No title in the text — opening words: ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་བཞུགས་སོ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 175 · folio 167a

རྟོགས་པ་ཡིན་གྱི། སོ་སོར་ངེས་པ་ཁྱད་པར་ཅན་ནི་མ་ཡིན་པ་དེ་ལྟར་ན་གང་དེ་ནི་ཅིར་ཡང་མི་རུང་ངོ་། །དེ་ལྟར་ནི་འགྱུར་མོད་ཀྱི་གལ་ཏེ་དེ་ཉིད་དཔེ་ཡིན་པ། དེ་ལྟར་སྤྱི་འཛིན་མ་ཡིན་ན་གང་ལ་དཔེ་དང་དཔེས་བསྟན་པ་ཐ་དད་པ་དེ་ལ་དེ་དག་ནི་སྤྱིར་རྗེས་སུ་དཔག་པར་

འགྱུར་ལ་འདིས་ནི་དཔེས་བསྟན་པ་གང་ཡིན་པ་དེ་ཉིད་དཔེ་ཡིན་ཏེ། དཔེར་ན་དེ་ཉིད་འདི་ཡིན་ནོ་ཞེས་རབ་ཏུ་བསྟན་པའི་ཕྱིར་རོ། །དེའི་ཕྱིར་སྤྱིའི་སྒོ་ནས་རྗེས་སུ་དཔག་པ་མ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ཡིན་པ་དེའི་ཚེ་དཔེ་ནི་གྲུབ་པ་ཡིན་པར་འགྱུར་གྱི། མ་གྲུབ་པ་མ་ཡིན་པ་དེ་

ལྟར་ན། དཔེ་ཉིད་ཡིན་པའི་ཕྱིར་འདི་ཉིད་ཀྱིས་གྲུབ་པར་འགྱུར་ཏེ། དཔེ་ཉིད་ཡིན་ཕྱིར་རྒྱུ་ཡི་ཕྱིར། །གྲུབ་པ་འདི་ལ་སྟེ། སྔར་ཡོངས་སུ་མཐོང་བ་ལ་ཤེས་པར་བྱེད་པའི་ཚད་མས་ཀྱང་ནི་ཅི་ཞིག་བྱ་དགོས་པ་ཅུང་ཟད་ཡོད་པ་མ་ཡིན་ཏེ། སྒྲུབ་པར་བྱེད་པ་ནི་མ་རྟོགས་པ་ཤེས་

པར་བྱེད་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་རྗོད་བྱེད་སྐྱོན་མེད་ན། །གལ་ཏེ་ཡང་དེས་སྔར་དེ་བཟུང་ཟིན་པ་དེ་ལྟར་ན་ཡང་ཆོད་པས་བརྗོད་པ་ཡིན་ལ། བརྗོད་པ་ཉིད་ཀྱི་ཕྱིར་ཕྱིས་ཀྱང་རྟགས་ཀྱི་རྟོགས་པ་ཡིན་ནོ་ཞེ་ན། གལ་ཏེ་དོན་དེ་བཟུང་བ་

བརྗེད་པ་ཡིན་པ་དེའི་ཚེ། དེ་ཉིད་ཕྱིར་ན་བརྗེད་པ་ཉིད་ཀྱི་ཕྱིར་མ་གྲུབ་པ་ནི་རྟོགས་པའི་ཡན་ལག་མ་ཡིན་པ་དེ་ལྟར་ན་དཔེ་མ་ཡིན་ཏེ། མ་གྲུབ་པ་དཔེར་འགྱུར་བ་རིགས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྟོགས་པའི་ཡུལ་ཅན་ཚད་མར་འགྱུར་བར་རིགས་པ་མ་ཡིན་ཏེ། ཁྱད་

པར་མཐོང་བ་ཞེས་བྱ་བ་ངོ་ཤེས་པ་དྲན་པ་བདག་ཉིད་ཀྱིས་རྟོགས་པའི་ཡུལ་ཅན་ཉིད་དུ་ཁས་བླངས་པ་ཡིན་པས། དཔེ་དེ་ཉིད་ཀྱིས་དེ་ཉིད་རྟོགས་པར་ཁས་ལེན་པའི་ཕྱིར་དང་མ་གྲུབ་པ་ཡང་དཔེ་ཉིད་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ཁྱད་པར་མཐོང་བ་ལ་ཚད་མར་ནུས་པ་

ཡོད་པ་མ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་མཐོང་བ་དེ་དངོས་ནི། །ཚད་མས་གྲུབ་ན་དེ་ལྟར་གྱི་དོན་མཐོང་བ་འདི་ཡིན་ནོ་ཞེས་བྱ་བའི་ཤེས་པའི་ཡུལ་ཉིད་ཡིན་པས་ན་དེའི་དངོས་པོ་སྟེ། སྔར་མཐོང་བའི་དོན་གྱི་དངོས་པོ་གང་ཡིན་པ་དེ་ཁོ་བོས་སྔར་མཐོང་བ་དེ་ཉིད་ད་

Vol. 175 · folio 167b

ལྟར་མཐོང་བ་དེ་འདི་ཡིན་ནོ་ཞེས་ད་ལྟར་མཐོང་བའི་དོན་ལ་སྔར་མཐོང་བའི་དོན་གྱི་དངོས་པོའི་ཆོས་རྟོགས་པ་མེད་པར་ཁྱད་པར་མཐོང་བ་ཞེས་བྱ་བའི་ཚད་མས་རྟོགས་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། རྣམ་པ་གཉི་ག་ལ་སྐྱོན་ཡོད་པའི་ཕྱིར་རོ། །རེ་ཞིག་གལ་ཏེ་དུས་སྔ་ཕྱིར་མཐོང་

བའི་དོན་ཐ་དད་པ་ཡིན་པ་དེའི་ཚེ། དངོས་པོ་གཞན་ལ། དེ་ཉིད་སྒྲོ་འདོགས་ཕྱིན་ལོག་ཡིན། །དངོས་པོ་གཞན་ཉིད་ལ་གཞན་དུ་དེ་ཉིད་འདི་ཡིན་ནོ་ཞེས། དོན་དེའི་དངོས་པོ་དེ་ཉིད་དུ་སྒྲོ་འདོགས་པ་ནི་ཕྱིན་ཅི་ལོག་ཡིན་གྱི། ཚད་མ་ཉིད་དུ་འགྱུར་བ་མ་ཡིན་ཏེ། ཐ་དད་པར་

གྱུར་པ་དག་ལ་གཅིག་ཉིད་དུ་ཞེན་པའི་ཕྱིར་རོ། །ཅི་སྟེ་དུས་སྔ་ཕྱིར་མཐོང་བའི་དོན་དེ་དག་ཐ་དད་པ་མེད་པ་དེའི་ཚེ། དེ་གྲུབ་ཕྱིར་ན་ཚད་ཉིད་ཡིན། །ཁྱད་པར་མཐོང་བའོ། །ཁྱད་པར་མེད་པའི་དོན་དེ་ནི་གཅིག་ཉིད་ཡིན་ལ་དེ་ཡང་སྔར་མཐོང་བ་དེ་གྲུབ་པའི་ཕྱིར་ཏེ། མཐོང་བའི་ཡུལ་

ཅན་གྱི་མཐོང་བ་དང་དྲན་པའི་འདུ་བྱེད་ཉམས་པ་མེད་པའི་ཕྱིར་དེ་ཡུལ་ཅན་གྱི་ཤེས་པ་ཕྱི་མ་ཚད་མ་མ་ཡིན་ཏེ། སྔར་གྱི་མཐོང་བ་བརྗེད་ན་ནི་དེ་ཉིད་འདི་ཡིན་ནོ་ཞེས་བྱ་བར་མི་འགྱུར་རོ། །སྔར་མཐོང་བའི་དོན་གྱི་དངོས་པོ་དེའི་ཆོས་མ་རྟོགས་པ་ཕྱིས་རྟོགས་པ་ཡིན་ནོ་

ཞེས་བཤད་པ་མ་ཡིན་ནམ། བཤད་པ་ནི་བདེན་ཏེ། དེ་ཡང་རིགས་པ་མ་ཡིན་ཏེ། གང་གིས་ན་དོན་གྱི་ཆོས་ཅུང་ཟད་གང་ཡིན་པ་འདི་ནི་དེའི་རང་བཞིན་ལས་ཕྱི་རོལ་དུ་གྱུར་པ་ནི་མ་ཡིན་ན། སྔར་མེད་ཅིང་ཕྱིས་འབྱུང་བ་ཡིན། གལ་ཏེ་འགྱུར་ན་དེ་ཉིད་དེ་དག་གི་རང་བཞིན་གྱི་རྟེན་ཐ་དད་པ་ཡིན་པ་དེ་

ལྟར་ན་ཐ་དད་པ་ཉིད་དུ་འགྱུར་རོ། །དེའི་ཡང་སྐྱོན་བཤད་ཟིན་ཏོ། །དེ་བས་ན་སྐྱེས་བུ་ལྟ་བ་པོས་དེ་ཉིད་འདི་ཡིན་ནོ་ཞེས་དེ་འབའ་ཞིག་རྣམ་པར་རྟོག་པ་ཙམ་གྱིས་གཅིག་ཏུ་བྱེད་པ་ཡིན་གྱི། དོན་གྱི་རང་བཞིན་གྱི་ཁྱད་པར་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར། མངོན་སུམ་

ཅིག་ཤོས་ལ་གཅིག་ཕྱིར། །གཅིག་གྲུབ་གཉི་ག་ལ་ཡང་ཡིན། །སྔར་མཐོང་བ་གང་ཡིན་པ་དེ་ཉིད་མངོན་སུམ་དུ་འདོད་པ་ཁྱད་པར་མེད་པ་ཕྱིས་འབྱུང་བ་ཡིན་ནོ། །དེ་ལ་གཅིག་ལ་གྲུབ་པ་ན་གཞན་ལ་གྲུབ་པ་ཉིད་ཡིན་པ་དེ་ལྟར་ན། དེ་ཤེས་པ་ཕྱི་མ་ནི་ཚད་མ་ཉིད་མ་ཡིན་ནོ། །

Vol. 175 · folio 168a

འོན་ཀྱང་ཞེན་པའང་སྟེ། ངེས་པ་མཁས་པ་རིགས་པར་ཤེས་པ་དག་གིས་ཤེས། ཅི་འདྲ་བ་ཞིག་ཅེ་ན། གཞན་དང་མཚམས་ནི་སྦྱོར་བ་ཡི། །དུས་སྔར་འབྱུང་བའི་ངང་ཚུལ་ཅན་མཐོང་བ་དང་ངོ་། །དེ་ལ་མཚམས་སྦྱོར་བ་ཞེས་བྱ་བ་ནི་མཐོང་བའི་འདུ་བྱེད་ལ་

རྨོངས་པ་ཅན་གྱི་སྔོན་མཐོང་བའི་རྣམ་པ་འཛིན་པར་ཞེན་པའོ། །དེའི་ཁྱད་པར་མཐོང་བ་འདི་ལ་མཐོང་བ་ཉིད་དུ་འདོད་པ་ཡོད་པ་ཡིན་ནོ་ཞེས་ཤེས་པ་ཉིད་ཡིན་ཏེ། ཁྱད་པར་ཡང་བརྗོད་པར་བྱའོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་དེ་རྟགས་ལ་ལྟོས་ཕྱིར། །དྲན་མིན་གལ་ཏེ་དྲན་པར་

འགྱུར་ན། དུ་བ་ལ་སོགས་པའི་ཉེ་བར་མཚོན་པ་ལ་ལྟོས་པ་མ་ཡིན་ལ། ལྟོས་པ་ཡང་དེ་ཉིད་འདི་ཡིན་ནོ་ཞེས་འགྱུར་བ་དེའི་ཕྱིར་དྲན་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། ཚད་མ་ཉིད་ཡིན་ནོ་ཞེ་ན། དེ་ལྟར་ནི་མ་ཡིན་ཏེ། འཁྲུལ་ཕྱིར་རོ། །རེ་ཞིག་དྲན་པ་ནི་རྒྱུ་མཚན་མེད་པར་སྐྱེ་བ་

མ་ཡིན་ཏེ། ཐམས་ཅད་ལ་དུས་ཐམས་ཅད་དུ་ཐལ་བའི་ཕྱིར་རོ། །དེས་ན་འགའ་ཞིག་གི་ཚེ་དེ་འབད་རྩོལ་ལ་སོགས་པ་མཐུན་པ་ཡོད་ན་འགྱུར་ཞིང་འགའ་ཞིག་གི་ཚེ་ཕྱི་རོལ་གྱི་རྟགས་འགའ་ཞིག་ལ་ལྟོས་ནས་སྐྱེ་བར་འགྱུར་རོ། །དེས་ན་གལ་ཏེ་དེ་རྟགས་ལ་ལྟོས་ཕྱིར་ཞེས་བྱ་བ་འདིར་

ཚུལ་གསུམ་པའི་རྟགས་ལས་འགྱུར་རོ་ཞེས་བྱ་བ་གཏན་ཚིགས་ཀྱི་དོན་ཡིན་པ་དེའི་ཚེ། གཏན་ཚིགས་མ་གྲུབ་པ་ཡིན་ཏེ། ཚུལ་གསུམ་པ་མེད་པའི་ཕྱིར་རོ། །ཅི་སྟེ་རྟགས་མཐོང་བ་གང་ཡིན་པ་འགའ་ཞིག་ལས་ཞེས་བྱ་བ་ཡིན་པ་དེའི་ཚེ་ཡུལ་ལ་སོགས་པ་མཐོང་བ་དང་འདྲིས་པ་

ཀུན་རྫོབ་ལ་སོགས་པས་ཀྱང་ངོ་ཤེས་པ་འབྱུང་བར་འགྱུར་ན། ཡུལ་ལ་སོགས་པ་དེ་ནི་དེའི་མ་འཁྲུལ་བའི་རྟགས་ཀྱང་མ་ཡིན་ནོ་དེ་ལྟར་ན་འཁྲུལ་པ་ཡིན་ནོ། །གནས་སྐབས་སྔ་ཕྱི་དག་ལ་ཡང་ཐ་དད་པ་མེད་པར་བསྟན་པ་ནུས་པ་མ་ཡིན་ན། གང་གིས་ན་དེ་ཁྱབ་པར་མཐོང་བ་

ཡིན་པར་འགྱུར། ཁྱད་པར་མེད་པ་ཡིན་ན་ཡང་སྔར་གྱི་མངོན་སུམ་གང་ཡིན་པ་དེ་ནི་ཕྱིས་ཀྱང་དེ་ཉིད་ཡིན་པ་དེ་ལྟར་ན། ཐ་དད་པ་མེད་པ་ཉིད་ཀྱི་ཕྱིར་ལྐོག་ཏུ་གྱུར་པ་ཞེས་བྱ་བར་མི་འགྱུར་ན། རྣམ་པར་ཕྱེ་བ་འདི་ཡང་ཡོད་པ་ཡིན་ནོ། །དེ་བས་ན་ཁྱད་པར་ཁོ་ན་མཐོང་བ་མ་ཡིན་པ་དེ་ལྟར་ན།

Vol. 175 · folio 168b

དོན་གཅིག་དུ་མར་མཐོང་བ་སྲིད་པ་ཡོད་པ་མ་ཡིན་ནོ། །དེ་བས་ན་དུ་མར་ཞེས་བྱ་བ་འདི་ཡང་འཁྲུལ་པ་ཡིན་ནོ། །གྲངས་ལ་སོགས་པ་ལ་ལོག་པར་རྟོགས་པ་བཞིའི་ནང་ནས། གྲངས་ལ་ལོག་པར་རྟོགས་པ་བསལ་ནས། རང་གི་ངོ་བོ་ལ་ལོག་པར་རྟོགས་པ་བསལ་བར་བཞེད་པས།

མངོན་སུམ་རྟོག་དང་བྲལ་བ་ཅན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་དབང་པོ་ལ་བརྟེན་པས་ན། མངོན་སུམ་ཞེས་བྱ་བ་འདིས་ནི་མཚན་ཉིད་ཀྱི་གཞི་བསྟན་ཏོ། །རྟོག་དང་བྲལ་བ་ཅན་ཞེས་བྱ་བ་ནི་མཚན་ཉིད་ཡིན་ཏེ། རྟོག་པ་ལས་བྲལ་བའམ། འདི་ལ་རྟོག་པ་དང་བྲལ་བ་ཅན་ནམ་

རྟོགས་པས་བྲལ་བ་ནི་བྲལ་ཞིང་སྤངས་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །སློབ་དཔོན་གྱིས་འདིར་རྟོག་པ་དང་མ་འདྲེས་པ་ལ་མངོན་སུམ་ལས་འཐད་པ་ཅུང་ཟད་ཀྱང་མ་བཤད་དེ། འདི་ལྟར། མངོན་སུམ་རྟོག་དང་བྲལ་བ་ཅན། །མངོན་སུམ་ཉིད་ཀྱིས་གྲུབ་པར་འགྱུར། འདི་ལ་

རིགས་པ་གཞན་གྱིས་ཅི་ཞིག་བྱ། ཇི་ལྟར་ཞེ་ན་ཀུན་གྱི་རྣམ་རྟོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེས་བུ་ཀུན་གྱི་རྣམ་རྟོག་ནི། །སོ་སོར་རང་གིས་རིག་བྱ་ཡིན། །རང་རིག་པའམ་ཤེས་པ་གཞན་གྱིས་སོ། །ཅི་འདྲ་བ་ཞིག་ཅེ་ན་མིང་རྟེན་ཅན་གང་ལ་མིང་ལ་རྟེན་ཡོད་པའམ།

མིང་གི་རྟེན་ཡིན་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །རྣམ་པར་རྟོག་པ་བརྗོད་པ་དང་འདྲེར་རུང་བ་ཞེས་བྱ་བའི་དོན་ཏོ། །དེས་ནི་མཐོང་བ་ལས་གཟུང་བ་དང་འཛིན་པ་ཡོད་པ་ཡང་རྟོག་པ་མེད་པ་ཉིད་ཡིན་ནོ་ཞེས་བཤད་དོ། །འདི་སྐད་དུ་བསྟན་པར་འགྱུར་ཏེ། རྣམ་པར་རྟོག་པ་དང་

འདྲེས་པའི་མཐོང་བ་ཅན་དེ་ནི་མངོན་སུམ་ཡིན་པ་དེ་ཉིད་ཀྱི་ཕྱིར། རྟོག་དང་བྲལ་བ་གྲུབ་པ་ཡིན་ནོ། །དེ་ལྟར་ན་དེ་ནི་རྣམ་པར་རྟོག་པ་དང་བྲལ་བའི་བདག་ཉིད་ཡོངས་སུ་བཅད་ནས་སྐྱེ་བར་འགྱུར་རོ། །དེ་ལྟར་ན་མི་དམིགས་པ་ལས་རྟོག་པ་དང་བྲལ་བ་གྲུབ་པས་ན། རྗེས་སུ་དཔག་

པས་གྲུབ་པ་མ་ཡིན་ནམ། ཇི་ལྟར་ན་འདི་མངོན་སུམ་ཉིད་ཀྱིས་གྲུབ་པར་འགྱུར་ཞེ་ན། བདེན་ཏེ། མི་དམིགས་པ་ནི། རྣམ་པར་གཅོད་པ་ཙམ་མམ། མེད་པ་བསྒྲུབ་པར་བྱ་བ་མ་ཡིན་ཏེ། འོན་ཀྱང་མ་ཡིན་པར་འཇུག་པས་གཞན་དམིགས་པ་ཡིན་ནོ། མཐོང་བའི་རང་བཞིན་ཉིད་

Vol. 175 · folio 169a

ཀྱིས་མེད་པ་གྲུབ་པ་ཡིན་ན་ཡང་རྨོངས་པ་ལ་ཐ་སྙད་འཇུག་པར་བྱེད་དོ། །དེ་ནི་གཞན་དུ་རྒྱས་པར་དཔྱད་ཟིན་པས་འདིར་ཡང་མ་སྤྲོས་པ་དེ་ལྟར་ན་སྐྱོན་མེད་དོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པས་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་སྟོན་པར་བྱེད་དོ། །ཐམས་ཅད་ལ་

ནི་དཔྱོད་བསྡུས་ནས། ཡུལ་ཐམས་ཅད་ལས་རྣམ་པར་རྟོག་པ་བཟློག་ནས་སོ། །ནང་གི་བདག་ཉིད་གཡོ་མེད་པས། །ཡིད་དང་མིང་དང་རྣམ་པར་རྟོག་པའི་ངོ་བོ་མ་ལུས་པ་ནུབ་པར་གྱུར་པས་སོ། །གནས་ནའང་མིག་གིས། མིག་གི་དབང་པོའི་བློ་གང་ཡིན་པས་གཟུགས་དག་ནི་སྐྱེས་

བུས་མཐོང་བའི་བློ་དེ་དབང་སྐྱེས་ཡིན་མངོན་སུམ་རྟོག་པ་དང་བྲལ་བ་ཡིན་ནོ། །དབང་པོའི་བློ་ལ་རྣམ་པར་རྟོག་པ་ཡོད་མོད་ཀྱི། འོན་ཀྱང་ངེས་པ་མ་ཡིན་ནོ་ཞེས་བྱ་བ་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟར་རྟོག་པ་མེད་པའི་གནས་སྐབས་ལས་དུས་ཕྱིས་སྐྱེས་བུ་ཡང་ཅུང་ཟད་ཅིག་རྣམ་རྟོག་པ་

ཁོ་བོའི་རྣམ་རྟོག་དེ་འདྲ་འགྱུར་ཅེས་རིགས་དེ་གལ་ཏེ་དབང་པོའི་ཤེས་པ་དེ་ཡིན་པར་གྱུར་ན་སྔར་ཡང་ངེས་པར་འགྱུར་ན། སྔར་བཤད་གནས་སྐབས་ཀྱི། རྣམ་པར་རྟོག་པ་བསྡུས་པའི་གནས་སྐབས་ཀྱི་དབང་པོ་ལ་རྟོག་པ་མེད་དོ། །དབང་པོའི་རྣམ་པར་ཤེས་པ་ལ་ངེས་པ་མ་ཡིན་ནོ། །དེས་

ན་དེ་དེ་ལ་ཡང་ཡོད་པ་མ་ཡིན་ནོ་ཞེས་ཤེས་པར་འགྱུར་རོ། །འདིས་ཀྱང་མངོན་སུམ་ནི་རྟོག་པ་དང་བྲལ་བ་ཁོ་ན་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཁྱད་པར་གཅིག་ལ་མཐོང་བ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་གང་ལ་སྒྲ་སྦྱོར་བ་ན། དེའི་མིང་དེ་དང་འདྲེས་པའི་ཤེས་པས་གཟུང་བར་

འགྱུར་ན། རང་གི་མཚན་ཉིད་ལ་སྒྲ་སྦྱོར་བ་མ་ཡིན་ནོ། །དེ་ལྟར་ན་གཅིག་ལ་ཅིག་ཅར་སྒྲ་སྦྱོར་བ་ལས་ཐམས་ཅད་དུ་དོན་རྟོགས་པར་བྱ་བའི་ཕྱིར་འདི་སྦྱོར་བ་ཡིན་ན། ཁྱད་པར་གཅིག་ལ་བྱེ་བྲག་ལ། མཐོང་བ་ནི་བརྡའི་དུས་ན་ཡང་ཡུལ་ལ་སོགས་པ། གཞན་འབའ་ཞིག་ལ་མཐོང་

མི་འགྱུར། དེ་ལྟར་ན་དབང་པོས་གཟུང་བའི་དོན་ཐ་སྙད་ཀྱི་དུས་ན་ཉེ་བར་སྦྱོར་བ་ཅན་མ་ཡིན་པས་དེ་ལ་སྒྲ་སྦྱོར་བ་མ་ཡིན་ཏེ། འདི་ནི་ཐ་སྙད་ཀྱི་དོན་ཅན་ཉིད་ཡིན་པའི་ཕྱིར་རོ། །སྦྱོར་བ་ནི་གང་ཞིག་ཐ་སྙད་ཀྱི་དུས་ན་རྗེས་སུ་འགྲོ་བའི་ངང་ཚུལ་ཅན་མ་ཡིན་པའི་དོན་དེ་ལ་ནི་ཐ་སྙད་འདོགས་

Vol. 175 · folio 169b

པ་པོ་དག་གིས་སྒྲ་སྦྱོར་བ་བྱེད་པ་མ་ཡིན་ཏེ། དཔེར་ན་དོན་གཞན་ལ་ཐ་སྙད་ཀྱི་དུས་ན་ཡོད་པ་མ་ཡིན་པ་ལྟ་བུའོ། །ཁྲ་མོའི་ཁྱད་པར་གཅིག་ཀྱང་ཡུལ་དང་དུས་གཞན་གྱི་བ་ལང་གི་ཐ་སྙད་ཀྱི་རྗེས་སུ་འགྲོ་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །གང་གི་ཚེ་ཕན་ཚུན་

ལྡོག་པའི་ངོ་བོ་ཅན་གྱི་ཁྱད་པར་སྒྲ་མི་སྦྱོར་བ་དེའི་ཚེ། ཇི་ལྟར་ན་མཐོང་བས་དེ་དང་འདྲེས་པར་རང་བཞིན་ཁྱད་པར་ཅན་གྱི་དོན་འཛིན་པར་འགྱུར། སྦྱོར་བ་ནི་གང་ཞིག་གང་ལ་སྒྲ་མི་འགོད་པ་དེ་ནི། ཁྱད་པར་ཅན་གྱི་དོན་དེ་འཛིན་པ་མ་ཡིན་ཏེ། བ་ལང་གི་རྫས་རྟའི་སྒྲ་མ་སྦྱར་བ་ཅན་ཁྱད་པར་ཅན་

གྱི་རྟ་འཛིན་པ་མ་ཡིན་པ་ལྟ་བུའོ། །བ་ལང་གི་ཁྱད་པར་ལ་ཡང་སྒྲ་མི་འགོད་པ་ཡིན་ནོ་ཞེས་བྱ་བ་ནི་རྒྱུ་མི་དམིགས་པའོ། །སྤྱི་ལ་སྒྲ་འགོད་པར་ཁས་ལེན་པས་ཀྱང་གྲུབ་པ་ལ་སྒྲུབ་པ་མ་ཡིན་ཏེ། འདི་ལྟར་ཁྱད་པར་དེ་ལས་སྤྱི་གཞན་ཐ་དད་པ། ཐ་དད་པའམ་ཐ་དད་པ་མ་ཡིན་

པའམ་རྟག་པ་གཅིག་པུ་དབང་པོ་གཅིག་གི་གཟུང་བར་བྱ་བ་གསལ་བའི་ཁྱད་པར་རྣམས་ཀྱི་རྗེས་སུ་འགྲོ་བའི་ཕྱིར་སྤྱིའི་ངོ་བོ་ཡོད་མིན། གང་ལ་སྒྲ་སྦྱོར་བར་བྱེད། ཅིའི་ཕྱིར་ཞེ་ན། བློ་ཐ་དད་མེད་ཕྱིར་སྤྱི་འདི་དང་དེ་དང་ལྡན་པ་འདི་ཞེས་བྱ་བ་ལྟར་སྣ་ཚོགས་པར་སྣང་བ་ཅན་གྱི་བློ་ལ་སྣང་

བ་མེད་པའི་ཕྱིར་རོ། །འདིས་ནི་སྤྱི་མེད་པའི་ཐ་སྙད་རྟོགས་པའི་ཕྱིར་རང་བཞིན་མི་དམིགས་པ་བསྟན་ཏོ། །གང་གི་ཕྱིར་འདི་ལྟར་སྤྱི་མེད་པ་དང་ཁྱད་པར་ལ་སྒྲ་མི་འགོད་པ་དང་། འདིས་འདི་མིང་དང་མ་འདྲེས་པ་ཉིད་མཐོང་བ་དེའི་ཕྱིར་ཁྱད་པར་ཡུལ་ཅན་ཉིད། མིང་དང་འདྲེས་པའི་ངང་ཚུལ་

ཅན་མ་ཡིན་པ་ཐམས་ཅད་དབང་པོ་ལས་སྐྱེས་པ་ཡིན་ཞེས་བྱ་བར་རྟོགས་པར་བྱའོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ཁྱད་པར་རྣམས་ལ་ཕན་ཚུན་འདྲེ་བ་ཅན་མ་ཡིན་པ་རྣམས་ལ་སྒྲ་རྣམས་ནི་འཇུག་ལ་ཡོད་པ་མ་ཡིན་ནོ་ཞེས་བྱ་བས་སྔ་མ་ཉིད་གཞུང་བཙུགས་པ་ཡིན་ནོ། །ཅིའི་ཕྱིར་སྒྲ་

རྣམས་ཁྱད་པར་ལ་འཇུག་པ་མ་ཡིན་ཞེ་ན། ཁྱད་པར་རྗེས་འགྲོ་མེད་པའི་ཕྱིར། །ཞེས་བྱ་བ་སྨོས་ཏེ། གཅིག་ལ་ཁྱད་པར་མཐོང་བ་ཐ་སྙད་ཀྱི་དུས་སུ་ཉེ་བར་འཇོག་པ་མེད་པའི་རྒྱུ་ཡིན་པའི་ཕྱིར་དེ་ལ་བརྡ་ནི་འཇུག་པ་མ་ཡིན་ནོ། །འདིས་ནི་གང་ཞིག་ཐ་སྙད་ཀྱི་དུས་ན་རྗེས་སུ་འགྲོ་བའི་ངང་

Vol. 175 · folio 170a

ཚུལ་ཅན་མ་ཡིན་པའི་དོན་ཞེས་བྱ་བའི་སྦྱོར་བའི་དོན་བཤད་པ་ཡིན་ནོ། །སྒྲ་རྣམས་ཡུལ་ཡང་གང་དེ་ཉིད་དོན་ལ་སྒྲ་དེ་རྣམས་ཉིད་ནི་སྦྱོར་བར་བྱེད། དོན་འདིའི་སྦྱོར་བར་བྱེད་པ་ནི་འདི་ཡིན་པ་དེ་ལྟར་ན་གཞན་མ་ཡིན་ནོ། །དབང་པོའི་དོན་རྗེས་སུ་འགྲོ་བ་ཅན་མ་ཡིན་

པ་ནི་སྒྲ་རྣམས་ཀྱི་ཡུལ་མ་ཡིན་པ་དེ་ལྟར་ན་དེ་ལ་སྒྲ་འགོད་པ་མ་ཡིན་ཞིང་མི་འགོད་པའི་ཕྱིར་དེ་ཡང་དེས་དོན་ཁྱད་པར་ཅན་འཛིན་པ་མ་ཡིན་ནོ། །དེས་ནི། གང་ཞིག་གང་ལ་སྒྲ་མི་འགོད་པ་དེ་ནི་ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་བསྟན་པ་ཡིན་ནོ། །དེའི་འདི་ཞེས་བྱ་བ་ལ་སོགས་པས་

གཏན་ཚིགས་མ་གྲུབ་པར་འགོད་པར་བྱེད་དེ། དོན་དེའི་རྗོད་པར་བྱེད་པ་འདི་ཡིན་ནོ་ཞེས་འབྲེལ་བ་ཤེས་པར་བྱེད་པ་ན་འབྲེལ་པ་བྱེད་པའི་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་དེ་རྗོད་པར་བྱེད་པ་དང་། བརྗོད་པར་བྱ་བའི་མཚན་ཉིད་ཅན་གྱི་དངོས་པོའི་དོན་སྣང་བ་ནི་གང་ཡིན་པའི་དངོས་པོ་དེ་

དག་ཉིད་ནི་འབྲེལ་པ་ཡིན། བརྗོད་པར་བྱ་བ་འདིའི་རྗོད་པར་བྱེད་པ་འདི་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །འཆད་པ་པོ་དང་ཉན་པ་པོའི་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་དག་ལ་སྣང་བའི་སྒྲའི་དོན་མཐོང་བའི་རྣམ་པར་ཤེས་པ་ལ་སྣང་བའམ་དེ་དག་ལ་སྦྱོར་བ་མ་ཡིན་ནོ། །ཅིའི་ཕྱིར་དབང་པོའི་

ཤེས་པ་ཉིད་ལ་འབྲེལ་པ་མི་བྱེད་ཅེ་ན་དེ་ནི་དཔྱོད་པར་བྱེད་པ་མ་ཡིན་པ་དེ་ཉིད་ཀྱི་ཕྱིར་རོ། །དཔྱོད་པར་བྱེད་པ་མེད་པར་ནི་འབྲེལ་བ་རྟོགས་པ་མེད་པའི་ཕྱིར་རོ། །དབང་བའི་ཤེས་པ་ནི་སོ་སོར་ངེས་པའི་ཡུལ་ཅན་ཉིད་ཡིན་པས་ན་དེས་གཟུང་བར་བྱ་བའི་སྒྲའི་དོན་དག་ལ་འབྲེལ་

པ་མ་ཡིན་ཏེ། དེ་དག་ལ་འབྲེལ་བར་ཤེས་པས་འཛིན་པ་མེད་པར་ཕྱིར་རོ། །ཡུལ་དུ་མ་བྱས་པ་ལ་འདིའི་འདི་ཞེས་བྱ་བ་སྦྱོར་བ་མི་རུང་བའི་ཕྱིར་རོ། །སྦྱོར་བ་ནི་གང་ངག་འདིའི་འདི་ཞེས་བྱ་བའི་འབྲེལ་བ་བྱེད་པའི་ཤེས་པ་ལ་སྣང་བ་མེད་པ་དེ་དག་ནི་ཤེས་པ་དེས་འབྲེལ་པ་བྱེད་པ་མ་

ཡིན་ཏེ། དཔེར་ན་བ་ལང་གི་སྒྲ་དང་དོན་དག་གི་འབྲེལ་པ་ཤེས་པ་ལ་རྟའི་སྒྲ་དང་དོན་དག་མི་སྣང་བ་ཤེས་པ་དེས་འབྲེལ་པ་བྱེད་པ་མ་ཡིན་པ་ལྟ་བུའོ། །རང་གི་དབང་པོའི་ཤེས་པ་ལ་སྣང་བའི་སྒྲ་དང་དོན་གྱི་རང་བཞིན་དག་དེའི་འདི་ཞེས་བྱ་བའི་འབྲེལ་པ་བྱེད་པའི་ཡིད་ཀྱི་རྣམ་པར་ཤེས་

Vol. 175 · folio 170b

པ་ལ་སྣང་བ་ཡིན་ནོ་ཞེས་བྱ་བ་ནི་རྒྱུ་མི་དམིགས་པའོ། །གང་གི་ཕྱིར་དེ་ལྟར་ན་དོན་སྣང་བ་གང་ཡིན་པ་དེ་དག་ཉིད་ལ་འབྲེལ་པ་ཡིན་པ་དེའི་ཚེ། འབྲེལ་པའི་དུས་ན། དབང་པོའི་སྤྱོད་ཡུལ་མིན། གཟུགས་ལ་སོགས་པའི་མཚན་ཉིད་ཅན་གྱི་དོན་འབྲེལ་པ་བྱེད་པའི་ཡིད་ཀྱི་རྣམ་

པར་ཤེས་པ་ལ་སྣང་བ་མ་ཡིན་ནོ། །དེ་བས་ན་དེ་ལ་སྒྲ་སྦྱོར་བ་མ་ཡིན་པ་དེ་ལྟར་ན་བརྗོད་པ་དང་འབྲེལ་པ་མེད་པ་ཅན་གྱི་དབང་པོའི་ཤེས་པ་ཉིད་ཀྱིས་དོན་རྟོགས་པ་ཡིན་ནོ། །འབྲེལ་པ་བྱེད་པའི་ཤེས་པ་ལ་དབང་པོའི་སྤྱོད་ཡུལ་སྣང་བའི་ཕྱིར་འདིར་བརྡ་བྱེད་ཉིད་ཡིན་པ་དེ་ལྟར་ན་ཡང་

གཏན་ཚིགས་མ་གྲུབ་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དབང་པོའི་སྤྱོད་ཡུལ་གྱི་དོན་གསལ་བར་ནི་སྣང་བ་ཅན་འབྲེལ་པ་བྱེད་པའི་དུས་དེ་ཚེ་སྣང་བ་མེད་ཕྱིར་རོ། །རྣམ་པར་རྟོག་པའི་རྣམ་པར་ཤེས་པ་ལ། རང་གི་མཚན་ཉིད་མི་གསལ་བར་སྣང་བ་མཐོང་བ་བཞིན་དུ་གསལ་བའི་ངོ་

བོར་སྣང་བ་མ་ཡིན་པ་དེ་ལྟར་ན་བརྡ་བྱེད་པ་མ་ཡིན་ནོ། །དེ་ལྟར་ན་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་མཐོང་བ་དང་ཐོས་པ་ལས་འདས་པ་ཡིན་ན་ཡང་། ཕྱིས་འགའ་ཞིག་ལས་ཉེ་བར་མཚོན་པས་འབྲེལ་པ་བྱེད་པ་ཉིད་ཡིན་ཏེ་དོན་ཉེ་བ་ལ་ཡང་སྒྲ་སྦྱོར་བ་དམིགས་ནས། དེ་ལ་སྔར་

བརྡ་མ་བྱས་པ་ཅན་རང་ཉིད་ཀྱིས་དཔྱད་ནས་འབྲེལ་པ་བྱེད་པའི་ཕྱིར་དང་། དབང་པོ་བྱ་བ་མེད་པ་ཅན་གྱི་ཡང་འབྲེལ་པ་འཛིན་པའི་ཕྱིར་དང་། དབང་པོའི་དོན་ལ་བརྡ་བྱེད་ན་ཕྱིས་ཀྱང་མཐོང་བ་བཞིན་དུ་སྒྲ་ལས་ཤེས་པར་ཐལ་བའི་ཕྱིར་རོ། །སྣང་བ་ཐ་དད་ན་ཡང་ཡུལ་གཅིག་

པ་ཅན་ཉིད་རིགས་པ་མ་ཡིན་ཏེ། འདི་ལྟར་ཤེས་སྣང་ཐ་དད་པའི་ཡང་། དངོས་རྣམས་ཁྱད་པར་མེད་པ་ཡིན། །སྣ་ཚོགས་པ་དང་གཅིག་ཉིད་དུ་རྣམ་པར་གཞག་པའི་རྒྱུ་གཞན་མེད་པའི་ཕྱིར་རོ། །གལ་ཏེ་མཐོང་བ་དང་མཉན་པ་ལས་འདས་པ་ལ་སོགས་པའི་དུས་ན་རང་

གི་མཚན་ཉིད་ལ་སྒྲ་འགོད་པར་ནི་མི་འགྱུར་མོད་ཀྱི། གང་གི་ཚེ་རྟོགས་པ་པོས་རྟོགས་པར་བྱ་བ་ལ་ཡུལ་ཉེ་བ་བསྟན་ནས་དེ་རྗོད་པར་བྱེད་པའི་སྒྲ་སྦྱོར་བར་བྱེད་པ་དེའི་ཚེ། འཆད་པ་པོ་དང་ཉན་པ་པོའི་རྣམ་པར་ཤེས་པའི་ཡུལ་བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པའི་ངོ་བོ་གཉི་ག་

Vol. 175 · folio 171a

ཡང་རང་གི་མཚན་ཉིད་ཡིན་པ་དེ་ལྟར་ན། དེའི་ཚེ་རང་གི་མཚན་ཉིད་ལ་སྒྲ་འགོད་པ་ཡོད་པ་ཡིན་ནོ་ཞེ་ན། དེ་ནི་དེ་མ་ཡིན་ཏེ། འདི་ལྟར་མིག་གི་དོན་སྣང་བ་ལ་ཡང་། མིག་དང་རྣ་བའི་དབང་པོ་དག་རང་གི་ཡུལ་འཛིན་པ་ལ་བརྡ་བྱེད་པ་ཡིན་ན་ཡང་གཞན་ཤེས་པར་བྱེད་

པས་སྒྲ་འདིའི་བརྗོད་པར་བྱ་བ་འདི་ཡིན་ནོ་ཞེས་བརྗོད་པ་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་ལ་སྣང་བའི་དོན་གང་ཡིན་པའི་དོན་དེ་ཉིད་སྒྲའི་སྦྱོར་བྱེད་ཀྱི། སྟོན་པར་བྱེད་པ་དེས་ཐ་སྙད་ཀྱི་དོན་དུ་ཡིན་གྱི། དབང་པོའི་སྤྱོད་ཡུལ་མ་ཡིན་ཏེ། གཟུགས་ལ་སོགས་པའི་དོན་ཏོ། །ཅིའི་ཕྱིར་

ཞེ་ན། དབང་པོ་བྱ་བ་མེད་པ་ཅན་བསྟན་པར་བྱ་བ་མིག་འཛུམས་པ་ཅན་ནོ། །གཞན་ངག་ཙམ་གྱིས་རྟོགས་པར་བྱེད་པ་པོའི་ཚིག་ཙམ་གྱིས་སྣང་མེད་ཕྱིར། མཐོང་བ་བཞིན་དུ་སྒྲ་ལས་བྱུང་བའི་ཤེས་པ་ལ་སྣང་བ་མེད་པའི་རྒྱུའི་ཕྱིར་རོ། །གལ་ཏེ་དབང་པོའི་དོན་ལ་སྒྲ་སྦྱོར་བར་འགྱུར་ན།

སྒྲ་ལས་བྱུང་བ་ལ་ཡང་མཐོང་བ་བཞིན་དུ་སྣང་བར་འགྱུར་རོ། །གལ་ཏེ་ཡང་དབང་པོའི་ཡུལ་ལ་སྒྲས་བརྡར་བྱས་པ་མ་ཡིན་པ་དེ་ལྟར་ན་ཡང་། སྒྲ་དང་འདྲེས་པ་དེ་དག་དབང་པོའི་ཤེས་པས་གཟུང་བར་འགྱུར་རོ་ཞེས་བྱ་བའི་རྟོག་པ་ཡང་ལེགས་པ་མ་ཡིན་ནོ། །དེ་ལྟར་ན་འབྲེལ་པ་

མ་བྱས་པ་ཅན་དུ་ཡང་བྱས་པ་མིན། གང་ལ་སྒྲས་བརྡར་མ་བྱས་པ་ཅན་དེ་ནི་དོན་དེ་ཤེས་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །སྦྱོར་བ་ཡང་གང་ཞིག་གང་དང་ལྷན་ཅིག་འབྲེལ་པ་ཅན་དུ་བྱས་པ་མ་ཡིན་པ་དེ་ནི། དོན་དེ་ཤེས་པར་བྱེད་པ་མ་ཡིན་ཏེ། དཔེར་ན་བ་ལང་གི་སྒྲ་རྟ་

དང་ལྷན་ཅིག་འབྲེལ་པ་མ་བྱས་པ་ཅན་ཡིན་པ་ལྟ་བུའོ། །དབང་པོའི་དོན་ཡང་སྒྲ་ཐམས་ཅད་འབྲེལ་པ་ཅན་དུ་བྱས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །ཅི་སྟེ་ཡང་བརྡར་མ་བྱས་པ་ཅན་ཡང་ཤེས་པར་བྱེད་པ་ཡིན་པ་དེའི་ཚེ། བདག་ཉིད་ཤེས་པར་ཐལ་ཕྱིར་རོ། །

བརྡ་ལ་ལྟོས་པ་མེད་པས་ཀྱང་མིང་གིས་ཉེ་བར་གཞག་པའི་དོན་འཛིན་པར་འགྱུར་ན། འཛིན་པ་མ་ཡིན་པ་དེའི་ཕྱིར་དོན་བརྡར་མ་བྱས་པ་སྒྲས་ཤེས་པར་མི་འགྱུར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། དབང་པོའི་སྒོར་རྗེས་སུ་འབྲང་བའི་ངང་ཚུལ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་གང་

Vol. 175 · folio 171b

བདེ་བརྗོད་པ་དང་འདྲེ་བ་སྦྲུལ་སྦྲུལ་ཞེས་སྦྱོར་བར་བྱེད་པ་དང་། མཐོང་བར་བྱེད་པ་རྒྱུན་འབྱུང་བས་འཇུག་པ་དེ་རྣམ་པར་རྟོག་པ་ཡིན་ན་ཡང་རྟོག་པ་མེད་པའི་ཤེས་པ་བཞིན་དུ་མངོན་སུམ་ཉིད་དུ་འདོད་དོ། །དེ་ལྟར་མ་ཡིན་ན་མཐོང་བ་རྣམ་པར་ཆད་པར་འགྱུར་བ་དང་། རྣམ་པར་

རྟོག་པ་རྣམ་པར་ཆད་པར་འགྱུར་ཏེ། རྣམ་པར་རྟོག་པ་ཡིན་པས་ན། །མཐོང་བ་མ་ཡིན་པའི་ཕྱིར་དང་། མཐོང་བ་ཡིན་པས་རྣམ་པར་རྟོག་པ་མ་ཡིན་པའི་ཕྱིར་དང་དེ་གཉིས་ལྷན་ཅིག་མི་འཇུག་པའི་ཕྱིར་རོ། །མཐོང་བ་དང་རྣམ་པར་རྟོག་པ་འདི་ལ་རྣམ་པར་མ་ཆད་པ་ཡང་ཡོད་པ་མ་ཡིན་

ནོ། །དེའི་ཕྱིར་མཐོང་བ་ཉིད་རྣམ་པར་རྟོག་པ་ཡིན་ནོ་ཞེ་ན། སྐྱོན་དེ་ཡོད་པ་མ་ཡིན་ཏེ། འདི་ལྟར་རྣམ་པར་རྟོག་པ་དང་བཅས་པ་དང་རྣམ་པར་རྟོག་པ་མེད་པའི་རྣམ་པར་ཤེས་པ་དག་ཅིག་ཅར་འཇུག་པར་འགྱུར་ཏེ། རྟོག་བཅས་རྟོག་པ་མེད་པའི་ཡིད། །ཡིད་ཀྱི་རྣམ་པར་ཤེས་པ་དེ་

དག་ནི་ཅིག་ཅར་དུ་ནི་འཇུག་ཕྱིར་རམ། རྒྱུའི་ཕྱིར་རྟོགས་པ་པོ་རྨོངས་པ་དག་སྣང་བ་ཐ་དད་པས་རྣམ་པར་རྟོག་པ་དང་བཅས་པ་དང་། རྣམ་པར་རྟོག་པ་མེད་པའི་རང་བཞིན་ཐ་དད་དེ་ཟིན་ཀྱང་དེ་མ་མཐོང་བར་དེ་དག་ལ་ནི་གཅིག་ཏུ་ཞེན་པ་དེ་ནི་རྣམ་པར་ཤེས་པ་ཅིག་ཅར་འཇུག་པར་ཁས་

ལེན་པ་ལ་བརྟེན་ནས་བཤད་པ་ཡིན་ནོ། །འཇུག་པ་མྱུར་ཕྱིར་རྣམ་པར་རྟོག་པ་དང་མཐོང་བ་དག་གོ་རིམས་བཞིན་དུ་འབྱུང་བའི་ངང་ཚུལ་ཅན་ཡིན་ན་ཡང་འཇུག་པ་མྱུར་བའི་ཕྱིར་དེ་དག་རྣམ་པར་ཆད་པ་མེད་པར་འཁྲུལ་པས་གཅིག་ཏུ་ཞེན་པར་འགྱུར་རོ། །དོན་དམ་པར་ཁོ་བོ་ཅག་ལན་འདི་

འདོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཁོ་བོ་འདི་ལ་མགུ་བ་མི་རྟེན་པས་ཕྱིས་རྣམ་པར་ཤེས་པ་ཅིག་ཅར་འཇུག་པ་སྟོན་པར་འགྱུར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་རྣམ་རྟོག་ཆོད་པ་ཡིན། །མཐོང་བ་རྒྱུན་འཆད་འགྱུར་ཞེ་ན། །གལ་ཏེ་སྔར་བརྗོད་པ་དང་འདྲེ་བ་ཅན་མ་ཡིན་པའི་

མཐོང་བ་དང་། ཕྱིས་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་དང་ཡང་མཐོང་བ་དང་། ཡང་རྣམ་པར་རྟོག་པ་ཞེས་བྱ་བ་དེ་ལྟ་བུའི་གོ་རིམས་ཡོད་པ་མ་ཡིན་པ་ན་གང་གི་ཚེ་རྣམ་པར་རྟོག་པ་ཡིན་པ་དེའི་ཚེ། མཐོང་བ་མ་ཡིན་ཞིང་གང་གི་ཚེ་འདི་ཡིན་པ་དེའི་ཚེ་རྣམ་པར་རྟོག་པ་མ་ཡིན་པ་དེ་

Vol. 175 · folio 172a

ལྟར་ན། རྣམ་པར་རྟོག་པས་ཆོད་པའི་རྒྱུ་ཡིས་མཐོང་བ་རྒྱུན་ཆད་པ་སྟེ། བར་དང་བཅས་པར་འགྱུར་གྱི། རྒྱུན་གྱིས་འབྱུང་བ་མ་ཡིན་ན། འགྱུར་བ་ཡང་མ་ཡིན་པ་དེའི་ཕྱིར་རྣམ་པར་རྟོག་པའི་ཤེས་པ་ཁོ་ན་དོན་འཛིན་པའི་མངོན་སུམ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟར་ན་དེ་

གཞན་གྱི་སྟེ་རྣམ་པར་རྟོག་པ་མངོན་སུམ་ཡིན་པར་སྨྲ་བ་གཞན་གྱི་ཡང་བ་ལང་ལ་སོགས་པ་ཐག་ཉེ་བའི་ཡུལ་ལ་མངོན་སུམ་དུ་འཇུག་པ་ན། རིགས་ནི་ཐ་དད་པའི་རྣམ་པར་རྟོག་པ་མངོན་སུམ་དུ་ཕྱོགས་པར་འགྱུར་བ་ན། དོན་འདི་བརྗོད་པར་བྱ་བ་མ་ཡིན་པའི་ངོ་བོ་དང་རྗེས་སུ་འབྲེལ་

པའི་རྣམ་པ་གཞན་མངོན་སུམ་དུ་འགྱུར་བ་ཡོད་ན། ད་ལྟར་གྱི་ཡུལ་འཛིན་པའི་ངང་ཚུལ་ཅན་གྱི་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་མངོན་སུམ་ཉིད་དུ་འདོད་པ་དེ་ཇི་ལྟར་མིན་ཆོད་པ་མ་ཡིན་པའམ་ཆོད་ན་ཡང་ཇི་ལྟར་མཐོང་བ་རྣམ་པར་འཆད་པ་མ་ཡིན་པར་འགྱུར། གཞན་གྱིས་ཀྱང་

འདི་ལ་ལན་བཏབ་པར་བྱས་པ་ཡིན་པ་སྟེ་དེ་ལྟར་ན་སྐྱོན་འདི་ནི་མ་བཀོད་པ་ཉིད་མཛེས་པ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་མགལ་མེ་མཐོང་བ་བཞིན། །དངོས་ཕྱོགས་སྟོབས་དང་ལྡན་འདོད་ན། །གལ་ཏེ་ཡང་རིགས་མི་མཐུན་པའི་རྣམ་པར་རྟོག་པ་ཉེ་བའི་དུས་ན་མཐོང་བ་མེད་

པ་དེ་ལྟ་ན་ཡང་མཐོང་བ་རྣམ་པར་ཆད་པར་འགྱུར་བ་མ་ཡིན་ཏེ། མཐོང་བ་གཞན་སྐྱེ་བ་ཤིན་ཏུ་མྱུར་བར་འཇུག་པས་དེ་སྟོང་པའི་དུས་ན་ཡང་། མཚམས་སྦྱོར་བར་འགྱུར་བ་ཉིད་ཡིན་པའི་ཕྱིར་རོ། །མཐོང་བ་ཉིད་སྟོབས་དང་ལྡན་པའི་བར་དུ་ཞུགས་པ་དེ་གཉིས་ཀྱིས་གནོད་པ་བྱས་པ་

མཐོང་བ་མེད་པ་སྟོབས་མེད་པ་དེའི་མཚམས་སྦྱོར་བའི་བར་ཆད་བྱེད་པའམ། མཐོང་བ་ལ་གནོད་པའི་ཕྱིར་ནུས་པ་ཡོད་པ་མ་ཡིན་ཏེ། མགལ་མེའི་འཁོར་ལོ་མཐོང་བ་བཞིན་ནོ། །དཔེར་ན་མགལ་མེའི་འཁོར་ལོའི་ཆས་ཡུལ་སྔ་མ་སྔ་མ་སྤང་ཞིང་། ཡུལ་ཕྱི་མ་ཕྱི་མར་འཇུག་

པ་ཅན་གྱིས་འཁོར་ལོར་སྣང་བ་ཅན་གྱི་ཡུལ་མ་ལུས་པ་ལ་ཁྱབ་པར་བྱེད་པ་མ་ཡིན་པ་དེ་ལྟར་ན་དེ་ཉིད་ལ་ཡུལ་རྣམ་པར་ངེས་པར་སྣང་བ་ཅན་ཉིད་ཀྱིས་མཐོང་བར་འགྱུར་རོ། །འོན་ཀྱང་འཁོར་ལོར་སྣང་བའི་མཐོང་བ་ཡིན་ནོ་ཞེས་མཚམས་སྦྱོར་བའི་ཕྱིར་འཁོར་ལོ་མཐོང་ངོ་སྙམ་

Vol. 175 · folio 172b

པའི་བློ་འབྱུང་བ་དེ་དང་འདྲ་བར་འདིར་ཡང་ཞེས་བྱ་བ་ནི་གཞན་གྱི་ཡིན་ནོ། །དེ་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་འགའ་ཞིག་གི་ཚེ་མ་མཐོང་བས་ཀྱང་གནོད་པ་ཉིད་ཡིན་ཏེ། དཔེར་ན་དོན་མཐོང་བ་ངེས་པར་མ་བྱས་པ་ཕྱིས་དམིགས་པར་གྱུར་པ་ན་ཁོ་བོས་མ་མཐོང་ངོ་ཞེས་ཞེན་པར་བྱེད་པ་

ལྟ་བུའོ། །དེ་བས་ན་དངོས་པོའི་ས་ཕྱོགས་སྟོབས་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་ངེས་པ་མ་ཡིན་ནོ། །མགལ་མེ་མཐོང་བ་ཡང་སྐབས་སུ་བབ་པའི་ཐེ་ཚོམ་ཟ་བ་སེལ་བར་བྱེད་པའི་ངང་ཚུལ་ཅན་མ་ཡིན་ཏེ། འདི་ལ་ཡང་ཅི་དབང་པོ་ཉམས་པར་བྱས་པ་ལས་དོན་གྱིས་སྟོང་པ་རྣམ་

པར་བསླད་པ་འཁོར་ལོར་སྣང་བའི་མཐོང་བ་འདི་འཇུག་པར་འགྱུར་རམ། འོན་ཏེ་མཐོང་བ་འཇུག་པར་འགྱུར་བར་མཚམས་སྦྱོར་བའི་ཕྱིར་ཞེས་ཐེ་ཚོམ་ཟ་བའི་ཕྱིར་རོ། །གཞན་ཡང་མཚམས་སྦྱོར་བ་ཡང་མཐོང་བ་ལས་མ་ཡིན་གྱི། འོན་ཀྱང་དྲན་པ་ལས་ནི་ཡིན་ནོ། །འདི་ཡང་ཡུལ་དུ་

བྱས་པ་ལས་མཚམས་སྦྱོར་བར་བྱེད་པ་ཡིན་གྱི། འདིའི་ཡུལ་གང་ཡིན་པ་དེ་གསལ་བ་ནི་མ་ཡིན་ཏེ། མཐོང་བའི་ཡུལ་བཞིན་ནོ། །དེས་ན་དྲན་པའི་ཡུལ་དང་མཐོང་བའི་ཡུལ་མཚམས་སྦྱོར་བར་བྱེད་པའི་ཕྱིར་འཁོར་ལོར་སྣང་བ་ཡོངས་སུ་གསལ་བར་འགྱུར་བ་མ་ཡིན་ཏེ་དེ་དག་ནི་རྣམ་

པ་ཐ་དད་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །མགལ་མེའི་འཁོར་ལོ་སྣང་བ་གསལ་བ་གཅིག་པོ་འདི་མཐོང་བ་ཡང་ཡིན་ནོ། །དེས་ན་མཚམས་སྦྱོར་བར་བྱེད་པའི་ཕྱིར། རྒྱུན་མི་འཆད་པར་འཛིན་པའི་རིགས་པ་ཡིན་ནོ་ཞེས་བྱ་བ་ཡང་ལན་ཉིད་མ་ཡིན་ནོ། །མཐོང་བ་ཉིད་ཀྱང་མཚམས་སྦྱོར་བར་

བྱེད་པ་མ་ཡིན་ཏེ། དེ་ནི་འདས་པའི་ཡུལ་གྱི་རྣམ་པ་འཛིན་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཡང་ཁས་བླངས་ནས་བརྗོད་པར་བྱ་སྟེ། དེ་གཞན་ལ་ཡང་མཚུངས་པ་ཡིན། རིགས་ཐ་དད་པའི་རྣམ་པར་རྟོག་པས་ཆོད་པའི་ཕྱིར་གཞན་གྱིས་ཀྱང་ལན་གདབ་པའི་ཕྱིར་ཇི་ལྟར་མཐོང་བ་

རྣམ་པར་ཆད་པར་ཐོབ་པར་མི་འགྱུར་ཞེ་ན། འཇུག་པ་མྱུར་བ་ལ་སོགས་པས་ལན་དུ་བརྒལ་བ་གང་ཡིན་པ་དེ་དང་དེ་ནི་ཁོ་བོའི་ཕྱོགས་ལ་རྣམ་པར་རྟོག་པ་དང་། མཐོང་བ་དག་ལ་རིམ་བཞིན་དུ་འབྱུང་བ་ཡོད་ན་ཡང་རྣམ་པར་ཆོད་པ་ཅན་མ་ཡིན་པའི་མཐོང་བ་དང་ཞེན་པ་རབ་ཏུ་བསྒྲུབ་

Vol. 175 · folio 173a

པའི་ཕྱིར། གཞུང་བཙུགས་པ་ཉིད་ཡིན་ནོ། །ཡི་གེ་ཅིག་ཅར་ཐོས་པ་ཡིན། །གལ་ཏེ་མྱུར་བར་འཇུག་པའི་ཕྱིར་རྣམ་པར་ཆད་པ་མེད་པར་མགལ་མེའི་འཁོར་ལོ་ལ་སོགས་པ་ལ་མཐོང་བ་ལ་མཚམས་སྦྱོར་བ་དེའི་ཚེ། མཚོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་ཡི་གེ་དག་གི་

འཇུག་པ་ཆེས་ཤིན་ཏུ་མྱུར་བ་དེ་ལྟར་ན། གོ་རིམས་མེད་པར་འཛིན་པར་འགྱུར་རོ། །དེ་ལྟར་ན་གོ་རིམས་ཐ་དད་པ་ལས་མཉན་པ་ཐ་དད་པར་མི་འགྱུར་ཏེ། དཔེར་ན་མཚོ་དང་རོ་ཞེས་བྱ་བ་ལྟ་བུའོ། །དེ་བཞིན་དུ་མྱུར་དུ་མཐོང་བ་འཇུག་པ་དང་། ཆུའི་ཐིགས་པ་འཐིག་པ་ལ་སོགས་པའི་སྔོན་

པོ་དག་ལ་ཡང་འཇིག་པ་མྱུར་བའི་ཕྱིར་གཅིག་ཏུ་འཛིན་པའི་ཞེན་པར་འགྱུར་ཏེ། མགལ་མེའི་འཁོར་ལོ་མཐོང་བ་བཞིན་ནོ། །གཞན་ཡང་འདིར་ཏེ་རྣམ་པར་ཤེས་པ་ཅིག་ཅར་མི་སྐྱེ་བའི་ཕྱོགས་ལའོ། །དབང་རྣམས་ཏེ་མིག་ལ་སོགས་པ་ནས་ཡིད་ལ་ཐུག་པའི་དྲུག་པོ་རྣམས་སོ། །ཡོད་ན་

ཡང་སྟེ་ཡོད་པར་གྱུར་ནའོ། །དབང་པོ་རྣམས་ཅི་འདྲ་བ་ཞིག་ཅེ་ན། དོན་ཀུན་དང་ནི་ཅིག་ཅར་ནི། །འདུས་ཅན་ཏེ་ཅིག་ཅར་སྤྱོད་ཡུལ་དུ་གྱུར་པའི་རང་གི་ཡུལ་ཅན་རྣམས་སོ། །དེ་ཡང་ཡིད་ཀྱི་དབང་པོ་ལ་བརྗོད་པ་མ་ཡིན་ཏེ། དེ་ནི་ད་ལྟར་གྱི་ཡུལ་ཅན་ཉིད་མ་ཡིན་པའི་ཕྱིར་རོ། །དེ་དེ་ལྟར་

ན་གང་གི་ཚེ་གླིང་བུ་ལ་སོགས་པ་སིལ་སྙན་གྱི་ངོ་བོ་མཐོང་བ་ན་དེ་ཉིད་ལས་སྒྲ་ཐོས་པ་དང་། ཨུཏྤ་ལ་སྔོན་པོ་ལ་སོགས་པའི་དྲི་བསྣམས་པ་ན་ག་པུར་ལ་སོགས་པའི་རོ་མྱང་བ་དང་། སྟན་ལ་སོགས་པ་ལ་རེག་ན་རེག་བྱ་མྱོང་ཞིང་ཅུང་ཞིག་སེམས་པར་བྱེད་པ་ཐམས་ཅད་རྣམ་པ་མེད་པ་ཉིད་དུ་

དམིགས་པ་ཡིན་ནོ། །དེ་ལྟར་ན་དབང་པོ་བྱ་བ་བྱེད་པ་ཡོད་ན་ཡང་རྣམ་པར་ཤེས་པ་ལྔ་པོ་རྣམས་ཀྱིས་ཆོད་ན་ཡོང་ངོ་། །གང་གི་ཚེ་གོ་རིམས་བཞིན་དུ་འབྱུང་བའི་ངང་ཚུལ་ཅན་ལས་རྣམ་པར་ཤེས་པ་རེ་རེ་རྣམ་པར་ཆད་པ་མེད་པ་བཞིན་དུ་སྣང་བ་དེའི་ཚེ་རྣམ་པར་ཤེས་པ་གཞན་འཇུག་པ་མེད་

ན། ཇི་ལྟར་ཡི་གེ་དག་ཅིག་ཅར་ཐོས་པར་མི་འགྱུར་ཞེ་ན། ཆོད་མེད་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཤེས་པ་ལྔ་ཐ་དད་པས་ཆོད་པ་ཡིན་ཡང་། ཆོད་མེད་བཞིན་དུ་སྣང་བའི་བློ། །གང་དེ་ཤེས་པ་རིགས་མི་མཐུན་པས་ཆོད་པ་ཡོད་ན། རོ་དང་མཚོ་ཞེས་བྱ་བ་ལ་

Vol. 175 · folio 173b

སོགས་པ་ཡི་གེ་མིང་གི་མཐར་ཐུག་པའི་ཡི་གེ་འཛིན་པ་དེ་ལ་དམིགས་པ་ཅན་གྱི་ཤེས་པའི་སྐད་ཅིག་ཡི་གེ་སྔ་མ་རྣམས་ཤེས་པ་དང་ལྷན་ཅིག་འདྲེས་ཕྱིར་ཡང་ཡི་གེ་འཛིན་པའི་བདག་ཉིད་ཅན་གཅིག་ཏུ་འདྲེས་པར་གྱུར་པ་ནི་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། ཆོད་པར་སྣང་བ་སྟེ།

ཡི་གེ་རེ་རེ་སྣ་ཚོགས་པའི་ངོ་བོ་འཛིན་པའི་ངོ་བོ་ཅན་རྣམ་པར་ཆོད་པར་འགྱུར་རོ་ཞེ་ན། དེ་ཡང་ངོ་མཚར་སྐད་ཅིག་མ་འཛིན་པ་ལ་སྡོད་པ་ཡོད་པ་མ་ཡིན་པས་ན། མ་ཆོད་པ་ཉིད་སྒྲུབ་པར་བྱེད་དོ། །དེས་ན་འདིར་ཡང་ཡི་གེའི་ཡན་ལག་གི་རྣམ་པ་གཅིག་ཏུ་གྱུར་པ་ཅན་མཐོང་བ་རྣམ་པར་མཆོད་པར་འགྱུར་

ན། འགྱུར་བ་ཡང་མ་ཡིན་ནོ། །དེ་ཕྱིར་བློ་ནི་ཅིག་ཅར་འགྱུར། །རྐྱེན་ཇི་ལྟ་བ་བཞིན་རྣམ་པར་ཤེས་པ་ཅིག་ཅར་སྐྱེ་བར་འགྱུར་རོ། །དེ་ལྟར་སྐྱོན་འདི་ཡོད་པ་མ་ཡིན་ཏེ། རྣམ་པར་རྟོག་པས་མཐོང་བ་ལ་ཆོད་པ་མེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་སྣང་བ་ལ་ཡང་ཁྱད་མེད་ན། བར་

བཅས་བར་མེད་ཇི་ལྟར་རུང་། །མཐོང་བ་བར་དང་བཅས་པ་ནི་གོ་རིམས་བཞིན་དུ་འབྱུང་བའི་ངང་ཚུལ་ཅན་གྱི་རྣམ་པར་ཤེས་པ་ལྔས་ཆོད་པའོ། །བར་མེད་པ་ནི་རྣམ་པར་ཤེས་པ་རིགས་མི་མཐུན་པས་མ་ཆོད་པ་ཡིན་ཏེ། རྣམ་པར་ཤེས་པ་དྲུག་གི་ནང་ནས་རེ་རེ་ཡོད་ན་རྒྱུན་རྣམ་པར་མ་

ཆད་པས་འཇུག་པར་འགྱུར་བ་དེ་བས་ན། གནས་སྐབས་འདིས་མཐོང་བ་ལ་ཇི་ལྟར་ན་སྣང་བ་ཐ་དད་པར་མི་འགྱུར་ཏེ་འགྱུར་བ་ཉིད་ཡིན་ནོ། །ཇི་ལྟར་སྐྲའི་རྩེ་མོ་ལ་སོགས་པ་བསྐྱོད་པ་ལ་བདེ་བ་ལ་སོགས་པའི་ཆོད་པ་ཡོད་ན་ཡང་། ས་ཕྱོགས་རྣམ་པར་ཆོད་པ་གང་ཡིན་པ་དང་།

རྣམ་པར་མཆོད་པ་གང་ཡིན་པ་གཉིས་པོ་དེ་དག་ཀྱང་དེ་ཁོ་ན་ཉིད་དུ་ཐ་དད་པ་ཉིད་དུ་སྣང་བ་ཉིད་ཡིན་ནོ། །དེ་བཞིན་དུ་མཐོང་བ་ལ་ཡང་འགྱུར་རོ། །སྦྱོར་བ་ནི་མཐོང་བ་གང་ཞིག་བར་དང་བཅས་པ་དང་བར་མེད་པ་གང་ཡིན་པ་དེ་ནི་ཐ་དད་པར་སྣང་བ་ཡིན་ཏེ། དཔེར་ན་མཐོང་བའི་སྐྲའི་རྩེ་མོ་

བསྐྱོད་པས་རྣམ་པར་ཆོད་པ་དང་མ་ཆོད་པ་ལྟ་བུའོ། །རྣམ་པར་ཤེས་པ་རེ་རེ་རྣམ་པར་ཤེས་པ་ལྔས་ཆོད་པ་དང་མ་ཆོད་པ་ལ་ཡང་བར་དང་བཅས་པ་དང་བར་མེད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ཡིད་ཀྱི་རྟོག་པ་འགའ་ཞིག་ལའང་། རིམ་དུ་འཛིན་པར་མི་འགྱུར་

Vol. 175 · folio 174a

རོ། །གང་གི་ཚེ་མྱུར་དུ་འཇུག་པའི་ཕྱིར་ལྔ་པོ་དག་གིས་ཆོད་པ་ཡིན་ན་ཡང་། མཐོང་བ་ཅིག་ཅར་མཚམས་སྦྱོར་བ་དེའི་ཚེ། དབང་པོའི་ཤེས་པ་ཐམས་ཅད་འགགས་པ་ན། ཡིད་ཀྱི་རྣམ་པར་ཤེས་པ་འབའ་ཞིག་ཀྱང་འཇུག་པ་མྱུར་བར་འདྲ་བ་ཡིན་ན་ཡང་འགའ་ཞིག་

གིས་ཀྱང་ཆོད་པ་མེད་པ་དེ་ལྟར་ན་ཆེས་ཤིན་ཏུ་རིམ་གྱིས་དོན་འཛིན་པར་མི་འགྱུར་ཞིང་འདྲེས་པ་རྟོགས་པར་འགྱུར་ཏེ། ཅིག་ཅར་འཛིན་པར་འཁྲུལ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་ཅིག་ཅར་རྣམ་པར་ཤེས་པ་འཇུག་པར་ཁས་ལེན་པ་དེའི་ཚེ་དབང་པོའི་དོན་ཐམས་ཅད་

ཅིག་ཅར་ཐག་ཉེ་བ་ཡོད་ན་ཡུལ་གཞན་གྱིས་ཆོད་པ་དང་བྲལ་བའི་ཕྱིར་རོ། །དོན་དམ་པར་ངེས་པར་འཛིན་པར་མི་འགྱུར་ཏེ། གང་གི་ཅིག་ཅར་རྣམ་པར་ཤེས་པ་མི་འཇུག་པ་དེའི་ཡུལ་གཅིག་ལ་སོ་སོར་ངེས་པའི་རྣམ་པར་ཤེས་པ་སྐྱེ་བ་འགལ་བ་མེད་དོ་ཞེ་ན་རྟོག་པ་དེ་ཡང་རིགས་

པ་མ་ཡིན་ནོ། །འདི་ལྟར་ཡུལ་ལ་ལར་སྐྱེས་བུ་ཀུན་ཏུ་ཆགས་སེམས་ཅན། དོན་ཉེ་བ་ལ་ཡང་སྤྱོད་ཡུལ་དུ་གྱུར་པ་འཛིན་མེད་གང་ཡུལ་གཞན་དུ་འཕོ་བ་མེད་པའི་མཚན་ཉིད་ཅན་གྱི་རྒྱུར་གྱུར་པའི། ཆགས་པས་གཞན་བསྐྱེད་ནུས་བྲལ་ཕྱིར། །ཡུལ་གཞན་འཛིན་པའི་རྣམ་པར་

ཤེས་པ་བསྐྱེད་པའི་ནུས་པ་དང་བྲལ་བའི་རྒྱུའི་ཕྱིར་ཡིན་གྱི། རྣམ་པར་ཤེས་པ་རིམ་བཞིན་དུ་བྱུང་བའི་ངང་ཚུལ་ཅན་ཉིད་ཡིན་པའི་ཕྱིར་ནི་མ་ཡིན་ནོ། །དེ་ལྟར་ན་རྣམ་པར་རྟོག་པ་དང་རྣམ་པར་ཤེས་པ་ཅིག་ཤོས་ཕན་ཚུན་རྒྱུ་དང་འབྲས་བུའི་དངོས་པོར་ཡིན་པ་དེ་ལྟར་ན་ཡིད་ཀྱི་ཡུལ་

གཞན་ལ་རྣམ་པར་གཡོངས་པ་ན་སྔར་གྱི་རྣམ་པར་ཤེས་པའི་མཚན་ཉིད་ཅན་གྱི་ཡིད་ལ་བྱེད་པའི་ནུས་པ་མེད་པའི་ཕྱིར་དང་ཡུལ་སྤྱོད་ཡུལ་དུ་གྱུར་པ་འགའ་ཞིག་ཀྱང་འཛིན་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྐྱེན་ཇི་ལྟ་བ་བཞིན་ཞེས་གསུངས་སོ། །ཡུལ་མངོན་དུ་ཕྱོགས་པ་ཙམ་ནི་

རྐྱེན་མ་ཡིན་གྱི་འོན་ཀྱང་ཡིད་ལ་བྱེད་པ་ཡང་ཡིན་པ་དེ་ལྟར་ན་འགལ་བ་མེད་དོ། །གཉི་ག་ཡི་ཡང་དེ་བརྩད་ཡིན། །ཇི་ལྟར་ཁོ་བོ་ཅག་ལ་བརྩད་པ་དེ་དེ་ལྟར་རྣམ་པར་ཤེས་པ་རིམ་བཞིན་དུ་འཇུག་པར་སྨྲས་པ་ལ་ཡང་ཅིའི་ཕྱིར་ཡུལ་སྤྱོད་ཡུལ་དུ་གྱུར་པ་འགའ་

Vol. 175 · folio 174b

ཞིག་ལ་ཡང་མི་འཛིན་ཞེས་བརྩད་པ་གསུངས་པ་ཡིན་ནོ། །དེ་བས་ན་དེས་ཀྱང་ལེན་སྔ་མ་འདི་ཉིད་ལ་བརྟེན་པར་བྱ་བ་ཡིན་ནོ། །གལ་ཏེ་མ་ཡིན་པའི་དེའི་ཡང་སྐྱོན་འདི་ཉིད་ཡིན་པ་དེ་ལྟར་ན་ཡང་། དེ་ནི་ཅིར་ཡང་མི་རུང་ངོ་། །གཞན་ཡང་མགལ་མེ་མཐོང་བ་རྣམ་པར་ཆད་པ་མེད་པར་སྣང་བ་ཅན་གང་ཡིན་པ་དེ་

མཐོང་མཚམས་སྦྱོར་བས་མ་ཡིན། འོ་ན་ཅི་ཡིན་ཞེ་ན། མིག་གི་དབང་པོ་དེ་ནི་འཁོར་ལོ་འཁྲུལ་བྱས་ཀྱི། འཁྲུལ་པ་གང་གིས་གཅིག་ཏུ་ཞེན་པར་བྱེད་པའོ། །མིག་ཅི་འདྲ་བ་ཞིག་ཅེ་ན། མྱུར་འཇུག་ཕྱིར་རོ། །གང་ཞེ་ན། མགལ་མེ་ལ་སོགས་སོ། །རྗེས་སུ་འགྲོ་བ་གང་ཡིན་པ་རྗེས་སུ་ཞུགས་པ་

སྟེ། ཡུལ་རུང་བ་ན་གནས་པ་དེར་འཕེན་པར་བྱེད་པའོ། །དེ་དང་དེར་དེ་འདྲ་བ་དེ་ལ་མཐོང་བ་འཁྲུལ་པ་ཞེས་བྱ་བའི་དོན་ཏོ། །དེས་ན་མྱུར་དུ་ཡུལ་གཞན་དུ་འབྱུང་བའི་ཆོས་ཅན་གྱི་མགལ་མེ་རྗེས་སུ་འགྲོ་བ་གང་ཡིན་པས་གནོད་པ་མིག་གང་ལ་ཡོད་པ་དེ་ནི་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དེ་འདྲ་བའི་

མིག་དོན་གྱིས་སྟོང་པ་འཁོར་ལོར་འཁྲུལ་པ་བྱས་པ་ཡིན་ནོ། །ཞར་ལ་འོངས་པས་ཆོག་གོ། །དེ་ལྟར་ན། མངོན་སུམ་རྟོག་དང་བྲལ་བ་ཅན། །མངོན་སུམ་ཉིད་ཀྱིས་གྲུབ་པར་འགྱུར། །ཞེས་བྱ་བ་དེ་ནི་གནས་པ་ཡིན་ནོ། །རང་གི་མཚན་ཉིད་ལ་ཡང་སྒྲ་འགོད་པ་མེད་པའི་ཕྱིར་དང་། དེ་དང་འབྲེལ་པ་

མེད་པ་ཅན་གྱི་དོན་འཛིན་པའི་ཕྱིར་རྟོག་པ་དང་བྲལ་བ་ཡིན་ནོ། །སྲིད་པའི་བདག་ལ་སོགས་པ་ལ་ལར་དབང་སྐྱེས་ལ་སོགས་ཕྱིར་གཏན་ཚིགས་ཀྱི་ཕྱིར་རོ། །སོགས་པ་སྨོས་པས་ནི་ཡིད་ལས་བྱུང་བ་མ་ཡིན་པ་ཉིད་ཀྱི་ཕྱིར་དང་། ཉམས་སུ་མྱོང་བའི་རྣམ་པས་འཇུག་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་

གཟུང་ངོ་། །སྐྱེས་བུ་བརྡ་ལ་བྱང་བའི་དབང་པོའི་ཤེས་པ་རྟོག་མེད་ཡིན་པར་སྨྲའོ། །ཅི་དང་འདྲ་བར་ཞེ་ན། བྱིས་པའི་བློ་བཞིན་ཏེ། དེ་སྐྱེས་པའི་བྱིས་པ་ཆུང་ངུའི་དབང་པོའི་ཤེས་པ་བཞིན་ནོ། །དཔེ་བསྒྲུབ་པར་བྱ་བས་སྟོང་པ་མ་ཡིན་པར་སྒྲུབ་པའི་ཕྱིར་བྱིས་པའི་རྣམ་རྟོག་ཅེས་བྱ་བ་སྨོས་ཏེ། བྱིས་པའི་དབང་

པོའི་ཤེས་པ་ནི་རྟོག་པ་མེད་པ་ཉིད་དུ་རབ་ཏུ་གྲགས་པའི་རྒྱུ་ནི་སྨྲ་བ་ཡིན། །གང་ཞེ་ན་བརྡ་ཉམས་པ་ཉིད་ཡིན་ཏེ། བྱིས་པ་རྣམས་ལ་བརྡ་འཛིན་པའི་ནུས་པ་མེད་པ་ཉིད་ཡིན་ནོ། །སྦྱོར་བ་ནི་སྐྱེས་བུ་གང་གིས་དོན་གང་གི་འབྲེལ་པ་གང་དང་ལྷན་ཅིག་མི་འཛིན་པ་དེ་ནི་དེ་དང་ལྷན་ཅིག་སྦྱར་ནས་འཛིན་པ་དེ་ནི་མ་

Vol. 175 · folio 175a

ཡིན་ཏེ། དཔེར་ན་སྐྱེས་བུས་ཉེ་བའི་བ་ལང་ཅན་དང་། ལྷན་ཅིག་དེའི་སྐྱེས་བུའི་འབྲེལ་པ་མི་འཛིན་པ་ལྟ་བུའོ། །བྱིས་པས་ཀྱང་སྒྲ་དང་དོན་གྱི་འབྲེལ་པ་འཛིན་པ་མ་ཡིན་ནོ་ཞེས་བྱ་བ་འདི་དཔེ་གྲུབ་པ་ན་རྒྱུ་མི་དམིགས་པ་གོ་བར་བྱེད་པ་ཡིན་ནོ། །འོན་ཀྱང་བསྒྲུབ་པ་དང་དགག་པ་

ལ་བཟློག་ན་གནོད་པ་ཅན་གྱི་ཚད་མ་འཇུག་པ་མ་མཐོང་བའི་ཕྱིར་དང་། འགལ་བ་རབ་ཏུ་མ་བསྟན་པའི་ཕྱིར་རྗེས་སུ་དཔག་པ་ལྷག་མ་དང་ལྡན་པ་ཉིད་ལྡོག་པར་ནུས་པ་མ་ཡིན་ནོ། །གཞན་ཡང་བྱིས་པས་ཀྱང་སྒྲ་དང་དོན་གྱི་འབྲེལ་པ་འཛིན་པ་མ་ཡིན་ནོ་ཞེས་བྱ་བའི་གཏན་ཚིགས་ཀྱི་ཁྱབ་པ་ཡང་

མ་གྲུབ་པ་ཡིན་ནོ། །དེ་དེ་ལྟར་ན་རྒོལ་བ་དེ་དག་གི་ནི། བྱིས་པའི་མངོན་སུམ་ཉིད་དུ་འགྱུར་ཏེ། ཤེས་པ་ཉིད་དུ་འགྱུར་གྱི། དཔྱོད་པར་བྱེད་པ་ཅུང་ཟད་ཀྱང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྟོག་མེད་ཕྱིར་རྟོག་པ་མེད་པ་ཉིད་ཀྱང་བརྡ་འཛིན་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་དེ་ལྟར་འགྱུར་བ་ལ་སྐྱོན་ཅི་ཡོད་ཅེ་ན།

དེ་དེ་ལྟར་ན་འགྱུར་བ་ནི་རིགས་པ་མ་ཡིན་ཏེ། མངོན་སུམ་མཐོང་བ་དང་ལྡན་པའི་ཕྱིར་རོ། །དེ་ལྟར་ན་བྱིས་པ་ཟས་འདོད་པ་ལ་སོགས་པ་འཇུག་པར་འགྱུར་རོ། །དེ་དག་ཀྱང་དྲན་པའི་རྣམ་པར་ཤེས་པ་མེད་པ་མེད་ཅིང་། དེ་ཡང་གདོན་མི་ཟ་བར་རྣམ་པར་རྟོག་པ་ཡིན་པ་དེ་ལྟར་ན་གང་ལས་རྣམ་པར་རྟོག་པ་

མེད་པ་ཉིད་ཡིན། གཞན་ཡང་གལ་ཏེ་བྱིས་པ་དེའི་ཤེས་པ་རྣམ་པར་རྟོག་པ་དཔྱོད་པ་དང་བཅས་པ་བརྡ་བྱང་བ་ལས་སྔར་མེད་པར་འགྱུར་བ་དེའི་ཚེ། བརྡའི་རྒྱུར་གྱུར་པ་རྣམ་པར་རྟོག་པའི་ཤེས་པ་དང་བྲལ་བའི་ཕྱིར་བརྡ་དེ་ནི་བརྡ་འཛིན་པའི་དུས་ཕྱིས་ཀྱང་མི་འགྱུར་རོ། །རྣམ་པར་དཔྱོད་པར་

བྱེད་པའི་ཤེས་པའི་རྒྱུར་གྱུར་པ་མེད་པའི་ཕྱིར་སྐྱེས་བུ་ཤི་བའི་མཐར་ཐུག་པར་རྣམ་པར་རྟོག་པའི་ཤེས་པ་དང་མི་ལྡན་པ་ཉིད་ཐོབ་པར་འགྱུར་རོ། །ཅི་སྟེ་རྣམ་པར་དཔྱོད་པ་ཉིད་ཡོད་པ་མ་ཡིན་པ་དེ་ལྟར་དེའི་ཚེ་འོ་ན་བརྡ་རྟོག་པའི་ཐབས་མེད་པ་ནི་རྣམ་པར་རྟོག་པ་མེད་པ་ཉིད་ཀྱི་རྒྱུར་མི་འགྲུབ་བོ། །དེ་

ལྟར་ན་བྱིས་པ་གཞོན་ནུའི་རྒྱུད་ལ་གནས་པའི་དབང་པོའི་ཤེས་པ་ཡང་རྣམ་པར་རྟོག་པར་འགྱུར་བའི་ཕྱིར་དཔེར་མ་གྲུབ་པ་ཡིན་ནོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་ཉི་ཤུ་བདུན་པ། གལ་ཏེ་བརྡ་ལ་མ་བྱང་བའི། །ཡིད་བྱིས་པ་བརྡ་ལ་མ་བྱང་དུ་ཟིན་ཀྱང་། དཔྱོད་པར་བྱེད་

Vol. 175 · folio 175b

པ་ཉིད་ཡིན་པའི་ཕྱིར་བརྡའི་རྒྱུར་གྱུར་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡོད། རྣམ་པར་དཔྱོད་པར་བྱེད་པའི་ཡིད་དེས་ནི་བརྡ་ཡིན་པར་འདོད་པ་དེ་ལྟར་ན། བརྡ་ཡི་རྒྱུ་དང་བྲལ་བའི་ཕྱིར། །ཞེས་བྱ་བ་ནི་གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེ་ན། དེའི་ཚེ་ཇི་ལྟར་དེ་ལ་ཡིད་བརྡ་ལ་མ་བྱང་བའི་རྣམ་པར་དཔྱོད་པར་

བྱེད་པ་ཉིད་ཡིན་པར་འདོད་ན། དེ་བཞིན་དབང་སྐྱེས་ལ་ཡང་འགྱུར། །གལ་ཏེ་ཡང་དེ་ལ་སྒྲ་དང་འདྲེ་བ་མེད་པ་དེ་ལྟར་ན་ཡང་ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་དཔྱོད་པར་བྱེད་པ་ཡིན་པ་བཞིན་དུ་དབང་པོའི་ཤེས་པ་ངེས་པའི་བདག་ཉིད་ཅན་བརྗོད་པ་དང་འདྲེར་རུང་བ་འབྱུང་བ་ལ། འཐད་པ་བརྗོད་པ་མེད་

པའི་ཕྱིར་བཟློག་པ་མེད་པ་ཉིད་ཡིན་ནོ། །དེ་ལྟར་དཔེ་མ་གྲུབ་པ་ཉིད་དུ་འགྱུར་རོ། །འདི་འདྲ་འདི་ཡང་ལྷག་ལྡན་ཡིན། །དབང་སྐྱེས་ལ་སོགས་ཕྱིར་ཞེས་བྱ་བ་ལ་སོགས་པའི་རྟགས་ནི་བསྒྲུབ་པ་དང་དགག་པ་དག་ལ་འབྲེལ་པ་དང་འགལ་བ་མ་བསྒྲུབས་པའི་ཕྱིར་རོ། །ཅི་སྟེ་ཡང་བྱིས་པའི་

དབང་པོའི་ཤེས་པ་གོ་བར་བྱེད་པའི་རྟགས་གཞན་གྱི་རྣམ་པར་རྟོག་པ་མེད་པར་རབ་ཏུ་བསྒྲུབས་པ་དཔེ་ཉིད་དུ་བསྟན་པ་དེའི་ཚེ་བྱིས་པའི་དབང་པོའི་ཤེས་པ་ལ་སྒྲུབ་བྱེད་གང་ཡིན་ཉིད། རྣམ་པར་རྟོག་པ་དང་བྲལ་བར་གྲུབ་པར་རུང་ཞེས་བརྗོད་པའི་སྒྲུབ་བྱེད། དེ་ཉིད་འདིར་ཡང་སྐྱེས་བུ་བརྡ་ལ་བྱང་

བའི་དབང་པོ་ཤེས་པ་ལ་རྣམ་པར་མི་རྟོག་པ་ཉིད་དུ་བསྒྲུབ་པ་ཡང་བརྗོད་བྱ་སྟེ་བསྟན་པར་བྱ་བ་ཡིན་ན། དབང་སྐྱེས་ལ་སོགས་ཕྱིར་ཞེས་བྱ་བ་ལ་སོགས་པ་ཉེ་བར་འགོད་པས་ཅི་ཞིག་བྱ། ཅིའི་ཕྱིར་ཞེ་ན། དབང་པོའི་བློ་དག་མཚུངས་ཕྱིར་རོ། །སྐྱེས་བུ་བརྡ་ལ་བྱང་བ་དང་བྱིས་པའི་དབང་པོ་ཤེས་པ་གང་

ཡིན་པ་དེ་དག་ལ་སོ་སོའི་ཁྱད་པར་ཅུང་ཟད་ཀྱང་མེད་ན། གང་གིས་ན་བྱིས་པའི་དབང་པོའི་ཤེས་པ་བསྒྲུབ་པར་བྱ་བ་དེ་ལས་གཞན་པའི་དཔེ་ཉིད་ཡིན། འདིས་ནི་མྱོང་སོགས་བཤད་པ་ཡིན། །དབང་པོ་ལས་སྐྱེས་པ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་སྐྱོན་གང་ཡིན་པ་དེ་དག་ཐམས་ཅད་ལས་

ཉམས་སུ་མྱོང་བའི་རྣམ་པས་འཇུག་པ་ཉིད་ཀྱི་ཕྱིར་དང་། ཡིད་ལས་བྱུང་བ་མ་ཡིན་པ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་རིགས་ཀྱི་ཐལ་བར་འགྱུར་བ་དེ་ལྟར་ན་དེ་བས་ན། འདི་ཇི་ལྟ་བར་འདིར་གཏན་ཚིགས་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །ཞར་ལ་འོང་བ་བསྟན་ནས་ད་ནི་རྣམ་པར་རྟོག་པ་མེད་པ་

Vol. 175 · folio 176a

ཉིད་དུ་བསྒྲུབ་པའི་ཕྱིར། སློབ་དཔོན་ཉིད་ཀྱིས་རིག་པ་གཞན་བསྟན་པའི་ཕྱིར། ཁྱད་པར་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་གང་གིས་ཁྱད་པར་ཅན་དུ་རྟོགས་པ་དེའི་རྟོགས་པའི་རྣམ་པ་འདི་ཡིན་ཏེ། འདི་ལྟར་ཤེས་པས་ཁྱད་པར་དང་ཁྱད་པར་གྱི་གཞི་སྣང་བ་ཐ་དད་པ་ཅན་

དང་རང་གི་ངོ་བོར་བཟུང་ནས་སོ། །ཁྱད་པར་དང་ཁྱད་པར་གྱི་གཞི་ཐ་དད་པར་ཉེ་བར་མཚོན་པ་དེ་དག་ནི། འབྲེལ་པ་དང་འཇིག་རྟེན་གཞུང་ལུགས་ནི། སྒྲའི་ཐ་སྙད་ཀྱི་རིག་པའོ། །ཕྱིས་དེས་ཁྱད་པར་ཅན་འཛིན་པ་ཡིན་ཏེ། དཔེར་ན་རང་གི་ངོ་བོ་བཟུང་བ་ཅན་གྱི་ལྷ་སྦྱིན་དེ་ལས་ལྡོག་པའི་ངོ་བོ་ཅན་གྱི་དབྱུག་པ་

འཛིན་པས་ཁྱད་པར་ཅན་དུ་གྱུར་པ་རྟོགས་པ་ན། དབྱུག་པ་ཅན་ཞེས་བཟུང་བ་ལྟ་བུའོ། །དེ་དེ་ལྟར་ན་འཇིག་རྟེན་གྱི་ཁྱད་པར་ལ་སོགས་པ་བཟུང་ནས་དེ་དག་གཅིག་བྱས་ནས། ཁྱད་པར་ལ་སོགས་པ་བསྲེས་ནས་ཁྱད་པར་དང་ལྡན་པའི་དོན་དེ་ལྟར་རྟོགས་ཀྱི་གཞན་མིན་ཏེ། ཁྱད་པར་དང་ཁྱད་པར་གྱི་

གཞི་དང་འབྲེལ་པ་དང་། འཇིག་རྟེན་གྱི་གཞུང་ལུགས་རྣམས་རྟོགས་པ་མེད་ན་བསྲེས་ནས་འཛིན་པ་མ་ཡིན་ནོ། །གང་གི་ཚེ་དེ་ལྟ་ཡིན་པ་དེའི་ཚེ་དཔེར་ན་དབྱུག་པ་ཅན་བཞིན། ལྷ་སྦྱིན་དང་དབྱུག་པ་བདག་ཉིད་ཇི་ལྟ་བ་བཞིན་དུ་སྣང་བས་དེ་དག་གི་འབྲེལ་པ་ལ་སོགས་པ་ཉེ་བར་མཚོན་པ་དེའི་ཚེ་

དབྱུག་པ་ཅན་ཞེས་རྟོགས་པར་འགྱུར་གྱི་བཟློག་པ་ལས་མ་ཡིན་ནོ། །དེ་ལྟར་ན་འདི་ནི་རིགས་ཡིན་ལ། འདི་ནི་རིགས་དང་ལྡན་པ་ཡིན་ནོ་ཞེས་རྣམ་པར་འབྱེད་པས་རིགས་དང་རིགས་དང་ལྡན་པ་དང་། ཡོན་ཏན་དང་ཡོན་ཏན་དང་ལྡན་པ་དང་། ལས་དང་ལས་དང་ལྡན་པ་དང་། རྭ་དང་རྭ་དང་ལྡན་པའི་ངོ་

བོ་དབང་པོའི་བློ་ལ་སྣང་བ་མ་ཡིན་ནོ། །གང་གི་ཕྱིར་སྣང་བ་ཉེ་བར་མཚོན་པའི་ངོ་བོར་བསྲེས་ནས་དབྱུག་པ་ཅན་བཞིན་དུ་དེ་དང་ལྡན་པ་དེ་འཛིན་པར་འགྱུར་བ་དེའི་ཕྱིར་སྣང་བ་ཐ་དད་པ་མེད་ན། རིགས་སོགས་ཀྱིས་བྱེ་བྲག་དཔྱོད་པ་མེད་ཕྱིར། ཇི་ལྟར་དབྱིག་པ་འཛིན་པར་འགྱུར། །དེ་བས་ན་སྣང་བ་ཉིད་དུ་ཁས་

བླངས་པའི་རིགས་ལ་སོགས་པ་མ་ཡིན་ནོ། །རིགས་ལ་སོགས་པ་དེ་ལྟར་ན་རིགས་ལ་སོགས་དང་ལྡན་པ་སྦྱོར་དག་མེད་པ་ཡིན་ནོ། །དེ་ལྟར་ན་གང་ཞིག་གང་ལས་ཐ་དད་པར་བློ་ལ་སྣང་བ་དེ་ནི་འགའ་ཞིག་གི་ཁྱད་པར་ཡིན་ནོ། །འབྲེལ་པ་ཅན་ཐ་དད་པར་རྟོགས་པ་མེད་པའི་ཕྱིར་རྟོགས་པ་མེད་

Vol. 175 · folio 176b

པས་ན་འབྲེལ་པ་མ་གྲུབ་པའི་ཕྱིར་རོ། །བསྲེ་བ་མེད་པ་དེའི་ཕྱིར་འདི་ལ་རིགས་དང་ལྡན་པ་ལ་སོགས་པ་ལ། རྟོགས་པའང་མེད། སྒྲའི་རྟོག་པ་འབའ་ཞིག་ལུས་པར་འགྱུར་བ་དེ་ཡང་ཇི་སྐད་དུ་བཤད་པའི་རིགས་པས་ཡོད་པ་མ་ཡིན་ནོ། །བྱེད་པ་འདི་ཙམ་གྱིས་ཀྱང་དབང་པོའི་ཤེས་པ་བྱེད་པར་ནུས་པ་མ་

ཡིན་པ་དེ་ལྟར་ན་དེ་བརྗོད་པ་དང་འདྲེས་པའི་དོན་འཛིན་པའི་ཕྱིར་རང་བཞིན་གང་ལས་ཡིན། དེ་ལྟར་ན་རྟོགས་པ་མེད་པ་ཉིད་ཡིན་ནོ། །རྗེས་སུ་འགྲོ་བ་ཅན་གྱི་སྤྱི་མེད་ན། རྗེས་སུ་འགྲོ་བ་མེད་པ་ཅན་གྱི་བ་ལང་ལ་སོགས་པའི་གསལ་བ་ལ་ཤེས་པ་འདི་རྗེས་སུ་འགྲོ་བ་ཅན་དེར་མི་འགྱུར་ན། དེ་ཡང་ཡོད་པ་

དེའི་ཕྱིར་སྤྱི་ཡོད་པ་ཡིན་ནོ་ཞེ་ན། རྗེས་འགྲོ་ཅན་གྱི་རྣམ་ཤེས་གང་། །སྤྱི་རབ་ཏུ་གྲུབ་པར་བྱ་བའི་ཕྱིར་བརྗོད་པའོ། །དེ་ཡང་སྒྲ་དང་གསལ་བར་སྣང་། །སེམས་དེ་ལ་བ་ལང་གི་ཁ་དོག་དང་དབྱིབས་དང་མིང་འགའ་ཞིག་སྣང་བ་ཡིན་གྱི། རང་གི་བདག་ཉིད་ལ་ཡང་སྤྱིའི་ངོ་བོ་ཁ་དོག་དང་དབྱིབས་དང་མིང་གི་

རྣམ་པ་ཐ་དད་པར་གཟུང་བ་ཉིད་དུ་སྣང་བ་མ་ཡིན་ན། གང་ལས་རྗེས་སུ་འགྲོ་བ་ཅན་གྱི་ཤེས་པ་འདི་ལས་ཕྱི་རོལ་ཏུ་གྲུབ་པ་ཡིན་ཏེ། སྤྱི་ནི་ཁ་དོག་ལ་སོགས་པ་སྣང་བ་མ་ཡིན་ནོ། །འདི་ལྟར། ཁ་དོག་དབྱིབས་ཡིག་རྣམ་པ་ཡིས། །སྟོང་པ་བ་ལང་ཉིད་དུ་བརྗོད། །སྔོན་པོ་ལ་སོགས་པའི་ཁ་དོག་དང་

དབྱིབས་དང་མིང་གི་རྣམ་པ་དང་བྲལ་བའི་སྤྱི་བརྗོད་པ་ཡིན་ནོ། །དེ་ཡང་ཇི་ལྟར་སྣང་བ་བཞིན་གྱི་ཁ་དོག་ལ་སོགས་པའི་རྣམ་པ་གསུམ་ལས་ཐ་དད་པའི་སྤྱིའི་རྣམ་པ་ཉེ་བར་མཚོན་པ་མེད་ཅིང་། ཉེ་བར་མ་མཚོན་པ་ཡང་ཡོད་པ་ཉིད་དུ་ཁས་ལེན་པས། ཇི་ལྟར་ན་བདག་དང་གཞན་སླུ་བར་བྱེད། དེ་ལྟར་ནི་

འགྱུར་མོད་ཀྱི། དེ་ཉིད་མཚུངས་པ་ཉིད་ཡང་། ཁ་དོག་དང་དབྱིབས་དང་སྒྲར་སྣང་བ་གང་ཡིན་པ་དེ་ཉིད་སྤྱི་ཉིད་དུ་འགྱུར་བ་ཡིན་ནོ་ཞེ་ན། གལ་ཏེ་ཡང་རྣམ་པར་བརྟག་པར་བྱ་བ་མ་ཡིན་པ་དེ་ལྟར་ན་ཡང་ཁ་དོག་ལ་སོགས་པར་སྣང་བའི་སྤྱིར་འདོད་པ་འདི་ནི། མིག་གི་སྤྱོད་ཡུལ་ལ་མཐོང་མེད། །དབང་པོའི་

ཡུལ་གྱི་དོན་ལ་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་ལ་སྣང་བའི་ཁ་དོག་ལ་སོགས་པའི་སྣང་བ་མི་གསལ་བ་འདི་སྣང་བ་གསལ་བ་ཅན་གྱི་དབང་པོའི་རྣམ་པར་ཤེས་པ་ལ་སྣང་བ་ཡོད་པ་མ་ཡིན་ནམ་གང་གིས་ན་མཚུངས་པ་ཉིད་དུ་སྣང་བར་བརྟགས་པ་དེས་དབང་པོའི་རྣམ་པར་ཤེས་པས་དོན་ཁྱད་པར་ཅན་

Vol. 175 · folio 177a

རྟོགས་པར་འགྱུར་ཏེ། གང་གིས་མངོན་སུམ་རྣམ་པར་རྟོག་པ་དང་བཅས་པ་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་ཡང་གང་གིས་གང་ལས་ཐ་དད་པར་རྟོགས་པ་མེད་པ་གང་ཡིན་པ་དེ་ནི། དེས་ཁྱད་པར་ཅན་དུ་བྱས་པའི་དོན་དེ་འཛིན་པ་མ་ཡིན་ཏེ། དཔེར་ན་ཆུ་ཉུང་ཟད་དང་འདྲེས་པ་ཅན་གྱི་འོ་

མ་དེ་དག་གི་ཐ་དད་པ་མཐོང་བའི་ངང་ཚུལ་ཅན་མ་ཡིན་པ་ལྟ་བུའོ། །མིག་གི་རྣམ་པར་ཤེས་པས་ཀྱང་མིག་གི་ཡུལ་གསལ་བའི་ངོ་བོ་ལས་ཐ་དད་པར་ཁ་དོག་དང་དབྱིབས་དང་། ཡི་གེའི་རྣམ་པའི་ངོ་བོ་ཅན་གྱི་རིགས་རྟོགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་རྒྱུ་མི་དམིགས་པའོ། །གཏན་ཚིགས་མ་

གྲུབ་པ་ཡང་མ་ཡིན་ཏེ། འདི་ལྟར་དབང་པོའི་བློ་ལ་ཁ་དོག་དང་དབྱིབས་ཀྱི་ངོ་བོ་གསལ་བ་གཅིག་ཉིད་སྣང་གིས། གཞན་སྣང་བ་མི་གསལ་བ་ནི་མ་ཡིན་ཏེ། སྣང་བ་གཉིས་ནི་མེད་ཕྱིར་ཡང་། །བློ་ཡི་ཐ་དད་རྙེད་པར་དཀའ། །ཁ་དོག་ལ་སོགས་པའི་རྣམ་པ་དེ་ལས་ཐ་དད་པ་གསལ་བའི་ངོ་

བོ་དག་གིས་སྣ་ཚོགས་པར་སྣང་བ་དབང་པོའི་ཤེས་པ་ལ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་། དབང་པོས་འཕྲོད་འདུ་འཛིན་མེད་ཕྱིར། །འཕྲོད་པ་འདུ་བ་དབང་པོ་ལས་འདས་པ་ཉིད་ཡིན་པས་ན་རིགས་དང་དེ་དག་ལྡན་པ་དག་གི་འཕྲོད་པ་འདུ་བ་འཛིན་པ་མེད་པའི་ཕྱིར། འབྲེལ་པ་

མཐོང་བ་མེད་པར་གནས། །གྲུབ་པ་ཡིན་པ་དེ་ལྟར་ན་རིགས་ཀྱིས་ཁྱད་པར་དུ་བྱས་པའི་དོན་རྟོགས་པ་ཡོད་པ་མ་ཡིན་ནོ། །སྦྱོར་བ་ནི་གང་གིས་གང་དག་གི་འབྲེལ་པ་རྟོགས་པ་མ་ཡིན་པ་དེས་ནི་དེས་ཁྱད་པར་ཅན་དུ་བྱས་པའི་དོན་དེ་འཛིན་པ་མ་ཡིན་ཏེ། དཔེར་ན་སྐྱེས་བུས་ལྷ་སྦྱིན་དང་དབྱུག་པའི་

འབྲེལ་པ་མ་མཐོང་བ་ལྟ་བུའོ། །དབང་པོའི་ཤེས་པས་ཀྱང་རིགས་ཀྱི་འབྲེལ་པ་རྟོགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་རྒྱུ་མི་དམིགས་པ་ཉིད་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་འཕྲོད་པ་འདུ་བ་ཡོད་པ་ཡིན་ན། ཇི་ལྟར་ན་སྣལ་མ་འདི་ལ་སྣམ་བུ་ཞེས་བྱ་བ་ལ་སོགས་པའི་བློ་འབྱུང་བར་

འགྱུར། དེ་ལྟར་ན་གང་དང་གང་བློ་ཡིན་པ་དེ་དང་དེ་ནི་རྒྱུ་མཚན་དང་བཅས་པ་ཡིན་ཏེ། དཔེར་ན་མིག་ལ་སོགས་པའི་བློ་ལྟ་བུའོ། །དེ་བས་ན་འདིས་རྒྱུ་མཚན་དང་བཅས་པར་འགྱུར་བར་རིག་པར་བྱའོ་འདིའི་བློའི་རྒྱུ་མཚན་ནི་སྣལ་མའམ་སྣམ་བུ་འབའ་ཞིག་གམ། གཉི་ག་ཡང་མ་ཡིན་

Vol. 175 · folio 177b

པའོ། །དེའི་ཕྱིར་རྒྱུ་མཚན་གང་ཡིན་པ་ནི་འཕྲོད་པ་འདུ་བ་ཡིན་ནོ་ཞེ་ན། དེ་ནི་འདིར། སྣལ་མ་འདི་ལ་སྣམ་བུ་སོགས། །སྒྲ་འདི་རྣམས་ཀྱང་རང་གིས་བྱས། །དངོས་པོའི་སྟོབས་ཀྱིས་འོས་པ་མ་ཡིན་ཞིང་། །འཇིག་རྟེན་པའི་ཡང་མ་ཡིན་ཏེ། དངོས་པོ་མེད་པ་དང་འབྲེལ་པ་ཅན་གྱི་སྒྲ་རང་གིས་

སྦྱར་བ་རྣམས་ནི་དོན་འཆད་པ་ལ་གཞན་བརྒལ་ཅིང་བརྟག་པ་རིགས་པ་མ་ཡིན་ནོ། །ཇི་སྐད་དུ་བསྟན་པ་འདིས་ནི་འདི་ལས་བློ་དེ་འདྲ་བ་ཉིད་ནི་དངོས་པོ་ལས་མ་ཡིན་ཞིང་། འཇིག་རྟེན་གྱི་གྲགས་པས་ཡིན་པ་དེ་ལྟར་ན། ཆོས་ཅན་མ་གྲུབ་པའི་སྐྱོན་བསྟན་པ་ཡིན་ནོ། །འཇིག་རྟེན་ཞེས་བྱ་བ་ལ་སོགས་

པ་ཆོས་ཅན་མ་གྲུབ་པ་དེ་ཉིད་ལ་འཇུག་པར་བྱེད་དོ། །བ་ལང་ལ་རྭ་ཞེས་འཇིག་རྟེན། འཇིག་རྟེན་ན་བ་ལང་ལ་རྭ་ཞེས་བྱ་བ་དེ་ལྟ་བུའི་ཐ་སྙད་ཡོད་པ་མ་ཡིན་ནོ། །གང་ཡང་ཁྱེད་ཅག་གིས་རྭ་ལ་བ་ལང་ཞེས་བརྗོད་པ་དེ་ནི་འཇིག་རྟེན་མིན། དེ་ལྟར་ནི་འགྱུར་མོད་ཀྱི། རྭ་ལ་བ་ལང་ངམ་བ་ལང་ལ་རྭ་ཞེས་

འགྱུར་བ་ནི་བླ་སྟེ། དེ་ལྟ་ན་ཡང་འདི་ལ་ཞེས་བྱ་བའི་རྒྱུ་མཚན་དུ་གྱུར་པའི་འབྲེལ་པ་ནི་མ་བཟློག་པ་ཉིད་ཡིན་ནོ་ཞེ་ན། འདིར་དེ་ལྟར་བརྟགས་པ་དེ་ཡང་ཡིད་ལ་རེ་བ་ཙམ་ཉིད་ཡིན་ནོ། །དེ་ལྟར་འཕྲོད་པ་འདུ་བ་ལས་འཇིག་རྟེན་འདི་ལ་བ་ལང་ཞེས་བྱ་བའི་ཐ་སྙད་བྱེད་པ་མ་ཡིན་ཏེ། དེ་ནི་དབང་པོ་ལས་

འདས་པ་ཉིད་ཡིན་པའི་ཕྱིར་རོ། །འོ་ན་ཅི་ཡིན་ཞེ་ན། བ་ལང་ཞེས་ལྷག་ཡན་ལག་རྣམས། །རྣམ་ཆད་དམིགས་སུ་མེད་ཕྱིར་རོ། །རྭ་རྣམ་པར་དོར་ནས་བ་ལང་གི་མིང་ཅན་ནོག་དང་ལྐོག་ཤལ་དང་མཇུག་མ་དང་རྨིག་པ་སྟེ་ཡན་ལག་ལྷག་མ་གང་ཡིན་པ་འོག་ནས་གནས་པ་དེ་དག་དང་འབྲེལ་པའི་སྟེང་གི་རྭ་

ཞེས་ཐ་སྙད་འདོགས་པ་ཡིན་གྱི། འཕྲོད་པ་འདུ་བས་བྱས་པ་མ་ཡིན་ནོ། །དེ་བཞིན་དུ་མཐོང་བའི་ཡན་ལག་ལྷག་མ་རྣམས་དང་། འབྲས་བུ་རྭ་ནི་རང་གི་རྒྱུ་དང་ཡུལ་རྣམ་པར་མ་ཆད་པར་སྐྱེས་པའི་ཕྱིར་རོ། །འདི་ལྟར་གསལ་བ་གཞན་དང་འབྲེལ་པ་ཅན་གྱི་རྭ་ཆགས་པ་གསལ་བ་གཞན་གྱི་རྭའི་གནས་དང་

འབྲེལ་པ་ལ་རྣམ་པར་ཆད་པ་མི་དམིགས་པའི་ཕྱིར་འདི་ལ་བློ་འགྱུར་བ་ཡིན་གྱི། དེ་དག་ནི་འཕྲོད་པ་འདུ་བ་ལས་མ་ཡིན་ནོ། །དེ་ལ་ཡན་ལག་ཅན་དེས་བརྩམས་པ་ནི་མ་ཡིན་ཏེ། རྫས་གཞན་གྱི་ཡན་ལག་དག་གིས་རྫས་གཞན་རྩོམ་པ་མེད་པའི་ཕྱིར་རོ། །དེ་འཁྲུལ་པ་ཡིན་ནོ། །བརྫུན་ཡིན་ཏེ། གཞན་ལ་ཡང་

Vol. 175 · folio 178a

ཁྱད་པར་མེད་པའི་ཕྱིར་རོ། །གཞན་ཡང་འཇིག་རྟེན་ན་སྣལ་མ་ལ་སྣམ་བུ་ཞེས་གྲགས་པ་མ་ཡིན་གྱི། འོན་ཀྱང་སྣལ་མ་དེ་རྣམས་ཀྱིས་ཞེས་བྱ་བ་ནི་ལྐོག་ཏུ་གྱུར་པ་བརྗོད་པའོ་སྨྲས་སོ། །སྣམ་བུ་འདི་ཞེས་ད་ལྟར་གྱི་དུས་བརྗོད་པས་འཇིག་རྟེན་ན་ཕྱིས་འབྱུང་འབྲས་བུ་བརྗོད་ཡིན་གྱི། ཅི་

འདྲ་བ་ཞིག་ཅེ་ན། སྣལ་མ་འདུས་བྱས་ལས་འབྱུང་བ་སྟེ། དང་པོར་སྣལ་མ་རང་གི་ངང་གིས་འགག་པ་ན། འདིའི་ཉེ་བར་ལེན་པ་ཅན་གྱི་སྣམ་བུ་ཞེས་བྱ་བའི་འབྲས་བུ་འབྱུང་བར་འགྱུར་རོ། །དོན་དེ་ཉིད་རྟོགས་པར་བྱ་བའི་ཕྱིར་མདོར་བསྡུས་བྱས་པ་སྨོས་པ་མཛད་དོ། །འགའ་ཞིག་གི་ཚེ་ཡང་དུས་

གཅིག་མིན། སྣལ་མ་ཞེས་བྱ་བའི་རྒྱུ་དང་དེར་འདུ་བ་དང་ལྡན་པ་སྣམ་བུ་ཞེས་བྱ་བ་འབྲས་བུའི་རྫས་ནི་སྣལ་མ་འདི་ལ་སྣམ་བུ་ཞེས་བརྗོད་པ་མ་ཡིན་ནོ། །རྒྱུ་དག་ལ་ནི་སྒྲོ་འདོགས་པ། །སྣལ་མ་ཞེས་བྱ་བའི་རྒྱུའི་ཆོས་སྒྲོ་བཏགས་པའི་ཕྱིར་སྐྱེས་བུ་འགའ་ཞིག་སྐབས་འགའ་ཞིག་ཏུ་སྣམ་བུ་ཞེས་བྱ་

བའི་འབྲས་བུ་སྣལ་མ་ཞེས་འཇུག་པར་འགྱུར། དཔེར་ན་སྣལ་མ་དེ་དག་གང་ལ་ཞེས་དྲིས་པ་ན། ལན་དུ་ད་ལྟར་གྱི་སྣམ་བུ་བསྟན་ནས། སྣམ་བུ་གང་ཡིན་པ་འདི་དང་འདི་ཡིན་ནོ་ཞེས་སྨྲ་བ་ལྟ་བུའོ། །སྣལ་མ་གཅིག་ནི་བྱུང་ནས་ཀྱང་། །དེ་བཞིན་དུ་དྲིས་པར་གྱུར་པ་ན་དེས་སྣམ་བུ་ལས་སྣལ་མ་

གཅིག་ཕྱུང་ནས་སྣལ་མ་འདི་ཡིན་ནོ་ཞེས་སྣམ་བུའི་སྒྲ་རྟེན་ཏེ། རྒྱུ་སྟོན་པ་ན་སྣལ་མ་ཞེས་བྱ་བ་དེ་ལ་འཇུག་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །སྣལ་མ་འདི་ལ་སྣམ་བུ་ཞེས་དེ་སྐད་དུ་ནི་སྟོན་པར་མི་འགྱུར་རོ། །དེ་ལྟ་བུར་གྱུར་པ་དེའི་རྣམ་པ་ཡོངས་སུ་གྱུར་པ་དག་ལ་སྣམ་བུ་ཞེས་ཐ་སྙད་འདོགས་པ་

ཡིན་ནོ། །འབྲས་བུ་སྣལ་མ་ཞེས་བྱ་བའི་ཐ་སྙད་འཇུག་པར་འགྱུར་གྱི། དུས་གཅིག་ལ་ཡང་སྣལ་མ་ཞེས་བྱ་བའི་རྒྱུ་དང་འབྲས་བུ་སྣམ་བུ་ལ་ཁར་གཞོང་དང་རྒྱ་ཤུག་གི་འབྲས་བུ་བཞིན་དུ་རྣམ་པར་ཕྱེ་ནས་སྟོན་པ་ན། སྣལ་མ་དེ་དག་ལ་གཞན་སྣམ་བུ་འདི་ཞེས་འགའ་ཞིག་ཀྱང་ཐ་སྙད་འདོགས་

པར་མི་བྱེད་དོ། །འདིར་བ་ལང་རྭ་ཞེས་བྱ་བ་འདིའི་བློ་གང་ཡིན་པ་དེ་ལ་ཡང་རྭ་ལས་ཐ་དད་པའི་ཡན་ལག་རྣམས་དང་། རྭ་ཕན་ཚུན་འབྲེལ་པ་ལས་ཡུལ་མ་ཆད་པ་ཉིད་ལ་རྭ་ཞེས་བྱ་བ་དང་། དེ་དག་སྐྱེད་པར་བྱེད་པས་གང་དག་ཕན་ཚུན་ཕན་གདགས་ཕན་འདོགས་བྱེད་ཉིད་དམ། གཅིག་ལ་གཅིག་ཕན་

Vol. 175 · folio 178b

གདགས་པར་བྱ་བ་དང་། ཕན་འདོགས་པར་བྱེད་པ་དེ་ཉིད་འདིའི་བློའི་རྒྱུ་མཚན་ཡིན་གྱི། འཕྲོད་པ་འདུ་བ་ཡང་མ་ཡིན་ནོ། །རྣམ་པར་ཆད་པ་མཐོང་མེད་ཉིད། །ནོག་དང་། ལྒོག་ཤལ་ལ་སོགས་པ་འོག་ན་གནས་པ་དང་། འབྲེལ་པ་སྟེང་གི་རྭ་རྣམ་པར་ཆད་པ་མཐོང་བ་མེད་པ་ཉིད་ཡིན་ཏེ་གང་མ་ཆད་པ་ཉིད་

མཐོང་བ་ཞེས་བྱ་བའི་དོན་ཏོ། །རྣམ་པར་ཆད་པ་མཐོང་བ་དེ་ནི་འདིའི་བློ་རྟེན་ཡིན་གྱི་འཕྲོད་པ་འདུ་བ་ནི་མ་ཡིན་ཏེ། དེ་ནི་དབང་པོ་ལས་འདས་པ་ཉིད་ཡིན་པར་ཁས་ལེན་པའི་ཕྱིར་རོ་ཞེས་མང་དུ་བཤད་ཟིན་ཏོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་འདི་ལ་ཞེས་བྱ་བའི་ཐ་སྙད་དོན་གཞན་གྱི་རྒྱུ་མཚན་ཉིད་ཡིན་

པས་ན་ལ་ལར་དངོས་མ་ཡིན་པ་དེའི་ཚེ། ཉེ་བར་བཏགས་པ་ཡང་མི་འགྱུར་ཏེ། ཉེ་བར་བཏགས་པ་ནི་དངོས་ཀྱི་རྟེན་ཉིད་ཡིན་པའི་ཕྱིར་རོ་ཞེ་ན། དོན་གཞན་གྱི་རྟེན་ཅན་གྱི་ཐ་སྙད་ཀྱི་སྤྱོད་ཡུལ་གྱི་དངོས་པོ་ནི་དངོས་པོ་མ་ཡིན་གྱི། འོན་ཀྱང་དངོས་པོ་དེ། འཁྲུལ་མེད་ཤེས་ཅན་དངོས་པོ་ཡི། །བརྡ་ཡི་སྤྱོད་ཡུལ་

གང་ཡིན་དངོས། །འཁྲུལ་པ་མེད་པར་འཇུག་པའི་ཤེས་པའི་ཡུལ་སྔོན་གྱི་བརྡའི་ཡུལ་གང་ཡིན་པ་དེ་ནི་དངོས་ཡིན་ལ་གཞན་ནི་ཕལ་པ་ཡིན་ཏེ། དཔེར་ན་བ་ལང་གི་ཤེས་པ་འཁྲུལ་པ་མེད་པ་འཇུག་པའི་ཡུལ་ནོག་དང་ལྐོག་ཤལ་ལ་སོགས་པ་དང་ལྡན་པའི་གོང་བུ་འཇིག་རྟེན་ལ་རབ་ཏུ་གྲགས་པ་

དངོས་ཡིན་ཞིང་། འཁྲུལ་པའི་ཤེས་པ་འཇུག་པའི་ཡུལ་ཅུང་ཟད་ཁུར་བུ་བ་ལ་ཉེ་བར་བཏགས་པ་ལྟ་བུའོ། །དེ་དེ་ལྟར་ན་རིགས་ལ་སོགས་པ་དང་དེ་དང་ལྡན་པ་ལ། རྣམ་པར་ཕྱེ་ནས་མངོན་སུམ་གྱིས་འཛིན་པ་མེད་པ་དེ་ལྟར་ན་མེད་པ་ཉིད་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི་ཤེས་པ་གང་དང་གང་ཁྱད་པར་གྱི་

རྗེས་སུ་འགྲོ་བ་ཅན་དེ་དང་དེ་ནི་ཁྱད་པར་ལས་ཐ་དད་པའི་དོན་གཞན་གྱི་རྒྱུ་མཚན་གྱིས་འཇུག་པ་ཡིན་ཏེ། དཔེར་ན་ལྷ་སྦྱིན་ལ་དབྱུག་པ་ཅན་གྱི་ཤེས་པ་ཐ་དད་པའི་དབྱུག་པའི་ཁྱད་པར་གྱི་རྒྱུ་མཚན་གྱིས་འཇུག་པ་ཡིན་པ་ལྟ་བུའོ། །དེ་ལྟར་ན་སྤྱི་ལ་སོགས་པ་ཐ་དད་པའི་ཁྱད་པར་གྲུབ་པར་འགྱུར་རོ་ཞེ་ན། །དེ་ལ་

འདིར། དངོས་པོ་ལས་ནི་ཐ་དད་ཅན། །རིགས་སོགས་ལ་ནི་དངོས་པོ་ལས་ཐ་དད་པའི་སྤྱི་ལ་སོགས་པ་ཡུལ་དུ་གྱུར་པ་ལ། དེ་ཡོད་པ་ཉིད་དུ་སྒྲུབ་པར་བྱེད་པའི་རྗེས་དཔག་མེད། འདི་ལྟར། དབྱུག་པ་ལ་སོགས་ཐམས་ཅད་ལའང་། །ཁྱད་པར་ལ་སོགས་པ་ཉིད་དུ་འདོད་པ་ལྷ་སྦྱིན་ལ་སོགས་པ་ལ་དབྱུག་པ་ཅན་དུ་

Vol. 175 · folio 179a

ཐ་སྙད་འདོགས་པ་གང་ཡིན་པ་དེ་ནི་དོན་གཞན་གྱུར་པའི་དབྱུག་པ་ཡན་གར་བ་ལས་མ་ཡིན་ཏེ། དེའི་བདག་པོ་མེད་པར་ཡང་དེར་ཐ་སྙད་འདོགས་པར་ཐལ་བའི་ཕྱིར་རོ། །འོ་ན་ཅི་ཡིན་ཞེ་ན། ཀུན་རྫོབ་པ་ལས་དབྱུག་པ་ཅན་དག་ཕན་ཚུན་ཕན་གདགས་པར་བྱ་བ་དང་། ཕན་འདོགས་པར་བྱེད་པའི་

དངོས་པོ་ཉེ་བར་བཏགས་པའི་གནས་སྐབས་ཀྱི་ཁྱད་པར་དོན་གཞན་དུ་གྱུར་པ་མ་ཡིན་པ་ལས་ཏེ། དེའི་རྣམ་པར་རྟོག་པའི་བློས་སྒྲོ་བཏགས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེས་ནི་དཔེ་མ་གྲུབ་པས་རྗེས་སུ་དཔག་པ་མེད་པར་བསྟན་ཏོ། །དངོས་པོ་ཁང་བཟངས་ཕྲེང་ལ་སོགས། །སྒྲ་རྣམས་ཀྱང་གཞན་ལ་ལྟོས་མིན། །

དངོས་པོ་དངོས་གཞི་ཞེས་རྗེས་སུ་འགྲོ་བ་ཅན་གྱི་སྒྲའམ་ཤེས་པ་ནི་ཚིག་གི་དོན་ཐམས་ཅད་བརྗོད་པའི་ངང་ཚུལ་ཅན་ཡིན་ནོ། །ཁང་བཟངས་ཀྱི་ཕྲེང་ཞེས་བྱ་བ་ནི་ཁྱད་པར་ཅན་ཡིན་ནོ། །ཁྱད་པར་གྱི་ཤེས་པ་དང་རྗེས་སུ་འགྲོ་བ་ཅན་གྱི་སྒྲ་གང་ཡིན་པ་འདི་དང་སོགས་པ་སྨོས་པ་ནི་གྲོང་ཁྱེར་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་

པའི་ཐ་སྙད་སྔར་དཔྱད་ཟིན་ཏོ། །དེ་ལ་སྒྲ་འདི་ཐམས་ཅད་གཞན་ལ་ལྟོས་པ་མེད་པར་ཞེས་བྱ་བ་འདིས་མ་ངེས་པ་སྟོན་པར་བྱེད་དོ། །དེ་ལྟར་ན་དངོས་པོ་དངོས་པོ་ཞེས་བྱ་བའི་རྗེས་སུ་འགྲོ་བའི་ཐ་སྙད་དམ། ཁང་བཟངས་ཀྱི་ཕྲེང་བའི་སྒྲ་འཇུག་པ་ལ་དངོས་པོ་ཐམས་ཅད་ཀྱི་རྗེས་སུ་འགྲོ་བའི་ངང་ཚུལ་ཅན་གྱི་ཐ་དད་པའི་

ཁྱད་པར་གྱི་རྟེན་ཡོད་པ་མ་ཡིན་ནོ། །འདིར་རེ་ཞིག་ཁང་བཟངས་ཉིད་ནི་རྫས་མ་ཡིན་ཏེ། ཤིང་ལ་སོགས་པའི་རིགས་མི་མཐུན་པ་ནི་རྫས་མི་རྩོམ་པའི་ཕྱིར་རོ། །ལྡན་པ་ཞེས་བྱ་བ་དོན་གཞན་དུ་གྱུར་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་མོད་ཀྱི། འོན་ཀྱང་ཁས་བླངས་ནས་བརྗོད་པར་བྱ་སྟེ། གལ་ཏེ་ཁང་པའང་ལྡན་ཡིན་ན། །

འགྱུར་བ་དེ་ལྟར་ན་ཡང་། དེ་ཕྲེང་སྟེ་ལྡན་པའི་རང་བཞིན་གྱི་ཁང་བཟངས་ཀྱི་ཕྲེང་བ་ཚིག་གི་དོན་གྱི་རྣམ་པ་དེ་ནི་གང་གིར་འགྱུར། ཚིག་གི་དོན་འགའ་ཞིག་གི་ནང་དུ་ཡང་འདུ་བར་འགྱུར་བ་མ་ཡིན་པ་དེ་ལྟར་ན་ཕྲེང་བ་ཞེས་བྱ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་རིགས་དེ་ནི་རྫས་མ་ཡིན་ཏེ། ཁང་བཟངས་ནི་རྫས་

ཉིད་མ་ཡིན་པའི་ཕྱིར་རོ། །ཡོན་ཏན་ཡང་མ་ཡིན་ཏེ། ཡོན་ཏན་རྣམས་ལ་ཡོན་ཏན་མེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་རིགས་ཡིན་ཏེ། ཁང་བཟངས་ཞེས་བྱ་བའི་ལྡན་པའི་རིགས་ཕྲེང་བ་ཡིན་ནོ་ཞེ་ན། དེའི་ཚེ་ཁང་གཅིག་ཀྱང་སྟེ། ཁང་བཟངས་ལ་ཕྲེང་ཞེས་བརྗོད་ཕྲེང་བའི་སྒྲ་ནི་རིགས་ཀྱི་རྒྱུ་

Vol. 175 · folio 179b

མཚན་ཅན་ཡིན་པའི་ཕྱིར་རོ། །ཅི་དང་འདྲ་བར་ཞེ་ན། ཤིང་བཞིན་དུ། དཔེར་ན་ཤིང་གི་སྒྲ་རིགས་བརྗོད་པའི་ངང་ཚུལ་ཅན་གྱི་པ་ལ་ཤ་ལ་སོགས་པ་མང་པོ་བརྗོད་ཅིང་གཅིག་ཀྱང་བརྗོད་པ་ལྟ་བུའོ། །དེ་བཞིན་དུ་ཁང་བཟངས་གཅིག་ལ་ཡང་ཁང་བཟངས་ཀྱི་ཕྲེང་བའི་སྒྲས་བརྗོད་པར་འགྱུར་ན། བརྗོད་པ་མ་ཡིན་

ནོ། །དེ་བས་ན་ཕྲེང་བའི་སྒྲ་ནི་རིགས་ཀྱི་རྒྱུ་མཚན་ཅན་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་ཡོད་ན་ཡང་མི་འགྱུར་བ་དེ་ནི་དེ་ཙམ་གྱི་རྒྱུ་མཚན་ཅན་མ་ཡིན་ཏེ། དཔེར་ན་ངང་པ་ལ་སོགས་པ་ལ་རྟ་ཡོད་དུ་ཟིན་ཀྱང་བ་ལང་གི་སྒྲ་མེད་པ་ལྟ་བུའོ། །ཁང་བཟངས་གཅིག་ལ་ཡང་ལྡན་པའི་རིགས་ཡོད་ན་ཡང་ཕྲེང་བའི་

སྒྲར་མི་འགྱུར་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །ཕྲེང་མང་པོ་ཉིད་དེ་སྒྲ་ནི། །ཇི་ལྟར་གང་གི་ཚེ། རིགས་ཉིད་ཕྲེང་བ་ཉིད་ཡིན་པ་དེའི་ཚེ་ཁང་བཟངས་ཀྱི་ཕྲེང་བ་མང་པོ་དག་ལ་ཁང་བཟངས་ཀྱི་ཕྲེང་བ་ཁང་བཟངས་ཀྱི་ཕྲེང་བ་ཞེས་བྱ་བ་ཁྱད་པར་གྱི་རྗེས་སུ་འགྲོ་བའི་ཤེས་པར་མི་འགྱུར་རོ། །

རིགས་ཀྱི་རང་བཞིན་གྱི་ཕྲེང་བ་དག་ལ་སྤྱི་གཞན་ཡོད་པ་མ་ཡིན་ཏེ། རིགས་ནི་རིགས་མིན་ཕྱིར་སྤྱི་ལ་ཡང་སྤྱི་ཉིད་མེད་པའི་ཕྱིར་རོ། །གཞན་ཡང་ཁང་བཟངས་ཀྱི་ཕྲེང་བ་ཆེན་པོ་ཞེས་བྱ་བའི་ཐ་སྙད་གང་ཡིན་པ་དེ་དག་གང་གང་གིས་བྱས་ཚད་ནི་ཡོད་པ་མ་ཡིན་ནོ། །ཕྲེང་སོགས་ལྡན་པའི་མཚན་ཉིད་ཅན་གྱི་

ཁང་བཟངས་སམ། རིགས་ཀྱི་མཚན་ཉིད་ཅན་གྱི་ཕྲེང་བ་ལ་ཆེན་པོ་ཉིད་སོགས་ཡོན་ཏན་གྱི་ཚད་ཡོད་པ་མ་ཡིན་ནོ། །གང་ཉེ་བར་བཏགས་ལས་ཁང་བཟངས་ཀྱི་ཕྲེང་བ་ལ་སོགས་པ་ལ་ཆེན་པོ་ཉིད་ལ་སོགས་པའི་ཐ་སྙད་འདོད་ན་ཡང་ཐ་དད་པའི་ཁྱད་པར་མེད་པའི་ཕྱིར་རོ། །དེ་ཡང་རིགས་པ་མ་ཡིན་ཏེ།

འདི་ལྟར་དཔེར་ན་མེ་ཏོག་རྒྱས་པ་ཅན་གྱི་ནགས་ཞེས་བྱ་བ་འདི་ལ་གྲངས་ཀྱི་མཚན་ཉིད་ཅན་གྱི་ནགས་ལ་མེ་ཏོག་མེད་པའི་ཕྱིར་དེ་དག་ནི་རྫས་ལ་ཡོད་པ་ཡིན་པ་ལྟ་བུའོ། །དེ་ལྟར་ན་ཡང་རྫས་གཅིག་ལ་གྲངས་དང་མེ་ཏོག་གི་འཕྲོད་པ་འདུ་བ་ཡོད་པ་དེ་ལྟར་ན། ཁྱེད་ཀྱིས་ཀུན་དུ་བརྟགས་པར་ཉེ་བར་བཏགས་པའི་

ས་བོན་ཡོད་པའི་ཕྱིར་མེ་ཏོག་རྒྱས་པ་ཅན་གྱི་ནགས་ཞེས་ཉེ་བར་བཏགས་པ་ལས་ཐ་སྙད་སྦྱོར་བ་འདོད་མོད་ཀྱི། འདི་ལ་དེ་ཡོད་པ་ཡང་མ་ཡིན་ཏེ། ཤིང་ལ་སོགས་པའི་ཡན་ལག་རེ་རེ་ལ་ཡང་ཡོད་པ་མ་ཡིན་ན་གང་ལས་འབྲེལ་པ་དེ་དང་ལྡན་པའི་རང་བཞིན་ཅན་གྱི་ཁང་བཟངས་ལའམ། དེའི་རིགས་རང་བཞིན་

Vol. 175 · folio 180a

ཅན་གྱི་ཕྲེང་བ་ལ་ཆེན་པོ་པ་ཉིད་ལ་སོགས་པའི་ཐ་སྙད་འདོགས་པར་འགྱུར། དེའི་ཕྱིར་ཕྲེང་བ་ལ་ཆེན་པོ་ཉིད་ལ་སོགས་པའི་ཐ་སྙད་འདི་དངོས་སམ། ཉེ་བར་བཏགས་པ་གཞན་ལ་འཐད་པ་མ་ཡིན་ནོ། །ཁོ་བོ་ཅག་ནི། འདི་དངོས་ཉིད་ཀྱི་ཉེར་བཏགས་མིན། །ཅིའི་ཕྱིར་ཉེ་བར་བཏགས་པ་མ་

ཡིན་ཞེ་ན། དངོས་ཀྱི་ཁྱད་པར་མེད་ཤེས་པས། །གཟུང་བྱ་ཉིད་ཕྱིར་རི་བོ་ལ་སོགས་པའི་ཆེན་པོ་ཉིད་ལ་སོགས་པའི་དངོས་པོ་གང་ཡིན་པ་དེའི་ཡུལ་ཅན་གྱི་ཤེས་པ་འཁྲུལ་པ་མེད་པ་འཇུག་པ་གང་ཡིན་པ་དེ་དང་ཁྱད་པར་མེད་པ་ཅན་ཁང་བཟངས་ཀྱི་ཕྲེང་བ་ལ་འཁྲུལ་པ་མེད་པར་འཇུག་པའི་ཤེས་

པ་གང་ཡིན་པ་དེས་གཟུང་བར་བྱ་བ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་ཡང་གང་དང་གང་དངོས་ཀྱི་ཡུལ་ཅན་གྱི་སྒྲ་དང་ཤེས་པ་ཁྱད་པར་མེད་པ་ཅན་དག་གིས་གཟུང་བར་བྱ་བ་ཡིན་པ་དེ་ནི་དངོས་ཀྱི་དོན་ཡིན་ཏེ། དཔེར་ན་བ་ལང་གི་གསལ་བ་གཅིག་གི་ཡུལ་ཅན་གྱི་སྒྲ་དང་ཤེས་པ་དག་

གིས་ཁྱད་པར་མེད་པར་གཟུང་བར་བྱ་བ། བ་ལང་གི་གསལ་བའི་ཁྱད་པར་གཉིས་པ་ཡིན་པ་ལྟ་བུའོ། །ཁང་བཟངས་ཀྱི་ཕྲེང་བ་ཆེན་པོ་ཡང་རི་བོ་ལ་སོགས་པ་ལ་གནས་པའི་ཆེན་པོ་ཉིད་ལ་སོགས་པའི་དངོས་ཀྱི་ཡུལ་ཅན་གྱི་སྒྲ་དང་། ཤེས་པ་དག་གིས་ཁྱད་པར་མེད་པའི་ཤེས་པས་གཟུང་བར་

བྱ་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གཞན་ཡང་ཐ་དད་པའི་ཁྱད་པར་ཅན་དངོས་པོ་ཡིན་ལ། གཞན་ཉེ་བར་བཏགས་པ་ཡིན་ནོ་ཞེས་བརྗོད་པ་གང་ཡིན་པ་དེ་ཡང་ཡོད་པ་མ་ཡིན་ཏེ། འདི་ལྟར་ཉེ་བར་བཏགས་པའི་དོན་དག་ལ་སྒྲ་ལ་སོགས་པ་འཇུག་པ་གང་ཡིན་པ་འདི་རྒྱུ་

གཞན་མེད་པ་ཉིད་དོན་གཞན་དུ་གྱུར་པའི་རྒྱུ་མཚན་གྱི་ཁྱད་པར་དང་བྲལ་བ་ཉིད་དོ། །དེ་ནི་དངོས་སུ་མངོན་པར་འདོད་པའི་དོན་ལ་ཡང་མཚུངས་སོ། །དེ་སྐད་དུ་དབྱུག་པ་ལ་སོགས་པའི་སྒྲ་ལ་ཡང་རྣམ་པར་རྟོག་པའི་རྣམ་པར་ཤེས་པའི་ཡུལ་དབྱུག་པ་ལ་སོགས་པ་དོན་དམ་པར་ཡོད་པ་ཁོ་ན་ཉིད་

མ་ཡིན་མོད་ཀྱི། ཁྱད་པར་ཉིད་དུ་སྨོས་པ་ཡིན་ནོ་ཞེས་སྔར་བཤད་ཟིན་ཏོ། །གཞན་ཡང་དྲུག་རྣམས་ལ་ནི་རྫས་ལ་སོགས་པའི་ཚིག་གི་དོན་རྣམས་ལ་ཚིག་གི་དོན་ཞེས་བྱ་བའི་སྒྲ་དང་ཤེས་པ་གང་ཡིན་པ་འདི་ཡང་འཇུག་པར་འགྱུར་རོ། །དེ་འཇུག་པར་འགྱུར་བ་ན་ཚིག་གི་དོན་ལས་གཞན་དུ་གྱུར་པའི་ཁྱད་པར་

Vol. 175 · folio 180b

གྱི་ངོ་བོ་རྒྱུ་གཞན་གང་ལ་ལྟོས་པར་འགྱུར་བ་དེ་ལྟར་ན་ལྟོས་པར་འགྱུར་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་དེ་ཉིད་མ་ངེས་པ་ཉིད་ཀྱི་གཞུང་འཛུགས་པར་བྱེད་དོ། །ཁྱེད་ཅག་གི་དངོས་དང་ཉེ་བར་བཏགས་པའི་མཚན་ཉིད་འཇིག་རྟེན་ལ་རབ་ཏུ་གྲགས་པ་ནི་མ་ཡིན་གྱི། འོན་ཀྱང་ཁྱོད་ཉིད་

ཀྱིས་དངོས་པོ་གཞན་གྱི་རྒྱུ་མཚན་གང་ཡིན་པ་དེ་ནི་དངོས་ཡིན་ལ། གཞན་ནི་ཉེ་བར་བཏགས་པ་ཡིན་ནོ་ཞེས་དེ་རང་ཉིད་ཀྱིས་ཉེ་བར་བཏགས་པ་ཡིན་ནོ། །དེ་ལྟར་ན། ཇི་ལྟར་རྣམ་པ་གང་གིས་འགྲུབ། །གང་ལས་ཡིན་ཞེ་ན། གྲགས་པ་ལས་ཏེ། དང་པོར་བརྡའི་རྗེས་སུ་འབྲངས་ནས་དེའི་ངོ་བོར་ཞེན་

ནས་ཞེས་བྱ་བའི་དོན་ཏོ། །དོན་གྱི་བདག་ཉིད་གང་ཡིན་པ་དེ་འདྲ་བ་དེ་ནི་དངོས་སུ་འཇིག་རྟེན་ལ་གྲགས་པ་ཡིན་ནོ། །དེ་དང་མཚུངས་པའི་ཕྱིར་གྲགས་པས་རབ་ཏུ་གྲུབ་པ་དང་ཆོས་མཐུན་པ་ཉིད་ཅན་ཡིན་པའི་ཕྱིར་རོ། །གང་ལ་དེ་སྐད་བརྗོད་དངོས་ཀྱི་དོན་བཞིན་དུ་བསྟན་པ་དེ་ཕལ་པ་ཡིན་ནོ། །ཅིའི་ཕྱིར་ཞེ་

ན། དངོས་ལའང་དངོས་མེད་འདོགས་ཕྱིར་རོ། །དེ་སྐད་དུ་འགའ་ཞིག་གི་ཚེ་དངོས་པོ་ལ་ཡང་སྐབས་འགའ་ཞིག་ཏུ་མེད་པ་བཞིན་དུ་ཐ་སྙད་འཇུག་པར་འགྱུར་མོད་ཀྱི། དེ་ནི་དེ་ལ་དངོས་མ་ཡིན་ཏེ། མེད་པ་ཉིད་ལ་མེད་པའི་ཐ་སྙད་ནི་དངོས་ཉིད་ཡིན་པའི་ཕྱིར་རོ། །ཁྱེད་ཅག་གི་གཞུང་གིས་ཀྱང་དངོས་

པོ་ལ་འཇུག་པ་ཉིད་ཀྱི་ཕྱིར་དོན་དངོས་ཡིན་པར་འགྱུར་གྱི། མེད་པ་ལ་མ་ཡིན་པ་དེ་ལྟར་ན་དངོས་དང་ཉེ་བར་བཏགས་པའི་མཚན་ཉིད་ནི་འཁྲུལ་པ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། གྲགས་པ་ཉིད་དངོས་པོ་ཡིན་ཏེ། འོན་ཀྱང་གྲགས་པ་དེ་ཉིད་ཁྱད་པར་དོན་གཞན་དུ་འགྱུར་བ་མེད་པ་མ་ཡིན་ནོ་ཞེ་ན།

དེ་ཡང་ཡོད་པ་མ་ཡིན་ཏེ། འདི་ལྟར་དེ་ཡང་། གྲགས་པ་བརྡ་ཡི་རྗེས་འགྲོ་ཅན། །བརྡའི་ཇི་ལྟ་བ་བཞིན་དུ་གྲགས་པའོ། །བརྡ་དེ་ཡང་བརྗོད་འདོད་རྗེས་འགྲོ་ཅན། །དེའི་འདོད་པའི་རྗེས་སུ་བྱེད་པའི་ངང་ཚུལ་ཅན་ནོ། །གལ་ཏེ་དོན་གྱི་རྒྱུ་མཚན་མ་ཡིན་ན། །བརྡ་བྱེད་པས་ཅི་ཞིག་བྱ་ཞེ་ན། ཐ་སྙད་དོན་དུ་བྱས་པ་

ཡིན། ཅི་དང་འདྲ་བར་ཞེ་ན། སྡེབ་སྦྱོར་མིང་དང་སྒྲའི་ཆ་བཞིན་སྡེབ་སྦྱོར་གྱི་མིང་བཞིན་ཏེ། དཔེར་ན་ཁྱད་པར་ཅན་གྱི་གོ་རིམས་བསྟན་པ་ཅན་གྱི་ཡི་གེ་རྣམས་ལ་དོན་གཞན་དུ་གྱུར་པ་མེད་པར་མེ་ཏོག་གི་ཕྲེང་བ་འཆང་བ་ཅན་ཞེས་བྱ་བ་ལ་སོགས་པའི་མིང་བྱེད་པ་ལྟ་བུའོ། །སྒྲའི་ཆའི་མིང་བཞིན་ཏེ།

Vol. 175 · folio 181a

དཔེར་ན་སྒྲའི་ཡན་ལག་ལ་རང་བཞིན་དང་རྐྱེན་གྱི་ཐ་དད་བྱེད་པ་ལྟ་བུའོ། །དེ་ལ་ཡང་དེ་ལ་ཕན་པ་དང་དེ་ལ་བྱེད་པ་དང་ལྡན་པའི་རྐྱེན་དང་། བྱས་པའི་རྐྱེན་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཇི་ལྟར་དེ་ལྟར་ཐ་དད་པའི་ཁྱད་པར་མེད་ན་ཡང་ཞེས་བྱ་བའི་དོན་ཏོ། །གལ་ཏེ་སྤྱི་མེད་ན་ཇི་ལྟར་

རྗེས་སུ་འགྲོ་བ་ཅན་གྱི་རྐྱེན་ཡིན་ཞེས་བྱ་བའི་འདོད་པ་ཡང་མི་འགྱུར་ཏེ། འདི་ལྟར་དེ་ནི་ཐ་དད་ན་ཡང་དངོས་ཆོས་ཀྱིས། དོན་འགའ་ཞིག་དེ་འདྲ་བ་རྣམ་ཤེས་ཀྱི་རྒྱུ་ཡིན་རྗེས་སུ་འགྲོ་བ་ཅན་གྱི་ཤེས་པའི་རྒྱུ་མཚན་ཡིན་གྱི་དོན་གཞན་རྒྱུ་མཚན་ནི་མ་ཡིན་ནོ། །གང་ལ་དངོས་པོ་གང་དག་ལ་ཤེས་པ་དེ་

དོན་ཐ་དད་ན་ཡང་དེ་ལ་དེ་ལྟར་གཅིག་ཉིད་དུ་དེས་རྟོགས་པར་འགྱུར་ཞེས་རྒྱས་པར་སྔར་བསྟན་ཟིན་ཏོ། །དེ་ལྟར་ནི་འགྱུར་མོད་ཀྱི། ཇི་ལྟར་དངོས་པོ་ཐ་དད་པ་དེ་དག་དེ་ལྟར་དེའི་ཡུལ་ཅན་གྱི་ཤེས་པ་ཡིན་ན་ཡང་དབང་པོའི་ཤེས་པ་ཐ་དད་པ་ཡིན་པ་དེ་ལྟར་ན། ཇི་ལྟར་འབྲས་བུ་ཤེས་པ་ཐ་དད་པ་

མེད་པ་དེ་དག་བྱེད་པ་ཡིན་ཞེ་ན། དེ་དེ་ལྟར་ན་མ་ཡིན་ཏེ། འདི་ལྟར་མཐོང་བའི་ངོ་བོའི་ཤེས་པ་རྣམས་དོན་བཞིན་དུ་ཐ་དད་པ་ཡིན་པ་དེ་ལྟར་ན་ཡང་ཐ་དད་མེད་རྟོགས་ཕྱིར་གཅིག་ཏུ་རྟོགས་པའི་རྒྱུ་མཚན་དུའོ། །གཅིག་རྟོགས་པའི་ཤེས་པའི་རྒྱུ་མཚན་ཏེ། དོན་དེ་དག་གིས་རང་གི་ཡུལ་ལ་ཤེས་

པ་སྐྱེད་པར་བྱེད་ཅེས་བྱ་བ་ཁོང་ནས་དབྱུང་ངོ་། །དེ་ལྟ་བུའི་རྣམ་པའི་དོན་གྱི་ཡུལ་ཅན་གྱི་དབང་པོའི་ཤེས་པ་དེ་དག་ནི་དངོས་པོའི་ཆོས་ཉིད་ཀྱིས་གཅིག་ཏུ་རྟོགས་པའི་ཤེས་པ་དེ་ལྟ་བུའི་ངོ་བོའི་རྒྱུ་མཚན་དུ་འགྱུར་བ་ཡིན་ནོ། །དེ་ཡང་ཤེས་པ་ཐ་དད་པ་མེད་པ་ཞེས་བཤད་དོ། །དེ་ཡང་སྔར་གཅིག་

པུ་རྟོགས་པའི་བློའི་རྒྱུ་ཉིད་ཀྱི་ཕྱིར་གསལ་བ་རྣམས་དང་དེའི་འབྲས་བུ་རྣམས་མཐོང་བ་ལ་སོགས་པ་ཡང་ཐ་དད་པ་མེད་པ་དེ་ལྟར་ན་དངོས་པོ་འབྲས་བུ་གཅིག་པ་ཅན་ཡིན་ནོ་ཞེས་བསྟན་ཟིན་ཏོ། །དེ་ལྟར་ཏེ། རྣམ་པ་འདིས་དེ་འབྲས་བུ་ཅན་མིན་བྲལ། དངོས་རྣམས་རྗེས་འགྲོ་ཡོད་མིན་གྱི། །དངོས་གཅིག་ལ་

མིན་དངོས་པོ་རྣམས་ལ་དེའི་འབྲས་བུ་ཅན་མ་ཡིན་པ་རྣམ་པར་བཅད་པ་ཙམ་མ་གཏོགས་པར་དངོས་པོ་གཅིག་སྟེ། སྤྱི་དངོས་པོར་གྱུར་པ་རྗེས་སུ་འཇུག་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དངོས་པོ་རྣམས་ལ་དེའི་འབྲས་བུ་མེད་པ་ཅན་རྣམ་པར་བཅད་པ་ཡོད་པ་དང་། དེའི་

Vol. 175 · folio 181b

འབྲས་བུ་མེད་པ་ཅན་ཐ་དད་པར་བསྟན་པའི་ཕྱིར་སྒྲ་སྦྱོར་བ་དེའི་ཕྱིར། དངོས་ལ་མཉན་པ་དེ་མཐའ་ཅན། །རྣམ་པར་གཅོད་པའི་མཐའ་ཅན་ཡིན་ནོ། །དེའི་འབྲས་བུ་ཅན་མ་ཡིན་པ་དང་བྲལ་བ་ཅན་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ། འདི་ལྟར་གང་ལས་ལྡོག་པ་གང་ཡིན་པ་དེ་ལྡོག་པ་དེ་ལྟར་བསྟན་པའི་ཕྱིར་

མཉན་པ་འགོད་པ་ཡིན་པར་རྟོགས་པར་བྱ་སྟེ། དབྱུག་པ་ཅན་བཞིན་ནོ། །གལ་ཏེ་དངོས་ལ་ལྡོག་པའི་མཐའ་ཅན་སྒྲ་ཡིན་པ་དེའི་ཚེ་དངོས་པོ་ཉིད་སྒྲའི་དོན་ཡིན་ཏེ། དེ་ལྡོག་པའི་བདག་ཉིད་དུ་གྱུར་པ་ཉིད་ཡིན་པའི་ཕྱིར་རོ། །སྒྲའི་དངོས་པོ་ལ་རེག་པ་མ་ཡིན་ནོ་ཞེས་བྱ་བ་ཡང་

ལན་མང་དུ་བཤད་ཟིན་ཏོ། །དེའི་ལྡོག་པའི་བདག་ཉིད་སྒྲ་ཡོད་མེད་གཉི་ག་ལ་བརྟེན་པ། སྒྲ་དོན་ཆོས་ནི་རྣམ་པ་གསུམ། །རྣམ་པར་རྟོག་པའི་གཟུགས་བརྙན་ཞེས་བཤད་པ་གང་ཡིན་པ་དེ་དང་འདི་འགལ་ལོ་ཞེ་ན། སྐྱོན་དེ་ཡོད་པ་མ་ཡིན་ཏེ། འདི་ལྟར། ཕྱི་རོལ་ནུས་

པ་རྣམས་གཅོད་ལ། །རེག་པ་མེད་ན་ཡང་ཕྱི་རོལ་གྱི་དངོས་པོ་དེ་ལས་གཞན་པའི་ལྡོག་པ་རང་གི་བདག་ཉིད་དུ་གྱུར་པ་ལ་རེག་པ་མེད་ན་ཡང་ངོ་། །དེ་སྒྲ་ནི་དངོས་པོ་རྣམ་པར་གཅོད་པ་བརྗོད་པའི་ངང་ཚུལ་ཅན་གྱི་མཉན་པ། རྣམ་པར་རྟོག་པའི་གཟུགས་བརྙན་དག་འབྲེལ་པ་ཡིན་

ཏེ་ཡང་དག་པར་སྦྱོར་བ་ཡིན་ནོ། །ཅི་འདྲ་བ་ཞིག་ཅེ་ན། དེ་མཐའ་ཅན་ལ་སྟེ། དངོས་པོ་ལྡོག་པའི་མཐའ་ཅན་ལའོ། །རང་གི་མཚན་ཉིད་དང་རྣམ་པར་བརྟག་པར་བྱ་བའི་ཡུལ་ལ་གཅིག་ཏུ་འཁྲུལ་པས་དངོས་པོའི་ལྡོག་པ་ལ་བརྟེན་པ་ཅན་དེ་དག་རྟོགས་པར་འགྱུར་རོ། །དེས་ན་

རྣམ་པར་རྟོག་པའི་གཟུགས་བརྙན་དངོས་པོ་ལྡོག་པ། གཞན་སེལ་མཐའ་ཅན་ཕྱིར། རྒྱུའི་ཕྱིར་མཉན་པ་གཞན་སེལ་བྱེད་པར་བརྗོད། དོན་ཕན་ཚུན་ལྡོག་པ་ཅན་དག་ལ་ཉམས་སུ་མྱོང་བའི་སྒོ་ནས་འོངས་པ་ཉིད་ཀྱི་ཕྱིར། རང་གི་ཆ་ལ་དམིགས་པ་ཅན་སྒྲ་ལས་བྱུང་བའི་རྟོགས་

པར་འགྱུར་ན་ཡང་ངོ་བོ་ཉིད་ཀྱིས་འཁྲུལ་པས་ཕྱི་རོལ་གྱི་དོན་ཕན་ཚུན་ལྡོག་པ་ཅན་འཛིན་པ་ཅན་བཞིན་དུ་སྣང་ངོ་། །བློས་སྣང་བ་དང་རྣམ་པར་བརྟག་པར་བྱ་བའི་དོན་དག་ལ་ཐ་དད་པ་མེད་པར་ཞེན་པས་དེ་ལས་གཞན་ལས་ལྡོག་པ་ཅན་གྱི་དངོས་པོ་དེ་དག་ལ་འཇུག་པར་བྱེད་པའི་

Vol. 175 · folio 182a

ཕྱིར་དངོས་པོའི་ལྡོག་པ་སྟོན་པར་བྱེད་པ་ལ་མཉན་པ་ཞེས་བརྗོད་ཀྱི། དངོས་པོ་ལ་རེག་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་སྒྲ་དག་ལས་སྐྱེས་པའི་རྣམ་པར་རྟོག་པའི་ཤེས་པ་ལ་ལྡོག་པ་བཞིན་དུ་དོན་གྱི་གཟུགས་བརྙན་སྣང་། ཕྱི་རོལ་གྱི་དོན་བཞིན་དུ་དོན་གཞན་ལྡོག་

པ་ཅན་མཚོན་པར་བྱེད་དོ། །གང་དེ་ཡང་དོན་གྱི་བདག་ཉིད་མིན། དོན་གྱི་བྱ་བ་བྱེད་པའི་ངང་ཚུལ་ཅན་གྱི་དངོས་པོ་མ་ཡིན་ནོ། །དོན་དམ་པར་དེ་གཞན་ལས་ལྡོག་པ་ཡང་མ་ཡིན་གྱི། འོན་ཀྱང་དེ་འཁྲུལ་བག་ཆགས་རང་བཞིན་ཅན། རང་གི་མཚན་ཉིད་ཀྱི་ཡུལ་ཉམས་སུ་མྱོང་

པའི་བག་ཆགས་ཀྱི་རྒྱུ་ཅན་ཡིན་གྱི་དེ་སྒྲའི་བརྗོད་པར་བྱ་བ་ནི་མ་ཡིན་ནོ། །དེ་ལྟར་ན་ཡང་དོན་གྱི་རྣམ་པ་འཛིན་པ་དོན་མཐོང་བའི་སྒོ་ནས་འོངས་པ་ཉིད་ཀྱི་ཕྱིར་དོན་གྱི་ཆའི་རྗེས་སུ་འབྲང་བ་ཅན། དེ་ནི་མཉན་པར་བརྗོད་པ་ན། །རྣམ་པར་འཇོག་པར་བྱེད་ན་དོན་གྱི་བ་བ་བྱེད་པའི་ངང་ཚུལ་ཅན་གྱི་

ཆ་གང་རྟོགས་པར་འགྱུར། ཅུང་ཟད་ཀྱང་མ་ཡིན་ནོ། །གང་གི་ཚེ་དེ་ལས་གཞན་པ་ལས་ལྡོག་པ་མི་འདོད་པ་སྤོང་བའི་སྒོ་ནས་ཐ་སྙད་འདོགས་པ་ན། ཐ་སྙད་འདོགས་པར་བྱེད་པ་པོས་སྒྲ་ཉིད་ལས་རྟོགས་པར་མི་འགྱུར་བ་དེའི་ཚེ། དངོས་པོའི་ལྡོག་པ་དེ་སྒྲ་ལས་མ་རྟོགས་པར་

འགྱུར་ན་ཡང་བརྡ་བྱེད་པ་དེ་ནི་དོན་མེད་པར་འགྱུར། ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དེ་དོན་ཅེ་ན། དངོས་པོའི་དེ་ལས་གཞན་པ་ལས་རྣམ་པར་གཅོད་པས་དངོས་པོ་སྟོན་པར་བྱེད་པའི་འབྲས་བུ་ཅན་ཡིན་ནོ། །འདིར་སྒྲ་དོན་ཆ་ནི་བརྗོད་ཅེས་འདྲི་བའོ། །དེ་ལས་གཞན་སེལ། དངོས་པོ་

ཕན་ཚུན་ལྡོག་པ་བརྗོད་པར་བྱ་བ་ཡིན་ནོ་ཞེས་བརྗོད་པར་བྱ་སྟེ། དེས་ནི་དངོས་པོ་དག་ལ་མེད་པའི་ཕྱིར་རོ། །དེའི་བསྒྲུབ་པར་བྱ་བའི་སྒྲུབ་པར་བྱེད་པར་འགྱུར་བ་མ་ཡིན་པའི་དངོས་པོ་ལས་ལྡོག་པའི་སྒོ་ནས་འཇུག་པར་བྱ་བ་ལ། དེ་གདོན་མི་ཟ་བར་བརྗོད་པར་བྱ་བའི་ཕྱིར་རོ། །རྣམ་པ་

དེ་ཡང་རྣམ་པར་རྟོག་པའི་ཡུལ་མཐོང་བ་གོམས་པ་ལས་འོངས་པ་རྣམ་པར་རྟོག་པ་གསལ་བ་སྣང་བ་ཡིན་གྱི་དོན་ལ་མེད། དོན་གྱི་བྱ་བ་བྱེད་པའི་ངང་ཚུལ་ཅན་ལ་ཡོད་པ་མ་ཡིན་ན་དེ་བས་ན་དེ་ཇི་ལྟར་སྒྲའི་དོན་ཡིན། དོན་གྱི་གཟུགས་བརྙན་དེ་བརྗོད་དེ་སྒྲ་ཇི་ལྟར་དོན་རྟེན་ཡིན་པ་ལྟར་ན་

Vol. 175 · folio 182b

ཕྱི་རོལ་གྱི་དོན་དེས་དོན་དང་ལྡན་པར་འགྱུར་བར་རིགས། དེ་ལྟར་ན་བ་ལང་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་རྗེས་འགྲོ་ཅན་སྒྲའི་རྗེས་འགྲོ་ཅན་དོན་གྱིས་འགའ་ཞིག་བརྗོད་པར་བྱ་བས་འབྲས་བུ་ཡིན། སྒྲའི་དོན་ཡོད་པ་ཉིད་དུ་ཁས་ལེན་པ་ནའོ། །དོན་གྱི་གཟུགས་བརྙན་དེ་ཡང་རྗེས་འགྲོ་མེད་

པ་ཅན་རྗེས་སུ་འགྲོ་བར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བློ་ལས་ཐ་དད་མེད་ཕྱིར་རོ། །རྣམ་པར་རྟོག་པའི་བློ་གང་ལ་དོན་གྱི་རྣམ་པར་སྣང་བའི་བློ་དེ་ལས་ཤེས་པ་བཞིན་ཐ་དད་པ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་དོན་གྱི་གཟུགས་བརྙན་དེ་རྗེས་སུ་འགྲོ་བ་མ་ཡིན་ནོ། །ཅི་འདྲ་བ་ཞིག་ཅེ་ན།

མཐོང་བ་གོམས་པས་སྤྲུལ་པ་སྟེ་རང་གི་མཚན་ཉིད་མཐོང་བའི་བག་ཆགས་ཀྱིས་བསྐྱེད་པའོ། །དོན་གྱི་རྣམ་པར་འཛིན་པ་དེ་ནི་རྗེས་སུ་འགྲོ་བ་མེད་པས་སྤྱིའི་ངོ་བོ་མེད་པ་ཉིད་ཀྱི་ཕྱིར། སྒྲའི་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་ངོ་བོ་སྒྲོ་འདོགས་རྟོགས། །གཞན་ལས་

ལྡོག་པ་ཐོབ་ཕྱིར་ཡང་། །གལ་ཏེ་ཡང་དོན་གྱི་གཟུགས་བརྙན་དེ་དོན་གྱི་བྱ་བ་བྱེད་པ་བཞིན་ཏེ། དེ་ལས་གཞན་པའི་དངོས་པོ་ལས་ལྡོག་པ་བཞིན་དུ་སྣང་བ་དེ་ལས་རང་གི་མཚན་ཉིད་དུ་སྒྲོ་བཏགས་པ་ལས་རྟོགས་པའི་ཕྱིར། རང་གི་མཚན་ཉིད་དུ་ཞེན་པས་རྣམ་པར་རྟོག་པ་ལ་སྣང་བའི་

ངང་ཚུལ་ཅན་གྱི་གཟུགས་བརྙན་རྟོགས་པར་འགྱུར་རོ། །དེའི་ཚེ་རང་གི་མཚན་ཉིད་དང་དེ་ལ་གཅིག་དུ་འཁྲུལ་པ་སྒྲོ་བཏགས་པས་རྟོགས་པས་དངོས་པོ་གཞན་ལས་ལྡོག་པའི་དངོས་པོ་ཐོབ་པའི་རྒྱུའི་ཕྱིར་ཐ་དད་པ་མེད་པར་ཞེན་པ་སྒྲོ་འདོགས་དེ་ཉིད་སྒྲའི་དོན་ཤེས་པ་ལ་སྣང་བའི་ངང་

ཚུལ་ཅན་ཞེས་ཉེ་བར་འདོགས་པའི་ཕྱིར། དེ་སྐད་དུ་བརྗོད་པ་ལ་ནི་འགལ་བ་ཅུང་ཟད་ཀྱང་མེད་དོ། །དེ་ལྟར་ན་ཐ་སྙད་ཀྱི་དུས་སུ་མི་འདོད་པའི་དོན་སྤངས་ནས། དངོས་པོ་འདོད་པ་ཉིད་ལ་སྐྱེས་བུ་དག་གིས་འཇུག་པར་བྱེད་པ་ན། དོན་གྱི་ཆ་ལ་འདི་རྗེས་འགྲོ། །དངོས་པོ་དག་ལས་དེ་ལས་གཞན་

པ་རྣམ་པར་བཅད་ནས་རྗེས་སུ་འགྲོ་བར་བྱེད་དོ། །དེ་བས་ན་ཐ་སྙད་ཀྱི་རྗེས་སུ་འགྲོ་བའི་ཆ་འདི་ཙམ་གྱིས་དེ་ལྟར་སྒྲའི་དོན་དུ་རྟོགས་པ་རིགས་པ་ཡིན་ནོ་ཞེས་བརྗོད་དོ། །དོན་དམ་པར་དཔྱད་ན། །དེ་དག་ལོག་པར་སྣང་བ་ཉིད་དེ་དག་བརྫུན་པའི་དོན་དུ་སྣང་བའི་ངང་ཚུལ་ཅན་ཡིན་ནོ། །ཤེས་པའི་སྒྲ་

Vol. 175 · folio 183a

ཡིས་དེས་སྤྲུལ་པ་སྒྲ་ལས་སྐྱེས་པའོ། །དེ་དག་གི་དོན་འགའ་ཞིག་ཀྱང་ཡོད་པ་མ་ཡིན་པ་དེ་ལྟར་ན། སྒྲས་ཅུང་ཞིག་ཀྱང་ཤེས་པར་བྱེད་པ་མ་ཡིན་ནོ། །ཐ་སྙད་ནི་འཁྲུལ་པ་ཡིན་ནོ། །དེ་དག་དོན་དང་འབྲེལ་པ་ཡང་རག་ལས་པ་ལས་ཡིན་ནོ་ཞེས་བསྟན་ཟིན་ཏོ། །གང་གི་

ཕྱིར་ཐ་སྙད་འདོགས་པ་པོ་ཐ་སྙད་ཀྱི་དུས་སུ་མི་འདོད་པ་རྣམ་པར་བཅད་ནས་སྒྲ་འཇུག་པར་བྱེད་པ། དེ་ཕྱིར་བརྡ་ཡི་དུས་ན་ཡང་། །གཞན་སེལ་དངོས་པོ་ལྡོག་པའོ། །བསྟན་པའི་དོན་དང་ཇི་སྐད་དུ་བཤད་པའི་རང་བཞིན་རྣམ་པར་རྟོག་པའི་དོན་གྱི་གཟུགས་བརྙན་དང་ངོ་། །འབྲེལ་པ་ནི་ཡང་དག་

པར་ལྡན་པ་སྟེ། དེར་ཞེན་པའི་དབང་གིས་རྣམ་པར་ཕྱེ་བའི་སྒོ་ནས་རྟོགས་པ་ཉིད་ཡིན་ནོ། །སྒྲ་ལས་འབྲེལ་པར་འགྱུར། །སྒྲ་དང་ལྷན་ཅིག་འབྲེལ་པ་ཐོབ་པར་འགྱུར་རོ། །རྣམ་པར་རྟོག་པའི་གཟུགས་བརྙན་ཅི་འདྲ་བ་ཞིག་ཅེ་ན། རང་གི་རྟོགས་པའི་འབྲས་བུ་ཅན། གང་ལ་དོན་དུ་ཞེན་པ་དེ་

ལས་གཞན་རྣམ་པར་བཅད་པའི་དངོས་པོའི་འབྲས་བུ་ཅན་ཞེས་བྱ་བ་ནི་མཇུག་བསྡུ་བའོ། །ཡང་ཅིའི་ཕྱིར་སྒྲ་གཞན་སེལ་བའི་དོན་སྦྱོར་བར་བྱེད་ཀྱི། སྤྱི་དངོས་པོར་གྱུར་པ་མ་ཡིན་ཞེ་ན། གཞན་དུ་མ་མཐོང་ལྟོས་མེད་ཕྱིར། །བརྗོད་པར་བྱ་བའི་དོན་རྣམ་པར་བཅད་པར་གྱུར་པ་ལ། ཤིང་ལ་

སོགས་པ་མ་ཡིན་པ་གཞན་ལ་སྒྲ་མ་མཐོང་བས། སྒྲ་ལས་དངོས་པོ་རྟོགས་པའི་ཕྱིར་རོ། །ལ་ལར་དེ་མཐོང་བ་ལྟོས་ཕྱིར། །ད་ལྟར་གྱི་ཤིང་ལ་སོགས་པ་གཅིག་མཐོང་བ་ལ་ལྟོས་པ་ཉིད་ཀྱི་ཕྱིར་རོ། །དེ་སྐད་དུ་དངོས་པོ་གང་ཞིག་དེ་ལས་མ་མཐོང་བའི་ཕྱིར། གང་ཕྱོགས་གཅིག་ལ་ཡང་

དེ་ལས་ལྡོག་པ་ལ་སྒྲ་མཐོང་སྟེ། དེ་ལས་རྣམ་པར་གཅོད་པའི་དོན་བསྟན་པའི་ཕྱིར་རོ་ཞེས་བསྟན་པར་འགྱུར་རོ། །གང་གི་ཚེ་གཞན་སེལ་ཏེ། གཞན་ལས་ལོག་པ་མཉན་པ་སྒྲ་ལ་འབྲེལ་འགྱུར་བ། དེའི་ཚེ་ཅུང་ཟད་ཀྱང་འགལ་བ་ཡོད་པ་མ་ཡིན་ནོ། །དེ་ལྟ་མ་ཡིན་ན། དེ་ནི་དངོས་པོ་ལ་མི་

རུང་ངོ་། །དོན་རྣམ་པར་བཅད་པར་གྱུར་པ་ནི་མ་མཐོང་བ་ལ་ལྟོས་པ་ཉིད་ཀྱི་ཕྱིར་དང་ཕྱོགས་གཅིག་མཐོང་བ་ལ་ལྟོས་པ་ཉིད་ཀྱི་ཕྱིར་རོ། །སྒྲ་འབྲེལ་པ་བྱས་པ་ལས་རྟོགས་པ་དེ་ལྟར་ན་དེ་དག་ནི་དངོས་པོ་སྟེ། སྤྱི་དངོས་པོར་གྱུར་པ་ལ་མི་རུང་ངོ་། །དེ་ལྟར་ན་དེ་ཉིད་བསྒྲུབ་པའི་སྒོ་ནས་བསྟན་པར་འགྱུར་

Vol. 175 · folio 183b

བས་གཞན་དུ་མ་མཐོང་བ་དོན་མེད་པ་ཅན་ཡིན་ནོ། །གལ་ཏེ་གང་ལ་སྒྲ་མ་མཐོང་བ་དེ་ལས་རྣམ་པར་གཅོད་པའི་གོ་བར་བྱེད་པ་ཡིན་པར་འདོད་པ་དེ་ལྟར་ན་གཞན་ལ་སྒྲ་མ་མཐོང་བའི་གཞུང་བཙུགས་པར་འགྱུར་ཏེ། མི་མཐུན་པའི་ཕྱོགས་སྤངས་པའི་སྒོ་ནས་དོན་རྟོགས་པའི་ཕྱིར་རོ། །

གལ་ཏེ་གཞན་ལྡོག་པའི་ཡང་གོ་བར་བྱེད་པ་ཉིད་ཡིན་ནོ་ཞེ་ན། ད་ནི་སྤྱིའི་དགོས་པ་ལྡོག་པར་འགྱུར་ཏེ། དོན་རྣམས་གཞན་ལས་ལྡོག་པ་རྟོགས་པ་ཙམ་གྱིས་དགོས་པ་ཡོངས་སུ་རྫོགས་པའི་ཕྱིར་རོ་ཞེས་མང་དུ་བཤད་ཟིན་ཏོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་རིགས་སོགས་དེ་ལྡན་དག །

རིགས་དང་ཡོན་ཏན་དང་ལས་ཀྱི་བྱེ་བྲག་ཁྱད་པར་ཅན་ཉིད་དུ་མངོན་པར་འདོད་པ་དག་དབང་པོའི་ཡུལ་གྱི་དོན་ལ་ཡོད་མིན་ཏེ། སྣ་ཚོགས་པར་སྣང་བ་ཅན་གྱི་བློ་མེད་པའི་ཕྱིར་རོ། །དེ་དང་ལྡན་པ་དག་སྟེ་རིགས་ལ་སོགས་པ་དང་ལྡན་པ་དག་ཀྱང་དོན་ལ་ཡོད་པ་མ་ཡིན་ན་གང་ཁོ་ན་ལས་འབྲེལ་པའི་རྒྱུ་

མཚན་དུ་གྱུར་པ་དེས་དོན་ལའམ་རིགས་ལ་སོགས་པ་དེ་དག་ལའམ། དེ་དང་འབྲེལ་པ་དེ་དག་ལ་མཉན་པར་འགྱུར། གང་གིས་ན་དེ་དག་མེད་པ་དེ་བས་ན་དོན་ལ་ཡང་མ་ཡིན་ཞིང་། རིགས་ལ་སོགས་པ་དེ་དང་འབྲེལ་པ། དེ་ལའང་སྒྲ་ཐ་སྙད་ཀྱི་དུས་མི་སྦྱོར་རོ། །ཅིའི་ཕྱིར་ཞེ་ན།

གཞན་ལས་ལྡོག་པ་ལ། སྒྲ་རྣམས་ཉིད་ནི་སྦྱོར་ཕྱིར་རོ། །ཉིད་ཀྱི་སྒྲ་ནི་རིམ་པ་གཞན་དུ་སྦྱར་བར་བྱ་སྟེ། གཞན་ལས་ལྡོག་པ་ཁོ་ན་ལ་སྒྲ་རྣམས་སྦྱོར་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་གོང་དུ་བསྒྲུབས་ཟིན་པ་དེ་ལྟར་ན་ཡང་མི་བརྗོད་དོ། །རྒྱུ་དེ་ཉིད་ཀྱི་ཕྱིར་རིགས་ལ་སོགས་པ་

སྒྲས་བརྗོད་པ་མ་ཡིན་ཞིང་དེས་ཁྱད་པར་ཅན་དུ་གྱུར་པའི་དོན་འཛིན་པར་བྱེད་པ་ཡང་དབང་པོའི་ཤེས་པ་མ་ཡིན་ནོ་ཞེས་བསྟན་ཏོ། །དེ་བས་ན་འདིར་ཡང་མདོར་བསྡུ་ན་རྟོག་པ་ནི་རྣམ་པ་གསུམ་སྟེ། རིགས་ལ་སོགས་པའི་རྣམ་པར་རྟོག་པ་དང་། འབྲེལ་པའི་རྣམ་པར་རྟོག་པ་དང་། སྒྲའི་

རྣམ་པར་རྟོག་པའོ། །དེ་ལ་རེ་ཞིག་རྣམ་པར་རྟོག་པ་སྔ་མ་དག་ནི་སྔར་བཤད་པའི་རྒྱུ་ཉིད་ཀྱིས་ཡོད་པ་མ་ཡིན་ནོ། །སྒྲའི་རྣམ་པར་རྟོག་པ་འབའ་ཞིག་ཁོ་ན་ཡོད་པ་ཡིན་ཏེ། འདིས་ནི་དོན་རྗེས་སུ་འབྲེལ་པ་འཛིན་པ་དེ་བརྡ་དྲན་པའི་རྒྱུ་ཅན་ཏེ། བརྡའི་དྲན་པ་ནི་བརྡ་དྲན་པ་སྟེ། འཛིན་པ་གང་

Vol. 175 · folio 184a

ལ་དེ་ཉིད་ཀྱི་རྒྱུ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །མཐོང་བ་བསྲེ་བྱེད་བདག་ཉིད་ཅན། །དེའི་འཛིན་པས་སྒྲ་མཐོང་བ་སྦྱོར་བར་བྱེད་པའི་རང་བཞིན་ཅན་ནོ། །ཇི་ལྟར་སྒྲ་འདི་ནི་དོན་རྗོད་པར་བྱེད་པ་ཡིན་པར་སྔར་ཐོབ་པ་དེ་རྗེས་སུ་དྲན་ནས། ད་ལྟར་གྱི་དོན་དང་རྗེས་སུ་

སྦྱོར་བ་དེ་བས་ན་དེ་འཛིན་པར་འགྱུར་གྱི་རྣམ་པ་གཞན་དུ་ནི་མ་ཡིན་ནོ། །དེ་ལྟ་བུར་གྱུར་པའི་འཛིན་པ་གང་ཡིན་པ། མིག་ཤེས་ལ་སྟེ་དབང་པོའི་ཤེས་པ་ལ། དེ་ཇི་ལྟར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མིག་ལ་བརྟེན་པའི་ཤེས་པ་ཡང་ཅི་འདྲ་བ་ཞིག་ཅེ་ན། སྔ་ཕྱིར་རྟོགས་པས་

སྟོང་པ་ཡི། །སྔར་དེ་འདས་པ་དང་ཕྱི་མ་སྟེ་ད་ལྟར་བ་དེ་དག་གི་རྟོགས་པ་ནི་སྔོན་ཉམས་སུ་མྱོང་བ་རྗོད་པར་བྱེད་པ་དྲན་པ་དེ་ལས་དེར་ཞེན་པས་ད་ལྟར་གྱི་དོན་དེ་དེའི་བརྗོད་པར་བྱ་བ་ཉིད་དུ་འཛིན་པའོ། །དོན་སྔ་ཕྱིར་རྟོགས་པས་སྒྲ་སྦྱོར་བར་བྱ། དེ་འདྲ་བ་གང་ཡིན་པ་དེ་ནི་དེས་ད་ལྟར་གྱི་དོན་ཙམ་

འཛིན་པའི་དབང་པོའི་ཤེས་པ་དེས་སྟོང་པ་དེ་བས་ན་དང་བྲལ་བ་ཉིད་ཀྱི་ཕྱིར་དེ་བརྗོད་པ་དང་། མ་འདྲེས་པ་ཉིད་ཡིན་ནོ། །སྦྱོར་བ་ཡང་གང་ཞིག་བྱེད་པ་གང་ལ་ནུས་པ་མེད་པ་དེ་ནི་བྱེད་པ་མ་ཡིན་ཏེ། དབང་པོའི་རྣམ་པར་ཤེས་པ་འདས་པ་དྲན་པ་ལྟ་བུའོ། །དབང་པོའི་རྣམ་པར་ཤེས་པ་ཡང་

སྔ་ཕྱིར་རྟོགས་པའི་སྒོ་ནས་དོན་བསྲེ་བའི་བདག་ཉིད་ཅན་གྱི་སྦྱོར་བའི་བྱ་བ་བྱེད་པར་ནུས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གཞན་ཡང་། གཞན་ལ་འཇུག་སེམས་ཅན་གྱི་ཡང་། །མིག་གིས་གཟུགས་དག་མཐོང་བར་འགྱུར། །མངོན་དུ་འགྱུར་བའི་

དོན་ལས་འདས་པ་ལ་སོགས་པའི་དོན་གཞན་ལ་སེམས་འཇུག་པ་ཅན་གྱི་ཡང་སྟེ། འདས་པ་ལ་སོགས་པ་རང་གི་མིང་དང་བསྲེས་ནས་རྟོག་པ་ན་ཡང་། ད་ལྟར་གྱི་གཟུགས་ལ་སོགས་པ་མིག་གི་དབང་པོའི་ཤེས་པས་མཐོང་ཞིང་འཛིན་པར་བྱེད་ཀྱི། རྣམ་པར་རྟོག་པ་དེས་དོན་དེ་མཐོང་བ་

མ་ཡིན་ནོ་ཞེས་རྟོགས་པར་མི་ནུས་ཏེ། དེས་འདས་པའི་དོན་རྗོད་པར་བྱེད་པ་བོར་ནས་ད་ལྟར་གྱི་དོན་མིང་དང་སྦྱར་ནས་འཇུག་པར་ཐལ་བའི་ཕྱིར་རོ། །ད་ལྟར་གྱི་དོན་མིང་དང་བསྲེ་བ་ཅན་ཡིན་པ་དེའི་ཚེ་རྣམ་པར་རྟོག་པ་གཞན་ཡོད་པ་མ་ཡིན་ཏེ། རྣམ་པར་རྟོག་པ་ཉིད་གཅིག་ཅར་མི་འཇུག་པའི་

Vol. 175 · folio 184b

ཕྱིར་རོ། །མཐོང་བའི་རང་བཞིན་ཅན་ཡོད་ན་ཡང་དེ་མི་དམིགས་པའི་ཕྱིར་རོ། །དེ་བརྡ་མི་འཛིན་སྣང་བར་གྱུར་པའི་དོན་གྱི་མིང་མི་འཛིན་པ་དེའི་ཚེ། ད་ལྟར་གྱི་ཡུལ་འཛིན་པའི་དུས་ན་གསལ་བ་ཉིད་ཡིན་ཏེ། དེ་ལ་མངོན་སུམ་ནི་རྟོག་པ་མེད་པ་ཉིད་ཡིན་ནོ་ཞེས་བྱ་བ་དེ་སྐད་དུ་རྟོགས་པར་

འགྱུར་རོ། །དེ་བས་ན་དེ་སྐྱེས། དེའི་མིང་འཛིན་པར་འབྱུང་བར་ཡང་རྟོག་པ་ཡིན། གལ་ཏེ་དེའི་མིང་འཛིན་པ་དེ་དེ་ལ་ཡོད་པ་མ་ཡིན་ན། འོ་ན་ནི་མིང་དེ་འཛིན་པར་འབྱུང་བའི་རྣམ་པར་རྟོག་པ་ཡང་ཡོད་པ་མ་ཡིན་པ་དེ་ལྟར་ན། དབང་པོའི་ཤེས་པ་རྟོག་པ་མེད་པ་ཉིད་དུ་གྲུབ་པ་ཡིན་ནོ། །

གཞན་ཡང་གང་ལ་སྒྲ་ནི་ངས་འགོད་པ་མིང་གིས་ཡུལ་དེ་ལ་རྣམ་རྟོག་སྐྱེ་བར་འགྱུར། དབང་པོའི་སྤྱོད་ཡུལ་ཐ་སྙད་ཀྱི་དུས་སུ་ཉེ་བར་སྦྱོར་བའི་ངང་ཚུལ་ཅན་མ་ཡིན་པ་ལ་སྒྲ་འགོད་པ་མ་ཡིན་གྱི། འོན་ཀྱང་རྣམ་པར་རྟོག་པའི་ཡུལ་ཉིད་ལ་ཡིན་ནོ་ཞེས་བཤད་ཟིན་ཏོ། །ཅི་སྟེ་ཡང་དབང་

པོའི་ཡུལ་ཉིད་ལ་སྒྲ་འགོད་པར་འགྱུར་བ་དེའི་ཚེ། དེས་ན་སྒྲའི་དོན་གྱི་ཡུལ་ཅན་ཉིད་ཡིན་པའི་རྒྱུའི་ཕྱིར། དབང་སྐྱེས་ཀྱི་ཤེས་པ་རྣམ་པར་རྟོག་པ་བཞིན་དུ་འཇུག་འགྱུར་རོ། །གལ་ཏེ་ཡང་འགྱུར་བ་ཉིད་ཡིན་ནོ་ཞེས། དེ་དེ་ལྟར་ཡོད་པ་མ་ཡིན་ཏེ། ཡོན་ཏན་ཡང་འདོད་པས་འཇུག་པའི་

ཕྱིར་ཕྱི་རོལ་གྱི་དོན་ཉེ་བ་ལ་ལྟོས་པ་མེད་པར་དབང་པོ་ལས་སྐྱེས་པའི་ཤེས་པའི་ཕྱི་རོལ་གྱི་དོན་མཐོང་བ་མིན་ན་ཕྱི་རོལ་གྱི་དོན་ཡང་མཐོང་བར་ཡང་འགྱུར་རོ། །དེའི་ཕྱིར་དེའི་ཡུལ་ལ་སྦྱོར་བར་ཡང་མི་འགྱུར་རོ། །དབང་པོ་ལས་སྐྱེས་པའི་ཤེས་པ་དེ་དག་སྒྲའི་དོན་ཅི་ཡུལ་ཅན་མ་ཡིན་ཏེ།

སྒྲ་དང་དོན་འདས་པ་ལ་སོགས་པ་དེ་དག་དེ་ལ་ཡང་བརྡ་བྱེད་པའི་ཕྱིར་རོ། །སྦྱོར་བ་ནི་གང་ཞིག་འདས་ན་ཡན་གར་འགྱུར་བ་དེ་ནི་དེའི་རང་བཞིན་ལ་ངེས་པ་མ་ཡིན་ཏེ། དཔེར་ན་མར་མེ་མེད་ན་ཡང་རྣ་བའི་རྣམ་པར་ཤེས་པ་ཡོད་པ་ལྟ་བུའོ། །སྒྲ་འགོག་པ་ཡང་སྤྱོད་ཡུལ་གྱི་དངོས་པོ་འདས་པ་

དང་ཞིག་པ་ལ་སོགས་པས་དབང་པོའི་ཡུལ་ལས་འདས་ན་ཡང་འགྱུར་རོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །དེ་བས་ན་སྒྲ་དང་འདྲེས་པའི་དོན་འཛིན་པ་མ་ཡིན་ནོ། །གཞན་ཡང་གལ་ཏེ་རྟོག་པ་དང་བཅས་པ་ཉིད་མངོན་སུམ་ཡིན་པ་དེའི་ཚེ། སྐྱེས་བུ་འདི་གཟུགས་

Vol. 175 · folio 185a

ལ་མངོན་དུ་ཕྱོགས་པར་གྱུར་པ་ན། གཟུགས་གཟུགས་ཞེས་ནི་མཐོང་བར་འགྱུར། །དེའི་ཚེ་དེའི་ཡུལ་ཅན་གཟུགས་ལ་སོགས་པ་འཛིན་པའི་ངང་ཚུལ་ཅན་གྱི། བློ་མཐོང་བ་ཅི་ཞིག་ཡིན། མཐོང་བ་མ་ཡིན་ནོ། །དེ་དེ་ལྟར་ན་རྣམ་པར་རྟོག་པའི་ཤེས་པ་གཟུགས་

ཉིད་འཇུག་པའི་ཕྱིར། གཟུགས་ཉིད་མངོན་སུམ་ཡིན་པར་འགྱུར། །དེའི་ཤེས་པ་ནི་མ་ཡིན་ནོ། །གལ་ཏེ་ཤེས་པ་ལ་ཡང་དེ་བཞིན་དུ་དེ་འཇུག་པ་ཡིན་ནོ་ཞེ་ན། གཟུགས་བཞིན་དུ་གཟུགས་མཐོང་བ་ལ་ཡང་རྣམ་པར་རྟོག་པ་ཡོད་པ་མ་ཡིན་ནོ། །དེའི་ཉམས་མྱོང་ཡོད་ན་ཡང་མེད་དོ་ཞེས་

བརྗོད་པར་ནུས་པ་མ་ཡིན་ནོ། །དེ་ལྟར་མཐོང་བ་ལ་ཉམས་སུ་མྱོང་བ་མ་གྲུབ་པས་ངའི་གཟུགས་མཐོང་བ་ནི་དེ་ཉིད་ཡིན་ཞིང་ངའི་གཟུགས་མཐོང་བ་ནི་འདི་ཡིན་ནོ་ཞེས་ཁྱོད་འདོད་པ་མངོན་སུམ་རྟོག་པ་དང་བཅས་པ་ཡང་འཇུག་པར་མི་འགྱུར་ན། རྣམ་པར་རྟོག་པ་དེ་ཡང་སྣང་ངོ་། །དེ་བས་ན་དེའི་ཉམས་

སུ་མྱོང་བ་ཡོད་པ་དེ་ལྟར་ན་མི་འདོད་བཞིན་དུ་ཁས་བླང་བར་བྱའོ། །དེ་བས་ན་དེ་ཉམས་སུ་མྱོང་བ་ནི་མི་རྟོག་པ་ཡིན་ཏེ། ཇི་སྐད་དུ་བཤད་པའི་སྐྱོན་ཡོད་པའི་ཕྱིར་དང་། དེ་མངོན་སུམ་ཉིད་མ་ཡིན་ན་དོན་མངོན་སུམ་ཉིད་མ་ཡིན་པར་ཐལ་བའི་ཕྱིར་རོ། །རྣམ་པར་རྟོག་པ་ཡང་གཟུགས་འཛིན་པའི་དུས་ན་

གཟུགས་མཐོང་བ་ལ་མི་དམིགས་པ་དེས་ན། དེ་ནི་ཉམས་སུ་མྱོང་བ་གཟུགས་ཀྱི་བློ་དེ་ནི་ཁྱོད་ཀྱི་གཞུང་གིས་ཇི་ལྟར་རྟོག་མེད་འགྱུར། གལ་ཏེ་མངོན་སུམ་རྟོག་པ་མེད་པ་ཡིན་པར་མི་འགྱུར་ན་རྟོག་པ་མེད་པ་ཡང་ཡིན་པར་འགྱུར་བ་དེ་བས་ན་རྟོག་པ་མེད་པ་ཁོ་ན་མངོན་སུམ་ཡིན་ནོ། །

དེ་ཉིད་ཀྱིས་མྱོང་ཡིན་ན་ནི། །གཟུགས་ཀྱི་བློ་གང་གིས་གཟུགས་གཟུགས་ཞེས་རྣམ་པར་རྟོག་པ་དང་རྗེས་སུ་འབྲེལ་པའི་དོན་འཛིན་པར་བྱེད་དོ། །བློ་དེ་ཉིད་ཀྱིས་ཉམས་སུ་མྱོང་བ་ཡིན་ན། བློའི་བདག་ཉིད་དེ་ཉིད་ཀྱང་གཟུགས་མཐོང་བ་གཟུགས་མཐོང་བ་ཞེས་འཛིན་པར་བྱེད་པ་ཡིན་ནོ་ཞེས་

ཁས་ལེན་ན་རྣམ་པར་རྟོག་པ་ཉིད་མཐོང་བ་ཉམས་སུ་མྱོང་བ་དེ་ཉིད་མི་འཐད་དོ། །དེ་ལྟར་ན་ཡུལ་དང་དེ་ཉམས་སུ་མྱོང་བ་ལ། རྟོག་པ་གཉིས་ཅིག་ཅར་མཐོང་བའི་བློ་འཇུག་པ་དམིགས་པ་མེད་ན། གང་གིས་ན་དེ་ལྟར་འགྱུར། དེ་ནི་གཟུགས་ཀྱི་བློའི་ཡུལ་དང་རང་ཉམས་སུ་མྱོང་བ་

Vol. 175 · folio 185b

དག་གི་རྣམ་པར་རྟོག་པའི་བདག་ཉིད་གཉིས་ཅིག་ཅར་འཇུག་པར་མི་རུང་བས་ན་བསྟན་པ་ཡིན། ལན་བརྗོད་པ་ཡིན་པར་རིག་པར་བྱའོ། །གང་ཞེ་ན། དུས་མཚུངས་རྣམ་པར་ཤེས་གཞན་གྱིས་ཉམས་མྱོང་། །དབང་པོའི་ཤེས་པ་དང་དུས་མཚུངས་པར་འབྱུང་བའི་ངང་ཚུལ་ཅན་གྱི་རྣམ་པར་

རྟོག་པའི་རྣམ་པར་ཤེས་པ་གཞན་གྱིས་གཟུགས་ཀྱི་བློ་ཉམས་སུ་མྱོང་བ་སྟེ། འཛིན་པ་ཡིན་ཏེ། ཅིག་ཅར་རྣམ་པར་རྟོག་པ་གཉིས་མ་མཐོང་བའི་ཕྱིར་རོ། །དུས་ཕྱིས་འབྱུང་བའི་ངང་ཚུལ་ཅན་ཡང་ངས་གཟུགས་མཐོང་བ་ཞེས་བྱ་བར་འགྱུར་ཏེ། དེའི་ཚེ་ཡང་མཐོང་བ་དེ་འགག་པ་ཡིན་

ཏེ་མཐོང་བ་དེ་འདས་པ་ལ་རྣམ་པར་རྟོག་པ་འཇུག་པ་གང་ཡིན་པ་དེ་དྲན་པ་དེ་ཡང་སྔར་གཟུང་བ་མེད་ཅིང་། ཉམས་མྱོང་མེད་པར་ཇི་ལྟར་འགྱུར་ཏེ་མ་ཡིན་པ་ཁོ་ནའོ། །གལ་ཏེ་མཐོང་བ་འདས་པ་ལ་ཡང་རྣམ་པར་རྟོག་པ་ཕྱིས་འབྱུང་བའི་ངང་ཚུལ་ཅན་ཡོངས་སུ་གཅོད་པར་བྱེད་པར་འདོད་

པ་དེའི་ཚེ། ཇི་ལྟར་རྒྱུད་གཞན་དང་འབྲེལ་པ་ཅན་གྱི་རྣམ་པར་ཤེས་པ་ལྐོག་ཏུ་གྱུར་པ་ཡིན་པ་དེ་ལྟར་ན། བདག་ཉིད་ལ་ཡང་གཟུགས་ལ་སོགས་པའི་མཐོང་བ་འགག་པ་ན་ཡང་། གཞན་བློ་ཡོངས་གཅོད་ཐ་དད་མེད། །ངོ་བོ་ཅན་གྱི་བློ་ཡོངས་སུ་གཅོད་པ་དང་ཐ་དད་པ་མེད་པའི་རང་བཞིན་

ཅན། རང་བློའི་བློར་འགྱུར་ཏེ། ལྐོག་ཏུ་གྱུར་པ་ཉིད་དང་། འདས་པ་མེད་པ་ཉིད་དུ་རང་དང་གཞན་གྱི་རྒྱུད་ལ་གནས་པའི་བློ་ཉམས་སུ་མྱོང་བ་མེད་པ་དག་ལ་ཁྱད་པར་མེད་པའི་ཕྱིར་རོ། །ཇི་ལྟར་གཞན་གྱི་རྒྱུད་ལ་གནས་པའི་མཐོང་བ་ལ་བློ་ཡིན་པ་དེ་ལྟར་རང་གི་རྒྱུད་ལ་གནས་པ་ལ་

ཡང་འགྱུར་ན། དེ་ལྟར་ནི་མ་ཡིན་ཏེ། འདི་ལྟར་ངའི་གཟུགས་མཐོང་བ་ནི་འདི་ཡིན་ནོ་ཞེས་རྣམ་པ་གཞན་དུ་བདག་ཉིད་སོ་སོ་རང་གིས་རིག་པས་ཉམས་སུ་མྱོང་བ་ཅན་གྱི་བློ་འཇུག་པར་འགྱུར་རོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་ཉི་ཤུ་བརྒྱད་པ། གཞན་ཡང་མངོན་སུམ་

རྟོག་པ་དང་བཅས་པ་ཡིན་པར་སྨྲས་པ་གང་ཡིན་པ་དང་། མངོན་སུམ་རྟོག་པ་མེད་པ་ཡང་རང་རིག་པ་མ་ཡིན་པར་སྨྲ་བ་གང་ཡིན་པའི་རྒོལ་བ་གཉིས་པོ་དག་གི་ཡང་། འདས་པའི་གཟུགས་ལ་སོགས་པ་མཐོང་བ་མངོན་སུམ་གྱིས་གྲུབ་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མངོན་སུམ་དེ་ནི་ད་ལྟར་གྱི་

Vol. 175 · folio 186a

ཡུལ་ཅན་ཉིད་ཡིན་པའི་ཕྱིར་རོ། །རྗེས་སུ་དཔག་པས་ཀྱང་མ་ཡིན་ཏེ། འདི་ལྟར། མཐོང་བ་འདས་པ་དང་ནི་དཔེ་མེད་དང་། དཔེ་དང་བྲལ་བ་སྟེ། མངོན་སུམ་གྱི་རྣམ་པར་ཤེས་པ་ཅུང་ཟད་ཀྱང་གྲུབ་པ་མེད་ན། གང་དཔེ་ཉིད་དུ་རྗོད་པར་བྱེད། རྟགས་ཐམས་ཅད་ཀྱི་རྟེན་ཡང་

མ་གྲུབ་པར་འགྱུར་ཏེ། ཆོས་ཅན་ཉིད་མ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །རྟགས་མེད་པ་ནི་འདི་ལྟར་རྗེས་སུ་འགྲོ་བ་དང་ལྡོག་པ་དང་ཆོས་ཅན་དང་འབྲེལ་པ་མ་གྲུབ་པའི་ཕྱིར་རྗེས་སུ་དཔག་པ་མ་ཡིན་ནོ། །འདིས་ཀྱང་མངོན་སུམ་དང་རྗེས་སུ་དཔག་པ་དག་མེད་པའི་ཕྱིར། དོན་རིག་པ་དོན་མཐོང་བ་

དེ་ཚད་མ་གང་གིས་གྲུབ། རྣམ་པ་གང་གིས་ཀྱང་མ་ཡིན་ནོ། །དེ་བས་ན་ཤེས་པ་དེ་ལ་ནི། །མངོན་སུམ་མ་ཡིན་རྟགས་ཅན་མིན། དེ་ལྟར་ན་མཐོང་བ་རྟོག་པ་མེད་པའི་ཕྱིར། འགྲོ་བ་ལོང་བ་དང་ལྐུགས་པར་འགྱུར་རོ། །གལ་ཏེ་དེ་ཡི་རང་ངོ་བོ། །སྣང་བ་ཅན་བློ་དེ་མ་ཐག །གཟུགས་

སོགས་བཞིན་དུ་འཛིན་འགྱུར་ན། །གལ་ཏེ་ཇི་ལྟར་མདོ་སྡེ་པ་དག་དབང་པོ་དང་དོན་དག་སྔར་འབྱུང་བ་དག་གིས་ཤེས་པ་སྐྱེད་པར་འགྱུར་ཞིང་གཟུགས་ལ་སོགས་པ་ཐག་ཉེ་བའི་རྗེས་སུ་བྱེད་པའི་ངང་ཚུལ་ཅན་དེ་ལས་སྐྱེས་པའི་ཤེས་པ་དེས་ཀྱང་དེ་འཛིན་པར་འགྱུར་བ་དེ་ལྟར། འདིར་

ཡང་གཟུགས་ལ་སོགས་པའི་བློ་སྔར་སྐྱེས་པས་ཀྱང་རང་གི་རྣམ་པའི་རྗེས་སུ་བྱེད་པའི་ངང་ཚུལ་ཅན་གྱི་རྣམ་པར་རྟོག་པའི་བློ་ཕྱི་མ་གཞན་སྐྱེད་པར་འགྱུར་རོ། །དེའི་ངོ་བོར་སྣང་བ་ཅན་ཏེ། བློ་སྔ་མའི་ངོ་བོ་རྗེས་སུ་འབྲང་བ་ཅན་དེའི་དུས་ཕྱིས་འབྱུང་བའི་ངང་ཚུལ་ཅན་དེ་མ་ཐག་པའི་

སྟོབས་ཀྱིས་སྐྱེད་པ་རྣམ་པར་རྟོག་པའི་བློ་གཞན་དེས་ཀྱང་བློ་སྔ་མ་དེ་དག་ཀྱང་གཟུགས་ལ་སོགས་པའི་བློ་ཡིན་ནོ་ཞེས་དེ་ལྟར་འཛིན་པ་དེའི་ཚེ་སྐྱོན་ཅིར་འགྱུར་ཞེ་ན། སྔར་བློ་དེ་ནི་འཛིན་མི་འགྱུར། །ཞེས་བྱ་བ་སྨོས་ཏེ། གང་གི་ཚེ་དོན་མངོན་སུམ་དུ་གྱུར་པ་ན་མྱུར་དུ་མཐོང་བ་མང་པོ་

འགགས་པར་གྱུར་པ་དེའི་ཚེ་མཐོང་བ་ཐ་མ་ཉིད་ལ། ངས་གཟུགས་འདི་མཐོང་ངོ་ཞེས་འཛིན་པ་ནི་རིམ་གྱིས་མཐོང་བ་སྔ་མ་དེ་དག་ཀྱང་འདི་ལྟར་ཡུན་རིང་པོར་མཐོང་ངོ་ཞེས་དེ་ལྟར་འགྱུར་བས་མཐོང་བ་ཆོད་པ་དེ་དག་ནི་བློ་དེ་དག་གིས་འཛིན་པ་མ་ཡིན་པའི་ཕྱིར་དེ་དག་གི་ཉམས་སུ་མྱོང་བ་དེར་

Vol. 175 · folio 186b

མི་འགྱུར་ན། ཉམས་སུ་མྱོང་བ་ཡང་ཡོད་པ་དེ་བས་ན་དེ་ཉམས་སུ་མྱོང་བ་དེ་ནི་རྟོག་པ་མེད་པ་ཡིན་ནོ་ཞེས་བྱ་བར་གནས་སོ། །གང་གི་ཚེ་འདི་ལྟར། ཇི་ལྟར་རང་ཡུལ་ཅན་རྣམས་ཤེས། །ཉམས་མྱོང་དེ་ནི་རྟོག་མེད་ཡིན། །དེའི་ཚེ་དེ་ལྟར་ཡུལ་འཛིན་པ་ཡིན་ན་ཡང་། ཤེས་པ་རྟོག་པ་

མེད་པ་ཉིད་ཡིན་ནོ་ཞེས་བྱ་བར་གྲུབ་པར་འགྱུར་རོ། །ཇི་ལྟར་ད་ལྟར་ཤེས་པ་གཅིག་རྟོག་པ་མེད་པར་གྲུབ་པ་དེ་ལྟར་མངོན་སུམ་གཞན་ཐམས་ཅད་ཀྱང་རྟོག་པ་མེད་པ་ཉིད་ཡིན་པར་གྲུབ་པ་ཡིན་ནོ་ཞེས་བལྟ་བར་བྱའོ། །ཅིའི་ཕྱིར་ཞེ་ན། བརྡ་ནུས་མེད་པ་ཉིད་ཕྱིར་རོ། །རྣམ་པར་ཤེས་པ་དེའི་

རང་གི་ངོ་བོ་ཉམས་སུ་མྱོང་བ་བརྡས་བྱས་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རྣམ་པར་རྟོག་པའི་རྣམ་པར་ཤེས་པའི་ཡུལ་མ་ཡིན་ནོ། །དེ་བཞིན་དུ་དངོས་པོའི་རང་གི་ངོ་བོ་གཞན་ཡང་ཡིན་ནོ། །བརྡ་བྱེད་པའི་ནུས་པ་མེད་པ་ཉིད་ཀྱི་ཕྱིར་གདོན་མི་ཟ་བར་དེའི་ཡུལ་ཅན་གྱི་ཉམས་སུ་མྱོང་བའི་རྟོག་པ་

མེད་པས་ཀྱང་འགྱུར་བ་ཡིན་ནོ། །ཇི་ལྟར་དེ་དེ་ལྟར་ཡིན་པ་དེ་ལྟར་ཕྱིས་འཆད་པར་འགྱུར་ཞིང་། སྔར་ཡང་བསྟན་ཟིན་ཏོ། །གཞན་ཡང་། སྤྱི་བརྗོད་ངང་ཚུལ་ཅན་སྒྲ་དང་། །ཁྱད་པར་བརྗོད་པའི་ངང་ཚུལ་ཅན་མ་ཡིན་ཏེ། ཁྱད་པར་ནི་ཐ་སྙད་ཀྱི་དུས་ན་ཉེ་བ་ཉིད་མ་ཡིན་པས་ཐ་སྙད་དུ་བྱར་

མི་རུང་བ་ཉིད་ཀྱི་ཕྱིར་དང་། སྒྲ་འགོད་པ་ཡང་ཐ་སྙད་ཀྱི་དོན་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་དང་དོན་ཅིག་ཅར་རྟོགས་ན། སྒྲ་གཅིག་གི་ཡུལ་ཅན་རྟོག་པ་ཡིན་ནའོ། །སྒྲའི་ཡུལ་གང་ཡིན་པ་དེ་རྟོག་པའི་ཡིན་ཏེ། སྤྱིའི་ཡུལ་ཅན་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་མངོན་སུམ་རྟོག་པ་

དང་བཅས་པ་དེའི་ཚེ། རྣམ་པར་ཤེས་པ་ཉིད་རྟོག་པ་མེད་པ་ཉིད་ཡོད་པ་མ་ཡིན་པ་དེ་ལྟར་ན་རྟོག་པ་མེད་པ་མེད་ན་ནི་ཁྱད་པར་ཇི་ལྟར་རྟོགས་པ་ཡིན་ཏེ། མི་འགྱུར་བ་ཉིད་ཡིན་ནོ། །ཐམས་ཅད་དུ་སྤྱི་ཡན་གར་བ་རྟོགས་པར་འགྱུར་གྱི། འགའ་ཞིག་གི་ཚེ་ཡང་ཁྱད་པར་རྟོགས་པ་མ་

ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་རྟོག་མེད་འགའ་ཞིག་ཀྱང་། །ཡོད་ན་མངོན་སུམ་ནི་རྟོག་པ་དང་བཅས་པ་ཉིད་མ་ཡིན་ནོ། །གང་གིས་ན་རྟོག་པ་མེད་པའི་ཕྱིར་ཁྱད་པར་མི་རྟོག་པར་འགྱུར། འོན་ཀྱང་མངོན་སུམ་རྟོག་པ་མེད་པ་འགའ་ཞིག་ཀྱང་ཡོད་

Vol. 175 · folio 187a

པ་མ་ཡིན་པ་དེ་བས་ན་ཁྱད་པར་རྟོགས་པར་འགྱུར་རོ་ཞེ་ན། གལ་ཏེ་དེ་ལྟ་ཡིན་པ་དེའི་ཚེ་ཇི་ལྟར་ཤེས་པ་རྟོག་པ་མེད་པ་གཅིག་པོ་རང་གི་རྒྱུ་ལས་ནུས་པ་ངེས་པ་ཅན་མིག་ལ་སོགས་པའི་རྒྱུ་ཅི་འདྲ་བ་ལས་སྐྱེ་བ་དེ་འདོད་པ་དེ་དང་འདྲ་བ་ཉིད་ཀྱི་ཕྱིར། གཞན་ཐམས་ཅད་ཀྱང་

སྐྱེ་བར་འགྱུར་བ་དེ་ལྟར་ན། དེ་དང་མཚུངས་རྒྱུ་ཅན་ཐམས་ཅད་དེ་བཞིན་རྟོག་པ་མེད་པ་ཉིད་དུ་འགྱུར་གྱི། འགའ་ཞིག་རྟོག་པ་མེད་པ་དང་། འགའ་ཞིག་རྟོག་པ་དང་བཅས་པ་ཡིན་ནོ་ཞེས་བྱ་བ་ནི་མ་ཡིན་ནོ། །འབྲས་བདག་ཉིད། ཐ་དད་རྒྱུ་ཐ་དད་ཕྱིར་རོ། །འདི་ལྟར་རྒྱུའི་རང་བཞིན་ངེས་

པ་ལས་འབྲས་བུ་ངེས་པ་ཡིན་ཏེ། ཅི་འདྲ་བ་ལས་སྐྱེ་བ། ཅི་འདྲ་བ་ཅིག་མཐོང་བ་དེ་འདྲ་བ་ལས་སྐྱེ་བ་གཞན་ཡང་དེ་འདྲ་བ་ཉིད་དུ་འགྱུར་རོ། །མི་འདྲ་བ་ལས་འབྱུང་བ་མི་འདྲ་བ་ཡིན་ནོ་ཞེས་བྱ་བ་འདི་ནི། དེ་འདྲ་བ་དང་དེ་འདྲ་བ་མ་ཡིན་པ་ཉིད་ལ་རིགས་པ་ཡིན་ནོ། །དེ་ལྟ་མ་ཡིན་ཏེ། རྒྱུ་

མེད་པ་ཅན་ཉིད་ཡིན་ན་ཡུལ་ལ་སོགས་པའི་ངེས་པར་མི་རུང་ངོ་ཞེས་མང་དུ་བཤད་ཟིན་ཏོ། །འདིའི་ཕྱིར་ཡང་མངོན་སུམ་རྟོག་པ་མེད་པ་ཉིད་ཡིན་ཏེ། འདི་ལྟར། བརྡ་དྲན་ཕྱིར་ན་སྦྱོར་བ་ནི། །ཕྱི་རོལ་དོན་ལ་ལྟོས་མེད་ཅན། །དོན་འདིའི་སྒྲ་རྗོད་པར་བྱེད་པ་ཡིན་ནོ་ཞེས་འདིར་སྒྲ་དང་དོན་སྦྱོར་

བ་གང་ཡིན་པ་དེ་ནི་ཕྱི་རོལ་གྱི་དོན་ཉེ་བ་ཉིད་ལ་ལྟོས་པ་མེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བརྡ་དྲན་ཕྱིར་ཏེ། དྲན་པ་ཡང་དོན་ཉེ་བ་ལ་ལྟོས་པ་མ་ཡིན་གྱི། འོན་ཀྱང་གང་ཁོ་ན་སྒྲ་བརྡར་བྱས་པ་དེ་ཁོ་ན་ལ་དེ་དྲན་པར་བྱེད་པ་ཡིན་ལ། ཇི་ལྟར་བརྡར་བྱས་པའི་སྒྲ་དེ་དང་དེ་ཉིད་སྦྱོར་བར་བྱེད་དོ། །

དངོས་པོ་ལ་ཡང་བརྡ་བྱེད་པ་མ་ཡིན་པ་དེ་ལྟར། དེ་ལ་བརྡ་དབང་པོའི་ཤེས་པས་དྲན་པ་མ་ཡིན་ཞིང་། བདག་ཉིད་སྤྱོད་པར་བྱེད་པ་མ་ཡིན་པ་དང་། དྲན་པ་མ་ཡིན་པར་འགྱུར་བ་ཡུལ་དུ་མ་བྱས་པའི་སྒྲ་དང་དོན་སྦྱོར་བར་བྱེད་པ་མ་ཡིན་ནོ། །སྦྱོར་བ་ནི་གང་ལ་བརྡ་དྲན་པ་མེད་པ་དེ་ནི་དེ་དང་དོན་དེ་སྦྱོར་

བར་བྱེད་པ་མ་ཡིན་ཏེ། དཔེར་ན་ཉེ་བའི་བ་ལང་དང་བུའི་འབྲེལ་པ་མི་དྲན་པ་ལྟ་བུའོ། །དབང་པོའི་ཤེས་པས་ཀྱང་སྒྲ་དང་དོན་དག་གིས་བརྡ་དྲན་པ་མ་ཡིན་ནོ་ཞེས་བྱ་བ་ནི་རྒྱུ་མི་དམིགས་པའོ། །དེ་བས་ན་ཇི་ལྟར་རྣམ་པར་རྟོག་པའི་ཤེས་པས་ཕྱི་རོལ་གྱི་དོན་ཉེ་བ་ལ་ལྟོས་པ་མེད་པར་སྦྱོར་

Vol. 175 · folio 187b

བར་བྱེད་པ། དེ་བཞིན་བརྡ་ལ་ལྟོས་མེད་པར། དངོས་ནུས་ཉིད་ལས་དོན་གྱི་ནུས་པ་ཉིད་ལས་མིག་བློ་ཡིན། སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནི་ཚིག་གི་ལྷག་མ་ཡིན་ནོ། །དེ་ནི་འགྱུར་མོད་ཀྱི། བརྡ་དང་དེ་དྲན་པ་ལ་ལྟོས་པ་མེད་པར་དབང་པོའི་ཤེས་པ་གཟུགས་འཛིན་པར་བྱེད་པར་སྐྱེ་བར་མི་འགྱུར་

རོ། །དེ་ལྟ་ཡིན་ན་ནི། གལ་ཏེ་ཇི་ལྟར་དབང་བློ་ཡི། །གཟུགས་བརྡ་དྲན་ལ་ལྟོས་ཅན་ཡིན། །གལ་ཏེ་མིག་གི་རྣམ་པར་ཤེས་པའི་བྱ་བ་ཡིན་ན། གཟུགས་བརྡ་དང་དྲན་པ་ལ་ལྟོས་པ་ཉིད་ཡིན་ཏེ། ལྟོས་མེད་ནུས་པ་མ་ཡིན་ན་བརྡ་དང་དྲན་པ་ལ་ལྟོས་པ་དབང་པོའི་ཤེས་པ་སྐྱེད་པ་ལ། གཟུགས་

ནུས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེའི་ཚེ་ནུས་པར་འགྱུར་གཟུགས་འདིའོ། །གང་ལ་ཞེ་ན། དྲན་པ་ཉིད་ལའོ། །ཅི་དང་འདྲ་བར་ཞེ་ན། རྟགས་བཞིན་དུ་དཔེར་ན་རྨ་བྱའི་སྒྲོ་ལ་སོགས་པའི་རྟགས་འབྲེལ་པ་དྲན་པ་ལ་ཉེ་བར་སྦྱོར་བ་ཅན་ཡིན་གྱི། ལ་ལའི་ཚེ་དངོས་སུ་རྟགས་

ཀྱིས་ཤེས་པ་སྐྱེད་པ་མ་ཡིན་པ་དེ་དང་འདྲ་བར་རོ། །དེ་ནི་དེ་མངོན་ཕྱོགས་སྐྱེ་ཕྱིར། །དྲན་པ་ནི་དོན་ལ་མངོན་དུ་ཕྱོགས་པ་ལས་སྐྱེས་པའི་ཕྱི་རོལ་ལས་དྲན་པ་དེ་ཉིད་དུ་འགྱུར་གྱི། འགའ་ཞིག་གི་ཚེ་ཡང་དབང་པོའི་བློའི་ཡུལ་འགྱུར་བ་ཡང་མ་ཡིན་ནོ། །དྲན་ལས་དབང་བློ་འགྱུར་བའམ། །

འགའ་ཞིག་གི་ཚེ་ཡང་མིན་ཏེ་མི་འགྱུར་རོ། །དྲན་པ་ལས་དབང་པོའི་ཤེས་པ་འགྱུར་བས་གདོན་མི་ཟ་བར་བསྐྱེད་པར་བྱ་བ་མ་ཡིན་ཞིང་། འགའ་ཞིག་གི་ཚེ་བསྐྱེད་པར་འགྱུར་རོ། །གཞན་ཡང་གང་གི་ཚེ་དོན་ལས་དངོས་སུ་དབང་པོའི་བློ་མི་སྐྱེ་བ་དེའི་ཚེ། དྲན་པ་དེ་ལས་དུས་གཞན་ལ་དབང་པོའི་

བློར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ལ་ལར་རྣམ་གཡེང་སྲིད་ཕྱིར་རོ། །དོན་ལས་དྲན་པ་སྐྱེད་པ་ན། །དེ་མ་ཐག་པའི་ཡུལ་གཞན་ལ་རྣམ་པར་གཡེང་བ་ལ་སོགས་པས་ཆོད་པ་སྲིད་པའི་ཕྱིར་འགའ་ཞིག་གི་ཚེ་སྐྱེ་བར་མི་འགྱུར་བའམ། དོན་མཐོང་བ་དྲན་པས་མཚམས་སྦྱོར་བས་ཕྱིས་

ཀྱང་འགྱུར་ཏེ། །དྲན་པ་ལས་ཕྱིས་ཀྱང་དབང་པོའི་ཤེས་པའི་སྐྱེད་པར་ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་རིམ་གྱིས་གཉིས་རྒྱུ་ཡིན། །སྔར་གཟུགས་ཀྱི་དབང་པོའི་ཤེས་པའི་རྒྱུར་གྱུར་པའི་དྲན་པ་བསྒྲུབས་ནས་ཕྱིས་དབང་པོའི་ཤེས་པའི་རྒྱུ་ཉིད་དུ་གྱུར་པ་

Vol. 175 · folio 188a

ཡིན་ནོ་ཞེ་ན། དེ་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་གལ་ཏེ་དྲན་པ་ཉེ་བར་སྦྱོར་བས་ཕྱིས་གཟུགས་ལ་སོགས་པ་དོན་དབང་པོའི་བློའི་རྒྱུར་འགྱུར་བ་དེའི་ཚེ་སྔར་ཉིད་མངོན་དུ་གྱུར་པ་ཉིད་དབང་པོའི་ཤེས་པའི་རྒྱུར་གྱུར་པའམ་ཕྱིས་ཀྱང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཐ་

དད་མེད་ཕྱིར་རོ། །དེ་སྐད་དུ་དོན་དེ་ནི་སྔར་ཡང་ཕྱིས་བཞིན་དུ་ལྟོས་པ་མེད་པར་དབང་པོའི་ཤེས་པ་སྐྱེད་པར་བྱེད་པའི་རང་བཞིན་ཡིན་པའམ། མ་ཡིན་གྲང་ན། གལ་ཏེ་སྔར་ཡང་དེ་དེའི་རང་བཞིན་དང་ལྡན་པ་དེའི་ཚེ་ཕྱིས་བཞིན་སྔར་ཡང་སྐྱེད་པར་འགྱུར་རོ། །ཅི་སྟེ་དེའི་རང་བཞིན་མ་ཡིན་པ་དེ་ལྟར་ན་ནི་སྔར་

ཡང་སྐྱེད་པར་བྱེད་པ་མ་ཡིན་པ་ཕྱིས་ཀྱང་ཁྱད་པར་མེད་པའི་ཕྱིར་དེ་འགའ་ཞིག་གི་ཚེ་ཡང་བསྐྱེད་པར་མི་འགྱུར་ཞེས་སྟོན་པར་འགྱུར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་སྐད་ཅིག་གཞན་བློ་རྒྱུ་སྐད་ཅིག་མ་ཡིན་ན། སྐྱོན་འདིར་འགྱུར་ན། གང་གི་ཚེ་དངོས་པོ་སྐད་ཅིག་མ་རེ་རེར་གཞན་དང་

གཞན་དུ་འགྱུར་བ་དེའི་ཚེ། སྐད་ཅིག་མ་དང་པོ་དྲན་པ་སྐྱེད་པར་བྱེད་ཅིང་། ཕྱི་མའི་དབང་པོའི་ཤེས་པ་སྐྱེད་པ་ཡིན་ནོ་ཞེ་ན། ཕྱོགས་དེ་ལའང་དོན་དེ་དབང་པོའི་ཤེས་པའི་རྒྱུ་ཉིད་ཡིན་ན་དོན་དེ་ལའང་དྲན་པ་དོན་མེད་ཅན། དགོས་པ་མེད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་བརྡ་དྲན་ཇི་ལྟར་བརྡར་

བཏགས་པ་གྲུབ་པའི་དོན་དུ་འདོད་པ་དང་དོན་གང་ལ་ཡང་སྒྲ་བརྡར་བཏགས་པ་གང་དེ་ལ་སྒྲ་དེ་སྦྱོར་བའི་དོན་ཡིན་པར་འདོགས་པ་ཡིན་ནོ་ཞེས་བརྡ་དྲན་པ་དེའི་དོན་ཅན་དུ་འདོད་ན་འདི་ལྟར་དྲན་པའི་ཡུལ་གྱི་དོན་དབང་པོའི་ཤེས་པས་འཛིན་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། དེ་ལས་དུས་གཞན་དུ་

འབྱུང་བའི་ངང་ཚུལ་ཅན་གཞན་དྲན་པས་ཡུལ་དུ་བྱས་པ་དེ་བས་འདིར་དྲན་པ་དོན་མེད་པ་ཅན་དུ་འགྱུར་རོ། །གཞན་ཡང་། ཁྱད་པར་བརྡར་བཏགས་མེད་འཛིན་ན། །རྟག་པའི་ཕྱོགས་ལ་ཡང་གང་ཁོ་ན་ལ་བརྡར་བཏགས་པ་དེ་ཉིད་སྒྲ་དང་བཅས་པའི་གཟུང་བར་བྱ་བ་ཡིན་ཞིང་། ཁྱད་པར་ལ་བརྡ་མེད་

པའི་ཕྱིར་དེ་བརྡར་བཏགས་པ་མེད་པས་ཁྱད་པར་དེ་ཐ་དད་པར་གཟུང་བར་བྱ་བར་འགྱུར་ཏེ། བརྡར་མ་བཏགས་པ་དབང་པོའི་ཤེས་པ་རྟོག་པ་མེད་པས་འཛིན་པར་འགྱུར་རོ། །ཡང་ན། ཁྱད་པར་བརྡར་བཏགས་མེད་འཛིན་ན། །ཞེས་བྱ་བའི་དོན་ནི་སྐད་ཅིག་མའི་ཕྱོགས་ལ་སྐད་ཅིག་མ་དང་པོ་གང་

Vol. 175 · folio 188b

ཡིན་པ་དེ་དྲན་པ་སྐྱེད་པར་བྱེད་པར་འདོད་པ་དེ་ལ། ཁྱད་པར་གྱི་ངོ་བོ་མ་བཟུང་བ་ལ་བརྡ་ཡོད་པ་མ་ཡིན་ནོ། །བརྡར་བཏགས་པ་མེད་པའི་ཕྱིར། དྲན་པས་བརྡར་མ་བཏགས་པ་ཉིད་དུ་གཟུང་བར་འགྱུར་རོ་ཞེས་འདོད་པར་འགྱུར་ན་དེ་ཡང་རིགས་པ་མ་ཡིན་ནོ། །ཡང་ན་ཕྱིས་འབྱུང་བའི་

སྐད་ཅིག་མ་གང་ཡིན་པ་དེ་དབང་པོའི་ཤེས་པ་སྐྱེད་པར་འདོད་ན། དེ་ལ་ཁྱད་པར་ལ་སྒྲ་བརྡ་བྱས་པ་མ་ཡིན་ཞིང་། བརྡར་མ་བྱས་པའི་ཕྱིར་ཡང་བརྡར་མ་བཏགས་པའི་དོན་དེ་འཛིན་པ་དེ་ལྟར་ན། ཁྱད་པར་བརྡར་བཏགས་མེད་འཛིན་ན། །ཞེས་བྱ་བ་འདི་ཡིན་ནོ། །དེ་ལ་དྲན་པ་འདོད་གང་

ཅན། །ཕྱོགས་གཉིས་པ་ལ་གང་གི་ཡུལ་ཅན་ཡིན། གསུམ་པ་ལ་གང་གི་དགོས་པ་ཅན་ཡིན། གཉི་ག་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཁྱད་པར་ལ་སྒྲ་འགོད་པ་མ་ཡིན་གྱི། འོན་ཀྱང་སྤྱི་ལ་ཡིན་པ་ངེས་ན། སྤྱི་ཙམ་རྟོགས་པ་ཡིན་གྱི་ཁྱད་པར་མ་ཡིན་ནོ་ཞེས་བྱ་བའི་རྟོག་པ་ཡང་

ལེགས་པ་མ་ཡིན་ནོ། །དེ་ལྟར་ན་སྤྱི་ཡན་གར་བ་འཛིན་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། ཁྱད་པར་ཡང་འཛིན་པ་ཡིན་ནོ། །དེ་ལྟར་མ་ཡིན་ན། སྤྱི་ཙམ་འཛིན་པ་ཡིན་ན་ནི། །རྣམ་པར་ཤེས་པ་ཁྱད་པར་ལ་ལྟོས་མི་རུང་ངོ་། །དེ་ལྟར་ན་ཁྱད་པར་དང་འདྲེས་པའི་སྤྱི་འཛིན་པར་འདོད་པར་བྱའོ། །དེ་

ལྟར་ན་སྒྲའི་ཡུལ་མ་ཡིན་པའི་ཁྱད་པར་འཛིན་པ་གང་ཡིན་པ་དེ་ནི་བརྗོད་པ་དང་འདྲེས་པ་མ་ཡིན་ནོ། །དེ་ཕྱིར་མིང་དང་གཟུགས་དག་ལ། མིག་ཁོ་ན་དང་གཟུགས་ཁོ་ན་ལ་བརྟེན་ནས་བརྡ་དྲན་པ་ལ་ལྟོས་པ་མེད་པར་མིག་བློ་སྐྱེད་པར་འགྱུར་ཞེས་བྱ་བར་ནི་མཇུག་བསྡུས་པའོ། །མངོན་

སུམ་རྟོག་དང་བྲལ་བ་ཅན། །ཞེས་བྱ་བ་སྐབས་སུ་བྱས་ནས། གང་ལ་རྟོག་པ་དེ་དག་མེད། །ཅེས་བྱ་བའི་པར་དོན་གྱིས་བཤད་པ་ཡིན་ནོ། །འོན་ཏེ་ཅིའི་ཕྱིར་གཉི་ག་ལ་རག་ལས་པས་སྐྱེ་བ་ལ་མངོན་སུམ་ཞེས་བརྗོད་ཀྱི། ཡུལ་ལ་བརྟེན་པ་ཞེས་མ་ཡིན་ཞེས་བྱ་བ་དེ་ཉིད་ནི་གལ་ཏེ་

ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །གལ་ཏེ་དངོས་སུ་ཤེས་སྐྱེད་ལ། །དབང་པོ་བཞིན་དུ་ཡུལ་ནུས་ཡིན། །ཇི་ལྟར་དབང་པོའི་རྣམ་པར་ཤེས་པ་སྐྱེད་པའི་རྒྱུ་མཚན་ཡིན་པ་དེ་ལྟར་གཟུགས་ཀྱང་ཡིན་ནོ། །འོ་ན་ཅིའི་ཕྱིར་གཉིས་རག་ལས། །སྐྱེ་བ་མིག་དང་གཟུགས་དག་ལ་རག་ལས་ནས་

Vol. 175 · folio 189a

རྣམ་པར་ཤེས་པ་དེ་ནི་གཟུགས་དེས་མི་བརྗོད། ཅི་ཐ་སྙད་མི་གདགས་ཞེས་བྱ་བ་ནི་བརྒལ་བའོ། །གོ་བར་བྱེད་པ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། འཇིག་རྟེན་པ་དགོས་པ་མེད་པར་དོན་ལ་ཐ་སྙད་སྦྱོར་བ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། སྒྲ་འདི་ནི་བརྗོད་པར་བྱ་བའི་སྐབས་

སུ་བབ་པ་འདི་ལ་གོ་བར་བྱེད་པའི་ནུས་པ་ཉིད་ཡོད་པ་མ་ཡིན་པ་དེ་ལྟར་ན། གོ་བར་བྱེད་པ་ཉིད་མཐོང་ནས། ཐ་སྙད་ངེས་པར་སྦྱོར་བར་བྱེད། གོ་བར་བྱེད་པ་དེ་ལ་དབང་པོའི་ཤེས་པ་སྟོན་པར་བྱེད་པའི་སྐབས་སུ་བབ་པ་དབང་པོའི་ཐ་སྙད་དོ། །དེ་ཡི་ཆོས་ཀྱང་དེས་སྦྱོར་བྱེད། །གོ་བར་བྱེད་པ་ཁྱབ་པར་བྱེད་པས་སྒྲ་ངེས་པར་སྦྱོར་བ་

འོས་པ་ལ་ཁྱབ་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །འདིས་ནི་སྦྱོར་བའི་དོན་འཐད་པར་བྱེད་པ་ཡིན་ནོ། །གང་གི་ཕྱིར་འདི་ལྟར། དེ་ཡི་ཆོས་ཀྱང་ངེས་སྦྱོར་བྱེད། །གོ་བར་བྱེད་པས་ཁྱབ་པའི་རྒྱུ། །དེ་བས་ཐ་སྙད་འདི་ལ་ནི། །གོ་བར་བྱེད་པའི་རང་བཞིན་རྟགས་ནི་ངེས་པར་སྦྱར། རང་བཞིན་ཞེས་བྱ་བའི་རྟགས་ངེས་པར་

སྦྱར་བ་དེ་ལྡོག་པར་འགྱུར་རོ། །གང་གི་ཚེ་ཞེ་ན། གོ་བར་བྱེད་པ་ཁྱབ་པར་བྱེད་པའི་རང་བཞིན་ནི་ལོག་པའི་ཕྱིར་རོ། །འདི་ཐམས་ཅད་ཀྱིས་ནི་སྦྱོར་བའི་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་ངོ་བོ་བསྟན་ཏོ། །དེ་དེ་ལྟར་ན་གོ་བར་བྱེད་པའི་ཐ་སྙད་ཀྱི་བཤད་པ་ཡིན་གྱི། སྐབས་སུ་བབ་པའི་དོན་རྟོགས་པར་བྱེད་པ་མ་ཡིན་པ་

གཞན་གྱིས་ནི་མ་ཡིན་ནོ། །འོ་ན་ཇི་ལྟར་རྣམ་པར་ཤེས་པ་ལྔའི་དམིགས་པ་བསགས་པ་ཡིན་པ་དེ་ལྟར་ན། རྣམ་པར་ཤེས་པའི་ཚོགས་ལྔ་ནི་བསགས་པ་ལ་དམིགས་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་གྲུབ་པའི་མཐའ་གང་ཡིན་པ་དེ་གལ་ཏེ་དེ་གཅིག་ཏུ་རྣམ་པར་རྟོག་པ་བཤད་པ་ཡིན་ན་དེ་ཇི་ལྟར་རུང་། སློབ་དཔོན་

དབྱིག་གཉེན་གྱིས་ཀྱང་མིག་གིས་གཟུང་བར་བྱ་བ་ཉིད་ལ་སོགས་པས་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་ཡུལ་ཅན་དེ་དག་རྣམ་པར་ཤེས་པ་ཚོགས་ལྔར་འདོད་ཀྱི་རྫས་ཀྱི་མཚན་ཉིད་ལ་ནི་མ་ཡིན་ནོ་ཞེས་བྱ་བ་དེ་དག་ཇི་ལྟར་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན། སྤྱིའི་མཚན་ཉིད་ཀྱི་ཡུལ་ཅན་ཁོ་ན་ཡིན་ནོ་ཞེས་བཤད་

པར་འགྱུར་རོ། །ཕྱོགས་སྔ་མ་འདི་གཉིས་ཀྱི་ལན་བཤད་པར་བཞེད་ནས། བསགས་པ་དག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསགས་པ་ལ་དམིགས་པ་ཞེས་བྱ་བ་འདི་ལ་བསགས་པའི་སྒྲ་ནི་ཚོགས་པ་བརྗོད་དོ། །ཚོགས་པ་དེ་སྤྱི་ལ་གལ་ཏེ་སྤྱི་ལ་དབང་པོའི་བློ་འཇུག་པར་འགྱུར་བ་དེའི་ཚེ་རྣམ་

Vol. 175 · folio 189b

པར་རྟོག་པར་འགྱུར་རོ། །དེ་ལྟར་ན། སྤྱི་བློ་གདོན་མི་ཟ་བར་ཡང་། །རྣམ་པར་རྟོག་དང་འབྲས་བུ་འབྲེལ། །དེ་ལ་རྣམ་པར་རྟོག་པ་འཇུག་པའི་ཕྱིར་རོ། །འདི་ལ་སྐྱོན་ཡོད་པ་མ་ཡིན་ཏེ། འདི་ལྟར། དོན་གཞན་དང་ནི་མངོན་འབྲེལ་ཕྱིར། རྣམ་པར་ཤེས་པར་སྐྱེད་པར་བྱེད་པའི་ནུས་པའི་རང་བཞིན་སྐྱེད་པའི་རྐྱེན་ཉེ་

བའི་ཕྱིར། རྡུལ་ཕྲ་རབ་ཉེ་བར་ལེན་པའི་རྒྱུ་སྔར་ནུས་པ་མེད་པ་དག་ལས་རྣམ་པར་ཤེས་པ་སྐྱེད་པར་བྱེད་པའི་ནུས་པ། རྡུལ་ཕྲན་གཞན་གང་སྐྱེ་འགྱུར་བ། དེ་དག་གཞན་དང་གཞན་ཐག་ཉེ་བའི་གནས་སྐབས་ཐོབ་པར་གྱུར་པའི་སོ་སོར་ནུས་པ་རྣམས་བསགས་པའི་སྒྲས་བཤད་དོ། །དེ་བས་ན་བསགས་པ་

དམིགས་པ་ཞེས་བཤད་དོ། །དེ་དག་ལས་རྡུལ་ཕྲན་གྱི་ནུས་པ་སྐྱེས་པར་འགྱུར་བ་ན། དེ་དག་ནི་དབང་པོའི་ཤེས་པ་སྐྱེ་བའི་རྒྱུ་མཚན་ཏེ། རྒྱུ་ཡིན་ནོ། །བསགས་པ་ཞེས་བྱ་བ་སྤྱིར་གྱུར་པ་ཐ་དད་པའམ། ཐ་དད་པ་མེད་པ་ཅུང་ཟད་ཡོད་པ་མ་ཡིན་ན། གང་གིས་ན་བསགས་པ་དམིགས་པ་ཞེས་

བཤད་པ་ལ་ཕྱོགས་སྔ་མའི་སྐབས་ཡོད་པར་འགྱུར་གང་བརྗོད་པ། སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་ལ་དེ་དག་གི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་གྱི་རྫས་ཀྱི་རང་གི་མཚན་ཉིད་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ལ་ཡང་རྡུལ་ཕྲན་རྣམས་ཀྱི་གང་དོན་གཞན་དང་འབྲེལ་པ་ལས་རྣམ་པར་ཤེས་པ་སྐྱེ་བར་བྱེད་པའི་ཁྱད་

པར་སྐྱེ་བར་འགྱུར་བའི་ཁྱད་པར་དེ་ཡང་གལ་ཏེ་ཡང་དེ་དག་ཕན་ཚུན་ཉེ་བར་འགྲོ་བ་ལ་སོགས་པ་ལ་རྟེན་པ་ཅན་བདག་ཉིད་ཇི་ལྟ་བ་བཞིན་དུ་རྒྱུད་སྔ་མ་ཡོངས་སུ་གྱུར་པ་ལས་སྐྱེ་བར་འགྱུར་བ་དེ་ན་ཡང་། དེ་ཡུལ་ཆོད་པ་མེད་པ་ལ་སོགས་པ་ལ་གནས་ན། རྡུལ་ཕྲན་གཞན་དག་མེད་པར་ནི། མེད་པར་

འགྱུར་ཏེ། དེ་འདྲ་བ་ནི་སྐྱེད་པར་བྱེད་པའི་རང་བཞིན་ཅན་ཉིད་མ་ཡིན་པའི་ཕྱིར་རོ། །དེ་བས་ན་དེ་གཅིག་ངེས་མེད་ཕྱིར། ཤེས་པ་དེ་ནི་རྡུལ་ཕྲན་གྱི་རྫས་ཀྱི་རྣམ་པར་འཇོག་པར་ངེས་པའི་རང་བཞིན་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་དང་། དེ་དག་གི་ལྷན་ཅིག་པའི་ནུས་པ་རྣམས་ནི་འབྲས་བུ་རྣམ་པར་

ཤེས་པ་གཅིག་སྐྱེད་པར་བྱེད་པའི་ཕྱིར་ཤེས་པ་མཚུངས་པའི་སྤྱོད་ཡུལ་ཅན་དུ་བཤད། སྤྱིར་དེ་དག་ཐམས་ཅད་ནི་དེའི་སྤྱོད་ཡུལ་ཅན་ཡིན་གྱི། ཤེས་པ་དེ་རེ་རེ་ལ་སོ་སོར་ངེས་པ་མ་ཡིན་ཏེ། དེ་དག་ཐམས་ཅད་ཀྱི་དེ་ནི་ཐུན་མོང་གི་འབྲས་བུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྐྱེ་མཆེད་ཀྱི་སྤྱི་འཛིན་པའི་ཕྱིར་ཡང་

Vol. 175 · folio 190a

མ་ཡིན་ནོ། །རྫས་ཀྱི་རང་གི་མཚན་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བ་འདིས་ཀྱང་རྡུལ་ཕྲ་རབ་ཀྱི་རྫས་གཅིག་གི་ངེས་པ་བསལ་བར་ལྟ་བའི་ཕྱིར། ནུས་པས་འཕགས་པའི་སྤྱིའི་ཡུལ་ཅན་ཉིད་མ་ཡིན་པ་དེ་ལྟར་ན་འགལ་བ་མེད་དོ། །དེ་ལྟར་ནི་འགྱུར་མོད་ཀྱི། ཅི་སྟེ་སྐྱེ་མཆེད་གཅིག་ཉིད་ལ་ཡང་

ཅིག་ཅར་དུ་མར་མི་སྣང་ན། འབྲས་བུ་དབང་པོའི་རྣམ་པར་ཤེས་པ་གཅིག་བྱེད་པས་སྐྱེ་མཆེད་ཀྱི་ངོ་བོ་གཅིག་བཟུང་དུ་ཟིན་ཀྱང་། རྫས་དུ་མ་ཅིག་ཅར་མི་འཛིན་ལ། འོན་ཀྱང་རིགས་བཞིན་དུ་ཡིན་པ་དེ་ལྟར་ན། མང་པོ་རྣམས་ཀྱི་འབྲས་བུ་ཐུན་མོང་བ་ཉིད་ཡིན་པའི་ཕྱིར་སྤྱིའི་ཡུལ་ཅན་ཉིད་དུ་འདོད་པ་མ་ཡིན་ནོ་ཞེས།

གལ་ཏེ་ཅིག་ཅར་རྫས་མང་པོ་འཛིན་པ་མེད་པ་དེའི་ཚེ། ཏིལ་ལ་སོགས་པ་ཐ་དད་པ་ལ་ཅིའི་ཕྱིར་ཅིག་ཅར་འཛིན་པར་སྣང་བར་འགྱུར། ཏིལ་དང་ཡུངས་ཀར་དང་མ་ཤ་ཀ་ལ་སོགས་པ་ཡུལ་རྣམ་པར་ཆད་པ་ན་གནས་པ་རྣམས་རྫས་གཞན་རྩོམ་པ་མེད་པའི་ཕྱིར། མང་པོ་དེ་དག་ལ་ཡང་ཅིའི་ཕྱིར་ཅིག་ཅར་འཛིན་

པར་འགྱུར། གལ་ཏེ་རིམ་བཞིན་དུ་རྫས་རེ་རེ་འཛིན་པ་ཡིན་ན། ཏིལ་དང་ཡུངས་ཀར་ལ་སོགས་པ་དང་ལྡན་པའི་རིགས་མི་མཐུན་པ་དག་ཀྱང་རྫས་མི་རྩོམ་པའི་ཕྱིར། ཐ་དད་པར་སྣང་བའི་ངང་ཚུལ་ཅན་དེ་དག་ལ་ཇི་ལྟར་ཅིག་ཅར་འཛིན་པར་འགྱུར། དེ་བས་ན་གང་ཞིག་ཇི་སྲིད་སྤྱོད་ཡུལ་དུ་གྱུར་པ་དེ་དག་

ཐམས་ཅད་ཅིག་ཅར་བར་གྱུར་པ་ན། མངོན་སུམ་ཉིད་ཡིན་པ་དེ་ལྟར་ན། འདི་ལ་རིགས་པ་ཅི་ཞིག་བྱ། མཐོང་བ་གོ་རིམས་དང་ལྡན་པ་ཡིན་ན་ཡང་མཐོང་བ་མྱུར་ཞིང་མྱུར་བར་འཇུག་པ་ལ། འཁྲུལ་པས་གོ་རིམས་མེད་པར་ཞེན་པ་ཕྱིན་ཅི་ལོག་གི་ཡིན་ནོ་ཞེས་བྱ་བ་རྟོག་པའི་སྐབས་ཡོད་པ་མ་ཡིན་ནོ། །དེ་ལྟར་

ན་གོ་རིམས་བཞིན་དུ་ཞེན་པའི་ཕྱིན་ཅི་ལོག་འདི་ལ་ཡང་མགྱོགས་པ་བཤད་ཟིན་ཏོ། །སྔར་བསལ་ཟིན་ཏོ། །གཞན་ཡང་ཏིལ་ལ་སོགས་པ་རིམ་བཞིན་འབྱུང་ཅན་དེ་དག་ལ། མྱུར་བ་མཚུངས་པ་ཉིད་ཀྱི་ཕྱིར། །རིམ་བཞིན་འཛིན་པ་ཅིས་མ་ཡིན། །གཅིག་ཅེས་བྱ་བ་ཉིད་འཛིན་པ་ཡིན་ཏེ། ཅིག་ཅར་

གཟུང་ངོ་ཞེས་བྱ་བར་འགྱུར་ན་ཡང་མི་འགྱུར་རོ། །དེའི་ཕྱིར་འདིར་ཅིག་ཅར་རྟོགས་པའི་རྒྱུ་མ་ཡིན་ནོ། །དུས་མཚུངས་ཅན་བློ་ཐམས་ཅད་ཀྱི། །བློ་འགའ་ཞིག་ཀྱང་དུས་ཡུན་རིང་དུ་གནས་པ་མེད་ཅིང་གཞན་མྱུར་དུ་འཇུག་པ་ཅན་ཡིན་ནོ། །དེས་ན་དུས་མཚུངས་པ་ཅན་གྱི་མྱུར་དུ་འཇུག་པའི་བློ་ཐམས་

Vol. 175 · folio 190b

ཅད་དེ་ལས་འགའ་ཞིག་བློ་ནི་ཡུལ་གྱི་ཁྱད་པར་ཐོབ་པའི་ཕྱིར་རིམ་མིན་སྣང་བ་དང་ཡུལ་ལ་ལར། གཞན་ཡང་རིམ་པ་ལྡན་པ་ཇི་ལྟར་འགྱུར། གང་གི་ཚེ་མྱུར་བ་ཅིག་ཅར་སྣང་བའི་རྒྱུ་ཡིན་པ་དེའི་ཚེ་མྱུར་བ་དེ་བློ་ཐམས་ཅད་ལ་ཁྱད་པར་མེད་པ་ཡིན་ནོ། །དེ་ཕྱིར་དོན་ཀུན་འཛིན་པ་ལ། །མྱུར་བའི་ཕྱིར། འདི་ནི་

རིམ་མིན་ཐལ་བར་འགྱུར་བའམ། དཔེར་ན་མངོན་པར་འདོད་པའི་ཡུལ་ལ་ལར་ཅིག་ཅར་མཐོང་བ་ཞེན་པ་གང་ཡིན་པ་དེ་དང་མགྱོགས་པ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཕྱིར་རོ། །གལ་ཏེ་རྫས་དུ་མ་ཅིག་ཅར་མི་འཛིན་པ་དེའི་ནི། ཕྱེ་མ་ལེབ་ཁྲ་ལ་སོགས་གཟུགས། །རྨ་བྱ་དང་སྟན་ཁྲ་བོ་ལ་

སོགས་པའོ། །གཅིག་མ་ཡིན་པ་ནི་སྣ་ཚོགས་པ་སྟེ། སྔོན་པོ་ལ་སོགས་པའི་ངོ་བོ་དག་ཅིག་ཅར་ཇི་ལྟར་སྣང་བར་འགྱུར་ཏེ་སྣང་བ་ཉིད་དུ་མི་འགྱུར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་སྣ་ཚོགས་དེ་གཅིག་ན། དེ་ལ་རྨ་བྱའི་མདོངས་ལ་སོགས་པ་ལ་སྔོན་པོ་ལ་སོགས་པ་དུ་མ་ཅིག་ཅར་མི་འཛིན་

ནོ། །འོ་ན་ཅི་ཡིན་ཞེ་ན། ཡན་ལག་གི་ངོ་བོ་སྣ་ཚོགས་པ་གཅིག་ཡིན་ཏེ་དེ་མཐོང་བ་ཡིན་ནོ་ཞེ་ན། དེ་ལས་འདི་ཆེས་ངོ་མཚར་ཆེ། །སྣ་ཚོགས་པ་ཞེས་བྱ་བ་ནི་ངོ་བོ་སྣ་ཚོགས་པ་ལ་བརྗོད་པ་མ་ཡིན་ནམ། གང་ཡང་ཁྱོད་སྣ་ཚོགས་པ་ཞེས་བྱ་བ་གཅིག་ཡིན་ནོ་ཞེས་བརྗོད་པ། རྨ་བྱའི་མདོངས་ཀྱི་ངོ་བོ་དེ་

ལས་ཀྱང་འདི་ཆེས་ངོ་མཚར་ཆེའོ་ཞེས་དཔྱས་པ་ཡིན་ནོ། །འདི་ལྟར། སྣ་ཚོགས་དེ་གཅིག་རང་བཞིན་མིན། །དཔེར་ན་ནོར་བུའི་གཟུགས་བཞིན་ནོ། །ཇི་ལྟར་ན་ནོར་བུའི་རིགས་ཐ་དད་པ་རྣམས་གཅིག་ཏུ་སྤུངས་པ་དག་ནི་གཟུགས་སྣ་ཚོགས་པ་བློ་སྣ་ཚོགས་པར་སྣང་བས་གཟུང་བར་བྱ་བ་གཅིག་མ་

མ་ཡིན་པ་དེ་ལྟར་རྨ་བྱ་ལ་གནས་པའི་སྔོན་པོ་ལ་སོགས་པའི་ངོ་བོ་སྣ་ཚོགས་པ་དེ་གཅིག་གི་རང་བཞིན་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་སྣ་ཚོགས་པ་ཡིན་པ་དེ་ནི་གཅིག་གི་རང་བཞིན་མ་ཡིན་ཏེ། དཔེར་ན་རིགས་ཐ་དད་པའི་ནོར་བུའི་གཟུགས་ལྟ་བུའོ། །རྨ་བྱའི་མདོངས་ཀྱི་ངོ་བོ་ཡང་སྣ་

ཚོགས་པའི་རང་བཞིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །རས་ཁྲ་ལ་སོགས་ལ་སྔོ་སོགས། །རྣམ་པ་ཐ་དད་མཚུངས་པ་ཡིན། །ཚོན་སྣ་ཚོགས་ཀྱིས་བསྒྱུར་བའི་སྣལ་མ་རིགས་སྣ་ཚོགས་པ་ལས་བསྒྲུབས་པའི་རས་དང་སྟན་ལ་སོགས་པ་ལ་ཇི་ལྟར་ན་སྔོན་པོ་ལ་

Vol. 175 · folio 191a

སོགས་པའི་ཁ་དོག་རྣམ་པར་ཕྱེ་ནས། འདི་ནི་སྔོན་པོ་ཡིན་ལ་འདི་ནི་སེར་པོ་ཡིན་ནོ་ཞེས་གཟུགས་གཞན་ལ་མི་དམིགས་པའི་བློས་འཛིན་ཅིང་རྣམ་པ་ཐ་དད་པར་འཛིན་གྱི། དེ་དག་ལ་གཅིག་ཉིད་དུ་འཛིན་པ་དེ་རིགས་པ་མ་ཡིན་པ་དེ་ལྟར་རྨ་བྱའི་མདོངས་ལ་ཡང་ཡིན་པས་ན་རྨ་བྱའི་

མདོངས་ལ་སོགས་པའི་ངོ་བོ་གཅིག་གི་རང་བཞིན་མ་ཡིན་ནོ། །སྦྱོར་བ་ནི་གང་དང་གང་སྔོན་པོ་ལ་སོགས་པ་ཐ་དད་པའི་སྒོ་ནས་བློས་སོ་སོར་རྣམ་པར་ཕྱེ་ནས་གཟུང་བ་སྣ་ཚོགས་པའི་ངོ་བོ་དེ་ནི་གཅིག་པ་ཉིད་མ་ཡིན་ཏེ། དཔེར་ན་ཚོན་རིགས་མི་མཐུན་པས་ཉེ་བར་བསྒྱུར་བའི་སྣལ་མ་ལས་བསྒྲུབ་པའི་རས་

ཁྲ་བོའི་ངོ་བོ་ལྟ་བུའོ། །རྨ་བྱ་ལ་སོགས་པའི་གཟུགས་ཀྱང་སྔོན་པོ་ཐ་དད་པའི་སྒོ་ནས་བློས་རྣམ་པར་ཕྱེ་ནས་བཟུང་བར་བྱའོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །དེ་ལ་གལ་ཏེ་ཡན་ལག་གཟུགས། །དེ་ལྟར་འབའ་ཞིག་སྣང་འགྱུར་ན། །འདི་ནི་སྔོན་པོའོ། །འདི་ནི་སེར་པོ་ཞེས་བྱ་བ་ལ་

སོགས་རབ་ཏུ་རྣམ་པར་ཕྱེ་ན། རྨ་བྱའི་མདོངས་འཛིན་པ་གང་ཡིན་པ་དེ་ཡན་ལག་གི་ངོ་བོ་ནི་ཡིན་གྱི། ཡན་ལག་ཅན་གྱི་ངོ་བོ་ནི་མ་ཡིན་པ་དེ་ལྟར་ན་གཞན་འདིས་གཏན་ཚིགས་མ་གྲུབ་པར་སྨྲའོ། །འདི་ལྟར་སྔོ་སོགས་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། ཇི་ལྟར་ཡོངས་སུ་མཐོང་གྱུར་པའི། །

སྔོ་སོགས་བསལ་ནས་ནི། བོར་ནས་ཡན་ལག་ཅན་གྱི་ངོ་བོ་གཞན། །རྨ་བྱ་མཐོང་ངོ་ངོ་མཚར་ཆེ། །སྣ་ཚོགས་པ་ངོ་མཚར་དུ་འགྱུར་བ་དེ་མ་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་ཡན་ལག་ཅན་གྱི་ངོ་བོ་མེད་པ་ལ་རང་བཞིན་མི་དམིགས་པ་བསྟན་ཏོ། །བཅོས་མ་དང་བཅོས་མ་མ་ཡིན་པའི་ཕྱེ་མ་ལེབ་ཀྱི་ངོ་བོ་

འཛིན་པའི་ངང་ཚུལ་གྱི་བློ་སྐྱེ་བ་གང་ཡིན་པ་དེ་དག་ནི་དོན་གྱི་རྣམ་པ་དང་། དུས་མཚུངས་པ་ཅན་ཉིད་དུ་ཉེ་བར་མཚོན་ཅིང་ངེས་པ་དག་ལས་བཅོས་མ་མ་ཡིན་པའི་ཕྱེ་མ་ལེབ་ཅི་འདྲ་བའི་བློ་རྣམ་པར་ཕྱེ་ནས་སྔོན་པོའི་རྣམ་པ་ཅན་དང་། རིམ་མ་ཡིན་པ་དང་ལྡན་པ་མཚོན་པར་བྱེད་པ་དེ་འདྲ་བ་ཚོན་

རམས་ལ་སོགས་པ་རིགས་མི་མཐུན་པས་བྱས་པ་བཅོས་མའི་ཕྱེ་མ་ལེབ་ཀྱི་ངོ་བོ་སྣ་ཚོགས་པ་ཅན་ཉིད་དུ་མཚོན་པ་ཡིན་ནོ། །དེ་དེ་ལྟར་ན། དོན་རྣམས་དུས་མཚུངས་ཅན་ཉིད་དུ། །མཚོན་པ་བྱེད་པའི་བློ་དག་གིས། །བཅོས་པའི་ཕྱེ་མ་ལེབ་ལ་བློས། །གཅིག་ནི་རིགས་མི་མཐུན་པའི་རྫས་རྩོམ་པ་མེད་

Vol. 175 · folio 191b

པས་ཡན་ལག་ཅན་མེད་པ་ཉིད་ཀྱིས་མི་འཛིན་པའི་ཕྱིར་རིམ་ལྡན་དོན་སྣ་ཚོགས། ཡུལ་སྣ་ཚོགས་པ་ཅན་ཡིན་ནོ། །དེ་འདྲ་བ་ཉིད་དུ་གྱུར་པ་ཡིན་ན། བཅོས་མ་མ་ཡིན་པའི་ཕྱེ་མ་ལེབ་ལ། གཞན་ནི་རིམ་མིན་དོན་གཅིག་ཅིའི་ཕྱིར་འདོད། གཉི་ག་ལ་ཡང་བློ་ནི་རིམ་བཞིན་མ་ཡིན་པ་དང་ལྡན་པ་དང་། དོན་སྣ་ཚོགས་པ་

ཅན་ཉིད་དུ་འགྱུར་རོ། །སྦྱོར་བ་ནི་གང་ལ་བློའི་ངོ་བོ་སྣ་ཚོགས་པ་ཅན་ཡིན་པ་དེ་ནི་སྣ་ཚོགས་པ་ཡིན་ཏེ་དཔེར་ན་བཅོས་མའི་ཕྱེ་མ་ལེབ་ལྟ་བུའོ། །བཅོས་མ་མ་ཡིན་པའི་ཕྱེ་མ་ལེབ་ལས་ཀྱང་བློའི་ངོ་བོ་སྣ་ཚོགས་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གཞན་ཡང་། བློ་རྣམས་སྣ་ཚོགས་

ངོ་བོའི་ཕྱིར། །བློའི་སྣང་བ་སྣ་ཚོགས་པ་ཉིད་ཀྱི་ཕྱིར། དངོས་རྣམས་སྣ་ཚོགས་ངོ་བོ་ཉིད། སྣ་ཚོགས་པ་ཉིད་དུ་གྲུབ་པར་འགྱུར་རོ། །བློའི་སྣང་བ་སྣ་ཚོགས་པ་ཉིད་དེ་ཡང་། ཕྱེ་མ་ལེབ་ཁྲ་བོ་ལ་ཡོད་པ་ཡིན་པ་དེ་ལྟར་ན། ཅིའི་ཕྱིར་འདི་ལ་སྔོན་པོ་ལ་སོགས་པ་སྣ་ཚོགས་པ་མ་ཡིན། ཅི་དེ་ཡན་ལག་མིན། བློའི་

སྣང་བ་སྣ་ཚོགས་པ་ཉིད་ཀྱི་རྒྱུན་ཡིན་པ་དེའི་ཚེ་ཐ་དད་པའི་རྒྱུ་གཞན། གང་གིས་དངོས་པོ་རྣམས་ཀྱི་ཐ་དད་རྣམ་པར་བཞག་འདི་གྲུབ། སྣ་ཚོགས་པ་ཉིད་ཀྱི་རྒྱུ་ཅི་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་སྣ་ཚོགས་པ་ཞེས་བྱ་བ་ཡན་ལག་ཅན་གྱི་ངོ་བོ་གཅིག་ཅིག་ཕྱེ་མ་ལེབ་ཁྲ་བོ་ལ་སོགས་པ་ལ་སྣ་

ཚོགས་པའི་རྣམ་པར་འཛིན་པའི་ངང་ཚུལ་ཅན་གྱི་ཤེས་པའི་རྒྱུ་ཡིན་གྱི། སྔོན་པོ་ལ་སོགས་པའི་ངོ་བོ་སྣ་ཚོགས་པ་ཅན་མ་ཡིན་པ་དེའི་ཚེ། རི་མོ་སོགས་བློ་སྣ་ཚོགས་མིན། སོགས་པ་སྨོས་པས་ནི་སྟན་ཁྲ་བོ་ལ་སོགས་པ་གཟུང་ངོ་། །བློ་སྣ་ཚོགས་པ་ཅན་དུ་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། རིགས་མི་

མཐུན་རྣམས་རྩོམ་མེད་ཕྱིར། །སྔོན་པོ་ལ་སོགས་པ་གང་ལ་རིགས་མི་མཐུན་པ་རྣམ་པ་སྣ་ཚོགས་པ་ཡོད་པ་དེ་ནི་རིགས་མི་མཐུན་པ་ཅན་ནོ། །རིགས་མི་མཐུན་པ་ཅན་དེ་དག་ནི་འབྲས་བུའི་རྫས་རྩོམ་པ་མེད་པའི་ཕྱིར། ཡན་ལག་ཅན་ཡོད་པ་མ་ཡིན་ནོ། །དེ་མེད་པའི་ཕྱིར་དེ་ལ་ཡན་ལག་གི་ཡོན་ཏན་རྣམས་ཀྱང་

སྣ་ཚོགས་པའི་ཡན་ལག་ཅན་གྱི་ངོ་བོ་གཅིག་མི་རྩོམ་པའི་ཕྱིར། སྣ་ཚོགས་པ་ཡན་ལག་ཅན་གྱི་ངོ་བོ་གཅིག་ཡོད་པ་མ་ཡིན་ན། གང་གིས་ན་བློ་སྣ་ཚོགས་པར་འགྱུར། སྔོན་པོ་ལ་སོགས་པའི་དོན་ཡོད་པ་གང་ཡིན་པ་དེ་དག་ཀྱང་སོ་སོ་རེ་རེ་སྣ་ཚོགས་པའི་ངོ་བོ་ཡོད་པ་མ་ཡིན་པ་དེ་ལྟར་ན། རི་མོ་

Vol. 175 · folio 192a

ལ་སོགས་པ་ལ་སྣ་ཚོགས་པའི་བློ་མེད་པ་ཉིད་དུ་འགྱུར་རོ། །རི་མོ་ལ་སོགས་པ་ལ་ཡན་ལག་ཅན་གྱི་ངོ་བོ་གཅིག་ཡོད་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། སྔོན་པོ་ལ་སོགས་པའི་ལྡན་པ་སྣ་ཚོགས་པ་ཡོད་པ་ཡིན་ཞིང་། དེས་བྱས་པ་ནི་དེའི་བློ་ཡིན་ནོ་ཞེས་བྱ་བའི་རྟོགས་པ་ནི་མ་ཡིན་

ནོ། །འདི་ལྟར་ལྡན་པ་སྣ་ཚོགས་མིན་ནོ། །ཅིའི་ཕྱིར་ཞེ་ན། གཟུགས་མེད་ཕྱིར་རོ། །ལྡན་པ་ཡོན་ཏན་གྱི་བདག་ཉིད་ལ་གཟུགས་ཞེས་བྱ་བའི་ཡོན་ཏན་གཞན་ཡོད་པ་མ་ཡིན་ཏེ། ཡོན་ཏན་རྣམས་ལ་ཡོན་ཏན་མེད་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་ཇི་ལྟར་ཡང་སྒྲའི་ཡུལ་ལྡན་པ་སྣ་ཚོགས་པའི་ངོ་བོ་མ་ཡིན་པ་དེ་

ལྟ་ན་ཡང་། ཕྱེ་མ་ལེབ་ཁྲ་བོ་ལ་སོགས་པ་ལ་ཡོད་པའི་ཡན་ལག་ཅན་གྱི་ངོ་བོ་སྣ་ཚོགས་པ་དང་ཆོས་མཐུན་པ་ཅན་ཉིད་ཡིན་པའི་ཕྱིར་སྣ་ཚོགས་པ་བཞིན་དུ་སྣ་ཚོགས་པ་ཉེ་བར་བཏགས་ནས་བཤད་པ་ཡིན་ནོ་ཞེ་ན། བཏགས་ཙམ་རྟེན་མ་ཡིན། ལྡན་པ་ཞེས་བྱ་བར་སྦྱར་རོ། །ལྡན་པ་ཉེ་བར་བཏགས་

པའི་ཡུལ་མ་ཡིན་ནོ། །དེ་ལྟར་དེ་སྣ་ཚོགས་པ་དང་འདྲ་བས་སྣ་ཚོགས་པ་ཞེས་བརྗོད་ན། འདི་ལྟར་ཕྱེ་མ་ལེབ་ལ་ཡན་ལག་ཅན་གྱི་ངོ་བོ་ཁྲ་བོ་ཡོད་པ་མ་ཡིན་ནོ། །ཡན་ལག་སོ་སོ་རེ་རེ་ལ་ཡང་སྣ་ཚོགས་པ་ཉིད་ཉེ་བར་བཏགས་པའི་རྒྱུ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །གལ་ཏེ་གཉི་ག་ཡང་ངོ་བོ་ཉིད་

ཐ་དད་པ་ཉེ་བར་བཏགས་པའི་རྒྱུ་ཡིན་ནོ་ཞེ་ན། མ་ཡིན་ཏེ་ཕྱེ་མ་ལེབ་ཁྲ་བོའི་གཟུགས་ལ་སྣ་ཚོགས་པ་ཉིད་མེད་པའི་ཕྱིར་དང་། རི་མོ་ལ་སོགས་པ་ལ་ཡང་སྣ་ཚོགས་པའི་ངོ་བོ་མེད་པའི་ཕྱིར་རོ། །གཞན་ཡང་རི་མོ་ལ་སོགས་པ་ལ་ལྡན་དོན་གཅིག་ལ་འཕྲོད་པ་འདུ་བའི་ཕྱིར། ཉེ་བར་བརྟགས་པ་ཡིན་

པར་འགྱུར་ན། དེ་ཡང་འཐད་པ་མ་ཡིན་ནོ། །དེ་ལྟར་ན་གང་ལ་སྔོན་པོ་ལ་སོགས་པའི་ཡན་ལག་རྣམས་ལ། འདུ་བ་དང་ལྡན་པ་ཡིན་ན་ཡན་ལག་དེ་རྣམས་སོ་སོ་ལ་ངོ་བོ་སྣ་ཚོགས་པའི་ལྡན་པ་ཡོད་པ་མ་ཡིན་གྱི། འོན་ཀྱང་སྔོན་པོ་ལ་སོགས་པའི་རང་གི་ངོ་བོ་སྟེ་དེ་རྣམས་ཡོད་པ་ཡིན་ཏེ། རེ་རེ་སྣ་ཚོགས་ཡིན་ཕྱིར་

རོ། །དོན་གཅིག་ལ་འབྲེལ་པ་མེད་པའི་ཕྱིར་ཡང་བཏགས་པ་ཙམ་གྱི་དོན་རིགས་པ་མ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི་རི་མོ་ལ་སོགས་པའི་སྔོན་པོ་ལ་སོགས་པའི་ཡན་ལག་རིམ་བཞིན་དུ་མཐོང་བ་སྐྱེ་ཞིང་དེ་ནི་སྣ་ཚོགས་པའི་ངོ་བོ་གཅིག་ཡིན་ནོ་ཞེས་བསྲེ་བར་བྱེད་པའི་བློ་སྣ་ཚོགས་པ་སྐྱེ་བར་འགྱུར་རོ་ཞེ་ན།

Vol. 175 · folio 192b

རི་མོའི་སྔོན་པོ་ལ་སོགས་པ་རིམ་བཞིན་དུ་ནི་བཟུང་བ་ལའམ། སྣ་ཚོགས་བློ་ཡིས་བསྲེ་མིན་ཞིང་། །བློ་སྣ་ཚོགས་པས་བསྲེ་བར་བྱེད་པ་མ་ཡིན་ནོ། །དེ་ལྟར་ན་དེ་གསལ་བར་སྣང་བ་ཉིད་ཀྱི་ཕྱིར་དབང་པོའི་བློ་འདོད་པར་བྱ་བ་ཡིན་ནོ། །དབང་པོའི་བློ་དེ་སྐྱེ་བ་མ་ཡིན་པ་དེ་ལྟར་ན་ཡང་གང་གིས་དོན་དུ་མ་འཛིན་

པའི་ངང་ཚུལ་ཅན་སྲེ་བར་བྱེད་པ་སྐྱེ་བ་ཡིན་ནོ་ཞེས་འདོད་པ་དེའི་ཚེ། དོན་དུ་མ་བློ་གཅིག་གིས་འཛིན་པ་ཐོབ་སྟེ། དུ་མ་བློ་གཅིག་གིས་འཛིན་ཕྱིར་རོ། །རྒྱུའི་ཕྱིར་ཅི་སྟེ་སྐྱེ་མཆེད་གཅིག་ཉིད་ལ་ཡང་། ཅིག་ཅར་དུ་མ་མི་སྣང་ན། །ཞེས་བཤད་པ་གང་ཡིན་པ་དེ་ནི་ཉམས་པར་འགྱུར་རོ། །དེ་ལྟར་ན་ཇི་ལྟར་ཡིད་

ཀྱི་བློ་དོན་དུ་མ་འཛིན་པའི་ངང་ཚུལ་ཅན་འཛིན་པ་ཡིན་པ་དེ་ལྟར་ན། དབང་པོའི་བློ་ཡང་རང་གི་ཡུལ་དུ་མ་འཛིན་པ་ལ་འགལ་བ་ཅི་ཡོད། དེ་ལྟར་ན་གང་དེ་ནི་ཅིར་ཡང་མི་རུང་ངོ་། །གང་གི་ཕྱིར་འདི་ལྟར་རི་མོ་ལ་སོགས་པའི་སྔོན་པོ་ལ་སོགས་པ་ལ་ངོ་བོ་སྣ་ཚོགས་པ་ཅན་གཅིག་མེད་པར་ཡང་སྣ་ཚོགས་པར་སྣང་བ་

ཅན་གྱི་བློ་གཅིག་ཏུ་འགྱུར་བ་དེའི་ཕྱིར་དོན་དུ་མ་ཅན་གཅིག་ཡུལ་དུ་མ་ཅན་གྱི་བློ་གཅིག་འཇུག་པར་འགྱུར་བ་དེ་ལྟར་འགྲུབ་འགྱུར་རོ། །དེ་བས་ན་དོན་དུ་མས་བསྐྱེད་པར་བྱ་བ་ཉིད་ཡིན་པའི་ཕྱིར། སྤྱིའི་སྤྱོད་ཡུལ་ཅན་གྱི་རྣམ་པར་ཤེས་པ་ཞེས་བྱ་བ་ཡང་ངོ་། །གང་གི་ཚེ་དེ་ལྟར་ཡིན་པ་དེའི་ཚེ། དེ་ཕྱིར་ཡང་དོན་སྣ་

ཚོགས་པ་ཅིག་ཅར་འཛིན་པའི་ཕྱིར་ཡང་བློ་རྟོག་པ་མེད་པ་འགྲུབ་པོ། །ཇི་ལྟར་བྱས་ནས་ཤེ་ན། རེ་ཞིག་འདིར་རྣམ་པར་རྟོག་པའི་བློ་ལ་གསལ་བར་སྣང་བ་ཡོད་པ་མ་ཡིན་ནོ་ཞེས་བཤད་དོ། །དེ་ལ་གུས་པ་མེད་པས་ཡང་བརྗོད་པར་བྱ་སྟེ་འདི་ལྟར་ཡང་། དོན་གཅིག་ལ་ནི་རྟོགས་པ་ན། །དེ་ལས་གཞན་པའང་

མཐོང་བར་འགྱུར། །གང་གི་ཚེ་སྔོན་པོ་ལ་སོགས་པའི་དོན་ཅིག་ཅར་མཐོང་བར་འགྱུར་བ་ལ། སྔོན་པོ་སྔོན་པོ་ཞེས་རང་གི་མིང་དང་འབྲེལ་པའི་སྔོན་པོ་གཅིག་ཁོ་ན་འཛིན་པར་བྱེད་པ་དེའི་ཚེ་ཡང་། དེའི་ལོགས་ན་གནས་པའི་དོན་སྣང་བ་ཁོ་ན་དེ་དུས་དེར་རང་གི་མིང་དང་སྦྱོར་བར་བྱེད་པ་མ་ཡིན་ཏེ།

ཅིག་ཅར་མིང་དང་རྣམ་པར་རྟོག་པ་མི་སྐྱེ་བའི་ཕྱིར་རོ། །དེ་ལྟར་དེ་དག་ལ་སྒྲ་དང་། མ་འདྲེས་པ་ཉིད་འཛིན་པའི་ཕྱིར། །མངོན་སུམ་རྟོག་པ་མེད་པ་གྲུབ་པ་ཡིན་ནོ། །སྣ་ཚོགས་སྣང་ཅན་ཞེས་བྱ་བ་ལ་སོགས་པས་གང་ཞིག་སྣ་ཚོགས་པ་དེ་ནི་གཅིག་གི་རང་བཞིན་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words