No title in the text — opening words: ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་བཞུགས་སོ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 175 · folio 193a
ལམ་ངེས་པར་སྨྲའོ། །སྣ་ཚོགས་སྣང་ཅན་དོན་རྣམས་ལ། །རྣམ་པ་ཐ་དད་ཅིང་སྣ་ཚོགས་པའི་སྣང་བ་ཕྱེ་མ་ལེབ་ཁྲ་བོ་ལ་སོགས་པ་ལ་འབྱུང་བ་ཅན་གྱི་ཡན་ལག་གི་ངོ་བོ་གང་ཡིན་པ་དེ་རྣམས་ནི་རྣམ་པ་སྣ་ཚོགས་པ་ཉིད་ཀྱི་ཕྱིར་གལ་ཏེ་གཅིག་ཉིད་མི་རིགས་ན་དེའི་ཚེ། རེ་ཞིག་བློ་དེ་གཅིག་
ཉིད་ལ། །ཇི་ལྟར་དུ་མ་སྣང་བར་འགྱུར། །སྣ་ཚོགས་པ་འཛིན་པའི་ངང་ཚུལ་ཅན་གྱི་བློ་ཡང་སྣ་ཚོགས་པར་སྣང་བ་ཉིད་ཀྱི་ཕྱིར། གཅིག་ཉིད་དུ་མི་འགྱུར་ན་འདོད་པ་དེའི་ཕྱིར་མ་ངེས་པ་ཡིན་ནོ་ཞེ་ན། རྣམ་པ་དེ་དོན་དམ་པར་འདོད་པ་གང་ཡིན་པ་དེ་ལ་སྐྱོན་འདི་ཡིན་གྱི། ང་ལ་ནི་མ་ཡིན་ཏེ། དེ་ལྟར་མི་འདོད་པ་ཉིད་ཀྱི་
ཕྱིར་རོ་ཞེས་བསྟན་པའི་ཕྱིར། མཁས་པ་རྣམས་ཀྱིས་གང་གསུངས་པ། །དེ་ནི་དངོས་སྟོབས་འོངས་པ་ཡིན། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་སོ། །ཅི་ཞིག་ཅེ་ན། གང་དེ་དངོས་པོའི་སྟོབས་ལས་འོངས་པའོ། །དེ་གང་ཞེ་ན། ཇི་ལྟ་ཇི་ལྟར་དོན་བསམས་པ། །གཅིག་དང་དུ་མའི་རྣམ་པ་གང་དག་
གིས་རིགས་པས་དཔྱད་པ་ན། དེ་ནི་དེ་ལྟར་རྣམ་པ་དེ་དང་། རྣམ་པར་བྲལ་ཞིང་སྟོང་པར་འགྱུར་ཏེ། རང་བཞིན་འགའ་ཞིག་ལ་ཡང་རྣམ་པར་མི་གནས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་རྣམས་བདག་མེད་པར་བསྟན་པར་བཞེད་ནས། གཞན་གྱི་སྒོ་ནས་གཅིག་ལ་སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་འགོད་པར་མཛད་
དོ། །གལ་ཏེ་བློ་གཅིག་ལ་སྣ་ཚོགས་དེ་དོན་དམ་པར་ཅིར་འགྱུར། དོན་དམ་པར་བློ་སྣ་ཚོགས་པ་དེས་དངོས་པོ་ཡང་སྣ་ཚོགས་པར་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་བདེན་པར་འགྱུར་རོ་ཞེས་བྱ་བ་ནི་འདྲི་བ་པོའི་བསམ་པའོ། །བསྟན་བཅོས་མཛད་པས། དེ་ཡི་བློ་ཡང་མི་འགྱུར་རོ། །ཞེས་བྱ་བ་སྨོས་ཏེ།
གཅིག་དང་སྣ་ཚོགས་པ་ཞེས་བྱ་བ་དེ་ནི་འགལ་བ་ཡིན་ནོ། །གཅིག་ཉིད་ཡིན་ན་དོན་དམ་པར་ངོ་བོ་སྣ་ཚོགས་པ་མ་ཡིན་པ་ཡང་རྣམ་པ་སྣ་ཚོགས་པར་སྣང་བ་དོན་དམ་པར་དེའི་རྣམ་པ་དེ་དག་ཀྱང་ཡོད་པ་མ་ཡིན་ནོ་ཞེས་ནན་གྱིས་འདོད་པར་བྱ་སྟེ་གཅིག་པ་ཉིད་ཉམས་པར་ཐལ་བའི་ཕྱིར་རོ། །གཅིག་དང་དུ་
མ་ཉིད་དག་གི་གནས་པའི་རྟེན་དོན་དམ་པར་རྣམ་པ་ཐ་དད་པ་དང་ཐ་དད་པ་མེད་པ་མ་གཏོགས་པར་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ནོ། །དེ་ལ་གལ་ཏེ་དོན་དམ་པར་བློ་སྣ་ཚོགས་པ་དང་གཅིག་ཡིན་པར་འདོད་པ་དེའི་ཚེ། སྣ་ཚོགས་པ་མ་ལུས་པ་ཡང་རྫས་གཅིག་ཏུ་འགྱུར་རོ། །དེ་ལྟར་ན་ཅིག་ཅར་སྐྱེ་བ་
Vol. 175 · folio 193b
ལ་སོགས་པའི་སྐྱོན་ཡོད་དོ། །དེའི་ཕྱིར་གཅིག་ཡིན་ན་ཡང་རྣམ་པ་དུ་མ་ཅན་མ་ཡིན་ནོ། །འོན་ཀྱང་གལ་ཏེ་འདི་བདག་དོན་འདོད་ན། དེའི་ངོ་བོ་ཅན་མ་ཡིན་པར་འགྱུར་བ་དག་ཀྱང་། དེའི་ངོ་བོའི་སྒོ་ནས་གསལ་བ་གང་ཡིན་པ་དེ་དང་དོན་དམ་པར་གནས་པ་དེ་ཁོ་ན་ཉིད་ཡིན་ན་དེ་ལ་བདག་གི་འགོག་པར་བྱེད་
པས། ཅི་ཞིག་བྱ་སྟེ་དེ་ལྟར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །གང་གི་ཕྱིར་འདི་ལྟར་དོན་གྱི་རྣམ་པ་སོ་སོར་སྣང་བ་དེ་ཁོ་ན་ཉིད་མ་ཡིན་པ་དེ་ཕྱིར་དོན་དང་སྟེ། གཟུང་བར་བྱ་བ་ཉིད་དུ་འདོད་པ་དག་དང་། ཤེས་པ་ལ་འཛིན་པ་ཉིད་དུ་འདོད་པ་ཡང་། རགས་སྣང་མ་ཡིན། གང་འདིར་རགས་པའི་རྣམ་པར་སྣང་
བ་དེ་ཕྱིའམ་ནང་ན་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་རགས་པར་སྣང་བ་དེ་གཅིག་གམ་དུ་མར་འགྱུར་གྲང་ན། རེ་ཞིག་གཅིག་ལ་རགས་པར་སྣང་བ་མ་ཡིན་ཏེ། རགས་པ་གཅིག་ཉིད་ནི་བཀག་པ་ཉིད་ཀྱི་ཕྱིར་རོ། །གང་ལ་ཡོད་པར་འགྱུར་ན། ཡན་ལག་ཅན་གྱི་ངོ་བོ་གཅིག་པོ་འགའ་ཞིག་ཀྱང་ཡོད་པ་མ་
ཡིན་ནོ་ཞེས་སྔར་བསལ་ཟིན་ཏོ། །དེ་དག་ཉིད་རགས་པའི་རྣམ་པ་དེ་ལྟ་བུའི་མང་པོ་ལ་ཡང་། རྡུལ་ཕྲ་རབ་ཀྱི་གཟུགས་རྣམས་ལ་ཡོད་པ་མ་ཡིན་རྡུལ་ཕྲ་རབ་རེ་རེ་ལ་གང་ཤེས་པ་རགས་པར་སྣང་བའི་རྣམ་པ་ཡོད་པ་མ་ཡིན་ནོ། །ཚོགས་པ་ལ་ཡང་དེའི་ངོ་བོ་གཅིག་ཡོད་པ་མ་ཡིན་ན། གང་གིས་ན་
རྣམ་པར་ཤེས་པ་འདྲ་བར་འགྱུར། དེ་ལྟར་ནི་འགྱུར་མོད་ཀྱི། ཕྱི་རོལ་གྱི་དོན་ནི་མེད་མོད་ཀྱི། རྣམ་པར་ཤེས་པ་ཉིད་གཉིས་སུ་སྣང་བ་ཅན་དོན་དམ་པར་ཡོད་དོ་ཞེ་ན། དེ་དང་དེ་ཡང་རིགས་པ་མ་ཡིན་ནོ། །འདི་ལྟར་ནང་གི་ཡོངས་གཅོད་ནང་གི་བདག་ཉིད་གཅིག་ཏུ་ཡོངས་སུ་གཅོད་པ་འཛིན་པའི་
རྣམ་པ་ཉམས་སུ་མྱོང་བ་ངེས་པ་ཡིན་ནོ། །ཆ་འདི་གང་ལས་གཞན། ཕྱི་རོལ་བཞིན་དུ་གནས་པ་ཡིན། བྱིས་པ་རྣམས་ཀྱིས་དཔྱད་ནའོ། །ཕྱི་རོལ་གྱི་དོན་ཡོད་པ་དང་མེད་ཀྱང་རུང་། བློ་ངོ་བོ་གཉིས་པ་ཅན་ཉིད་ཡིན་གྱི། བློ་གཅིག་ལ་དོན་དམ་པར་རྣམ་པ་དེ་གཉི་ག་རིགས་པ་མ་ཡིན་ཏེ། གཅིག་ཉིད་
ཉམས་པའི་ཕྱིར་རོ། །ཅི་སྟེ་ཡང་དེ་གཟུང་བའི་རྣམ་པར་སྣང་བར་གྱུར་པ། བློའི་སྣང་བ་མ་ཡིན་པ་དེའི་ཚེ། བློའི་ཡུལ་གྱི་རྣམ་པ་མ་ཡིན་པ་དེ་ལྟར་ན་ཉམས་སུ་མྱོང་བ་ཡོད་པ་ཙམ་ལས་འདིའི་ཤེས་པ་འདི་ཡིན་ནོ་ཞེས་བྱ་བར་མི་འགྱུར་བས་ན། བློའི་དོན་དང་འདྲ་བ་འདོད་པར་བྱའོ། །དེ་ཡང་ནང་དུ་
Vol. 175 · folio 194a
འདུས་པ་ནས་གཞན་འདྲ་བ་གཅིག་ཡོད་པ་མ་ཡིན་པ་དེ་ལྟར་ན། བློ་ཉིད་བློར་སྣང་བ་ཅན་ཡིན་ནོ། །རྣམ་པར་ཤེས་པ་གཅིག་གི་ཆས་གནས་པ་མ་ཡིན་པ་དེ་ལྟར་ན། དོན་དམ་པར་དེ་ཐ་དད་མ་ཡིན་ནོ། །དེ་ཡང་། ཐ་དད་མེད་ཅན་ཤེས་པ་ཡི། །དེའི་ཡང་གང་འདི་ཐ་དད་སྣང་བ་དེ་བསླད་
པ་ཡིན། རབ་རིབ་ཅན་ལ་སོགས་པའི་ཤེས་པ་བཞིན་ནོ། །ཤེས་པ་བདག་ཉིད་གཅིག་པ་དེ་ལ་གཅིག་ཀྱང་འཛིན་པའམ་གཟུང་བའི་རྣམ་པ་མེད་པ་ན་ནན་གྱིས་ཁས་ལེན་པར་བྱེད་ན། གཉི་ག་དག་ཀྱང་ཉམས་པར་འགྱུར། གཟུང་བ་ཉིད་དང་འཛིན་པ་ཉིད་ཕན་ཚུན་ལྟོས་ནས་དེ་དག་རྣམ་པར་གཞག་པའི་ཕྱིར་རོ། །
གང་གི་ཕྱིར་འདི་ལྟར་ཤེས་པ་ལ་གཉི་ག་མི་འཐད་པ། དེ་ཕྱིར་གཉི་གས་སྟོང་པ་ཉིད། ཤེས་པ། དེ་ཡིས་དེ་ཉིད་དེ་ཉིད་ཡིན། །གཟུང་བ་དང་འཛིན་པ་དང་བྲལ་བའོ། །དེ་ནི་བསླད་པ་ཉིད་ཡིན་ནའང་། གང་གི་ཚེ་རྣམ་པར་ཤེས་པ་ལ་གཟུང་བ་དང་འཛིན་པའི་རྣམ་པ་མེད་པ་དེའི་ཚེ། དེ་དག་སྟེ་གཟུགས་དང་
ཚོར་བ་ལ་སོགས་པ་ཡུལ་དང་ཡུལ་ཅན་གྱི་རྣམ་པའི་རྟེན་གྱི་སྒོ་ནས། རྣམ་པར་གཞག་པའི་མཚན་ཉིད་ཅན་རྣམས། ཐ་དད་ཀྱང་སྣ་ཚོགས་པ་ཉིད་ཡིན་ན་ཡང་བསླད་པ་སྟེ་འཁྲུལ་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར། དངོས་རྣམས་ཐ་དད་གནས་པ་འདི། །དེ་ཐ་དད་རྟེན་ངང་ཚུལ་ཅན། །གཟུང་
བ་དང་འཛིན་པ་ཐ་དད་པའི་རྒྱུ་ཅན་ནོ། །བློའི་སྣང་བ་ཐ་དད་པ་དང་ཐ་དད་པ་མེད་པ་ནི། དངོས་པོ་རྣམས་ཐ་དད་པ་དང་ཐ་དད་པ་མེད་པར་རྣམ་པར་གནས་པའི་རྒྱུ་ཅན་ཡིན་ནོ། །གལ་ཏེ་དེ་ཅི་ཡང་མ་ཡིན་པ་དེའི་ཚེ་དངོས་པོ་རྣམས་ཐ་དད་པ་དང་། ཐ་དད་པ་མེད་པ་གང་ལས་ཡིན། དེ་བཞིན་དུ་སྐྱེ་བ་ལ་སོགས་
པ་ཡང་ངོ་། །དེ་ལྟར་ན་སྔར་དམིགས་པར་མ་གྱུར་པ་ཕྱིས་དོན་གྱི་རྣམ་པ་འཛིན་པའི་ངང་ཚུལ་ཅན་གྱི་དམིགས་པ་སྐྱེས་པ་ན། དེའི་ཡུལ་ཅན་གྱི་རྟོགས་པ་སྐྱེ་བ་ནི། ཡང་དེ་ལྟ་བུའི་རྣམ་པ་དམིགས་པའི་སྣང་བ་དང་བྲལ་བ་ན། འགག་པ་ཞེས་བྱ་བའི་ཐ་སྙད་བྱེད་པར་འགྱུར་རོ་གང་གི་ཚེ་གང་གིས་
དམིགས་པ་དང་གང་དམིགས་པ་དེ་གཉི་ག་མེད་པའི་ཕྱིར། འབའ་ཞིག་ཀྱང་དམིགས་པ་མ་ཡིན་ཏེ། གཟུང་བ་དང་འཛིན་པའི་རྣམ་པ་མེད་པའི་ཕྱིར་རོ། །དེའི་ཚེ་སྐྱེ་བ་ལ་དམིགས་པའི་རྟེན་ཅན་མ་ཡིན་པ་དེ་ལྟར་ན་ངེས་པ་ཡིན་ནོ། །དངོས་པོའི་ཐ་དད་པ་དང་ཐ་དད་པ་མེད་པ་འབའ་ཞིག་
Vol. 175 · folio 194b
བསླད་པ་ཡིན་པར་མ་ཟད་ཀྱི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར། རང་བཞིན་མེད་པ་ཡང་ཡིན་ནོ་ཞེས་བསྟན་པའི་ཕྱིར། གཟུང་དང་འཛིན་པའི་རྣམ་པ་ལས། །ཞེས་བྱ་བ་སྨོས་ཏེ། ཅུང་ཟད་ཡུལ་ཅན་ཉིད་དུ་བསྟན་པ་ནི་མཚན་ཉིད་ཡིན་ཏེ། དཔེར་ན་རྣམ་པར་ཤེས་པར་བྱེད་པས་ན། རྣམ་པར་ཤེས་པ་
དང་མཚན་མར་འཛིན་པས་ན་འདུ་ཤེས་དང་ཉམས་སུ་མྱོང་བར་བྱེད་པས་ན་ཚོར་བ་ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུ་ལ་སོགས་པའོ། །གཟུགས་ལ་སོགས་པ་ཅུང་ཟད་ཡུལ་དུ་འགྱུར་བ་བདག་ཉིད་ཇི་ལྟ་བ་བཞིན་དུ་མཚན་ཉིད་དུ་རྣམ་པར་གཞག་པ་དེའི་ཕྱིར། ཡུལ་དང་ཡུལ་ཅན་གཟུང་བ་དང་འཛིན་
པའི་རྣམ་པར་རྗེས་སུ་འབྲེལ་པའི་ངང་ཚུལ་ཅན་དུ་འབྱུང་བ་ཡིན་ནོ། །གཟུང་དང་འཛིན་པའི་རྣམ་པ་ལས། །དངོས་པོ་རྣམས་ཀྱི་མཚན་ཉིད་གཞན། །ཉིད་དུ་གཞན་ནི་ཡོད་མ་ཡིན། །གཟུང་བ་དང་འཛིན་པའི་རྣམ་པའི་འབྲེལ་པ་མ་གཏོགས་པའི་མཚན་ཉིད་ཡོད་པ་མ་ཡིན་ཏེ། གཟུང་བ་དང་འཛིན་
པའི་རྣམ་པ་དེ་དག་དེ་ཁོ་ན་ཉིད་མ་ཡིན་པ་དེ་ལྟར་ན། དོན་དམ་པའི་མཚན་ཉིད་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེ་བས་ན་མཚན་ཉིད་དེ་རང་བཞིན་གྱིས་སྟོང་པའི་ཕྱིར། ངོ་བོ་ཉིད་ཀྱིས་སྟོང་པ་ཡིན་ཞིང་། མཚན་ཉིད་ཡིན་པའི་ཕྱིར། རང་བཞིན་མེད་པར་རབ་ཏུ་བཤད། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་
མཚན་ཉིད་ཡིན་པའི་ཕྱིར། རང་བཞིན་མེད་པར་རབ་ཏུ་བཤད། །མཚན་ཉིད་དེ་ལྟ་བུའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །གཞན་ཡང་ཕྱི་རོལ་གྱི་དོན་ཁས་ལེན་ན་ཡང་ཆོས་ཐམས་ཅད་མཚན་ཉིད་མེད་པ་ཅན་ཏེ་འདི་ལྟར། ཕུང་པོ་ལ་སོགས་བྱེ་བྲག་གི་མཚན་ཉིད་གང་ཡིན་པ་དེ་ནི་དཔེར་ན། སྤུངས་
པར་གྱུར་པ་དེ་ལྟར་ན་སྤུངས་པའི་དོན་ནི་ཕུང་པོ་དང་། མཆེད་པར་བྱེད་པས་ན་མཆེད་པའི་དོན་ཏེ་སྐྱེ་མཆེད་ཀྱི་དོན་དང་། སྐྱེད་པར་བྱེད་པ་ཉིད་ཀྱི་འབྱུང་ཁུངས་ཀྱི་དོན་ནི་ཁམས་ཀྱི་དོན་ལྟ་བུའོ། །མཚན་ཉིད་དེ་ཐམས་ཅད་བྱེད་པའི་ཁྱད་པར་ཅན་ཏེ་བྱེད་པའི་བྱེ་བྲག་ཅན་ནོ། །བྱེད་པ་དེ་ཡང་སྒྲོ་བཏགས་
པ་ཡིན་ཏེ། ཆོས་ཐམས་ཅད་བྱེད་པ་མེད་པའི་ཕྱིར། དོན་དམ་པར་ཡོད་པ་མ་ཡིན་ནོ། །དེ་ལྟར་ན། བྱེད་པ་དེ་ཡང་དེ་ཉིད་མིན། །རང་བཞིན་མེད་པ་ཡིན་ནོ། །རྒྱུ་དེས་ཀྱང་དངོས་པོ་དེ་དག་མཚན་ཉིད་བྲལ་མཚན་ཉིད་མེད་པ་ཅན་ཡིན་ནོ། །དངོས་པོ་རྣམས་རང་བཞིན་མེད་པ་ཡིན་ན་ཡང་། བཅོམ་
Vol. 175 · folio 195a
ལྡན་འདས་ཀྱིས། གཟུགས་ལ་སོགས་པའི་མཚན་ཉིད་སོ་སོ་ཐ་དད་པ་རྣམ་པར་གཞག་པ་མཛད་པ། དེ་ཇི་ལྟར་མཐོང་བ་ཉིད་ལ་བརྟེན་ནས་མཛད་པ་དེ་ལྟར་ན་འགལ་བ་མེད་པ་བསྟན་པའི་ཕྱིར། ཇི་ལྟའི་རང་རྐྱེན་ལ་ལྟོས་ནས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ཉིད་
ཇི་ལྟ་བ་བཞིན་དུ་མཐོང་བ་སོ་སོར་ངེས་པའི་སྒོ་ནས། གཟུགས་ལ་སོགས་པ་ལ་དོན་དམ་པ་བཞིན་དུ་མཐོང་བར་བྱེད་པའི། རྣམ་རིག་དེ་བཞིན་མིན་རྣམ་པར། །སྐྱེ་འགྱུར་རོ། །གང་དག་ཅེ་ན། མ་རིག་པས་བཅོམ་བདག་ཉིད་ཅན། སོ་སོའི་སྐྱེ་བོ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་མ་སྤངས་པ་ཅན་
གྱིའོ། །འདིས་ནི་ཕྱིན་ཅི་ལོག་ཏུ་སྣང་བའི་རྒྱུ་བསྟན་ཏོ། །ཕྱིན་ཅི་ལོག་པའི་རྣམ་པ་ཡང་ཅི་དང་ཅི་འདྲ་བ་ཞིག་ཅེ་ན། རབ་རིབ་ཅན་སོགས་བཞིན། རབ་རིབ་ཅན་ལ་སོགས་པ་བཞིན་དུ་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པའི་རྣམ་པ་སྐྱེའོ། །གལ་ཏེ་རྣམ་པར་རིག་པ་ཕྱི་རོལ་གྱི་དོན་ལ་ལྟོས་པ་མེད་པ་ཡིན་ན། ཅིའི་
ཕྱིར་ཡུལ་ངེས་པ་ལ་སོགས་པའི་སྒོ་ནས་འཇུག་པར་འགྱུར་ཞེ་ན། ཇི་ལྟའི་རང་རྐྱེན་ལ་ལྟོས་ནས། །ཞེས་བྱ་བ་སྨོས་ཏེ། ལྟོས་པར་བྱེད་པས་ན་ལྟོས་པ་སྟེ་ལྟོས་པ་དེའི་ཕྱིར་རོ། །རྐྱེན་གྱི་བདག་ཉིད་ཇི་ལྟ་བ་བཞིན་ལ་ལྟོས་ནས་ཞེས་བྱ་བའི་དོན་ཏོ། །ཕྱི་རོལ་གྱི་དོན་ལ་ལྟོས་པ་མེད་ན་ཡང་རྣམ་པར་རིག་པ་རང་དབང་
གིས་འཇུག་པ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། རྣམ་པར་རིག་པ་ལ་ལའི་རྒྱུད་ཡོངས་སུ་གྱུར་པ་འགའ་ཞིག་སྐྱེ་བའི་རྒྱུ་མཚན་ཡིན་ནོ། །དེ་ལྟར་ན་རྐྱེན་གྱི་བདག་ཉིད་ཇི་ལྟར་ཉེ་བ་བཞིན་དུ་རྣམ་པ་འགའ་ཞིག་སྐྱེ་བར་འགྱུར་རོ་ཞེས་སྟོན་པར་བྱེད་དོ། །ཕྱིན་ཅི་ལོག་འཁྲུལ་པ་དེ་ཡང་རྣམ་པ་ཐམས་ཅད་དུ་ས་
བོན་མེད་པ་མ་ཡིན་མོད་ཀྱི། འོན་ཀྱང་དེའི་ས་བོན་འདི་ཉིད་ཅེས་བསྟན་པར་མི་ནུས་ཏེ། སེམས་དང་སེམས་ལས་བྱུང་བ་དང་མཚུངས་པའི་ངོ་བོ་ཅན་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་བསྟན་པར་མི་ནུས་པའི་རང་བཞིན་དེ་ཇི་ལྟར་ཡོད་པ་ཡིན་ཞེ་ན། གལ་ཏེ་དེ་མེད་པར་འགྱུར་བ་དེའི་ཚེ། མེད་པར་ཁྱད་པར་
མེད་པའི་ཕྱིར་ཇི་ལྟར་རྨི་ལམ་ན་དམིགས་པའི་སྐྱེས་བུ་རྣམས་ཀྱི་རྨི་ལམ་ན་དམིགས་པ་དེ་ལྟར་སད་པ་ན་ཡང་། སྐྱེ་བ་དང་འཆི་བ་ལ་སོགས་པའི་ཐ་སྙད་ཐམས་ཅད་འཇུག་པར་འགྱུར་ཏེ། སྐྱེས་བུ་མཐོང་བ་པོ་བཞིན་ནོ། །མེད་པ་འདི་དག་ལ་བྱེ་བྲག་ཅི་ཡོད་དེ། མོ་གཤམ་གྱི་བུ་ལ་སོགས་པ་གཏན་ནས་
Vol. 175 · folio 195b
མེད་པའི་ངོ་བོ་ཡང་སྐྱེ་བ་དང་འཆི་བར་འགྱུར་ཏེ། མངོན་པར་འདོད་པའི་སྐྱེས་བུ་བཞིན་ནམ་འདི་ཡང་མ་ཡིན་ཏེ། བྱེ་བྲག་མེད་པའི་ཕྱིར་རོ། །དེ་ལྟར་ན་འཁྲུལ་པ་ས་བོན་མེད་པ་ནི་ཕྱིན་ཅི་ལོག་ཏུ་སྣང་བ་ཅན་ཡང་འཇུག་པར་མི་འགྱུར་རོ། །དེ་ནི་དེ་ཉིད་རིགས་ཅན་མིན། གང་དག་གིས་ཤེ་ན། མཆོག་མཐོང་
མིན་པ་ཐམས་ཅད་ཀྱིས། སངས་རྒྱས་ལས་གཞན་པ་གཟུང་བ་དང་འཛིན་པས་བསླད་པའི་གནས་སྐབས་ཅན་དག་གིས་ཏེ། སངས་རྒྱས་ཁོ་ནས་དེ་ཁོ་ན་ཉིད་མཁྱེན་གྱིས་གཞན་གྱིས་ནི་མ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཕྱིན་ཅི་ལོག་གི་རྣམ་པ་ཉིད་རྣམ་པར་ཕྱེ་བ་ཅན་ཉིད་ཡིན་ཡང་ཇི་ལྟར་
མཐོང་བ་བཞིན་དུ་རྣམ་པར་གཞག་པར་མཛད་པ། དེ་ལྟར་ན་ཞེན་པ་མངའ་བའི་རྒྱུ་བསྟན་པ་ཡིན་ནོ། །མཆོག་མཐོང་བ་མ་ཡིན་པས་དེ་ཉིད་རིགས་པ་མ་ཡིན་ན། གཟུང་དང་ཞེས་བྱ་བ་ལ་སོགས་སྨོས་པ་ལ། མཆོག་མཐོང་བ་མ་ཡིན་པ་དེ་རྣམས་ནི་བཟུང་དང་འཛིན་པའི་བསླད་པ་དག་མེད་པར་
མེད་ཕྱིར་རོ། །རྟག་ཏུ་བཟུང་བ་དང་འཛིན་པའི་རྣམ་པས་བསླད་པ་ཉིད་ཀྱི་ཕྱིར་མཐོང་བ་དང་བསླད་པ་དེ་འདྲ་བ་ནི་མཆོག་དང་ཁྱད་པར་དུ་འཕགས་པ་མ་ཡིན་ནོ། །དེ་དག་ལ་གཉིས་ཀྱིས་དབེན་པ་མཆོག་མཐོང་བ་ཡང་ཡོད་པ་མ་ཡིན་ན་གང་གིས་ན་དེ་ཁོ་ན་ཉིད་དེ་ཤེས་པར་འགྱུར་ཏེ། གཉིས་ཀྱི་བག་ཆགས་
རྩ་ནས་བཏོན་པ་མེད་པ་ཉིད་ཀྱི་ཕྱིར་རོ། །གང་གི་ཚེ་དེ་དག་གིས་གཉིས་ཀྱིས་དབེན་པ་མཐོང་བར་འགྱུར་བ་དེའི་ཚེ་དེ་ཁོ་ན་ཉིད་མཐོང་བར་འགྱུར་ཏེ། འདི་གཉིས་ཀྱིས་དབེན་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །དེས་ཏེ་དེའི་ཕྱིར། དེ་ཉིད་དོན་བཏང་སྙོམས་ཅན་དེ་ཁོ་ན་ཉིད་ཀྱི་དོན་མཚན་ཉིད་དང་
བྲལ་བ་བཏང་སྙོམས་སུ་མཛད་པ་ཅན། སངས་རྒྱས་བཅོམ་ལྡན་འདས་གང་ཡིན་པ་དེ་དག་གིས་གླང་ཆེན་གཟིགས་སྟངས་མཛད་ནས། གླང་ཆེན་བཞིན་དུ་དོན་གྱི་དེ་ཁོ་ན་ཉིད་གཟིགས་སུ་ཟིན་ཀྱང་བདག་ཉིད་ཀྱིས་མི་གཟིགས་པ་ལྟར་སྟོན་པ། འཇིག་རྟེན་ཐུགས་ནི་འབའ་ཞིག་གིས། ཕྱི་རོལ་སྤྱོད་ལ་
འཇུག་པ་མཛད། ཇི་ལྟར་འཇིག་རྟེན་སྣང་བར་འགྱུར་བའི་དོན་ལ་མངོན་པར་ཞེན་པའི་སྣང་བ་དེའི་ངོར་མཛད་ནས། ཇི་ལྟར་སྣང་བ་ཉིད་རྟོགས་པར་གྱིས་ཤིག །ཇི་ལྟར་སྣང་བ་ལས་བཟློག་པ་ལ་འཛིན་པར་མ་བྱེད་ཅིག་ཅེས་ཕྱི་དང་ནང་གི་དངོས་པོ་རྣམས་ཀྱི་མཚན་ཉིད་རྣམ་པར་གཞག་པ་ལ་
Vol. 175 · folio 196a
འཇུག་པར་མཛད་པ་ཡིན་ནོ། །དེ་ལྟར་རྣམ་པར་གཞག་པ་ཡང་དེ་དོན་དུ་གཉེར་བ་ལ་རིལ་པོར་འཛིན་པ་ལ་སོགས་པ་བཟློག་པའི་ཐབས་སུ་བསྟན་པར་འགྱུར་བ་དེ་གནས་པ་ཡིན་ནོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་ཉི་ཤུ་དགུ་པ། ཇི་ལྟར་སྣ་ཚོགས་སུ་སྣང་
བའི་ངང་ཚུལ་ཅན་གྱི་བློ་ཡང་ཇི་ལྟར་ན་གཅིག་ཡིན་ཞེས་བྱ་བ་དེ་གནས་པ་ཡིན་ནོ། །དེ་ལྟར་ན་གཟུགས་སྣ་ཚོགས་པ་དང་བློ་སྣ་ཚོགས་པ་དག་ཀྱང་སྐྱོན་མཚུངས་པ་ཉིད་ཡིན་ན་ཡང་། རྣམ་པ་གང་གིས་བློ་གཅིག་ཡིན་པར་བརྗོད་ཀྱི། གཟུགས་སྣ་ཚོགས་པ་ཡང་མ་ཡིན་པ་དེ་ལྟར་ན་གཏན་ཚིགས་
མ་ངེས་པ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཤེས་པ་སྔོ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་པ་སྣ་ཚོགས་པ་ལ། སྔོ་སྣ་ཚོགས་སྣང་བར་འགྱུར་བ་གང་ཡིན་པ། ཤེས་ཁྱད་པར་ཡིན་ཤེས་པའི་བྱེ་བྲག་ཡིན་ཏེ་ཉམས་སུ་མྱོང་བའི་བདག་ཉིད་དུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་གཅིག་ཡིན་
གྱི། གཞན་རྟེན་མིན་ཤེས་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་ཤེས་པ་གཅིག་ཉིད་བཞིན་དུ་དོན་གཞན་ལ་བརྟེན་པ་མ་ཡིན་ནོ། །སྣ་ཚོགས་པར་མཐོང་བ་དེར་སྣང་བའི་ངང་ཚུལ་ཅན་དེ་འདྲ་བར་གྱུར་པ་དེ་དེ་ལས་གཞན་པའི་སེར་པོ་ལ་སོགས་པའི་སྣང་བ་ཐ་དད་པ་ཡན་གར་བ་མཐོང་ནུས་མ་ཡིན་ཏེ། དེར་སྣང་
བ་ན་དེ་ལས་གཞན་པ་ཤེས་པ་གཅིག་གི་བདག་ཉིད་ཅན་ཐམས་ཅད་ཀྱང་ངེས་པར་སྣང་བའི་ཕྱིར་དང་། གཅིག་མི་སྣང་བས་ཀྱང་གཞན་ཡང་མི་སྣང་བའི་ཕྱིར་རོ། །འདི་ལྟར་གང་གི་ཚེ་འཇལ་བར་བྱེད་པས། དེ་ལ་ནི་སྔོན་པོ་ལ་སོགས་པའི་རྣམ་པ་དེ་ལས་གཞན་པ་སེར་པོ་ལ་སོགས་པ་དག་ལས་
སྔོན་པོའོ། །འདི་སེར་པོའོ་ཞེས་ཤེས་པ་གཞན་གྱིས་འབྱེད་པར་བྱེད་པ་དེའི་ཚེ། རྣམ་པ་དེ་ལྟ་དེ་ལྟར། འབྱེད་བྱེད་པ་ན་ཤེས་པ་དེ་ཚོལ་བར་བྱེད་པ་མ་ཡིན་ཏེ། དེ་ནི་དེའི་ངོ་བོ་མ་ཡིན་པའི་ཕྱིར་རོ། །འོ་ན་ཅི་ཡིན་ཞེ་ན། དོན་ལ་འཇུག་པར་འགྱུར། དོན་ཉིད་ལ་དེའི་ཤེས་པ་འཇུག་པར་བྱེད་པར་འགྱུར་
རོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་རྣམ་པ་གཅིག་སྣང་བར་གྱུར་པ་ན་ཡང་ཐམས་ཅད་པའམ་ཅུང་ཞིག་ཀྱང་མ་ཡིན་པ་དེ་ལྟར་ན་ཤེས་པ་ལ་སྔོན་པོ་ལ་སོགས་པའི་སྣང་བ་ཐ་དད་པར་བྱེད་ནུས་པ་མ་ཡིན་ནོ། །དེ་བཞིན་དུ་ཕྱི་རོལ་གྱི་དོན་སྣ་ཚོགས་པ་མ་ཡིན་ནོ། །དེ་ལྟར་ན་སྔོན་པོ་ལ་སོགས་པ་གཅིག་
Vol. 175 · folio 196b
ཆོད་པ་ན་ཡང་། གཞན་ལ་འཇུག་པ་ཉིད་མཐོང་བའི་ཕྱིར་དོན་ཡང་ཅིག་ཅར་རམ་སོ་སོ་ནས་འཛིན་པར་འགྱུར་ན་ཤེས་པ་ནི་དེ་ལྟར་འཛིན་པ་མ་ཡིན་ནོ། །འདི་ལྟར། ཤེས་པ་ཇི་ལྟར་སྣང་གང་ཡིན། །དེ་ནི་དེ་ལྟར་ཉམས་མྱོང་འགྱུར། །རྣམ་པ་འགའ་ཞིག་ཀྱང་། དེ་ལས་གཞན་པའི་རྣམ་པ་གགས་བྱེད་པ་ཡོད་ན་
ཡང་མ་ཡིན་ནོ། །དེ་ལྟར་གཅིག་ངོ་བོར་འགྱུར། གཅིག་ཉིད་དུ་འགྱུར་རོ། །སེམས་ནི་སྣ་ཚོགས་པ་མཐོང་བའོ། །རྣམ་པ་ནི་སྣ་ཚོགས་པ་སྟེ་ཉམས་སུ་མྱོང་བའི་ངོ་བོ་སྣ་ཚོགས་པར་སྣང་བའོ། །དེའི་ཕྱིར་གང་སྣ་ཚོགས་པ་རྣམ་པར་ཕྱེ་བར་ནུས་པ་ཅན་དེ་ནི་གཅིག་གི་རང་བཞིན་མ་ཡིན་ནོ་ཞེས་བྱ་བ་གཏན་
ཚིགས་ཁྱད་པར་དང་བཅས་པ་ཡིན་པ་དེ་བས་ན་མི་མཐུན་པའི་ཕྱོགས་ལ་ཞུགས་པ་མེད་པས་མ་ངེས་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །བློ་སྣ་ཚོགས་པའི་རྣམ་པ་འཛིན་པ་བཞིན་དུ་རྣམ་པར་འབྱེད་པ་མ་ཡིན་ན་ཡང་། རྨ་བྱ་ལ་སོགས་པ་སྣ་ཚོགས་པ་དེར་འཛིན་པ་ཡིན་ཏེ། དེ་ལ་སྔོན་པོ་ལ་སོགས་
པ་སོ་སོ་ཐ་དད་པར་འཛིན་པའི་ཕྱིར་རོ། །དེས་ན་ཕྱི་རོལ་སྣ་ཚོགས་པའི་རང་བཞིན་ཉིད་ཡིན་གྱི། བློའི་ནི་མ་ཡིན་ཏེ་དེའི་སྣང་བ་སྣ་ཚོགས་པ་ཉིད་ཡིན་ན། ཕན་ཚུན་ཐ་དད་པ་འཛིན་པའི་ཕྱིར་རོ། །ཕྱི་རོལ་གྱི་རས་དང་རྨ་བྱ་ལ་སོགས་པ་དེ་ལ་ཡང་སྔོན་པོ་ལ་སོགས་པ་རེ་རེ་ཆོད་པ་ནི་གཞན་མ་ཆོད་པ་ཐ་དད་
པར་འཛིན་པ་གང་ཡིན་པ་དེ་ཡང་། ཡན་ལག་རྣམས་ཀྱི་གཟུགས་ཡིན་གྱི། ཡན་ལག་ཅན་གྱི་མ་ཡིན་ན་གང་གིས་སྣ་ཚོགས་པ་ཉིད་དུ་འགྱུར། དེའི་ཕྱིར་རས་དང་རྨ་བྱ་ལ་སོགས་པའི་ཡན་ལག་ཅན་གྱི་ངོ་བོ་གཅིག་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟར་རས་ལ་སོགས་པའི་ངོ་བོ་གཅིག་ཡིན་པ་དེའི་ཚེ། རས་
སོགས་གཟུགས་ནི་གཅིག་ཡིན་ན། ཁས་ལེན་ན་དེ་ལྟར་ཐ་དད་མེད་པར་འགྱུར། དེ་ལྟར་འགྱུར་ཞེས་བྱ་བ་ནི་བློ་ཡོད་པའི་རྣམ་པ་སྣ་ཚོགས་པའི་རྣམ་པ་བཞིན་དུ་འགྱུར་རོ། །རེ་ཞིག་ཡན་ལག་ཆོད་པ་ཅན་གྱི་ཡན་ལག་ཅན་གྱི་ངོ་བོར་འཛིན་པའི་བློ་ཡང་ཐ་དད་པ་མེད་པར་འགྱུར་ཏེ། སྣ་ཚོགས་
པའི་ངོ་བོ་སྣང་བ་མ་ཚང་བ་མེད་པ་ཅན་དུ་འགྱུར་རོ་ཞེས་བྱ་བའི་དོན་ཡིན་ན། འགྱུར་བ་ཡང་མ་ཡིན་པ་དེ་བས་ན། དེ་ནི་གཅིག་ཉིད་མ་ཡིན་ནོ། །ཡན་ལག་གི་ངོ་བོ་དེ་དང་དེ་ཐ་དད་པར་བཟུང་བཤད་པ་མ་ཡིན་ནམ་ཞེ་ན། གལ་ཏེ་དེ་ལྟར་ཡིན་པ་དེའི་ཚེ་ཡན་ལག་རྣམས་བཟུང་བར་གྱུར་པ་ན། ཇི་ལྟར་
Vol. 175 · folio 197a
བློ་ལ་ཡན་ལག་གི་ངོ་བོ་སྣང་བ་དེ་ལྟར། ཡན་ལག་ཅན་གྱི་ངོ་བོ་ཡང་ཐ་དད་པར་རང་གི་ངོ་བོའི་སྒོ་ནས་གཟུང་བར་འགྱུར་རོ། །འདི་ལྟར་ཐ་དད་ཅན་ནི། གཟུགས་ལ་སོགས་པ་ཡན་ལག་གི་ངོ་བོ་རྣམས་རྣམ་ཕྱེ་བས་ན། བློས་ཐ་དད་པར་བྱས་པ་སྟེ། བོར་ན་ཞེས་བྱ་བའི་དོན་ཏོ། །ཐ་དད་
མེད་ཅན་ནི་ཡན་ལག་ཅན་གྱི་ངོ་བོ་གཞན་མི་མཐོང་། ཡན་ལག་གི་ངོ་བོ་ལས་ཐ་དད་པ་ལའོ། །འདིས་ནི་དེ་མེད་པ་ལ་རང་བཞིན་མི་དམིགས་པ་བསྟན་ཏོ། །གཞན་གྱིས་ཇི་ལྟར་དབང་པོ་ལས་འདས་པའི་རྡུལ་ཕྲ་རབ་སོ་སོ་ཐ་དད་པ་མཐོང་པའི་ལམ་དུ་མི་འགྱུར་བ་དེ་ལྟར་བསགས་པ་ན་ཡང་དེ་དག་ཉིད་
ཡིན་པས་ན། གལ་ཏེ་ཡན་ལག་ཅན་གྱི་ངོ་བོ་མེད་པར་འགྱུར་ན་འགའ་ཞིག་ཀྱང་མཐོང་བར་མི་འགྱུར་རོ་ཞེས་བརྗོད་པ་གང་ཡིན་པ་འདི་ལ་ཡང་། རྡུལ་ཕྲ་རབ་སོ་སོ་ཐ་དད་པ་ལ་ནུས་པ་མེད་ན་ཡང་། གལ་ཏེ་སོ་སོ་རེ་རེ་ཕན་ཚུན་ཉེ་བར་འགྲོ་བ་ལ་སོགས་པའི་རྐྱེན་ལས་གཞན་དང་གཞན་ལས། སྐྱེ་ཕུལ་བྱུང་བར་
གྱུར་པ་ན། མང་པོ་བློའི་རྒྱུ་ནི་འགྱུར་བ་ལ། དེའི་ཚེ་འགལ་བ་དག་ནི་ཅི་ཞིག་ཡོད། གང་གིས་ན་ཡན་ལག་ཅན་རྟོགས་པར་བྱེད། ཅི་དང་འདྲ་བར་ཞེ་ན། དབང་པོ་ལ་སོགས་བཞིན། དཔེར་ན་བདག་དང་དབང་པོ་དང་ཡིད་ལ་སོགས་པ་སོ་སོ་ཐ་དད་པ་འབྲས་བུ་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་མ་ཡིན་
པ། ཕྱིས་ཕན་ཚུན་ཚོགས་ནས་དེ་སྐྱེད་པར་བྱེད་པ་བཞིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། རྡུལ་ཕྲ་རབ་རྣམས་རྒྱུ་ཉིད་ཡིན་པས་བཟློག་པ་མ་ཡིན་ཏེ། སྔར་དབང་པོ་ལས་བདས་པ་ཕྱིས་ཀྱང་ཡུལ་དུ་མི་འགྱུར་རོ་ཞེ་ན། དེ་ནི་རྒྱུའི་དངོས་པོ་མ་གཏོགས་པར་གཞན་གཟུང་བ་ཞེས་བྱ་བ་གཞན་ཅི་ཡང་མེད། དེ་ལྟར་
ན་རྒྱུར་གྱུར་པའི་དོན་དེ་ལ་གང་གི་རྣམ་ཅན་བློ། དོན་གང་གི་ངོ་བོའི་རྗེས་སུ་བྱེད་པའི་བློ་དེའི་གཟུགས་དེ་ནི་གཟུང་བར་བརྗོད། འདི་ལྟར་རྣམ་པར་འཇོག་པར་ནུས་པ་རྒྱུ་ཉིད་ནི་ཡུལ་ཡིན་ནོ། །དུ་མ་ཅིག་ཅར་གཟུང་བ་མ་ཡིན་ནོ་ཞེས་བཤད་པ་གང་ཡིན་པ་དེ་ཡང་ཅིག་ཅར་དུ་མ་འཛིན་པ་མ་ཡིན་ན། ཇི་ལྟར་
རང་གི་ཡན་ལག་བཅས། །ཅིག་ཅར་ཡན་ལག་ཅན་བཟུང་ཡིན། །འདི་ཡང་དུ་མ་ཉིད་ཡིན་པའི་ཕྱིར་གཟུང་བ་མ་ཡིན་ན། གཟུང་བ་ཡང་ཡིན་ཏེ། འདི་ལྟར་ལྐོག་ཤལ་ལ་སོགས་མཐོང་མེད་པར་ནི། བ་ལང་ཤེས་པ་མཐོང་བ་མེད། །ལྐོག་ཤལ་ལ་སོགས་པ་ཡན་ལག་རྣམས་གཟུང་བ་མེད་པར་
Vol. 175 · folio 197b
བ་ལང་མཐོང་བ་ཡོད་པ་མ་ཡིན་པ་དེ་ལྟར་ན་དུ་མ་གཟུང་བ་ཉིད་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་ཡོན་ཏན་གཙོ་བོ་དག །ཅིག་ཅར་འཛིན་པར་འདོད་ན་ཡང་། །ཕན་ཚུན་ཁྱད་པར་མེད་པར་གྱུར་པ་རྫས་དུ་མ་འཛིན་པ་མི་འདོད་ལ་ཡོན་ཏན་དང་གཙོ་བོར་གྱུར་པའི་དུ་མ་ཡང་མ་ཡིན་ནོ། །ལྐོག་ཤལ་ལ་སོགས་
པའི་ཡན་ལག་ནི་བ་ལང་གི་རྫས་ཀྱི་ཁྱད་པར་དུ་གྱུར་པ་ཡིན་པས་ན། དེ་དག་ལྷན་ཅིག་འཛིན་པའི་རིགས་པ་ཡིན་པ་དེ་ལྟར་རྡུལ་ཕྲན་མ་ཡིན་པའི་ཕྱིར་དེ་དག་ལྷན་ཅིག་འཛིན་པར་རིགས་པ་མ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ཡིན་ན་གང་གི་ཚེ། ཡན་ལག་ཁྱད་པར་ཅན་དུ་གྱུར་པ་གཅིག་ཉིད་ཀྱི་སྐྱེས་བུས།
ཇི་ལྟར་རྭ་ཅན་དང་ལྐོག་ཤལ་དང་ལྡན་པ་ཡིན་ནོ་ཞེས་ཤེས་པར་འགྱུར་བ་དེའི་ཚེ། ཁྱད་པར་དུ་མའི་འབྲེལ་པའི་ངེས་པ་ཅིག་ཅར་བྱེད་པར་མི་ནུས་པ་ཉིད་ཀྱི་ཕྱིར། ཡན་ལག་ཁྱད་པར་དུ་གྱུར་པ་གཅིག་ཉིད་འཛིན་པར་འགྱུར་གྱི། ལྷག་མ་དག་ནི་མ་ཡིན་ཏེ། ཡན་ལག་རྫོགས་ཅན་དེ་ལས་གཞན་པའི་
ཡན་ལག་དང་ལྷན་ཅིག་མི་འཛིན་ཏོ། །དེ་ལྟར་ན་ཡན་ལག་དེ་དག་ཕན་ཚུན་ཁྱད་པར་ཅན་གྱི་གཞིའི་དངོས་པོ་མ་ཡིན་ཞིང་། ཡན་ལག་ཅན་ཡང་། ཡན་ལག་རེ་རེ་རྣམ་གྲངས་ཀྱིས་ཁྱད་པར་དུ་ཉེ་བར་གནས་པ་ཡིན་པ་དེ་ལྟར་ན། གཅིག་པོ་དེ་དག་དང་ལྷན་ཅིག་འཛིན་པ་ཡིན་གྱི། དེ་ལས་གཞན་པའི་
ཡན་ལག་དང་ལྷན་ཅིག་ནི་མ་ཡིན་ནོ། །ཡོན་ཏན་སོགས་ལྡན་ཅིག་ཅར་ཡང་འཛིན་པ་ཡིན་ཏེ། ཡོན་ཏན་ནི་སྣང་བ་ལ་སོགས་པའི་ཡོན་ཏན་གང་ཡིན་པའི་སྔོན་པོ་ལ་སོགས་པའི་ངོ་བོ་ཡིན་ལ། སྤྱི་ནི་རྣ་བ་ཉིད་ལ་སོགས་པའོ། །ལས་ནི་གཡོ་འགུལ་ལ་སོགས་པའི། ཁྱད་པར་དེ་ནི་རྫས་མ་
ཡིན་པ་དེ་ལྟར་ན་དེ་དང་ལྷན་ཅིག་འཛིན་པ་མ་ཡིན་ནོ། །ཡན་ལག་རྣམས་ལ་ཡོན་ཏན་ལ་སོགས་པའི་རྫས་འདུ་བ་དང་ལྡན་པ་ཡིན་པ་དེ་ལྟར་ན། དོན་གཅིག་ལ་མངོན་པར་འབྲེལ་པས་འཛིན་པ་ཡིན་ན། གང་འགའ་ཞིག་གིས་འགའ་ཞིག་འཛིན་པར་འགྱུར་ཏེ། བརྒྱུད་པས་འབྲེལ་པ་
རྟོག་པ་ན་ཐམས་ཅད་དང་ལྷན་ཅིག་འབྲེལ་བ་འགའ་ཞིག་ཡོད་པའི་ཕྱིར་རོ། །ཁྱད་པར་དང་ནི་ཁྱད་པར་གཞི། །ཞེས་བྱ་བ་ལ་སོགས་པས་ཡན་ལག་རྫོགས་པ་ཅན་གྱི་ཡན་ལག་ཅན་འཛིན་པ་མ་ཡིན་ནོ་ཞེས་བྱ་བ་དེའི་གཞུང་འཛུགས་པར་བྱེད་དོ། །ཁྱད་པར་གྱི་གཞིའི་རྣམ་པར་
Vol. 175 · folio 198a
གཞག་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། གང་གི་ཚེ་བརྗོད་པར་འདོད་པའི་གཞན་དབང་ཁྱད་པར་ཉིད་དམ་ཁྱད་པར་གྱི་གཞི་ཉིད་དུ་བརྗོད་པར་འདོད་པ་གང་ཡིན་པ་དེའི་ཚེ་ཁྱད་པར་དང་ཁྱད་པར་གྱི་གཞིར་འགྱུར་ཏེ། འདི་ལྟ་སྟེ་དཔེར་ན་བ་ལང་གི་རྫས་ཀྱི་ཁྱད་པར་ནི་རྭ་ཡིན་པ་ལྟ་
བུའོ། །དེའི་ཚེ་བ་ལང་རྭ་ཅན་ཡིན་ནོ། །གང་གི་ཚེ་རྭ་ཅན་འདི་ཉིད་ཁྱད་པར་ཡིན་པ་དེའི་ཚེ། བ་ལང་གི་རྭ་ཡིན་པ་དེ་ལྟར་ན་རྭ་ཉིད་གཙོ་བོ་ཡིན་གྱི། བ་ལང་གི་རྫས་ནི་ཕལ་པ་ཡིན་ནོ། །དེ་དེ་ལྟར་ན་ཁྱད་པར་དང་ཁྱད་པར་གྱི་གཞི་བརྗོད་པར་འདོད་པའི་གཞན་དབང་ཕྱིར། ཡན་ལག་ཉིད་དུ་གཟུང་
བ་གང་། གང་ཁོ་ནའི་ཁྱད་པར་ཉིད་དུ་གང་། དེ་ཡང་དེ་ཉིད་ཀྱིས་གཟུང་འགྱུར། ཁྱད་པར་ཅན་གཟུང་བར་འགྱུར་བ་དེ་ལྟར་ཁྱད་པར་དང་ཁྱད་པར་གྱི་གཞི་འཛིན་པར་འགྱུར་གྱི། གཞན་མ་ཡིན་པས་ན་ཡན་ལག་ལྷག་མ་རྟོགས་པ་མེད་པའི་ཕྱིར། བ་ལང་མ་རྫོགས་པ་ཉིད་མཐོང་བར་འགྱུར་རོ། །
གང་ཅིག་ཅར་དུ་མ་མི་འཛིན་པ་དེའི་ཚེ། གཞན་དང་གཞན་མཐོང་བའི་ཡང་བུམ་པ་ལ་སོགས་པའི་དངོས་པོ་ལ་ཅིག་ཅར་སྐྱེས་བུའི་བློ་གཅིག་འགྱུར། བུམ་པ་མཐོང་བ་ན་ཡང་སྣམ་བུ་ལ་སོགས་པར་ཤེས་པར་འགྱུར་རོ། །དེ་ལྟར་ན་ཁྱེད་ཀྱིས་བུམ་པ་ལ་སོགས་པའི་རྫས་ཀྱི་རང་བཞིན་ཉིད་ལས་སྣམ་བུ་ལ་
སོགས་པ་ཐ་དད་པར་འདོད་པར་མི་འགྱུར་ཏེ། དངོས་པོ་ཙམ་གྱིས་འབྱུང་བའི་ངང་ཚུལ་ཅན་གྱི་ཤེས་པ་ཁས་མི་ལེན་པའི་ཕྱིར་རོ། །ཚད་ཅེས་བྱ་བའི་ཡོན་ཏན་ནམ། སྤྱི་ལ་སོགས་པ་ཐ་དད་པར་བྱེད་པ་ནི་བློ་ཐ་དད་པའི་རྒྱུ་མཚན་ཡིན་པའི་ཕྱིར་རོ། །རེ་ཞིག་དངོས་པོ་རང་ཉིད་ནི་དངོས་པོ་གཞན་ལས་ཐ་དད་
པ་མ་ཡིན་ཏེ། དངོས་པོ་ནི་དངོས་པོ་གཞན་རང་ཐ་དད་མེད་ཕྱིར། རྒྱུའི་ཕྱིར་བློ་ཐ་དད་པ་མ་ཡིན་ནོ། །ཡོན་ཏན་ལ་སོགས་པ་ཐ་དད་པ་མེད་པར་འགྱུར་ན། ཡོན་ཏན་ལ་སོགས་པ་ཐ་དད་པའང་འཛིན་པ་མ་ཡིན་ཏེ། ཅིག་ཅར་དོན་དུ་མ་རྟོགས་པར་ཐལ་བས་འཛིན་པ་མེད་ཕྱིར་རོ། །དེའི་ཕྱིར་
གཞན་དང་གཞན་མཐོང་བ་ན་ཡང་བློ་གཅིག་ཏུ་འགྱུར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་ཡོན་ཏན་སོགས་ཐ་དད། །འཛིན་ན་སྣ་ཚོགས་ཉིད་རྟོགས་འགྱུར། །སྔར་རྫས་འབའ་ཞིག་མཐོང་ཞིང་དུས་ཕྱིས་ཡོན་ཏན་དང་སྤྱི་ལ་སོགས་པ་རྫས་ཐ་དད་པའི་འཕྲོད་པ་འདུ་བ་ཅན་ཡང་ཡིན་པ་དེའི་
Vol. 175 · folio 198b
ཕྱིར་སྣ་ཚོགས་པ་ཉིད་རྟོགས་པར་འགྱུར་ན། སྤྱི་ལ་སོགས་པ་ཐ་དད་པ་གཅིག་ལ་འབྲེལ་པ་མ་ཡིན་པའི་ཕྱིར་དེས་ཁྱད་པར་ཅན་དུ་བྱས་པའི་རྫས་ཐ་དད་པར་གྱུར་པ་དེ་ལྟར་ན། དེ་དག་ལ་རྟོགས་པ་ཐ་དད་པར་འགྱུར་རོ། །ཇི་སྐད་དུ་བཤད་པ་རྣམ་པ་ཐ་དད་པས་རྟོགས་པ་ཐ་དད་པ་ཉིད་ཡིན་པར་བླ་སྟེ།
དེ་ལྟ་ན་ཡང་དེ་ལྟར་རྟོགས་ན་ཡང་དེའི་འབྲེལ་པ་ཅན་ནི་འཆོལ་བར་འགྱུར། སྣམ་བུ་ལ་སོགས་པའི་རྫས་རྣམས་ཀྱི་འབྲེལ་པ་ཅན་ཡོན་ཏན་ལ་སོགས་པ་གང་ཡིན་པ་དེ་དག་གི་འབྲེལ་པ་ཅན་རྣམ་པ་འཆོལ་པར་འགྱུར་ཏེ། སྤྱི་ལ་སོགས་པ་གཞན་གྱི་སྒོ་ནས་རྫས་ཀྱི་ཁྱད་པར་གཞན་ཉིད་འཛིན་པར་འགྱུར་རོ་ཞེས་བྱ་
བའི་དོན་ཏོ། །དེ་ལྟར་ན་ཡོན་ཏན་ལ་སོགས་པ་འབའ་ཞིག་འཛིན་པ་ཡིན་གྱི་རྟེན་དང་བཅས་པ་ནི་མ་ཡིན་ཏེ། ཅིག་ཅར་དོན་དུ་མ་འཛིན་པ་ཐལ་བའི་ཕྱིར་རོ། །ཇི་ལྟར་གཟུང་བའི་རྫས་ལ་འདུ་བ་དང་ལྡན་པ་ཉིད་ཀྱི་སྤྱི་ལ་སོགས་པ་གདོན་མི་ཟ་བར་འཛིན་པ་མ་ཡིན་ཏེ། རྫས་མང་པོ་མཐོང་བ་ན་རྣམ་པར་
གཡེངས་པ་ལས་གཞན་ཡང་མཐོང་བའི་ཕྱིར་རོ། །སྤྱི་ལ་སོགས་པའི་ཁྱད་པར་གྱིས་ཀྱང་རྫས་ཁྱད་པར་ཅན་གཞན་ཤེས་པའི་ཕྱིར་རྣམ་པར་ངེས་པ་མ་ཡིན་པ་དེ་ལྟར་ན། འབྲེལ་པ་ཅན་འཆོལ་བ་ཡིན་ནོ། །གྲངས་ཅན་དག་གིས་ཀྱང་སྒྲ་ལ་སོགས་པའི་ངོ་བོ་གཅིག་ཏུ་འདོད་པའི་དེའི་སྒྲ་དང་།
སྒྲ་སྒྲོགས་པ་དེ་དག་ནི་སྙིང་སྟོབས་ལ་སོགས་པའི་བདག་ཉིད་ཀྱིས་དུ་མ་ཉིད་ཡིན་ཕྱིར། ཅིག་ཅར་དུ་མ་འཛིན་པ་གྲུབ། ཅིའི་ཕྱིར་ཞེ་ན། བདེ་བ་ལ་སོགས་པའི་བཀོད་པ་ཅན་རྣམས་མི་འཛིན་ན། བདེ་བ་ལ་སོགས་པ་བཀོད་པ་དེ་སྒྲ་ལ་སོགས་པ་འཛིན་པ་མི་རུང་བའི་ཕྱིར། བཀོད་པ་འཛིན་པ་
ན་བཀོད་པ་ཅན་ཡང་འཛིན་པ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་གི་བཀོད་པ་འཛིན་པ་དེ་ནི་དེའི་བཀོད་པ་ཅན་ཡང་འཛིན་པ་ཡིན་ཏེ། སོར་མོ་བཀོད་པའི་མཚན་ཉིད་ཅན་གྱི་ཁུ་ཚུར་འཛིན་པ་ན་སོར་མོ་འཛིན་པ་ལྟ་བུའོ། །སྐྱེས་བུ་འདིའི་ཡང་རྣ་བ་ལ་སོགས་པས་ཀྱང་བདེ་བ་ལ་སོགས་པའི་ངོ་བོ་ཅན་གྱི་
སྒྲ་ལ་སོགས་པ་འཛིན་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ཐམས་ཅད་ལས་ཀྱང་ཞེས་བྱ་བ་ལ་སོགས་པས་ཆོས་ཅན་དུ་མའི་ངོ་བོ་དབང་པོ་ལས་རྣམ་པ་ཐམས་ཅད་དུ་རྟོགས་པ་མ་ཡིན་ནོ་ཞེས་བྱ་བ་དེ་འཆད་པར་བྱེད་དོ། །ཆོས་ཅན་ཆ་མེད་པ་གཅིག་ནི་རང་བཞིན་ཐ་དད་པ་མ་
Vol. 175 · folio 199a
ཡིན་ཏེ། འོན་ཀྱང་ཐམས་ཅད་ལས་ཀྱང་ལྡོག་ཆོས་ཅན་ཁམས་གསུམ་ལས་ཁྱད་པར་ཅན་དུ་གྱུར་པའི་རང་བཞིན་བུམ་པའི་ངོ་བོ་ཉིད་གང་དང་གང་ལས་སྣམ་བུ་ལ་སོགས་པ་གཞན་གྱི་ངོ་བོ་ལས་ལྡོག་དེ་ལས། ཐ་དད་རྟོགས་པའི་ཐ་དད་ཅན། །དེ་ནི་སྣམ་བུ་ལ་སོགས་པ་ལྡོག་པའི་
ཡུལ་དེ་ལས་ཐ་དད་པ་ནི་དེ་ལས་ཐ་དད་པའོ། །དུ་མའི་ངོ་བོ་གང་ལ་དེས་རྟོགས་ཤིང་ཁོང་དུ་ཆུད་པའི་ཐ་དད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་དང་གང་ལས་ལྡོག་པ་དེ་དང་དེ་ལས་ཐ་དད་པ་ལ་ལྟོས་ནས། སྣམ་བུ་མ་ཡིན་པ་ཉིད་ལ་སོགས་པའི་ཆོས་སུ་སྒྲོ་བཏགས་པ་དེ་ཙམ་རྟོགས་པར་འགྱུར་
གྱི། །བུམ་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་ཆོས་ཅན་དེ་དོན་དམ་པར་ཆ་དང་ལྡན་པ་མ་ཡིན་ནོ། །ངོ་བོ་ཐ་དད་དེ་ཆོས་ཅན་གྱི་ཆོས་ཐ་དད་པའོ། །བརྟག་པ་ཡིན་ན་རྣམ་པར་རྟོག་པའི་རྣམ་པར་ཤེས་པའི་སྤྱོད་ཡུལ་ཡིན་གྱི། རྣམ་པར་རྟོག་པ་མེད་པའི་སེམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ། །དེ་དག་ཅི་དང་འདྲ་བ་
ཡིན་ཞིང་དབང་པོའི་ཤེས་པ་ཅི་འདྲ་བའི་སྤྱོད་ཡུལ་མ་ཡིན་ཞེ་ན། རེས་འགའ་འབྱུང་བ་སྣ་ཚོགས་མིན། །སྣ་ཚོགས་སྣང་བ་ཞེས་བྱ་བ་སྨོས་ཏེ། ཆོས་ཅན་གཅིག་ལ་ཡང་ཤེས་བྱ་ཉིད་ལ་སོགས་པའི་ཆོས་དེ་དག་ཐ་སྙད་རྣམ་པ་སྣ་ཚོགས་པའི་ཡན་ལག་བཏགས་པ་དེ་རྣམ་པར་རྟོག་པའི་རྣམ་པར་ཤེས་
པ་ཐ་སྙད་ཀྱི་ངོ་བོ་སྣ་ཚོགས་ལ་འཇུག་པར་ནུས་པའི་ཡུལ་ཡིན་ནོ་ཞེས་འདོད་ཀྱི། དབང་པོའི་ཤེས་པ་ལ་སྣང་བ་ནི་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དབང་པོའི་ཤེས་པ་སྣ་ཚོགས་པ་མ་ཡིན་པ་དེ་ནི། ཆོས་ཅན་གཅིག་གི་ངོ་བོར་ངེས་པའི་རང་གི་ངོ་བོར་འཛིན་པ་ཅན་ཡིན་ནོ། །དེ་བས་ན་སྣ་ཚོགས་པ་
མ་ཡིན་པའི་སྣ་ཚོགས་པ་དེ་དག་ཇི་ལྟར་ཡུལ་དུ་འགྱུར་ཞེས་བྱ་བ་སྣ་ཚོགས་མིན་ཞེས་བྱ་བ་འདིས་བཤད་དོ། །རེས་འགའ་འབྱུང་བ་ཞེས་བྱ་བས་ནི་འདི་སྐད་དུ་གལ་ཏེ་ཤེས་བྱ་ཉིད་ལ་སོགས་པའི་ཆོས་ཐ་དད་པ་བརྟགས་པ་དེ་དག་དབང་པོའི་ཤེས་པ་ཡུལ་དུ་འགྱུར་བ་དེའི་ཚེ་ཕྱི་རོལ་གྱི་དོན་ཉེ་བ་ལ་ལྟོས་
པ་མེད་པར་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་བཞིན་དུ་རང་དབང་དུ་འཇུག་པར་འགྱུར་རོ་ཞེས་བསྟན་པར་འགྱུར་རོ། །དེས་ནི་སྤྱི་དངོས་པོར་ཡོད་པ་བཀག་པ་ཡིན་ནོ། །གལ་ཏེ་ཡང་དཀར་པོ་ཉིད་ལ་སོགས་སྤྱིའི་འདྲ་བ་ཁྱེད་ཅག་གིས་བརྗོད་པ་དེ་ལྟ་ན་ཡང་རྣམ་པར་རྟོག་པ་མེད་པའི་སྤྱོད་ཡུལ་
Vol. 175 · folio 199b
མིན་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། དབང་པོའི་སྤྱོད་ཡུལ་ཡོད་པའི་དོན་གང་ཡིན་པ་དེ་ནི་སྒྲ་ཡིས་བརྗོད་བྱ་མིན། བདག་ཉིད་རང་གིས་རིག་པ་གང་ཡིན་པ་དེ་ནི་དབང་པོའི་སྤྱོད་ཡུལ་རང་རིག་པ་གང་ཡིན་པ་དེ་ནི་བསྟན་པར་མི་ནུས་སོ། །ཅིའི་ཕྱིར་ཞེ་ན། ཤེས་པའི་ངོ་བོ་ཐ་དད་ཕྱིར། སྒྲ་ལས་བྱུང་བའི་
ཤེས་པ་གང་ཡིན་པ་དང་དབང་པོའི་ཤེས་པ་གང་ཡིན་པ་འདི་གཉིས་སྣང་བ་ཐ་དད་པ་ཡིན་ཞིང་། སྒྲ་ལས་བྱུང་བའི་ཤེས་པ་ལ་མི་སྣང་བ་གང་ཡིན་པ་དེ་ནི་སྒྲའི་དོན་མ་ཡིན་ནོ། །དེའི་ཕྱིར་དཀར་པོ་ཉིད་ལ་སོགས་པ་ནི་ཤེས་པ་ངོ་བོ་ཐ་དད་པ་ཅན་གྱིས་གཟུང་བར་བྱ་བ་ཉིད་ཡིན་པའི་ཕྱིར། དབང་
པོའི་ཤེས་པའི་ཡུལ་མ་ཡིན་པར་བསྟན་ཏོ། །སྦྱོར་བ་ནི་གང་ཞིག་གང་ལས་ཤེས་པའི་ངོ་བོ་ཐ་དད་པ་ཅན་གྱིས་གཟུང་བར་བྱ་བ་དེ་ནི་དེ་ཉིད་མ་ཡིན་ཏེ། དཔེར་ན་གངས་ཅན་ནི་རྟ་ལས་ཤེས་པའི་ངོ་བོ་ཐ་དད་པ་ཅན་གྱི་གཟུང་བ་ཡིན་པ་ལྟ་བུའོ། །སྒྲའི་ཡུལ་དཀར་པོ་ཉིད་ལ་སོགས་པ་ཡང་དབང་པོའི་
ཡུལ་ལས་ཤེས་པའི་ངོ་བོ་ཐ་དད་པ་ཅན་གྱིས་གཟུང་བར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་དོན་གཅིག་ཉིད་ཡིན་ནའང་། བློ་རྣམས་སྣ་ཚོགས་རྟེན་ཅན་ཉིད། སྒྲ་ལས་བྱུང་བའི་ཤེས་པ་གང་ཡིན་པ་དེ་དང་དབང་པོའི་བློ་གང་ཡིན་
པ་འདི་གཉིས་ཀྱི་དཀར་པོ་ཉིད་ལ་སོགས་པའི་ཡུལ་ཉིད་གཅིག་ཡིན་ལ། གཅིག་ཉིད་ཡིན་ན་ཡང་དབང་པོའི་བློའི་རྟེན་མིག་ལ་སོགས་པ་ཡིན་ཞིང་། གཞན་གྱི་ཡིད་ཉིད་ཡིན་པ་དེ་ལྟར་ན། རྟེན་ཐ་དད་པའི་ཕྱིར་སྣང་བ་དེ་ཐ་དད་པ་མ་ཡིན་ནོ་ཞེ་ན། གལ་ཏེ་ཡུལ་གཅིག་ན་ཡང་། རྟེན་ཐ་དད་པའི་ཕྱིར་
སྣང་བ་ཐ་དད་པ་དེའི་ཚེ། རྣ་བ་ལ་སོགས་སེམས། རྣ་བ་ལ་སོགས་པའི་རྟེན་ཐ་དད་པའི་སྒོ་ནས་སྐྱེ་བ་དེ་ནི་ཐ་དད་དོན་ཅན་དེ་གང་ལས་མ་ཡིན་པ་ཁོ་ནའོ། །འདིར་ཡང་རྣ་བའི་ཤེས་པ་ལ་སོགས་པའི་ཡུལ་གཅིག་ཉིད་ཡིན་ཞིང་། སྣང་བ་ཐ་དད་པ་ནི་རྟེན་ཐ་དད་པའི་ཕྱིར་རོ་ཞེས་བརྗོད་པར་ནུས་སོ། །རྣམ་
པ་འགའ་ཞིག་གིས་རྗེས་སུ་བྱེད་པའི་ཕྱིར་སྒྲ་ལས་བྱུང་བའི་ཡུལ་ཉིད་ནི་གཅིག་ཡིན་གྱི། རྣ་བ་ལ་སོགས་པའི་ཤེས་པའི་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ལོག་པ་ཡིན་ཏེ། དེ་ལྟར་འདི་ལ་ཡང་ཤེས་བྱ་ཉིད་ལ་སོགས་པའི་རྗེས་སུ་བྱེད་པ་དེ་འདྲ་བ་རྟོག་པར་བྱེད་ན་གང་གིས་བཟློག །གཞན་ཡང་སེམས་ཀྱི་སྟེ་ཤེས་
Vol. 175 · folio 200a
པའི་རྟེན་ནི་གཞན་དང་གཞན་སྐྱེ་བ་ཡིན་ན་གཞན་དང་གཞན་མ་ཡིན་པ་དེ་ལྟར་ན་ཡང་ཤེས་བྱའི་དངོས་པོ་གཅིག་དེ་ཉིད་དུ་འགྱུར་ན། ཅི་གཟུགས་དེ་ཐ་དད་རྣམ་པར་སྣང་བ་ཅན་གང་ལས། གང་གིས་ན་དབང་པོའི་ཤེས་པ་ལ་ངོ་བོ་གཅིག་གསལ་བར་འགྱུར་ཞིང་། གཞན་ནི་སྒྲ་
ལས་བྱུང་བ་ཡིན་ཏེ། དེ་ལྟར་ན་བློ་སྣང་བ་ཐ་དད་པ་དང་། དོན་ནི་རྣམ་པ་གཅིག་ཅན་ཉིད་ཡིན་པའི་ཕྱིར་རང་ཉིད་འཛིན་པའི་ངང་ཚུལ་ཅན་གྱི་ཤེས་པ་ལ་སྣང་བའི་ངོ་བོ་གཅིག་ཉིད་དུ་འགྱུར་བ་དེའི་ཕྱིར་སྤྱི་ནི་དབང་པོའི་ཤེས་པ་དང་སྒྲ་ལས་བྱུང་བས་གཟུང་བ་མ་ཡིན་ཏེ། དེ་དག་ནི་རྣམ་པ་ཐ་དད་པ་ཅན་
ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་སྒྲ་ལས་བྱུང་བ་དང་དབང་པོའི་ཤེས་པ་དག་གི་ཡུལ་གཅིག་མ་ཡིན་ན། རྭ་ལ་སོགས་པ་དང་ལྡན་པའི་དོན་གང་ཡིན་པ་དེ་བ་ལང་ཞེས་ཇི་ལྟར་སྒྲ་ལས་བྱུང་བས་རྟོགས་པ་གང་ཡིན་པའི་གསལ་བའི་བྱེ་བྲག་སྐྱེས་བུས་མཐོང་བར་གྱུར་པ་གང་ཡིན་པ་འདི་ངས་ཐོས་པ་དེ་ནི་
བ་ལང་འདི་ཡིན་ནོ་ཞེས་བྱ་བར་ཇི་ལྟར་འགྱུར། དེའི་ཕྱིར་སྒྲ་དང་དབང་པོའི་ཤེས་པའི་ཡུལ་གཅིག་ཡིན་ནོ་ཞེས་བྱ་བའི་རྟོག་པ་གང་ཡིན་པ་དེ་ཡང་རིགས་པ་མ་ཡིན་ནོ། །འདི་ལྟར་ཡང་། བ་ལང་ལ་སོགས་ངོ་ཤེས་པ། །གང་ཡིན་པ་དེ་ནི་སྔར་མཐོང་བ་ལས་ནི་བཟློག་པ་ཡིན། ཅིའི་ཕྱིར་ཞེ་
ན། མཐོང་བ་རྟོགས་པ་མེད་པར་ནི། དབང་པོའི་སྤྱོད་ཡུལ་གྱི་དོན་ལ་རེག་པ་མེད་པར་བརྗོད་པའི་རྣམ་རྟོག་འཇུག་པའི་ཕྱིར་རོ། །གང་གི་ཚེ་སྒྲ་རང་གི་མཚན་ཉིད་ལ་མི་རེག་པ་དེའི་ཚེ་གང་ལས་སྒྲ་དེ་ཉིད་ཀྱིས་དངོས་པོ་བསྟན་པ་ཕྱིས་མཐོང་བས་དེ་ལྟར་ཤེས་པར་འགྱུར་རེ་ཞིག་ངོ་ཤེས་པའི་ཤེས་པ་
མཐོང་བའི་དོན་ཆེས་རིང་བའི་རྗེས་སུ་ཞུགས་པ་དོན་དུ་ཞེན་པ་གང་ཡིན་པ་དེ་ཡང་། མཐོང་བའི་དོན་ཉིད་ཀྱི་ཡུལ་ལ་དམིགས་པ་མ་ཡིན་ན། ཅི་སྒྲས་དོན་དེ་སྟོན་པར་འགྱུར་རམ། སྒྲས་བསྟན་པར་འགྱུར་བའི་དོན་ངོ་ཤེས་པའི་རྗེས་སུ་བྱེད་པར་འགྱུར་འོན་ཀྱང་སྔོན་ཐོས་པའི་དོན་འཛིན་པ་ཞེས་བྱ་
བ་ནི་ལོག་པའི་ཤེས་པ་ཉིད་ཡིན་ནོ། །གང་གི་ཕྱིར་བ་ལང་བ་ལང་ཞེས་བྱ་བའི་སྒྲ་དང་ཤེས་པ་འདི་རྗེས་སུ་འགྲོ་བ་ཅན་ཡིན་པ་དེའི་ཕྱིར་དངོས་པོར་གྱུར་པ་རྗེས་སུ་འགྲོ་བ་ཅན་གཅིག་ཉིད་དུ་འགྱུར་བ་ཡིན་ནོ་ཞེ་ན། འདི་ལྟར་བ་ལང་ལ་སོགས་དོན་ལ། ཡུལ་ལ་རིགས་སོགས་བརྗོད་
Vol. 175 · folio 200b
པའི་རྣམ་པར་རྟོག་པའི། རྗེས་སུ་འགྲོ་ལས་རྗེས་དཔག་གང་། །ཡོད་པ་ཉིད་བསྒྲུབ་པའི་ཕྱིར། བརྗོད་པའི་རྗེས་སུ་དཔག་པ། དེ་ཡང་དེས་ནི་སྒྲ་དང་དབང་པོའི་ཤེས་པའི་སྣང་བ་ཐ་དད་པས་སུན་འབྱིན་ཏོ། །དེ་ལྟར་ན་སྒྲ་གང་གི་རྗེས་སུ་བྱེད་པ་དེ་ནི་དབང་པོའི་ཤེས་པའི་ཡུལ་མ་ཡིན་ན། གང་གིས་ན་དེའི་
རྗེས་སུ་འགྲོ་བ་ལས་སྒྲའི་ཡུལ་དབང་པོའི་དོན་ཉིད་དུ་འགྲུབ་པར་འགྱུར། གལ་ཏེ་རྗེས་སུ་འགྲོ་བ་ཅན་གྱི་སྒྲ་འགའ་ཞིག་གམ་ཤེས་པ་རྗེས་སུ་འཇུག་པ་ཡོད་པ་ཞེས་བྱ་བ་དེ་ཙམ་དུ་འགྱུར་གྱི། དབང་པོའི་ཡུལ་སྤྱིར་གྲུབ་པ་ནི་མ་ཡིན་ནོ། །རྗེས་སུ་འགྲོ་བ་ཅན་གྱི་རྣམ་པར་རྟོག་པ་འདི་ལ་ཡང་
དབང་པོའི་སྤྱོད་ཡུལ་ལས་འདས་པ་རྗེས་སུ་འགྲོ་བ་ཅན་གྱི་ཡུལ་དོན་དམ་པ་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་ཇི་ལྟར་དངོས་པོ་ཐ་དད་ན་ཡང་དངོས་པོའི་ཆོས་ཉིད་ཀྱིས་དོན་གྱི་བྱ་བ་གཅིག་བྱེད་པ་དེ་བཞིན་དུ་དེའི་ཡུལ་ཅན་གྱི་མཐོང་བ་ཉིད་ནི་ཐ་དད་ཀྱང་། རྗེས་སུ་འགྲོ་བ་ཅན་གྱི་དོན་མེད་པར་ངོ་ཤེས་པ་
ཞེས་བྱ་བའི་རྣམ་རྟོག་གཅིག་ནི་རང་བཞིན་གྱི་བྱེད་པ་ཡིན་ཞེས་སྔར་རྒྱས་པར་བརྗོད་ཟིན་ཏོ། །དེའི་ཕྱིར། དབང་པོ་རྣམས་ཀྱི་སྤྱོད་ཡུལ་གཟུགས། །རང་རིགས་བསྟན་པར་མི་ནུས་སོ། །ཞེས་བྱ་བ་དེ་ལྟར་གནས་པ་ཡིན་ནོ། །ཡིད་ཀྱི་ཡུལ་གཟུགས་ལ་སོགས་པའི་ཡུལ་ཅན་རྟོག་པ་མེད་པ་ཉམས་
སུ་མྱོང་བའི་རྣམ་པར་འཇུག་པ་ཡིན་ཞེས་བྱ་བ་དེ་ནི། །སྔར་མྱོང་བ་ནི་འཛིན་པ་ན། །ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །དེ་ལ་ཡིད་ཀྱི་ཤེས་པ་དང་དབང་པོའི་ཤེས་པས་བཟུང་བའི་དོན་ཉིད་འཛིན་ཏམ། འོན་ཏེ་དེ་ལས་གཞན་པ་ཡིན་ཞེས་གཉིས་སུ་བརྟག་གྲང་ན། རེ་ཞིག་གལ་ཏེ་དབང་པོའི་
ཤེས་པ་ཡོངས་སུ་བཅད་པ་རྟོགས་པ་ཡིན་པ་དེའི་ཚེ་དོན་སྔར་མྱོང་བ་ནི་འཛིན་པ་ན་ཁས་ལེན་ན། ཡིད་ནི་ཚད་མ་ཉིད་མ་ཡིན། དྲན་པ་དང་འདོད་པ་ལ་སོགས་པ་བཞིན་ནོ། །ཚད་མ་ནི་མི་ཤེས་པའི་དོན་གསལ་བར་བྱེད་པའི་མཚན་ཉིད་ཅན་ཉིད་ཡིན་པའི་ཕྱིར་རོ། །ཅི་སྟེ་ཡང་དབང་པོའི་ཤེས་པས་
མ་མཐོང་བ་ཉིད་འཛིན་པ་དེའི་ཚེ། མ་མཐོང་འཛིན་ན་ལོང་སོགས་ཀྱིས། །དོན་མཐོང་བར་ཡང་འགྱུར་བ་དང་། །ཞེས་བྱ་བ་ལ་དབང་པོའི་ཤེས་པ་ལ་ལྟོས་པ་མེད་པ་ཡིད་ཀྱི་རྣམ་པར་ཤེས་པ་ཕྱི་རོལ་གྱི་དོན་ལ་འཇུག་པ་མ་ཡིན་ན་ལོང་བས་ཀྱང་མཐོང་བར་འགྱུར་རོ། །སོགས་པ་སྨོས་པས་ནི་
Vol. 175 · folio 201a
འོན་པ་ལ་སོགས་པས་ཀྱང་ཡུལ་དེ་ལ་ཤེས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དབང་པོའི་ཤེས་པས་ཉམས་སུ་མྱོང་བའི་ཡུལ་ཅན་ཉིད་ཀྱིས་ཡིད་ལ་རྣམ་པར་རྟོག་པ་གཉིས་ཏེ། དོན་དེ་སྐད་ཅིག་མའམ་མ་ཡིན་པར་འགྱུར་གྲང་ན། གལ་ཏེ་སྐད་ཅིག་མ་ཡིན་པ་དེའི་ཚེ། སྐད་
ཅིག་ཉིད་ཕྱིར་འདས་པའི་དོན། །མཐོང་བ་ཡོད་པ་མ་ཡིན་ཞིང་། དབང་པོའི་ཤེས་པའི་ཡུལ་གྱི་དོན་དང་དུས་མཚུངས་པར་འབྱུང་བ་ཅན་ནམ། དུས་སྔར་འབྱུང་བའི་ངང་ཚུལ་ཅན་ཡིན་པར་འགྱུར་གྲང་ན། རྣམ་པ་གཉིས་ཀ་ཡང་བསྐལ་པ་ཡིན་པའི་ཕྱིར་ཕྱིས་འབྱུང་བའི་ངང་ཚུལ་ཅན་གྱི་ཡིད་ཀྱི་རྣམ་
པར་ཤེས་པས་དེ་འཛིན་པ་མ་ཡིན་ནོ། །ཅི་སྟེ་སྐད་ཅིག་མ་མ་ཡིན་ན་ཡང་དབང་པོའི་ཡུལ་གྱི་དོན་ཡང་སྐད་ཅིག་མིན་དེའི་ཡུལ་ཅན་གྱི་ཡིད་དོན་རྟོགས་པའི་ཡུལ་ཅན་ཚད་མ་ཉིད་དུ་མི་འགྱུར་རོ། །ཅི་སྟེ་དོན་རྟོགས་པའི་ཡུལ་ཅན་དེ་ཙམ་ཉིད་ཀྱང་ཚད་མ་ཉིད་དུ་འདོད་པ་དེའི་ཚེ་མཚན་ཉིད་ནི། ཁྱད་པར་བཅས་
པ་བརྗོད་བྱར་འགྱུར། དཔེར་ན་དོན་རྟོགས་པའི་ཡུལ་ཅན་ཉིད་ལ་ཡང་། ཡིད་ནི་མངོན་སུམ་རྟོག་པ་དང་བྲལ་བ་ཅན་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །གཞན་ཡང་ལས་གང་ལ་བྱ་བ་སྒྲུབ་པ་ཡོད་པ་དེ་ནི། བྱ་བ་བསྒྲུབ་ཅན་ལས་ལ་ནི། །ཁྱད་པར་ཅུང་ཟད་མི་བྱེད་པའི། །སྔར་རྟོགས་པ་ཉིད་ཤེས་འགྱུར་
བ། །དབང་པོ་ཅན་ནམ་གཞན་དག་གི། །ཡིད་དོ། །སྒྲུབ་པར་བྱེད་པར་ཅི་ཕྱིར་འདོད། སྒྲུབ་པ་དེ་ཉིད་འདོད་པར་མི་བྱ་སྟེ། གཅལ་བ་ཉིད་སྒྲུབ་པའི་ཕྱིར་རོ། །དེ་ལ་སྒྲུབ་པར་བྱེད་པ་ཉིད་ཡོད་པ་མ་ཡིན་ཏེ། ཤིང་བཅད་ཟིན་པའི་སྟ་རེ་བཞིན་ནོ། །སྦྱོར་བ་ནི་གང་ཞིག་བྱ་བ་སྒྲུབ་པ་ཅན་གྱི་ལས་
ལ་ཁྱད་པར་ཅུང་ཟད་བྱེད་པ་མ་ཡིན་པ་དེ་ནི་དེའི་ཕྱེད་པ་སྐྱེད་པར་བྱེད་པ་ཉིད་ཀྱི་སྒྲུབ་པར་བྱེད་པ་མ་ཡིན་ཏེ། དཔེར་ན་ཤིང་དུམ་བུ་གཉིས་སུ་བས་པ་དེ་ལྟ་བུ་ཉིད་དུ་བྱ་བའི་ཕྱིར་སྟ་རེ་བྱ་བ་མི་བྱེད་པ་ལྟ་བུའོ། །དེ་མ་ཐག་པའི་ཡིད་ཀྱི་རྣམ་པར་ཤེས་པས་ཀྱང་བྱ་བ་སྒྲུབ་པ་ཅན་སྔར་གྱི་དབང་པོའི་རྣམ་པར་ཤེས་
པས་རྟོགས་པའི་ཡུལ་ལ་ཕུལ་དུ་བྱུང་བ་ཅུང་ཟད་ཀྱང་མི་བྱེད་དོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གཞན་ཡང་བློ་ཡང་ཐམས་ཅད་ཅིག་ཅར་འབྱུང་བར་འགྱུར་ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། བརྟན་པ་དངོས་པོ་དེ་ལས་སྐྱེ་བ་ཅན་གང་ཡིན་པ་དེ་དག་ནི་དངོས་པོ་དེ་ལས་སྐྱེ་བ་
Vol. 175 · folio 201b
ཅན་ཞེས་བྱ་བ་ནི་དབང་པོའི་དོན་སྐད་ཅིག་མ་མ་ཡིན་པ་ཡིད་ཀྱི་རྣམ་པར་ཤེས་པས་འཛིན་པའི་སྐྱོན་གཞན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནུས་པ་ཡིན་ན་ཇི་ལྟར་བློ་དེ་གཅིག་སྐྱེད་པར་བྱེད་པ་དེ་ལྟར་དེའི་རྒྱུ་ཅན་གཞན་ཡང་ཅིག་ཅར་སྐྱེད་པར་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟར་ནི་འགྱུར་
མོད་ཀྱི། དོན་ཡན་གར་བ་ལ་ནུས་པ་མེད་པ་དེ་བས་ན་ལྷན་ཅིག་བྱེད་པའི་རྐྱེན་ལ་ལྟོས་པ་ཡིན་ནོ། །དེ་ཡང་རེས་འགའ་བ་ཡིན་པ་དེ་ལྟར་ན་གཉིས་ཀ་ཡང་རིམ་བཞིན་དུ་འབྱུང་བའི་ངང་ཚུལ་ཡིན་ནོ་ཞེ་ན། དེ་དང་དེ་ནི་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ལྷན་ཅིག་བྱེད་པ་གཞན་གྱི་འབྲས་མིན་
ཁྱད་པར་ནི། །ཕུལ་དུ་བྱུང་བར་བྱར་མེད་པའོ། །དེ་ལ་ལྟོས་པ་ནི་ལྷན་ཅིག་བྱེད་པའི་ལྟོས་པ་སྟེ། འགལ་ཕྱིར་རོ། །དེ་ལྟར་དེ་ཡང་མང་དུ་བསྟན་ཟིན་ཏོ། །གང་གི་ཕྱིར་དེ་ལྟ་བུའི་སྐྱོན་ཡོད་པ་དེའི་ཕྱིར། ཡིད་ནི་ཡུལ་གཞན་ཉིད་འཛིན་བྱེད། །ཅི་འདྲ་བ་ཞིག་ཅེ་ན། དབང་པོའི་རྣམ་པར་
ཤེས། དེ་མ་ཐག་རྐྱེན་ལས་བྱུང་ཅན། །དབང་པོའི་རྣམ་པར་ཤེས་པ་མཚུངས་པ་དེ་མ་ཐག་པའི་རྐྱེན་ལས་བྱུང་བ་གང་ལ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དེས་ནི་དེའི་དམིགས་པའི་རྐྱེན་ཉིད་ཡིན་པར་བསལ་ཏོ། །དེའི་རྐྱེན་གྱིས་ཀྱང་ཕྱི་རོལ་གྱི་དོན་ལ་ཡིད་འཇུག་པ་ཡིན་གྱི། རང་དབང་
ཅན་ནི་མ་ཡིན་ནོ་ཞེས་བསྟན་ཏོ། །དེ་འདྲ་བའི་ཡིད་དེ་ནི་ཡིད་ཀྱི་རྣམ་པར་ཤེས་པའོ། །གལ་ཏེ་ཡང་དབང་པོ་ཤེས་པའི་ཡུལ་ལས་ཡུལ་གཞན་ཉིད་འཛིན་པ་ཡིན་པ་དེ་ལྟར་ན་ཡང་། གང་གི་ཕྱིར་དེ་དབང་པོའི་ཤེས་པ་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་བསྐྱེད་པ་ཡིན་པ། དེ་ཕྱིར་ལོང་
བས་མཐོང་བ་མིན། །དབང་པོའི་ཤེས་པ་དེ་ཉིད་དབང་པོ་མེད་པར་ལོང་བ་ལ་ཡོད་པ་མ་ཡིན་པ་དེ་ལྟར་ན་ལོང་བས་མཐོང་བ་མ་ཡིན་པ་དེ་ལྟར་ན། དབང་པོའི་ཤེས་པ་དེ་ཉིད་ཅིའི་ཕྱིར་དོན་རྟོགས་པ་ཞེས་བརྗོད་པ་ན་འདི་ལྟ་སྟེ་མིག་ལ་སོགས་པའི་རྟེན་གྱི་བྱེ་བྲག་ལས་རང་བཞིན་གྱི་ཁྱད་པར་དེ་འདྲ་བ་གང་
ཡིན་པ་དེས་དོན་ལ་འཇུག་པར་འགྱུར་རོ་ཞེས་བྱ་བ་འདི་གདོན་མི་ཟ་བར་བརྗོད་པར་བྱའོ། །དེ་ལྟར་འདིར་ཡང་དེའི་དོན་རྟོགས་པའི་དོན་གྱི་དབང་པོའི་ཤེས་པ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི་གལ་ཏེ། དབང་པོའི་ཤེས་པས་མ་བཟུང་བ་ཡིད་ཀྱིས་རྟོགས་པ་ཡིན་ན། དོན་ཆོད་པའམ་བསྐལ་
Vol. 175 · folio 202a
པ་ཅིའི་ཕྱིར་མི་ལྡོག་ཅེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། །དེ་བས་གཞན་འདིས་འཛིན་ན་ཡང་། །དབང་པོའི་ཡུལ་ལས་གཞན་པའི་ཡུལ་ཡིད་ཀྱི་རྣམ་པར་ཤེས་པ་འདི་ཡིས་རྟོགས་པ་ཡིན་ན་ཡང་། ངེས་པ་འཛིན་པར་འདོད་པ་ཡིན། །དབང་པོའི་ཤེས་པའི་ཡུལ་གྱི་དེ་མ་ཐག་པའི་དོན་
འཛིན་པ་ཉིད་དུ་འདོད་དོ། །འདི་ལྟར། རང་དོན་རྗེས་འགྲོ་དོན་ལྟོས་ཅན། །དབང་སྐྱེས་བློ་ནི། དེ་ཡིད་ཀྱི་རྣམ་པར་ཤེས་པ་འདིའི་མཚུངས་པ་དེ་མ་ཐག་པ་རྐྱེན་ཉིད་ཀྱི་རྒྱུ་ཡིན་ནོ། །དབང་པོའི་བློ་དེ་དེ་མ་ཐག་པའི་རྐྱེན་དུ་འདོད་པའི་སྐད་ཅིག་མ་རང་གི་དོན་དེ་རང་གི་ཡུལ་གང་ཡིན་པ་དེའི་རྗེས་སུ་འགྲོ་བ་དེའི་རྒྱུ་
ཅན་གང་ཡིན་པ་དེ་ནི་དེ་མ་ཐག་ཏུ་བྱུང་བའི་ངང་ཚུལ་ཅན་གྱི་ཡུལ་ལྷན་ཅིག་བྱེད་པའི་རྒྱུ་དེས་ཞེས་བྱ་བའི་དོན་ཏོ། །དེ་བས་ན་གཞན་འཛིན་པ་མ་ཡིན་ནོ། །གལ་ཏེ་དབང་པོ་ཉིད་སེམས་ཀྱི་དབང་པོའི་ཤེས་པའི་ངོ་བོ་གང་ལ་དབང་པོའི་ཤེས་པ་དེ་དང་བྱེད་པའི་དུས་མཚུངས་པ་མེད་པ་དེ་ནི། དེ་དང་
བྱེད་དུས་མཚུངས་མེད་ཅན། །རང་ཤེས་དུས་ཅན་རང་གི་དམིགས་པའི་ཤེས་པ་དང་དུས་མཚུངས་པ་ཅན་དུ་འགྱུར་བའི་དོན་དག་ནི་ལྷན་ཅིག་བྱེད་པར་ཇི་ལྟར་འགྱུར། དེ་སྐད་དུ་དངོས་པོ་རྣམས་ཀྱི་བྱེད་པའི་དུས་ནི་རང་ཉིད་ཡོད་པའི་དུས་ཡིན་ལ། དེ་ཡང་སྐད་ཅིག་མར་ཡོད་པ་ཡིན་པ་དེ་ལྟར་ན། དེའི་ཡུལ་
གྱི་དོན་ཡིད་ཀྱི་རྣམ་པར་ཤེས་པ་དང་། དུས་མཚུངས་པ་ཅན་འདི་ནི་དབང་པོའི་རྣམ་པར་ཤེས་པའི་དུས་ན་ཡོད་པ་མ་ཡིན་ཏེ། འགགས་པ་ཉིད་ཀྱི་ཕྱིར་རོ། །རིམ་བཞིན་དུ་འབྱུང་བ་ཅན་དག་ནི་གཅིག་བྱེད་པ་མ་ཡིན་ཏེ། ལྷན་ཅིག་འབྱུང་བའི་ངང་ཚུལ་ཅན་མ་ཡིན་པ་འདི་ལྷན་ཅིག་བྱེད་པ་ཡོད་པ་མ་
ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་གྱི་དོན་དབང་པོའི་ཤེས་པའི་ལྷན་ཅིག་བྱེད་པ་མ་ཡིན་པའི་ཕྱིར་གང་ལས་ཡིད་དོན་ངེས་པར་འཛིན་པ་ཡིན་ཞེ་ན། སྐྱོན་དེར་ནི་མི་འགྱུར་ཏེ། འདི་ལྟར་དབང་པོའི་རྣམ་པར་ཤེས་པ་དང་། དོན་ནི་རྒྱུ་ཉིད་ཡིན་པའི་ཕྱིར་སྔར་
ཡོད་པ་ཡིན་ལ། དེ་དག་ལས་དུས་ཕྱིས་འབྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་ནི་འབྲས་བུ་ཡིན་ནོ། །དེ་ལྟ་མ་ཡིན་ན། རྒྱུར་མི་འགྱུར་ཞིང་། དེའི་ཕྱིར་དེའི་ཡུལ་ཡང་མ་ཡིན་ནོ། །དེ་ལྟར་ན་འདི་ལ་དོན་མེད་པའམ་ཡོད་པ་རྒྱུར་འགྱུར་རོ་ཞེས་རྣམ་པར་རྟོག་པ་ཉིད་འབྱུང་བར་འགྱུར་གྲང་། དེ་
Vol. 175 · folio 202b
ལ་རེ་ཞིག་མེད་པ་ནི་མ་ཡིན་ཏེ། མེད་པ་སྔར་ནུས་མེད་ཕྱིར་དང་། འབྲས་བུ་སྐྱེད་པར་བྱེད་པའི་དུས་ལས་སྔར་མེད་པས་ཇི་ལྟར་འབྲས་བུ་བསྐྱེད་པར་འགྱུར། མེད་པར་ནི་འབྲས་བུ་ཐམས་ཅད་མངོན་པར་སྒྲུབ་པའི་ནུས་པ་དང་བྲལ་བའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །ཡོད་པ་ཡང་མ་ཡིན་ནོ། །ཅིའི་
ཕྱིར་ཞེ་ན། ཕྱིས་ཀྱང་ཉེ་བར་མི་སྦྱོར་ཕྱིར། །འབྲས་བུ་སྐྱེད་པར་བྱེད་པའི་དུས་ན་རྒྱུ་གྲུབ་པ་དེའི་ཚེ་འབྲས་བུ་ཡང་དེ་དང་མཚུངས་པར་ལྷན་ཅིག་གྲུབ་པས་ཉེ་བར་མི་སྦྱོར་བའི་ཕྱིར་རོ། །འབྲས་བུ་ལས་རྒྱུ་རྣམས་ཐམས་ཅད་སྔར་ཡོད་མིན་པར་གདོན་མི་ཟ་བར་འདོད་པར་བྱའོ། །དེ་ལྟར་ན། དེ་ཕྱིར་
རང་བློ་བཅས་དོན་མིན། །དོན་ནི་ཡིད་ཀྱི་རྣམ་པར་ཤེས་པའི་དུས་ན་འབྱུང་བ་ཅན་མ་ཡིན་ན། གང་གིས་ན། དབང་པོའི་ཤེས་པའི་ལྷན་ཅིག་བྱེད་པར་མི་འགྱུར། དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་ཐ་དད་དུས་ཅན་དག །ཇི་ལྟར་འཛིན་ཞེས་གང་ཞིག་གིས་འཛིན་པ་དེ་ནི་དེ་དང་དུས་ཐ་དད་པ་
ཅན་མ་ཡིན་ཏེ། དཔེར་ན་ལག་པས་གཟུང་བའི་སྐྱུ་རུ་ར་ལྟ་བུའོ་ཞེ་ན། རྒྱུའི་ཁྱད་པར་ལས་གཞན་གཟུང་བར་བྱ་བ་དེ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། རིགས་ཤེས་པས། རྒྱུ་ཉིད་ལ་ནི་གཟུང་བར་ཤེས། །ཅི་འདྲ་བ་ཞིག་ཅེ་ན། ཤེས་པའི་རྣམ་པར་འཇོག་ནུས་པ། །
ཡུལ་ཅན་གྱི་ཤེས་པ་ལ་རང་གི་རྣམ་པ་འཇོག་པར་ནུས་པ་སྟེ། རང་དང་འདྲ་བའི་འབྲས་བུ་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་ཁོ་ན་ཡུལ་དུ་གཟུང་བར་བྱ་བ་ཉིད་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་འབྲས་བུ་རྣམས་ཀྱི་རྒྱུ་དུ་མ་ཉིད་ཡོད་ན་ཡང་འཇིག་རྟེན་ན་རྒྱུའི་འབྲས་
བུ་རྗེས་བྱེད་སྐྱེ་བ་གང་། རྒྱུ་གང་གི་རྣམ་པའི་རྗེས་སུ་བྱེད་ཅིང་འབྱུང་བ་དེ་རྒྱུ་དེས་བཞག་དེའི་ངོ་བོ་ཅན་ཡིན་ཞེས་བརྗོད་པ་ཡིན་ནོ། །འབྲས་བུ་གང་ལ་རྒྱུའི་ངོ་བོ་དེ་བཞག་པ་ཡིན་ཏེ། རང་དང་འདྲ་བ་སྐྱེད་པར་བྱེད་པའི་ཕྱིར་རོ། །འབྲས་བུ་དེས་ཀྱང་རྒྱུ་དེ་གཟུང་བ་ཞེས་བརྗོད་པ་ཡིན་ནོ། །རང་གི་
རྣམ་པར་འཇོག་པར་བྱེད་པ་དེ་ནི་དེས་འཛིན་པར་འགྱུར་ཏེ། དཔེར་ན་ཕ་དང་གཟུགས་མཚུངས་པ་ཅན་དུ་སྐྱེས་པའི་བུ་དེས་ཕའི་གཟུགས་འཛིན་པ་ཞེས་འཇིག་རྟེན་ན་གྲགས་པ་ལྟ་བུའོ། །དེས་དེ་ལྟར་བསྐྱེད་པའི་བུ་དེ་ཡང་དེའི་གཟུགས་འཛིན་པར་བྱེད་ཅེས་བྱ་བ་ཡིན་གྱི། བུའི་ལག་པས་
Vol. 175 · folio 203a
པ་འཛིན་པས་འཛིན་པར་བྱེད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་ཤེས་པ་དང་ཤེས་བྱ་འདི་ལ་ཡང་ཡིན་ནོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་བདེ་བ་དང་། སྡུག་བསྔལ་ལ་སོགས་པ་ནི་རང་རིག་པ་དང་། དབང་པོ་ལ་ལྟོས་པ་མེད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་དེ་ནི། བདེ་སོགས་
བདག་ཉིད་གཞན་མི་རྟེན། །ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །ཤེས་བྱ་གང་ལ་ཤེས་པ་གང་གིས་སྒྲ་བཀོད་པ་འཛིན་པར་འགྱུར་དེ་ནི་དེ་དང་བསྲེས་ནས་འཛིན་པར་འགྱུར་བ་དེ་ལྟར་ན་བརྗོད་པ་དང་འདྲེས་པར་འགྱུར་གྱི། འདོད་ཆགས་ལ་སོགས་པའི་རང་རིག་པ་ནི་དེ་ལྟ་མ་ཡིན་ནོ། །
ལྟར་ན་བདེ་སོགས་བདག་ཉིད་གཞན་མི་རྟེན། ཐུན་མོང་མ་ཡིན་ཏེ། ཐ་སྙད་ཀྱི་དུས་ན་ཉེ་བར་མི་གནས་པའི་ངང་ཚུལ་ཅན་ཞེས་བྱ་བའི་ཐ་ཚིག་གོ། །དེས་ན་འདི་ལ་སྒྲ་ཐ་སྙད་དུ་བྱེད་པ་མ་ཡིན་ཏེ། ཐ་སྙད་འདི་ལ་ཡང་ཡུལ་དུ་བྱས་པར་འགྱུར་རོ། །བདེ་བ་ལ་སོགས་པའི་བདག་ཉིད་མ་སྐྱེས་
པར་རང་རིག་པས་ཡུལ་དུ་བྱེད་པ་མ་ཡིན་ཏེ། བདེ་བ་ལ་སོགས་པའི་བདག་ཉིད་ཀྱི་ངོ་བོ་ཉིད་དུ་དེ་ཡང་རང་བཞིན་ཐ་དད་པ་ཅན་མེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་གང་ལས་བརྗོད་པ་དང་སྦྱོར་བ་ཡིན། བདེ་བ་ལ་སོགས་པའི་བདག་ཉིད་སྐྱེད་པ་ལ་ཡང་རང་རིག་པ་བརྗོད་པ་དང་འདྲེས་པ་མ་ཡིན་
ནོ། །དེ་ལྟར་ན་དེས་བརྗོད་པ་བཟུང་ནས་དེ་ལ་སྦྱོར་བར་འགྱུར་རོ། །བརྗོད་པ་འཛིན་པ་ཡིན་ན་ཡང་སྐད་ཅིག་མ་ཉིད་ཡིན་པའི་ཕྱིར། དེ་མེད་པའམ་བདེ་བ་ལ་སོགས་པའི་བདག་ཉིད་མ་ཡིན་པས་ན་གང་གིས་གང་ལ་ཅི་ཞིག་སྦྱོར་བར་བྱེད། དེ་ལྟར་ན་འདོད་ཆགས་ལ་སོགས་པའི་བདག་ཉིད་ནི་བརྡ་བྱེད་པར་
ནི་ནུས་མེད་ཅན་ཡིན་ནོ། །རྒྱུ་དེ་ཕྱིར་འདོད་ཆགས་ལ་སོགས་པ་དེ་དག་རང་རིགས་ནི་གང་ཡིན་པ་དེ་ནི། བརྗོད་དང་རྗེས་འབྲེལ་ཅན་མ་ཡིན། བརྗོད་པ་དང་འདྲེས་པ་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་ལ་བརྡ་མི་འཛིན་པ་དེ་ནི་དེ་ལ་རྣམ་པར་རྟོག་པར་མི་འགྱུར་ཏེ། དྲི་ལ་མིག་གི་རྣམ་པར་
ཤེས་པ་ལྟ་བུའོ། །འདོད་ཆགས་ལ་སོགས་པའི་རང་རིག་པ་ཡང་བརྡ་འཛིན་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །ཁྱེད་ཅག་གིས་བདེ་བ་ལ་སོགས་པ་ཚད་མ་ཡིན་ནོ་ཞེས་བཤད་པ་གང་ཡིན་པ། དེ་དག་རིག་བྱེད་མིན་ན་ཤེས་པའི་ངོ་བོ་མ་ཡིན་ནའོ། །འོན་
Vol. 175 · folio 203b
ཀྱང་དེ་དག །དོན་གཅིག་རྟེན་ཅན་རྣམ་ཤེས་ཀྱིས། །རིག་པ་ཡིན་དོན་གྱི་བདག་ཉིད་གཅིག་གང་ཡིན་པ་དེ་ལ་བདེ་བ་ལ་སོགས་པ་དང་ལྷན་ཅིག་འཕྲོད་པ་འདུ་བ་ཅན་གྱི་ཤེས་པས་ཡང་དག་པར་རིག་པ་ཡིན་པའི་ཕྱིར། བདག་ཉིད་གཞལ་བྱའི་ངོ་བོ་ཡིན་ནོ། །དེའི་ཕྱིར་དེ་དག་གཞན་ཡང་ཕྱི་རོལ་གྱི་དོན་ཡང་
རིག་པར་བྱེད་པ་མ་ཡིན་ན་རང་གི་ངོ་བོ་སྟེ་བདག་ཉིད་ཇི་ལྟར་རིག །གང་གིས་ན་དེ་ལ་ཚད་མར་འགྱུར་ཞེས་གཞི་མ་གྲུབ་པའི་གཏན་ཚིགས་ཡིན་ནོ་ཞེས་བྱེ་བྲག་པ་འབའ་ཞིག་ཟེར་རོ། །དངོས་པོ་རྣམས་ཀྱི་རང་བཞིན་གྱི་ངེས་པ་ནི་རྒྱུའི་རང་བཞིན་ངེས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ཏེ་གློ་བུར་བ་ཡིན་ན།
ཡུལ་དང་དུས་དང་རང་བཞིན་གྱི་ངེས་པ་མི་རུང་བའི་ཕྱིར་རོ། །དེ་བས་ན་ཅི་འདྲ་བ་ལས་ཅི་འདྲ་བ་སྐྱེད་པ་ཡུལ་ཅི་འདྲ་བ་མཐོང་བ་ཡིན་ཏེ། དེ་འདྲ་བ་གཞན་ཡང་དེ་འདྲ་ཉིད་ལས་ཡིན་ཞིང་གཞན་དང་འདྲ་བ་ཡང་གཞན་དང་འདྲ་བ་ལས་ཡིན་ནོ་ཞེས་གདོན་མི་ཟ་བར་འདོད་པར་བྱའོ། །གང་གི་ཚེ་
དེ་ལྟར་འདོད་པ་དེའི་ཚེ། དངོས་པོ་དེ་དང་དེ་དངོས་ཅན། །དེ་དང་དེ་མིན་དངོས་རྒྱུ་སྐྱེས། དེ་དང་དེ་མ་ཡིན་པ་ནི་དེ་དང་དེ་མ་ཡིན་པ་དག་སྟེ། དེ་དང་དེ་མ་ཡིན་པའི་ངོ་བོ་དེ་གང་ལ་ཡོད་པ་དེ་ནི་དངོས་པོ་དེ་དང་དེ་དངོས་ཅན་ནོ། །དེ་དང་དེ་མ་ཡིན་པའི་ངོ་བོ་ཡང་དེ་དག་ཡིན་ལ། རྒྱུ་ཡང་དེ་དག་ཡིན་པས་ན།
དེ་དང་དེ་མིན་དངོས་རྒྱུའོ། །དེ་དག་ལས་སྐྱེས་པ་ནི། དེ་དང་དེ་མིན་དངོས་རྒྱུ་སྐྱེས། །གང་གི་ཕྱིར་དེས་ཏེ། ཤེས་དང་ཐ་དད་མེད་རྒྱུ་སྐྱེས། །བདེ་བ་དང་སྡུག་བསྔལ་ལ་སོགས་ཅིའི་ཕྱིར་མི་ཤེས་ཡིན། མི་ཤེས་པའི་ངོ་བོ་མ་ཡིན་ཏེ། རྣམ་པར་ཤེས་པའི་བདག་ཉིད་ཁོ་ནར་འགྱུར་རོ། །
སྦྱོར་བ་ནི་གང་ཞིག་ལས་ཐ་དད་པ་མེད་པའི་རྒྱུ་ལས་སྐྱེས་པ་དེ་ནི། དེ་ལས་ཐ་དད་པ་མེད་པའི་རང་བཞིན་དུ་འགྱུར་རོ། །དཔེར་ན་མེ་གཅིག་དང་ཐ་དད་པ་མེད་པའི་རྒྱུ་ལས་སྐྱེས་པ་མི་གཉིས་པ་ཡིན་པ་ལྟ་བུའོ། །བདེ་བ་དང་སྡུག་བསྔལ་དང་འདོད་པ་ལ་སོགས་པ་ཡང་རྣམ་པར་ཤེས་པ་དང་
ཐ་དད་པ་མེད་པའི་རྒྱུ་ལས་སྐྱེས་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །བདག་ཉིད་ཇི་ལྟ་བ་བཞིན་ཞེས་བྱ་བ་ལ་སོགས་པས་གཏན་ཚིགས་གྲུབ་པ་ཉེ་བར་སྦྱོར་བར་བྱེད་དོ། །བདེ་བ་ལ་སོགས་པ་བདག་ཉིད་ཇི་བཞིན་དབང་པོ་དང་རུང་བ་དང་བཅས་པ་དང་། དོན་བཅས་
Vol. 175 · folio 204a
དང་ནི་ཡུལ་རུང་བ་དང་བཅས་པ་ཡོད་པ་དང་། སེམས་རུང་ཡང་སེམས་རུང་བ་ཡོད་ན་སྟེ། སྔར་གྱི་ཡིད་ལ་བྱེད་པའི་ནུས་པ་ཡོད་པའི་རྣམ་པར་ཤེས་པའི་མཚན་ཉིད་ཅན་ཡོད་ན་ཞེས་བྱ་བའི་དོན་ཏོ། །བདེ་ལ་སོགས་པའི་སྐྱེ་བ་མཐོང་། །ཡིད་ཀྱང་དེ་དང་མཚུངས་པ་ཡིན། །
ཇི་སྐད་དུ་བཤད་པའི་དབང་པོ་ལ་སོགས་པའི་རྒྱུ་མཚུངས་པ་ཡིན་པ་དེ་ལྟར་ན། བདེ་བ་ལ་སོགས་པའི་རྒྱུ་མཚུངས་པ་ལས་སྐྱེ་བ་ཡིན་ནོ། །མཐོང་བ་སྨོས་པས་ནི་ཁྱེད་ཅག་འདོད་པའི་བདག་དང་ཡིད་ལྡན་པ་ཙམ་ལས་འབྱུང་བའི་ངང་ཚུལ་ཅན་གྱི་བདེ་བ་ལ་སོགས་པ་ཡོད་པ་མ་ཡིན་ནོ་ཞེས་བསྟན་ཏོ། །
རྒྱུ་མཚུངས་པ་ཅན་ཉིད་ཡིན་ན་ཡང་འདུས་བྱས་ལ་སོགས་པ་ངེས་པར་བྱེད་པ་ཡིན་པའི་ཕྱིར། བདེ་བ་ལ་སོགས་པ་མི་ཤེས་པའི་བདག་ཉིད་ཅན་དུ་འགྱུར་གྱི། རྣམ་པར་ཤེས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་རྟོག་པ་ཡང་མི་རུང་ངོ་། །དེ་ལྟར་ན། དེ་དག་མེད་དང་རེ་རེ་འཇིག་པ་ན། །དེ་ལས་གཞན་ཡོད་ན་
ཡང་། ལ་ལར་བདེ་བ་ལ་སོགས་བློ། །མི་སྐྱེ་མཐོང་ངོ་། །དེ་དག་ཡོད་པ་ན། ཇི་སྐད་དུ་བཤད་པའི་དབང་པོ་ལ་སོགས་པ་ཡོད་པ་ན། ལ་ལར་བདེ་བ་ལ་སོགས་བློ། །སྐྱེ་བ་མཐོང་། དེ་ལྟར་ན་བདེ་བ་ལ་སོགས་པ་དང་བློ་ནི་དེ་ཙམ་གྱི་རྒྱུ་ཅན་ཡིན་ནོ། །དེས་ཏེ་དེ་ཕྱིར། ཇི་ལྟར་ཡོངས་སུ་མཐོང་བའི་ནུས་པ་
ཅན་གྱི་དབང་པོ་ལ་སོགས་པ། དེ་ལས་གཞན་ལས་ཏེ། འདུས་བྱས་ལ་སོགས་པ་གཞན་ལས་བློའམ་བདེ་བ་ལ་སོགས་པ་དེ་སྐྱེ་བར་མི་འགྱུར་རོ། །དེ་ལྟ་མ་ཡིན་ན་ནི་དེ་ལྟར་ཡོངས་སུ་མཐོང་བའི་ནུས་པ་ཅན་ལས་གཞན་ནུས་པ་མ་མཐོང་བ་ཅན་རྒྱུ་ཉིད་དུ་ཁས་ལེན་ན་ཐུག་པ་མེད་པར་འགྱུར་རོ། །
གལ་ཏེ་རྒྱུ་མཚུངས་པ་ཅན་ཉིད་ཡིན་པའི་ཕྱིར། བདེ་བ་ལ་སོགས་པ་རྣམ་པར་ཤེས་པ་དང་ཐ་དད་པ་མེད་པའི་རང་བཞིན་དུ་འདོད་པ་དེའི་ཚེ། ཕན་ཚུན་བདེ་བ་ལ་སོགས་པ་དེ་དག་རང་བཞིན་ཐ་དད་པ་གང་ཡིན་པ་དེ་ཐ་དད་པར་མི་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། བདེ་སྡུག་སོགས་ནི་
ཐ་དད་ཡིན། །ཅིའི་ཕྱིར་ཞེ་ན། དབང་པོ་ལ་སོགས་པ་ཡི་རྒྱུ། །དེ་དག་ཉིད་ཀྱིས་ཁྱབ་པ་ལས། །ནང་གི་རྒྱུ་ཡི་ཁྱད་པར་གྱིས། །ཞེས་བྱ་བའི་དོན་ཏོ། །ཅི་དང་འདྲ་བར་ཞེ་ན། དཔེར་ན་བློ་དེ་ཉིད་ཀྱིས་ནི། །ཡུལ་དང་དབང་པོ་ལ་སོགས་པ་མཚུངས་པ་ལས་སྐྱེས་པ་ནི་ནང་ནས། གསལ་དང་མི་
Vol. 175 · folio 204b
གསལ་ཐེ་ཚོམ་བཞིན། །རང་བཞིན་ཐ་དད་པར་འགྱུར་བ་དེ་བཞིན་དུ་བདེ་བ་ལ་སོགས་པ་དང་རྣམ་པར་ཤེས་པའི་རྒྱུ་མཚུངས་པ་ཡིན་དུ་ཟིན་ཀྱང་ཁྱད་པར་དུ་འགྱུར་བ་དེ་ལྟར་ན། བདེ་བ་ལ་སོགས་པའི་ཤེས་པའི་ངོ་བོ་ཡིན་ནོ་ཞེས་བྱ་བ་འདི་གནས་པ་ཡིན་ནོ། །རབ་ཏུ་བསྒྲུབས་ནས་དོན་གང་ཞེས་བྱ་བ་ལ་སོགས་
པས་བདག་ཉིད་མྱོང་བར་བྱེད་པ་ཡིན་ནོ་ཞེས་རབ་ཏུ་སྒྲུབ་པར་བྱེད་དོ། །གང་གི་ཚེ་བདག་ཉིད་བདེ་བ་ལ་སོགས་པ་ཉམས་སུ་མྱོང་བ་མ་ཡིན་པ་དེའི་ཚེ། དེ་དག་བློ་ལྷན་ཅིག་སྐྱེས་པའམ་དུས་ཕྱིས་འབྱུང་བའི་ངང་ཚུལ་ཅན་གྱིས་ཉམས་སུ་མྱོང་བར་འགྱུར་གྲང་ན། དེ་ལ་རེ་ཞིག་ལྷན་ཅིག་སྐྱེས་
པའི་བློ་ནི་མ་ཡིན་ཏེ། འདི་ལྟར་དོན་གང་ཉེ་བས་མངོན་དུ་ཕྱོགས་པས། བློ་དང་ནི། བདེ་སོགས་དེ་དག་སྐྱེད་ཡིན་ན། །དོན་དེ་བོར་ནས་ནི་བློ། །དེས་བདེ་སོགས་ཇི་ལྟར་ཏེ། རྒྱུ་ཡུལ་མེད་པར་རྟོགས་འགྱུར་བ་ཡིན་རིག་པ་ནི་ཡུལ་གང་ལས་སྐྱེས་པ་དེ་ཉིད་འཛིན་པ་ཡིན་ནོ། །དེ་བས་ན་བདེ་བ་ལ་སོགས་
པ་ཉིད་དུ་ཡོངས་སུ་བཅད་པ་ནི་མ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། ལྷན་ཅིག་སྐྱེས་པའི་བློས་བདེ་བ་མྱོང་བ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན་རྒྱུན་གྱི་འཇུག་པའི་བློ་དང་བདེ་བ་ལ་སོགས་པ་ལ་དུས་ཕྱིས་འབྱུང་བའི་ཡིད་ཀྱི་ངང་ཚུལ་ཅན་གྱི་ཤེས་པས་རྟོགས་པ་ཡིན་ནོ་ཞེ་ན། རིམ་གྱིས་འཛིན་
པར་ཁས་ལེན་ན་དེ་མྱོང་བ་གཟུགས་མྱོང་བ་དང་བདེ་བ་མྱོང་བ་ན་རྒྱུན་མི་འཆད་པར་སྣང་མི་འགྱུར། འོ་ན་ཅི་ཡིན་ཞེ་ན། དང་པོར་མཐོང་ཞིང་ཕྱིས་བདེ་བ་ལ་སོགས་པ་ཉམས་སུ་མྱོང་བ་ཡིན་པ་དེ་ལྟར་ན། བདེ་བ་ཉམས་སུ་མྱོང་བ་དང་ཡུལ་ཉམས་སུ་མྱོང་བ་ནི་བར་དང་བཅས་ཤིང་བར་མེད་པར་མ་གྱུར་ན།
དེ་ཡང་ཡོད་པ་མ་ཡིན་ཏེ། འདི་ལྟར་གང་གི་ཚེ་ཡུལ་དམིགས་པ་དེ་ཉིད་ཀྱི་ཚེ། བདེ་བ་ཡང་དམིགས་པར་འགྱུར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་དེ་མྱུར་ཕྱིར། ཡུལ་དང་བདེ་བ་ལ་དམིགས་པ་དག་པར་དང་བཅས་ཤིང་བར་མེད་པ་ཉིད་ཡིན་ན་ཡང་དེ་དག་རྒྱུན་ཆད་པ་མེད་པར་ཞེན་པ་
གང་ཡིན་པ་དེ་ནི། འདིར་འཇུག་པ་མྱུར་བར་བྱས་པའི་འཁྲུལ་པ་ཡིན་ནོ་ཞེ་ན། དེ་མཚུངས་ཕྱིར། ཉམས་སུ་མྱོང་མིན་ཅིར་མི་འདོད། །གལ་ཏེ་མགྱོགས་པའི་ཕྱིར། རྒྱུན་མི་འཆད་པར་ཤེས་པ་དེའི་ཚེ། ཇི་ལྟར་བདེ་བ་མྱོང་བ་དེ་མྱུར་དུ་འཇུག་པ་དེ་ལྟར་རྣམ་པར་ཤེས་པ་ཡུལ་འབའ་
Vol. 175 · folio 205a
ཞིག་འཛིན་པ་བདེ་བ་མྱོང་བའི་ངོ་བོ་མ་ཡིན་པ་ཡང་དེ་ལྟར་མགྱོགས་པར་མཚུངས་པའི་ཕྱིར། དེའི་དབང་གིས་བདེ་བ་མྱོང་བ་མ་ཡིན་པ་རྟོགས་པ་ཉིད་དུ་ཅིའི་ཕྱིར་མི་འགྱུར། དབང་པོའི་ཤེས་པ་ཉིད་ཡུལ་དང་བདེ་བ་ལ་སོགས་པ་ལ་ཅིག་ཅར་འཛིན་པར་བྱེད་དོ་ཞེས་བྱ་བའི་རྟོགས་པ་
ཡང་མི་རུང་ངོ་། །དེ་ལྟར་ན་དོན་གང་ལས་དབང་པོའི་བློ་སྐྱེས་པའི་དོན་དེ་བོར་ནས། དུས་མཚུངས་པར་འགྱུར་བ་ཅན་ཉིད་ཀྱིས་ཡུལ་མ་ཡིན་པའི་བདེ་བ་ལ་སོགས་པ་ཇི་ལྟར་འཛིན་པར་འགྱུར་ཞེས་ལྷན་ཅིག་སྐྱེས་པའི་དབང་པོའི་བློ། །གཅིག་གིས་གཉིས་ཤེས་མ་ཡིན་ཏེ། །ཡུལ་དང་བདེ་བ་ལ་སོགས་
པ་འཛིན་པར་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དབང་པོའི་སེམས་ནི་ངེས་ཕྱིར་རོ། །དབང་པོའི་ཤེས་པ་ཡུལ་གཞན་ལ་འཇུག་པ་མེད་པས་ཡུལ་ངེས་པའི་ཕྱིར་རོ། །བདེ་བ་ལ་སོགས་པ་ཡང་བདག་དང་ཡིད་དང་ལྡན་པ་དག་ལས་འབྱུང་བའི་ངང་ཚུལ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པས་འཛིན་
ཏོ་ཞེས་བྱ་བར་ཁས་ལེན་པའི་ཕྱིར་རོ། །ལྡོག་པ་ལས་ནུས་པ་རྟོགས་པར་འགྱུར་གྱི། ལྷན་ཅིག་འབྱུང་བ་ཙམ་ལས་ནི་མ་ཡིན་ནོ། །རྣམ་པར་ཤེས་པ་ལ་བདེ་བ་ལ་སོགས་པ་ནུས་པ་དེ་འདྲ་བ་ཡོད་པ་མ་ཡིན་ཏེ། བདེ་སོགས་མེད་ན་ཡང་། བདེ་བ་ལ་སོགས་པ་རེ་རེ་མེད་ན་ཡང་དོན་དག་ལས་དབང་
པོའི་བློ་སྐྱེ་བར་འགྱུར་བ་དེ་ལྟར་ན། དོན་དག་ལས་སྐྱེ་ཕྱིར་རྒྱུའི་བདེ་བ་ལ་སོགས་པ་དེ་དག་གིས་ནུས་པ་རྣམ་པར་ཤེས་པ་སྐྱེད་པ་ལས་མ་གྲུབ་པ་ཡིན་ནོ། །དེ་ནུས་གྲུབ་མེད་ཕྱིར། དབང་པོའི་སེམས་ཀྱི་བདེ་བ་ལ་སོགས་པ་འཛིན་པ་མ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། ཇི་ལྟར་སྔོན་པོ་ལ་སོགས་
པ་རེ་རེ་མེད་ན་ཡང་སྔོན་པོ་ལ་སོགས་པའི་བློར་འགྱུར་བ་དེ་ཙམ་གྱིས་སྔོན་པོ་ལ་སོགས་པ་ལྷན་ཅིག་པ་རེ་རེ་རྣམ་པར་ཤེས་པ་སྐྱེད་པ་ལ་ནུས་པ་མེད་པ་མ་ཡིན་ནོ། །དེ་བཞིན་དུ་བདེ་བ་ལ་སོགས་པ་དང་ཡུལ་གཉི་ག་དག་ཀྱང་རྣམ་པར་ཤེས་པ་ལ་ནུས་པ་ཡོད་པར་འགྱུར་རོ། །དེ་ལྟར་ན་གཉི་ག་འཛིན་པ་ལ་
འགལ་བ་ཡོད་པ་མ་ཡིན་ནོ་ཞེ་ན། དེ་དེ་ལྟར་ན་སྔོན་པོ་ལ་སོགས་པ་བཞིན་དུ་ཡུལ་དང་བདེ་བ་གཉིས་ཀྱིས་སོ་སོ་སོ་སོར་ཡང་ནུས་པ་མ་ཡིན་ན་སྟེ་ཁས་ལེན་པར་བྱེད་ན་ཡུལ་འཛིན་པ་མེད་པར། སྔོ་སོགས་བཞིན། བདེ་བ་འབའ་ཞིག་འཛིན་པར་འགྱུར། སྔོན་པོ་ལ་སོགས་པ་རེ་རེ་ཡང་རྗེས་སུ་འགྲོ་བ་
Vol. 175 · folio 205b
དང་ལྡོག་པ་དག་གི་ནུས་པ་མཐོང་བ་ཅན་ཡིན་པ་དེ་ལྟར་ཚོགས་པ་དེ་དག་ཀྱང་རང་གི་ཤེས་པ་ལ་ནུས་པ་མ་བཅོམ་པ་མ་ཡིན་པ་དེ་ལྟར་བདེ་བ་ལ་སོགས་པ་རེ་རེ་ནུས་པ་མེད་པའམ། ནུས་པ་ཡོད་ན་བདེ་བ་ཡན་གར་བར་ཡང་མྱོང་བར་འགྱུར་རོ། །དེ་ལྟར་ན་ཡང་ཁས་བླངས་པ་མི་འཐད་པར་འགྱུར་རོ། །ཅིའི་
ཕྱིར་ཞེ་ན། དེ་རྒྱུའི་དོན་ནི་མི་འཛིན་པ་ལ་སོགས་པ་དེ་དག་གི་རྒྱུར་གྱུར་པའི་དོན་རྣམ་པར་ཤེས་པས་རྟོགས་པ་མེད་པར། བདེ་བ་ལ་སོགས་ཡན་གར་བ། །དེ་ཡིས་མྱོང་བ་མི་རིགས་སོ། །ཡུལ་དམིགས་པར་འགྱུར་བས་བདེ་བ་ལ་སོགས་པ་མྱོང་བར་འགྱུར་གྱི། མི་དམིགས་པས་ནི་མ་ཡིན་པ་དེ་ལྟར་ན་དོན་
འཛིན་པ་ལ་ལྟོས་པ་མེད་པར་དེ་མ་ཡིན་ནོ། །ཅི་སྟེ་ཡང་དོན་དང་ལྷན་ཅིག་བདེ་བ་ལ་སོགས་པ་འཛིན་པར་འདོད་པ་དེའི་ཚེ། དོན་དང་ལྷན་ཅིག་འཛིན་ན་ནི། །ཁས་ལེན་པར་བྱེད་ན། བདེ་སོགས་ཀྱི་ནི་ནུས་པ་ཅི། །དབང་པོའི་ཤེས་པ་དེ་འཛིན་པ་ཉིད་དུ་འདོད་པ་ལྟ་སྟེ་ཅི་ཡང་ཅུང་ཟད་ཀྱང་ཡོད་པ་མ་ཡིན་
ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར། གང་དེ་ལས་འབྱུང་ཅི་མི་འདོད། །བདེ་བ་ལ་སོགས་པ་དེ་ལས་བདེ་བ་ལ་སོགས་པའི་བློ་སྐྱེ་བར་མི་འདོད་པ་དེའི་ཕྱིར་བདེ་བ་ལ་སོགས་པ་ལས་མ་སྐྱེས་པས་དབང་པོའི་བློའི་ཡུལ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་དེ་ལྟར་ན་དོན་དང་ལྷན་ཅིག་བདེ་བ་ལ་སོགས་
པ་རྟོགས་པས་མི་རུང་ངོ་།། །།ཚད་མ་རྣམས་འགྲེལ་གྱི་འགྲེལ་པ། བམ་པོ་སུམ་ཅུ་པ། དེ་ལྟར་ནི་འགྱུར་མོད་ཀྱི། དོན་ལ་ལྟོས་པ་མེད་པ་ཁོ་ནར་བདེ་བ་ལ་སོགས་པ་རྟོགས་པ་ཡིན་ནོ་ཞེ་ན། དེ་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་དོན་མེད་པར་ནི་དོན་འཛིན་པས་དབེན་པར། བདེ་བ་
ལ་སོགས་ཡན་གར་རྣམས། །མིག་སོགས་རྣམས་ཀྱིས་ཏེ། མིག་གི་རྣམ་པར་ཤེས་པ་ལ་སོགས་པས་མྱོང་ན་ནི་ཁས་ལེན་པར་བྱེད་ན། གཟུགས་སོགས་ཐ་དད་བདེ་བ་སྒྲུབ་པར་བྱེད་པའམ། སྡུག་བསྔལ་གྲུབ་པར་བྱེད་པའི་བུད་མེད་སོགས་ཐ་དད་བུད་མེད་དང་སྐྱེས་པ་ལ་སོགས་པ་མཐུན་
པ་དང་མི་མཐུན་པ། འགའ་ཚེ་མིག་གིས་འཛིན་མི་འགྱུར། །འགའ་ཞིག་གི་ཚེ་ཡང་མིག་གི་རྣམ་པར་ཤེས་པས་འཛིན་པར་མི་འགྱུར་གྱི། བདེ་བ་འབའ་ཞིག་མྱོང་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་དོན་ནང་དེ་ནུས་པ། །ཡན་ལག་ཡིན་ན་ནི། ཕྱི་རོལ་མཐོང་ཅན་བློ་མི་རིགས། །ནང་གི་ཡན་ལག་ནི་
Vol. 175 · folio 206a
རང་གི་རྒྱུ་ལ་ཡོད་པའི་བདེ་བ་ལ་སོགས་པའི་དོན་གྱི་ནུས་པ་ཡོད་པའོ། །དེ་ཉེ་བ་ཡོད་ན་དབང་པོའི་བློ་ཡིས་རྟག་ཏུ་དེ་ཉིད་འཛིན་པར་བྱེད་པར་འགྱུར་གྱི། ཕྱི་རོལ་གྱི་དོན་ཕྱི་ཡན་ལག་ནི་མ་ཡིན་ནོ། །བདེ་བ་ལ་སོགས་པ་ཡན་གར་བ་འཛིན་པར་ཁས་ལེན་པར་བྱེད་པ་དེ་ལྟར་ན་
ཡང་ལས་བདེ་བ་ལ་སོགས་པ་འདི་དང་འདི་ལས་འདི་མ་ཡིན་ནོ་ཞེས་ཤེས་པ་མེད་ན། འབའ་ཞིག་ཀྱང་དེ་ཐོབ་པ་དང་སྤོང་བའི་ཕྱིར་འབད་རྩོལ་མི་བྱེད་དོ། །དེ་ལ་བདག་དང་ཡིད་ལྡན་པས་བདེ་བ་ལ་སོགས་པ་མྱོང་བའི་ཕྱིར། དབང་པོའི་རྣམ་པར་ཤེས་པས་དེ་མྱོང་བ་སྒྲོ་འདོགས་པ་འབྲེལ་པ་མ་
ཡིན་ཏེ། དབང་པོའི་དོན་རྟོགས་པའི་དུས་ན་ཡང་བདེ་བ་ལ་སོགས་པ་ལ་སྐྱེས་བུ་དམིགས་པའི་ཕྱིར་རོ། །ཅི་སྟེ་སྐྱོན་དེར་མ་གྱུར་ཅིག་སྙམ་པས། མིག་ལ་སོགས་པའི་བློས་དོན་ཁོ་ན་འཛིན་པ་ཡིན་གྱི། བདེ་བ་ལ་སོགས་པ་ནི་མ་ཡིན་ནོ། །དེ་ཡང་བདག་དང་ཡིད་དང་ལྡན་པ་ལས་བྱུང་བའི་
ངང་ཚུལ་ཅན་གྱི་ཤེས་པས་མ་ཡིན་ནོ་ཞེ་ན། དེ་ལྟར་དོན་འཛིན་ན་ནི། ཁས་ལེན་པར་བྱེད་དོ། །དེ་ལས་སྐྱེས། དབང་པོའི་ཡུལ་ཉིད་ལས་སྐྱེས་པའི་བདེ་བ་ལ་སོགས་པ་མྱོང་མི་འགྱུར་རོ། །དེ་ལྟར་ན་ཡུལ་ལ་དམིགས་པ་ཡང་བདག་དང་ཡིད་དང་དབང་པོ་ཕྲད་པ་ལས་བྱུང་བའི་ངང་ཚུལ་ཅན་གྱི་ཤེས་པ་མེད་
པར་མི་འགྱུར་རོ། །ཤེས་པ་དེ་ཡང་དོན་ལ་དམིགས་ཤིང་དོན་ཉིད་ལ་ཉེ་བར་སྦྱོར་བ་ཡིན་གྱི། ཡིད་ཉིད་པ་ནི་ཡོད་པ་མ་ཡིན་ན། གང་ལས་བདེ་བ་ལ་སོགས་པ་རྟོགས་པར་འགྱུར། དུས་འབྱུང་བའི་ངང་ཚུལ་ཅན་གྱི་ཤེས་པ་ཡོད་པའི་དུས་ན་ཡང་། བདེ་བ་ལ་སོགས་པ་ཡུལ་གྱི་སྟོབས་ལས་བྱུང་བའི་
ངང་ཚུལ་ཅན་ཡོད་པ་མ་ཡིན་པ་དེ་ལྟར་ན། དེ་དག་ཉམས་སུ་མྱོང་བར་མི་འགྱུར་རོ། །གང་གི་ཚེ་དབང་པོའི་བློ་དེའི་དུས་ཉིད་ན་ཡིད་ཀྱི་བློ་སྐྱེ་བར་འགྱུར་བའི་དེའི་ཚེ་དེ་དག་ལས་གཅིག་ནི་དོན་འཛིན་པ་ཡིན་ལ། གཞན་ནི་བདེ་བ་ལ་སོགས་པ་མྱོང་བ་ཡིན་ནོ་ཞེ་ན། དེ་ལྟར་ན་ཡང་དབང་པོ་
ལ་བརྟེན་པ་དང་། ཅིག་ཤོས་ཀྱི་བློ་ནི་ཅིག་ཅར་སྐྱེ་བ་ན། ཁས་ལེན་པར་བྱེད་ན། དེ་ལྟར་ནི་འགྱུར་མོད་ཀྱི། འོན་ཀྱང་། ཡུལ་དེ་དང་ནི་དེ་ཡོད་ཕྱིར། །ཡུལ་དེ་དང་དེ་ལས་སོ་སོར་ཉེ་བ་ཉིད་ཀྱི་ཕྱིར་ཏེ། ཅིག་ཅར་རྣམ་པར་ཤེས་པ་རྣམས་འབྱུང་བའི་ཕྱིར། ཅིག་ཅར་དོན་ནི་ཡོད་པ་ན། །ཅིག་
Vol. 175 · folio 206b
ཅར་བདེ་སྡུག་དག་ནི་རིག་པར་འགྱུར། ཅིག་ཅར་ཡུལ་འདོད་པ་དང་མི་འདོད་པ་ཉེ་བ་ན་ཡོད་པ་ན། བདག་ཉིད་ཇི་ལྟ་བ་བཞིན་གྱི་ཡུལ་དམིགས་པ་ལས་བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་བ་འགལ་བ་དག་ཅིག་ཅར་འགྱུར་ན་དེ་ཡང་མི་འདོད་དོ། །ཡུལ་ཅན་འབའ་ཞིག་ཉེ་བ་ཙམ་ལས་བདེ་བ་ལ་
སོགས་པ་འབྱུང་བ་ཉིད་མ་ཡིན་ན། གང་གིས་ན་བདེ་བ་དང་སྡུག་བསྔལ་བ་གྲུབ་པ་ཅིག་ཅར་འགྱུར། འོ་ན་ཅི་ཡིན་ཞེ་ན། གལ་ཏེ་ནང་ཡོད་ཉེར་ལེན་པའི། །ཉེ་བར་ལེན་པར་གྱུར་པ་ས་བོན་དུ་གྱུར་པའི། ཤེས་པའང་སྡུག་བསྔལ་ལ་སོགས་འབྱུང་། །བདེ་བ་དང་སྡུག་བསྔལ་ལ་སོགས་པ་ཕན་ཚུན་
འགལ་བ་ནི་དེ་གཅིག་ཀྱང་། ཤེས་པ་ཉེ་བར་ལེན་པ་མ་ཡིན་པའི་ཕྱིར་ཅིག་ཅར་བདེ་བ་དང་སྡུག་བསྔལ་རིགས་པ་མ་ཡིན་ནོ་ཞེས་འདོད་དོ་ཞེ་ན། དེ་དང་དེ་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་རྣམ་ཤེས་དེ་ནི་མི་ཤེས་པའི་བདེ་བ་ལ་སོགས་པ་མ་དམིགས་པའི་བདག་ཉིད་ཅན་དུ་འདོད་པའོ། །རྣམ་པ་
གང་གིས་ན་ཉེར་ལེན་རྒྱུར་འགྱུར་ཏེ། འགའ་ཞིག་གིས་ཀྱང་མ་ཡིན་ནོ། །དེ་ལྟར་ན་གང་ཞིག་གང་རིགས་མཐུན་པ་དེ་ནི་དེའི་ཉེ་བར་ལེན་པ་ཡིན་ན། བདེ་བ་ལ་སོགས་པ་མི་ཤེས་པའི་ངོ་བོ་ཡང་། ཤེས་པ་ནི་དེའི་རིགས་ཅན་མ་ཡིན་པས་ཉེ་བར་ལེན་པར་མི་རུང་ངོ་། །བདག་པོ་ཉིད་ཀྱང་བྱེད་ཡིན་
ན། །གལ་ཏེ་རྒྱུ་མཚན་གྱི་རྒྱུ་ཉིད་ཡིན་ནོ་ཞེས་བསྟན་པར་འགྱུར་ཏེ། དེའི་རིགས་ཅན་མ་ཡིན་པ་ཡང་བདག་པོ་ཉིད་དེ་ནི་འགལ་བ་ལ་ཡང་འབྲས་བུ་བྱེད་པ་ན་སྣང་ངོ་། །ཇི་ལྟར་ཞེ་ན། དཔེར་ན་སྣང་གཅིག་མཚན་རྒྱུ་དང་། །དེ་ལས་གཞན་པའི་དབང་པོ་དག །མཚན་མོ་རྒྱུ་བ་དང་སྐྱེས་བུའི་
མིག་དག །གཟུགས་མཐོང་བ་དང་མི་མཐུན་དང་། མཐུན་པ་ཅིག་ཅར་བྱེད་པ་བཞིན། སྐྱེས་བུའི་མིག་གཟུགས་མཐོང་བ་དང་རྗེས་སུ་མཐུན་པར་བྱེད་ཅིང་། མཚན་མོར་རྒྱུ་བའི་མིག་གཟུགས་མཐོང་བ་དང་མི་མཐུན་པ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་འདི་ལྟར་ལྷན་ཅིག་འབྱུང་བའི་
ངང་ཚུལ་ཅན་ནམ། ཕྱིས་འབྱུང་བའི་ངང་ཚུལ་ཅན་གྱི་ཤེས་པ་བདེ་བ་ལ་སོགས་པ་ཡང་དག་པར་མི་འགྲུབ་པ། དེའི་ཕྱིར་ན་བདེ་སོགས་དོན་ཡང་དག་པར་མྱོང་བར་བྱེད་དོ། །ཅི་འདྲ་བ་ཞིག་ཅེ་ན། རང་ལ་འཕོ་བའི་སྣང་ཅན་ཏེ། རང་གི་སྒྲས་བདེ་བ་ལ་སོགས་པའི་བདག་ཉིད་བསྟན་
Vol. 175 · folio 207a
ཏོ། །དེ་ལ་འཕོ་བ་ནི་གཟུགས་བརྙན་ཉིད་དུ་སྣང་བ་ཅན་ཡིན་པ་དེ་ལྟར་ན། གང་ལ་དེ་ལྟ་བུའི་ངང་ཚུལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེས་ནི་དོན་དང་འདྲ་བའི་བདག་ཉིད་དུ་འགྱུར་བའི་ཕྱིར། བདེ་བ་ལ་སོགས་པས་ཡང་དག་པར་མྱོང་བ་ཡིན་ནོ། །དེ་མྱོང་ཕྱིར་ན་དོན་ཡང་དག་པར་
མྱོང་བ་ཡིན་ནོ་ཞེས་འཇིག་རྟེན་ན་ཐ་སྙད་འདོགས་པ་ཙམ་ཡིན་གྱི། ཕྱི་རོལ་གྱི་དོན་ནི་མྱོང་བར་བྱེད་པ། དངོས་སུ་མིན་ཞེས་སྟོན་པར་བྱེད་དོ། །དེ་དེ་ལྟར་ན། ནང་གི་བདག་ཉིད་རིག་བྱེད་ཡིན། །དོན་ནི་བཤད་མ་ཐག་པའི་ཚུལ་གྱིས་དོན་དམ་པར་མ་ཡིན་ནོ། །དོན་དམ་པར་བདེ་བ་ལ་སོགས་པ་དེ་དག་དོན་
ལས་སྐྱེ་བ་ཙམ་ཡིན་གྱི། ཕྱི་རོལ་དེ་དག་དེ་རྣམས་ཀྱིས་ཡང་དག་པར་རིག་པ་མ་ཡིན་ནོ། །དེ་ལྟར་ན་གལ་ཏེ་ཉམས་སུ་མྱོང་བའི་བདག་ཉིད་དུ་གྱུར་པ་དེ་དོན་ཡིན་པ་དེའི་ཚེ། དེའི་བདག་ཉིད་ཀྱིས་སྐྱེས་པའི་ཕྱིར་དེ་རིག་པར་འགྱུར་ན། དེ་ནི་ཕྱི་རོལ་ཏུ་གྱུར་པའི་དོན་དག་ལ་ཡོད་པ་མ་ཡིན་ནོ། །དེ་
མྱོང་བ་ལ་ཡང་མྱོང་བའི་མཚན་ཉིད་ནི་འཐད་པ་མ་ཡིན་ཏེ། ཉམས་སུ་མྱོང་བ་ནི་རང་རིག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །བདག་ཉིད་རིག་པར་ཡང་མི་འགྱུར་ཏེ། རང་དང་གཞན་གྱི་བདག་ཉིད་རིག་པ་འགལ་བའི་ཕྱིར་རོ། །རང་རིག་པ་ལ་ཡང་གདོན་མི་ཟ་བར་ཁས་ལེན་པར་བྱ་སྟེ། དེ་ཁས་མི་
ལེན་ན་གཞན་ཉམས་སུ་མྱོང་བ་ཉིད་ནི་མ་གྲུབ་པའི་ཕྱིར་རོ། །དེ་བས་ན་ཉེ་བར་བཏགས་ནས་དོན་ཉམས་སུ་མྱོང་བ་ཡིན་ནོ་ཞེས་བྱ་བ་འདི་ཉིད་རིགས་པར་འགྱུར་རོ། །གང་ཞིག་དོན་གྱི་བདག་ཉིད་ཡུལ་གྱི་རྣམ་པར་ཤེས་པའི་བདག་ཉིད་དུ་གནས་པ་རང་བདག་གྱུར། བདེ་བ་ལ་སོགས་པ་དེ་རྣམས་ལ་དེ་དག་
གིས་མྱོང་འགྱུར། ཉམས་སུ་མྱོང་བ་ནི་དེའི་བདག་ཉིད་ཀྱི་ངོ་བོ་ཅན་ཡིན་པའི་ཕྱིར་རོ། །བདེ་བ་ལ་སོགས་པ་ལ་རྒྱུ། །དེ་ནས་དོན་མྱོང་བར་བཤད་དེ། དོན་དམ་པར་དོན་ཡང་ཉམས་སུ་མྱོང་བ་མ་ཡིན་པའི་ཕྱིར་རོ། །འོན་ཀྱང་དམིགས་པ་དག་ནི་ཕྱི་རོལ་ཏུ་གྱུར་པའི་དོན་ལ་དམིགས་པའི་དོན་ཡོད་པ་
ཡིན་ནོ། །དམིགས་པའི་དོན་དེ་ཡང་དེར་སྣང་བ་ཡིན་པར་བརྗོད་དོ། །ཡུལ་གྱི་རྣམ་པ་ཅན་དུ་སྣང་བའི་རྣམ་པར་ཤེས་པ་སྐྱེ་བ་དེ་ལྟར་ན། དེས་དེ་ལ་དམིགས་པ་ཡིན་ནོ་ཞེས་ཐ་སྙད་དུ་བྱེད་དོ། །འབའ་ཞིག་བདེ་སོགས་ཕྱི་རོལ་ན། །གནས་ཉིད་དང་ནི་སེམས་མེད་དང་། །གཟུང་བར་སྨྲ་སྟེ་བདེ་
Vol. 175 · folio 207b
བ་ལ་སོགས་པ་ནང་མ་ཡིན་ཞིང་སེམས་ཀྱང་མ་ཡིན་ཏེ། གཞལ་བྱའི་རང་བཞིན་ཡིན་ནོ་ཞེས་གྲངས་ཅན་སྨྲའོ། །གྲངས་ཅན་དེའི་ཡང་། ཅིག་ཅར་གཉིས་འཛིན་མི་རིགས་སོ། །སྒྲ་ལ་སོགས་པ་དང་། བདེ་བ་ཅིག་ཅར་འཛིན་པར་མི་རིགས་སོ། །སྔོན་པོ་འཛིན་པ་མྱོང་བ་གང་ཡིན་པ་དེ་སྔོན་པོའི་ངོ་བོ་
ཡིན་གྱི། བདེ་བའི་ངོ་བོ་མ་ཡིན་ཏེ། གང་ཞིག་མྱོང་བའི་ངོ་བོའི་མི་འགྱུར་བ་གང་ཡིན་པ་དེ་ནི་དེའི་མྱོང་བ་མ་ཡིན་ནོ། །བདེ་བ་ལ་སོགས་པ་ཉིད་ཀྱི་སྔོན་པོ་ལ་སོགས་པ་བཀོད་པའི་བྱེ་བྲག་ཡིན་པ་དེའི་ཕྱིར་སྔོན་པོ་ལ་སོགས་པ་ལ་བདེ་བ་ལ་སོགས་པ་ཐ་དད་པ་མ་ཡིན་ཏེ། གལ་ཏེ་སྔོ་སོགས་
ལས་བདེ་སོགས་ཐ་དད་མེད་ཕྱིར་རྒྱུའི་ཕྱིར། སྔོན་པོ་ལ་སོགས་པ་འཛིན་པ་ན་བདེ་བ་ལ་སོགས་པ་ཡང་འཛིན་པ་དེའི་ཕྱིར་ཅིག་ཅར་འཛིན་པར་འགྱུར་རོ། །སྦྱོར་བ་ཡང་གང་ཞིག་གང་ལས་ཐ་དད་པ་མེད་པའི་ཕྱིར་ངོ་བོ་ཡིན་པ་དེ་ནི་དེ་འཛིན་པ་ན། འཛིན་པ་ཉིད་དུ་འགྱུར་ཏེ། དཔེར་ན་སྔོན་པོ་
དེ་ཉིད་ཀྱི་རང་གི་ངོ་བོ་ལྟ་བུའོ། །བདེ་བ་ལ་སོགས་པ་ཡང་སྔོན་པོ་ལ་སོགས་པ་ལས་ཐ་དད་པ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ཐ་དད་པ་སྣང་ཅན་ཞེས་བྱ་བ་ལ་སོགས་པས་མ་གྲུབ་པར་སྟོན་ཏོ། །སྔོན་པོར་སྣང་བ་ཅན་གྱི་སེམས་ཀྱང་གཞན་ཡིན་ལ། རབ་ཏུ་དགའ་བའི་
རྣམ་པ་ཅན་ཡང་གཞན་ཡིན་པ་དེ་ལྟར་ན། ཐ་དད་སྣང་ཅན་སེམས་ཀྱི་ནི། །གཟུང་བ་གང་ཡིན་པ་དེ་ལས་ཐ་དད་མེད་ཅི་ཡིན། སྔོན་པོ་དང་བདེ་བ་ལ་སོགས་པ་གཟུང་བ་ཡིན་ན་ཡང་། ཐ་དད་པ་ཁོ་ན་ཡིན་པ་དེ་ལྟར་ན་གཏན་ཚིགས་མ་གྲུབ་པ་ཡིན་ནོ། །སྦྱོར་བ་ཡང་གང་ཞིག་གང་ལས་ཐ་
དད་པར་སྣང་བ་ཅན་གྱི་བློས་གཟུང་བ་ནི་དེ་ལས་ཐ་དད་པ་མེད་པ་མ་ཡིན་ཏེ། དཔེར་ན་བདེ་བ་དང་སྡུག་བསྔལ་ལྟ་བུའོ། །སྔོན་པོ་དང་བདེ་བ་ཡང་ཐ་དད་པར་སྣང་བ་ཅན་གྱི་བློའི་གཟུང་བ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །བདེ་བ་ལ་སོགས་པ་ཡང་ཡུལ་དང་རབ་
ཏུ་དགའ་བའི་རྣམ་པས་ངོ་བོ་གཉིས་པ་ཅན་ཡིན་ན་ཡང་། གཅིག་ཉིད་ཡིན་པའི་ཕྱིར་མ་ངེས་པ་ཡིན་པར་བསམ་པར་མི་བྱའོ། །དེ་ལྟར་ན་ཁོ་བོ་ཅག་གིས་རྣམ་པ་དེ་དག་ནི་དོན་དམ་པ་ཡིན་ནོ་ཞེས་ཁས་བླངས་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། རྣམ་པར་བསླད་པ་ཡིན་ནོ། །གཞན་དག་ཡང་དག་
Vol. 175 · folio 208a
པའི་རྣམ་པར་ཞེན་པ་དེ་ལྟར་ན་དེའི་སྐྱོན་ཡིན་ནོ། །དེ་ལྟར་ན་བདེ་བ་ལ་སོགས་པ་ཕྱི་རོལ་ཏུ་མི་འགྱུར་རོ། །གལ་ཏེ་ཕྱི་རོལ་དུ་འགྱུར་བ་དེའི་ཚེ་བདེ་བ་ལ་སོགས་པ་ཕྱི་རོལ་བྱེ་བྲག་མེད་མོད་ཀྱི་དེའི་ཡུལ་ཅན་འདོད་པ་དང་མི་འདོད་པའི་བྱེ་བྲག་དང་བཏང་སྙོམས་སུ་གནས་པའི་རང་བཞིན་གྱི་
མཚན་ཉིད་ཅན་གྱི། གོམས་པ་ཤིན་ཏུ་ཕུལ་འབྱུང་ལས། །བློ་ལ་དགའ་དང་ཡོངས་སུ་གདུང་། །ཤིན་ཏུ་ཕུལ་འབྱུང་མི་རུང་ངོ་། །འདི་ལྟར་ཕྱི་རོལ་གྱི་བདེ་བ་ལ་སོགས་པ་བྱེ་བྲག་མེད་པ་ཡིན་ན་ཡང་། ཐ་དད་པའི་རང་བཞིན་དང་ལྡན་པའི་ལྟ་བ་པོ་མང་པོ་དག་ལ་གོམས་པའི་ཁྱད་པར་ལས་བདེ་བ་
ལ་སོགས་པའི་ཁྱད་པར་ཡོད་པ་དེ་ལྟར་ན་བདེ་བ་ལ་སོགས་པའི་དོན་གྱི་ངོ་བོ་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་བྱེ་བྲག་མེད་པ་ཡིན་ན་ཡང་། གོམས་པའི་ཁྱད་པར་ལས་གང་གི་ཁྱད་པར་འགྱུར་བ་དེ་ནི་ཕྱིའམ་དེར་སྣང་བ་ཅན་མ་ཡིན་ཏེ། དཔེར་ན་ཕྱི་རོལ་གྱི་ཡིན་པར་བྱེ་བྲག་མེད་པ་ཡིན་ན་ཡང་ཤེས་
རབ་ལ་སོགས་པ་ཁྱད་པར་ཅན་ཡིན་པ་ལྟ་བུའོ། །ནང་གི་དགའ་བ་དང་གདུང་བ་དག་ཀྱང་བདེ་བ་ལ་སོགས་པ་ཕྱི་རོལ་གྱི་ཡིན་པར་བྱེ་བྲག་མེད་ན་ཡང་། གོམས་པའི་ཁྱད་པར་ལས་ཁྱད་པར་དུ་འགྱུར་བ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་
ཏེ་བློ་ཡང་བདེ་ལ་སོགས། །བདག་ཉིད་དུ་ནི་འགལ་མེད་ན། །ཕྱི་རོལ་གྱི་བདེ་བ་ལ་སོགས་པ་ཕུལ་དུ་བྱུང་བ་མེད་ན་ཡང་ཕུལ་དུ་བྱུང་བ་དང་ལྡན་པའི་བདེ་བ་ལ་སོགས་པ་དམིགས་པ་གང་ཡིན་པ་དེ་ནི་བློ་ཡང་སྒྲ་ལ་སོགས་པ་བཞིན་དུ་བདེ་བ་ལ་སོགས་པའི་བདག་ཉིད་ཅན་ཁོ་ན་ཡིན་ནོ། །རྒྱུ་དེས་ན་ཕྱི་རོལ་
གྱི་བདེ་བ་ལ་སོགས་པ་ཕུལ་དུ་བྱུང་བ་མེད་པ་ཅན་ཡིན་ན་ཡང་དགའ་བ་དང་གདུང་བ་དག་ཕུལ་དུ་བྱུང་བར་འགྱུར་བ་འགལ་བ་མེད་དོ་ཞེ་ན། གལ་ཏེ་དེ་ལྟར། ཕྱི་རོལ་དེ་དང་བདེ་བ་ལ་སོགས། བདག་ཉིད་ཅེས་ནི་ཇི་ལྟར་རྟོགས། །གང་གི་བློ་ཉིད་ཀྱི་བདེ་བ་ལ་སོགས་པའི་བདག་ཉིད་ཀྱིས་དགའ་བ་དང་ཡོངས་
སུ་གདུང་བ་དག་གི་ཕུལ་དུ་བྱུང་བ་གྲུབ་པ་དེའི་ཚེ་སྒྲ་ལ་སོགས་པ་འཛིན་པ་གཞན་ལ་ཡང་། བློ་ལས་བྱུང་བ་ཉིད་བདེ་བར་འགྱུར་རོ། །དེའི་ཚེ་ནང་དུ་སྣང་བ་ཉམས་སུ་མྱོང་བའི་ངོ་བོ་ཅན་གཅིག་སྲོག་ཆགས་ཐམས་ཅད་ལ་ཡོད་པ་ཡིན་ཏེ། དེ་ལས་བཟློག་པ་ཕྱི་རོལ་གྱི་བདེ་བ་ལ་སོགས་པ་གཞན་ནི་
Vol. 175 · folio 208b
ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་རིགས་ཐ་དད་པ་ཡང་། །གཟུང་འཛིན་ཉིད་ནི་ཕྱིར་མིན་ན། །གལ་ཏེ་སྒྲ་ལ་སོགས་པ་བདེ་བ་ལ་སོགས་པའི་བདག་ཉིད་ཡིན་པར་མི་འགྱུར་བ་དེའི་ཚེ་བདེ་བ་ལ་སོགས་པའི་བདག་ཉིད་ཅན་གྱི་འཛིན་པ་ལས། དེ་དག་ནི་རིགས་མི་
མཐུན་པ་ཡིན་པ་དེ་ལྟར་ན་གཟུང་བར་མི་འགྱུར་རོ། །རིགས་མི་མཐུན་པ་ནི་གཟུང་བ་དང་འཛིན་པར་མི་འགྱུར་བའི་ཕྱིར་སྒྲ་ལ་སོགས་པ་གཟུང་བར་གྱུར་པ་བདེ་བ་ལ་སོགས་པའི་བདག་ཉིད་ཅན་དུ་འགྱུར་རོ་ཞེ་ན། གལ་ཏེ་རིགས་མི་མཐུན་པ་གཟུང་བའམ་འཛིན་པ་མ་ཡིན་པ་དེའི་ཚེ། སྐྱེས་བུ་
ཀུན་ལ་འཛིན་མེད་འགྱུར། །དེ་ལྟར་ན་སྐྱེས་བུ་བདེ་བ་ལ་སོགས་པའི་ངོ་བོ་མ་ཡིན་ཏེ། འདི་ལ་ཡོན་ཏན་ཉིད་མེད་པའི་ཕྱིར་རོ། །གང་གི་ཕྱིར་འཛིན་པ་མ་ཡིན་པ་དེའི་ཕྱིར། སྐྱེས་བུ་འདི་ཡི་ཟ་བ་པོ་ཉམས་འགྱུར། །བདེ་བ་ལ་སོགས་པ་འཛིན་པ་ཙམ་ལས། འདིའི་ཟ་བ་པོ་གཞན་འགའ་
ཞིག་ཀྱང་ཡོད་པ་མ་ཡིན་ནོ། །གལ་ཏེ་རིགས་མི་མཐུན་པ་ཉིད་ཀྱི་ཕྱིར་ཡོད་པ་མ་ཡིན་ན་ཟ་བ་པོ་ཉིད་དུ་འགྱུར་རོ། །འདིས་ནི་རྒྱུ་དང་འབྲས་བུ་བསལ། །གང་ཡང་རིགས་མི་མཐུན་པའི་ཡུལ་དང་བློ་དག་ལ་རྒྱུ་དང་འབྲས་བུའི་དངོས་པོ་ཡོད་པ་མ་ཡིན་ན་འདི་ཡང་ཡོད་པའི་ཕྱིར་ཡུལ་ཡང་བདེ་བ་ལ་
སོགས་པའི་བདག་ཉིད་ཅན་དུ་འགྱུར་རོ་ཞེས་སྨྲ་བ་དེ་ཡང་བསལ་བ་ཡིན་ཏེ། འདི་ལྟར་བློ་ལ་ཡུལ་རང་གི་རྣམ་པར་འཇོག་པའི་རྒྱུར་འགྱུར་ཞིང་། དེ་ནི་སྐྱེས་བུ་ལ་ཡང་ཡོད་པ་ཡིན་པ་དེ་ལྟར་ན་མ་ངེས་པ་ཡིན་ནོ། །དེ་ལྟར་མ་ཡིན་ན་དེ་ལ་རྣམ་པར་མི་འཇོག་ན་ནི། ཟ་བ་པོ་མི་འགྱུར་རོ་
ཞེས་སྔ་མ་བཞིན་དུ་ཐལ་བར་འགྱུར་རོ། །ཡང་ན་རྒྱུ་དང་འབྲས་བུ་མ་ཡིན་ཏེ། བློ་དང་བདེ་བའོ། །ཅིའི་ཕྱིར་ཞེ་ན། གཟུང་དང་འཛིན་པ་མེད་ཕྱིར་རོ། །གཟུང་བ་དང་འཛིན་པ་ཡོད་པས་རྒྱུ་དང་འབྲས་བུར་འགྱུར་ན། དེ་ཡང་བློ་དང་བདེ་བ་ལ་སོགས་པ་ཡོད་པ་མ་ཡིན་ནོ། །གང་
ལས་ཤེ་ན། དེ་དག་ནི་དེ་དག་ཡོད་ན་དེ་ནི་གཞན་ལའང་འགྱུར། ཅི་སྟེ་བློ་དང་བདེ་བ་ལ་གཟུང་བ་དང་འཛིན་པ་ཡོད་པ་དེས་ཀྱང་རྒྱུ་དང་འབྲས་བུ་ཉིད་ཡིན་པ་དེའི་ཚེ། སྐྱེས་བུ་ལ་ཡང་གཟུང་བ་དང་འཛིན་པ་ཉིད་ཡོད་པ་དེ་ལྟར་ན་རྒྱུ་དང་འབྲས་བུར་འགྱུར་རོ། །དེ་ལྟར་ན་རིགས་
Vol. 175 · folio 209a
མི་མཐུན་པ་དག་ཀྱང་རྒྱུ་དང་འབྲས་བུའི་དངོས་པོ་ཞེས་བྱ་བར་འགྱུར་རོ། །གང་གི་ཕྱིར་འདི་ལྟར་ཕྱི་རོལ་ལ་ཐ་དད་པ་མེད་པ་ཡང་གོམས་པ་དང་རྗེས་སུ་འབྲེལ་པས་བདེ་བ་ལ་སོགས་པ་ཕུལ་དུ་བྱུང་བ་དང་ལྡན་པ་དེའི་ཕྱིར་བདེ་བ་ལ་སོགས་པ་དེ་དག་ནང་ཉིད་ཡིན་ནོ་ཞེས་ཁོང་དུ་
ཆུད་པར་བྱའོ། །འདིས་ཀྱང་། མྱོང་ཉིད་ཕྱིར་ན་སེམས་ཡིན་ནོ། །བདེ་བ་ལ་སོགས་པ་ནི་སེམས་ཉིད་ཡིན་ཏེ་མྱོང་བ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་ཅིའི་ཕྱིར་མྱོང་བ་ཡིན་པས་སེམས་ཉིད་ཡིན་པར་འགྱུར་ཞེ་ན། འདི་ལྟར། གང་གི་ངོ་བོ་མྱོང་མ་ཡིན། །དེ་ནི་དེ་ཡིས་མྱོང་མ་ཡིན། །རིགས་
པ་ཡོད་པ་ཙམ་གྱིས་མྱོང་བ་ནི་མ་ཡིན་ཏེ། འདིས་ཐམས་ཅད་དུ་བྱེ་བྲག་མེད་པར་དོན་ཐམས་ཅད་མངོན་སུམ་དུ་ཐལ་བའི་ཕྱིར་རོ། །དེ་བས་ན་གང་ཞིག་གང་གིས་ངོ་བོ་མྱོང་བར་མི་འགྱུར་བ་དེ་ནི་དེའི་མྱོང་བ་མ་ཡིན་ནོ། །སྦྱོར་བ་ནི་གང་གི་ངོ་བོ་མྱོང་བར་མི་འགྱུར་བ་དེ་ནི་དེ་མྱོང་བ་མ་ཡིན་ཏེ། དཔེར་ན་སེར་
པོའི་ངོ་བོ་མ་ཡིན་པ་ཅན། དཀར་པོ་མྱོང་བ་ནི་སེར་པོ་མྱོང་བ་མ་ཡིན་པ་ལྟ་བུའོ། །ཉམས་སུ་མྱོང་བ་ཡང་བདེ་བའི་ངོ་བོ་མྱོང་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་དེ་རང་བཞིན་མིན་པ། །ཉམས་མྱོང་བློ་གནས་དེ་རིག་ན། བདེ་བ་ལ་
སོགས་པའི་ངོ་བོ་མྱོང་བ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། བློའི་བདེ་བ་ལ་སོགས་པའི་རྣམ་པ་ཕུལ་དུ་བྱུང་བ་དང་ལྡན་པ་ཉིད་ཡིན་པ་དེ་བས་ན། བདེ་བ་ལ་སོགས་པའི་རྣམ་པ་བློ་ལ་གནས་པ་དེ་མྱོང་བས་རིག་པ་ཡིན་ནོ་ཞེ་ན། དེ་རྨི་ལམ་གྱི་བྱེད་པ་བརྗོད་པ་ཙམ་ཡིན་ཏེ་དེའི་ངོ་བོ་ཅན་མ་ཡིན་པ་ནི་མྱོང་བ་ཉིད་མ་
ཡིན་ཏེ། རྣམ་པ་གཞན་དུ་དེ་མྱོང་བ་མི་རུང་བའི་ཕྱིར་རོ། །གཞན་ཡང་། མངོན་སུམ་དྲན་པའི་རྣམ་པ་ཅན། །མྱོང་བ་མ་གཏོགས་འདིས་བློ་གང་། །མངོན་སུམ་གྱི་རྣམ་པ་ཅན་ཏེ། དགའ་བ་དང་མི་དགའ་བ་ལ་སོགས་པའི་རྣམ་པ་གཞན་གྱིས་མྱོང་བ་མྱོང་པར་འགྱུར་རོ། །དྲན་པའི་རྣམ་པ་ཅན་ཏེ། ཇི་ལྟར་བདེ་
བདེ་བ་ལ་སོགས་པ་མྱོང་བ་དྲན་པའི་ངོ་བོ་དང་། ཡིད་བདེ་བ་ལ་སོགས་པའི་མཚན་ཉིད་མྱོང་བའོ། །དེ་བས་ན་མྱོང་བ་དེ་དག་མ་གཏོགས་པར་གཞན་བློ་ཕུལ་དུ་བྱུང་བ་ཅན་འགའ་ཞིག་ཀྱང་ཉེ་བར་མཚོན་པ་མ་ཡིན་ནོ། །དེའི་ཕྱིར་འདོད་པ་དང་མི་འདོད་པའི་དོན་དེ་དང་དེ་ནི་དེ་རྒྱུར་བྱས།
Vol. 175 · folio 209b
བརྟེན་ནས་བདེ་དང་སྡུག་བསྔལ་སོགས་མྱོང་བ། །བདག་ཉིད་འབྱུང་བ་མཐོང་འགྱུར་གྱི། །གཞན་བར་དུ་སྟེ་ཡུལ་ལ་སོགས་པ་དང་མྱོང་བའི་བར་དུ་གཞན་ནི་མ་མཐོང་སྟེ། གང་ཞིག་ཉེ་བ་ལས་ཉམས་སུ་མྱོང་བ་ཕུལ་དུ་བྱུང་བ་མེད་པ་ཅན་ཡང་ཕུལ་དུ་བྱུང་བ་དང་ལྡན་པར་མཚོན་པར་བྱ་བ་
ཡིན་པ་འདོད་པའི་བློའི་ངོ་བོ་ཕུལ་དུ་བྱུང་བ་དང་ལྡན་པ་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་ལས་ཐ་དད་པར་ཕུལ་དུ་བྱུང་བ་དང་ལྡན་པར་མཚོན་པར་བྱ་བ་མ་ཡིན་པ་དེ་ནི། དེ་ལས་ཐ་དད་པར་ཁས་བླང་བར་བྱ་བ་མ་ཡིན་ཏེ། དཔེར་ན་ཤེས་པ་ཡོད་པ་གཉིས་པ་ལྟ་བུའོ། །སེམས་ལ་ཡང་ཤེས་པ་
ཡོད་པ་ལས་ཐ་དད་པར་ཕུལ་དུ་བྱུང་བ་དང་ལྡན་པ་ཉེ་བར་མཚོན་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་མི་དམིགས་པའོ། དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་འདྲེས་ཕྱིར་དབྱེར་མེད་དོ། །ལྕགས་གོང་དང་ནི་མེ་བཞིན་ན། །ཇི་ལྟར་ལྕགས་ཀྱི་གོང་བུ་ཤིན་ཏུ་འབར་བའི་གཟུགས་མེ་ལས་ཐ་
དད་པར་ཉེ་བར་མཚོན་པར་བྱ་བ་མེད་པར་ལྕགས་ཀྱི་གོང་བུ་ལ་མེའི་ངོ་བོ་འབའ་ཞིག་ཏུ་འཛིན་པར་བྱེད་པ་དེ་ལྟར་བློ་དང་མྱོང་བ་ཐ་དད་པ་ཡང་འདྲེས་པ་ལས་ཐ་དད་པར་མི་ཤེས་པ་དེ་ལྟར་ན་མ་ངེས་པ་ཡིན་པར་སྨྲའོ། །གལ་ཏེ་དེ་ལྟ་བུ་ཡིན་པ་དེའི་ཚེ། དངོས་པོ་ཀུན་ལས་ཐ་དད་དང་། །
ཐ་དད་མེད་གཞག་ལྡོག་པ་ཉིད། །དངོས་པོ་རྣམས་ལས་འདི་ནི་གཅིག་ཡིན་ལ་འདི་ནི་དུ་མ་ཡིན་ནོ་ཞེས་རྣམ་པར་གཞག་པ་དེར་མི་འགྱུར་རོ། །དེ་ལྟར་ན་ཇི་ལྟར་ན་གཅིག་ལ་དམིགས་ན་ཡང་གཞན་རྟོགས་པར་བྱེད་པ་དེའི་ཚེ། གང་དང་གང་ལས་གཅིག་ཏུ་ཞེན་པ་དེ་ལ་འདི་འདྲེས་པར་ཐེ་ཚོམ་ཟ་བར་འགྱུར་
ཏེ། དཔེར་ན་ལྕགས་གོང་དམར་པོ་ལྟ་བུའོ། །དེ་ལྟར་ན་ལ་ལར་གཅིག་ཉིད་དུ་ངེས་པར་མི་འགྱུར་རོ། །དེ་བས་ན་དུ་མ་ཉིད་དུ་ཡང་མི་འགྱུར་ཏེ། འདི་ནི་དེ་སྔོན་དུ་སོང་བ་ཅན་ཉིད་ཡིན་པའི་ཕྱིར་རོ། །ཐ་དད་པ་དང་ཐ་དད་པ་མེད་པའི་རྣམ་པར་གཞག་པ་ཅིའི་ཕྱིར་ཡང་མི་འགྱུར་ཞེ་ན།
འདི་ལྟར་ཐ་དད་པ་མེད་པར་མྱོང་བའི་དོན་གང་ཡིན་པ་དེ་གང་གི་ཚེ་གཅིག་ཉིད་ཡིན་པར་འདོད་པ་དེའི་ཚེ། ཐ་དད་མེད་ཅན་མྱོང་གཅིག་ན། །དེ་ལྟར་མིན་གང་ཐ་དད་པ་ཅན་མེད་པ་མྱོང་བར་མི་འགྱུར་བ་གང་ཡིན་པ་སྟེ། རྣམ་པ་དུ་མ་ལ་དམིགས་པ་ཅན་དེ་ཐ་དད་བཞིན་དུ་འགྲུབ་འགྱུར།
Vol. 175 · folio 210a
འདི་ལ་ཐ་དད་པ་ཡོད་པ་དེ་ལྟར་ན་ཐ་དད་པ་བཞིན་ཞེས་བྱ་བར་ཚིག་རྣམ་པར་སྦྱོར་རོ། །རྣམ་པ་གཅིག་ལ་དམིགས་པ་ཅན་གང་ཡིན་པ་དེ་གཅིག་ཉིད་དུ་འདོད་ན། གང་ལ་དུ་མ་ཉིད་དུ་དམིགས་པ་དེ་ལ་དུ་མ་ཉིད་དུ་གྲུབ་པར་འགྱུར་ཏེ། དུ་མ་ཉིད་ནི་གཅིག་སྔོན་དུ་སོང་བ་ཉིད་
ཡིན་པའི་ཕྱིར་རོ། །འདི་སྒྲུབ་མིན། རྣམ་པ་གཅིག་ལ་དམིགས་པ་ཅན་ནི་གཅིག་ཉིད་ལ། ཐ་དད་སྒྲུབ་བྱེད་གྲུབ་པ་མིན། །གྲངས་ཅན་གྱིས་ཞེས་བྱ་བ་ནི་ངག་གི་དོན་ཏོ། །དེ་ཉིད་ལ་ཐ་དད་པ་དང་ཐ་དད་པ་མེད་པ་རྣམ་པར་གཞག་པའི་རྒྱུ་མེད་པ་ནི། གལ་ཏེ་ཞེས་བྱ་བ་ལ་སོགས་པས་མཚན་ཉིད་འཁྲུལ་
པ་སྟོན་པར་བྱེད་པས་རབ་ཏུ་སྒྲུབ་པར་བྱེད་དོ། །གལ་ཏེ་དཀར་པོ་བདེ་ལ་སོགས། །ཐ་དད་སྣང་ཅན་རྣམ་པ་ཐ་དད་པར་རོ། །དེ་ཡང་ཐ་དད་མེད་པ་དང་བདེ་བ་དང་སྔོན་པོའི་རྣམ་པ་ཐ་དད་པར་དམིགས་པ་དག་དུ་མ་ཉིད་མ་ཡིན་པར་འདོད་དོ། །བློ་མྱོང་ཐ་དད་མེད་སྣང་ཅན་ཐ་དད། །མྱོང་བ་རྣམ་པ་
གཅིག་ཉིད་ཡིན་པར་སོ་སོར་རང་གིས་རིག་པ་ཉམས་སུ་མྱོང་པར་འགྱུར་བ་ཡིན་ནོ། །དེ་ལ་ཇི་ལྟར་ཉམས་སུ་མྱོང་བ་དང་བློ་ཐ་དད་པ་ཡིན་ནོ་ཞེས་དུ་མ་ཉིད་དུ་སྨྲ། དེ་བས་ན། ཐ་དད་ཐ་དད་མེད་རྟེན་ཅིང་། །ཐ་དད་པ་དང་ཐ་དད་པ་མེད་པ་རྣམ་པར་གཞག་པའི་རྒྱུ་ཡོད་པ་ཉིད་མ་ཡིན་ཏེ། མཚན་ཉིད་
འཆོལ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ནི་འགྱུར་མོད་ཀྱི། ཁྱེད་ཅག་གི་ཡང་ཅིག་ཅར་སེམས་ལས་བྱུང་བ་མང་པོ་འབྱུང་ཞིང་། དེ་ལྟར་ན་ཡང་བདེ་བའམ་སྡུག་བསྔལ་གྱི་རྣམ་པར་རྟོག་པ་ལ་སོགས་པ་གཅིག་ཉེ་བར་མཚོན་པར་འགྱུར་མོད་ཀྱི། སེམས་ལས་བྱུང་བ་དུ་མ་ཉིད་མི་འདོད་
པ་ཡིན་ནོ། །དེ་བཞིན་དུ་འདིར་ཡང་ཡིན་ནོ་ཞེ་ན། དེ་ལ་སྐྱོན་དེ་ཡོད་པ་མ་ཡིན་ཏེ། འདི་ལྟར་ཅིག་ཅར་སེམས་ལས་བྱུང་བ་དུ་མ་སྐྱེས་ཀྱང་གསལ་བ་གཅིག་འགའ་ཞིག་གིས་ཉི་མས་སྐར་མ་བཞིན་དུ་ཟིལ་གྱིས་མནན་པའི་ཕྱིར་རོ། །གལ་ཏེ་ཡང་ཐམས་ཅད་ཉེ་བར་མཚོན་པ་མ་ཡིན་པ་
དེ་ལྟར་ན་ཡང་། བདེ་བ་ལ་སོགས་པ་འགའ་ཞིག་གིས་བསྒྲིབས་པ་ན་ཡང་། རྐྱེན་ཇི་ལྟ་བ་བཞིན་དུ་ཡང་གསལ་བ་གཞན་དང་གཞན་སྐྱེས་པ་ན། སྟོན་ཀའི་མར་ངོའི་མཚན་ཕྱེད་ཀྱི་སྐར་མ་བཞིན་དུ་དུ་མ་ཉིད་དུ་སྣང་བར་འགྱུར་རོ། །དེ་བས་ན། གཅིག་ཚེ་གསལ་བས་བསྒྲིབས་པ་
Vol. 175 · folio 210b
ཡང་། །ཟིལ་གྱིས་མནན་པའི་དུས་ནའོ། །གང་གིས་བསྒྲིབས་པ་ཡང་ཡིན་ཞེ་ན། ཐ་དད་མ་མཐོང་བ་མེད་པས་སོ། །ཐ་དད་པས་ཐ་དད་པའི་མཐོང་བ་མེད་པས་ཡིན་གྱི། དུ་མ་ཉིད་མེད་པའི་ཕྱིར་ནི་མ་ཡིན་ནོ། །དེ་ལྟར་ན་ཡང་བདེ་བ་ལ་སོགས་པའི། སེམས་འབྱུང་ཐ་དད་རྒྱུན་དག་ལས། །
སེམས་དང་སེམས་ལས་བྱུང་བའི་ཚོགས་གཞན་དང་གཞན་སྐྱེ་བའི་རྒྱུན་ལ། ཐ་དད་རྣམ་གཞག་གྲུབ་པ་ཡིན། །དེ་ལྟར་རྒྱུན་ལ་ཡང་བློ་དང་མྱོང་བའི་ཐ་དད་པ་ཉེ་བར་མཚོན་པ་ཡོད་པ་མ་ཡིན་ན། གང་གིས་ན་མྱོང་བ་འདི་དང་བློ་འདི་ལས་མཚན་ཉིད་དང་བྲལ་བ་ཡིན་ཞེས་བྱ་བར་འགྱུར།
རྣལ་འབྱོར་པའི་མངོན་སུམ་ཡང་ལུང་གི་རྣམ་པར་རྟོག་པ་དང་མ་འདྲེས་པ་དོན་ཙམ་མཐོང་བ་ཡིན་ནོ། །དེ་ནི་སྔར་བཤད་ཅེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །དེ་ལ་འདིར་རྣལ་འབྱོར་པའི་ཤེས་པ་ཐམས་ཅད་མངོན་སུམ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། སྔར་བཤད་རྣལ་འབྱོར་ཤེས་
པ་ནི། །སྔར་འཕགས་པའི་བདེན་པ་བཞིའི་ཡུལ་ཅན་དུ་བཤད་པ་ན། བདེན་པ་དཔྱོད་པ་གང་ཡིན་པ་དེ་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་པའི་དེ་ཡང་གང་ལས་ཡིན་ཞེ་ན། དེ་དག་དེ་ནི་སྒོམ་བྱུང་ཡིན། །ཞེས་བྱ་བ་སྨོས་ཏེ། བདེན་པ་སྒོམ་པ་རྫོགས་པ་ལས་ཤེས་པའི་ཤེས་པའོ། །
ཤིན་ཏུ་གོམས་པ་དེ་ཉིད་ཀྱི་ཕྱིར། རྟོག་པའི་དྲ་བ་རྣམ་བསལ་བས། །རྟོག་པ་དང་བྲལ་བ་དེ་ཉིད་ཀྱི་ཕྱིར། གསལ་བ་ཤིན་ཏུ་སྣང་བ་ཡིན། །གང་དང་གང་ཤིན་ཏུ་བསྒོམས་པ་དེ་དང་དེ་ལས་གསལ་བ་སྣང་བར་འགྱུར་རོ་ཞེས་བྱ་བ་དེ་ཉིད་གང་ལས་ཡིན་ཞེ་ན། དེ་ཕྱིར་འདོད་དང་ཞེས་བྱ་བ་
ལ་སོགས་པ་སྨོས་ཏེ། འདོད་པ་དང་མྱ་ངན་དང་འཇིགས་པའོ། །དེས་བྱས་པའི་སྨྱོ་བ་ནི། འདོད་དང་མྱ་ངན་འཇིགས་སྨྱོའོ། །དེ་དག་དང་རྐུན་པོ་རྨི་སོགས་ནི། འདོད་དང་མྱ་ངན་འཇིགས་སྨྱོ་དང་། །རྐུན་པོ་རྨི་སོགས་སོ། །དེ་དག་གིས་གང་བསླད་པ་ནི་སྐྱེས་བུ་འཁྲུལ་པར་བྱས་
པའོ། །ཡང་དག་མིན་པ་ཡང་མཐོང་བར་འགྱུར། གོམས་པའི་ཁྱད་པར་ལས་ཡང་དག་པ་མ་ཡིན་པའི་དོན་ཡང་མཐོང་བར་འགྱུར་རོ། །ཇི་ལྟར་ཞེ་ན། མདུན་ན་གནས་པ་བཞིན་དུའོ། །སོགས་པ་སྨོས་པས་ནི། མྱུར་དུ་བསྐོར་བ་དང་། འཆི་ལྟས་ལ་སོགས་པ་གཟུང་ངོ་། །དེ་
Vol. 175 · folio 211a
ལྟར་ན་དེ་ལྟར་མཐོང་བས་དོན་མངོན་དུ་གྱུར་པ་བཞིན་དུ། དེ་དང་རྗེས་སུ་མཐུན་པར་བསྒྲུབས་པ་ལ་དམིགས་པར་འགྱུར་ན། གང་གིས་ན་དེ་དག་འདིར་ལྐོག་ཏུ་གྱུར་པའི་མིང་ཅན་དུ་ཡང་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་དེ་ངེས་པར་གཟུང་བར་མི་འགྱུར། སྒོམ་པའི་ཁྱད་པར་
ལས་གསལ་བར་སྣང་བ་ནི་བློ་སྟེ། ཇི་ལྟར་ན་རྣམ་པར་མི་རྟོག་པ་ཡིན་ཞེ་ན། རྣམ་པར་རྟོག་དང་རྗེས་འབྲེལ་ནི། །དོན་གསལ་སྣང་བ་ཅན་མ་ཡིན། །ཞེས་བྱ་བ་སྨོས་ཏེ། བརྡའི་རྟེན་ཅན་ནི་རྣམ་པར་རྟོག་པ་ཡིན་ལ། དེ་ཡང་གསལ་བར་སྣང་བ་ཅན་མ་ཡིན་ནོ། །དེ་ལྟར་ན་ཡིད་ཀྱི་རྣམ་པར་
ཤེས་པ་རྟོག་པ་མེད་པ་ལ་འདིའི་མིང་འདི་ཡིན་ནོ་ཞེས་བྱ་བ་དེ་ལྟར་འཛིན་པ་སྔོན་དུ་སོང་བ་ཅན་གྱི་སྒྲའི་ཐ་སྙད་ཡོད་པ་མ་ཡིན་ནོ། །བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་འབྲེལ་པ་འཛིན་པའི་ངང་ཚུལ་ཅན་གྱི་རྣམ་པར་ཤེས་པ་གང་ཡིན་པ་དེ་ལ་ཡང་གསལ་བར་སྣང་བ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་
གསལ་བར་སྣང་བ་ཅན་ལ་བརྡ་མི་བྱེད་པའི་ཕྱིར་སྒྲ་དང་འདྲེས་པའི་རྟོག་པ་མ་ཡིན་པ་དེ་ལྟར་ན་གསལ་བར་སྣང་བའི་ཤེས་པ་གང་ཡིན་པ་དེ་རྟོག་པ་མེད་པ་ཉིད་ཡིན་ནོ། །འཁྲུལ་པའི་དབང་གིས་རྣམ་པར་རྟོག་པ་གསལ་བར་སྣང་བར་འགྱུར་བ་མ་ཡིན་ནམ། དེ་ལྟར་ན་རྨི་ལམ་ན་ཡང་ཤེས་པ་
རྣམ་པར་རྟོག་པ་ཡིན་ན་ཡང་གསལ་བར་སྣང་བ་ཉིད་ཡིན་ནོ་ཞེ་ན། སྐྱོན་དེ་ཡོད་པ་མ་ཡིན་ཏེ། རྨི་ལམ་ན་ཡང་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་གསལ་བར་སྣང་བ་ཉིད་མ་ཡིན་ནོ། །དེ་ལ་ཡང་གསལ་བར་སྣང་བ་ནི་གཞན་རྟོག་པ་མེད་པ་ཉིད་ཡིན་ཞིང་། རྣམ་པར་རྟོག་པ་དང་རྗེས་སུ་
འབྲེལ་པ་མི་གསལ་བ་གཞན་ཉིད་ཡིན་ནོ། །དེ་གང་ལས་ཤེ་ན། འདི་ལྟར། རྨི་ལམ་ན་ཡང་དྲན་པ་དྲན། །དེ་ནི་དེ་འདྲའི་དོན་ལྡན་མིན། །རྨི་ལམ་ན་ཡང་དྲན་པའི་ཤེས་པ་གང་ཡིན་པ་དེ་མི་གསལ་བ་ཉིད་དྲན་པ་ཡིན་ནོ། །རྨི་ལམ་ན་ཡང་དམིགས་པ་གསལ་བར་སྣང་བའི་
ཤེས་པ་ཡུལ་དང་མཚུངས་པར་སྣང་བ་ཅན་དེས་སད་པས་དྲན་པ་ཡིན་ནོ། །དེས་ན་དེ་ལ་ཡང་རྟོག་པ་དང་རྟོག་པ་མེད་པ་དག་ཐ་དད་པ་ཉིད་ཡིན་ནོ། །གལ་ཏེ་སྒོམ་པ་ལ་ཡང་ཡང་དག་པ་མ་ཡིན་པའི་དོན་གོམས་པ་ལས་སྐྱེས་པ་གང་ཡིན་པ་དེ་ཐམས་ཅད་གསལ་བར་སྣང་བ་
Vol. 175 · folio 211b
མ་ཡིན་ཞིང་། རྟོག་པ་མེད་པ་ཡང་མ་ཡིན་པར་གྲུབ་པའི་མཐའ་སྨྲ་བ་འདོད་པ་མ་ཡིན་ནམ་དེས་ན་ཁས་བླངས་པ་ཡིན་ནོ་ཞེ་ན། དེ་ཡོད་པ་མ་ཡིན་ཏེ། འདི་ལྟར། མི་གཙང་ཟད་པར་ས་ལ་སོགས། །ཡང་དག་མིན་ཡང་སྒོམ་པ་ཡི། །སྟོབས་ཀྱིས་སྤྲུལ་པ་བསྒོམས་པའི་སྟོབས་ལས་སྐྱེས་
པ་རྟོག་མེད་དང་། གསལ་བར་སྣང་བ་ཅན་དུ་གསུངས་པ་དེ་ལྟར་ན། ཁས་བླངས་པ་ཉམས་པ་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེ་ཕྱིར་ཡང་དག །གང་དང་གང་མི་རྟག་པ་ལ་སོགས་པའོ། །ཡང་དག་མིན་ནི་ཟད་པར་ས་ལ་སོགས་པའི་སྟེ། རང་གི་རྣམ་པར་རྟོག་པ་ཙམ་གྱིས་
ཀུན་ནས་བསླང་བ་ཡིན་ནོ། །ཤིན་ཏུ་བསྒོམས་པར་གྱུར་པ། ཤིན་ཏུ་གོམས་པར་བྱས་པར་གྱུར་ཅིང་། སྒོམ་པ་ཡོངས་སུ་རྫོགས་པ་ན། །དེ་གསལ་མི་རྟོག་བློ་འབྲས་ཅན། །གསལ་བ་ཡང་ཡིད་ལ་མི་རྟོག་པ་ཡང་ཡིན་པས་ན་དེ་སྐད་ཅེས་བྱའོ། །དེ་འདྲ་བའི་བློ་ནི་གསལ་ལ་མི་རྟོག་
པ་ཡིན་ཏེ། གང་ལ་འབྲས་བུ་དེ་ཡོད་པ། །ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ་ཞེས་བྱ་བ་ནི་མཇུག་བསྡུ་བའོ། །གང་གི་ཕྱིར་ཡང་དག་པ་མ་ཡིན་ཡང་བསྒོམས་པའི་སྟོབས་ལས་གསལ་བར་སྣང་ཞིང་མི་རྟོག་པར་འགྱུར་བ་དེ་བས་ན། དེ་ལ་བསྒོམས་པའི་འབྲས་བུའི་ཤེས་པ་དེ་དག་ལ། མི་སླུ་
བ་ནི་གང་ཡིན་ཏེ། སྒོམ་འབྱུང་མངོན་སུམ་ཚད་མར་འདོད། །ཅི་དང་འདྲ་བར་ཞེ་ན། སྔར་དཔྱད་དངོས་པོ་བཞིན། སྔར་བདེན་པ་དཔྱད་པའི་སྐབས་སུ་ཚད་མའི་དངོས་པོ་ཡང་དག་པར་བསྟན་པ་བཞིན་ནོ། །ལྷག་མ་ཉེ་བར་བསླད་པ་ཡིན། །དཔེར་ན་ཟད་པར་ས་ལ་སོགས་པ་ལྟ་བུའོ། །རང་རིག་
ལ་ཡང་རྟོག་མི་འདོད། །དོན་ལ་རྣམ་པར་རྟོག་ཕྱིར་རོ། །ཞེས་བྱ་བ་ནི། ཤེས་གང་གང་ལ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །ཤེས་པ་གང་ཡུལ་གང་ལ་སྒྲ་དོན་འཛིན། བརྡ་འཛིན་པར་བྱེད་པའི་ཤེས་པ། དེ་ནི་དེ་ལ་སྒྲའི་སྒོ་ནས་འཛིན་པའི་ཕྱིར་རྟོག་པ་ཡིན། རྟོག་པ་
དང་བཅས་པར་བརྗོད་དོ། །རྣམ་པར་ཤེས་པ་ཐམས་ཅད་ཀྱི། །རང་གི་ངོ་བོའང་སྒྲ་དོན་མིན། །བརྡར་བྱ་བ་མི་ནུས་པ་ཉིད་ཀྱི་ཕྱིར་རྒྱུ་དེ་ཕྱིར་དེ་ལ་སྒྲ་དང་དོན་གྱི་རང་བཞིན་རྟོགས་པར་བྱ་བ་ལ་ཤེས་པ་ཀུན་རྟོག་པ་མེད་པ་ཉིད་ཡིན་པའི་ཕྱིར། མངོན་སུམ་ཉིད་ཡིན་ནོ། །མངོན་སུམ་ལྟར་
Vol. 175 · folio 212a
སྣང་ཞེས་བྱ་བ་ལ་སོགས་པས་མངོན་སུམ་ལྟར་སྣང་བ་འཆད་པར་བྱེད་དོ། །མངོན་སུམ་ལྟར་སྣང་རྣམ་པ་བཞི། །དཔེར་ན་རྟོག་པའི་ཤེས་པ་རྣམ་གསུམ་ཡིན། །རྟེན་བསླད་པ་ལས་བྱུང་བ་ཅན། །རྟོག་པ་མེད་པ་གཅིག་ཡིན་ནོ། །རབ་རིབ་ལ་སོགས་པས་གནོད་པའི་
དབང་པོ་ལ་སོགས་པ་ལས་གཅིག་ཡིན་ནོ། །རྟོག་པའི་ཤེས་པ་རྣམ་པ་གསུམ་ཡང་བརྡའི་རྟེན་ཅན་དང་སྒྲོ་འདོགས་པའི་རྣམ་པར་རྟོག་པས་འཇུག་སྟེ། དཔེར་ན་བུམ་པ་དང་། གྲངས་དང་། འདེགས་པ་དང་། ཡོད་པ་དང་། བུམ་པ་ཉིད་ལ་སོགས་པ་ལྟ་བུའོ། །རེ་ཞིག་བུམ་པ་ལས་
གཟུགས་ལ་སོགས་པ་ཆུ་ལ་སོགས་པ་འཛིན་པ་ལ་སོགས་པ་འབྲས་བུ་གཅིག་སྒྲུབ་པར་བྱེད་པའི་སྒོ་ནས་དེ་ལས་གཞན་པའི་དེའི་འབྲས་བུ་ཅན་མ་ཡིན་པ་དག་ལས་ཐ་དད་པ་ཉིད་ཐ་དད་པ་མེད་པ་ཡིན་ནོ། །དེ་ལ་འཇིག་རྟེན་སྒྲ་འགོད་པ་གང་ཡིན་པ་དེ་ནི་ཅིག་ཅར་གཟུགས་ལ་སོགས་པའི་
ཚོགས་པ་རང་གི་འབྲས་བུ་ལ་སྦྱོར་བའི་དོན་ཏོ། །བརྡ་དེ་ལ་བརྟེན་ནས། ཕྱིས་དོན་དམ་པ་གཞན་ལ་ཐ་དད་པ་དག་ལ་ཡང་བུམ་པ་ལ་སོགས་པ་གཅིག་ཏུ་སྒྲོ་བཏགས་ནས། བུམ་པ་ཞེས་བྱ་བའི་རྣམ་པར་རྟོག་པ་འཇུག་པར་འགྱུར་རོ། །དེ་བཞིན་དུ་མང་པོ་རྣམ་པར་གཅོད་པའི་འབྲས་བུ་ཅན་ལ་
བརྟེན་ནས། གཅིག་ཏུ་མངོན་པར་ཞེན་པ་ཅན་དང་། དེ་བཞིན་དུ་ལག་པ་ལ་སོགས་པ་སྟེང་དུ་འཕེན་པར་བྱེད་པའི་ཆོས་ཅན་དག་ལ། དེ་ལྟ་བུར་གྱུར་པ་མ་ཡིན་པ་རྣམ་པར་བཅད་པ་ལ་བརྡར་བྱས་པ་ལ་བརྟན་ནས་འདེགས་པར་སྒྲོ་འདོགས་པ་ཅན་དང་། དངོས་པོ་མེད་པས་བཟློག་པ་དོན་གྱི་
བྱ་བ་བྱེད་པའི་རང་བཞིན་བསྟན་པའི་ཕྱིར། བརྡར་བྱས་པ་ལ་བརྟེན་ནས་དངོས་པོ་དོན་གྱུར་པ་བཞིན་དུ་ཡོད་པ་ཉིད་སྟོན་པར་བྱེད་པར་འཇུག་པར་འགྱུར་རོ། །ཚོགས་པའི་མང་པོ་འབྲས་བུ་གཅིག་བྱེད་པ་ཅན་དག་ལས་དེ་ལས་གཞན་པའི་ཚོགས་པ་རྣམ་པར་གཅོད་པ་སྟོན་པར་བྱེད་པའི་རྟེན་བརྡ་
ལ་བརྟེན་ནས། བུམ་པ་ཉིད་ལ་སོགས་པ་གཞན་གཅིག་བུམ་པའི་རྫས་ཐམས་ཅད་ཀྱི་རྗེས་སུ་ཞུགས་པར་སྒྲོ་འདོགས་པར་བྱེད་པ་སྐྱེད་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ཀུན་རྫོབ་ཏུ་ཡོད་པ་དག་ལ་དོན་གཞན་ལ་སྒྲོ་བཏགས་ནས་དེའི་ངོ་བོ་རྣམ་པར་རྟོག་པ་འཇུག་པ་ཉིད་ཀྱི་ཕྱིར་རོ་ཞེས་གསུངས་
Vol. 175 · folio 212b
སོ། །དེ་ལྟར་རབ་ཏུ་ཕྱེ་བས་བརྡའི་རྟེན་ཅན་རྣམ་པར་རྟོག་པའི་ཤེས་པ་གཅིག་པོའི་སྒྲའི་རྟོག་པ་ཉིད་ཡིན་ནོ། །སྨིག་རྒྱུ་ལ་སོགས་པའི་རྟོག་པ་གང་ཡིན་པ་དེ་ནི་ཆུ་མ་ཡིན་པ་རྣམ་པར་བཅད་ནས། ཆུ་ལ་བརྡར་བྱས་པ་ལ་བརྟེན་ནས་འཇུག་པ་མ་ཡིན་ན། གང་གིས་ན་བརྡ་ལ་བརྟེན་པའི་རྣམ་པར་རྟོག་
པ་ཉིད་ཀྱི་ནང་དུ་འཇུག་པའི་ཕྱིར་འདི་ཐ་དད་པར་མི་འགྱུར། འོ་ན་ཅི་ཡིན་ཞེ་ན། ཡང་དག་པ་མ་ཡིན་པའི་ཆུའི་བརྡ་ལ་བརྟེན་ནས་འབྱུང་བ་འདུས་པ་དེ་ལ་དོན་གཞན་ཉིད་ལ་སྒྲོ་འདོགས་པར་བྱེད་པ་སྐྱེ་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ཆུ་ལ་སོགས་པའི་རྣམ་པར་རྟོག་པ་འཇུག་པ་ཉིད་ཀྱི་ཕྱིར་རོ་ཞེས་
གསུངས་སོ། །དེ་ནི་དོན་གཞན་ལ་སྒྲོ་འདོགས་པའི་རྣམ་པར་ཤེས་པ་གཉིས་པ་ཡིན་ནོ། །རྗེས་སུ་དཔག་པ་དང་རྗེས་སུ་དཔག་པ་ལས་བྱུང་བ་ལ་སོགས་པ་དག་ལ་ལྐོག་ཏུ་གྱུར་པའི་དོན་སྔར་མཐོང་བ་ལ་རྟོགས་པར་བྱེད་པ་སྐྱེ་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་རྗེས་སུ་དཔག་པ་དང་དེའི་འབྲས་
བུ་ལ་སོགས་པའི་ཤེས་པ་སྔ་མ་ཉམས་སུ་མྱོང་བའི་རྣམ་པར་རྟོག་པ་ནི་ཞེས་གསུངས་སོ། །ལྐོག་ཏུ་གྱུར་པའི་དོན་ལ་རྟོག་པའི་ཤེས་པ་ཞེས་བྱ་བ་འདི་ནི་ལྐོག་ཏུ་འགྱུར་བའི་དོན་ལ་རྟོག་པ་གསུམ་པ་ཡིན་ནོ། །དེ་ལྟར་ན། རྟོག་པའི་ཤེས་པ་རྣམ་གསུམ་ཡིན། །དབང་པོ་ལ་གནོད་པ་བྱས་པ་
ལས་སྐྱེས་པའི་ཤེས་པ་རྟོག་པ་མེད་པ་ནི་མངོན་སུམ་མ་ཡིན་གྱི། མངོན་སུམ་ལྟར་སྣང་བ་ཡིན་ནོ། །དེ་ལ། དབང་སྐྱེས་མིན་པ་བསྒྲུབ་དོན་དུ། །གཉིས་བཤད་རྟོག་པའི་ཤེས་པ་རྣམ་པ་གཉིས་པོ་གང་ཡིན་པ་དེ་དག་ནི་དབང་པོ་ལས་སྐྱེས་པ་མ་ཡིན་ནོ་ཞེས་བཤད་པར་བྱ་བའི་དོན་དུ་
བཤད་དོ། །འདི་ལ་ཡང་ཐེ་ཚོམ་ཅི་ཡོད་ན་གང་གིས་ན། དབང་སྐྱེས་མིན་པ་བསྒྲུབ་དོན་དུ། །ཞེས་བྱ་བ་སྨོས་ཤེ་ན། འཁྲུལ་པ་བསྟན་ཕྱིར་རོ། །ཕྱི་རོལ་པ་འདི་ལ་འཁྲུལ་པ་སྣང་སྟེ། སྨིག་རྒྱུ་ལ་སོགས་པ་དང་ཀུན་རྫོབ་ཏུ་ཡོད་པ་དག་ལ་ཤེས་པ་དབང་པོ་ལས་སྐྱེས་པ་ཉིད་
ཡིན་པར་འདོད་པ་ལྟ་བུའོ། །དེ་ལྟར་ན་དེ་ཉིད་རྣམ་པར་གཅད་པའི་ཕྱིར་མངོན་སུམ་གྱི་མཚན་ཉིད་ཀྱི་ཁྱད་པར་འཁྲུལ་པ་མེད་པ་ཅན་ཞེས་བརྗོད་དོ། །དབང་པོ་ལ་གནོད་པ་བྱས་པའི་ཤེས་པ་བཟློག་པའི་དོན་དུ་ཞེས་བྱ་བ་ཡང་བརྫུན་ཡིན་ཏེ། དོན་དང་ཕྲད་ནས་འཛིན་པ་ཉིད་ཀྱིས་དོན་
Vol. 175 · folio 213a
མ་ཡིན་པ་ལས་འབྱུང་བ་ཟླ་བ་གཉིས་པ་ལ་སོགས་པའི་ཤེས་པ་ལྡོག་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་དབང་པོ་ལས་སྐྱེས་པ་ཞེས་བྱ་བ་ཉིད་བརྗོད་པར་བྱ་བར་འགྱུར་རོ། །རྗེས་སུ་དཔག་པ་ལ་སོགས་པ་ཡང་དེ་ཡིན་ལ། གྲུབ་པ་ཡིན་པས་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །
འདི་ལྟ་སྟེ། རྗེས་དཔག་རྗེས་སུ་དཔག་ལས་བྱུང་། །དྲན་བྱུང་བརྗོད་ལས་བྱུང་བ་ཡི། །ཤེས་པ་སྔོན་ཉམས་སུ་མྱོང་བ་བརྡ་དྲན་པའི་སྟོབས་ཀྱིས་འགྲུབ་པར་འགྱུར་བ་ཉིད་ཡིན་པ་ལྟ་བུའོ། །དེ་དེ་ལྟར་ན་རྗེས་སུ་དཔག་པ་ལ་སོགས་པ་རྟོག་པའི་རང་བཞིན་ཉིད་དུ་གྲུབ་ན་ཡང་། འདིར་རྟོག་
པའི་ཤེས་པའི་སྐབས་སུ་བརྗོད་པ་གང་ཡིན་པ་དེ་སྔ་མ་གཉིས་ཉིད་དེ་རྟོག་པའི་ཤེས་པ་མངོན་སུམ་ཉིད་མ་ཡིན་པར་བསྒྲུབ་ཕྱིར་རོ། །ཉིད་ནི་རིམ་པ་གཞན་དུ་སྦྱར་རོ། །འདི་ལྟར་སྔོན་ཉམས་སུ་མྱོང་བ་བརྡ་དྲན་པ་ལ་བརྟེན་ནས་འབྱུང་བའི་ངང་ཚུལ་ཅན་གང་ཡིན་པ་དེ་ནི་མངོན་སུམ་མ་ཡིན་ཏེ། དཔེར་
ན་རྗེས་སུ་དཔག་པ་ལ་སོགས་པ་ལྟ་བུའོ། །བརྡ་རྟེན་ཅན་ཞེས་བྱ་བ་ལ་སོགས་པ་དེ་ཉིད་འཆད་པར་བྱེད་དོ། །ཅིའི་ཕྱིར་རྟོག་པ་སྔ་མ་གཉིས་དག་ལ་མངོན་སུམ་ཉིད་དུ་ཐེ་ཚོམ་ཟ་བ་ཡིན་ཞིང་། གང་གིས་ན་དེ་གསལ་བའི་ཕྱིར། །རྗེས་དཔག་ལ་སོགས་གྲུབ་ཅེ་ན། །ཐེ་ཚོམ་ཡོད་པ་ཉིད་ཡིན་ནོ། །
དེ་ལྟར་ན་བརྡ་རྟེན་ཅན་གྱི་རྟོག་པ་གང་ཡིན་པ་དང་། དོན་གཞན་ལ་སྒྲོ་འདོགས་པའི་རྣམ་རྟོག་དག་གང་ཡིན་པ་དེ་དང་དེ་དག་ནི་བརྡ་རྟེན་ཅན་དང་དོན་གཞན་ལ། སྒྲོ་འདོགས་པའི་རྣམ་རྟོག་དག་གོ། །མངོན་སུམ་དང་ཉེ་བར་འཇུག་པ་ཅན་དུ་འགྱུར་བ་དེ་དག་ནི། འགའ་ཚེ་ཤེས་པ་ཕྲ་མོ་སྐྱེ་བའི་དུས་ཀྱིས་
རྣམ་པར་དབྱེ་བ་མ་རྟོགས་པ་ཉིད་ཀྱི་ཕྱིར་ཉེ་བར་མཚོན་པ་མེད་པ་དེ་དག་མངོན་སུམ་ཉིད་ཡིན་ནོ་ཞེས་འཁྲུལ་པའི་རྒྱུ་མཚན་དུ་འགྱུར་རོ། །ཅིའི་ཕྱིར་ཞེ་ན། མངོན་སུམ་ཉེར་འཇུག་ཅན་ཉིད་ཕྱིར། །མངོན་སུམ་གྱི་ཤེས་པ་ལས་དེ་དག་ཉེ་བར་འགྱུར་བ་ཡིན་ནོ། །དེ་བས་ན་འཁྲུལ་པ་སྲིད་པས་ན་གདོན་
མི་ཟ་བར་མངོན་སུམ་ལས་ཐ་དད་པ་ཉིད་དུ་ཤེས་པར་བྱ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་དག་མངོན་སུམ་ཉིད་མ་ཡིན་པར་རབ་ཏུ་བསྒྲུབ་པའི་ཕྱིར་རོ། །རྟོག་པ་ཕྱི་མ་ནི། ཇི་ལྟར་ལྐོག་ཏུ་གྱུར་དོན་ཅན། །ཡུལ་ཅན་དྲན་པ་ལ་སོགས་པའི་ངོ་བོ་རྟོག་པ་འདི་རྗེས་སུ་དཔག་པ་ལ་སོགས་པའི་རང་
Vol. 175 · folio 213b
བཞིན་ཡིན་ཏེ། བརྡ་ལ་ལྟོས་པའི་ངང་ཚུལ་ཅན་ཉིད་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དོན་ལ་འཛིན་མི་བྱེད། ཅི་འདྲ་བ་ཞིག་ལ་འཛིན་པར་མི་བྱེད་ཅེ་ན། མངོན་སུམ་སྟེ་དེ་བས་ན་མངོན་སུམ་གྱི་ཚད་མ་མ་ཡིན་ནོ། །དེ་ལྟར་ཉམས་མྱོང་དྲན་མེད་པར། །སྔོན་ཉམས་སུ་མྱོང་བའི་བརྡ་དྲན་པ་མེད་པར་བུམ་པ་
ལ་སོགས་དག་ལ་ཡང་། ཤེས་པ་མེད་པ་སྔོན་ཉམས་སུ་མྱོང་བའི་དྲན་པ་མེད་པར་བུམ་པ་དང་གྲངས་དང་འདེགས་པ་དང་། ཡོད་པ་ཉིད་དང་། བུམ་པ་ཉིད་དང་། མིག་ལ་སོགས་པ་ལ་སྐྱེས་བུའི་བུམ་པ་ལ་སོགས་པའི་ཤེས་པ་ཡོད་པ་མ་ཡིན་ཏེ། ཇི་སྐད་དུ་བཤད་པའི་རྟོག་པ་རྣམ་པ་གཉིས་
པོ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྟོགས་པ་པོ་འདིས་ཀྱང་བརྡ་དྲན་པ་ནི་བུམ་པ་ལ་སོགས་པའི་ཤེས་པའི་རྒྱུ་མཚན་ཡིན་པར་ཤེས་ན་དེས་ཤེས་ཤིང་། རྟོགས་ན་བརྡ་དྲན་པ། དེ་ཡང་ནི་བུམ་པ་ལ་སོགས་པ་ལ། མངོན་སུམ་ལས་ནི་ཡོངས་ཉམས་འགྱུར། །མངོན་སུམ་གྱི་ཤེས་པ་དང་ལྡན་
པར་འགྱུར་བ་ཅན་དུ་རིགས་པ་མ་ཡིན་ཏེ། ཤེས་པའི་རྣམ་པ་དེ་ལྟ་བུ་ནི་མངོན་སུམ་ཉིད་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །སྦྱོར་བ་ཡང་གང་ཞིག་ཉམས་སུ་མྱོང་བའི་དྲན་པའི་སྟོབས་ལས་བྱུང་བ་དེ་ནི་མངོན་སུམ་མ་ཡིན་ཏེ། དཔེར་ན་དྲན་པ་ལས་བྱུང་བ་དང་། རྗེས་སུ་དཔག་པ་ལས་བྱུང་བ་དང་། བརྗོད་
པ་ལས་བྱུང་བ་ལྟ་བུའོ། །བུམ་པ་ལ་སོགས་པའི་རྟོག་པའི་ཤེས་པ་དང་། ཆུ་ལ་སོགས་པའི་རྟོག་པའི་ཤེས་པ་ཡང་སྔོན་ཉམས་སུ་མྱོང་བའི་དྲན་པའི་སྟོབས་ལས་བྱུང་བ་ཡིན་ནོ་ཞེས་བྱ་བ་ནི་འགལ་བས་ཁྱབ་པ་དམིགས་པའོ། །དེ་དེ་ལྟར་ན་རྟོག་པའི་ཤེས་པ་རྣམ་པ་གསུམ་པོ་དེ་དག་ནི།
མཚན་ཉིད་ཀྱི་ཚིག་གིས་དོན་གསལ་བར་རིག་པར་བྱའོ། །འདིར་བཞི་པ་ནི། མངོན་སུམ་ལྟར་སྣང་བ་རྣམ་པ་བཞི་པོ་འདི་ལ་མངོན་སུམ་ལྟར་སྣང་བ་བཞི་པ། མངོན་སུམ་ལྟར་སྣང་རབ་རིབ་བཅས། །ཞེས་བྱ་བ་གསུངས་པ་གང་ཡིན་པ་དེ་དམིགས་ཀྱིས་དགར་བ་ཡིན་པར་རིག་པར་བྱ་
བའམ་མཚན་ཉིད་ལྷག་མ་ཡིན་པར་རིག་པར་བྱའི། མཚན་ཉིད་ཀྱི་ཚིག་ལས་དོན་གྱི་གསལ་བའི་དཔེ་ནི་མ་ཡིན་ནོ། །དེ་ལྟར་ན་ཇི་ལྟར་ཆུ་ལ་སོགས་པའི་རྟོག་པ་ལས་འཇུག་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པ། སྨིག་རྒྱུའི་ཤེས་པ་ལ་སོགས་པའི་རྟོག་པ་ཉིད་ཡིན་པའི་རྒྱུ་བསྟན་པ་དེ་ལྟར་འདི་
Vol. 175 · folio 214a
ཡང་བསྟན་པར་འགྱུར་རོ། །འདི་ལྟར་རྟོག་པ་ཡོངས་སུ་རྫོགས་པར་བྱས་ནས་འདིའི་རྟོག་པ་ཉིད་ཀྱི་རྒྱུ་མ་བཤད་པར། རབ་རིབ་བཅས་ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་དེ་ནི་རྟོག་པ་དང་བྲལ་བའི་མངོན་སུམ་ལྟར་སྣང་བ་བསྟན་པ་ཡིན་ནོ་ཞེས་ཤེས་པར་བྱའོ། །དེ་ལྟ་མ་ཡིན་
ན། །མཚན་ཉིད་འཁྲུལ་པ་ཅན་དུ་འགྱུར་རོ། །དེ་བས་ན་དམིགས་ཀྱིས་དགར་བའི་ཚིག །དེས་བཤད་ཉེ་གནོད་པ་ལས་སྐྱེས། །ཕྱི་དང་ནང་གིས་གནོད་པ་བྱེད་པའི་རྐྱེན་གྱི་དབང་པོ་ལ་གནོད་པ་བྱེད་པ་ལས་སྐྱེས་པའི་ཤེས་པ་ཐམས་ཅད་རྟོག་པ་དང་བྲལ་བ་ཉིད་ཡིན་ན་ཡང་། མངོན་སུམ་ལྟར་སྣང་བ་ཞེས་
བརྗོད་དོ། །དེ་ལ་རབ་རིབ་འབའ་ཞིག་ནི། །ཉེར་གནོད་མཚོན་པར་བྱེད་པ་ཡིན། །དེ་ལ་རབ་རིབ་དང་བཅས་པའི་ཚིག་གི་རབ་རིབ་ནི་དབང་པོ་ལ་གནོད་པ་བྱེད་པའི་རྐྱེན་ཐམས་ཅད་ཀྱིས་ཉེ་བར་མཚོན་པ་ཡིན་པར་བལྟ་བར་བྱའོ། །དེ་ཡང་ཡིད་ཀྱིས་ཤེས་ཁ་ཅིག །ཟླ་བ་གཉིས་ལ་སོགས་པའི་ཤེས་
པ་ཡང་དབང་པོ་ལས་སྐྱེས་པ་མ་ཡིན་གྱི། འོན་ཀྱང་ཡིད་ཁོ་ན་ཡིན་ཞེས་ཁ་ཅིག་སྨྲའོ། །དེ་སྐད་དུ་སྨྲ་བ་སྔོ་དང་ཟླ་གཉིས་ལ་སོགས་བློ་ཡིན། དབང་པོ་རྒྱུ་ཡིན་ཞེས་བྱ་བའི། །གཞུང་འདི་དང་ནི་དེ་དག་འགལ། སློབ་དཔོན་གྱིས་རྩོད་པ་སྒྲུབ་པར་བཤད་པར་མངོན་སུམ་དུ་དཔྱད་པ་ལ་དམིགས་པའི་དོན་
དཔྱད་པ་ན། འདི་ལྟར་ཇི་ལྟར་སྣང་བ་གང་ལས་ཤེས་པ་སྐྱེ་བ་དེ་ལྟར་དམིགས་པ་ཞེས་བརྗོད་དམ། འོན་ཏེ་ཇི་ལྟར་ཡོད་པ་དག་གཞན་དུ་སྣང་བའི་ཤེས་པའི་རྒྱུར་འགྱུར་ཞེས་བྱ་བ་སྐབས་སུ་མཛད་ནས། མིག་ལ་སོགས་པའི་བར་ཡང་དམིགས་པ་ཉིད་དུ་ཐལ་བ་དེ་དག་ཀྱང་དོན་དམ་པར་རྣམ་
པ་གཞན་དུ་ཡོད་པ་དག་ནི་ཟླ་བ་གཉིས་པར་སྣང་བ་དང་། སྔོན་པོ་ལ་སོགས་པའི་སྣང་བའི་ཤེས་པའི་རྒྱུར་འགྱུར་རོ་ཞེས་བཤད་པའི་གཞུང་ཡིན་པ་དང་འགལ་ལོ། །དེ་ལྟར་ན་གལ་ཏེ་དེ་དབང་པོ་ལ་བརྟེན་པ་མ་ཡིན་ནོ། །ཇི་ལྟར་ན་དེ་སྐད་དུ་བཤད་པར་འགྱུར། དེ་ལྟར་ནི་འགྱུར་མོད་ཀྱི། གལ་
ཏེ་བརྒྱུད་པས་རྒྱུ་ཡིན་ན། །འདིར་དབང་པོ་དངོས་སུ་རྒྱུར་མ་བཤད་ན། གང་གིས་ན་དབང་པོ་ལ་བརྟེན་པ་རྗོད་པས་འགལ་བར་འགྱུར། འོ་ན་ཅི་ཡིན་ཞེ་ན། དབང་པོ་ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུ་ཉིད་ཡིན་པར་བརྒྱུད་ནས་བཤད་པ་ཡིན་ནོ་ཞེ་ན། དབང་པོའི་སྤྱོད་ཡུལ་ཤེས་པ་དག །དཔྱོད་
Vol. 175 · folio 214b
པར་བྱེད་པ་ན། དབང་པོའི་ཤེས་པའི་ཡུལ་དཔྱོད་པར་བྱེད་ནའོ། །དབང་པོའི་ཤེས་པའི་སྤྱོད་ཡུལ་དཔྱད་པའི་སྐབས་ལས་ཡིད་ཀྱི་རྣམ་པར་ཤེས་པའི་སྐབས་ཀྱིས་ཅི་ཞིག་བྱ་སྟེ་ཅི་ཡང་མ་ཡིན་ན། གང་གིས་ན་སློབ་དཔོན་གྱིས་ཡིད་སྐབས་སུ་མཛད་ནས་དེ་སྐད་དུ་གསུངས་པ་ཡིན་གྱི།
དབང་པོའི་ཤེས་པ་ནི་མ་ཡིན་ནོ་ཞེས་བརྗོད་པ་ནི་མ་ཡིན་པ་དེ་ནི་ཅིར་ཡང་མི་རུང་ངོ་། །དབང་རྟེན་ཅི་ཡིན། དབང་པོ་ལས་སྐྱེས་པའི་ཤེས་པའི་མཚན་ཉིད་དུ་འདོད་པ་ཅི་ཡིན་ཞེ་ན། མཚན་ཉིད་གང་མེད་པས་ཟླ་བ་གཉིས་པ་ལ་སོགས་པའི་ཤེས་པ་ལ་དབང་པོ་ལ་བརྟེན་པའི་ཐ་སྙད་བྱེད་པ་མ་
ཡིན་ཞེས་བྱ་བ་འདིས་ནི་ཟླ་བ་གཉིས་པ་ལ་སོགས་པའི་ཤེས་པ་འདི་ལ་ཕ་རོལ་འདོད་པའི་ཤེས་པའི་མཚན་ཉིད་ཡོད་པར་དགོངས་ནས་འདྲི་བར་མཛད་པའོ། །གལ་ཏེ་གང་དབང་པོ་ཡོད་མེད་རྗེས་འབྲེལ་ཅན། གལ་ཏེ་དབང་པོ་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པའི་རྣམ་པར་ཤེས་
པ་གང་ཡིན་པ་དེ་དབང་པོ་ལ་བརྟེན་པར་འདོད་པ་དེའི་ཚེ། དེ་མཚུངས་ཟླ་བ་གཉིས་པ་ལ་སོགས་པའི་ཤེས་པ་ཡང་། དབང་པོ་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པར་མཚུངས་པས་ན། དེ་ཅིའི་ཕྱིར་དབང་པོ་ལ་བརྟེན་པ་མ་ཡིན། བྱེ་བྲག་མེད་པའི་ཕྱིར་རོ། །གལ་ཏེ་འགྱུར་
བཞིན་ན་ཅི་སྟེ་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པ་འདི་བོར་ནས། དབང་པོ་འགྱུར་བ་ན་འགྱུར་བ་དང་ལྡན་པ་གང་ཡིན་པ་དེ་དབང་པོ་ལ་བརྟེན་པར་འདོད་པ་དེའི་ཚེ་ཡང་། མིག་ལ་སོགས་པ་འགྱུར་བ་ན། །དབང་པོའི་ཤེས་པ་འགྱུར་བ་གཞན་ཅི་ཞིག་འགྱུར་བ་ཅན་དུ་འདོད་ན། གང་གིས་
ན་ཟླ་བ་གཉིས་པ་ལ་སོགས་པའི་ཤེས་པ་མི་འགྱུར། དེ་འདིར་འགྱུར་བ་ཡིན་པ་དེ་ལྟར་ན། གང་ལས་དབང་པོ་རྟེན་ཉིད་དུ་རྟོག་པ་ཅིའི་ཕྱིར་ན། འགོག །ཟླ་བ་གཉིས་པ་ལ་སོགས་པའི་བློ་དབང་པོ་ལ་བརྟེན་པ་ཉིད་དོ། །འདིར་ཡང་སྦྲུལ་སོགས་འཁྲུལ་པ་བཞིན། །དབང་པོའི་འགྱུར་བ་ཡོད་ན་
ཡང་། །ལྡོག་འགྱུར་གལ་ཏེ་ཟླ་བ་གཉིས་པ་ལ་སོགས་པའི་འཁྲུལ་པ་གང་ཡིན་པ་ཡིད་ཀྱི་འཁྲུལ་པར་འགྱུར་བ་དེའི་ཚེ། ཇི་ལྟར་ནམ་མཁའ་མི་གསལ་བ་ན། སྦྲུལ་གནས་པའི་ཡུལ་ཅན་དུ་ཐག་པ་འཁྱིལ་པའི་དབྱིབས་ཀྱི་སྤྱི་ལ་བརྟེན་ནས་ཁྱད་པར་མི་རྟོག་པ་དེའི་ཚེ། སྦྲུལ་གྱི་ཁྱད་
Vol. 175 · folio 215a
པར་དུ་སྒྲོ་བཏགས་པའི་ཡིད་སྦྲུལ་དུ་འཁྲུལ་པ་དང་། སྨིག་རྒྱུ་ལ་སོགས་པའི་རྐྱེན་ཇི་ལྟ་བ་བཞིན་དུ་ཆུ་ལ་སོགས་པར་འཁྲུལ་པ་རྣམ་པར་དཔྱད་པ་ལ་སོགས་པས་མེད་པར་འགྱུར་བ་དེ་ལྟར་དབང་པོའི་འགྱུར་བ་ལ་ལྟོས་པ་མེད་པ་ཅན་ཟླ་བ་གཉིས་པ་ལ་སོགས་པའི་
འཁྲུལ་པ་འདི་ཡང་ལྡོག་པར་འགྱུར་ལ། འོན་ཀྱང་དབང་པོའི་བསླད་པ་ནི། ལྡོག་ན་ཡང་ལྡོག་པར་མི་འགྱུར་རོ། །ཟླ་བ་གཉིས་པ་ལ་སོགས་པའི་འཁྲུལ་པ་ཡང་ཡིད་ཀྱི་འཁྲུལ་པའི་རང་བཞིན་ཡིན་ན་ཡང་། མིག་སྨན་ལ་སོགས་པས་མིག་གི་འགྱུར་བ་ལྡོག་པ་ན་བདག་ལ་སོགས་པར་ལྟ་བ་
འཁྲུལ་པ་བཞིན་དུ་ལྡོག་པར་མི་འགྱུར་རོ། །དེ་ནི་གང་གི་ཕྱིར་འདི་ལྟར་མིག་གི་འགྱུར་བ་གནས་པ་ནི་མི་ལྡོག་ཅིང་། མིག་གི་འགྱུར་བ་ལྡོག་པ་ན་ལྡོག་པ་དེའི་ཕྱིར་དབང་པོ་ལས་སྐྱེས་པ་ཡིན་ནོ་ཞེས་ཁོང་དུ་ཆུད་པར་འགྱུར་རོ། །གལ་ཏེ་འདི་ཡིད་ཀྱི་འཁྲུལ་པར་འགྱུར་བ་དེའི་ཚེ། འདི་ལྟར་
ཐག་པ་ལ་སོགས་པ་ལ་འཁྲུལ་པ། རང་བཞིན་གཞན་གྱི་རྒྱུད་ལ་ནི་ཡུལ་དང་དུས་ཉེ་བ་ཅན་གྱི་སྐྱེས་བུའི་སེམས་ལ་ཡང་། བརྗོད་པ་དག་གིས་འགལ་ཚེ་འཇོག །ཇི་ལྟར་སྦྲུལ་སྦྲུལ་ཞེས་བྱ་བའི་སྒྲས་འཁྲུལ་པའི་རྒྱུ་ཚོགས་པ་ན། འགའ་ཞིག་གི་ཚེ་སྦྲུལ་དུ་འཁྲུལ་པ་སྐྱེ་བར་འགྱུར་
རོ། །དེ་བཞིན་དུ་འདིར་ཡང་རབ་རིབ་ལ་སོགས་པས་བསླད་པའི་མིག་ཅན་གྱི། ཇི་ལྟར་ཉམས་སུ་མྱོང་བའི་སྒྲ་ཡུལ་དང་དུས་ཉེ་བ་ཅན། དབང་པོ་བསླད་པ་ཅན་དེའི་ཟླ་བ་གཉིས་པ་ལ་སོགས་པའི་འཁྲུལ་པ་སྐྱེད་པར་འགྱུར་ན། དེ་ལྟར་ཡང་མ་ཡིན་པ་དེ་བས་ན་ཡིད་མ་ཡིན་ནོ། །གཞན་ཡང་།
མཐོང་བ་དྲན་ལ་ལྟོས་འགྱུར་ཞིང་། །གལ་ཏེ་འདི་ཡིད་ཀྱི་འཁྲུལ་པར་འགྱུར་བ་དེའི་ཚེ། ཇི་ལྟར་སྨིག་རྒྱུ་ལ་སོགས་པ་དག་ལ་ཆུའི་རྣམ་པར་འཁྲུལ་པ་སྔར་མཐོང་བའི་ཆུའི་དྲན་པ་དང་ཆུ་དང་ཆོས་མཐུན་པ་ལ་ལྟོས་པར་འགྱུར་བ་དེ་བཞིན་དུ། ཟླ་བ་གཉིས་པ་ལ་སོགས་པར་འཁྲུལ་པ་འདི་ཡང་འགྱུར་
ན། །འདི་ལྟར་མིག་བསླད་པ་ཅན་ནི་སྔོན་མཐོང་བའི་དྲན་པ་ལ་ལྟོས་པ་མེད་པར་མིག་རྣམ་པར་ཕྱེ་མ་ཐག་ཏུ་ཟླ་བ་གཉིས་པ་ལ་སོགས་པ་མཐོང་བར་འགྱུར་བ་དེ་ལྟར་ན། འདི་དབང་པོ་ལས་སྐྱེས་པ་ཡིན་ནོ། །གཞན་ཡང་། ཡོངས་སུ་གསལ་བར་སྣང་བ་མིན། །ཡིད་ཀྱི་འཁྲུལ་པའི་ངོ་
Vol. 175 · folio 215b
བོ་ཉིད་ཡིན་ན་ནི། དེ་རྟོག་པ་དང་བཅས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་པར་འདོད་པར་བྱའོ། །དེ་ལྟ་མ་ཡིན་ན་འདིར་བཞི་པ་ནི་དམིགས་ཀྱིས་དགར་ཞེས་བྱ་བ་འདི་ལ་ལོག་པར་རྟོགས་པ་རིགས་པ་མ་ཡིན་ནོ། །དེ་ལྟར་ན་ཟླ་བ་གཉིས་པ་ལ་སོགས་པའི་ཤེས་པ་མཐོང་བ་བཞིན་དུ་གསལ་
བར་སྣང་བ་མ་ཡིན་ནོ། །དེ་ལྟར་ནི། རྣམ་པར་རྟོག་པ་རྗེས་འབྲེལ་ནི། །དོན་གསལ་སྣང་བ་ཅན་མ་ཡིན། །ཞེས་བྱ་བས་གོང་དུ་བཤད་ཟིན་ཏོ། །ཅི་སྟེ་དེ་ལྟར་སྣང་བའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་དེ་ཡང་རྟོག་པ་མེད་པར་འདོད་པ་དེའི་ཚེ། དེ་བཟློག་པའི་དོན་དུ། འདིར་བཞི་པ་ནི་དམིགས་ཀྱིས་
དགར་བ་ཞེས་བྱ་བའི་ཚིག་གསལ་བར་བྱེད་པ་ཡིན་ནོ་ཞེ་ན། དེའི་ཕྱིར་གཉིད་ལོག་པའམ་སད་པ་ན་ཡང་སྐྱེས་བུའི། གསལ་བར་སྣང་བ་ཅན་བློ་གང་། །དེ་ནི་རྟོག་མེད། གང་ཡང་རྣམ་པ་གཉི་ག་ཡང་། །གཉིད་ལོག་པའམ་མ་ལོག་པ་ཡང་ངོ་། །དེ་ལྟ་མིན་ན་མི་གསལ་བ་སྣང་བ་ཅན་ཉིད་དུ་
འགྱུར་བའི་བློ་དེ་ཐམས་ཅད་ནི་རྟོག་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ཤེས་པ་རྟོག་པ་མེད་པ་ཡིན་ན་ཡང་། བསླད་པ་ཡིན་པ་དེ་བས་ན་ཟླ་བ་གཉིས་པའི་ཤེས་པ་ཡོད་པར་སྲིད་པ་དེ་ཕྱིར་ཟླ་བ་གཉིས་ལ་སོགས་པའི་ཤེས་པ་དེ་རྟོག་མེད་ན་ཡང་། མངོན་སུམ་རྟོག་པ་དང་བྲལ་བ་ཅན་ཞེས་
བྱ་བའི་མཚན་ཉིད་འདི་ཙམ་བརྗོད་པས་ཚད་མ་ཉིད་དུ་འགྱུར་བ་དེ་རབ་རིབ་བཅས་ཞེས་སྟོན་པར་བྱེད་པའི་ཚིག་གིས་བཀག་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སླུ་བའི་ཕྱིར་རོ། །དེར་སྣང་བ་ཅན་གྱི་དོན་དང་དོན་བྱེད་པ་དེ་དོན་དུ་གཉེར་བ་དེ་ཕྲད་པ་མེད་པའི་ཕྱིར་རོ། །དོན་དུའང་། མངོན་སུམ་
ལྟར་སྣང་གཉིས་སུ་བཤད། །གང་གི་ཕྱིར་འདི་ལྟར་སློབ་དཔོན་ནི་དབང་པོ་ལས་སྐྱེས་པ་ཡིན་ན་ཡང་། བསླད་པ་མངོན་སུམ་ལྟར་སྣང་བ་ཡིན་པ་དེ་ཉིད་ཀྱི་ཕྱིར། འཁྲུལ་དང་ཀུན་རྫོབ་ཤེས་པ་དང་། །རྗེས་དཔག་རྗེས་སུ་དཔག་ལས་བྱུང་། །དྲན་འབྱུང་བརྗོད་པ་ལས་བྱུང་ཞེས། །ཞེས་བྱ་བས་
རྟོག་པའི་བདག་ཉིད་ཅན་གྱི་མངོན་སུམ་ལྟར་སྣང་བ་བསྟན་པ་ཡིན་ནོ་ཞེས་བྱ་བས་རྣམ་པར་བཅད་ནས་གཉིས་པ་རྟོག་པ་མེད་པའི་མངོན་སུམ་ལྟར་སྣང་བ་རབ་རིབ་བཅས་ཞེས་བྱ་བས་བཤད་པ་ཡིན་ནོ། །འབྲས་བུར་གྱུར་པའི་ཤེས་པ་དེ་ཉིད་ཀྱིས་ཡུལ་གྱི་རྣམ་པར་སྐྱེས་པའི་སྒོ་ནས་རྟོག་པ་
Vol. 175 · folio 216a
དང་བཅས་པ་ལ་བརྟེན་ནས། ཚད་མ་ཉིད་དུ་ཉེ་བར་བཏགས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ། བྱ་བ་དང་ནི་སྒྲུབ་བྱེད་ཅེས། །ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །ཤེས་པའི་དོན་དང་འདྲ་བ་ནི་ཚད་མ་ཡིན་ལ། དོན་ཉམས་སུ་མྱོང་བའི་བདག་ཉིད་ནི་
འབྲས་བུ་ཡིན་པར་རིགས་ཀྱི། ཚད་མ་ལས་དོན་གཞན་དུ་འགྱུར་བ་ནི་འབྲས་བུ་མ་ཡིན་ནོ། །བྱ་བ་དང་ནི་སྒྲུབ་བྱེད་ཅེས། །ལས་ཀུན་གྱི་ནི་བྱ་བ་ཐམས་ཅད་ཀྱི། ཐམས་ཅད་དག །སྒྲུབ་བྱེད་མ་ཡིན་པའམ། སྒྲུབ་པར་བྱེད་པ་ཐམས་ཅད་ཀྱི་ཐམས་ཅད་བྱ་བ་མ་ཡིན་ཏེ། ཐུག་པ་མེད་པར་ཐལ་
བའི་ཕྱིར་རོ། །འོ་ན་ཅི་ཡིན་ཞེ་ན། གང་ལས་འབྲས་ཡིན། གང་ཡིན་པའི་ལས་དེ་བྱ་བ་དེ་ནི་དེའི་སྒྲུབ་བྱེད། དེ་སྒྲུབ་པར་བྱེད་པ་ལས་ཆོད་པ་མེད་པར་ཐ་སྙད་ལ་བརྟེན་པའི་སྒོ་ནས་རབ་ཏུ་འགྲུབ་པ་ཐོབ་པར་འགྱུར་གྱི། བསྐྱེད་པར་བྱ་བ་སྐྱེད་པར་བྱེད་པའི་དངོས་པོ་ནི་མ་ཡིན་ཏེ། དེའི་བྱ་བ་
ནི་དེ་ཉིད་ཡིན་ནོ། །གཟུགས་ལ་སོགས་པ་ལས། དེ་ལ་ཉམས་མྱོང་ཙམ་དུ་ནི། །ཤེས་པ་འདྲ་བའི་བདག་ཉིད་ཅན། །བདག་ཉིད་དེས་བྱེད་པའི་རང་བཞིན་དེས། འགྱུར་ན་གང་གིས། ལས་སོ་སོ་ལ་སྟེ་དོན་སོ་སོ་ལ་རྣམ་འབྱེད་འགྱུར། འདི་ནི་སྔོན་པོའི་ཤེས་པ་ཡིན་ཞིང་། འདི་ནི་སེར་པོའི་
ཤེས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་ཐ་སྙད་ཀྱིས་སོ། །དེ་ལྟ་མ་ཡིན་ན་དོན་ཐམས་ཅད་ཤེས་པ་ཐམས་ཅད་ཀྱི་ཤེས་བྱར་འགྱུར་བའམ། འགའ་ཞིག་ཀྱང་མ་ཡིན་ཏེ། བྱེ་བྲག་མེད་པའི་ཕྱིར་རོ། །དབང་པོ་ལ་སོགས་པའི་མི་གསལ་བ་ལ་སོགས་པ་ཐ་དད་པ་ནི་ཤེས་པའི་ངེས་པར་
བྱེད་པ་ཡིན་ནོ་ཞེས་བྱ་བ་ཡང་ལེགས་པ་མ་ཡིན་ཏེ། འདི་ལྟར་དབང་པོ་ལ་སོགས་པའི་རྒྱུ་ལ་མི་གསལ་བ་ལ་སོགས་པའི་ཐ་དད་ཡོད་ན་ཡང་། ཤེས་པ་འདིའི་བདག་ཉིད་གྱུར་མ་ཡིན་སྔོན་པོ་ལ་སོགས་པའི་ལས་ཐ་དད་ལ་ཐ་དད་མིན་ཉམས་སུ་མྱོང་བའི་བདག་ཉིད་དུ་འདྲ་བར་གྱུར་པ།
ཐ་དད་པས་ངེས་བྱེད་མ་ཡིན། མི་རུང་སྟེ་ཤེས་པ་ཐམས་ཅད་ཀྱི་ཁྱད་པར་མེད་པས་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །ཁྱད་པར་མེད་ན་ཡང་གང་ཞིག་བདག་ཉིད་ཁྱད་པར་དུ་འགྱུར་བ་གང་ཡིན་པ་དེ་ནི་ཡུལ་རྣམ་པར་གཞག་པའི་རྟེན་གཞན་ལ་ལྟོས་པར་འགྱུར་བ་དེའི་བདག་ཉིད་དེའི་མཚོན་པར་བྱེད་
Vol. 175 · folio 216b
པ་པོར་རིགས་པ་ཡིན་པ། དེའི་ཕྱིར་བདག་ཐ་དད་གང་ལས་ཤེས་པ་འདི་སྔོན་པོ་དང་སེར་པོ་ལ་སོགས་པ། འདི་ཡི་རྟོག་པ་ཞེས་བྱ་འདི། །བྱ་བ་འདི་ནི་ལས་དེས་ཡིན་པར་འགྱུར་བ་དེ་ཉིད་ཆོད་པ་མེད་པའི་ཕྱིར། འདི་རབ་ཏུ་སྒྲུབ་པར་བྱེད་པས་ཞེས་བྱ་བར་ཚིག་རྣམ་པར་སྦྱར་ནས། དེ་སྒྲུབ་བྱེད་
དེ་གྲུབ་པ་ཡིན། ཆོད་པ་མེད་པ་ཡང་བྱེད་པ་ཐམས་ཅད་ཚོགས་ན་ཡང་རྟོག་པ་འདི་ཡིན་ནོ་ཞེས་བྱ་བའི་ངེས་པ་ལ་བརྟེན་པ་ཉིད་ཀྱིས་ཡིན་ནོ་ཞེས་བྱ་བ་ནི་འཇུག་བསྡུ་བའོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་སུམ་ཅུ་རྩ་གཅིག་པ། འོ་ན་ངེས་པར་སྒྲུབ་པར་བྱེད་པ་གང་
ཡིན་པ་དེ་གང་ལས་ཡིན་ཞེ་ན། དོན་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབང་པོ་ལ་སོགས་པ་ནི་མི་གསལ་བ་ལ་སོགས་པའི་རང་གི་གནས་ཐ་དད་པ་ལས་རྣམ་པར་ཤེས་པ་མི་གསལ་བའི་ངོ་བོ་ཉིད་ཀྱི་རྒྱུར་གྱུར་པ་དེ་ཐ་དད་པ་བྱེད་པ་ཡིན་ན་ཡང་དེས་བྱས་པའི་ཤེས་པ་ཐ་དད་པ་ནི་
དོན་ཐམས་ཅད་ཀྱི་ཐུན་མོང་ཉིད་ཡིན་པའི་ཕྱིར། ཐ་དད་དེས་མྱོང་བའི་དོན་དང་ལྷན་ཅིག་དོན་འདི་མྱོང་བ་ནི་འདི་ཡིན་ནོ་ཞེས་སྦྱོར་བར་ནུས་པ་མ་ཡིན་ནོ། །དོན་གྱི་ངོ་བོ་ནི་དོན་དེའི་རང་གི་བདག་ཉིད་དོན་ཉིད་ལ་ངེས་པ་ཡིན་པ་དེ་ལྟར་ན་ནུས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དོན་གྱི་ངོ་བོ་མ་
གཏོགས་པར། །གཞན་དག་དབང་པོ་ལ་སོགས་པ་མི་གསལ་བ་ལ་སོགས་པ་ཐ་དད་པ་ལ། ཤེས་པ་ཐ་དད་བྱེད་ཡིན་ནའང་། མྱོང་བ་དེ་དག་དོན་དང་བཅས་པ་དོན་འདིའི་ཉམས་སུ་མྱོང་བ་ནི་འདི་ཡིན་ནོ་ཞེས་ཇི་ལྟར་ཡང་། ཐ་དད་པ་དག་ནི་མ་ཡིན་ནོ། །དོན་གྱི་ངོ་བོ་ཉིད་ཀྱིས་ནི། །འཐད་
པ་དག་ནི་ཡིན་ན་སྟེ། །དེ་ཉིད་ནི་སྔོན་པོའམ་སེར་པོའི་རྟོག་པ་འདི་ཡིན་ནོ་ཞེས་རྣམ་པར་གཞག་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་འདི་ལྟར་གཞལ་བྱ་ཉིད་མ་གཏོགས་པར་བྱེད་པ་གཞན་མ་གྲུབ་པ་དེའི་ཕྱིར་གཞལ་བྱ་རྟོགས་པའི་འབྲས་བུར་གྱུར་པའི་གཞལ་བྱའི་ངོ་བོ་ཉིད་སྒྲུབ་
པར་བྱེད་པ་ཡིན་ནོ། །གཞལ་བྱའི་ངོ་བོ་ཉིད་ལས་སྒྲུབ་པར་བྱེད་པ་གཞན་ཡིན་ན། རྟོགས་པར་བྱེད་ན། ཉམས་སུ་མྱོང་བའི་མཚན་ཉིད་ཅན་གྱི་བྱ་བ་དེ་ལས་དང་སྔོན་པོ་ལ་སོགས་པ་དང་ལྷན་ཅིག་སྔོན་པོ་འདིའི་རྟོག་པ་འདི་ཡིན་ནོ་ཞེས་བྱ་བའི་འབྲེལ་པ་མི་འགྲུབ་པོ། །སྒྲུབ་པར་
Vol. 175 · folio 217a
བྱེད་པར་གྱུར་པ་གཞལ་བྱའི་ངོ་བོ་ཉིད་དེ་ཡང་ཤེས་པ་དེའི་བདག་ཉིད་ཡིན་ནོ། །གང་གི་ཕྱིར་རྒྱུ་དེས་ན་ཚད་མ་ལས་འབྲས་བུ་དོན་གཞན་མིན་ནོ། །དེ་ལྟར་ཤེས་པ་ཐ་དད་པ་མེད་པའི་བདག་ཉིད་ཡིན་ཞིང་བྱེད་པ་མེད་པ་ཡིན་ན་ཡང་བྱ་བ་བྱེད་པ་ཐ་སྙད་ཉེ་བར་བཏགས་པའི་
སྒོ་ནས་རིག་པ་ནི། དོན་རྟོགས་པ་ཡི་བདག་ཉིད་ཀྱིས། །ཞེས་བྱ་བ་ལ་སོགས་པ་སྟོན་པར་བྱེད་དོ། །དོན་རྟོགས་པའི་བདག་ཉིད་ཀྱིས་བྱེད་པའི་འབྲས་བུར་གྱུར་པ་དོན་རྟོགས་པའི་རང་བཞིན་གྱིས་ཤེས་པའི་བདག་ཉིད་དེ་ནི། གཞལ་བྱའི་ངོ་བོ་ཉིད་དེ་ལ་འཛིན་པའི་ཁྱད་པར་གྱི་བྱེད་པས་བྱེད་དང་
བཅས་པ་བཞིན་དུ་སྣང་གི་བྱེད་པ་བཅས་པ་ཉིད་ཀྱང་མ་ཡིན་ཏེ། ཆོས་ཐམས་ཅད་བྱེད་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ཁྱད་པར་དུ་ལུས་ཅན་མ་ཡིན་པ་ནི་བྱ་བ་ཉིད་མ་ཡིན་པའི་ཕྱིར། གང་ལ་བྱེད་དང་བཅས་པ་བཞིན་དུ་སྣང་ཞེ་ན། རང་གི་ལས་ནི་ཞེས་བྱ་བ་སྨོས་ཏེ་གཟུགས་ལ་སོགས་པ་
ལའོ། །བདག་ཉིད་བྱེད་པོ་མིན་ན་ཡང་། དེའི་དབང་གིས་གཞལ་བྱ་དང་འདྲ་བའི་དབང་གིས་དེར་གཞག་ཕྱིར། རྟོག་པ་རྣམ་པར་གཞག་པའི་ཕྱིར་གཞལ་བྱ་དང་འདྲ་བ་དེ་ནི་རྟོག་པ་རྣམ་པར་གཞག་པའི་རྒྱུ་ཡིན་པ་དེ་ལྟར་ན་སྒྲུབ་པར་བྱེད་པར་བརྗོད་ཀྱི་དོན་དམ་པར་མ་ཡིན་ནོ། །དཔེར་
ན་འབྲས་བུ་རྒྱུ་རྣམས་ཀྱི། །བདག་ཉིད་འདྲ་བར་འབྱུང་བའི་ཕྱིར། །རྒྱུའི་ཕྱིར་བྱ་བ་ལྡན་ཉིད་མ་ཡིན་ན་ཡང་། བྱ་བ་མེད་པ་ཉིད་ཡིན་ན་ཡང་། འཇིག་རྟེན་རྒྱུ་གཟུགས་འཛིན་ཞེས་བརྗོད། །དཔེར་ན་ཕ་ལས་དེ་དང་གཟུགས་ཅན་གྱི་འབྲས་བུ་སྐྱེས་པ་ལ་འདི་ཕའི་གཟུགས་འཛིན་ཏོ་ཞེས་ཐ་
སྙད་དུ་བྱེད་པ་ལྟ་བུའོ། །དེ་ལྟར་འདིར་ཡང་ཡུལ་རྒྱུར་གྱུར་པ་གང་གི་རྣམ་པའི་རྗེས་སུ་བྱེད་ཅིང་སྐྱེས་པའི་རྣམ་པ་ཤེས་པ་ལ་འདིའོ། །དེ་འཛིན་པ་ཡིན་ནོ་ཞེས་ཤེས་པ་དེ་ལྟར་ན་རྟོག་པར་བྱེད་པ་དང་བཅས་པ་ལ་བརྟེན་ནས་ཚད་མ་ཉིད་དུ་ཉེ་བར་བཏགས་པ་ཡིན་ནོ། །གང་གི་ཕྱིར་དེ་
ལྟར་ན་གཞལ་བྱའི་ངོ་བོ་ཉིད་བོར་ནས། གཞན་གྱིས་ལས་སོ་སོ་ལ་ཤེས་པ་རྣམ་པར་འབྱེད་པར་མི་ནུས་སོ། །དེའི་ཕྱིར་མཐོང་དང་། དེའི་ཕྱིར་དོན་ཙམ་མཐོང་དང་། དབང་འབྲེལ་དང་དབང་པོ་ཕྲད་པ་དང་། ཁྱད་པར་གྱི་བློ་ལ་དེ་སྐད་ཅེས་བྱའོ། །མཐོང་བ་དང་དབང་པོ་དང་འབྲེལ་པ་དང་
Vol. 175 · folio 217b
ཁྱད་པར་བྱེད་པ་ཅན་གྱི་བློ་དག་ནི། ཚད་མ་ཉིད་དུ་མི་འདོད་དོ། །མཐོང་བ་དང་དབང་པོ་དང་འབྲེལ་པ་དང་ཁྱད་པར་ཅན་གྱི་བློ་དེ་དག་བྱེད་པ་རྣམས། བྱ་བ་ལ་ནི་ཆོད་པའི་ཕྱིར། རྒྱུའི་ཕྱིར་རོ། །དེ་ལྟར་ན། བྱ་བ་ལས་དང་བྱེད་པ་རྣམས། །ཐམས་ཅད་ཉེ་བར་སྦྱོར་ན་ཡང་། །ཐམས་ཅད་
བྱེད་པ་གཞན་གྱིས་མ་ཆོད་པར་བྱ་བ་གང་དེ་རང་ཐ་དད་པའི་སྒོ་ནས། ཐ་དད་བྱེད། དེ་ནི་སྒྲུབ་བྱེད་དམ་པར་འདོད་སྒྲུབ་པར་བྱེད་པ་དམ་པ་སྟེ་བྱེད་པའོ། །རེ་ཞིག་སྒྲུབ་པར་བྱེད་པ་དམ་པ། འདི་འདྲ་དབང་པོ་ལ་ཡང་མེད། །ཅིའི་ཕྱིར་ཞེ་ན། ཀུན་གྱི་མཚུངས་རྒྱུ་ཉིད་ཕྱིར་རོ། །རྣམ་
པར་ཤེས་པ་ཐམས་ཅད་ཀྱི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །བྱ་བ་དུ་མའི་ཁྱད་པར་བསྐྱེད་དུ་ཟིན་ཀྱང་ངོ་བོ་མཚུངས་པ་གང་ཡིན་པ་དེ་ནི་དེའི་ཉེ་བར་མ་ཆོད་པ་ཐ་དད་པར་བྱེད་པ་མ་ཡིན་ནོ། །དེ་ཐ་དད་ཀྱང་། དབང་པོ་མི་གསལ་བ་ལ་སོགས་པའི་ཁྱད་པར་གྱིས་ཐ་དད་ན་ཡང་ཤེས་པ་དེ་དངོས་
ཅན་མིན་པ་ཡུལ་དང་འདྲ་བ་དང་བྲལ་བའི་ཤེས་པ་དོན་འདི་ཤེས་པ་འདིའི་ཡང་ཞེས་ངེས་པས་ཐ་སྙད་དུ་བྱེད་པ་གང་ཡིན་པ་དེ་གང་ལས་མ་ཡིན་པ་ཉིད་དོ། །དབང་པོའི་ཚད་མ་ཉིད་མ་ཡིན་པར་བསྟན་པ་དེའི་ནི་ལྷག་མ་དོན་མཐོང་བ་ལ་སོགས་པ་བཤད་པ་ཡིན། དཔེར་ན་ཆོད་པའི་ཕྱིར་བྱེད་
པའི་ཕུལ་དུ་བྱུང་བ་མ་གྲུབ་པས་ཚད་མ་ཉིད་མ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །དེ་ལྟར་ན་འདྲ་བ་མེད་ན་མཐོང་བ་ཙམ་ཡང་ཐ་དད་པར་བྱེད་པ་མ་ཡིན་ཏེ། དོན་མཐོང་བ་ཉིད་མ་གྲུབ་པའི་ཕྱིར་རོ། །དོན་འདྲ་བ་སྒྲུབ་པར་བྱེད་པ་ཉིད་མི་འདོད་ན། དོན་འདི་མཐོང་བ་འདི་ཡིན་ནོ་ཞེས་བྱ་
བ་དེ་ཡང་གྲུབ་པར་མི་འགྱུར་རོ། །དེ་མ་གྲུབ་ན་ཇི་ལྟར་ན་གྲུབ་པར་བྱེད་པར་འགྱུར། ཁྱད་པར་ཅན་གྱི་བློ་ཡང་ནི། འདི་ཡང་སྐྱོན་ལྷག་མ་གཞན་ཡིན་ཏེ། གང་དེ་དངོས་མེད་ན། དོན་དང་འདྲ་བ་མེད་ན་ངེས་པར་བྱེད་པའི་ཁྱད་པར་གྱིས་ཤེས་པ་འདི་དང་ཁྱད་པར་གྱི་གཞིའི་ཤེས་པ་
འདི་ཡིན་ནོ་ཞེས་བྱ་བ་འདི་གཉིས་ཀྱིས་ཐ་དད་མེད། བྱེ་བྲག་ཡོད་པ་མ་ཡིན་ནོ། །ཁྱད་པར་མ་གྲུབ་ན་ཡང་ཁྱད་པར་གྱི་ཤེས་པ་འདི་ནི་ཚད་མ་ཡིན་ཞིང་དེ་ལས་གཞན་པ་དེ་འབྲས་བུ་ཡིན་ནོ་ཞེས་བྱ་བ་དེ་གང་ལས་ཡིན། ཅི་སྟེ་ཁྱད་པར་གྱི་ཤེས་པའི་འདྲ་བ་ཐ་དད་པར་འདོད་པ་དེའི་
Vol. 175 · folio 218a
ཚེ་དེ་ཉིད་སྒྲུབ་པར་བྱེད་པར་འགྱུར་ཞིང་དོན་རྟོགས་པར་ཡང་འབྲས་བུར་འགྱུར་ཏེ། འདི་ནི་དེ་ཙམ་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་བློ་གཞན་དག་ལ་ཡང་། །ཁྱད་པར་གྱི་ཤེས་པ་བཞིན་དུ་ཁྱད་པར་གྱི་གཞིའི་ཤེས་པ་ལ་ཡང་འདྲ་བ་ཉིད་ལས་ངེས་པར་འགྱུར་རོ། །
དེ་ཡང་ཁྱད་པར་གཞི་དེ་ལ་ཚད་མ་དང་ཚད་མའི་འབྲས་བུར་འགྱུར་བ་དེ་ལྟར་ན་དེ་དག་གི་ནང་ནས་གཅིག་ནི་ཚད་མ་ཡིན་ལ་གཞན་ནི་འབྲས་བུ་ཡིན་ནོ་ཞེས་རྟོག་པ་དོན་མེད་པ་ཡིན་ནོ། །འདིས་ཀྱང་ཁྱད་པར་དང་ཁྱད་པར་གྱི་གཞིའི་ཤེས་པ་ཉིད་ནི་ཚད་མ་དང་འབྲས་བུ་འདོད་པར་མི་བྱའོ། །ཅིའི་
ཕྱིར་ཞེ་ན། འདི་ལྟར་བྱ་བ་དང་སྒྲུབ་བྱེད་གཉིས་ཡུལ་ཐ་དད་པའང་མི་འདོད་དོ། །སྒྲུབ་པར་བྱེད་པ་གང་ཡིན་པ་དེ་ཁོ་ན་བྱ་བར་འགྱུར་གྱི་བྱེད་པ་གཞན་ལ་ཉེ་བ་མ་ཡིན་ཞིང་གཞན་ལ་བྱ་བ་མ་ཡིན་ཏེ་ཤེས་པ་གཉིས་པོ་དེ་དག་ཐ་དད་པའི་ཡུལ་ཅན་དུ་འདོད་པ་རིགས་པ་མ་ཡིན་ནོ། །ཅི་སྟེ་སྐྱོན་དེར་མ་
གྱུར་ཅིག་སྙམ་པར་དུས་སྔ་ཕྱིར་འབྱུང་བའི་ངང་ཚུལ་ཅན་གྱི་ཤེས་པ་ཡུལ་གཅིག་པ་ཅན་ཚད་མ་དང་ཚད་མའི་འབྲས་བུར་གྱུར་པར་རྟོག་པ་དེའི་ཚེ། འདི་ལྟར་དོན་གཅིག་ཡིན་ནའང་གཉིས་དོན་མེད་དུས་སྔར་འབྱུང་བ་ཅན་བྱེད་པ་ཉིད་དུ་རྟོག་ན་རྟོགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་དེ་ཉིད་ཚད་མ་
དང་འབྲས་བུ་ཉིད་ཡིན་པ་དེ་ལྟར་ན་བྱ་བ་རྫོགས་པའི་དོན་ལ་འཇུག་པ་འབྲས་བུ་ཉིད་དུ་བརྟག་པ་གཉིས་པས་ཅི་ཞིག་བྱ། གཞན་ཡང་དོན་དེ་ནུས་པ་ཡིན་ན་ཇི་ལྟར་རྣམ་པར་ཤེས་པ་གཅིག་སྐྱེད་པར་བྱེད་པ་དེ་ལྟར་དེའི་རྒྱུ་ཅན་གཞན་དང་གཞན་དག་ཀྱང་ཅིག་ཅར་སྐྱེ་བར་འགྱུར་ཏེ། བྱེ་བྲག་མེད་པའི་ཕྱིར་རོ། །
དེའི་ཕྱིར་ཤེས་པ་དེ་དག་རིམ་བཞིན་འབྱུང་བ་ཡོད་མ་ཡིན། ཅི་སྟེ་ཉེས་པ་དེར་མ་གྱུར་ཅིག་སྙམ་པས་དེ་དག་ཅིག་ཅར། བསྐྱེད་པར་འདོད་པ་དེ་ཡི་ཚེ། །བློ་ནི་ཅིག་ཅར་འབྱུང་གྱུར་ན། །བློ་ནི་ཞེས་བྱ་བ་ནི་རིགས་ལ་ལྟོས་ནས་ཚིག་གཅིག་པར་བྱས་པ་ཡིན་ནོ། །བློ་གཉིས་ཅིག་ཅར་ཏེ་ལྷན་ཅིག་འབྱུང་
ཞིང་སྐྱེ་ན་དེ་དག་གིས་བསྒྲུབ་བྱ་སྒྲུབ་བྱེད་མེད་པར་འགྱུར། ཚད་མ་ལས་འབྲས་བུ་དོན་གཞན་ཡིན་པར་སྨྲ་བའི་རྒྱུ་ནི་སྒྲུབ་པར་བྱེད་པ་ཡིན་ཞིང་འབྲས་བུ་ནི་བྱ་བ་ཡིན་པར་འདོད་དོ། །དུས་མཚུངས་པ་ཅན་གྱི་རྒྱུ་དང་འབྲས་བུའི་དངོས་པོ་ནི་ཡོད་པ་མ་ཡིན་ནོ་ཞེས་སྔར་བསྟན་ཟིན་ཏོ། །གལ་
Vol. 175 · folio 218b
ཏེ་དུས་མཚུངས་པར་འབྱུང་བ་ཉིད་ཀྱི་རྒྱུ་དང་འབྲས་བུ་ཉིད་མ་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་དངོས་པོ་ཡོད་པ་མ་ཡིན་པ་དེའི་ཚེ་ཐ་དད་པ་མེད་པའི་བདག་ཉིད་ཅན་གྱི་ཤེས་པ་གཅིག་ལ་ཆེས་ཤིན་ཏུ་ཡོད་པ་མ་ཡིན་ནོ་ཞེ་ན། དེ་ལ་སྐྱོན་དེ་ཡོད་པ་མ་ཡིན་ཏེ་འདི་ལྟར་ཤེས་པ་ལའོ། །དེ་
རྣམ་གཞག་ལ་བརྟེན་ནས་ནི། །ཤེས་པའི་ཆ་དག་བསྒྲུབ་བྱ་སྒྲུབ་བྱེད་གཞག །ཡུལ་རྟོགས་པའི་རྣམ་པར་གཞག་པ་ནི་དོན་དང་འདྲ་བ་ལ་བརྟེན་པ་ཡིན་པ་དེ་ལྟར་ན། བྱེད་པ་མ་ཡིན་ན་ཡང་བྱེད་པ་བཞིན་དུ་ཉེ་བར་བཏགས་པ་ཡིན་ཏེ། ཕྱི་རོལ་གྱི་བཞིན་དུ་བསྐྱེད་བྱ་སྐྱེད་བྱེད་ཀྱི་དངོས་པོ་མ་
ཡིན་པའི་ཕྱིར། ཁ་ན་མ་ཐོ་བ་མེད་པ་ཡིན་ནོ། །ཕྲད་པ་ཡང་ཚད་མ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། འདི་ལྟར་ཕྲད་པ་ནི་རྣམ་པ་འགའ་ཞིག་ལ་འཇུག་པ་མ་ཡིན་ན། གང་གི་ན་དོན་གྱིས་རྣམ་པ་འགའ་ཞིག་རྟོགས་པར་འགྱུར། གང་གི་ཕྱིར་བདག་ཉིད་ཐམས་ཅད་རྟོགས་པར་འགྱུར་རོ། །དེ་
ལྟར་ན་བདག་ཉིད་ཀྱི་འབྲེལ་ན་ཡང་དངོས་པོ་ཆོས་འགའ་ཞིག་ནི་རྟོགས་འགྱུར་བའི། ཕྲད་པ་ཚད་མ་ཉིད་ཡིན་ན་གང་ངེས་པར་དེར་ནི་མི་འགྱུར་ཏེ། གང་རྣམ་པ་འགའ་ཞིག་འཛིན་པའི་མཚན་ཉིད་ཅན་ནོ། །ཅིའི་ཕྱིར་ཞེ་ན། འབྲེལ་པ་བྱེ་བྲག་མེད་ཕྱིར་རོ། །ཕྲད་པར་བྱེ་བྲག་མེད་པའི་ཕྱིར་རོ། །གང་
གི་ཚེ་ཕྲད་པའི་ཁྱད་པར་མེད་ན་ཡང་། དོན་རྟོགས་པའི་ཁྱད་པར་དུ་འགྱུར་ཏེ། དོན་འགའ་ཞིག་རྟོགས་པའི་ཕྱིར་རོ། །དེའི་ཚེ་ཕྲད་པ་ཚད་མ་མ་ཡིན་ནོ། །འོ་ན་ཚད་མ་ཉིད་ཅི་ཞིག་ཡིན་ཞེ་ན། དེ་ཐ་དད་མེད་ཀྱང་ཕྲད་པར་བྱེ་བྲག་མེད་ན་ཡང་གང་ལས་ངེས་པ་མ་ཆོད་པ་ལས་གང་སྔོན་པོ་ཤེས་པ་
ནི་འདི་ཡིན་ལ། སེར་པོ་ཤེས་པ་ནི་འདི་ཡིན་ནོ་ཞེས་བྱ་བའི་ཤེས་པའོ། །ཐ་དད་འདི་དེའི་ཚད་མ་ཉིད། དེ་ཡང་དོན་དང་འདྲ་བ་ལས། གཞན་མ་ཡིན་ནོ་ཞེས་མང་དུ་བཤད་ཟིན་ཏོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་འདུས་བྱས་ཡིན་ཕྱིར་ན། །ཤེས་པ་ལས་སྐྱེས་པ་ཤེས་པའི་རྒྱུ་འདུས་བྱས་
པ་ལས་དོན་སོ་སོ་ལ་ཤེས་པ་རེས་འགའ་བ་ཡིན་ནོ་ཞེ་ན། དེ་དང་དེ་མིན་ཏེ། འདི་ལྟར། དེ་དངོས་མིན་ཏེ་གཞག་མེད་ཕྱིར། །གལ་ཏེ་ཡུལ་འདིའི་རྣམ་པ་ལ། །ཤེས་པ་འདི་རྗེས་སུ་བྱེད་པ་སྐྱེ་བ་དེའི་ཚེ་ཡུལ་གང་གི་རྣམ་པ་ལ་རྗེས་སུ་བྱེད་པའི་ཤེས་པ་དེ་ནི་འདྲ་བ་དེ་ལས་འདིའི་འདི་ཡིན་
Vol. 175 · folio 219a
ནོ་ཞེས་ངེས་པ་ཐོབ་པར་འགྱུར་རོ། །དེ་བས་ན་དེ་འདྲ་བའི་རྣམ་པ་ཅན་གྱི་ཤེས་པ་སྐྱེ་བས་འདུས་བྱས་པ་ངེས་པར་བྱེད་པ་དེ་འདྲ་བ་སྐྱེད་པར་བྱེད་ན། འདུས་བྱས་པ་གང་ལས་དེ་འདྲ་བའི་ཤེས་པ་ངེས་པར་འབྱུང་བར་འགྱུར། འདི་ལྟར་དོན་དང་འདྲ་བ་མེད་ན་ཤེས་པ་ངེས་པ་མེད་
པའི་ཕྱིར་དེ་སྐྱེད་པར་བྱེད་པའི་འདུས་བྱས་པ་ཡང་མ་ངེས་པ་ཡིན་པ་དེ་ལྟར་ན་གང་གིས་ན་འདི་ལས་དོན་སོ་སོར་ཤེས་པ་ཐ་དད་པ་ཡིན། དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་བྱ་བྱེད་གཅིག་ཡིན་ན། །འགལ་ལོ་ཞེ་ན། དངོས་སུ་ཐ་དད་པ་མེད་པའི་ཕྱིར་ཤེས་པའི་ཆ་གཅིག་ཉིད་ན་སྟེ། བྱ་བ་གང་
ཡིན་པ་དེ་ཉིད་བྱེད་པ་ཡིན་པའི་ཕྱིར་དེ་ནི་འགལ་བ་ཡིན་ནོ་ཞེ་ན། དེ་དང་དེ་ནི་མི་བདེན་ཏེ། ཆོས་ཐ་དད་པ་ཁས་ལེན་པའི་ཕྱིར་ཞེས་བྱ་བའི་ལྔ་པས་ནི་ཤེས་པ་སྟོན་པར་བྱེད་དོ། །གལ་ཏེ་ཆོས་ཐ་དད་པར་ཁས་ལེན་པ་ཡོད་ན་ཤེས་པའི་དངོས་པོ་ཐ་དད་པ་མེད་པར་ཁོ་བོ་ཅག་འདོད་དེ། དངོས་
སུ་ཤེས་པ་དེ་གཅིག་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིར་ཡང་གཞལ་བྱའི་ངོ་བོ་ཉིད་དང་དོན་རྟོགས་པ་ཞེས་བྱ་བའི་ཆོས་ཐ་དད་པ་གང་ཡིན་པ་དེ་ཁས་ལེན་པ་ཉིད་ནི་ལྡོག་པའི་ཐ་དད་པས་ཉེ་བར་བཏགས་པ་ཡིན་ནོ། །ཆོས་ཐ་དད་པ་ཁས་ལེན་པའི་ཕྱིར་བྱ་བ་དང་སྒྲུབ་པར་བྱེད་པ་
གཅིག་ཉིད་ཡིན་ནོ་ཞེས་བྱ་བ་ལ་སྐྱོན་ཡོད་པ་མ་ཡིན་ནོ། །གང་དུ་ཡང་དངོས་པོ་ཐ་དད་པ་ལ་བྱ་བ་དང་བྱེད་པ་རྣམ་པར་འཇོག་པར་འདོད་པ་སྟེ། དཔེར་ན་སྟ་རེ་ལ་སོགས་པ་ལྟ་བུ་སྟེ། དངོས་རྣམས་ཐ་དད་འདོད་པ་ལ། །དེར་ཡང་དངོས་པོ་ལ་རྟེན་པ་ཅན་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྒྲོ་
འདོགས་པས་ནི་འཇུག་ཕྱིར་རོ། །ཤེས་པ་དེ་དང་དེ་ལ་བརྟེན་པས་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་འབའ་ཞིག་ཏུ་སྒྲོ་འདོགས་པ་དང་ལྡན་པ་དག་བྱ་བ་དང་བྱེད་པ་ཞེས་བརྗོད་ཀྱི། དོན་གཞན་དུ་གྱུར་པའི་བྱ་བ་ནི་ཡོད་པ་མ་ཡིན་ནོ། །དེ་མེད་པའི་ཕྱིར་གང་ལས་བྱེད་པ་ཡིན། དེའི་
ཕྱིར། བྱ་བ་བྱེད་པ་ཐ་སྙད་དག །ཐམས་ཅད་དེ་ལྟའི་རྣམ་པ་ཅན། །ཉེ་བར་བཏགས་པའི་རང་བཞིན་ཡིན་གྱི་དངོས་པོ་ལ་བརྟེན་པ་ཅན་ནི་མ་ཡིན་ནོ། །རྣམ་པར་ཤེས་པ་ཉིད་ཡུལ་དུ་སྣང་བར་སྐྱེ་ན་གཟུང་བ་དང་འཛིན་པ་ཐ་དད་པ་དང་ལྡན་པར་ངེས་པ་ཡིན་གྱི། ཕྱི་རོལ་གྱི་དོན་ཡོད་པ་མ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words