་དེ་སྲིད་དུ། འདིའི་ཡིད་འབྱུང་བ་འཇུག་པར་འགྱུར་རོ། །གང་

གི་ཚེ་ཡང་། དེ་འཇུག་པའི་རྒྱུ་དང་འགལ་བའི་རྐྱེན་ཉེ་བས། སྡུག་བསྔལ་ལྡོག་པར་འགྱུར་བ་དེའི་ཚེ་སྡུག་བསྔལ་དེ་ལོག་ན་ནི། སྐྱེས་བུ་དེ་རང་ཉིད་ཀྱིས་བདག་གིའི་ཆགས་པ་ལས་བྱུང་བའི་མཚན་ཉིད་ཅན་གྱི། རང་བཞིན་ཡང་ནི་བརྟེན་པར་འགྱུར། །དེ་ལྟར་ན་ཆགས་པ་དང་མ་

བྲལ་བ་ཉིད་ཡིན་ནོ། །གལ་ཏེ་སྡུག་བསྔལ་ལས་ཡིད་བྱུང་བ་ནི་ཞེ་སྡང་ཡིན་གྱི་ཆགས་པ་དང་བྲལ་བ་ཉིད་མ་ཡིན་ན། འདོད་ཆགས་དང་བྲལ་བ་ཞེས་བྱ་བ་དེ་ཡང་གང་ཞེ་ན། ཀུན་ལས་མཉམ་པར་གནས་པ་ལ། །ཆགས་བྲལ་ཞེས་ནི་བརྗོད་པ་ཡིན། །ཞེས་བྱ་བ་སྨོས་ཏེ། བདག་

Vol. 175 · folio 108a

གི་དངོས་པོ་ཞེས་བྱ་བ་ཉེ་བར་ལེན་པའི་ཕུང་པོའི་ཚོགས་སྲིད་པ་ལ་ཉེ་བར་མཁོ་བ་རྣམས་ལ་བཏང་སྙོམས་སུ་གནས་པ་ལའོ། །ཇི་ལྟར་མཉམ་པར་གནས་པ་ཡིན་ཞེ་ན། བླང་དང་དོར་བ་བཅོམ་པའི་ཕྱིར། །དོན་འགའ་ཞིག་ལས་སྐྱོ་བ་གང་ཡིན་པ་དེ་ནི་དོར་བ་ཡིན་ལ།

འདི་ནི་ང་དང་ངའིའོ། །ཞེས་བྱ་བའི་འཛིན་པ་དེ་ནི་བླང་བ་ཡིན་པ་དེ་བས་ན་དེ་དག་སྤང་བའི་རྒྱུའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། ཙན་དན་དང་ནི་སྟེའུ་བཞིན། །ཙན་དན་དང་ནི་སྟེའུ་དག་དང་འདྲ་བར་ཞེས་བྱ་བའི་དོན་ཏོ། །དེ་དག་འདོད་ཆགས་དང་བྲལ་བ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལ་སྐྱེས་

བུ་གཅིག་སེམས་དང་བ་ཅན་གྱིས། ལག་པ་གཅིག་ཤིན་ཏུ་ཙན་དན་གྱིས་བྱུག་ལ་གཞན་རྣམ་པར་སྡང་བས། ལག་པ་ཅིག་ཤོས་ཤིན་ཏུ་བཅད་པ་དེ་ལ་སྐྱེས་བུ་དེ་དག་ཇི་ལྟར་འཇུག་པ་དག་གི་ནང་ནས་གཅིག་ཡིད་བྱུང་བའམ། ཅིག་ཤོས་ལ་མངོན་པར་ཆགས་པ་མེད་པ་དེ་བཞིན་དུ་

ཙན་དན་དང་སྟེའུ་ལ་ཡིན་ཏེ། འོན་ཀྱང་གཉི་ག་ལ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་མེད་པའི་མཚན་ཉིད་ཅན་གྱི་བཏང་སྙོམས་སུ་གནས་པར་འགྱུར་བ་དེ་ལྟར་ན། གྲོལ་བར་འདོད་པའི་བདག་ཉིད་ཅན། ཙན་དན་དང་སྟེའུ་དག་ལ་མཚུངས་པར་འཇུག་པར་འགྱུར་རོ། །དོན་དེ་ཉིད་

བསྟན་པའི་ཕྱིར། ཙན་དན་དང་ནི་སྟེའུ་བཞིན། །ཞེས་སྨོས་པ་ཡིན་ནོ། །དགྲ་བཅོམ་པ་དེ་དག་ཡི་རང་བར་གྱུར་པ་ཞེས་བརྗོད་པ་གང་ཡིན་པ་དེ་ཡང་འདུས་བྱས་ཀྱི་ཡུལ་ཅན་གྱི་རྗེས་སུ་ཆགས་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན་དེ་ནི་འགལ་བ་ཡིན་ནོ། །གལ་ཏེ་སྡུག་བསྔལ་བསྒོམ་

པས་བདག་གིའི་ཆགས་པ་ལ་སོགས་པ་སྤོང་བ་མ་ཡིན་ན། ཇི་ལྟར་ན་རང་ཉིད་ཀྱིས་སྔར། ཡོན་ཏན་སྐྱོན་དང་རྗེས་འབྲེལ་བའི། །འདོད་སྡང་ལ་སོགས་སྤངས་པ་ནི། །དེ་དག་ཡུལ་ལ་མཐོང་མེད་པ། །ཞེས་བཤད་པ་ཡིན་ན། ཅི་བདག་ཉིད་ཀྱིས་སྡུག་བསྔལ་བསྒོམས་པས་

འདོད་པ་ལ་སོགས་པ་སྤོང་བའི་ཐབས་སུ་བརྗོད་ནས། ཡང་ན་སྡུག་བསྔལ་བསྒོམ་པ་འདི་ཞི་བར་བྱེད་པ་ཡིན་ནོ་ཞེས་བརྗོད་པ་འདི་འགལ་ལོ་ཞེས། དེ་ནི་མ་ཡིན་ཏེ་འདི་ལྟར་ཡོན་ཏན་མཐོང་བ་བདག་ཉིད་ཀྱི་བདེ་བ་སྒྲུབ་པར་བྱེད་པ་ཉིད་ནི། འདིར་ཡོན་ཏན་མཐོང་བར་འདོད་པ་མ་

Vol. 175 · folio 108b

ཡིན་ན། གང་གིས་ན་དེ་སྐྱོན་དུ་མཐོང་བ་ལས་ཆགས་པ་ཟད་པར་འདོད་པར་འགྱུར། འོ་ན་ཅི་ཡིན་ཞེ་ན། རྟག་པ་དང་བདེ་བ་དང་། བདག་དང་། བདག་གི་ཉིད་ལ་སོགས་པ་ནི་ཡོན་ཏན་ཞིང་དེ་མཐོང་བ་ཡང་ལྷན་ཅིག་གམ་སོ་སོར་ཡོན་ཏན་དུ་མཐོང་བ། དེའི་གཉེན་པོ་མི་རྟག་པ་ཉིད་ལ་

སོགས་པར་མཐོང་བས་སྤོང་བ་ཡིན་ནོ་ཞེས་དགོངས་པའི་ཕྱིར་འགལ་བ་ཡོད་པ་མ་ཡིན་ནོ། །བསྟན་བཅོས་ལས་སྡུག་བསྔལ་ལ་སོགས་པའི་རྣམ་པ་བསྒོམ་པ་བཤད་པ་གང་ཡིན་པ་དེ་ཡང་དེ་དང་མཚུངས་པར་ལྡན་པའམ། དེ་དང་འབྲེལ་བ་ལས་དེ་སྡུག་བསྔལ་གྱི་སྡུག་བསྔལ་

ཉིད་ཀྱི་མཚན་ཉིད་ཅན་གྱི་སྡུག་བསྔལ་མ་ཡིན་གྱི་འོན་ཀྱང་སྡུག་བསྔལ་གཞན་ལ་དགོངས་ནས་བསྟན་པ་ཡིན་ནོ། །འོ་ན་སྡུག་བསྔལ་བསྒོམ་པ་གང་ཡིན་ཞེ་ན། འདུ་བྱེད་སྡུག་བསྔལ་ཉིད་དུ་བཞེད་ནས། འདུ་བྱེད་ཀྱི་སྡུག་བསྔལ་བསྒོམ་པ་གསུངས་པ་ཡིན། ཁོ་བོའི་དེ་ཡང་

རྐྱེན་ལས་བྱུང་། དངོས་པོ་སྐད་ཅིག་མ་རྣམས་ནི་རྒྱུའི་གཞན་དབང་ཉིད་ཡིན་ནོ། །དེ་ནི་བསྒོམ་པ་ན་ཡང་དངོས་སུ་གྲོལ་བའི་ཕྱིར་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། བདག་མེད་ལྟར་རྟེན་ཡིན། བདག་མེད་པ་ཉིད་མཐོང་བ་སྐྱེ་བའི་ཐབས་ཡིན་ཏེ་སྐད་ཅིག་མར་ཟད་པ་ཅན་གྱི་དངོས་པོ་མི་རྟག་

པ་རིགས་པས་ངེས་པར་བྱས་པས་མི་རྟག་པ་གང་ཡིན་པ་དེ་ནི་རྒྱུའི་གཞན་དབང་སྐད་ཅིག་མ་རེ་རེར་འཇིག་པ་ཅན་བྱེད་པ་མེད་པར་འཇུག་པར་འགྱུར་རོ། །དེ་བས་ན་འདི་ནི་བདག་གམ་བདག་གི་མ་ཡིན་ནོ་ཞེས་བསྒོམས་པ་ན། གང་ཟག་སྟོང་པ་ཉིད་དུ་རྟོགས་པར་འགྱུར་རོ། །སྟོང་པ་

ཉིད་མཐོང་བ་ལས་ཀྱང་ང་དང་ངའི་ཞེས་བྱ་བར་མཐོང་བ་མེད་པས་འགའ་ཞིག་ལ་ཡང་རྗེས་སུ་ཆགས་པའམ། འགའ་ཞིག་ལས་སྐྱོ་བ་མེད་པ་དེ་ལྟར་ན། འཁོར་བའི་འཆིང་བ་ལས་གྲོལ་བར་འགྱུར་རོ། །དེ་བས་ན་བདག་མེད་པ་ཉིད་མཐོང་བ་དེ་ནི། སྟོང་ཉིད་ལྟ་བས་གྲོལ་

འགྱུར་གྱི། །མི་རྟག་པ་ཉིད་ལ་སོགས་པ་བསྒོམ་པ་ལྷག་མ་གང་ཡིན་པ་དེ་དག་ཐམས་ཅད་དེ་དོན་ཡིན། སྟོང་པ་ཉིད་མཐོང་བའི་འབྲས་བུ་ཅན་ཡིན་ནོ། །གང་ཁོ་ནས་མི་རྟག་པ་དང་། སྡུག་བསྔལ་བསྒོམས་པ་དག་ནི་སྟོང་པ་ཉིད་མཐོང་བའི་ཐབས་ཡིན་གྱིས། དངོས་སུ་གྲོལ་བའི་

Vol. 175 · folio 109a

རྒྱུ་མ་ཡིན་པའི་གཏན་ཚིགས་དེ་ཕྱིར། བཅོམ་ལྡན་འདས་ཉིད་ཀྱིས་མི་རྟག་པའི་རྒྱུ་ལས་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་བདག་མེད་གསུངས་དགེ་སློང་དག་འདི་ལྟ་སྟེ། གཟུགས་རྟག་པའམ་མི་རྟག་པ་ཡིན། བཙུན་པ་མི་རྟག་པ་ལགས་སོ། །

མི་རྟག་པ་གང་ཡིན་པ་དེ་བདེ་བ་ཡིན་ནམ་སྡུག་བསྔལ་ཡིན། བཙུན་པ་སྡུག་བསྔལ་ལགས་སོ། །མི་རྟག་པ་དང་སྡུག་བསྔལ་དང་། རྣམ་པར་འགྱུར་བའི་ཆོས་ཅན་གང་ཡིན་པ་དེ་ལ་འདི་ནི་ངའོ། །འདི་ནི་ངའིའོ། །འདི་ནི་བདག་གོ་ཞེས་བྱ་བ་དེ་ལྟར་བལྟ་བར་རིགས་པ་མ་ཡིན་

ནོ། །བཙུན་པ་དེ་ནི་མ་ལགས་སོ་ཞེས་བྱ་བ་ལྟ་བུའོ། །དེ་ལྟར་ན་མི་རྟག་པ་ཉིད་ཀྱི་ཕྱིར་སྡུག་བསྔལ་ཉིད་དུ་རབ་ཏུ་བསྒྲུབ་པ་བདག་མེད་པ་ཉིད་ཀྱི་མི་རྟག་པ་ཉིད་དང་། སྡུག་བསྔལ་བ་ཉིད་ཐབས་སུ་གྱུར་པའི་ཕྱིར་གྲོལ་བའི་ཐབས་སུ་གསུངས་པ་ཡིན་ནོ། །དེས་ན་མི་རྟག་པ་དང་

སྡུག་བསྔལ་བ་ཉིད་ཤེས་པ་དངོས་སུ་གྲོལ་བའི་རྒྱུ་མ་ཡིན་གྱི་འོན་ཀྱང་གྲོལ་བའི་རྟེན་དུ་གྱུར་པ་སྟོང་པ་ཉིད་དུ་ལྟ་བའི་རྒྱུར་གྱུར་པ་ཉིད་ཡིན་ནོ། །དེ་ལྟ་མ་ཡིན་ན་ཇི་ལྟར་བདག་མེད་པ་ཉིད་དུ་གསུངས་ནས་གཞན་ལྷག་པ་དེ་ཐོབ་པར་བྱ་བ་གསུང་བར་མི་འགྱུར་ཏེ། བདག་མེད་

པ་ཉིད་ལ་བསྟན་པ་གནས་པར་འགྱུར་བ་དེ་ལྟར་མི་རྟག་པ་དང་། སྡུག་བསྔལ་བ་དག་ལ་གནས་པར་འགྱུར་རོ། །གྲོལ་བའི་འབྲས་བུ་ཅན་གྱིས་ལམ་གྱི་མན་ངག་ལ་བསྟན་པ་གནས་པ་ཉིད་ཀྱི་ཕྱིར་བདག་མེད་པ་ཉིད་གཞན་སྟོན་པར་མཛད་པར་མི་འགྱུར་ན། སྟོན་པར་ཡང་

མཛད་པ་དེའི་ཕྱིར། བསྒོམས་པ་ལྷག་མ་དེ་དོན་ཡིན། །ཞེས་བྱ་བར་རྟོགས་པར་བྱའོ། །གང་གི་ཕྱིར་དེ་ལྟར་སྡུག་བསྔལ་བསྒོམས་པས་འདོད་ཆགས་དང་བྲལ་བ་མ་ཡིན་པ་དེའི་ཕྱིར། སྡུག་བསྔལ་བསྒོམས་པ་དང་ལྡན་པ་བདག་དང་བདག་གི་འདོད་ཆགས་དང་བྲལ་བ་

མ་ཡིན་ནོ། །ཆགས་བྲལ་མིན་དང་སྲེད་ལྡན་དང་། །བདག་གིའི་ཆགས་པ་དང་ལྡན་པ་གང་ཡིན་པ་དེ་ནི་རྩོམ་པ་ཀུན་ལ་བརྟེན་པ་བདེ་བ་དང་སྡུག་བསྔལ་ཐོབ་པ་དང་ཡོངས་སུ་སྤངས་པའི་ཕྱིར་འཇུག་པ་ལ་བརྟན་པའོ། །ལས་འདོད་པ་དང་མི་འདོད་པ་དང་། མངོན་པར་

Vol. 175 · folio 109b

ཆགས་པ་ལ་སོགས་པའི་ཉོན་མོངས་པ་གསོ་བར་བྱེད་པ་དེ་ལྟར་ན། དེ་ཉོན་མོངས་ལས་ལས་གྲོལ་བ་མ་ཡིན། དེ་དག་གིས་ཀྱང་ཡང་སྲིད་པ་ལེན་པར་བྱེད་པ་དེ་ལྟར་ན། དེ་འདྲ་འཁོར་བ་ཅན་ཡིན་ནོ། །སྐྱེས་བུ་འདོད་ཆགས་དང་བྲལ་བར་འདོད་པ་ལ་བདག་ཏུ་ལྟ་བ་མ་སྤངས་པ་ཅན་

ནོ། །སྦྱོར་བ་ནི་གང་ཞིག་བདག་དང་བདག་གི་ཆགས་པ་དང་ལྡན་པ་དེ་ནི་རྩོམ་པ་ཐམས་ཅད་ལ་བརྟེན་པར་འགྱུར་ཏེ། དཔེར་ན་སོ་སོའི་སྐྱེ་བོ་ལྟ་བུའོ། །སྐྱེས་བུ་འདོད་ཆགས་དང་བྲལ་བར་འདོད་པ་ཡང་བདག་དང་། བདག་གིའི་ཆགས་པ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་

གྱི་གཏན་ཚིགས་སོ། །མ་གྲུབ་པ་ཡང་མ་ཡིན་ཏེ། བསྒྲུབས་ཟིན་པ་ཉིད་ཀྱི་ཕྱིར་རོ། །གང་སྲེད་པ་དང་ལྡན་པ་དང་། རྩོམ་པ་ཐམས་ཅད་ལ་བརྟེན་པ་དེ་ནི་ལས་དང་ཉོན་མོངས་པ་ལས་གྲོལ་བ་མ་ཡིན་ཏེ། དཔེར་ན་སོ་སོའི་སྐྱེ་བོ་ལྟ་བུའོ། །སྐྱེས་བུ་འདོད་ཆགས་དང་བྲལ་བར་འདོད་

པ་འདི་ཡང་སྲེད་པ་དང་ལྡན་པ་དང་རྩོམ་པ་ཐམས་ཅད་ལ་བརྟེན་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གང་སྲེད་པ་དང་ལྡན་པ་དང་རྩོམ་པ་ཐམས་ཅད་ལ་བརྟེན་པ་དང་། ལས་དང་ཉོན་མོངས་པ་ལས་མ་གྲོལ་བ་དེ་ནི་འཁོར་བ་པ་ཡིན་ཏེ་དཔེར་ན་སོ་སོའི་སྐྱེ་བོ་

ལྟ་བུའོ། །སྐྱེས་བུ་འདོད་ཆགས་དང་བྲལ་བར་འདོད་པ་འདི་ཡང་སྲེད་པ་དང་ལྡན་པ་དང་། རྩོམ་པ་ཐམས་ཅད་ལ་བརྟེན་པ་དང་། ལས་དང་ཉོན་མོངས་པ་དག་ལས་མ་གྲོལ་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་དེ་ལྟར་ན་རེ་ཞིག་བདག་ཏུ་འཛིན་པ་ཡིན་ན་

བདག་གི་དོར་བ་མེད་པ་གང་གིས་ན་གྲོལ་བར་འདོད། དོར་བ་ཡང་བླ་སྟེ་ཁས་བླངས་ནས་བརྗོད་པར་བྱའོ། །གྲོལ་བར་འདོད་པའི་གནས་སྐབས་ཀྱི་བདག་ལ་གྲོལ་བར། བདག་གི་ཉིད་ནི་མི་འདོད་གང་། །དེ་གང་གི་ཚེ་དེས་དོར་བ་དེའི་དུས་ན་བདག་གི་ཡིན་ནོ་ཞེས་བྱ་བ་དེའི་ཚེ་རྒོལ་བ་

པོ། འདིའི་ཟ་བ་པོ་སྟེ། བདག་ཡོད་པ་མ་ཡིན་ཏེ། ཟ་བར་བྱེད་པའི་ཟ་བ་པོ་ཉིད་ནི་ལོངས་སྤྱད་པར་བྱ་བ་ལ་བརྟེན་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །སྦྱོར་བ་ནི་གང་ལ་ལོངས་སྤྱད་པར་བྱ་བ་ཡོད་པ་མ་ཡིན་པ་དེ་ནི་ཟ་བ་པོར་ཡང་འགྱུར་བ་མ་ཡིན་ཏེ། དཔེར་ན་མོ་གཤམ་གྱི་བུ་ལྟ་

Vol. 175 · folio 110a

བུའོ། །བདག་གྲོལ་བར་འདོད་པའི་ཡང་བདག་གིའི་ལོངས་སྤྱད་པར་བྱ་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པ་ཡིན་ནོ། །ཅི་སྟེ་ཡང་དུས་དེར་ཟ་བ་པོ་ཉིད་དུ་ཁས་མི་ལེན་པའི་ཕྱིར། འདོད་པ་སྒྲུབ་པ་ཡིན་ནོ་ཞེས་སྨྲ་བ་དེའི་ཚེ་འདི་འདོད་པ་མ་ཡིན་

ཏེ། དེ་ཚེ་དེའི་སྟེ་གྲོལ་བའི་བདག་ཀྱང་མེད། གང་གི་ཚེ་ལས་རྣམས་མི་བྱེད་ཅིང་ལས་བྱས་པ་རྣམས་ཀྱི་ཡང་འབྲས་བུ་ཉམས་སུ་མི་མྱོང་བ་དེའི་ཚེ་དེ་བདག་མེད་པ་ཉིད་ཡིན་པ་དེ་ལྟར་ན། བདག་གི་མཚན་ཉིད་ལས་ཤིན་ཏུ་འདས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་བྱ་ལོངས་

སྤྱོད། བདག་གི་མཚན་ཉིད་ཅན་གྱིའོ། །གལ་ཏེ་དེ་དག་མེད་པ་ཡིན་ནོ་ཞེ་ན་དེ་ནི་བདག་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་བདག་མི་བྱེད་ཅིང་རང་གིས་བྱས་པའི་ལས་རྣམས་ལོངས་མི་སྤྱོད་པ་དེ་ནི་བདག་མེད་པ་ཡིན་ཏེ། དཔེར་ན་མོ་གཤམ་གྱི་བུ་ལྟ་བུའོ། །གྲོལ་བ་ཡང་བདག་མི་བྱེད་

ཅིང་རང་གིས་བྱས་པའི་ལས་ཀྱི་འབྲས་བུ་ལོངས་མི་སྤྱོད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་འགལ་བ་དམིགས་པའོ། །ཡང་ན་མི་བྱེད་ཅིང་ལས་བྱས་པའི་འབྲས་བུ་ལོངས་སྤྱོད་པ་དེ་ནི་བདག་མ་ཡིན་ཏེ། དཔེར་ན་རི་བོང་གི་རྭ་ལྟ་བུའོ། །བདག་གྲོལ་བར་འདོད་པ་ཡང་མི་བྱེད་ཅིང་

ལས་བྱས་པའི་འབྲས་བུ་ལོངས་མི་སྤྱོད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་འགལ་བ་དམིགས་པའོ། །གང་གི་ཕྱིར་དེ་ལྟར་ན་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཐོབ་པའི་ཕྱིར། བདག་མེད་པ་ཉིད་མཐོང་བ་ཉིད་ལམ་ཡིན་གྱི་གཞན་སྡུག་བསྔལ་ལ་སོགས་པ་བསྒོམ་པ་ནི་མ་

ཡིན་པ། དེ་ཕྱིར་གྲོལ་འདོད། གལ་ཏེ་ཁྱོད་འཁོར་བ་སྙིང་པོ་མེད་པ་ལས་གྲོལ་བར་འདོད་པ་དེ་བས་ན་འབད་རྩོལ་ཆེན་པོས་བདག་མེད་པ་མཐོང་བ་གོམས་པས་འཇིག་ཚོགས་སུ་ནི་ལྟ་བ་དག་རྩ་བ་ཉིད་ནས་བཅོམ་པར་གྱིས། ཅི་འདྲ་བ་ཞིག་ཅེ་ན། ཐོག་མེད་པའི། རྒྱུན་ཅན་

རིགས་མཚུངས་ས་བོན་ཅན། གང་ལས་ཐོག་མ་མེད་པའི་རྒྱུ་ཡོད་པ་དེ་ནི་ཐོག་མ་མེད་པའི་རྒྱུན་ཅན་ནོ། །འཇིག་ཚོགས་སུ་ལྟ་བ་གང་ལ་རིགས་མཚུངས་པ་ས་བོན་ཡོད་པ་དེ་ནི་རིགས་མཚུངས་པའི་ས་བོན་ཅན་ཏེ། རྩ་བ་ཉིད་ནས་བཅོམ་པར་བྱའོ། །མ་རིག་པ་སྔ་མ་སྔ་མ་

Vol. 175 · folio 110b

ཉིད་ལ་བརྟེན་ནས་ཕྱི་མ་ཕྱི་མ་འབྱུང་བ་སྟེ། ཐོག་མ་མེད་པའི་དུས་ནས་འཇུག་པ་ཞེས་བྱ་བའི་དོན་ཏོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་ཉི་ཤུ་གཅིག་པ། གང་ཡང་འདི་སྐད་དུ་ཁོ་བོ་ཅག་ནི་དེ་འདྲ་བའི་རིགས་པས་གྲོལ་བ་ལ། དཔེར་ན། དེ་ཕྱིར་དེ་རྒྱུ་

ལ་གནོད་མེད། །ཆོ་ག་དེ་ལ་ཇི་ལྟར་གནོད་ཅེས་བྱ་བ་ལྟ་བུ་ངེས་པར་བྱེད་པ་ནི་མ་ཡིན་གྱི། འོན་ཀྱང་དབང་ཕྱུག་བདག་ཉིད་ཀྱིས་ཐར་པའི་ལམ་དབང་བསྟན་པ་དེ་ཉིད་ལས་རིགས་པ་འདི་ཉིད་ཀྱིས་གྲོལ་བར་རིག་པར་བྱའོ། །འདི་ལྟ་སྟེ། གང་ཞིག་དབང་དང་ལྡན་པ་དེ་ནི་རབ་ཏུ་

སྐྱེ་བ་འབྱུང་བ་རྒྱུན་ཆད་པ་ཅན་ཡིན་ཏེ། དཔེར་ན་སྔགས་ཀྱིས་མངོན་པར་འདུས་བྱས་པའི་ས་བོན་ལ་སོགས་པ་ལྟ་བུའོ། །སྐྱེས་བུ་འདི་ཡང་དབང་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་པར་སེམས་པ་དེའི་ཡང་འདི་ལྟར། ལུང་ཙམ་གྱིས་ནི་གྲོལ་

བར་ཡང་། །སྨྲ་ལ་ཡོངས་སུ་མགུ་བྱེད་མིན། །ཡོངས་སུ་མགུ་བར་བྱེད་པ་མ་ཡིན་ནོ། །གང་དག་ལ་ཞེ་ན། ལུང་ནི་འདི་ལྟ་བུའི་ངོ་བོའི་རྒྱུ་མ་མཐོང་བ་རྣམས་ལ་ནི། རྟོག་པ་དང་ལྡན་པ་གྲོལ་བར་འདོད་པ་རྣམས་ནི་ལུང་རྣམ་པ་དེ་ལྟ་བུ་དང་ལྡན་པ་ནན་ཏན་དུ་བྱ་བའི་དོན་རྣམས་ལ་

རིགས་པ་ཤེས་པ་ཚད་མར་བྱེད་པ་མ་ཡིན་ཏེ། དེ་ལ་འབྲེལ་པ་མེད་པས་ཐེ་ཚོམ་ཟ་བར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་རྒྱས་པར་བསྟན་ཟིན་ཏོ། །གང་ཡང་དབང་དང་ལྡན་པ་དེ་ནི་རབ་ཏུ་སྐྱེ་བ་འབྱུང་བ་རྒྱུན་ཆད་པ་ཅན་ནོ་ཞེས་བྱ་བའི་གཏན་ཚིགས་བཤད་པ་གང་ཡིན་པ་དེ་ཡང་བཟློག་

ན་གནོད་པ་ཅན་གྱི་ཚད་མ་མ་མཐོང་བས་ཁྱབ་པ་མ་གྲུབ་པའི་ཕྱིར་མ་ངེས་པ་ཡིན་ནོ། །ས་བོན་སོགས་གྲགས་ཆོ་ག་ནི། །ས་བོན་ལ་སོགས་པ་ལ་མི་སྐྱེ་བའི་རྒྱུ་དབང་ལ་སོགས་པའི་མཚན་ཉིད་ཅན་མཐོང་བ་འདི་ཡང་ནུས་མེད་ཡིན་གང་ལ་ཞེ་ན། སྐྱེས་བུ་མི་སྐྱེ་བ་ལ་ས་བོན་ལ་

སོགས་པ་ལ་ནུས་པ་མཐོང་བ་དེ་ལྟར་སྐྱེས་བུའི་ཡང་སྲིད་པ་མེད་པ་ཡང་ནུས་པ་མེད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཏིལ་མར་བསྐུས་སོགས་བསྲེགས་ལ་སོགས། །པ་ཡང་གྲོལ་བར་ཐལ་ཕྱིར་རོ། །ས་བོན་ལ་སོགས་པའི་ཏིལ་མར་གྱིས་བསྐུས་པ་དང་། བསྲེགས་པ་དང་། ཕྱེ་མར་

Vol. 175 · folio 111a

བྱས་པ་དང་། བཙོས་པ་དང་བཏགས་པ་ལ་སོགས་པ་ཡང་སྐྱེད་པར་བྱེད་པ་མ་ཡིན་པ་དེ་ལྟར་ན། འོ་ན་འདིར་ཡང་ཏིལ་མར་གྱིས་བསྐུས་པ་ལ་སོགས་པའི་ནུས་པ་ཡང་མཐོང་བ་ལས་སྐྱེས་བུ་རྣམས་གྲོལ་བར་འདོད་པར་འགྱུར་ན་དེ་ཡང་མི་འདོད་དོ། །དེ་ལྟར་ན་དབང་ལས་

འགྱུར་བ་མ་ཡིན་ནོ། །སྐྱེས་བུ་སྔར་སྡིག་པ་བྱེད་པ་ཅན་ལས་བླ་མས་སྡིག་པ་བླངས་ནས། སྦྱིན་སྲེག་གིས་དེ་རྣམ་པར་བཅོམ་པ་ན། སྐྱེས་བུ་དེ་ཕྱིས་སྲང་དང་བསྒར་བ་ན་སྔ་མའི་གནས་སྐབས་ལས་ཡང་བར་འགྱུར་བ་དེས་ན་འདིའི་སྡིག་པ་ཟད་པ་ཡིན་པ་དེའི་ཕྱིར་སྡིག་པ་ཟད་པས་གྲོལ་བ་

ཡིན་པར་རྟོགས་པར་བྱའོ་ཞེས་བརྗོད་པ་གང་ཡིན་པ་དེ་ཡང་ངེས་པ་ཉིད་མ་ཡིན་ནོ། །དེ་ལྟར་ན་སྐྱེས་བུ་འདིའི་ལྕི་བ་ཉིད་མེད་ཀྱི། ཆོ་ག་འདིས་སྡིག་པ་བཅོམ་པ་ཡིན་ནོ་ཞེས་བྱ་བའི་ངེས་པ་གང་ལས་ཡིན་གཞན་ཡང་ལྕི་བ་ཉིད་ནི་ས་དང་ཆུའི་ཆོས་ཉིད་ཡིན་གྱི་སྡིག་པའི་ཆོས་མ་ཡིན་པ་དེ་བས་

ན་སྡིག་ལྕི་མིན། ཅིའི་ཕྱིར་ཞེ་ན། ལུས་ཅན་མིན་ཕྱིར་ཏེ་ལུས་དང་ལྡན་པ་ལ་ལ་ཡང་ལྕི་བ་མ་ཡིན་ན། གང་ལས་ལུས་མེད་ན་ཡང་ལྕི་བ་ཡིན་ཚ་ལ་སོགས་པའི་བདག་ཉིད་རང་བཞིན་ཉིད་ཀྱིས་ལྕི་བ་དེ་དག་ཀྱང་སྡིག་པས་བསྒོས་པ་མ་ཡིན་པ་དེ་དག་ནི་ཅིར་ཡང་མི་རུང་ངོ་། །སྦྱོར་བ་ཡང་གང་

ལུས་ཅན་མ་ཡིན་པ་དེ་ནི་ལྕི་བ་མ་ཡིན་ཏེ། དཔེར་ན་ནམ་མཁའ་ལྟ་བུའོ། །སྡིག་པ་ཡང་ལུས་ཅན་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གཞན་ཡང་དབང་གི་མཚན་ཉིད་ཅན་གྱི་ཆོ་ག་ཡང་སྲིད་པར་བྱེད་པ་ཉིང་མཚམས་སྦྱོར་བའི་རྣམ་པར་གགས་བྱེད་

པ་མེད་པ་ཡིན་པ་དེ་ལྟར་ན་སྐྱེ་བ་གཞན་ཅུང་ཞིག་ཀྱང་ཡོད་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། འདི་ལས་སྨན་གནས་འགྲོ་བ་སྐྱེ་བ་ནི། སྐྱེ་མཆེད་དྲུག་དང་དེ་དང་ལྷན་ཅིག་འབྱུང་བ་མངའ་བ་ལ་སོགས་པའི་གནས་སུ་ཉེ་བར་འགྲོ་བར་སྐྱེ་བ་ཡིན་ནོ་ཞེས་བཤད་ཟིན་ཏོ། །དེ་

ཡང་། ལོག་ཤེས་དང་ནི་དེ་ལས་འབྱུང་། །སྲེད་དང་སེམས་པའི་དབང་དག་གིས། །སྡུག་བསྔལ་ལ་ཕྱིན་ཅི་ལོག་པའི་བློ་དང་མཚུངས་པར་ལྡན་པའི་སེམས་དང་ལོག་པའི་ཤེས་པ་དེ་ལས་འབྱུང་བའི་སྲིད་པའི་འདོད་པ་དང་མཚུངས་པར་ལྡན་པའི་སེམས་པ་དེ་དག་ནི་སྐྱེ་བའི་

Vol. 175 · folio 111b

རྒྱུ་ཡིན་ནོ་ཞེས་དེ་ཡང་བསྟན་ཟིན་ཏོ། །དེ་ཕྱིར་དེ་བཅད་སྐྱེ་མི་འགྱུར། དེ་གཅོད་པར་བྱེད་པས་ན་དེ་བཅད་པ་སྟེ། །སྐྱེས་བུའོ། །སྲིད་དང་ཕྱིན་ཅི་ལོག་གི་བློ་དེ་དག་མེད་པ་གང་ཡིན་པ་དེ་ནི་དམན་པའི་གནས་ཡོངས་སུ་ལེན་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་ཞིག་གང་ཡོད་ན་

འགྱུར་ཞིང་མེད་ན་མི་འགྱུར་པ་དེ་ནི་དེ་ཙམ་ལས་འབྱུང་བའི་ངང་ཚུལ་ཅན་ཡིན་ནོ། །སྲེད་པ་དང་ཕྱིན་ཅི་ལོག་པའི་བློ་དང་མཚུངས་པར་ལྷན་ཅིག་སེམས་པ་དག་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པ་ཅན་སྐྱེ་བ་ཡིན་པ་དེ་ལྟར་ན། དེ་ཙམ་ལས་འབྱུང་བའི་ངང་ཚུལ་ཅན་ཡིན་ནོ། །དེ་ཙམ་

ལས་ནི་འབྱུང་བའི་ཕྱིར། །སྐྱེ་ལ་དེ་དག་ནུས་ཉིད་ཡིན། །ཇི་སྐད་དུ་བཤད་པའི་སེམས་པ་དག་གོ། །དེ་ཡང་སྔར་རབ་ཏུ་བསྒྲུབས་ཟིན་པ་ཡིན་ནོ། །གལ་ཏེ་སྐྱེ་བའི་རྒྱུ་སྔོན་བྱས་པའི་ལས་ཀྱང་ཡོད་པ་མ་ཡིན་ནམ། །ཇི་ལྟར་ན་དེ་དེ་ཙམ་ལས་འབྱུང་བའི་ངང་ཚུལ་ཅན་ཉིད་ཡིན་ཞེ་

ན། དེ་ལས་གཞན་པའི་འདས་པའི་ལས་ཅུང་ཟད་ཙམ་ཡང་ཡོད་པ་མ་ཡིན་གྱི་འོན་ཀྱང་སེམས་པའི་མཚན་ཉིད་ཅན་གྱི་ལས་སྔ་མ་སྔ་མ་མངོན་པར་འདུས་བྱས་པ་ལས་ཕྱི་མ་ཕྱི་མ་ཕུལ་དུ་བྱུང་བ་དང་ལྡན་པའི་ཕྱིར་ཇི་སྲིད་ཇི་སྐད་དུ་བཤད་པའི་སེམས་པ་དེ་དག་རང་ཉིད་ལས་ཐ་

མའི་ནུས་པའོ། །སྔོན་གྱི་ཡང་དེ་དག་རྒྱུ་ཡིན་ནོ། །དེ་འདྲ་བའི་ལས་ནི་དབང་དང་ལྡན་པ་ཡང་ཡོད་པ་ཡིན་ནོ། །ཡིན་ཕྱིར་ཚང་བ་སྐྱེ་རྒྱུ་ཡིན། །ཡང་སྐྱེ་བ་ཉིད་ཡིན་ནོ། །སྦྱོར་བ་ནི་གང་ལ་རྒྱུ་ཚང་བ་གང་ཡོད་པ་དེ་ནི་དེ་ལས་བྱུང་བ་ཡིན་ཏེ། དཔེར་ན་སྐྱེས་བུ་མིག་གི་རྣམ་པར་ཤེས་

པའི་རྒྱུ་ཚང་བའི་མིག་གི་རྣམ་པར་ཤེས་པ་ལྟ་བུའོ། །སྐྱེས་བུ་དབང་དང་ལྡན་པ་ལ་ཡང་ལོག་པའི་ཤེས་པ་དང་དེ་ལས་བྱུང་བའི་སྲེད་པའི་སེམས་པའི་མཚན་ཉིད་ཅན་གྱི་སྐྱེ་བའི་རྒྱུ་ཚང་བ་ཡོད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །འགྲོ་དང་རྟོགས་པའི་སྟེ།

གནས་ལས་གནས་གཞན་དུ་ཕྱིན་པ་དང་ཁོང་དུ་ཆུད་པའིའོ། །བྱེད་པ་ནི་མིག་ལ་སོགས་པའོ། །ཅི་རིགས་པར་རྟེན་ཡིན་ཏེ་རྒྱུ་ཡིན་ནོ། །རྟོགས་པ་དང་མངོན་པར་འདོད་པའི་གནས་སུ་ཕྱིན་པ་སྒྲུབ་པར་བྱེད་པ་དེ་དག་ཆོས་དང་ཆོས་མ་ཡིན་པའི་མཚན་ཉིད་མ་མཐོང་བ་ལས་

Vol. 175 · folio 112a

འགྱུར་བ་ཡིན་ནོ། །མ་མཐོང་བ་དབང་པོ་ལ་སོགས་པའི་མཚན་ཉིད་ཅན་གྱི་ཆོ་གས་འཇིག་པའི་རྒྱུའི་ཕྱིར། རྒྱུ་དང་འབྲས་བུའི་ཚོགས་པར་འགྲོ་བ་དང་རྟོགས་པའི་རྟེན་ཡོད་པ་མ་ཡིན་ནོ། །དེ་བས་ན་དབང་དང་ལྡན་པ་ནི་དམན་པའི་གནས་སུ་འགྲོ་བ་མེད་པ་ཡིན་ནོ། །དེ་ནི་དགེ་

བ་དང་མི་དགེ་བ་རྣམ་པ་ཉི་ཤུའི་འཇུག་པས་སྐྱེད་པའི་འདུ་བྱེད་ཡིན་ཏེ་མ་མཐོང་བ་ཡིན་གྱི་ཁྱེད་ཅག་གིས་བསྟན་པའི་སེམས་པ་མིན་དེ་ལྟར་གཏན་ཚིགས་མ་གྲུབ་པ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་གི་རྒྱུ་ཡོད་པ་མ་ཡིན་པ་དེ་ནི་དེ་ཡིར་མི་འགྱུར་ཏེ། དཔེར་ན་མིག་ལ་མིག་གི་རྣམ་པར་

ཤེས་པའི་རྒྱུ་ཡོད་པ་མ་ཡིན་པའི་སྐྱེས་བུའི་མིག་གི་རྣམ་པར་ཤེས་པར་མི་འགྱུར་བ་ལྟ་བུའོ། །སྐྱེས་བུའི་དབང་ལ་ཡང་འབྲས་བུ་དང་བྱེད་པའི་ཚོགས་པས་སྐྱེད་པའི་རྒྱུ་མ་མཐོང་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་རྒྱུ་མི་དམིགས་པའོ། །གང་འབྲས་བུ་དང་བྱེད་པའི་ཚོགས་པ་དང་བྲལ་

བ་ཅན་དེ་ནི་འགྲོ་བ་དང་རྟོགས་པ་བྱེད་པ་མ་ཡིན་ཏེ། དཔེར་ན་ནམ་མཁའ་ལྟ་བུའོ། །སྐྱེས་བུ་དབང་བསྐུར་བ་ཤི་བ་ཡང་འབྲས་བུ་དང་བྱེད་པའི་ཚོགས་པ་དང་བྲལ་བ་ཅན་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །ཡུལ་གཞན་ལས་མངོན་པར་འདོད་པའི་ཡུལ་དུ་

འགྲོ་བའི་མཚན་ཉིད་ཅན་གྱི་བྱེད་པ་སྐྱེད་ཕྱིར་སྐྱེ་བ་ཡོངས་སུ་ལེན་པའི་བདག་ཉིད་ཅན་གྱི་ཕྱིར། །ཡོད་མེད་ཀྱི་རྗེས་སུ་འཇུག་པ་སྟེ། འབྲས་བུ་དང་བྱེད་པའི་ཚོགས་པ་འདོད་པའི་ཡུལ་ཐོབ་པ་ནི་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པ་ཅན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་ཡོད་པ་དང་

མེད་པའི་རྗེས་སུ་བྱེད་པ་ཡིན་ཞེ་ན། ལོག་པའི་ཤེས་པ་དང་། སྲེད་པའི་སེམས་པ་དང་། མཚུངས་པར་ལྡན་པའི་བློའིའོ། །དེ་བས་ན་འབྲས་བུ་དང་བྱེད་པ་ཀུན་ནས་ཐོབ་པའི་ཕྱིར་བློའི་ནུས་པ། མཐོང་བ་ཡིན་གྱི་གཞན་དུ་མིན། དགེ་བ་ལ་སོགས་པ་འཇུག་པས་བསྐྱེད་པས་འདུ་བྱེད་

ནི་མ་ཡིན་ནོ། །དེ་དབང་གི་བློ་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པ་འཇུག་པ་གང་ཡིན་པ་དེ་ཡོད། དེ་དག་ཅིས་མི་འགྲོ། །བྱེད་པ་རྣམས་སྐྱེ་བའི་ཡུལ་དུ་ཅིའི་ཕྱིར་འགྲོ་བར་མི་བྱེད། འགྲོ་བ་ཁོ་ན་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེའི་ཕྱིར་གཞན་གྱིས་རབ་ཏུ་སྦྱར་བའི་གཏན་ཚིགས་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words