ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད

Sanskrit title (Tibetan script, as in the text) པྲ་མཱ་ཎ་བརྟི་ཀཱ་རི་ཀཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 176 · folio 29a

དོ། །གཉི་ག་བརྗོད་པར་བྱ་བ་གང་ཡིན་པ་ཞེས་བྱ་བ་ནི་ཆོས་མཐུན་པ་དང་ཆོས་མི་མཐུན་པའོ། །གང་ཞིག་གི་གཉེན་པོར་ཅི་ཞིག་བཤད་ཅེ་ན། ཆོས་མི་མཐུན་པ་སྨོས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཆོས་མཐུན་པ་སྨོས་པ་ནི་འགལ་བའི་གཉེན་པོར་རོ། །གལ་ཏེ་

མ་མཐོང་འབྲས་ཅན་ཏེ། །འབྲས་བུ་མ་མཐོང་བ་ཅན་ཙམ་ཞིག་ཡིན་ནའོ། །དེ་ཞེས་བྱ་བ་ནི་ཆོས་མི་མཐུན་པ་སྨོས་པའོ། །དེ་ཉིད་བསྟན་པའི་ཕྱིར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེས་ཞེས་བྱ་བ་ནི་ཆོས་མི་མཐུན་པ་སྨོས་པས་སོ། །མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་མ་མཐོང་བ་སྟོན་

པར་བྱེད་ནའོ། །དེ་ཞེས་བྱ་བ་ནི་མ་མཐོང་བའོ། །ཆོས་མི་མཐུན་པ་མ་སྨོས་ཀྱང་རྟོགས་པར་འགྱུར་ཏེ། མཐོང་བ་མེད་པའི་མཚན་ཉིད་ཀྱི་མ་མཐོང་བ་ནི་ཆོས་མི་མཐུན་པ་སྨོས་པའི་སྔོན་རོལ་ན་གྲུབ་ཟིན་པའི་ཕྱིར་རོ། །དེ་ལྟ་བས་ཆོས་མི་མཐུན་པ་སྨོས་པ་ནི་དོན་མེད་པ་ཡིན་ནོ། །གལ་ཏེ་མི་མཐུན་པའི་ཕྱོགས་

ལ་གཏན་ཚིགས་མཐོང་བའི་འཁྲུལ་པ་ཡོད་དེ། དེ་བཟློག་པའི་ཕྱིར་ཆོས་མི་མཐུན་པ་སྨོས་པ་ཡིན་ནོ་ཞེ་ན། དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་ཞེས་བྱ་བ་ནི་གོ་བར་བྱ་བ་ལའོ། །ཆོས་མི་མཐུན་པའི་སྔོན་རོལ་ན་ཆོས་མི་མཐུན་པ་བརྗོད་པས་ལྡོག་པར་འགྱུར་བ་མི་མཐུན་པའི་ཕྱོགས་ལ་མཐོང་

བའི་འཁྲུལ་པ་གང་ཡིན་པ་དེ་ནི་མེད་དོ། །འདི་ལྟར་འཁྲུལ་པ་ནི་ལོག་པར་རྟོག་པ་ཡིན་ན་བྱས་པ་ཉིད་ལ་སོགས་པ་མི་མཐུན་པའི་ཕྱོགས་ལ་མེད་པ་ཡང་དག་པ་གང་ཡིན་པ་དེ་བཟློག་ནས་ཡོད་པར་འཁྲུལ་པའི་རྒྱུ་ནི་ཡོད་པ་མ་ཡིན་ནོ། །འཁྲུལ་པ་མེད་པའི་ཕྱིར་མ་མཐོང་བ་གྲུབ་པ་ཡིན་ནོ། །གལ་ཏེ་དེ་ནི་བདེན་

ན་འོན་ཀྱང་ཆོས་མི་མཐུན་པ་རྗོད་པར་བྱེད་པའི་ཚིག་གིས་མ་མཐོང་བ་ལ་དྲན་པར་བྱེད་དོ་ཞེ་ན། འདི་ལྟར་ཡུལ་འགའ་ཞིག་ལ་མཐོང་བ་མ་རྟོགས་ཤིང་མི་དྲན་པ་ནི་ཡན་ལག་མ་ཡིན་ཞིང་སྒྲུབ་པ་མ་ཡིན་པས་མཐོང་བ་དེ་ལ་ནི་དྲན་པ་གཞག་ཅིང་དྲན་པ་སྐྱེད་པར་རིགས་ན་མ་མཐོང་བ་ནི་མཐོང་བ་མེད་པ་ཡིན་

ཏེ། དེ་ལ་ནི་མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་མཐོང་བས་གནོད་པར་འགྱུར་རོ། །དེ་མེད་ན་སྟེ། མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་མཐོང་བ་མེད་ན་མ་མཐོང་བ་གྲུབ་པ་ཁོ་ན་ཡིན་པས་དེ་གྲུབ་པར་བྱ་བའི་ཕྱིར་ཏེ། མཐོང་བ་མེད་པ་གྲུབ་པར་བྱ་བའི་ཕྱིར་ཆོས་མི་མཐུན་པ་བརྗོད་པ་

Vol. 176 · folio 29b

དོན་མེད་དོ། །གལ་ཏེ་མི་དམིགས་པའི་སྐྱེས་བུའི་དེ་ཙམ་གྱི་ཞེས་བྱ་བ་སྟེ་མ་མཐོང་བ་ཙམ་གྱིས་མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་མེད་དོ་ཞེས་བྱ་བ་དེ་ལྟ་བུར་ངེས་པ་མ་ཡིན་པ་ཉིད་དེ་མ་མཐོང་བ་ཙམ་ནི་ཐེ་ཚོམ་གྱི་རྒྱུ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཞེས་བྱ་བ་ནི་ངེས་པ་བསྐྱེད་པའི་ཕྱིར་ཆོས་མི་མཐུན་པ་

བརྗོད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར་མེད་ཅེས་བྱ་བའི་ཚིག་ཚད་མ་མ་ཡིན་པས་ཀྱང་སྤང་བར་བྱ་བ་དེ་མེད་པ་ཁོ་ན་ཡིན་ནོ། །འོ་ན་ཇི་ལྟར་ན་མེད་དོ་ཞེས་བྱ་བར་རྟོགས་པར་འགྱུར་ཞེ་ན་སྨྲས་པ། གལ་ཏེ་ཇི་ལྟར་མེད་རིགས་དེ་བརྗོད་ན་སྟེ། གལ་ཏེ་ཇི་ལྟར་རང་བཞིན་འབྲེལ་པའི་མཚན་ཉིད་ཀྱི་རྣམ་པ་

གང་གིས་མེད་པ་དེ་ལྟར་རིགས་པ་དེ་བརྗོད་ན། དེ་ཚེ་མེད་ཅེས་བྱ་བར་རྟོགས། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ཚིག་ལེའུར་བྱས་པའི་ཆ་དང་པོ་འཆད་དེ། གལ་ཏེ་མི་དམིགས་པས་མི་དམིགས་པ་ཙམ་གྱིས་མེད་དོ་ཞེས་བྱ་བར་མི་རྟོགས་ན། དེའི་ཚེ་ཆོས་མི་མཐུན་པ་བརྗོད་པ་ཚད་མ་མ་

ཡིན་པས་ཀྱང་མི་རྟོགས་པ་ཁོ་ནར་འགྱུར་ཏེ། འདི་ལྟར་ཁྱོད་ཀྱི་གཞུང་ལུགས་ཀྱིས་ཆོས་མི་མཐུན་པ་སྨོས་པ་དེ་ཡང་མི་དམིགས་པ་ཁོ་ན་རྗོད་པར་བྱེད་པ་ཡིན་གྱི་ཁྱད་པར་ལྷག་པ་ནི་མ་ཡིན་ནོ། །ཇི་སྟེ་ཆོས་མི་མཐུན་པ་སྨོས་པས་ན་གཏན་ཚིགས་མེད་པ་བསྒྲུབ་པར་བྱ་བ་མེད་པས་བྱས་པ་

བརྗོད་པ་མེད་དེ། དེའི་ཕྱིར་ཁྱད་པར་ཡོད་དོ་ཞེ་ན། དེའི་ཕྱིར་གཅིག་མི་དམིགས་པ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་མི་དམིགས་པའོ། །གཞན་མེད་པ་ཞེས་བྱ་བ་ནི་བསྒྲུབ་པ་མེད་པ་སྟེ། འབྲེལ་པ་མེད་ན་ཞེས་བྱ་བར་བསམས་པ་ཡིན་ནོ། །ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་

འབྲེལ་པ་མེད་པར་ལྡོག་ན་ནི་བ་ལང་ལོག་པས་ཀྱང་རྟ་གདོན་མི་ཟ་བར་ལྡོག་པར་འགྱུར་རོ། །ཇི་སྟེ་རྒོལ་བའི་ཚིག་གང་ཡིན་པ་དེ་ནི་ཕྱོགས་ཀྱི་ཆོས་ཉིད་ལ་སོགས་པ་ལ་མི་སླུ་བར་མཐོང་ལ། མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་མེད་དོ་ཞེས་བྱ་བ་ཡང་རྒོལ་བའི་ཚིག་ཡིན་ཏེ། དེའི་ཕྱིར་

ངེས་པར་འགྱུར་རོ་ཞེས་བྱ་བར་འདོད་ན། དེའི་ཕྱིར་ངེས་མེད་དོ་ཞེས་བརྗོད་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒོལ་བ་དེས་མེད་དོ་ཞེས་བརྗོད་པར་བྱས་པ་གང་ཡིན་པ་དེས་དེ་ལྟར་འགྱུར་བ་ཞེས་བྱ་བ་དངོས་པོ་མེད་པ་ཉིད་ཁོ་ནར་འགྱུར་བ་མ་ཡིན་ཏེ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་

Vol. 176 · folio 30a

རོ། །དེའི་ཚེ་ཚད་མ་ཉིད་གཅིག་ཡིན་ན་ནི་དམ་བཅས་པ་ཙམ་གྱིས་ཀྱང་ཐམས་ཅད་གྲུབ་པར་འགྱུར་རོ། །དེ་བས་ན་ཞེས་བྱ་བ་ནི་དེ་ལྟ་བས་ན་ཇི་ལྟར་ཆོས་མི་མཐུན་པ་སྨོས་པས་མ་ངེས་པ་སྤངས་པ་ཡིན་ཏེ་མ་ཡིན་པ་ཉིད་དོ། །དེ་ལྟ་བས་ན་མི་མཐུན་པའི་ཕྱོགས་ལས་གཏན་ཚིགས་

ལྡོག་པར་འདོད་པས་ལྡོག་པ་དེ་ལ་གང་གིས་ན་ཞེས་བྱ་བ་ནི་རིགས་པས་སོ། །འདི་ལ་ཞེས་བྱ་བ་ནི་རྟོགས་པར་བྱ་བ་ལ་རིགས་པ་བརྗོད་པར་བྱ་དགོས་ཏེ། བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་འབྲེལ་པ་བརྗོད་དགོས་སོ། །གཞན་གྱིས་དེ་མེད་པ་ལ་ཞེས་བྱ་བ་སྨྲས་ཏེ། དེ་མེད་པ་ལ་བསྒྲུབ་པར་བྱ་བ་

མེད་པ་ལ་མི་དམིགས་པས་གཏན་ཚིགས་ལྡོག་པ་གྲུབ་པ་མ་ཡིན་ནམ་འདི་ཉིད་རིགས་པ་ཡིན་ནོ་སྙམ་དུ་སེམས་པ་ཡིན་ནོ། །འདི་ནི་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་འཁྲུལ་པ་མེད་པ་མིན་བ་ཞེས་བྱ་བ་དེས་ལན་བཏབ་ཟིན་པ་ཉིད་ཡིན་ཏེ། ཁས་བླངས་ནས་བརྗོད་པ་འབའ་ཞིག་ཏུ་ཟད་

དོ། གལ་ཏེ་མ་མཐོང་བས་གཏན་ཚིགས་ལྡོག་པར་འགྱུར་ན་དེའི་ཚེ་ཅི་སྟེ་གཏན་ཚིགས་ལྷག་ལྡན་འཁྲུལ་ཅན་ཡིན་ཏེ། འཁྲུལ་པ་ཅན་མ་ཡིན་པ་ཁོ་ནར་འགྱུར་རོ། །དེ་ཡང་ཅི་འདྲ་བ་ཞིག་ཅེ་ན་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འབྲས་བུ་འདི་དག་ནི་ཞེས་བྱ་བ་ནི་ཟོས་པ་ལས་གཞན་

པ་དག་སྟེ། འདི་ནི་ཆོས་ཅན་བསྟན་པ་ཡིན་ནོ། །སྨིན་པའམ་རོ་འདི་བྲོ་བ་ཞེས་བྱ་བའི་བྱེ་བྲག་གིས་ནི་བསྒྲུབ་པར་བྱ་བའི་ཆོས་གཉིས་བསྟན་ཏེ། རོ་འདི་བྲོ་བ་ཞེས་བྱ་བ་ནི་མངར་བའམ་སྐྱུར་བའོ། །གཟུགས་ཁྱད་པར་མེད་པའི་ཕྱིར་ཞེས་བྱ་བ་ནི་འབྲས་བུ་ཟོས་པའི་གཟུགས་དམར་བ་ལ་སོགས་

པ་གང་ཡིན་པ་དེ་དང་གཟུགས་འདྲ་བའི་ཕྱིར་རོ། །གཅིག་ལས་སྐྱེས་པའི་ཕྱིར་ཞེས་བྱ་བ་ནི་ཤིང་གཅིག་ལས་སྐྱེས་པའི་ཕྱིར་ཏེ། བྱེ་བྲག་འདི་དག་གིས་ནི་གཏན་ཚིགས་གཉིས་བསྟན་ཏོ། །ཟོས་པ་དང་འདྲའོ་ཞེས་བྱ་བ་ནི་དཔེའོ། །ཅིའི་ཕྱིར་མ་མཐོང་བ་ཙམ་གྱིས་ལྡོག་པར་འདོད་ན་

ལྷག་མ་དང་ལྡན་པ་ཡང་འཁྲུལ་པ་མེད་པ་ཅན་ཉིད་དུ་འགྱུར་ཞེ་ན། འདི་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷག་མ་དང་ལྡན་པའི་རྗེས་སུ་དཔག་པ་འདི་ལ་ཡང་བརྗོད་པར་འདོད་པ་སྟེ། ཟོས་པ་ལས་གཞན་པའི་འབྲས་བུ་གཟུགས་ཀྱི་ཁྱད་པར་ལ་སོགས་པ་དང་ལྡན་པ་དེ་མ་

Vol. 176 · folio 30b

ལུས་པར་ཕྱོགས་སུ་བྱས་ན་བསྒྲུབ་པར་བྱ་བ་མེད་པ་ཞེས་བྱ་བ་སྟེ། སྨིན་པ་ལ་སོགས་པ་མེད་པ་གཏན་ཚིགས་གཟུགས་ཀྱི་ཁྱད་པར་ལ་སོགས་པ་མི་དམིགས་པ་ཡོད་པས་མི་མཐུན་པའི་ཕྱོགས་ལས་ལྡོག་པ་མ་ཡིན་ནོ། །དེའི་འཁྲུལ་པ་མེད་པ་ཉིད་དུ་འགྱུར་རོ། །འདི་ལྟར་ཕྱོགས་སུ་

བྱས་པ་བརྗོད་པར་འདོད་པའི་འབྲས་བུ་གང་ཡིན་པ་དང་། མཐུན་པའི་ཕྱོགས་ཉིད་དུ་གཟུང་བ་ཟོས་པ་གང་ཡིན་པ་དེ་ལ་མ་གཏོགས་པ་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཕུང་པོ་གསུམ་པ་ལ་ནི་ཇི་སྐད་བཤད་པའི་གཏན་ཚིགས་འཇུག་པ་མེད་དོ། །ཁ་ཅིག་ན་རེ་མངོན་གསུམ་གྱིས་གནོད་

པ་ཞེས་བྱ་བ་ལ་སོགས་པ་ནི་ཁ་ཅིག་ན་རེ་རེས་འགའ་གཅིག་ལས་སྐྱེས་པའི་འབྲས་བུ་ལ་ཡང་མ་སྨིན་པའམ། དེ་མི་བྲོ་བ་མངོན་སུམ་དུ་ཉམས་སུ་མྱོང་བ་སྲིད་པའི་ཕྱིར། མངོན་སུམ་གྱིས་གནོད་པར་དོགས་ཏེ། དེ་ཉིད་ལྷག་མ་དང་ལྡན་པའི་འཁྲུལ་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་དེ་ལྟ་མ་

ཡིན་ཏེ། རོ་ལ་སོགས་པ་མངོན་སུམ་དུ་མ་བྱས་པ་ལ་ནི་རྗེས་སུ་དཔག་པ་ཁོ་ན་འཇུག་པས་ཕྱོགས་སུ་བྱས་པའི་ཡུལ་བསྒྲུབ་པར་བྱ་བ་ཉིད་དུ་གཟུང་བ་ལ་མངོན་སུམ་གྱིས་གནོད་པ་མེད་པའི་ཕྱིར་རོ། །ཇི་སྟེ་མངོན་སུམ་ཞུགས་པས་གནོད་པར་དོགས་པ་ནི་མ་ཡིན་ནོ། །འོན་ཀྱང་གལ་ཏེ་

ན་མངོན་སུམ་གྱིས་གནོད་པར་འགྱུར་ཞེ་ན། དེ་ལྟ་བུས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་བུས་དོགས་ན་ཞེས་བྱ་བ་ནི་གལ་ཏེ་མངོན་སུམ་གྱིས་གནོད་པར་འགྱུར་བར་དོགས་ན་ཧ་ཅང་ཐལ་བར་འགྱུར་རོ། །འདི་ལྟར་མི་འཁྲུལ་པར་མངོན་པར་འདོད་པའི་གཏན་ཚིགས་གཞན་ལ་ཡང་མངོན་

སུམ་གྱིས་གནོད་པར་ངེས་པ་མེད་པའི་ཕྱིར་ཏེ། ཕ་རོལ་པོ་འབྲེལ་པ་ཁས་མི་ལེན་ན་གནོད་པར་དོགས་པ་མི་ལྡོག་གོ་སྙམ་དུ་བསམ་པ་ཡིན་ནོ། །དེ་ལྟ་བས་ན་ཚད་མ་ཞུགས་ཤིང་རབ་ཏུ་ཞུགས་པ་གནོད་པར་བྱེད་པ་ཡིན་པར་འདོད་པར་བྱའོ། །མ་ཞུགས་པར་གནོད་ན་སྟེ། ཚད་མ་མ་བྱུང་བ་

ཁོ་ནར་གནོད་ན་ནི་ཐམས་ཅད་ལ་ཡིད་བརྟན་དུ་མི་རུང་ངོ་། །ལྷག་མ་དང་ལྡན་པ་ལ་ནི་ཚད་མ་ཞུགས་པའི་གནོད་པར་བྱེད་པ་ཡང་ཡོད་པ་མ་ཡིན་ཏེ། དེ་ལྟ་བས་ན་མ་མཐོང་བ་ཙམ་གྱིས་ལྡོག་པ་ཡིན་ན་ལྷག་མ་དང་ལྡན་པ་ཡང་འཁྲུལ་པ་མེད་པ་ཉིད་དུ་འགྱུར་རོ་ཞེས་བྱ་བ་འདི་གནས་པ་

Vol. 176 · folio 31a

ཡིན་ནོ། །གལ་ཏེ་མ་མཐོང་བ་ནི་མཐོང་བ་མེད་པ་ཡིན་པས། དེ་ལ་ནི་དྲན་པ་བསྐྱེད་པ་ལ་ལྟོས་མི་དགོས་སོ་ཞེ་ན། འོ་ན་ནི་ཁྱོད་ཀྱིས་བཤད་པ་ལྡོག་པ་ལ་ཡང་དེ་དང་འདྲ་བར་འགྱུར་རོ་ཞེ་ན། དེའི་ཕྱིར་བཟློག་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་མཐུན་པའི་ཕྱོགས་ལས་

གཏན་ཚིགས་ལྡོག་པ་གང་ཡིན་པ་དེ་ནི་གྲུབ་པ་ཁོ་ན་སྟེ་ངེས་པ་ཁོ་ན་སྒྲུབ་པ་ཡིན་ནོ། །གཏན་ཚིགས་དེའི་ཕྱིར་དེ་ལྟ་བུའི་ངོ་བོ་ནི་ངེས་པ་ལ་སྟེ། ལྡོག་པའི་ངོ་བོ་ནི་ངེས་པ་ལ་ལྟོས་སོ། །དེ་ནི་འདི་སྐད་དུ་ཁོ་བོ་ཅག་གི་ལྡོག་པ་ནི་ཁྱོད་ཀྱི་ལྟ་བུར་མཐོང་བ་མེད་པ་ཙམ་ནི་མ་ཡིན་ནོ། །འོན་ཀྱང་བསྒྲུབ་པར་བྱ་

བ་དང་། སྒྲུབ་པ་དག་འབྲེལ་པ་ཡོད་ལ། བསྒྲུབ་པར་བྱ་བ་མེད་ན་གཏན་ཚིགས་མི་མཐུན་པའི་ཕྱོགས་ལས་ལོག་པ་རང་ལ་ཡོད་པའི་ཆོས་ཉིད་ཡིན་ནོ། །གཏན་ཚིགས་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ཡང་གདོན་མི་ཟ་བར་རང་ངེས་པ་ལ་ལྟོས་ཏེ། ཤེས་པར་བྱེད་པ་ཡིན་པའི་ཕྱིར་རོ། །གལ་ཏེ་ཁྱོད་ཀྱི་

གཞུང་ལུགས་ལྟར་ན་ཡང་ཇི་ལྟར་ལྷག་མ་དང་ལྡན་པ་འཁྲུལ་པ་ཉིད་ཡིན་ཞེ་ན། མི་དམིགས་པའི་སྒོ་ནས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷག་མ་དང་ལྡན་པ་ལ་ཇི་སྐད་བཤད་པ་ལྟ་བུའི་ལྡོག་པ་ནི་མེད་དོ། །འོ་ན་ཅི་ཞེ་ན་མི་དམིགས་པ་ཙམ་དུ་ཟད་དོ། །དེ་ལྟ་བས་ན་མི་དམིགས་པའི་སྒོ་ནས་ནི་མི་མཐུན་

པའི་ཕྱོགས་ཀྱི་ཕྱོགས་འགའ་ཞིག་ལ་གཏན་ཚིགས་མེད་པར་གྲུབ་ཏུ་ཟིན་ཀྱང་། གཏན་ཚིགས་བསྒྲུབ་པར་བྱ་བ་དང་འབྲེལ་པ་མེད་པ་ནི་སྒྲུབ་པར་བྱེད་པ་དེ་མེད་ཀྱང་མི་མཐུན་པའི་ཕྱོགས་སུ་གྱུར་པའི་དངོས་པོ་ཐམས་ཅད་ལ་མེད་པར་མི་འགྲུབ་པའི་གཏན་ཚིགས་ཀྱིས་ན་ཐེ་ཚོམ་ཟ་བ་ཡིན་ནོ། །དེའི་

ཕྱིར་མི་མཐུན་པའི་ཕྱོགས་ལས་ལྡོག་པ་མེད་པ་གང་ཡིན་པ་དེ་ཉིད་ལྷག་མ་དང་ལྡན་པའི་འཁྲུལ་པ་ཡིན་ནོ། །གཞན་ཡང་ཞེས་བྱ་བ་ནི་ཉེས་པ་གཞན་བསགས་པ་ཡིན་ཏེ། གལ་ཏེ་མ་མཐོང་བས་ལྡོག་པ་ཡིན་ན། དེའི་ཚེ་ལྡོག་པ་ཅན་ཡང་གཏན་ཚིགས་འགྱུར། ཇི་ལྟ་བུ་ཞིག་ཅེ་ན། གསོན་པོའི་

ལུས་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་ཐལ་བར་འགྱུར་བའི་སྒོ་ནས་བཤད་པ་ཡིན་ནོ། །སྦྱོར་བ་ནི་གསོན་པོའི་ལུས་ནི་བདག་དང་བཅས་པ་ཡིན་ཏེ། སྲོག་ལ་སོགས་པ་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུ་ཡིན་ནོ། །འདི་ལྟར་བདག་མེད་པ་ནི་བདག་དང་བྲལ་བའོ། །འདི་

Vol. 176 · folio 31b

ཡང་མ་མཐོང་བ་ཚད་མར་བྱས་ནས་གཞན་གྱི་གཞུང་ལུགས་སུ་བཤད་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་བུམ་པ་ལ་སོགས་པ་ཡང་ཇི་ལྟར་བདག་མེད་པ་ཡིན། མཐོང་བ་དང་མ་མཐོང་བ་དག་ལ་སྲོག་ལ་སོགས་པ་མ་མཐོང་བའི་ཕྱིར་ཞེས་བྱ་བ་ནི་སྲོག་དང་དབུགས་རྔུབ་པ་དང་། འཛུམས་པ་དང་འབྱེད་པ་མ་

མཐོང་བའི་ཕྱིར་རོ། །མཐོང་བ་དག་ལ་ནི་རང་བཞིན་མི་དམིགས་པ་ཁོ་ནས་མ་མཐོང་བ་ཡིན་ཏེ། སྲོག་ལ་སོགས་པ་ནི་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་ཡིན་པའི་ཕྱིར་རོ། །མ་མཐོང་བ་དག་ལ་ཡང་དེ་དང་རིགས་མཐུན་པས་སོ། །དེ་ལས་ལོག་པས་ཞེས་བྱ་བ་ནི་བདག་མེད་པ་དེ་ལས་སྲོག་

ལ་སོགས་པ་མ་མཐོང་བ་ཙམ་གྱིས་ལོག་པས་གསོན་པའི་ལུས་ལ་བདག་ཡོད་པར་རྟོགས་པར་འགྱུར་རོ།། །།བམ་པོ་བཞི་པ། གལ་ཏེ་ཁྱོད་ཀྱི་ལྟར་ན་ཇི་ལྟར་ཐེ་ཚོམ་གྱི་རྒྱུ་ཡིན་ཞེ་ན། བལྟར་མི་རུང་བ་མི་དམིགས་པས་ཞེས་བྱ་བ་སྨོས་ཏེ། བདག་བལྟར་མི་རུང་བ་མི་དམིགས་

པས་བུམ་པ་ལ་སོགས་པ་ལ་མེད་པར་མ་གྲུབ་ན། བུམ་པ་ལ་སོགས་པ་བདག་མེད་པར་མ་གྲུབ་པའི་གཏན་ཚིགས་ཀྱིས་བདག་མེད་པ་ལས་སྲོག་ལ་སོགས་པ་ལྡོག་པ་མེད་དོ། །བུམ་པ་ལ་སོགས་པ་ལས་སྲོག་ལ་སོགས་པ་ལོག་ཏུ་ཟིན་ཀྱང་། འོན་ཀྱང་བདག་མེད་པ་ལས་ལོག་གོ་ཞེས་བྱ་བ་ནི་

མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་སངས་རྒྱས་པས་བདག་མེད་པར་ཁས་བླངས་ཏེ། དེ་བས་ན་ཁས་བླངས་པའི་ཕྱིར་བུམ་པ་ལ་སོགས་པ་བདག་མེད་པ་ཉིད་དུ་འགྲུབ་པོ་ཞེ་ན། གལ་ཏེ་སངས་རྒྱས་པས་ཁས་བླངས་པ་ཚད་མ་ཡིན་ན། ད་ནི་ཇི་ལྟར་ན་གསོན་པོའི་ལུས་ལ་

བདག་འགྲུབ་སྟེ། སངས་རྒྱས་པ་ནི་དེ་ཡང་བདག་མེད་པར་འདོད་དོ། །གསོན་པོའི་ལུས་ལ་བདག་མེད་པར་ཁས་ལེན་པ་ནི་ཚད་མ་མ་ཡིན་པས་དེའི་ཕྱིར་འདི་ནི་བདག་མེད་པར་མི་འདོད་དོ་ཞེ་ན། གལ་ཏེ་དེ་ལྟ་ན་གཞན་ཏེ། གསོན་པོའི་ལུས་ལས་གཞན་པ་བུམ་པ་ལ་སོགས་པ་

བདག་མེད་པ་ཚད་མ་མ་ཡིན་པ་ཡང་ཇི་ལྟར་འགྲུབ་པར་འགྱུར། སངས་རྒྱས་པའི་ཁས་བླངས་པ་ཁ་ཅིག་ཏུ་ནི་ཚད་མ་ཡིན་ལ་ཁ་ཅིག་ཏུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མི་རུང་ངོ་། །ཇི་སྟེ་གསོན་པོའི་ལུས་ནི་བདག་དང་བཅས་པར་ཁོ་བོ་འདོད་པས་དེའི་ཕྱིར་འདི་ནི་བདག་མེད་པ་མ་

Vol. 176 · folio 32a

ཡིན་ནོ། །བུམ་པ་ལ་སོགས་པ་ནི་གཉི་གས་ཀྱང་བདག་མེད་པར་ཁས་བླངས་སོ་ཞེ་ན། དེའི་ཕྱིར་ཁས་བླངས་པས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བདག་དང་བཅས་པ་དང་བདག་མེད་པ་དག་རྣམ་པར་ཕྱེ་ནས་ཞེས་བྱ་བ་ནི་གསོན་པོའི་ལུས་ནི་བདག་དང་བཅས་པའོ། །བུམ་

པ་ལ་སོགས་པ་ནི་བདག་མེད་པའོ་ཞེས་རྣམ་པར་དབྱེ་བ་བྱས་ནས་སོ། །བདག་མེད་པ་བུམ་པ་ལ་སོགས་པ་དེ་ལ་སྲོག་ལ་སོགས་པ་མེད་པས་རྟོགས་པར་བྱེད་པ་ཉིད་ཡིན་པར་རྗོད་པར་བྱེད་པ་གཞན་གྱིས་ཀྱང་བདག་ལུང་ལས་བྱུང་བ་ཉིད་དེ་ལུང་གིས་གྲུབ་པ་ཉིད་དུ་ཁས་བླངས་པར་འགྱུར་གྱི།

རྗེས་སུ་དཔག་པར་བྱ་བ་ནི་མ་ཡིན་ནོ། །དེ་ལྟ་བས་ན་བུམ་པ་ལ་སོགས་པ་ལ་བདག་བལྟར་མི་རུང་བའི་རང་བཞིན་མ་མཐོང་དུ་ཟིན་ཀྱང་བདག་ལྡོག་པ་མ་གྲུབ་པའི་ཕྱིར་བདག་མེད་པ་གང་ལས་ཀྱང་སྲོག་ལ་སོགས་པ་ལྡོག་པ་མེད་པས་རྟོགས་པར་བྱེད་པ་མ་ཡིན་པ་ཉིད་དེ། དེ་ལྟར་ན་རེ་ཞིག་བདག་ནི་

གང་ལས་ཀྱང་ལྡོག་པ་མ་གྲུབ་པ་ཡིན་ནོ། །ཁས་བླངས་ཏེ་ཡང་བརྗོད་པར་བྱ་སྟེ། འགའ་ཞིག་ལ་བུམ་པ་ལ་སོགས་པ་མཐོང་བ་ལའོ། །དེ་ལོག་སྟེ་བདག་ལོག་སྟེ་སྲོག་ལ་སོགས་པ་ལོག་ཀྱང་འབྲེལ་པ་མེད་པའི་ཕྱིར། བདག་དང་ལྷན་ཅིག་འབྲེལ་པ་མེད་པའི་ཕྱིར་ཐམས་ཅད་ལ་སྟེ། བུམ་པ་

ལ་སོགས་པ་མ་མཐོང་བ་ལ་ཡང་བདག་ལོག་པས་སྲོག་ལ་སོགས་པ་ལྡོག་པ་མི་འགྲུབ་པས། ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡིན་པའི་ཕྱིར་རྟོགས་པར་བྱེད་པ་མ་ཡིན་པ་ཉིད་དོ། །མ་མཐོང་བ་ཙམ་གྱིས་ལྡོག་པར་ཁས་ལེན་ན་ཉེས་པ་གཞན་འདི་ཡང་ཡོད་པས་གང་ཡང་མི་འགྲུབ་པའི་སྦྱོར་བ་ཞེས་བྱ་བ་ལ་

སོགས་པ་སྨོས་སོ། །དེ་ཡང་ཇི་ལྟ་བུ་ཞིག་ཅེ་ན། དེ་བཞིན་དུ་མཐུན་པའི་ཕྱོགས་ལ་ཡོད་པ་དང་། མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་སློབ་དཔོན་གྱི་གཞུང་ཡིན་ནོ། །དེ་ལས་ནི་ཕྱོགས་ཀྱི་ཆོས་ནི་རྒོལ་བ་དང་ཕྱིར་རྒོལ་བ་ལ་ངེས་པར་གཟུང་ངོ་ཞེས་བཤད་དེ། དེས་ནི་གཉི་གའམ་གང་ཡང་

རུང་བ་ལ་མ་གྲུབ་པ་དང་། ཐེ་ཚོམ་ཟ་བ་དང་། གཞི་མ་གྲུབ་པ་བསལ་བ་ཡིན་ནོ། །ཇི་ལྟར་ཕྱོགས་ཀྱི་ཆོས་ངེས་པ་མ་གྲུབ་པ་རྣམ་པ་བཞི་བསལ་བ་དེ་བཞིན་དུ་མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་ཞེས་བྱ་བ་ལ་སོགས་པ་ལ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པས་མ་གྲུབ་པའི་རྣམ་པ་བསལ་བ་

Vol. 176 · folio 32b

ཡིན་ནོ། །ཅི་རིགས་པར་བརྗོད་པར་བྱའོ་ཞེས་བྱ་བ་ནི། མ་གྲུབ་སྦྱར་བ་དེ་ཡང་བརྗོད་བྱ་མིན། །དེ་བསྟན་པའི་ཕྱིར་མི་དམིགས་པ་ཁོ་ནར་ཟད་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་དམིགས་པ་ཚད་མ་མ་ཡིན་པ་ཁོ་ནར་ཟད་པ་ཡིན་ན་མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་ཐེ་ཚོམ་ཟ་བའི་ཕྱིར་རོ། །ཇི་ལྟ་

ཞེ་ན་དམིགས་ན་དེ་མེད་པའི་ཕྱིར་ཏེ། མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་དམིགས་ན་ཐེ་ཚོམ་དེ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་མི་དམིགས་པའི་ཕྱིར། མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་ལྡོག་གོ་ཞེས་བྱས་ན། དོན་གྱི་ལྡོག་པ་ལ་ཐེ་ཚོམ་ཟ་བའི་གཏན་ཚིགས་འདོད་པ་ཁོ་ན་ཡིན་ནོ། །དེ་བས་

ན་ཐེ་ཚོམ་དུ་གྱུར་པ་ཡང་མ་བཟློག་པར་འགྱུར་ཏེ། ཐེ་ཚོམ་གྱི་ཡུལ་དུ་བྱས་ཤིང་ཐེ་ཚོམ་དུ་གྱུར་པའི་ལྡོག་པ་ཡང་མ་བཟློག་པར་འགྱུར་རོ། །གལ་ཏེ་ཅི་རིགས་པར་བརྗོད་པར་བྱའོ་ཞེས་བྱུང་བས་ཅི་རིགས་པར་ཞེས་སྨོས་པའི་ཕྱིར། ཐེ་ཚོམ་དུ་གྱུར་པ་མ་བཟློག་པ་དེ་ཁོ་ན་ཡིན་ནོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་

ཏེ། དེའི་མཇུག་ཐོགས་ཏེ་ཁོ་ནར་བརྗོད་པ་གང་ཞིག་གཉི་ག་ལ་ངེས་པ་ཁོ་ན་ཞེས་བྱ་བ་ལ་སོགས་པ་འབྱུང་བའི་ཕྱིར་ཏེ། སྒྲ་གང་ཞིག་གཉི་ག་ལ་ངེས་པའི་ཚུལ་གསུམ་པ་དང་མ་གྲུབ་པ་ཉིད་ལ་སོགས་པ་རྗོད་པར་བྱེད་པ་དེ་ཁོ་ན་མ་གྲུབ་པ་དང་། སུན་འབྱིན་པ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་

རོ། །གལ་ཏེ་ལྡོག་པ་ལ་ཐེ་ཚོམ་ཟ་བ་གཏན་ཚིགས་ཡིན་པར་བཞེད་བ་ཞིག་ཏུ་གྱུར་ན་ནི། ངེས་པ་ཞེས་བྱ་བ་སྨོས་པར་མི་འགྱུར་རོ། །ཅི་རིགས་པར་ཞེས་བྱ་བ་སྨོས་པ་ནི་མི་མཐུན་པའི་ཕྱོགས་ལ་ཆོས་ཅན་མ་གྲུབ་པའི་ཉེས་པ་སྤངས་པའི་ཕྱིར་མཛད་པ་ཡིན་ནོ། །གང་གི་ཕྱིར་མི་དམིགས་པ་ཙམ་གྱིས་

ངེས་པ་མེད་པ་དེའི་ཕྱིར། སློབ་དཔོན་གྱིས་མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་མི་དམིགས་ཀྱང་ཐེ་ཚོམ་ཟ་བས་མི་མཐུན་པའི་ཕྱོགས་ལས་ལྡོག་པ་མེད་པར་དེ་དགོངས་ཏེ་དགག་པར་ཐེ་ཚོམ་དུ་གྱུར་པ་དགག་པར་ངེས་པ་ཞེས་སྨོས་པས་བཤད་པ་ཡིན་ནོ། །གཞན་ཡང་གལ་ཏེ་མ་མཐོང་བས་

ལྡོག་པར་འདོད་པ་དེའི་ཚེ། ཁྱད་པར་ཏེ་མཉན་པར་བྱ་བ་ཉིད་ལ་སོགས་པ་ཐུན་མོང་མ་ཡིན་པ་རྣམ་པར་གཅོད་པའི་གཏན་ཚིགས་སུ་འགྱུར་རོ། །ཅིའི་ཕྱིར་ཞེ་ན། རྟག་པ་དང་མི་རྟག་པ་དག་ལ་མ་མཐོང་བའི་ཕྱིར་རོ། །ད་མཉན་པར་བྱ་བ་ཉིད་ཀྱང་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་ལྟར་

Vol. 176 · folio 33a

མ་མཐོང་བ་ཙམ་ལས་ལྡོག་པར་འདོད་ན་རྟག་པ་དང་། མི་རྟག་པ་དག་ལ་ཡང་མཉན་པར་བྱ་བ་ཉིད་མ་མཐོང་བ་ཡོད་པས། དེ་དག་རྣམ་པར་གཅོད་པའི་གཏན་ཚིགས་ཉིད་དུ་འགྱུར་ཏེ། རྟག་པ་དང་མི་རྟག་པ་དགག་པའི་གཏན་ཚིགས་ཉིད་དུ་འགྱུར་རོ། །རྟག་པ་དང་མི་རྟག་པ་དག་

ལས་མཉན་པར་བྱ་བ་ཉིད་ལོག་ཏུ་ཟིན་མོད། དེ་དག་རྣམ་པར་གཅོད་པ་གོ་ཅིའི་ཕྱིར་རྟོགས་པར་བྱེད་ཅེ་ན་རྣམ་པར་གཅོད་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་གཅོད་པ་སྟེ། རྟག་པ་དང་མི་རྟག་པ་རྣམ་པར་གཅོད་པ་ནི་དེ་དག་ལས་ལོག་པ་ལས་ཏེ། རྟག་པ་དང་མི་རྟག་པ་ལས་

ལྡོག་པ་ལས་གཞན་མ་ཡིན་ནོ། །གལ་ཏེ་འགའ་ཞིག་ལ་དེ་ལོག་པའི་ཆོས་ཡོད་ལ་དེ་དག་རྣམ་པར་གཅོད་པ་དང་ལྡན་པ་མ་ཡིན་པར་གྱུར་ན་ནི་དེའི་ཚེ་དེ་ལས་མ་ལོག་པ་ཁོ་ནར་འགྱུར་རོ། །གལ་ཏེ་ཁྱོད་ཀྱི་ལྟར་ན་ཡང་མཉན་པར་བྱ་བ་ཉིད་ཇི་ལྟར་རྣམ་པར་གཅོད་པའི་གཏན་ཚིགས་མ་ཡིན་ཞེ་ན།

རྣམ་པར་གཅོད་པ་མ་ཡིན་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་ལས་ཀྱང་ཞེས་བྱ་བ་ནི་རྟག་པ་དང་མི་རྟག་པ་ལས་ཏེ་མ་མཐོང་བ་ཙམ་གྱིས་ལྡོག་པ་ཉིད་ངེས་པ་མེད་པའི་ཕྱིར་རོ། །དེ་ནི་གདོན་མི་ཟ་བར་དེ་ལྟ་ཡིན་ནོ། །དེ་ལྟར་མ་ཡིན་ན་ཆོས་ཅན་འགའ་ཞིག་ལ་ཆོས་གང་ཞིག་གང་ལ་མེད་དོ་

ཞེས་བྱ་བར་ངེས་པ་དེ་ཡོད་ན་ཇི་ལྟར་དེ་མེད་པར་ཏེ། གང་ལ་མེད་དོ་ཞེས་བྱ་བ་ངེས་པ་དེ་མེད་པར་རྟོགས་པར་མི་བྱེད། མཉན་པར་བྱེད་པ་ཉིད་ནི་བྱས་པ་ཉིད་ལ་སོགས་པ་བཞིན་དུ་དངོས་པོའི་ཆོས་ཡིན་པའི་ཕྱིར་གནོད་པར་བྱེད་པའི་མཚན་མ་འཇུག་པས་རྟག་པ་ལས་ལྡོག་པ་ཡོད་པ་དེ་ཁོ་ན་མ་ཡིན་

ནམ་ཞེ་ན། བདེན་ན་འོན་ཀྱང་གཞན་དག་རྟག་པ་ཡང་དངོས་པོར་འདོད་དེ། དེའི་ཕྱིར་ཐུན་མོང་མ་ཡིན་པ་དངོས་པོའི་ཆོས་ཡིན་པ་གདོན་མི་ཟ་བར་དངོས་པོ་ལ་ཁྱབ་པར་བྱེད་པའི་ཁྱད་པར་འགའ་ཞིག་ལ་འཇུག་པས་འདི་ནི་གཞན་གྱི་ལྟ་བ་ལ་ལྟོས་ནས་བརྗོད་པ་ཡིན་ནོ། །གལ་ཏེ་མཉན་པར་བྱ་

བ་ཉིད་རྟག་པ་དང་མི་རྟག་པ་དག་ལས་ལྡོག་ཀྱང་གཉི་ག་རྣམ་པར་གཅོད་པ་བསྒྲུབ་བྱར་ཚད་མ་གཞན་གནོད་པར་དོགས་སོ། །འདི་ཉིད་ཀྱི་རྣམ་པར་བཤད་པ་ནི་ཇི་སྟེ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། མཉན་པར་བྱ་བ་ཉིད་ཀྱིས་གཉི་ག་རྣམ་པར་གཅོད་པ་ཡིན་ན་སྟེ། རྟག་པ་དང་མི་རྟག་པ་

Vol. 176 · folio 33b

རྣམ་པར་གཅོད་པ་བསྒྲུབ་པར་བྱ་བ་ཡིན་ན། གནོད་པར་བྱེད་པའི་ཚད་མ་གཞན་ཡོད་དོ། །གནོད་པར་བྱེད་པ་དེ་གང་ཞེ་ན། ཕན་ཚུན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་ལ་ཕན་ཚུན་རྣམ་པར་གཅོད་པའི་ངོ་བོ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །འདི་ལྟར་མི་རྟག་པ་ཉིད་ནི་རྟག་པ་ཉིད་

རྣམ་པར་གཅོད་པ་རྟག་པ་ཉིད་ཀྱང་དེ་རྣམ་པར་གཅོད་པ་ཡིན་ནོ། །དེ་དག་ནི་གཅིག་རྣམ་པར་བཅད་པས་གཞན་བསྒྲུབ་པའི་ཕྱིར་ཏེ། ཟླ་བོ་གཉིས་པ་སྒྲུབ་པའི་ཕྱིར་དགག་པ་མ་ཡིན་ནོ། །གལ་ཏེ་མཉན་པར་བྱ་བ་ཉིད་རྟག་པ་ལས་ལོག་པས་དེ་རྣམ་པར་གཅོད་པར་བྱེད་པ་དེ་ཉིད་ཀྱི་ཚེ་མི་རྟག་པ་

ཉིད་སྒྲུབ་པར་འགྱུར་ལ། དེ་ཉིད་ཀྱི་ཚེ་མི་རྟག་པ་ལས་ཀྱང་ལོག་པར་མི་རྟག་པ་དགག་པ་དང་མི་རྟག་པ་སྒྲུབ་པར་ཡང་བྱེད་པ་ཡིན་པའི་ཕྱིར་གཅིག་ལ་དུས་གཅིག་ཏུ་དགག་པ་དང་། བསྒྲུབ་པ་དག་ཏུ་འགྱུར་རོ། །དེ་ཡང་རིགས་པ་མ་ཡིན་ཏེ། གཅིག་ལ་དགག་པ་དང་བསྒྲུབ་པ་དག་ནི་འགལ་

བའི་ཕྱིར་རོ། །གནོད་པར་བྱེད་པའི་ཚད་མ་ཡང་འདི་ལྟར་སྦྱར་བར་བྱ་སྟེ། འགལ་བ་གང་ཡིན་པ་དེ་ནི་གཅིག་ལ་ཅིག་ཅར་མི་སྲིད་དེ། དཔེར་ན་གྲང་བ་དང་དྲོ་བ་དག་ལྟ་བུ་ཡིན་ལ། ཇི་སྐད་བཤད་པའི་ཚུལ་གྱིས་ན་རྟག་པ་དང་མི་རྟག་པ་དག་རྣམ་པར་གཅོད་པ་ཡང་དུས་གཅིག་ཏུ་

ཆོས་ཅན་གཅིག་ལ་འགལ་ལོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་ཡིན་ནོ། །གྲུབ་པའི་མཐའ་སྨྲ་བས། ད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ད་ནི་ཞེས་བྱ་བ་ནི་གནོད་པ་ཡོད་པ་ཡིན་ནའོ། །མ་མཐོང་བ་ལས་ཏེ་མཐོང་བ་མེད་པ་ལས་ནི་མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་མེད་

པ་ཡིན་ནོ། །གལ་ཏེ་འདི་ལྟར་གནོད་པ་སྲིད་པའི་ཕྱིར་མ་མཐོང་བ་ཚད་མ་མ་ཡིན་ན་མཉན་པར་བྱ་བ་ཉིད་ཁོ་ན་ཚད་མ་མ་ཡིན་པར་ཟད་ཀྱི། གཞན་ལ་ནི་མ་ཡིན་ནོ་ཞེ་ན། དེ་བཞིན་དུ་ནི་གཞན་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཏན་ཚིགས་གཞན་ལ་ཡང་ལྡོག་པ་བསྒྲུབ་པ་མ་མཐོང་བ་

ལ་ཚད་མ་གཞན་གྱིས་གནོད་པ་སྲིད་དོ། །ཅིའི་ཕྱིར་ཞེ་ན། མཚན་ཉིད་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཏན་ཚིགས་མ་མཐོང་པ་ནི་མི་མཐུན་པའི་ཕྱོགས་ལས་ལྡོག་པའི་རྒྱུའོ་ཞེས་བྱ་བའི་མཚན་ཉིད་གང་ཡིན་པའི་མཚན་ཉིད་དེ་དང་ལྡན་པ་མཉན་པར་བྱ་བ་ཉིད་ཀྱི་མ་མཐོང་བ་གང་ཡིན་

Vol. 176 · folio 34a

པ་དེ་ལ་གནོད་པ་སྲིད་པ་ཡིན་ན་ནི། དེའི་མཚན་ཉིད་དེ་ལྡོག་པ་སྒྲུབ་པ་དེའི་མཚན་ཉིད་ཡུལ་ཐམས་ཅད་པ་སུན་ཕྱུང་བ་ཁོ་ནར་གྱུར་པས་ཐམས་ཅད་ལ་ཡིད་བརྟན་དུ་མི་རུང་ངོ་། །གལ་ཏེ་དེ་ལྟར་ན་རྗེས་སུ་དཔག་པའི་ཡུལ་ཡང་ཁ་ཅིག་ལ་མངོན་སུམ་དང་རྗེས་སུ་དཔག་པ་དང་འགལ་བ་

མཐོང་བ་མཐོང་སྟེ་འདི་ལྟར་སྒྲ་ནི་རྟག་པ་སྟེ་མཉན་པར་བྱ་བ་ཡིན་པའི་ཕྱིར་སྒྲ་ཉིད་ལྟ་བུའོ་ཞེས་བྱས་ན་རྟག་པ་ཉིད་རྗེས་སུ་དཔག་པས་གནོད་པ་དང་། དེ་བཞིན་དུ་སྒྲ་ནི་མཉན་པར་བྱ་བ་མ་ཡིན་ཏེ། ཡོད་པའི་ཕྱིར་བུམ་པ་ལྟ་བུའོ་ཞེས་བྱས་ན་མངོན་སུམ་གྱིས་གནོད་དོ། །དེའི་ཕྱིར་ཐམས་ཅད་

ལ་དེ་དང་མཚན་ཉིད་ཁྱད་པར་བྱེད་པའི་རྗེས་སུ་དཔག་པ་ལ་ཡང་ཡིད་བརྟན་དུ་མི་རུང་བར་ཐལ་བར་འགྱུར་རོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། འབྲས་བུ་རང་བཞིན་དང་མི་དམིགས་པའི་རྟག་པ་ལས་སྐྱེས་པའི་རྗེས་སུ་དཔག་པ་ཇི་སྐད་བཤད་པ་ལྟ་བུ་ལ་མངོན་སུམ་དང་རྗེས་སུ་དཔག་པ་དང་འགལ་

བ་མི་སྲིད་པའི་ཕྱིར་རོ། །མངོན་སུམ་ལ་སོགས་པ་དང་འགལ་བ་སྲིད་ན་ནི་དེའི་མཚན་ཉིད་ཀྱང་མ་ཡིན་པའི་ཕྱིར་ཏེ། རྗེས་སུ་དཔག་པའི་མཚན་ཉིད་ཀྱང་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ཇི་སྟེ་ཇི་སྐད་བཤད་པའི་མཚན་ཉིད་ཀྱི་རྗེས་སུ་དཔག་པ་ལ་གནོད་པ་མེད་ན་དེའི་ཚེ་སློབ་དཔོན་གྱིས་

གཏན་ཚིགས་ཀྱི་མཚན་ཉིད་དང་ལྡན་པ་འགལ་བ་འཁྲུལ་པ་མེད་པ་ཅན་ཏེ་ཕན་ཚུན་འགལ་བའི་དོན་སྒྲུབ་པར་བྱེད་པ་གཏན་ཚིགས་གཉིས་ཆོས་ཅན་གཅིག་ལ་ཞུགས་པ་བཤད་པ་དེ་མི་བརྗོད་པར་འགྱུར་རོ་ཞེ་ན་ཞེས་བྱ་བ་འདིས་ནི་ཁས་བླངས་པ་ཉམས་པར་བསྟན་པ་ཡིན་ནོ། །རྗེས་སུ་དཔག་

པའི་ཡུལ་ལ་འགལ་བ་འཁྲུལ་པ་མེད་པ་ཅན་མ་བརྗོད་པའི་ཕྱིར་འདོད་པ་ཁོ་ན་ཡིན་པས་ཁས་བླངས་པ་ཉམས་པ་ག་ལ་ཞིག་ཡོད། འོ་ན་སློབ་དཔོན་གྱིས་གང་ལ་བཤད་ཅེ་ན། འདིའི་ཡུལ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིའི་ཞེས་བྱ་བ་ནི་འགལ་བ་འཁྲུལ་པ་མེད་པ་ཅན་གྱིའོ། །གཞན་

ཡང་གལ་ཏེ་མ་མཐོང་བས་ལྡོག་པ་ཞིག་ཡིན་ན་དེའི་ཚེ་བྱེ་བྲག་པ་རྣམས་ཀྱིས་མ་མཐོང་བའི་ཕྱིར། མ་མཐོང་བའི་གཏན་ཚིགས་ཀྱིས་གྲང་བ་ཡང་མ་ཡིན་དྲོ་བ་ཡང་མ་ཡིན་པའི་རེག་པ་མཐོང་བ་དང་མི་ལྡན་པ་སྟེ། མཐོང་བ་ས་ལ་སོགས་པ་དང་མ་འབྲེལ་པར་བརྗོད་པ་གང་ཡིན་

Vol. 176 · folio 34b

པ། །སློབ་དཔོན་གྱིས་ནི་རེག་པ་མ་ཡིན་པ་ཉིད་དུ་བཤད་པ་གང་ཡིན་པ་དེ་ཡང་འཁྲུལ་པ་མེད་པ་ཅན་རིགས་པ་ཁོ་ནར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བསྟན་པའི་ཕྱིར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སློབ་དཔོན་གྱིས་རླུང་གི་རབ་ཏུ་དབྱེ་བ་ལས་གལ་ཏེ་བྱེ་བྲག་པས་མ་མཐོང་བ་

ཙམ་གྱིས་མཐོང་བ་ས་ལ་སོགས་པ་ལས་རེག་པ་འགོག་པར་བྱེད་ན་དེ་ཡང་རིགས་པ་མ་ཡིན་ནོ་ཞེས་བཤད་པ་གང་ཡིན་པ། གལ་ཏེ་སློབ་དཔོན་ཡང་མ་མཐོང་བ་ཙམ་གྱིས་ལྡོག་པར་བཞེད་ན་དེའི་ཚེ་རེག་པ་འགོག་པ་ཇི་ལྟར་རིགས་པ་མ་ཡིན་ཏེ། རིགས་པ་ཁོ་ནར་འགྱུར་རོ། །ཅིའི་ཕྱིར་ཞེ་ན་

གཏན་ཚིགས་འདི་ལ་ཡང་མི་དམིགས་པས་མེད་པ་གྲུབ་པར་ཁས་བླངས་པའི་ཕྱིར་རོ། །ཕ་རོལ་པོས་རེག་པ་དམིགས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གྲང་བ་ཡང་མ་ཡིན་དྲོ་བ་ཡང་མ་ཡིན་པའི་རིགས་པ་ནི་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་ཡིན་པའི་ཕྱིར་ས་ལ་སོགས་པ་ལ་

མི་དམིགས་པ་འདི་དགག་པར་རིགས་པ་ཁོ་ན་མ་ཡིན་ནམ་ཞེ་ན། གྲུབ་པའི་མཐའ་སྨྲ་བས། རིགས་པ་མ་ཡིན་ཞེས་བྱ་བ་སྨོས་སོ། །གཏན་ཚིགས་སུ་སྣང་བ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ས་ལ་སོགས་པ་གང་ཞིག་གྲང་བ་ཡང་མ་ཡིན་དྲོ་བ་ཡང་མ་ཡིན་པ་ལས་གཞན་པའི་རེག་པ་

གྲང་བ་ལ་སོགས་པ་དང་ལྡན་པ་མངོན་སུམ་པ་དེ་ནི་སྣང་བ་ཡིན་ནོ། །དེའི་ཚེ་མངོན་སུམ་པ་མ་ཡིན་ཡང་གལ་ཏེ་གྲང་བ་དང་དྲོ་བའི་རེག་པ་དང་ལྡན་པ་ཁོ་ན་ཡིན་ན་དེ་ནི་དེའི་རང་བཞིན་ཡིན་ནོ། །སྣང་བ་དང་དེའི་རང་བཞིན་ཞེས་ཟླས་དབྱེ་སྟེ། དེ་ཉིད་ཡུལ་ཡིན་ནོ། །དེ་ཙམ་ལ་རེག་པ་འགོག་

པ་མ་ཡིན་པའི་ཕྱིར་ཏེ། དེ་ལ་འགོག་ན་ནི་ཉེས་པར་འགྱུར་བ་ཉིད་དོ། །འདི་ལྟར་བྱེ་བྲག་པ་དེས་ནི་ས་ལ་སོགས་པ་གང་ཅུང་ཟད་ཅི་ཡོད་པ་དེ་ཐམས་ཅད་ནི་གྲང་བ་ཡང་མ་ཡིན་དྲོ་བ་ཡང་མ་ཡིན་པ་དང་བྲལ་བའོ་ཞེས་ཆོས་ཅན་དུ་གྱུར་པ་ས་ལ་སོགས་པ་ཁྱད་པར་མེད་པ་ཁོ་ནར་སྤྱིར་བཟུང་

ནས་རེག་པ་དགག་པ་སྨྲས་སོ། །ས་ལ་སོགས་པ་ཙམ་ལ་ནི་རེག་པ་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་ཡང་མེད་ལ་ས་ལ་སོགས་པ་ལ་རེག་པ་གཅིག་ཏུ་ངེས་པ་ཡང་མེད་དེ། འདི་ལྟར་ས་ལ་སོགས་པ་དེ་ལ་ཡང་ཤིང་བལ་དང་རྡོ་བ་དང་ལོ་མ་ལ་སོགས་པའི་བྱེ་བྲག་དག་ལ་དེ་ཡོད་

Vol. 176 · folio 35a

ཀྱང་། ས་ལ་སོགས་པ་ཡོད་ཀྱང་རེག་པ་ཐ་དད་པ་མཐོང་བའི་ཕྱིར་རོ། །འདི་ལྟར་ཤིང་བལ་གྱི་རེག་པ་ནི་འཇམ་པ་ཉིད་ཀྱི་མཚན་ཉིད་ཡིན་ལ། རྡོ་བ་ལ་སོགས་པའི་ནི་གཞན་ཡིན་ནོ། །འདི་ཡང་ཞེས་བྱ་བ་ནི་དྲོ་བ་ཡང་མ་ཡིན་གྲང་བ་ཡང་མ་ཡིན་པའི་རེག་པ་ཡང་ས་ལས་

གྱུར་པའི་རྫས་ཀྱི་ཁྱད་པར་འགའ་ཞིག་ལ་སྲིད་པར་དོགས་པར་འགྱུར་བའི་ཕྱིར། ས་ལ་སོགས་པ་ཐམས་ཅད་ལ་ནི་མ་མཐོང་བ་ཙམ་གྱིས་དྲོ་བ་ཡང་མ་ཡིན་གྲང་བ་ཡང་མ་ཡིན་པའི་རེག་པ་དགག་པར་རིགས་པ་མ་ཡིན་ནོ། །དེ་ལྟ་བས་ན་སློབ་དཔོན་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ངེས་པ་དང་མ་མཐོང་

བ་ཙམ་གྱིས་དགག་པ་མེད་པ་གསུངས་པ་ན་འབྲེལ་པ་བཞེད་པ་ཞེས་བྱ་བ་འདི་གནས་པ་ཡིན་ནོ། །འོན་ཏེ་འོ་ན་སུ་ཞིག་གིས་དེ་སྐད་དུ་ཀླན་ཀ་བཙལ་ཞེ་ན། དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སློབ་དཔོན་པ་སློབ་དཔོན་གྱི་སློབ་མ་སློབ་དཔོན་གྱི་གཞུང་མངོན་པར་མ་ཤེས་པ་མི་

དམིགས་པས་མེད་པ་སྨྲ་བ་འགའ་ཞིག་གིས་དེ་ལྟར་བཤད་མ་ཐག་པའི་འཐད་པ་དག་གི་ཀླན་ཀ་བཙལ་བ་ཡིན་ནོ། །གཞན་ཡང་མི་དམིགས་པ་ལས་མེད་པ་ཁས་ལེན་ན་རིགས་པས་གནོད་པ་གཞན་འདི་ཡང་ཡོད་དེ་འདི་ལྟར་ཡུལ་ལ་སོགས་པའི་ཁྱད་པར་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་

དུས་དང་ལེགས་པར་བྱ་བའི་ཁྱད་པར་ལས་ཏེ། རྫས་རིགས་གཅིག་པ་དག་ལ་ཡང་ནུས་པ་ཐ་དད་པ་སྣ་ཚོགས་ཀྱི་ངོ་བོ་རོ་དང་ནུས་པ་དང་ཁྱད་པར་དུ་སྨིན་པར་བྱེད་པ་ལ་སོགས་པའི་མཚན་ཉིད་དག་སྣང་ངོ་། །རྫས་ནུས་པ་དུ་མ་དང་ལྡན་པ་དེ་ལ་གཅིག་མཐོང་བས་ཏེ། འགའ་ཞིག་ལ་རྫས་

ཀྱི་ངོ་བོ་གཅིག་ཅིག་མཐོང་བས་ཡུལ་ལ་སོགས་པ་གཞན་ན་དེ་ཡོད་པར་ངེས་པར་བྱར་ཇི་ལྟར་རྫས་མཐོང་བའི་ངོ་བོ་ཉིད་ངེས་པ་ལྟར་བྱར་ནི་རིགས་པ་མ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་ནི་དེ་ཉིད་སྟོན་ཏེ། གལ་ཏེ་མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་མ་མཐོང་བ་ཙམ་གྱིས་

བསྒྲུབ་པར་བྱ་བ་དང་འབྲེལ་པ་མེད་པའི་ཡང་བསྒྲུབ་པར་བྱ་བ་དེར་འཁྲུལ་པ་མེད་པར་འདོད་ན་ནི་དེའི་ཚེ་འགའ་ཞིག་ཏུ་རྫས་མཐོང་བའི་ངོ་བོ་དམིགས་པ་གང་ཡིན་པ་དེ་དེའི་རྫས་དང་འདྲ་བའི་ཕྱིར། དེ་ཐམས་ཅད་ན་གནས་པ་ལ་རྗེས་སུ་དཔག་པར་འགྱུར་ཏེ། དེ་ལ་ཡང་དེའི་དུས་

Vol. 176 · folio 35b

ན་མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་མ་མཐོང་བ་ཙམ་ནི་ཡོད་དོ། །དེ་ཡང་རིགས་པ་མ་ཡིན་ཏེ་འདི་ལྟར་ཡུལ་འགའ་ཞིག་ན་རྫས་ཁ་ཅིག་ཅི་ཞིག་ལྟར་རོ་ལ་སོགས་པ་སོ་སོར་ངེས་པ་ཉིད་དུ་མཐོང་བ་ཡང་ཡུལ་གཞན་ན་གཞན་དུ་ཡང་ཞེས་བྱ་བ་ཇི་ལྟར་མཐོང་བའི་རྣམ་པ་དང་མི་མཐུན་པར་

ཡང་སྣང་ངོ་། །དཔེར་ན་ཞེས་བྱ་བ་ལ་སོགས་པས་ནི་དེ་ཉིད་སྟོན་ཏེ། ནུས་པ་ནི་ནད་སེལ་བའི་མཐུའོ། །ཁྱད་པར་དུ་སྨིན་པར་བྱེད་པ་ནི་ཡོངས་སུ་འཇུ་བར་བྱེད་པ་སྟེ། གང་དག་ལ་རོ་དང་ནུས་པ་དང་ཁྱད་པར་དུ་སྨིན་པར་བྱེད་པ་ཁྱད་པར་ཅན་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །གཞན་ལས་

ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཞིང་ཁྱད་པར་ཅན་ལས་གཞན་པ་ལས་ཏེ། ཡུལ་ཁྱད་པར་ཅན་ལས་ཇི་ལྟ་བར་དུས་དང་ལེགས་པར་བྱ་བའི་ཁྱད་པར་ལས་ཀྱང་དེ་དག་འདྲ་བར་རོ་དང་ནུས་པ་དང་ཁྱད་པར་དུ་སྨིན་པར་བྱེད་པ་ཁྱད་པར་ཅན་དུ་འགྱུར་རོ། །ལེགས་པར་བྱ་བ་ནི་འོ་མས་བཅུ་པ་ལ་སོགས་པའོ། །

ཡུལ་དེ་པ་རྣམས་ཀྱིས་ཞེས་བྱ་བ་ནི་སྐྱེས་བུ་གང་དག་ལ་ཡུལ་དེ་ཡོད་པ་དེ་དག་གིས་དེ་ལྟར་རོ་ལ་སོགས་པ་ཁྱད་པར་ཅན་དང་ལྡན་པར་མཐོང་ཞེས་ཏེ། ཡུལ་དེའི་མ་ཡིན་པ་ཐམས་ཅད་ཀྱང་དེ་ཉིད་དུ་སྟེ། གཟུགས་ལ་སོགས་པ་མཚུངས་པ་ཉིད་དུ་དེ་ལྟ་བུ་ཡིན་པར་ཇི་ལྟར་གཟུང་བའི་ངོ་བོ་ཉིད་

དང་འདྲ་བར་ནི་འགྲུབ་པར་ནི་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། རོ་ལ་སོགས་པ་ཡོན་ཏན་གྱི་ཁྱད་པར་རྣམས་ནི་རྒྱུའི་ཁྱད་པར་ལ་ལྟོས་པའི་ཕྱིར་རོ། །རྒྱུའི་ཁྱད་པར་མེད་ན་ནི། ངོ་བོ་ཉིད་གཅིག་པ་ཉིད་དུ་རྗེས་སུ་དཔག་ཏུ་རུང་ངོ་། །རིག་བྱེད་ཀྱི་ཚིག་གང་ལ་བྱེད་པ་པོ་མ་མཐོང་བ་དེ་ལ་དེ་སྐད་

ཅེས་བྱའོ། །དེ་ཡང་སྐྱེས་བུའི་འདུ་བྱེད་པ་སྔོན་དུ་འགྲོ་བ་ཅན་ཡིན་ཞིང་སྐྱེས་བུའི་རྩོལ་བའི་རྒྱུ་ཅན་ཡིན་ཏེ། འདི་ནི་བསྒྲུབ་པར་བྱ་བའི་འབྲས་བུ་ཡིན་ནོ། །སྐྱེས་བུས་བྱས་པ་དང་སྐྱེས་བུས་བྱས་པ་མ་ཡིན་པ་ཉིད་དུ་འདོད་པའི་ཚིག་ལ་ཁྱད་པར་མེད་པའི་ཕྱིར་ཏེ། འདིས་ནི་གཏན་

ཚིགས་བསྙད་དོ། །སྦྱོར་བ་ནི་དངོས་པོ་གང་ཞིག་གང་དང་རིགས་ཐ་དད་པ་མེད་པ་དེ་ནི་དེ་དང་རྒྱུ་མཚུངས་པ་ཅན་ཡིན་ཏེ། དཔེར་ན་དུ་བ་འགའ་ཞིག་དུ་བ་གཞན་དང་རིགས་མཐུན་པ་ལྟ་བུའོ། །སྐྱེས་བུས་མ་བྱས་པར་འདོད་པའི་ཚིག་རྣམས་ཀྱང་སྐྱེས་བུས་བྱས་པའི་ཚིག་དག་ལས་

Vol. 176 · folio 36a

ངོ་བོ་ཉིད་ཐ་དད་པ་མེད་དོ་ཞེས་བྱ་བ་ནི་འབྲས་བུའི་གཏན་ཚིགས་སོ། །གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ནོ། །འདི་ལྟར་དུག་སེལ་བ་ལ་སོགས་པའི་རྣམ་པ་གང་དག་གིས་རིག་བྱེད་རྣམས་ཀྱི་ཁྱད་པར་དུ་འདོད་པའི་རྣམ་པ་དེ་དག་ཐམས་ཅད་སྐྱེས་བུ་དག་གིས་བྱེད་པར་

མཐོང་བའི་ཕྱིར་ཏེ། འདི་ལྟར་ལོ་མ་ཅན་ལ་སོགས་པའི་གསང་ཚིག་དག་ཀྱང་དུག་ལ་སོགས་པ་སེལ་བ་ལ་སོགས་པར་སྣང་ངོ་། །གལ་ཏེ་སྒྲའི་ངོ་བོ་ཉིད་མཐུན་པའི་ཕྱིར་བྱེད་པ་པོ་མ་མཐོང་བ་ཡང་སྐྱེས་བུས་བྱས་པ་ཉིད་རྗེས་སུ་དཔོག་པར་བྱེད་ན་འོ་ན་དེ་ལྟར་ན་ནི་སྨྲ་བ་པོ་ཉིད་དུ་

མཚུངས་པའི་ཕྱིར། སྐྱེས་བུ་རྣམས་ལས་སྐྱེས་བུ་འགའ་ཞིག་ལ་ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་ལ་སོགས་པའི་ཆོས་མཐོང་ན་ཡང་ཐམས་ཅད་ལ་ཅིའི་ཕྱིར་རྗེས་སུ་མི་དཔག་ཅེ་ན་ལེགས་པར་བྱ་བའི་བྱེ་བྲག་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལེགས་པར་བྱ་བའི་བྱེ་བྲག་ནི་

ཤེས་རབ་ལ་སོགས་པ་དང་མཐུན་པའི་གོམས་པ་སྟེ། དེ་ཤེས་རབ་ལ་སོགས་པའི་ཁྱད་པར་རྟོགས་པའི་ཕྱིར་ཏེ། ཤེས་རབ་དང་ཡིད་གཞུངས་པ་ལ་སོགས་པའི་ཡོན་ཏན་ཐམས་ཅད་ལ་སྐྱེས་བུའི་སོ་སོའི་ཁྱད་པར་མཐོང་བས་སོ། །ཚིག་ལ་སོགས་པ་ཉིད་ཅུང་ཟད་ཙམ་ཆོས་མཐུན་པས་

ཏེ་རྟགས་དེས་རྣམ་པ་ཐམས་ཅད་རྗེས་སུ་དཔག་པར་འགྱུར་པ་ཇི་ལྟར་ཚིག་དག་ལ་རྒྱུའི་ཁྱད་པར་མེད་པ་དེ་ལྟ་བུའི་སྐྱེས་བུ་དག་ནི་རྒྱུའི་ཁྱད་པར་མེད་པ་ཅན་ཡིན་པ་ཉིད་དོ། །གལ་ཏེ་བསྟན་བཅོས་དང་བཟོ་དང་སྒྱུ་རྩལ་ལ་སོགས་པ་ཁོ་ན་ལ་ལེགས་པར་བྱ་བ་ཇི་ལྟ་བ་བཞིན་དུ་ཤེས་རབ་ལ་

སོགས་པ་ཁྱད་ཞུགས་པར་འགྱུར་གྲང་གི་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པར་ནི་མི་སྲིད་དོ་ཞེ་ན། སྨྲས་པ། དེ་བཞིན་དུ་གཞན་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་ལ་ཡང་ཁྱད་པར་སྲིད་པའི་ཕྱིར་རོ། །སྦྱོར་བ་ནི་གང་ལ་ལེགས་པར་བྱ་བའི་ཁྱད་པར་ལས་ཁྱད་པར་རྟོགས་པ་ཡོད་པ་

དེ་ལ་ལེགས་པར་བྱ་བ་ཅི་ལྟ་བ་བཞིན་དུ་ཤིན་ཏུ་ཁྱད་པར་དུ་འགྲོ་བ་ཡང་ཡོད་དེ། དཔེར་ན་བུད་ཤིང་གི་ཡུལ་གྱི་མེ་ལྟ་བུའོ། །ཤེས་རབ་ལ་སོགས་པ་ལ་ཡང་འདུ་བྱ་བའི་ཁྱད་པར་ལས་ཁྱད་པར་རྟོགས་པ་ཡོད་དོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་ལྟར་སྒྲུབ་

Vol. 176 · folio 36b

པར་བྱེད་པའི་ཚད་མ་བསྟན་ནས་གནོད་པ་ཅན་ཡང་མེད་དོ་ཞེས་བསྟན་པའི་ཕྱིར་མི་སྲིད་པར་རྗེས་སུ་དཔག་པ་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་རྒྱུ་མཚན་གྱི་བདུན་པ་སྟེ། ཕ་རོལ་པོས་ཤེས་རབ་ལ་སོགས་པ་སྲིད་པར་རྗེས་སུ་དཔག་པར་བྱ་བ་ལ་དེའི་རྒྱུ་མཚན་གནོད་པར་

བྱེད་པའི་གཏན་ཚིགས་མེད་པའི་ཕྱིར་རོ། །གལ་ཏེ་འདོད་ཆགས་དང་བྲལ་བ་ལ་སོགས་པ་ལ་གནོད་པར་བྱེད་པའི་གཏན་ཚིགས་ཤིག་ཡོད་ན་ནི་དེས་ན་དེ་དག་མི་སྲིད་པར་རྗེས་སུ་དཔག་པར་འགྱུར་རོ། །འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ལ་སོགས་པས་ནི་གནོད་པར་བྱེད་

པ་མེད་པར་བསྟན་ཏེ། འདོད་ཆགས་དང་བྲལ་བ་མ་མཐོང་ཞིང་མཐོང་བ་མེད་པའི་ཕྱིར་རོ། །འདོད་ཆགས་དང་བྲལ་བ་སྨོས་པ་ནི་ཉེ་བར་མཚོན་པའོ། །འདོད་ཆགས་དང་བྲལ་བ་མ་མཐོང་བ་གནོད་པར་བྱ་བ་དང་གནོད་པར་བྱེད་པའི་དངོས་པོ་མི་འགྲུབ་པའི་ཕྱིར། གལ་ཏེ་གང་གིས་ན་གནོད་པར་བྱེད་པའི་

གཏན་ཚིགས་ཚོལ་བར་འགྱུར་བ་འདོད་ཆགས་དང་བྲལ་བ་ལ་སོགས་པ་དངོས་སུ་མི་སྲིད་པར་རྗེས་སུ་དཔོག་པ་ནི་མ་ཡིན་གྱི། འོན་ཀྱང་འདོད་ཆགས་དང་བྲལ་བར་འདོད་པ་དག་ལ་འདོད་ཆགས་ལ་སོགས་པ་རྗེས་སུ་དཔོག་པར་བྱེད་དོ། །དེ་དག་རྗེས་སུ་དཔག་ན་ཤུགས་ཀྱིས་འདོད་

ཆགས་དང་བྲལ་བ་ལ་སོགས་པ་བཀག་པར་འགྱུར་རོ་ཞེས་བྱ་བར་འདོད་ན་དེའི་ཕྱིར། འདོད་ཆགས་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་ཆགས་ལ་སོགས་པའི་རྟགས་འབྲས་བུ་འཁྲུལ་པ་མེད་པ་ཅན་ནི་མེད་དོ། །ཇི་སྟེ་གལ་ཏེ་ཤེས་རབ་ལ་སོགས་པ་ཤིན་ཏུ་ཁྱད་

ཞུགས་པ་ཡོད་ན་ཅིའི་ཕྱིར་མི་སྣང་ཞེ་ན། དེའི་ཕྱིར་སྲིད་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཁྱད་པར་རྣམས་ཞེས་བྱ་བ་འདོད་ཆགས་དང་བྲལ་བ་ལ་སོགས་པ་སྟེ། རང་བཞིན་གྱིས་བསྐལ་པ་རྣམས་ཚུ་རོལ་མཐོང་བས་ལྟ་བར་མི་ནུས་པའི་ཕྱིར་རོ། །གལ་ཏེ་མི་དམིགས་པ་དེ་ཉིད་

ཀྱི་ཕྱིར་དེ་སྤོང་ངོ་ཞེ་ན། དེ་ལྟ་བུ་དག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟ་བུ་དག་ཅེས་བྱ་བ་ནི་བསྐལ་པ་དག་སྟེ། མི་དམིགས་པ་ཙམ་གྱིས་སྤངས་པར་འོས་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ཇི་ལྟར་ཤེས་རབ་ལ་སོགས་པའི་ཁྱད་པར་བལྟར་མི་རུང་བ་ལྟར་རིག་བྱེད་

Vol. 176 · folio 37a

ཀྱི་ཚིག་དག་ཀྱང་དེ་དང་འདྲའོ་ཞེས་ཚིག་རྣམས་ནི་དེ་ལྟ་བུ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅིའི་ཕྱིར་ཞེ་ན། ཁྱད་པར་བལྟར་རུང་བའི་ཕྱིར་ཏེ། འདི་ལྟར་རིག་བྱེད་ཀྱི་ཚིག་རྣམས་ཀྱི་ཁྱད་པར་ནི་བལྟར་རུང་བ་ཁོ་ནར་འདོད་དོ། །འོན་ཏེ་མི་འདོད་ན་ནི་དེ་ལྟ་ན་ཁྱད་པར་

བལྟར་མི་རུང་བ་ཉིད་གཅིག་ཏུ་ཁས་ལེན་ན་ཡང་ཁྱད་པར་མི་དམིགས་པ་དེས་ན་རིག་བྱེད་ཀྱི་ཚིག་ཁྱད་པར་མ་མཐོང་བ་རྣམས་འཇིག་རྟེན་པའི་ཚིག་དག་ལས་རིགས་མི་མཐུན་པ་ཉིད་དུ་ཁས་ལེན་པ་འགལ་བའི་ཕྱིར་རོ། །གལ་ཏེ་རིག་བྱེད་རྣམས་ཀྱི་ཁྱད་པར་མཉན་དཀའ་བ་དང་སྨྲ་དཀའ་བ་

ཉིད་ལ་སོགས་པ་བལྟར་རུང་བ་ཁོ་ན་སྟེ། དེ་དག་ནི་སྐྱེས་བུས་བྱས་པ་རྣམས་དང་། ཐ་དད་པར་འགྱུར་བར་འདོད་ན། དེའི་ཁྱད་པར་རྣམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་ལ་ཡང་ཞེས་བྱ་བ་ནི་སྐྱེས་བུས་བྱས་པ་དག་ལ་ཡང་ངོ་། །ཁྱད་པར་མ་མཐོང་བ་རྣམས་

རིགས་མི་མཐུན་པ་ཉིད་དུ་ཁས་ལེན་པ་འགལ་བའི་ཕྱིར། ཁྱད་པར་རྣམས་བལྟར་མི་རུང་བ་ཉིད་དུ་མི་རིགས་པ་འབའ་ཞིག་ཏུ་མ་ཟད་ཀྱི། མངོན་སུམ་པ་རྣམས་ལ་མངོན་སུམ་མ་ཡིན་པ་འགལ་བ་འདིའི་ཡང་ཕྱིར་ཏེ། གཅིག་ལ་ངོ་བོ་ཉིད་འགལ་བ་གཉིས་ནི་མི་རུང་ངོ་། །གལ་ཏེ་ཁྱད་

པར་རྣམས་ནི་མངོན་སུམ་པ་ཁོ་ན་ཡིན་ལ་འཁྲུལ་པའི་རྒྱུ་མཚན་ཡོད་པའི་ཕྱིར་དུག་ལ་སོགས་པ་ནི་ནུས་པ་བཞིན་དུ་ངེས་པར་མི་ཟིན་པ་འབའ་ཞིག་ཏུ་ཟད་དོ་ཞེ་ན། འཁྲུལ་པའི་རྒྱུ་མཚན་མེད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། དུག་ལ་སོགས་པ་ལ་ནི་གཟུགས་འདྲ་བ་སྣང་བ་འཁྲུལ་པའི་རྒྱུ་མཚན་

ཡིན་ལ། རིག་བྱེད་རྣམས་ལ་ནི་དེ་ལྟ་བུ་མེད་དོ། །གལ་ཏེ་ཇི་ལྟར་ཤེས་ཤེ་ན། གནོད་པར་བྱེད་པ་མེད་པས་འཁྲུལ་པ་མི་འགྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་རིག་བྱེད་རྣམས་ཀྱི་ཁྱད་པར་འཁྲུལ་པས། མི་དམིགས་པ་ལས་ཡང་ཁྱད་པར་ལ་དམིགས་པའི་ཚད་མ་འཁྲུལ་པ་ལ་གནོད་

པར་བྱེད་པ་སྐྱེད་ན་ནི། དེའི་ཚེ་འཁྲུལ་པ་དང་དེའི་རྒྱུ་མཚན་ཡང་ངེས་པར་འགྱུར་བ་ཞིག་ན་དེ་དེ་ནི་མེད་དོ། །དེ་ལྟ་བས་ན་རིག་བྱེད་རྣམས་འཇིག་རྟེན་པའི་སྒྲ་དག་དང་ཁྱད་མེད་པར་བསྒྲུབ་པར་བྱ་བ་ལ་གནོད་པར་བྱེད་པའི་ཚད་མ་མེད་དོ། །འོ་ན་སྐྱེས་བུ་དག་ལ་གང་གིས་ན་རྣམ་པ་ཐམས་

Vol. 176 · folio 37b

ཅད་དུ་ཡོན་ཏན་འདྲ་བ་ཉིད་དུ་སྒྲུབ་པ་ལ་སྐྱོན་དུ་འགྱུར་བ་གནོད་པ་ཅི་ཞིག་ཡོད་ཅེ་ན། སྐྱེས་བུ་དག་ལ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་རབ་ལ་སོགས་པ་ཆེས་ཁྱད་ཞུགས་པ་མཐོང་བ་གང་ཡིན་པ་དེ་གནོད་པར་བྱེད་པ་ཡིན་པའི་མཚུངས་པ་མ་ཡིན་ནོ། །རིག་བྱེད་ཀྱི་ཚིག་རྗེས་སུ་དཔག་པར་

སྒྲ་མངོན་སུམ་པ་རྣམས་ལ་མངོན་སུམ་མ་ཡིན་པའི་ངོ་བོ་ཉིད་མེད་པའི་ཡང་ཕྱིར་རོ་ཞེས་བཤད་པ་གང་ཡིན་པ་གལ་ཏེ་ཁྱད་པར་རང་གི་ངོ་བོར་གྱུར་པ་ཞིག་ཡིན་ན་ནི་ཉེས་པ་འདིར་འགྱུར་བ་ཞིག་ན། འོ་ན་གཞན་གྱི་ངོ་བོར་གྱུར་པ་ཡིན་ནོ་ཞེ་ན། དེའི་ཕྱིར་ཚིག་གི་ཁྱད་པར་གཞན་གྱི་ངོ་བོར་གྱུར་པ་ནི་

ཞེས་བྱ་བ་སྨོས་ཏེ། གཞན་གྱི་ངོ་བོར་གྱུར་པ་ནི་གཞན་གྱི་ངོ་བོར་རེད་པ་སྟེ། གཞན་གྱི་ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །དེའི་ཁྱད་པར་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཚིག་ཁྱད་པར་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་མཇུག་སྡུད་དེ་གང་གི་ཕྱིར་ཚིག་རྣམས་ལ་

ཁྱད་པར་མེད་པ་དེའི་ཕྱིར་ཁྱད་པར་མེད་པའི་རང་བཞིན་སྐྱེས་བུས་བྱས་པ་དང་སྐྱེས་བུས་བྱས་པ་མ་ཡིན་པར་འདོད་པ་ཐམས་ཅད་སྐྱེས་བུས་བྱེད་ཅིང་སྐྱེས་བུ་དག་གིས་བྱེད་དོ། །ཡང་ན་ནི་འགའ་ཡང་མ་ཡིན་ཞེས་བྱ་བ་ནི་འཇིག་རྟེན་པ་ཡང་སྐྱེས་བུས་མི་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་

སློབ་དཔོན་པ་མ་མཐོང་བ་ཙམ་གྱིས་མི་མཐུན་པའི་ཕྱོགས་ལས་གཏན་ཚིགས་ལྡོག་པར་འདོད་པ་ལ་ཕན་ཚུན་འགལ་བར་བཤད་ནས། མུ་སྟེགས་ཅན་རྣམས་ལ་ཡང་བདག་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ས་ལ་ཤེས་ཡོད་པ་ནི་ས་ལ་ཤེས་པ་ཡོད་པ་སྟེ་འདི་ནི་འཇིག་རྟེན་རྒྱང་པན་པའི་ལྟ་བ་

ཡིན་ནོ། །བདག་དང་ས་ལ་ཤེས་པ་ཡོད་པ་ཞེས་ཟླས་དབྱེ་བ་ཡིན་ནོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་འོ་མ་ལ་སོགས་པ་ལ་ཞོ་ལ་སོགས་པ་ཡོད་པ་བསྡུའོ། །དེ་དག་མེད་པ་བསྒྲུབ་པར་བྱ་བ་ལ་གཞན་གྱིས་མི་དམིགས་པ་སྨྲས་ཀྱང་། བདག་ལ་སོགས་པ་སྨྲ་བ་དག་གིས་མི་དམིགས་

པ་ཙམ་ཞིག་ནི་ཚད་མ་ཡིན་པའི་ཕྱིར་རོ་ཞེས་མེད་པ་དེ་རབ་ཏུ་བསྒྲུབ་པ་མ་ཡིན་པར་འདོད་པ་གང་ཡིན་པའི་མི་དམིགས་པ་བདག་ལ་སོགས་པ་དགག་པ་ལ་ཚད་མ་ཉིད་དུ་མི་འདོད་པ་དེ་ཅི་གཏན་ཚིགས་མེད་པ་སྟེ། མི་མཐུན་པའི་ཕྱོགས་ལས་ལྡོག་པ་སྒྲུབ་པར་བྱེད་པ་ཡིན་ནམ། ཇི་ལྟར་

Vol. 176 · folio 38a

འདི་བདག་ལ་སོགས་པ་མེད་པར་སྒྲུབ་པ་བསྒྲུབ་པར་བྱ་བ་ལ་ཚད་མ་མ་ཡིན་པ་ལྟར། གཏན་ཚིགས་མེད་པ་ལ་ཡང་དེ་དང་འདྲའོ། །འོན་ཏེ་འདི་གཏན་ཚིགས་མེད་པ་ལ་ཚད་མ་ཉིད་དུ་འདོད་ན་ནི་དེ་མི་དམིགས་པ་ཚད་མར་བྱེད་པ་བྱེ་བྲག་པ་ལ་སོགས་པ་འདིའི་བདག་ཏུ་སྨྲ་

བ་ཡང་དམིགས་པ་མེད་ཅིང་རྟེན་མེད་པར་འགྱུར་ཏེ། དེ་ལ་ཡང་མེད་པ་སྒྲུབ་པར་བྱེད་པ་མི་དམིགས་པ་སྲིད་པའི་ཕྱིར་རོ། །འདི་ལྟར་བདག་མངོན་སུམ་མ་ཡིན་པའི་ཕྱིར་བདག་མངོན་སུམ་དུ་ནི་མི་དམིགས་སོ། །བདག་ནི་ཚུ་རོལ་མཐོང་བའི་དབང་པོའི་ཤེས་པའི་ཡུལ་མ་ཡིན་ཏེ། དེ་

ནི་རང་བཞིན་བསྐལ་པ་ཡིན་པའི་ཕྱིར་རོ། །དབང་པོའི་ཤེས་པའི་མཇུག་ཐོགས་སུ་འབྱུང་བ་ཡིད་ཀྱི་མངོན་སུམ་གང་ཡིན་པ་དེ་ཡང་དབང་པོའི་ཤེས་པའི་ཡུལ་གྱི་དེ་མ་ཐག་པའི་ཡུལ་ལ་དམིགས་པ་ཡིན་ནོ། །རང་རིག་པའི་ཡང་མ་ཡིན་ཏེ། དེའི་ཡུལ་ནི་རང་གི་ངོ་བོ་ཡིན་པའི་ཕྱིར་རོ། །གང་

ཞིག་བདག་ནི་ངའོ་སྙམ་པའི་ཤེས་པའི་མངོན་སུམ་ཡིན་ནོ་ཞེས་ཟེར་བ་དེ་ཡང་རྣར་མི་འོང་སྟེ། ངའོ་སྙམ་པའི་ཤེས་པ་ནི་རྣམ་པར་རྟོག་པ་དང་བཅས་པ་ཉིད་ཀྱིས་མངོན་སུམ་མ་ཡིན་པའི་ཕྱིར་དང་། བདག་སྐེམ་མོ་སྦོམ་མོ་ཞེས་བྱ་བ་ལ་སོགས་པས་ལུས་ཀྱི་གནས་སྐབས་ལ་ཀུན་དུ་རེག་

པའི་ཕྱིར་ཏེ། བདག་ལ་ནི་སྐེམ་པ་ལ་སོགས་པ་ཉིད་ཡོད་པ་མ་ཡིན་ནོ། །ཤེས་པ་རྣམ་པ་གཞན་དང་ལྡན་པའི་ཡུལ་གཞན་ཡིན་པ་ནི་མེད་དེ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །མངོན་སུམ་མ་ཡིན་པ་ཉིད་ཀྱིས་བདག་ལ་རང་བཞིན་དུ་གྱུར་པའི་རྟགས་ཀྱང་མེད་དོ། །འབྲས་བུ་མ་གྲུབ་

པའི་ཕྱིར་འབྲས་བུའི་རྟགས་ཀྱང་མེད་དེ། བདག་མངོན་སུམ་མ་ཡིན་པ་ལ་མངོན་སུམ་དང་མི་དམིགས་པ་བསྒྲུབས་པ་འབྲས་བུ་དང་རྒྱུའི་དངོས་པོ་མེད་དོ། །དེ་བས་ན་རྟགས་མེད་པའི་ཕྱིར་བདག་ནི་རྗེས་སུ་དཔག་པའི་ཡུལ་ཡང་མ་ཡིན་ནོ། །གལ་ཏེ་མིག་ལ་སོགས་པ་མངོན་སུམ་མ་

ཡིན་པ་རྣམས་ཇི་ལྟར་འབྲས་བུ་རྣམ་པར་ཤེས་པས་རྗེས་སུ་དཔོག་ཅེ་ན། དབང་པོ་ལ་སོགས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོགས་པ་ཞེས་བྱ་བའི་སྒྲས་ནི་དྲན་པའི་ས་བོན་ལ་སོགས་པ་བསྡུའོ། །རྣམ་པར་ཤེས་པ་ཉིད་འབྲས་བུ་སྟེ། དེ་རེས་འགའ་བ་ཡིན་པའི་

Vol. 176 · folio 38b

ཕྱིར་རོ། །འདི་ལྟར་གཟུགས་དང་སྣང་བ་དང་ཡིད་ལ་བྱེད་པ་དག་ཡོད་དུ་ཟིན་ཀྱང་མིག་བཙུམས་པ་ལ་སོགས་པའི་གནས་སྐབས་ན་རྣམ་པར་ཤེས་པ་མེད་པའི་ཕྱིར་དང་། ཡང་མིག་ཕྱེ་བ་ལ་སོགས་པའི་གནས་སྐབས་ན་ཡོད་པའི་ཕྱིར་འབྲས་བུ་རྣམ་པར་ཤེས་པ་རྒྱུ་གཞན་ལ་ལྟོས་པ་དང་

བཅས་པ་ཉིད་དུ་འགྲུབ་པོ། །དེ་བས་ན་འདི་ལྟོས་པ་དང་བཅས་པར་གྲུབ་པས་དབང་པོ་ལ་སོགས་པ་རབ་ཏུ་འགྲུབ་པར་བརྗོད་དེ། གང་གི་ཕྱིར་རྣམ་པར་ཤེས་པ་འདི་ལྟོས་པ་དང་བཅས་ཤིང་རེས་འགའ་བར་འགྱུར་བ་དེའི་ཕྱིར་རྣམ་པར་ཤེས་པ་འདི་ལ་རྒྱུ་ཅི་ཞིག་ཡོད་དོ་ཞེས་བྱ་བའི་

རྣམ་པ་འདིས་དེ་ཉིད་དབང་པོ་ཡིན་ནོ་ཞེས་བྱ་བར་ཐ་སྙད་འདོགས་སོ། །འདི་ལྟ་བུར་གྱུར་པ་ཞིག་ཡིན་ནོ་ཞེས་བྱ་བར་ནི་མ་ཡིན་ནོ་ཞེས་བྱ་བ་ནི་གཟུགས་ཅན་ཉིད་ལ་སོགས་པ་གཟུགས་ཀྱི་ཁྱད་པར་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འབྲས་བུ་བདེ་བ་ལ་སོགས་པ་རབ་ཏུ་བསྒྲུབ་པ་ནི་

དེ་ལྟར་དོན་ཆུང་ཟད་ཀྱང་རྒྱས་པར་མི་བྱེད་དེ་ཞེས་བྱ་བ་ལ་དེ་ལྟར་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལྟར་རོ། །རྒྱུ་ཙམ་ལ་ལྟོས་པ་དང་བཅས་པ་ཉིད་ཀྱིས་འབྲས་བུ་བདེ་བ་ལ་སོགས་པ་བདག་གི་ཡོན་ཏན་དུ་འདོད་པ་རབ་ཏུ་བསྒྲུབ་པ་ནི་བདག་ཏུ་སྨྲ་བའི་དོན་ཅུང་ཟད་ཀྱང་རྒྱས་པར་མི་

བྱེད་དེ་བདེ་བ་ལ་སོགས་པ་རྒྱུ་གང་ཡང་རུང་བ་ཁྱད་པར་མ་བསྟན་པས་རྒྱུ་དང་ལྡན་པར་ཁས་བླངས་པའི་ཕྱིར་རོ། །བདག་ནི་དེ་ལྟ་བུར་གྱུར་པ་མ་ཡིན་ཏེ། རྟག་པ་དང་བྱེད་པ་པོ་དང་ཟ་བ་པོ་ཉིད་ལ་སོགས་པའི་མཚན་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །གང་གི་ཕྱིར་ཇི་ལྟར་ཁས་

བླངས་པའི་བདག་ལ་འབྲས་བུའི་རྟགས་མེད་པ་དེ་ལྟ་ཡིན་དང་། བདག་མི་དམིགས་པ་ཁོ་ནར་འགྱུར་ན། སངས་རྒྱས་པ་ལ་སོགས་པས་བདག་མེད་དེ་མི་དམིགས་པའི་ཕྱིར་རོ་ཞེས་མི་དམིགས་པ་དེས་བདག་དེ་སེལ་བ་ན་ཅི་སྟེ། བདག་ཏུ་སྨྲ་བས་མི་དམིགས་པ་ཙམ་གྱིས་

བདག་མེད་པ་ཡིན་ནོ་ཞེས་བསལ་ཞིང་སྤངས། མི་དམིགས་པ་འདི་བསྒྲུབ་པ་མ་ཡིན་ན་ནི་མི་མཐུན་པའི་ཕྱོགས་ལས་གཏན་ཚིགས་སྲོག་ལ་སོགས་པ་དང་ལྡན་པ་ལ་སོགས་པ་ལྡོག་པ་ཇི་ལྟར་སྒྲུབ་པར་བྱེད། རྒྱང་པན་པ་རྣམས་ནི་ཤེས་པ་ཡོད་པ་ན་འབྱུང་བ་རྣམས་ཁོ་ནའི་མཐུ་

Vol. 176 · folio 39a

ཡིན་ལ། ས་ཡང་འབྱུང་བའི་རང་བཞིན་ནོ་ཞེས་བྱ་བར་འདོད་དེ་དེ་ལྟར་འཇིག་རྟེན་རྒྱང་པན་པ་ས་ལ་ཤེས་པ་ཡོད་པར་མི་དམིགས་པར་འདོད་བཞིན་དུ་ཡང་མ་མཐོང་བ། ཚད་མ་མ་ཡིན་པ་དེ་ཉིད་ཀྱིས་ཚིག་ལ་སོགས་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་པ་ལ་སོགས་

པར་བསྒྲུབ་པའི་ཕྱིར་རྟགས་ཉིད་དུ་ཉེ་བར་བཀོད་པ་མི་མཐུན་པའི་ཕྱོགས་ལས་ལྡོག་པར་སྨྲའོ། །གཞན་ཞེས་བྱ་བ་ནི་གྲངས་ཅན་ཏེ་ཡང་དེ་ཉིད་འོ་མ་ལ་སོགས་པ་ཞོ་ལ་སོགས་པ་མི་དམིགས་པར་འདོད་བཞིན་དུ་ཡང་མིག་ལ་སོགས་པ་ནི་གཞན་གྱི་དོན་ཡིན་ཏེ། འདུས་པ་ཡིན་པའི་ཕྱིར་རོ་

ཞེས་སྨྲས་ནས། གཞན་གྱི་དོན་མ་ཡིན་པ་རི་བོང་གི་རྭ་ལ་སོགས་པ་ལ་འདུས་པ་ཉིད་མ་མཐོང་བས་ལྡོག་པ་སྨྲའོ། །དེ་ལྟར་རེ་ཞིག་འདིའི་ཕན་ཚུན་འགལ་བ་ཡིན་ཏེ། མ་མཐོང་བ་ཙམ་གྱིས་ཀྱང་གཏན་ཚིགས་འདིའི་ཁྱབ་པ་མི་འགྲུབ་བོ། །འདི་ལ་གང་གིས་ན་མིག་ལ་སོགས་པ་

འདུས་པ་ཡིན་པའི་ཕྱིར། གཞན་གྱི་དོན་དུ་འགྲུབ་པས་གྲངས་ཅན་གྱི་བདག་གི་དོན་ཉིད་དུ་འགྲུབ་པར་འགྱུར་བ་འདུས་པ་དག་ནི་གདོན་མི་ཟ་བར་གཞན་གྱི་དོན་ཡིན་པར་འགྱུར་རོ་ཞེས་བྱ་བའི་ངེས་པ་ཅི་ཞིག་ཡོད། འོ་མ་ལ་སོགས་པ་ལ་ཞོ་ལ་སོགས་པ་མི་དམིགས་པ་འདོད་པ་བཞིན་དུ་

ཡང་ཞེས་བཤད་པ་གང་ཡིན་པ་དེ་མི་རུང་སྟེ། འདི་ལྟར་འོ་མ་ལ་སོགས་པ་ལ་ཞོ་ལ་སོགས་པ་དམིགས་པ་ཡོད་པ་ཁོ་ནའོ། །དེ་གང་ཡིན་ཞེ་ན། རྗེས་སུ་དཔག་པ་ཞེས་བྱ་བ་སྨྲས་སོ། །རྗེས་སུ་དཔག་པ་ཡང་མི་ནུས་པ་ལས་མི་འབྱུང་བའི་ཕྱིར་རོ་ཞེས་བྱ་བར་བསྟན་ཏེ། གལ་ཏེ་འོ་མ་ལ་

སོགས་པ་ལ་ཞོ་ལ་སོགས་པའི་ནུས་པ་མེད་ན། འོ་མ་ལ་སོགས་པ་ནུས་པ་མེད་པ་དེ་ལས་ཞོ་ལ་སོགས་པ་འབྱུང་བར་མི་འགྱུར་རོ། །སྦྱོར་བ་ནི་གང་གིས་གང་ཞིག་བསྐྱེད་པར་མི་ནུས་པ་དེ་ནི་དེ་ལས་མི་འབྱུང་བ་སྟེ། དཔེར་ན། སཱ་ལུའི་ས་བོན་ལས་ནས་ཀྱི་མྱུ་གུ་ལྟ་བུའོ། །འོ་མ་ལ་

སོགས་པ་ལས་ནི་ཞོ་ལ་སོགས་པ་འབྱུང་སྟེ། དེ་ལྟ་བས་ན་འོ་མ་ལ་སོགས་པ་ལ་ཞོ་ལ་སོགས་པའི་ནུས་པ་ཡོད་དོ་ཞེས་བྱ་བ་སྟེ། འབྲས་བུའི་གཏན་ཚིགས་དང་འདྲ་བ་ཆོས་མི་མཐུན་པའི་སྦྱོར་བ་ཡིན་ནོ། །ནུས་པ་ཉིད་ཞོ་ལ་སོགས་པ་ཡིན་ཏེ། རྒྱུ་དང་འབྲས་བུ་དག་ཐ་མི་དད་པའི་ཕྱིར་རོ་

Vol. 176 · folio 39b

སྙམ་དུ་བསམ་པ་ཡིན་ནོ། །གྲུབ་པའི་མཐའ་སྨྲ་བས་ཡང་ནུས་པ་འདི་ཅི་ཞིག་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅི་ཞིག་ལ་སོགས་པའི་དངོས་པོ་ཕྱིས་དམིགས་པ་ཡོད་པ་དེ་ཉིད་ནུས་པ་ཡིན་ནམ། འོན་ཏེ་ཞོ་ལ་སོགས་པ་ལས་དོན་ཐ་དད་པ་གཞན་ཉིད་ཅུང་ཟད་ཅིག་ཡིན། དེ་ཁོ་ན་བཞིན་དུ་

ཞེས་བྱ་བ་ནི་ཞོ་ལ་སོགས་པ་གྲུབ་པ་བཞིན་དུ་འོ་མ་ལ་སོགས་པའི་གནས་སྐབས་ན་དམིགས་པར་འགྱུར་ཏེ་ཁྱད་པར་མེད་པའི་ཕྱིར་རོ། །ཇི་སྟེ་གཞན་ཞིག་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་ནུས་པ་ཞོ་ལ་སོགས་པ་ལས་དོན་ཐ་དད་པ་ཞིག་ཡིན་ནོ་ཞེ་ན་དེའི་ཚེ། ཇི་ལྟར་གཞན་ཡོད་ན་སྟེ་གཞན་

ནུས་པ་ཞེས་བྱ་བ་ཡོད་ན། ཞོ་ལ་སོགས་པ་དེ་ཡོད་དེ་མེད་པ་ཁོ་ནའོ་སྙམ་དུ་བསམ་པ་ཡིན་ནོ། །ཞོ་ལ་སོགས་པ་བསྐྱེད་པའི་མཐུ་ཡོད་པའི་ཕྱིར། འོ་མ་ལ་སོགས་པ་ལ་ཞོ་ལ་སོགས་པ་ལས་ཉེ་བར་གདགས་པ་ཙམ་དུ་ནི་འགྱུར་རོ། །མི་དམིགས་པ་ཚད་མར་མ་བྱས་ལ། ཡང་དེ་ཉིད་ཚད་མར་བྱེད་

པ་འདི་ནི་ཕན་ཚུན་འགལ་བ་ཡིན་ནོ། །འདི་དག་གི་ཞེས་བྱ་བ་ནི་བདག་ཏུ་སྨྲ་བ་རྣམས་ཀྱིས་ཏེ་མཇུག་སྡུད་པ་ཡིན་ནོ། །གང་གི་ཕྱིར་མ་མཐོང་བ་ཙམ་གྱིས་ལྡོག་པ་མེད་པ་དེའི་ཕྱིར་དེ་ཙམ་དང་འབྲེལ་པ་སྟེ། གཏན་ཚིགས་ཙམ་དང་འབྲེལ་པའི་ངོ་བོ་ཉིད་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་བདག་

ཉིད་ལྡོག་པ་ན་ངོ་བོ་ཉིད་རང་གི་ངོ་བོར་གྱུར་པ་ཉིད་གཏན་ཚིགས་ཉིད་དུ་ཉེ་བར་བཀོད་པ་ཟློག་པར་འགྱུར་བའམ་ཞེས་བྱ་བའི་སྒྲས་ནི་འཆད་པར་འགྱུར་བའི་རྣམ་པར་རྟོག་པ་ལ་ལྟོས་པ་ཡིན་ནོ། །དཔེར་ན་ཤིང་ལྡོག་པ་ན་ཤིང་ཤ་པ་ལྡོག་པ་ལྟ་བུའོ། །ཅིའི་ཕྱིར་ཞེ་ན། ཡལ་ག་ལ་སོགས་པ་དང་

ལྡན་པའི་ཁྱད་པར་འགའ་ཁོ་ན་ཞིག་ལ་དེ་སྐད་དུ་ཤིང་ཤ་པ་ཞེས་གྲགས་པའི་ཕྱིར་ཤིང་དེ་ནི་ཤིང་ཤ་པ་ཞེས་བྱ་བ་དེའི་རང་གི་ངོ་བོ་ཡིན་ནོ། །རང་གི་ངོ་བོ་ཤིང་ཡོངས་སུ་བོར་ནས་ཀྱང་ཇི་ལྟར་ཤིང་ཤ་པ་ཞེས་བྱ་བ་ཡོད་པར་འགྱུར། ཅིའི་ཕྱིར་ཞེ་ན། རང་གི་ངོ་བོ་ཁོ་ན་ཤིང་གི་རང་གི་བདག་ཉིད་ཁོ་

ན་ངོ་བོ་ཡིན་པའི་ཕྱིར་ཏེ། ཤིང་ཤ་པའི་ངོ་བོ་ཡིན་པའི་ཕྱིར་རོ། །གཏན་ཚིགས་དེའི་ཕྱིར་སྒྲུབ་པ་ཤིང་ཤ་པ་ལ་སོགས་པ་བདག་ཉིད་དུ་གྱུར་པ་དེ་ནི་རང་བཞིན་འབྲེལ་པ་ཁོ་ནའི་ཕྱིར་ཏེ། རང་བཞིན་བསྒྲུབ་པར་བྱ་བར་འདོད་པ་ཤིང་ལ་སོགས་པ་དང་ཇི་སྐད་བཤད་པའི་རྣམ་པས་འབྲེལ་པ་

Vol. 176 · folio 40a

ཁོ་ནས་འཁྲུལ་པ་མེད་དོ། །རྒྱུ་ཡིས་ནི་ཞེས་བྱ་བ་ལྡོག་པ་ན་ཞེས་བྱ་བ་ཁོང་ནས་དབྱུང་ངོ་། །འབྲས་བུ་ཟློག་པར་འགྱུར་ཞེས་བྱ་བ་སྐབས་དང་སྦྱར་རོ། །ཅིའི་ཕྱིར་ཞེ་ན། འཁྲུལ་པ་མེད་པའི་ཕྱིར་ཏེ། འབྲས་བུ་ནི་རྒྱུ་ལ་འཁྲུལ་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུ་ཞེས་བྱ་

བ་ལ་སོགས་པས་ནི་འཆད་དོ། །གཞན་དུ་ན་ཞེས་བྱ་བ་ནི་གལ་ཏེ་རྒྱུ་ལོག་པ་ན་འབྲས་བུ་མི་ལྡོག་ན་དེའི་ཚེ་འབྲས་བུར་འདོད་པ་དེ་ནི་རྒྱུ་དེའི་འབྲས་བུ་ཉིད་མ་ཡིན་པར་འགྱུར་རོ། །དེ་ལྟ་བས་ན་རྒྱུ་དང་འབྲས་བུའི་དངོས་པོ་གྲུབ་པ་ཡིན་ན་རྒྱུ་ལྡོག་པ་ན་འབྲས་བུ་གདོན་མི་ཟ་བར་ཟློག་པར་བྱེད་དོ། །

དེ་ཉིད་རྒྱུ་དང་འབྲས་བུའི་ངོ་བོ་གྲུབ་པ་ནི་ཞེས་བྱ་བ་ལ་སོགས་པ་སྟོན་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་གྲུབ་པ་ནི་རྒྱུ་ལ་འབྲས་བུའི་ངོ་བོ་ཉིད་ངེས་པར་བྱེད་དེ། དེར་འཁྲུལ་པ་མེད་པར་བྱེད་དོ། །དེ་བས་ན་བཤད་མ་ཐག་པའི་ཚུལ་གྱིས་གཉི་གར་ཞེས་བྱ་བ་ནི་དེའི་བདག་ཉིད་དང་། དེ་ལས་བྱུང་བའི་

མཚན་ཉིད་ཀྱིས་རང་བཞིན་འབྲེལ་པ་ཁོ་ནས་བསྒྲུབ་པར་བྱ་བ་ལོག་པས་གཏན་ཚིགས་ལྡོག་གོ། །དེ་ལྟ་མིན་ན་གཅིག་ལོག་པས་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་མ་འབྲེལ་པ་ལོག་པས། ཇི་ལྟར་གཞན་མི་ལྡོག་པར་འགྱུར་སྒྲུབ་པའི་ཆོས་མ་འབྲེལ་པ་ལྡོག་པར་འགྱུར་མི་འགྱུར་བ་ཁོ་ན་སྟེ་

འདི་ལྟར་མི་ལ་མི་དག་ལ་རྟ་མི་བདོག་ཅེས་ཏེ། རྟ་མེད་ཅེས་ཏེ་ཕྱུགས་ཀྱང་བདོག་པ་མིན་ནམ་ཅི། དེ་བཞིན་གཅིག་ཅིག་ཉེ་བའི་ཕྱིར། །ཞེས་བྱ་བ་ནི། བསྒྲུབ་པར་བྱ་བ་དང་མ་འབྲེལ་པའི་གཏན་ཚིགས་ཉེ་བའི་ཕྱིར། ཇི་ལྟར་གཞན་བསྒྲུབ་པར་བྱ་བའི་ཆོས་ཉེ་བར་འགྱུར་ཉེ་བར་མི་འདོད་

པ་ཉིད་དེ། འདི་ལྟར་མི་ལ་ཕྱུགས་ནི་བདོག །ཅེས་ཏེ། དེ་བཞིན་རྟ་ཡང་བདོག་གམ་ཅི་གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་རང་བཞིན་འབྲེལ་པ་ཁོ་ནས་བསྒྲུབ་པར་བྱ་བར་འདོད་པའི་དངོས་པོ་དང་འབྲེལ་པ་ཁོ་ནས་གཏན་ཚིགས་ཀྱིས་བསྒྲུབ་པར་བྱ་བ་གོ་བར་བྱེད་དོ། །དེ་ཡང་ཞེས་བྱ་བ་ནི་

རང་བཞིན་འབྲེལ་པའོ། །དེའི་ངོ་བོའི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་ནི་བསྒྲུབ་པར་བྱ་བའི་རང་བཞིན་གྱི་ངོ་བོའི་མཚན་ཉིད་དམ། དེ་ལས་བྱུང་བའི་མཚན་ཉིད་ཡིན་ནོ། །རང་བཞིན་འབྲེལ་པ་མེད་ན་མི་འབྱུང་བ་ཞེས་བྱ་བ་དེ་ཉིད་ཆོས་མཐུན་པ་དང་ཆོས་མི་མཐུན་པའི་དཔེ་དག་

Vol. 176 · folio 40b

གིས་རབ་ཏུ་སྟོན་ཏོ། །དེ་བས་ན་ཆོས་མི་མཐུན་པའི་དཔེའི་འབྲས་བུ་ནི་བསྒྲུབ་པར་བྱ་བ་མེད་པའི་རྒྱུ་མཚན་གྱིས་གཏན་ཚིགས་མེད་པར་སྟོན་ཏོ། །དེ་ལྟར་ན་བསྒྲུབ་པར་བྱ་བ་དང་སྒྲུབ་པ་དག་མེད་ན་མི་འབྱུང་བར་བསྙད་པ་ཡིན་ནོ། །དེའི་ཕྱིར་ཆོས་མི་མཐུན་པའི་དཔེ་ལ། ངེས་པར་འདི་ལ་གཞི་

ཆོས་ཅན་དངོས་པོར་གྱུར་པ་མི་འདོད་དོ། །འདི་ལ་ཞེས་བྱ་བ་ནི་རང་བཞིན་དང་འབྲས་བུའི་གཏན་ཚིགས་ལའོ། །རང་བཞིན་མི་དམིགས་པ་ལ་ནི་འདོད་པ་ཁོ་ན་སྟེ། དེ་ལ་ནི་བཟློག་སྟེ་དམིགས་པ་བསྟན་པར་བྱ་བ་ཡིན་ནོ། །ཅིའི་ཕྱིར་གཞི་མི་འདོད་ཅེ་ན་དེ་དག་མེད་ནའང་ཞེས་བྱ་

བ་ལ་སོགས་པ་སྨོས་ཏེ། དེ་དག་མེད་ན་ཞེས་བྱ་བ་རང་བཞིན་དང་རྒྱུ་དག་མེད་ན། རང་བཞིན་དང་འབྲས་བུ་ཞེས་བྱ་བའི་རྟགས་དེ་མེད་ཅེས་བྱ་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཆོས་མི་མཐུན་པ་བརྗོད་པ་ལས་ཀྱང་དེ་རྟོགས་ཕྱིར། ལྡོག་པ་རྟོགས་པའི་ཕྱིར་རོ། །དེ་ཉིད་བསྒྲུབ་

པའི་ཕྱིར་འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་བཞིན་གྱི་གཏན་ཚིགས་ལ་བསྒྲུབ་པར་བྱ་བ་དེའི་ངོ་བོ་སྒྲུབ་པའི་རང་གི་ངོ་བོ་ཉིད་དང་། འབྲས་བུའི་གཏན་ཚིགས་ལ་བསྒྲུབ་པར་བྱ་བ་རྒྱུའི་དངོས་པོ་རྒྱུ་ཉིད་དུ་སྟོན་ཏོ། །དེ་དག་མི་ཤེས་ལ་ཞེས་བྱ་བ་ནི་དེའི་ངོ་བོ་དང་རྒྱུའི་དངོས་པོ་མི་

ཤེས་པའི་མི་ལའོ། །དེ་ནི་དཔེ་ལ་ནི་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། བསྒྲུབ་པར་བྱ་བ་ཆོས་ནི་དེའི་ངོ་བོ་ཉིད་དུ་སྟོན་ཏོ། །རྣམ་པ་གང་གིས་སྟོན་ཅེ་ན། དེ་ཙམ་དང་འབྲེལ་པ་སྟེ། བྱས་པ་ཙམ་དང་འབྲེལ་པས་བྱས་པ་གྲུབ་པ་ཉིད་ན་གྲུབ་པའི་མི་རྟག་པ་ཉིད་ཀྱིས་དེའི་རང་གི་ངོ་བོ་ཉིད་

སྒྲུབ་པའི་རང་གི་ངོ་བོ་ཉིད་གང་ཡིན་པ་དེ་ལྟ་བུ་དེས་དེའི་ངོ་བོར་སྟོན་གྱི། ཇི་ལྟར་ཁ་ཅིག་ལོག་པར་རྟོག་པ་ལྟ་བུ་ཕྱིས་རྒྱུ་མཚན་གྱིས་འབྱུང་བའི་མི་རྟག་པ་ཉིད་ཀྱིས་ནི་མ་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར། བྱས་པའི་ངོ་བོ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱས་པའི་ངོ་བོ་

ཉིད་སྐྱེད་པར་བྱེད་པའི་རྒྱུ་གང་ཡིན་པ་དེ་ནི་མི་རྟག་པའི་ངོ་བོ་ཉིད་ཡིན་ན་སྐྱེད་པར་བྱེད་དོ་ཞེས་བྱ་བ་ནི་མི་རྟག་པའི་ངོ་བོ་ཁོ་ན་སྐྱེད་པར་བྱེད་དེ་ཞེས་བྱ་བའི་ཐ་ཚིག་གོ། །ཚད་མ་དེ་ལྟ་བུ་དེ་ཡང་དཔེས་སྟོན་གྱི་མ་མཐོང་བ་ཙམ་ནི་མ་ཡིན་ནོ། །སྦྱོར་བ་ནི་འོག་ནས་བཤད་པར་བྱའོ། །དེ་ལྟ་

Vol. 176 · folio 41a

མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་དེ་ལྟར་ཚད་མ་མི་སྟོན་ན་དེའི་ཚེ། ཆོས་གཅིག་ཡོད་པའི་ཕྱིར་སྒྲུབ་པའི་ཆོས་ཡོད་པའི་ཕྱིར། དེ་ལས་གཞན་པ་ཡང་ཞེས་བྱ་བ་བསྒྲུབ་པར་བྱ་བའི་ཆོས་ཀྱང་ཡོད་པར་འགྱུར་རོ་ཞེས་བྱ་བར་ངེས་པ་མེད་པའི་ཕྱིར་རོ། །སྒྲུབ་པ་བསྒྲུབ་པར་བྱ་བ་ལ་

འཁྲུལ་པར་དོགས་པར་འགྱུར་རོ། །དེ་ལྟ་བས་ན་དཔེས་ཚད་མ་ཉེ་བར་བསྟན་པར་བྱའོ། །ཚད་མ་དེས་ཀྱང་བསྒྲུབ་པར་བྱ་བའི་ཆོས་ཀྱི་དེ་ཙམ་དང་འབྲེལ་བ་ཞེས་བྱ་བ་ནི་བསྒྲུབ་པའི་ཆོས་ཙམ་དང་འབྲེལ་པའོ། །ཇི་ལྟར་སྟོན་ཅེ་ན། རང་གི་རྒྱུ་ཁོ་ན་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱས་

པའི་རྒྱུ་གང་ཡིན་པ་དེ་ཁོ་ན་ལས་བྱས་པ་འཇིག་པའི་ངང་ཅན་དང་སྐད་ཅིག་མར་གནས་པའི་ཆོས་གང་ཡིན་པ་དེ་ལྟ་བུ་སྐྱེས་ཏེ། སྐད་ཅིག་མ་ཉིད་ཀྱིས་འཇིག་པའི་ངང་ཅན་ཡིན་གྱི། དུས་གཞན་དུ་གནས་པ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ཇི་ལྟར་རང་གི་རྒྱུ་ཁོ་ན་ལས་

སྐྱེས་ཤེ་ན། གཞན་ལས་ཞེས་བྱ་བ་སྨོས་ཏེ། རང་གི་རྒྱུ་ལས་གཞན་པ་འཇིག་པའི་རྒྱུ་ལས་བྱས་པ་དེའི་ཡོད་པ་བཀག་པའི་ཕྱིར་རོ། །མི་རྟག་པའི་ངོ་བོ་ཉིད་བཀག་པའི་ཕྱིར་ཏེ། དེ་ཡང་འོག་ནས་སྟོན་པར་འགྱུར་རོ། །ཡང་ན་སྒྲུབ་པ་ལ་བསྒྲུབ་པར་བྱ་བའི་ཆོས་རྒྱུའི་དངོས་པོར་ཏེ།

ཡང་ན་དཔེ་ལ་བསྒྲུབ་པར་བྱ་བའི་དེ་ཡོད་པ་ཉིད་ཡིན་ན་སྒྲུབ་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་རྣམ་པ་འདིས་རྒྱུ་ཉིད་དུ་རབ་ཏུ་སྟོན་ཏོ། །ཡང་ན་ཞེས་བྱ་བའི་སྒྲ་ནི་རང་བཞིན་གྱི་གཏན་ཚིགས་ཀྱི་ངོ་བོ་སྟོན་པ་ལ་ལྟོས་ནས་སོ། །ཡང་བསྒྲུབ་པར་བྱ་བ་གང་ཞིག་རྒྱུའི་དངོས་པོར་རབ་ཏུ་སྟོན་ཅེ་ན། དོན་

གཞན་ཞེས་བྱ་བ་སྨོས་ཏེ། སྒྲུབ་པ་ལས་དོན་གཞན་དུ་གྱུར་པ་བསྒྲུབ་པར་བྱ་བ་སྟེ། འབྲས་བུའི་གཏན་ཚིགས་ལ་རྣམ་པ་འདི་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་དཔེ་ཉེ་བར་བསྟན་པའི་ཚད་མས་དེའི་ངོ་བོ་དང་རྒྱུའི་དངོས་པོ་རབ་ཏུ་བསྒྲུབ་ན་སྟེ། བསྒྲུབ་པར་བྱ་བ་རང་བཞིན་དེའི་ངོ་བོ་སྒྲུབ་

པའི་ངོ་བོ་ཉིད་དང་། རྒྱུའི་དངོས་པོར་རབ་ཏུ་གྲུབ་པ་ཡིན་ནའོ། །མེ་མེད་ན་ཡང་དུ་བ་མེད་དོ་ཞེས་བྱ་བ་སྐབས་དང་སྦྱར་རོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་མི་རྟག་པའི་ངོ་བོ་ཉིད་དང་མེ་དེའི་གོ་རིམས་བཞིན་དུ་བྱས་པ་ཉིད་དང་། དུ་བ་དེའི་རང་གི་ངོ་བོ་དང་རྒྱུ་ཡིན་ཏེ། དང་ཞེས་བྱ་བའི་སྒྲ་ནི་བསྡུ་

Vol. 176 · folio 41b

བའི་དོན་ཏོ། །གང་གི་ཕྱིར་དེ་ལྟར་ཡིན་ན་ཇི་ལྟར་བྱས་པ་དང་། དུ་བ་འདིའི་རང་གི་ངོ་བོ་མི་རྟག་པ་དང་རྒྱུ་མེ་མེད་པར་ཡོད་པར་འགྱུར་ཏེ་མི་འགྱུར་བ་ཁོ་ནའོ། །དེ་ལྟ་བས་ན་དེ་ལྟར་ལྡོག་པ་ཡུལ་མ་བསྟན་པའི་ངོ་བོ་བརྗོད་པ་ལ་གཞི་མེད་པར་ཡང་ཆོས་མི་མཐུན་པའི་དཔེ་ལ་ལྡོག་པར་རབ་ཏུ་འགྲུབ་པོ། །དེ་

ལྟར་ན་རེ་ཞིག་དེའི་ངོ་བོ་དང་རྒྱུའི་དངོས་པོ་བསྟན་པའི་ཕྱིར། དེ་དག་མི་ཤེས་པ་ལ་དཔེ་བརྗོད་པར་བྱའོ། །གང་དག་ལ་དེའི་ངོ་བོ་དང་རྒྱུའི་དངོས་པོ་དག་རང་གི་ཚད་མ་ཇི་ལྟ་བས་རབ་ཏུ་གྲུབ་ལ། ཕྱོགས་ཀྱི་ཆོས་ཙམ་མ་ངེས་པའི་མཁས་པ་དེ་རྣམས་ལ་ནི། དེའི་ངོ་བོ་དང་རྒྱུའི་དངོས་པོའི་ཕྱིར་

གཏན་ཚིགས་འབའ་ཞིག་ཅེས་བྱ་བ་སྟེ། ཕྱོགས་ཀྱི་ཆོས་ཁོ་ནའོ། །གང་གི་དོན་དུ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པར་བྱ་བའི་དོན་དུའོ། །བསྟན་པར་བྱ་བའི་དོན་དེ་རང་ཉིད་ཀྱིས་གྲུབ་པ་ཁོ་ན་ཡིན་པས་དེའི་ཚེ་ཞེས་བྱ་བ་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པའི་ཚེ། དེ་བརྗོད་པས་

དཔེ་བརྗོད་པས་ཅི་ཞིག་བྱ། ཡང་གང་གི་ཚེ་བླུན་པོ་ལ་དཔེ་རབ་ཏུ་བསྟན་པར་བྱ་བ་དེའི་ཚེ། དེ་རབ་ཏུ་བསྟན་ན་ཡང་ཆོས་མི་མཐུན་པའི་དཔེ་ལ་གཞི་མེད་པར་ཡང་ཇི་སྐད་བཤད་པའི་ཚུལ་གྱིས་ལྡེག་པ་འགྲུབ་པ་ཁོ་ན་སྟེ། དེའི་ཕྱིར་སློབ་དཔོན་ཆོས་མི་མཐུན་པའི་དཔེའི་གཞིས་ཅི་ཞིག་བྱ་སྙམ་དུ་

དགོངས་ཤིང་རིགས་པའི་སྒོ་ལ་སོགས་པ་ལས་གཞི་སྤོང་བར་མཛད་དོ། །འདི་ལྟར་དེར་འདི་སྐད་དུ་འོ་ན་གང་གི་ཚེ་ཕྱིར་རྒོལ་བ་ནམ་མཁའ་ལ་སོགས་པ་རྟག་པ་ཁས་མི་ལེན་པ་དེའི་ཚེ། ཇི་ལྟར་རྟག་པ་ལས་བྱས་པ་ཉིད་ལྡོག་ཅེས་བརྒལ་བ་དང་། དེ་ལ་སློབ་དཔོན་གྱིས་གཞི་སྤངས་པའི་

ཕྱིར། དེའི་ཐེ་ཚོམ་ཉིད་ཀྱང་མེད་དེ། དེ་མེད་པས་དེ་ལ་མི་འཇུག་པའི་ཕྱིར་རོ་ཞེས་བཤད་དོ། །གང་གི་ཕྱིར་དཔེ་དག་གིས་འབྲེལ་པ་བརྗོད་པའི་རྒྱུ་དེ་ཉིད་ཀྱི་ཕྱིར། གཏན་ཚིགས་འབྲེལ་པར་ཤེས་ན་ཆོས་མཐུན་པ་དང་ཆོས་མི་མཐུན་པ་གཉིས་ལས་གང་ཡང་རུང་བ་སྨྲས་པས། དོན་གྱིས་གོ་བས་

ཅིག་ཤོས་ལའང་དེ་གཉིས་ཁོ་ན་ལས་གང་ཡང་རུང་བ་མ་སྨྲས་པ་ལ་ཡང་དྲན་པ་ཡང་དག་སྐྱེ་བར་འགྱུར། དེ་ཡང་སློབ་དཔོན་གྱིས་ཚིག་དང་སྦྱར་བའི་ཕྱིར། ཡང་ན་དོན་གྱིས་གོ་བས་ཞེས་བྱ་བ་སྨོས་ཏེ། གཞུང་འདི་ནི་རིགས་པའི་སྒོ་ལས་འབྱུང་བ་ཡིན་ནོ། །ཡང་ཞེས་བྱ་བའི་སྒྲ་ནི་

Vol. 176 · folio 42a

འདི་ཉིད་ལས་རྣམ་པར་རྟག་པ་སྔ་མ་འབྱུང་བ་ལ་ལྟོས་པ་ཡིན་ཏེ། འགའ་ཞིག་རབ་ཏུ་གྲགས་པར་འགྱུར་བས་གང་ཡང་རུང་བ་སྨྲས་པ་ཡང་སྒྲུབ་པ་ཡིན་ནོ་ཞེས་བཤད་ནས། ཡང་དོན་གྱིས་གོ་བ་ཞེས་བྱ་བ་ལ་སོགས་པ་འབྱུང་བའི་ཕྱིར་རོ། །གང་ཡང་རུང་བས་ཞེས་བྱ་བ་

ནི་ཆོས་མཐུན་པའམ། ཆོས་མི་མཐུན་པས་སོ། །གཉི་ག་རབ་ཏུ་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ནི་གང་ཡང་རུང་བ་སྨྲས་པ་ཡང་སྒྲུབ་པ་ཡིན་པས་སོ། །གཞུང་དེར་ཡང་སློབ་དཔོན་དཔེས་རང་བཞིན་གྱི་གཏན་ཚིགས་དང་འབྲས་བུའི་གཏན་ཚིགས་ལ་གོ་རིམས་བཞིན་དུ་དེའི་ངོ་བོ་དང་རྒྱུའི་དངོས་པོ་རབ་

ཏུ་སྟོན་པར་བྱེད་ཀྱི། མཐོང་བ་དང་མ་མཐོང་བ་ཙམ་ནི་མ་ཡིན་ནོ་སྙམ་དུ་དགོངས་ཏེ། དོན་གྱིས་གོ་བས་དཔེ་གཅིག་བརྗོད་པས་དཔེ་ཅིག་ཤོས་འགྲུབ་པར་བཤད་དོ།། །།བམ་པོ་ལྔ་པ། ཡང་གལ་ཏེ་ཇི་ལྟར་ན་དོན་གྱིས་གོ་བས་ཅིག་ཤོས་འགྲུབ་པར་འགྱུར་ཞེ་ན། འདི་ལྟར་ཞེས་

བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞེས་བྱ་བ་ནི་རིལ་སྨོས་པས་བྱས་པ་ཐམས་ཅད་ཡོངས་སུ་བསྡུས་པ་ཡིན་ནོ། །བྱས་པ་གང་ཅི་ཡང་རུང་སྟེ་དེ་ནི་མི་རྟག་པ་ཁོ་ནའོ་ཞེས་སྨྲས་ན། གསལ་བར་གདོན་མི་ཟ་བར་མི་རྟག་པ་ཞེས་བྱ་བའི་ཆོས་འདི་ནི་བྱས་པ་ཉིད་འདིའི་ངོ་བོ་ཉིད་དེ་ཙམ་དང་འབྲེལ་པར་

བྱས་པ་ཉིད་ཙམ་དང་འབྲེལ་པ་ཚད་མས་མཐོང་བ་ཞེས་བྱ་བ་ཚད་མས་ངེས་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་ངེས་པར་འགྱུར་རོ། །འབྲས་བུ་ལ་ཡང་རྒྱུ་གདོན་མི་ཟ་བར་ཡོད་པ་མ་ཡིན་ནམ། དེ་ནི་དེའི་རང་བཞིན་ཡང་མ་ཡིན་ནོ་ཞེ་ན། དེའི་ཕྱིར་དོན་ཐ་དད་པ་མེད་ན་ཞེས་བྱ་བ་སྨོས་སོ། །ཚད་མ་

གང་གིས་མཐོང་བ་དེ་བསྟན་པའི་ཕྱིར་དེ་ཡོད་པར་ངེས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། བྱས་པ་ཡོད་ན་གདོན་མི་ཟ་པར་མི་རྟག་པ་ཉིད་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །སྦྱོར་བ་ནི་རྒྱུ་དང་འབྲས་བུའི་དངོས་པོ་མ་ཡིན་ལ། གང་ཞིག་ཡོད་ན་གང་ཞིག་གདོན་མི་ཟ་བར་ཡོད་

པ་དེ་ནི་དེའི་རང་བཞིན་ཡིན་ཏེ། དཔེར་ན་དེ་ཉིད་ཀྱི་ངོ་བོ་ལྟ་བུའོ། །བྱས་པ་ཡོད་ན་ཡང་གདོན་མི་ཟ་བར་མི་རྟག་པ་ཉིད་ཡོད་པས་རང་བཞིན་གྱི་གཏན་ཚིགས་སོ། །དེ་ལྟར་ན་དེའི་ངོ་བོར་ཤེས་པས་ནི་བྱས་པ་ཉིད་མི་རྟག་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་པར་ཤེས་པའི་མིས་ནི་དོན་གྱིས་གོ་བས་

Vol. 176 · folio 42b

བསྒྲུབ་པར་བྱ་བ་མི་རྟག་པ་ཉིད་མེད་ན་བྱས་པ་ཉིད་མེད་དོ་ཞེས་བྱ་བ་དེ་ལྟར་ངེས་པར་འགྱུར་རོ། །འདི་ལྟར་བདག་ཉིད་དུ་གྱུར་པའི་རང་གི་ངོ་བོ་མི་རྟག་པ་ཉིད་མེད་པར་དེའི་བདག་ཉིད་དུ་གྱུར་པ་བྱས་པ་ཉིད་ཡོད་པར་ནི་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བསྒྲུབ་པར་བྱ་བ་དང་སྒྲུབ་པ་ཐ་དད་པ་

མེད་པའི་ཕྱིར་རོ། །དེ་ལྟར་ན་རེ་ཞིག་ཆོས་མཐུན་པས་སྦྱོར་བ་ལ་ཤུགས་ཀྱིས་ཆོས་མི་མཐུན་པ་རྟོགས་པར་བཤད་པ་ཡིན་ནོ། །ཆོས་མི་མཐུན་པའི་སྦྱོར་བ་ལ་ཡང་ཆོས་མཐུན་པར་རྟོགས་པར་འགྱུར་བས་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་མེད་ན་ཞེས་བྱ་བ་མི་རྟག་པ་ཉིད་

མེད་ན་བྱས་པ་ཉིད་གདོན་མི་ཟ་བར་མེད་དོ་ཞེས་སྨྲས་ན་ཆོས་མི་མཐུན་པ་བརྗོད་པ་དེ་ཁོ་ནས་དེའི་ངོ་བོ་ཉིད་དུ་རིག་པ་ལ། སྒྲུབ་པ་བསྒྲུབ་པར་བྱ་བའི་ངོ་བོ་ཉིད་ཡིན་པར་རིག་པའི་མི་ལ་རྗེས་སུ་འགྲོ་བ་དྲན་པ་འབྱུང་ངོ་ཞེས་འཆད་པར་འགྱུར་པ་དང་སྦྱར་རོ། །གལ་ཏེ་ཇི་སྐད་བཤད་

པའི་ཆོས་མི་མཐུན་པ་བརྗོད་པས་ཇི་ལྟར་དེའི་ངོ་བོ་ཉིད་དུ་རིགས་པར་འགྱུར་ཞེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་རྟག་པ་ཞེས་བྱ་བའི་ཆོས་འདི་ནི་བྱས་པ་ཉིད་འདིའི་ངོ་བོ་ཉིད་ཡིན་ནོ། །དེས་ན་དེ་མེད་ན་མི་རྟག་པ་ཉིད་མེད་ན་བྱས་པ་ཉིད་མེད་དོ། །དེ་ལྟ་མ་ཡིན་ན་

ཞེས་བྱ་བ་ནི་གལ་ཏེ་མི་རྟག་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་པར་མ་གྱུར་ན་དེའི་ཚེ་དེ་མེད་ན་བྱས་པ་ཉིད་ཡོད་པར་མི་འགྱུར་རོ་ཞེས་བྱ་བ་མི་རུང་བའི་ཕྱིར་རོ། །རྒྱུ་དེའི་ཕྱིར་དེའི་ངོ་བོ་ཉིད་དུ་རྟོགས་པས་བྱས་པ་ཉིད་མི་རྟག་པའི་ངོ་བོ་ཉིད་ཡིན་པར་རྟོགས་པས་རྗེས་སུ་འགྲོ་བ་དྲན་པ་འབྱུང་ངོ་། །

རང་བཞིན་གྱི་གཏན་ཚིགས་ལ་གང་ལ་གང་ཡང་རུང་བའི་སྦྱོར་བས་གཉི་གས་རྟོགས་པར་བཤད་ནས། འབྲས་བུའི་གཏན་ཚིགས་ལ་ཡང་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ན་ཞེས་བྱ་བ་ནི་རིལ་བརྗོད་པས་ཐམས་ཅད་བསྡུས་པ་ཡིན་ནོ། །དེ་ནི་གདོན་མི་ཟ་

བར་མེ་ཡོད་དོ་ཞེས་སྨྲས་ན། རྗེས་སུ་འགྲོ་བ་སྨོས་པ་དེ་ཁོ་ནས། དུ་བ་ནི་མེའི་འབྲས་བུ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ངེས་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དེས་ན་དུ་བ་ཡོད་ན་གདོན་མི་ཟ་བར་མེ་ཡོད་དོ། །དེ་ལྟ་མ་ཡིན་ན་གལ་ཏེ་མེ་དེ་དུ་བའི་རྒྱུ་མ་ཡིན་ན་དེའི་ཚེ་དོན་གཞན་

Vol. 176 · folio 43a

མེ་ནི་དེ་དང་འབྲེལ་བར་ངེས་པ་མེད་པའི་ཕྱིར་ཏེ། དུ་བ་དང་འབྲེལ་པ་ཁྱབ་པ་གང་ཡིན་པ་དེར་ངེས་པ་མེད་པའི་ཕྱིར་རོ། །དེ་བས་ན་ངོ་བོ་དུ་བའི་ངོ་བོ་ཉིད་རང་དབང་ཅན་དུ་འགྱུར་རོ། །རང་དབང་ཅན་ཡིན་པ་དེས་ན་དེ་མེད་ཀྱང་མེ་མེད་ཀྱང་དུ་བའི་རང་གི་ངོ་བོ་མ་ཚང་བ་མེད་པའི་

ཕྱིར་མེད་པར་མི་འགྱུར་གྱི་ཡོད་པ་ཁོ་ནར་འགྱུར་བ་ཞིག་ན། དེ་ལྟ་ཡང་མ་ཡིན་ནོ། །དེ་ལྟ་བས་ན་དུ་བ་ནི་འབྲས་བུ་ཡིན་པར་འདོད་པར་བྱའོ། །འདི་ལྟར་དུ་བ་འབྲས་བུ་ཡིན་པར་ཁས་ལེན་ན་ནི་གདོན་མི་ཟ་བར་དེའི་རྒྱུ་མེ་ཡོད་དོ། །འདི་ཁོ་ན་ཞེས་བྱ་བ་ལ་སོགས་པ་ནི་འདི་ཉིད་གཞུང་འཛུགས་

པ་ཡིན་ནོ། །དོན་གཞན་ཡོད་ན་ཞེས་བྱ་བ་ནི་འབྲས་བུར་འདོད་པ་ཡོད་ན་རང་གི་ངོ་བོ་ཉེ་བར་འཇོག་ཅིང་བདག་ཉིད་ངོ་བོ་སོ་སོར་ཉེ་བར་འཇོག་པ་ཡིན་ནོ། །འབྲས་བུ་འབྲས་བུ་ཉིད་ཡིན་པ་ཡང་དེ་ཡོད་པ་ཉིད་ན་རྒྱུ་ཡོད་པ་དེ་ཉིད་ན་ཡོད་པ་ཡིན་ནོ། །རྒྱུ་ཡོད་པ་ཉིད་ན་ཡོད་པ་དེ་ཡང་དུ་བ་ལ་

ཡོད་དེ། དེ་ལྟ་བས་ན་དུ་བ་ནི་འབྲས་བུ་ཡིན་ནོ་ཞེས་དེ་ལྟར་རྗེས་སུ་འགྲོ་བས་དེའི་འབྲས་བུ་ཉིད་ཤེས་པའི་མིས་མེ་མེད་ན་དུ་བ་མེད་དོ་ཞེས་བྱ་བར་ཤུགས་ཀྱིས་རྟོགས་པར་འགྱུར་རོ། །དེ་ནི་ཆོས་མི་མཐུན་པས་རྗེས་སུ་འགྲོ་བ་རྟོགས་པ་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མེ་མེད་ན་

དུ་བ་མེད་དོ་ཞེས་སྨྲས་ན། ལྡོག་པ་བརྗོད་པ་འདིས་མེ་ལས་དུ་བ་གདོན་མི་ཟ་བར་འབྱུང་ངོ་ཞེས། ཞེས་བྱ་བ་དེ་ལྟར་རྒྱུ་དང་འབྲས་བུའི་དངོས་པོ་ངེས་པར་འགྱུར་རོ། །མེ་ལས་གདོན་མི་ཟ་བར་འབྱུང་ངོ་ཞེས་བྱ་བར་སྦྱར་ཏེ། མེ་ཁོ་ན་ལས་འབྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ན་དེ་ལས་འབྱུང་བར་

ངེས་ན། ཤུགས་ཀྱིས་རྗེས་སུ་འགྲོ་བ་རྟོགས་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་གལ་ཏེ་ཆོས་མི་མཐུན་པ་སྨོས་པས་དུ་བ་ནི་མེའི་འབྲས་བུ་ཡིན་ནོ་ཞེས་བྱ་བ་དེ་མི་བརྗོད་ན་དེའི་ཚེ་དེ་མེད་ན་དུ་བ་ཇི་སྟེ་ཡོད་པར་མི་འགྱུར་ཏེ། ཡོད་པ་ཁོ་ནར་འགྱུར་བས་ལྡོག་པ་ངེས་པ་ཉིད་དུ་མི་འགྱུར་རོ། །དེ་ལྟ་

བས་ན་དོན་གཞན་ཉིད་ཡིན་ལ་གང་ཞིག་མེད་ན་གང་ཞིག་གདོན་མི་ཟ་བར་མེད་པ་དེ་ནི། དེའི་འབྲས་བུ་ཡིན་ཏེ། དེའི་ཕྱིར་ལྡོག་པ་བརྗོད་པས་རྗེས་སུ་འགྲོ་བ་རྟོགས་སོ་ཞེས་བྱ་བ་འདི་གནས་སོ། །འདིར་གཞན་གྱིས་འཁྲུལ་པ་རྟག་པ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རྟག་པ་

Vol. 176 · folio 43b

དང་མི་རྟག་པ་དག་གི་དོན་དག་གི་འབྲས་བུ་ནི་རྟག་པ་དང་མི་རྟག་པའི་དོན་གྱི་འབྲས་བུའོ། །དེའི་ངོ་བོ་ནི་དེ་ཉིད་དེ་དེ་མ་ཡིན་ཡང་ངོ་། །འདི་ལྟར་ཉན་པའི་ཤེས་པ་ནི་སྒྲ་ཁོ་ནའི་ཆོས་ཡིན་པའི་ཕྱིར་ཐུན་མོང་མ་ཡིན་པ་ཡིན་ན་དེ་ལ་ཅི་ཉན་པའི་ཤེས་པ་སྒྲ་རྟག་པ་ཞིག་གི་འབྲས་བུ་ཡིན་ནམ། འོན་ཏེ་མི་

རྟག་པ་ཞིག་གི་ཡིན་ཞེས་བྱ་བ་ནི་མི་ཤེས་སོ། །དེའི་ཕྱིར་ཉན་པའི་ཤེས་པ་ནི་རྟག་པའི་དོན་གྱི་འབྲས་བུ་ཉིད་ཀྱང་མ་ཡིན་ལ། མི་རྟག་པའི་དོན་གྱི་འབྲས་བུ་ཉིད་ཀྱང་མ་ཡིན། འོན་ཀྱང་དེ་དག་མེད་ན་རྟག་པ་དང་མི་རྟག་པའི་དོན་མེད་ན་ཉན་པའི་ཤེས་པ་མེད་དེ། དེ་དག་ལོག་ན་ལྡོག་གོ་ཞེས་

བྱ་བའི་ཐ་ཚིག་གོ། །རེ་ཞིག་རྟག་པའི་དོན་མེད་པ་ལ་ནི་མེད་དེ། བུམ་པ་ལ་སོགས་པ་མི་རྟག་པ་ལ་མེད་པའི་ཕྱིར་རོ། །མི་རྟག་པའི་དོན་མེད་པ་ལ་ཡང་མེད་དེ་ནམ་མཁའ་ལ་སོགས་པ་ལ་རྟག་པ་མེད་པའི་ཕྱིར་རོ་ཞེ་ན། གྲུབ་པའི་མཐའ་སྨྲ་བས་མེད་པ་ཉིད་མ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། མཉན་

པར་བྱ་བ་ཉིད་འདི་ནི་རྟག་པ་དང་མི་རྟག་པ་མེད་ན་མེད་དོ་ཞེས་བྱ་བར་དེ་ལྟར་ཤེས་པར་མི་ནུས་སོ། །གལ་ཏེ་དེ་དག་མེད་ན་མེད་དོ་ཞེས་བྱ་བ་དེ་ལྟར་ངེས་པར་གྱུར་ན་ནི་དེའི་ཚེ་དེ་འབྲས་བུ་ཉིད་ཡིན་པར་ངེས་པར་འགྱུར་བ་ཞིག་ན། འོན་ཀྱང་དེ་དག་མེད་ན་མེད་དོ་ཞེས་བྱ་བ་ཉིད་ནི་མེད་དོ། །དེ་ཅིའི་ཕྱིར་ཞེ་ན།

མཉན་པར་བྱ་བ་ཉིད་དེ་ལས་རྟག་པ་དང་མི་རྟག་པའི་དོན་དེ་དག་ཉིད་ལ་ཐེ་ཚོམ་ཟ་བའི་ཕྱིར་རོ། །དེ་བས་ཡིན་ན་རྟག་པ་དང་མི་རྟག་པའི་དངོས་པོ་ལ་མེད་པས་མཉན་པར་བྱ་བ་ཉིད་ལས་ངེས་པའི་ཕྱིར་ཇི་ལྟར་དེ་དག་གི་ངོ་བོ་ལ་ལྟོས་ནས། རྟག་པ་དང་མི་རྟག་པའི་ངོ་བོ་ཉིད་ལ་ལྟོས་ནས།

སྒྲ་ལ་ཐེ་ཚོམ་དུ་འགྱུར། དེ་ལྟ་བས་ན་མཉན་པར་བྱ་བ་ཉིད་ནི་རྟག་པ་དང་མི་རྟག་པ་དག་ལས་ལྡོག་པ་ཉིད་མེད་དོ། །འོ་ན་ཇི་ལྟར་མཉན་པར་བྱ་བ་ཉིད་ཐུན་མོང་མ་ཡིན་པའི་ཕྱིར་རྟག་པ་དང་མི་རྟག་པ་དག་ལ་མེད་དོ་ཞེས་བརྗོད་ཅེ་ན། ཡོད་པར་ངེས་པ་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་

པ་སྨོས་ཏེ། རྟོག་པ་དང་མི་རྟག་པ་དག་ལ་མཉན་པར་བྱ་བ་ཉིད་ཡོད་པར་ངེས་པ་མེད་པའི་ཕྱིར། རྟག་པ་དང་མི་རྟག་པ་དག་ལ་མཉན་པར་བྱ་བ་ཉིད་མེད་དོ་ཞེས་བརྗོད་དོ། །དེ་ལྟ་བས་ན་འབྲས་བུའི་གཏན་ཚིགས་ལ་དཔེ་དག་གིས་བསྒྲུབ་པར་བྱ་བ་དང་སྒྲུབ་པ་དག་རྒྱུ་དང་འབྲས་བུའི་

Vol. 176 · folio 44a

དངོས་པོར་བརྗོད་པར་བྱའི་མཐོང་བ་དང་མ་མཐོང་བ་ཙམ་ནི་མ་ཡིན་ནོ། །དེ་ལྟར་ན་དོན་གྱིས་གོ་བས་གང་ཡང་རུང་བས་ཅིག་ཤོས་རྟོགས་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་པས། གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་ན་དུ་བ་ཡོད་པ་དེ་ན་མེ་ཡོད་དོ་ཞེས་བྱ་བ་ཉིད་དུ་ཡང་

མི་འགྱུར་ན་ཞེས་བྱ་བ་ནི་འབྲེལ་པ་མེད་པའི་ཕྱིར་རྗེས་སུ་འགྲོ་བ་ཉིད་དུ་མི་འགྱུར་བའོ། །གང་གི་ཚེ་རྗེས་སུ་འགྲོ་བ་ཉིད་མ་གྲུབ་པ་དེའི་ཚེ། མེ་མེད་ན་དུ་བ་མེད་དོ་ཞེས་ཤུགས་ཀྱིས་ལྡོག་པ་འགྲུབ་པ་ལྟ་ག་ལ་འགྱུར། དེ་བཞིན་དུ་ཆོས་མི་མཐུན་པས་མ་མཐོང་བ་ཙམ་བརྗོད་པས་བསྒྲུབ་པར་བྱ་བ་མེད་ན་གཏན་

ཚིགས་མེད་པ་མི་འགྲུབ་པའི་ཕྱིར་དེའི་སྒོ་ནས་རྗེས་སུ་འགྲོ་བ་དྲན་པར་ལྟ་འགྱུར་རེ་སྐན། དེ་མེད་ན་ཇི་སྐད་བཤད་པའི་འབྲེལ་པ་མེད་ན། གཅིག་ཡོད་ན་གཞན་རབ་ཏུ་འགྲུབ་པ་མི་སྲིད་པས། གཅིག་ཡོད་ན་འབྲས་བུ་དང་རང་བཞིན་གྱི་གཏན་ཚིགས་ཡོད་ན་གཞན་རབ་ཏུ་གྲུབ་པར་བྱ་བའི་ཕྱིར་རྟགས་ཅན་རྒྱུ་

དང་རང་བཞིན་རབ་ཏུ་གྲུབ་པར་བྱ་བའི་ཕྱིར་རོ། །ཇི་སྐད་བཤད་པའི་ཞེས་བྱ་བ་ནི་དེའི་བདག་ཉིད་དང་དེ་ལས་བྱུང་བའི་མཚན་ཉིད་དོ། །དེའི་ཕྱིར་ཞེས་པ་ནི་བཤད་མ་ཐག་པའི་ཕྱིར་རོ། །རྒྱུ་དང་རང་བཞིན་དག་མེད་པ་ཞེས་བྱ་བ་ནི་རྒྱུ་མེད་པ་དང་རང་བཞིན་ཁྱབ་པར་བྱེད་པ་མེད་པའོ། །འབྲས་བུ་དང་

ཁྱབ་པར་བྱ་བ་འགའ་ཞིག་དགག་པའིའོ། །ཡང་ཞེས་བྱ་བས་ནི་དགག་པའི་ཐ་སྙད་བསྒྲུབ་པའི་ཡང་ངོ་། །གཏན་ཚིགས་ནི་རྟགས་སོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་རྒྱུ་དང་ཁྱབ་པར་བྱེད་པ་དེ་དག་ཁོ་ན་ལྡོག་པ་ན། རང་དང་འབྲེལ་པ་འབྲས་བུ་དང་རང་བཞིན་ཁྱབ་པར་བྱ་བ་ཟློག་པར་བྱེད་

པས། རྒྱུ་དེའི་ཕྱིར་དོན་འབྲས་བུའམ་ཁྱབ་པར་བྱ་བ་འགའ་ཞིག་དགག་པ་ཡང་སྒྲུབ་པར་འདོད་པས་སོ། །ཡང་ཞེས་བྱ་བའི་སྒྲས་ནི་ཐ་སྙད་ཀྱང་སྟེ། འདིས་ནི་ཡང་ཞེས་བྱ་བའི་སྒྲའི་དོན་ཡང་བརྗོད་པ་ཡིན་ནོ། །རྒྱུ་བྱེད་རྒྱུ་འམ་རང་བཞིན་ཁྱབ་པར་བྱེད་པའི་ལྡོག་པའི་གཏན་ཚིགས་

ཉིད་དུ་བརྗོད་པར་བྱའོ། །ཅིའི་ཕྱིར་དེ་གཉིས་ཁོ་ན་ལྡོག་པ་ཉིད་དུ་བརྗོད་པར་བྱའི། གཞན་ཡང་ནི་མ་ཡིན་ཞེ་ན། མ་འབྲེལ་ན་ནི་ཞེས་བྱ་བ་སྨོས་ཏེ། དེ་གཉིས་ལས་གཞན་པ་ལ་འབྲེལ་བ་མེད་དོ་སྙམ་དུ་བསམ་པ་ཡིན་ནོ། །གང་ལ་དམིགས་པར་རིགས་ཤིང་རུང་བ་ཡོད་པ་ལ་དེ་སྐད་ཅེས་བྱ་སྟེ།

Vol. 176 · folio 44b

བལྟར་རུང་བཞེས་བྱ་བའི་ཐ་ཚིག་གོ། །དེ་མི་དམིགས་པ་ཡང་ཞེས་བྱ་བ་ནི་བལྟར་རུང་བའི་རང་བཞིན་མི་དམིགས་པ་ཡང་དགག་པའི་གཏན་ཚིགས་ཡིན་ནོ། །འདི་ནི་དགག་པ་ཉིད་ཀྱི་གཏན་ཚིགས་ནི་མ་ཡིན་ནོ། །འོན་ཀྱང་དགག་པའི་ཡུལ་ཅན་གྱི་ཐ་སྙད་གང་ཡིན་པ་དེའི་གཏན་ཚིགས་ཡིན་པའི་

ཕྱིར། དེའི་གཏན་ཚིགས་ཏེ། དགག་པའི་གཏན་ཚིགས་ཞེས་བཤད་དོ། །ཅིའི་ཕྱིར་དགག་པའི་གཏན་ཚིགས་མ་ཡིན་ཞེ་ན། དེ་ལྟ་བུ་མི་དམིགས་པ་ན་བལྟར་རུང་བ་མི་དམིགས་པ་ནི། རང་ཉིད་ཀྱི་འགོག་པའི་ངོ་བོ་ཡིན་པའི་ཕྱིར་རོ། །རྒྱུ་དང་ཁྱབ་པར་བྱེད་པ་མི་དམིགས་པ་ཞེས་བྱ་བ་ནི་རྒྱུ་མི་

དམིགས་པ་དང་། ཁྱབ་པར་བྱེད་པ་མི་དམིགས་པའོ། །གཉི་གའི་ཡང་ཞེས་བྱ་བ་ནི་དགག་པ་དང་དགག་པའི་ཐ་སྙད་ཀྱིའོ། །དེ་ལྟར་ཞེས་བྱ་བ་ནི་དེ་ལྟར་ན་སྟེ་མི་དམིགས་པ་འདི་མདོར་བསྡུས་ནས་རྣམ་པ་གསུམ་དུ་བཤད་ཀྱང་ཡང་རྣམ་པ་དུ་མར་བཤད་དེ། འདི་གཉིས་ལས་གོང་དུ་རྣམ་པ་

བརྒྱད་དུ་ཇི་ལྟར་ཕྱེ་བ་ལྟ་བུའོ། །རྣམ་པ་གང་གིས་ཤི་ན། དེ་དང་དེ་འགལ་ལ་སོགས་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཞེས་བྱ་བའི་སྒྲས་ནི་གོང་དུ་ཐལ་བ་རང་བཞིན་དང་། རྒྱུ་དང་ཁྱད་པར་བྱེད་པ་གསུམ་གཟུང་ངོ་། །རང་བཞིན་ལ་སོགས་པ་གསུམ་པོ་དེ་དག་འགལ་བ་

ནི་དེ་འགལ་ཏེ་རང་བཞིན་དང་འགལ་བ་དང་རྒྱུ་དང་འགལ་བ་དང་ཁྱབ་པར་བྱེད་པ་དང་འགལ་བའི་བྱེ་བྲག་གིས་རྣམ་པ་གསུམ་ཁོ་ན་ཡིན་ནོ། །གང་ལ་དེ་དང་དེ་དང་འགལ་བ་ཡོད་པ་དེ་ནི་དེ་དང་དེ་དང་འགལ་བ་ལ་སོགས་པ་སྟེ། སོགས་པ་ཞེས་བྱ་བའི་སྒྲས་ནི་འགལ་བའི་འབྲས་བུ་

དང་། རྒྱུ་འགལ་བའི་འབྲས་བུ་བསྡུའོ། །དེ་དང་དེ་དང་འགལ་བ་ལ་སོགས་པ་ནི་དེ་དང་དེ་དང་འགལ་བ་ལ་སོགས་པ་དག་གོ། །དེ་དག་མི་རྟོགས་པ་དང་རྟོགས་པ་དག་སྟེ། དེ་མི་རྟོགས་པ་དང་། དེ་དང་འགལ་བ་ལ་སོགས་པ་རྟོགས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་

གི་དབྱེ་བ་སྟེ་དེས་སྦྱོར་བའོ། །དེ་ལྟ་བས་ན་སྦྱོར་བའི་སྒོ་ནས་རྣམ་པ་དུ་མར་བཤད་དོ། །དེ་ལ་དེ་མི་རྟོགས་པས་ནི་མི་དམིགས་པ་རྣམ་པ་གསུམ་པོ་རང་བཞིན་མི་དམིགས་པ་དང་། རྒྱུ་མི་དམིགས་པ་དང་། ཁྱབ་པར་བྱེད་པ་མི་དམིགས་པ་བསྡུས་སོ། །དེ་དང་འགལ་བ་རྟོགས་

Vol. 176 · folio 45a

པས་ནི། རང་བཞིན་འགལ་བ་དམིགས་པ་དང་། རྒྱུ་འགལ་བ་དམིགས་པ་དང་། ཁྱབ་པར་བྱེད་པ་འགལ་བ་དམིགས་པ་གསུམ་བསྡུས་སོ། །སོགས་པའི་སྒྲས་ནི་འགལ་བའི་འབྲས་བུ་དམིགས་པ་དང་། རྒྱུ་འགལ་བའི་འབྲས་བུ་དམིགས་པ་བསྡུས་ཏེ། དེ་ལྟར་ན་སྔར་

བཤད་པའི་མི་དམིགས་པ་རྣམ་པ་བརྒྱད་བསྡུས་པ་ཡིན་ནོ། །དགག་པའི་གཏན་ཚིགས་ནི་རྣམ་པ་གསུམ་ཁོ་ན་སྟེ་ཞེས་བྱ་བ་ལ་སོགས་པས་ནི་ཚིག་ལེའུར་བྱས་པའི་དོན་འཆད་དོ། །རྒྱུ་དམིགས་སུ་ཡོད་པ་དམིགས་སུ་རུང་བ་མི་དམིགས་པའོ་ཞེས་བྱ་བར་སྦྱར་རོ། །ཁྱབ་པར་བྱེད་པ་དང་

རང་གི་བདག་ཉིད་དམིགས་སུ་ཡོད་པ་ཞེས་བྱ་བར་སྦྱར་རོ། །དགག་པའི་གཏན་ཚིགས་རྣམ་པ་གསུམ་པོ་དེ་ནི་སྦྱོར་བའི་དབང་གིས་རྣམ་པ་དུ་མར་བཤད་དེ་ཞེས་བྱ་བར་སྦྱར་རོ། །སྦྱོར་བའི་དབང་གིས་ཇི་ལྟ་བུ་ཞེ་ན། དེ་དང་དེ་དང་འགལ་བ་ལ་སོགས་པ་མ་རྟོགས་པ་དང་། རྟོགས་པའི་

དབྱེ་བའི་སྦྱོར་བའི་སྒོ་ནས་ཞེས་བྱ་བ་སྨོས་སོ། །དེ་ཉིད་དེ་མ་རྟོགས་པ་དང་ཞེས་བྱ་བ་ལ་སོགས་པས་རྣམ་པར་འབྱེད་དེ། དེ་མ་རྟོགས་པ་ཞེས་བྱ་བ་ནི་རང་བཞིན་དང་རྒྱུ་དང་ཁྱབ་པར་བྱེད་པ་མི་དམིགས་པའོ། །དེ་དང་འགལ་བ་རྟོགས་པ་ཞེས་བྱ་བ་ནི་རང་བཞིན་དང་རྒྱུ་དང་ཁྱབ་པར་བྱེད་པ་

དང་འགལ་བ་དམིགས་པའོ། །འགལ་བའི་འབྲས་བུ་རྟོགས་པ་ཞེས་བྱ་བ་ནི་འགལ་བའི་འབྲས་བུ་དམིགས་པའོ་ཞེས་བྱ་བ་ལ་སོགས་པའི་དབྱེ་བའི་སྦྱོར་བ་དག་གིས་ཞེས་བྱ་བ་ནི། རྒྱུ་འགལ་བའི་འབྲས་བུ་དམིགས་པ་ལ་སོགས་པའི་དབྱེ་བའི་སྦྱོར་བ་དག་གིས་སོ། །ཇི་སྐད་བཤད་པ་

བཞིན་ནོ་ཞེས་བྱ་བ་ནི་གོང་དུ་མི་དམིགས་པའི་རབ་ཏུ་དབྱེ་བ་བསམ་པའི་སྐབས་སུའོ། །གང་གི་ཕྱིར་དེ་ལྟར་འབྲེལ་བའི་དབང་གིས་རྟོགས་པར་བྱེད་པ་ཉིད་ཡིན་པ་དེའི་ཕྱིར། རྒྱུ་དང་འབྲས་བུའི་དངོས་པོ་ངེས་པར་བྱེད་པའི་བསྒྲུབ་པར་བྱ་བ་དང་སྒྲུབ་པ་དག་མི་འཁྲུལ་བར་སྒྲུབ་པར་བྱེད་པའམ་

རང་བཞིན་ངེས་པར་བྱེད་པ་དེའི་བདག་ཉིད་ཀྱི་མཚན་ཉིད་ལས་འབྲས་བུ་དང་རང་བཞིན་གྱི་རྟགས་བསྒྲུབ་པར་བྱ་བ་མེད་ན་མི་འབྱུང་བར་ངེས་པ་ཡིན་ནོ། །མ་མཐོང་བ་ལས་མིན་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་མེད་ན་གཏན་ཚིགས་མ་མཐོང་བ་ཙམ་ལས་མེད་ན་མི་འབྱུང་བར་ངེས་པ་ནི་མ་ཡིན་

Vol. 176 · folio 45b

པའོ། །མཐོང་ལས་མིན་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་དང་། སྒྲུབ་པ་དག་ལྷན་ཅིག་ཡོད་པར་མཐོང་བ་ལས་ཀྱང་མ་ཡིན་པའོ། །དེ་ལྟ་བས་ན་དེ་ལས་བྱུང་བ་ཁོ་ནས་དོན་གཞན་མེད་ན་མི་འབྱུང་བ་ཡིན་ཏེ། ཇི་ལྟར་གཞན་དུ་ན་སྟེ་དེ་ལས་བྱུང་བ་མ་ཡིན་ན། གཞན་དག་ཉིད་དུ་གྱུར་པ་མ་

ཡིན་པའི་རྟགས་གཞན་དག་དང་སྟེ། བསྒྲུབ་པར་འདོད་པའི་དོན་གཞན་དག་དང་། ངེས་པར་ཡོད་པའི་ངེས་པ་གང་དེ་ལྟར་ན་རེ་ཞིག་གཞན་དུ་གྱུར་པའི་རྟགས་མདུན་དུ་བྱས་ཏེ་བཤད་པ་ཡིན་ནོ། །དོན་གཞན་མ་ཡིན་པའི་རྟགས་ལ་ནི་བསྒྲུབ་པར་བྱ་བའི་ཆོས་དེ་ཙམ་དང་འབྲེལ་བ་ཉིད་དུ་འདོད་

པར་བྱའོ། །དེ་ལྟ་མ་ཡིན་ཏེ་མི་རྟག་པ་ཉིད་གང་ཞིག་ལ་བྱས་པ་ཉིད་ཀྱི་རྒྱུ་མཚན་སྐྱེད་པར་བྱེད་པ་གང་ཡིན་པ་དེ་ལས་དོན་གཞན་པ་ཐོ་བ་ལ་སོགས་པའི་རྒྱུ་མཚན་ཡོད་པར་འདོད་ན་ཆོས་དེ་ལས། ངེས་པར་ཡོད་པའི་ངེས་པ་གང་ཅི་དང་འདྲ་ཞེ་ན། གོས་ལ་ཚོན་བཞིན་ནོ། །ཇི་ལྟར་གོས་གྲུབ་

ཟིན་པ་ལ་ལེ་བརྒན་རྩི་ལ་སོགས་པའི་རྒྱུ་མཚན་ཅན་གྱི་ཚོན་ཕྱིས་འབྱུང་བ་གང་ཡིན་པ་དེ་ལ་གདོན་མི་ཟ་བར་འབྱུང་བར་མ་ངེས་པ་དེ་དང་འདྲའོ། །མི་རྟག་པ་ཉིད་ཀྱི་རྒྱུ་དོན་གཞན་ཡིན་པ་ཉིད་དུ་འདོད་པ་ལ་ཉེས་པ་འདི་འབའ་ཞིག་ཏུ་མ་ཟད་ཀྱི། ཉེས་པ་གཞན་འདི་ཡང་ཡོད་པས།

གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་རྟག་པ་ཉིད་ཅེས་བྱ་བའི་ཆོས་དོན་གཞན་གྱི་རྒྱུ་མཚན་ཅན་ཡིན་པར་གྱུར་ན་དེ་རང་གི་ངོ་བོར་གྱུར་པ་བྱས་པ་ལ་སོགས་པ་དེ་ལས་གཞན་ཉིད་ཡིན་ནོ། །འདི་ལྟར་བསྒྲུབ་པར་བྱ་བའི་ཆོས་དོན་གཞན་གྱི་རྒྱུ་མཚན་ཅན་ཉིད་དུ་ཁས་ལེན་ན། སྒྲུབ་

པའི་ཆོས་གྲུབ་ན་མ་གྲུབ་པ་དང་རྒྱུ་ཐ་དད་པ་ཅན་དང་གཉིས་སུ་འདོད་པ་ཡིན་ནོ། །དེ་ཡང་རང་བཞིན་ཐ་དད་པ་མེད་པར་མི་རུང་སྟེ། འདི་ལྟར་གྲུབ་པའི་ངོ་བོ་དེ་གྲུབ་ཀྱང་བསྒྲུབ་པར་བྱ་བའི་ཆོས་མ་གྲུབ་པའམ། རྒྱུ་ཐ་དད་པ་ཅན་ནི་དེའི་རང་བཞིན་དུ་རིགས་པ་མ་ཡིན་ཏེ། རྟགས་སྔར་གྲུབ་པ་དང་

རྒྱུ་ཐ་དད་པ་ཅན་གྱི་རང་བཞིན་དུ་རིགས་པ་མ་ཡིན་ནོ། །འདི་ལྟར་དངོས་པོ་རྣམས་ཀྱི་ཐ་དད་པ་ནི་འདི་ཁོ་ན་ཡིན་ཏེ། ཆོས་འགལ་བ་གནས་ཤིང་ཆོས་འགལ་བ་དང་ལྡན་པ་ཡིན་ཏེ། གྲུབ་པ་དང་མ་གྲུབ་པ་དག་ནི་འདིར་ཆོས་འགལ་བ་དག་ཡིན་ནོ། །དེ་བཞིན་དུ་རྒྱུ་ཐ་དད་པ་ནི་འདི་ཁོ་

Vol. 176 · folio 46a

ན་ཡིན་ཏེ། ཐ་དད་པ་སྐྱེད་པར་བྱེད་པའི་རྒྱུ་ཐ་དད་པ་གང་ཡིན་པའོ། །རྒྱུ་ཐ་དད་པ་ནི་འདིར་ཚོགས་པ་ཐ་དད་པ་ཡིན་པར་བལྟ་བར་བྱ་སྟེ། འདིས་ནི་ཐ་དད་པའི་རང་གི་ངོ་བོ་དང་། ཐ་དད་པའི་རྒྱུ་ཡང་བཤད་དོ། །གལ་ཏེ་ཆོས་འགལ་བ་གནས་པ་དང་། རྒྱུ་ཐ་དད་

པ་དེ་དག་ཀྱང་ཐ་དད་པར་བྱེད་པ་མ་ཡིན་པར་འདོད་ན། དེའི་ཚེ་དངོས་པོ་གང་ཡང་དོན་གང་ལས་ཀྱང་ཐ་དད་པ་མེད་པས་འགྲོ་བ་རིལ་རྫས་གཅིག་ཏུ་འགྱུར་རོ། །གལ་ཏེ་ཡོན་ཏན་གསུམ་ཁྱད་པར་མེད་པའི་ཕྱིར་ཐམས་ཅད་གཅིག་པ་ཉིད་དུ་འདོད་པ་ཁོ་ནའོ་ཞེ་ན། དེས་ན་ཞེས་བྱ་བ་ལ་

སོགས་པ་སྨོས་ཏེ། དེས་ན་ཞེས་བྱ་བ་ནི་གཅིག་པའི་ཕྱིར་རོ། །ལྷན་ཅིག་སྐྱེ་བ་དང་འཇིག་པ་དག་ན། གཅིག་སྐྱེ་ན་ཡང་ཐམས་ཅད་སྐྱེ་ལ། འཇིག་ན་ཡང་འཇིག་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འབྲས་བུ་ཐམས་ཅད་ལ་ཐམས་ཅད་ཉེ་བར་སྦྱར་ཏེ། རྒྱུ་ཉིད་དུ་འགྱུར་རོ། །

དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་ལྷན་ཅིག་སྐྱེ་བ་ལ་སོགས་པར་ཁས་མི་ལེན་ན་ཐམས་ཅད་གཅིག་ཅེས་བྱ་བ་ཉིད་དུ་མི་འགྱུར་རོ། །འོན་ཏེ་ཉེ་བར་སྦྱར་བ་ལ་སོགས་པའི་བྱེ་བྲག་གིས་ཕན་ཚུན་ཐ་དད་པའི་བདག་ཉིད་དུ་འདོད་ན། དེའི་ཚེ་མིང་ཐ་དད་པར་འགྱུར་བར་ཟད་དེ། མང་པོ་རྣམས་

ལ་གཅིག་ཅེས་མིང་དུ་བཏགས་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། ཕན་ཚུན་ཐ་དད་པའི་དོན་ཁས་བླངས་ནས། དེ་སྐད་དུ་བརྗོད་པའི་ཕྱིར་ཏེ། གཅིག་ཅེས་བརྗོད་པའི་ཕྱིར་རོ། །གཞན་གྱི་རྒྱུ་དོན་ཐ་དད་པ་ཉིད་མེད་ཀྱང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཁྱེད་ཀྱི་གཞུང་ལུགས་ཀྱིས་མི་

རྟག་པ་ཉིད་ཀྱི་རྒྱུ་དོན་ཐ་དད་པ་ཉིད་མེད་ཅིང་འཇིག་པའི་རྒྱུ་ལ་མི་ལྟོས་པ་ཉིད་ཡིན་ཡང་། དངོས་པོའི་དུས་ན་མི་རྟག་པ་ཉིད་མ་གྲུབ་པའི་ཕྱིར་དངོས་པོ་ཡོད་པའི་དུས་ན་མི་རྟག་པ་དེ་མ་གྲུབ་པའི་ཕྱིར་ཏེ། དངོས་པོའི་འོག་རོལ་གྱི་དུས་སུ་མི་རྟག་པ་ཉིད་དུ་འགྱུར་རོ་སྙམ་དུ་བསམ་པ་ཡིན་ནོ། །

དེའི་རང་བཞིན་མ་ཡིན་པར་མཚུངས་པ་མ་ཡིན་ནམ་ཞེས་བྱ་བ་ནི་ཇི་ལྟར་ཁོ་བོ་ཅག་གི་ལྟར་ན་མི་རྟག་པ་ཉིད་དོན་གཞན་ལ་ལྟོས་པས་བྱས་པའི་ངོ་བོ་ཉིད་མ་ཡིན་པ་དེ་བཞིན་དུ་རྒྱུ་མེད་པར་སྨྲ་བ་ཁྱེད་ཀྱི་ལྟར་ན་ཡང་། འཇིག་པ་བྱས་པའི་ངོ་བོ་ཉིད་དུ་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །

Vol. 176 · folio 46b

མི་རྟག་པ་ཉིད་ཅེས་བྱ་བ་ལ་སོགས་པས་ནི་ལན་འདེབས་སོ། །སྐད་ཅིག་མར་གནས་པའི་ཆོས་ཞེས་བྱ་བ་ནི་སྐད་ཅིག་མར་གནས་པའི་ངོ་བོ་ཉིད་དོ། །གལ་ཏེ་དངོས་པོ་ཉིད་མི་རྟག་པ་ཉིད་ཡིན་ན། འོ་ན་ཇི་ལྟར་ཆོས་ཅན་སྒྲའི་ཆོས་མི་རྟག་པ་ཉིད་ཅེས་ཚིག་ཐ་དད་ཅེ་ན། དེའི་ཕྱིར་ཆོས་དང་ཞེས་བྱ་བ་

ལ་སོགས་པ་སྨོས་ཏེ། ཆོས་དང་ཆོས་ཅན་གྱི་ཚིག་ཐ་དད་པ་རྗོད་པར་བྱེད་པ་ཐ་དད་པ་ཉིད་གང་ཡིན་པ་དེ་ལ་ཡང་རྒྱུ་མཚན་འོག་ནས་བཤད་པར་བྱའོ། །ཇི་སྟེ་གལ་ཏེ་དངོས་པོ་ཉིད་མི་རྟག་པ་ཉིད་ཡིན་ན། དངོས་པོ་མངོན་སུམ་དུ་བྱེད་པ་ན། ཅིའི་ཕྱིར་དེ་མངོན་སུམ་དུ་མི་འགྱུར། གང་

གིས་ན་རྟགས་ལས་གོ་བར་འགྱུར་ཞེ་ན། བདེན་ཏེ་འཛིན་པ་ཁོ་ན་ཡིན་ན་དངོས་པོ་འདིའི་རང་བཞིན་སྐད་ཅིག་མར་གནས་པའི་ཆོས་དེ་ཉིད་མི་རྟག་པ་ཉིད་ཅེས་བྱ་བ་དེ་ནི་མཐོང་བ་བཞིན་དུ་ཡང་མངོན་སུམ་དུ་བྱས་སུ་ཟིན་ཀྱང་མི་རྟོགས་པ་འབའ་ཞིག་ཏུ་ཡང་ཟད་དོ་ཞེས་བྱ་བ་འདི་དང་

སྦྱར་རོ། །ཅིའི་ཕྱིར་དངོས་པོའི་རང་བཞིན་སྐད་ཅིག་མར་གནས་པའི་ཆོས་ཉིད་ཡིན་ཞེ་ན། རང་གི་རྒྱུ་ཁོ་ན་ལས་དེ་ལྟར་སྐྱེ་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། དངོས་པོའི་རྒྱུ་ཁོ་ན་ལས་སྐད་ཅིག་མར་གནས་པའི་ཆོས་ཉིད་དུ་སྐྱེ་བའི་ཕྱིར་རོ། །གལ་ཏེ་མཐོང་བཞིན་དུ་ཡང་ཅི་སྟེ་མི་རྟོགས་

ཤེ་ན། བློ་ཞན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལ་བློ་ཞན་ཅིང་གཡེར་བག་མེད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །རྟག་ཏུ་ཞེས་བྱ་བའི་སྒྲ་ནི་དེ་ལྟར་ཡོད་པར་དོགས་པས་བསླུས་པ་ཞེས་བྱ་བ་འདི་དང་སྦྱར་ཏེ། དུས་རེས་འགའ་ནི་ཡོད་པ་དམིགས་པ་ཡོད་པ་ཉམས་སུ་མྱོང་བའི་

རྒྱུས་རྟག་ཏུ་དེ་ལྟར་ཡོད་པར་དོགས་པས་བསླུས་ཏེ། འདི་ནི་སྐད་ཅིག་མ་གཅིག་ལ་ཇི་ལྟ་བུ་དམིགས་པ་ལྟར་དུས་ཐམས་ཅད་དུ་དེ་ཁོ་ན་ལྟ་བུ་ཡིན་ནོ་ཞེས་རྟག་ཏུ་དེ་ལྟར་ཡོད་པར་དོགས་ཤིང་གཅིག་པ་ཉིད་དུ་སྒྲོ་འདོགས་པར་བྱེད་པའི་འཁྲུལ་པར་འགྱུར་རོ། །དོགས་པ་ཞེས་བྱ་བའི་

སྒྲས་འདིར་འཁྲུལ་པ་ཁོ་ན་ལ་བྱའི་ཐེ་ཚོམ་ནི་མ་ཡིན་ནོ། །དེས་བསླུས་ཤིང་བྲི་བ་ནི་སྐད་ཅིག་མར་གནས་པའི་ཆོས་ཉིད་དེ་མངོན་སུམ་གྱི་ཚད་མས་མཐོང་བཞིན་དུ་ཡང་ཇི་ལྟར་ཉམས་སུ་མྱོང་བ་མི་རྟོགས་ཤིང་ངེས་པར་མི་འགྱུར་རོ། །མ་ངེས་པའི་རྒྱུ་གཉིས་པ། འདྲ་བ་གཞན་འབྱུང་བས་

Vol. 176 · folio 47a

བསླུས་པས་ཞེས་བྱ་བ་སྨོས་ཏེ། ཡང་ན་སྐད་ཅིག་མ་དང་པོ་དང་འདྲ་བ་སྐད་ཅིག་མ་གཉིས་པ་ལ་སོགས་པ་འབྱུང་བ་དེས་བསླུས་པས་མཐོང་བཞིན་དུ་ཡང་མི་རྟོགས་སོ་ཞེས་བྱ་བར་སྦྱར་ཏེ། ཁ་ཅིག་ནི་དེ་སྐད་དུ་འཆད་དོ། །འདི་ནི་འདིར་བསམ་པར་བྱ་བ་ཡིན་ཏེ། གལ་ཏེ་དངོས་པོའི་

རང་བཞིན་ཡིན་པའི་ཕྱིར་སྐད་ཅིག་མར་གནས་པའི་ཆོས་ཉིད་དངོས་པོ་བཞིན་མངོན་སུམ་པ་ཡིན་ན། སྔོན་པོ་ལ་སོགས་པའི་རང་གི་ངོ་བོ་ལྟར་དེ་ཡང་ཇི་ལྟར་མྱོང་བ་བཞིན་ཅིའི་ཕྱིར་ངེས་པར་མི་འགྱུར་ཞེས་དེ་སྐད་དུ་བརྒལ་བའི་ལན་དུ་རྟག་ཏུ་དེ་ལྟར་ཡོད་པར་དོགས་པས་བསླུས་པའི་ཕྱིར་རོ་ཞེས་བྱ་བ་འདི་

བཤད་པ་གཞན་གྱིས་གལ་ཏེ་སྐད་ཅིག་མ་ཉིད་མངོན་སུམ་པ་ཡིན་ན། ཅིའི་ཕྱིར་རྟག་ཏུ་ཡོད་པ་ཉིད་དུ་དོགས་པར་འགྱུར། ཉམས་སུ་མྱོང་བའི་ཤེས་པས་གཟུང་བའི་སྔོན་པོ་ལ་ནི་སེར་པོར་སྒྲོ་འདོགས་པར་བྱེད་པའི་འཁྲུལ་པར་མི་འགྱུར་རོ་ཞེས་འདི་ལྟ་བུ་ཉིད་རྒོལ་བ་མ་ཡིན་ནམ། དེ་ལྟར་ནི་བརྒལ་

བ་གང་ཡིན་པ་དེ་ཉིད་ལན་དུ་བྱས་པར་འགྱུར་རོ། །དེ་ལྟ་བས་ན་རྟག་ཏུ་དེ་ལྟར་ཡོད་པར་སྒྲོ་འདོགས་པར་བྱེད་པ་འཁྲུལ་པ་དེ་ཉིད་ཀྱི་རྒྱུ་མཚན་བརྗོད་དགོས་སོ། །ཡོད་པ་དམིགས་པས་ཞེས་རྒྱུ་བཤད་པ་ཉིད་མ་ཡིན་ནམ་ཞེ་ན། དེ་སྐད་དུ་ནི་བཤད་མོད་ཀྱི་རིགས་པ་ནི་མ་ཡིན་ཏེ། འདི་ལྟར་དངོས་པོ་

སྐད་ཅིག་མ་ཉམས་སུ་མྱོང་བ་ཉིད་ཡོད་པ་དམིགས་པ་ཡིན་ལ་དེ་ཉིད་ལ་བརྟེན་ནས། གཞན་གྱིས་གལ་ཏེ་སྐད་ཅིག་མ་ཉིད་མངོན་སུམ་གྱིས་བཟུང་ན། ཅིའི་ཕྱིར་དེ་ལ་ཕྱིན་ཅི་ལོག་ཏུ་རྟོགས་ཞེས་བརྒལ་བ་དང་། ཡོད་པ་དམིགས་པས་ཞེས་དེ་ཉིད་གཏན་ཚིགས་ཉིད་དུ་བརྗོད་དེ། བརྒལ་བའི་གཏན་ཚིགས་

གང་ཡིན་པ་དེ་ཉིད་ལན་གྱི་གཏན་ཚིགས་སུ་ནི་མི་རུང་ངོ་། །འོན་ཏེ་སྐད་ཅིག་མ་སྔ་མ་དང་འདྲ་བར་སྐད་ཅིག་མ་གཉིས་པ་ལ་སོགས་པའི་ཡོད་པ་གང་ཡིན་པ་དེ་དམིགས་པས། འདི་ནི་ཡོད་པ་དམིགས་པ་ཞེས་བྱ་བའི་སྒྲའི་དོན་ཡིན་ཏེ། དེས་ན་འདི་སྐད་དུ་སྐད་ཅིག་མ་དང་པོ་དང་འདྲ་བ་སྐད་

ཅིག་མ་གཉིས་པ་ལ་སོགས་པ་ཡོད་པ་དམིགས་པའི་ཕྱིར། སྐད་ཅིག་མ་སྔ་ཕྱི་དག་གི་བྱེ་བྲག་དབྱེ་བར་མི་ནུས་པས་མི་རྟོགས་སོ་ཞེས་བཤད་པ་ཡིན་ནོ་ཞེས་བྱ་བར་འདོད་ན། དེ་ཡང་ཤིན་ཏུ་རྣར་མི་འོང་བ་ཡིན་ཏེ། འདྲ་བ་གཞན་འབྱུང་བས་བསླུས་པ་ཞེས་བྱ་བ་འདིས་འདིའི་དོན་བཤད་ཟིན་པའི་

Vol. 176 · folio 47b

ཕྱིར་ཟློས་པར་འགྱུར་རོ། །གཞན་ཡང་བསླུས་པའི་རྒྱུ་འདི་ཉིད་ལ་ཁྱད་པར་ཅི་ཞིག་ཡོད་པ་འདི་ཡང་བརྗོད་དགོས་སོ། །འདི་ལྟར་ཡོད་པ་དམིགས་པ་ན་ཡང་སྐད་ཅིག་མ་འདྲ་བ་གཞན་འབྱུང་བ་ཡོད་ལ། སྐད་ཅིག་མ་གཅིག་ཁོ་ན་ལ་ཡོད་པ་དམིགས་པ་གང་ཡིན་པ་དེ་ནི་འདིར་བརྗོད་པར་འདོད་པ་

མ་ཡིན་ཏེ། འདི་ནི་ཚུ་རོལ་མཐོང་བའི་ཐ་སྙད་དུ་བཏུབ་པར་རུང་བ་མ་ཡིན་པའི་ཕྱིར་དང་། མི་སྲིད་པའི་ཕྱིར་རོ། །ཡོད་པ་དེ་ལྟ་བུ་དམིགས་པ་ནི་འཁྲུལ་པའི་རྒྱུ་མཚན་ཡང་མ་ཡིན་ནོ། །འོན་ཀྱང་འདིར་ནི་རྒྱུན་ཆགས་པའི་དམིགས་པ་ཁོ་ན་བརྗོད་པར་འདོད་དེ། དེ་ལ་ནི་འདྲ་བ་གཞན་འབྱུང་བ་ཡོད་

པ་ཁོ་ནའོ། །དེ་བཞིན་དུ་འདྲ་བ་གཞན་འབྱུང་བ་ན་ཡང་དམིགས་པ་ཡོད་དེ། འདྲ་བ་གཞན་འབྱུང་བ་མི་དམིགས་པ་ནི་འཁྲུལ་པའི་རྒྱུ་མ་ཡིན་ཏེ། རྟག་ཏུ་ཐམས་ཅད་འཁྲུལ་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་ཕྱོགས་འདི་གཉིས་ལ་ཁྱད་པར་འགའ་ཡང་མེད་དོ། །འདི་ལ་ཁ་ཅིག་

སྔ་མ་ལ་ནི་ཡོད་པ་དམིགས་པ་བཤད་དོ། །གཉིས་པ་ལ་ནི་འདྲ་བ་གཞན་འབྱུང་བ་དམིགས་པའོ་ཞེས་ཁྱད་པར་འཆད་པར་བྱེད་དོ། །དེ་ཡང་རིགས་པ་མ་ཡིན་ཏེ། ཡོད་པ་དམིགས་པ་ཡང་ཇི་སྐད་བཤད་པའི་ཚུལ་གྱིས་འདྲ་བ་གཞན་འབྱུང་བ་དམིགས་པ་ཡིན་པའི་ཕྱིར་རོ། །གཞན་དག་ན་རེ་

ཡོད་པ་དམིགས་པ་ན་ཡང་འདྲ་བ་གཞན་འབྱུང་བ་ཡོད་ཀྱང་བརྗོད་པར་མི་འདོད་ལ། འདྲ་བ་གཞན་སྐྱེ་བ་ན་ཡང་ཡོད་པ་དམིགས་པ་ཡོད་ཀྱང་བརྗོད་པར་མི་འདོད་དོ་ཞེས་ཟེར་རོ། །དེ་ཡང་ཡང་དག་པ་མ་ཡིན་ཏེ། ཡོད་པ་དམིགས་པ་ལ་འདྲ་བ་གཞན་འབྱུང་བ་བརྗོད་པར་མི་འདོད་ན་འཁྲུལ་

པའི་རྒྱུ་མཚན་ཉིད་མ་བསྙད་པར་འགྱུར་ལ། འདྲ་བ་གཞན་འབྱུང་བ་ཡང་དམིགས་པ་མེད་ན་འཁྲུལ་པའི་རྒྱུ་མཚན་ཉིད་དུ་མི་འགྱུར་བའི་ཕྱིར་དེ་དག་བརྗོད་པར་མི་འདོད་པ་ནི་རིགས་པ་མ་ཡིན་ནོ། །དེ་ལྟ་བས་ན་གཞན་དུ་རྣམ་པར་བཤད་པར་བྱ་སྟེ། འཁྲུལ་པའི་རྒྱུ་མཚན་དང་པོས་ནི་མུ་སྟེགས་

ཅན་རྣམས་ཀྱི་འཁྲུལ་པའི་རྒྱུ་མཚན་ལྟ་བ་ངན་པ་ལ་མངོན་པར་ཞེན་པའི་བག་ཆགས་ཀྱི་ས་བོན་ནང་ན་ཡོད་པ་བསྟན་ཏོ། །འདི་ལ་ཚིག་གི་དོན་ནི་འདི་ཡིན་ཏེ། རྟག་ཏུ་དེ་ལྟར་ཡོད་པར་དོགས་པས་བསླུས་པ་ཞེས་བྱ་བ་ནི་སྐད་ཅིག་མ་མ་ཡིན་པ་ཉིད་དུ་མངོན་པར་ཞེན་པའི་འཁྲུལ་པས་

Vol. 176 · folio 48a

བསླུས་པ་ཞེས་བྱ་བའི་དོན་ཏེ། སྐད་ཅིག་མ་མ་ཡིན་པར་སྨྲ་བ་སྐད་ཅིག་མ་མ་ཡིན་པར་མངོན་པར་ཞེན་པའི་ཕྱིར་མཐོང་བཞིན་དུ་ཡང་མི་རྟོགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་རྟག་ཏུ་དེ་ལྟར་ཡོད་པར་དོགས་པས་བསླུས་པ་ཉིད་དུ་ཡང་ཇི་ལྟར་འགྱུར་ཞེ་ན། ཡོད་པར་མི་

དམིགས་པས་ཞེས་བྱ་བ་སྨོས་ཏེ། དམིགས་པ་ཞེས་བྱ་བའི་སྒྲ་ནི་ལྷག་པ་སྟེ། སྐད་ཅིག་མ་ཇི་ལྟར་གནས་པ་བཞིན་ཡོད་པ་ལས་ལྷག་པར་སྐད་ཅིག་མ་མ་ཡིན་པ་ཉིད་ལ་སོགས་པའི་རྣམ་པར་དམིགས་པར་བྱེད། འཛིན་པར་བྱེད་པས་ཡོད་པ་དམིགས་པ་ནི་སྐད་ཅིག་མ་མ་ཡིན་པ་ཉིད་ལ་སོགས་

པ་འཁྲུལ་པའི་ས་བོན་ཡིན་ཏེ། དེའི་དབང་གིས་དེ་ལྟར་འཁྲུལ་པ་འབྱུང་བའི་ཕྱིར་རོ། །འདི་སྐད་དུ་ཐོག་མ་མེད་པ་ནས་ལྟ་བ་ངན་པ་ལ་མངོན་པར་ཞེན་པའི་ས་བོན་ནང་ན་ཡོད་པས་བསྐྱེད་པ་སྐད་ཅིག་མ་མ་ཡིན་པ་ཉིད་དུ་འཁྲུལ་པ་གང་ཡིན་པ་དེས་བསླུས་པས་མི་རྟོགས་སོ་ཞེས་བཤད་པ་ཡིན་ནོ། །

འཁྲུལ་པའི་ས་བོན་ནང་ན་ལྟ་ཡོད་དུ་ཟད་མོད། ཉམས་སུ་མྱོང་བའི་ཤེས་པ་དེ་ཉིད་ཀྱིས་ཇི་ལྟར་གཟུང་བའི་རྣམ་པ་གོ་ཅིའི་ཕྱིར་ངེས་པར་མི་བྱེད་ཅེ་ན། བློ་ཞན་པ་ཞེས་བྱ་བ་སྨོས་སོ། །སྐད་ཅིག་མ་མ་ཡིན་པར་ལྟ་བ་ལ་མངོན་པར་ཞེན་པ་རྣམས་ནི་བསྟན་བཅོས་ངན་པའི་ལྟ་བ་ལ་གོམས་པར་བྱེད་པའི་ཕྱིར། ནང་

གི་ཉེས་པས་སྐད་ཅིག་མ་ཉིད་མཐོང་བ་ཡང་ཇི་ལྟ་བ་བཞིན་གཏན་ལ་མི་ཕེབས་གྲང་ན། སངས་རྒྱས་པ་རིགས་པ་དང་ལུང་དག་གིས་སྐད་ཅིག་མ་ཉིད་དུ་གཏན་ལ་ཕེབས་པ་རྣམས་ལ་གོ་ཇི་སྟེ་མངོན་སུམ་གྱི་སྟོབས་ཁོ་ནས་སྐད་ཅིག་མ་ཉིད་དུ་ངེས་པ་མི་སྐྱེ་སྟེ། དེ་དག་ལ་བསྟན་བཅོས་ངན་པ་ལ་མངོན་པར་

ཞེན་པ་ནི་མེད་དོ་ཞེ་ན། དེའི་ཕྱིར་འདྲ་བ་གཞན་འབྱུང་བས་བསླུས་པས་ཞེས་བྱ་བ་སྨོས་ཏེ། དེའི་འཁྲུལ་པའི་རྒྱུ་སྤྱི་ཡིན་ནོ། །ཡང་ཇི་སྐད་བཤད་པའི་འཁྲུལ་པའི་རྒྱུས་མཐོང་བཞིན་དུ་ཡང་མི་རྟོགས་ཀྱི་དངོས་པོ་ཉིད་སྐད་ཅིག་མ་མ་ཡིན་པའི་ཕྱིར་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ཇི་ལྟར་ཤེས་ཤེ་ན།

དེའི་ཕྱིར་སྐད་ཅིག་མ་ཐ་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐད་ཅིག་མ་འདྲ་བ་གཞན་དང་མཚམས་མི་སྦྱོར་བའི་སྐད་ཅིག་མ་ནི་སྐད་ཅིག་མ་ཐ་མ་སྟེ། དེ་མཐོང་བ་རྣམས་ལ་ཞིག་གོ་ཞེས་བྱ་བར་ངེས་པའི་ཕྱིར། འདི་ནི་སྔར་ཡང་སྐད་ཅིག་རེ་རེ་ཁོ་ན་ལ་འཇིག་སྟེ། ཇི་སྐད་བཤད་པའི་

Vol. 176 · folio 48b

བསླུས་པའི་རྒྱུས་གཏན་ཚིགས་ལ་མི་ཕེབས་པ་འབའ་ཞིག་ཏུ་ཟད་དོ་ཞེས་བྱ་བར་རྟོགས་སོ། །གལ་ཏེ་སྐད་ཅིག་མ་མ་ཡིན་པར་གྱུར་ན་ནི་ཕྱིས་ཀྱང་འགྱུར་བ་ཁོ་ན་སྟེ་ཁྱད་པར་མེད་པའི་ཕྱིར་རོ། །འཇིག་པའི་རྒྱུ་ནི་མི་རུང་བའི་ཕྱིར་རོ། །སྐད་ཅིག་མ་ཐ་མ་མཐོང་བ་ན་ཡང་ཇི་ལྟར་འཇིག་པའི་ངང་ཅན་ཉིད་དུ་

ངེས་ཏེ། འདི་ལྟར་དེའི་ཚེ་ཡང་ཡོད་པ་དམིགས་པ་ནི་ཡོད་དེ། ཡོད་པ་ཉིད་དམིགས་ན་དེ་མེད་པར་རྟོགས་པ་ནི་མ་ཡིན་ནོ་ཞེ་ན། ཕྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐད་ཅིག་མ་ཐ་མ་མཐོང་བ་ཙམ་གྱིས་ངེས་པར་འགྱུར་རོ་ཞེས་ནི་མི་སྨྲའོ། །འོན་ཀྱང་སྐད་ཅིག་མ་ཐ་མ་མཐོང་ནས། ཕྱིས་རྒྱུན་

ཆད་པ་ན། འདི་ཞེས་བྱ་བ་སྐད་ཅིག་མ་གཞན་དང་མཚམས་མི་སྦྱོར་བའི་བུམ་པ་ལ་སོགས་པ་མི་དམིགས་པས་ཞེས་བྱ་བ་དེ་དང་མི་འདྲ་བའི་དངོས་པོ་གཞན་དམིགས་པས་དང་། མི་གནས་པ་རྟོགས་པའི་ཕྱིར་དེའི་ཚེ་འདི་ཞིག་གོ་ཞེས་བྱ་བར་ངེས་པའི་དུས་ཡིན་པས། ངེས་པའི་དུས་དེ་ཉིད་ན་དེ་མངོན་

སུམ་གྱི་སྟོབས་ཀྱིས་མི་རྟག་པ་ཉིད་དུ་རྣམ་པར་གཞག་སྟེ། རྗེས་སུ་དཔག་པས་ནི་སྔར་ཡང་རྣམ་པར་གཞག་པ་ཉིད་དོ། །དཔེ་ཡང་འབྲས་བུ་བསྐྱེད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་བུ་བསྐྱེད་པའི་ནུས་པ་ནི་འབྲས་བུ་བསྐྱེད་པའི་ནུས་པའོ། །དེ་ནི་རྒྱུའི་ངོ་བོ་ཉིད་ཡིན་ཡང་ཡིན་ཏེ།

ནུས་པ་ནི་རྒྱུ་ལས་ཐ་དད་པ་མ་ཡིན་ནོ། །དེས་ན་རྒྱུ་གཟུང་བ་ན་དེ་གཟུང་བ་ཁོ་ནའོ་སྙམ་དུ་བསམ་པ་ཡིན་ནོ། །འོན་ཀྱང་དེའི་འབྲས་བུ་མ་མཐོང་བ་ཞེས་བྱ་བ་མི་གང་གིས་རྒྱུ་དེའི་འབྲས་བུ་མ་མཐོང་བ་རྒྱུ་མཐོང་དུ་ཟིན་ཀྱང་དེའི་ངོ་བོ་མ་རྟོགས་པས། ནུས་པའི་རང་གི་ངོ་བོ་མ་རྟོགས་པའི་མི་དེས་ཕྱིས་གང་གི་ཚེ་རྒྱུ་དེ་

ལས་འབྲས་བུ་བྱུང་བ་དེའི་ཚེ། འབྲས་བུ་མཐོང་བས་རྟོགས་པ་བཞིན་ཏེ། རྒྱུའི་ནུས་པ་རྟོགས་པ་བཞིན་ནོ། །དེ་ལྟ་བས་ན་བྱས་པ་གྲུབ་པའི་དུས་ན། བྱས་པའི་རྒྱུ་ཁོ་ན་ལས་བྱས་པའི་བདག་ཉིད་དུ་གྱུར་པ་མི་རྟག་པ་ཉིད་གྲུབ་པོ་ཞེས་བྱ་བ་དེ་ལྟར་འདོད་པར་བྱའོ། །དེ་ལྟ་མ་ཡིན་ན་གཞན་གྱི་

རྒྱུ་མཚན་ཅན་ཉིད་ཡིན་ནམ་ཞེས་བྱ་བ་ནི་ཡོད་པའི་རྒྱུ་ལས་གཞན་པའི་རྒྱུ་དེའི་རྒྱུ་མཚན་ཅན་ཡིན་ཡང་རུང་བའོ། །རྒྱུ་མཚན་མེད་པ་ཅན་ཉིད་ཡིན་ཡང་རུང་ཞེས་བྱ་བ་ནི། རྒྱུ་ལ་མི་ལྟོས་པ་ཁོ་ནར་མི་རྟག་པ་ཉིད་དུ་འགྱུར་བ་ཡང་རུང་བ་སྟེ། དེ་ནི་ཁ་ཅིག་གི་གཞུང་ལུགས་ཀྱིས་དུས་གཞན་ནའོ་ཞེས་འབྱུང་བ་དེ་

Vol. 176 · folio 49a

དག་གི་ལྟ་བས་འདི་བཤད་དོ། །མི་རྟག་པ་ཉིད་དོན་གཞན་ཁོ་ནར་འགྱུར་རོ་ཞེས་བྱ་བ་ནི། ཆོས་དོན་གཞན་གྱི་རྒྱུ་མཚན་ཅན་ཡིན་པར་གྱུར་ན་དེ་བཞིན་ཉིད་ཅེས་བྱ་བས་དོན་འདི་བཤད་ཟིན་པ་ཉིད་དེ། ཉེས་པ་གཞན་བརྗོད་པའི་ཕྱིར་ཡང་ཉེ་བར་བཀོད་དོ། །དེ་ལྟ་ན་ནི་ཞེས་བྱ་བ་

ནི་མི་རྟག་པ་ཉིད་དོན་གཞན་ཡིན་ནའོ། །དངོས་པོ་དེ་དང་ལྡན་པར་མི་རྟག་པ་ཉིད་དང་ལྡན་པར་མི་འགྱུར་ཏེ་འབྲེལ་པ་མེད་པའི་ཕྱིར་རོ། །དེ་ཉིད་བསྙད་པའི་ཕྱིར་དེ་ལ་མི་དགོས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། དངོས་པོ་དེ་ལ་མི་རྟག་པ་ཉིད་དམ། དེ་ལ་དངོས་པོ་མི་དགོས་པའི་ཕྱིར་ཏེ། ཕན་པར་བྱེད་པ་

མེད་པའི་ཕྱིར་རོ། །འོན་ཏེ་འབྲེལ་པ་གྲུབ་པར་བྱ་བའི་ཕྱིར། དངོས་པོ་ལ་མི་རྟག་པ་ཉིད་ཀྱིས་བྱས་པའི་དགོས་པ་ངང་གིས་འཇིག་པ་ཉིད་ཀྱི་མཚན་ཉིད་ཁས་ལེན་ན། དེའི་ཚེ་དངོས་པོའི་རང་གི་བདག་ཉིད་དུ་གྱུར་པར་འདོད་པར་བྱ་སྟེ། གཞན་དུ་ན་དེ་ལ་ཡང་འབྲེལ་པར་མི་འགྱུར་རོ། །མི་རྟག་པ་

ཉིད་ཀྱིས་བྱས་པའི་དགོས་པ་ཇི་སྐད་བཤད་པ་ཁས་ལེན་པ་དེའི་ཚེ་ཡང་དགོས་པ་དེ་ཉིད་དངོས་པོའི་རང་གི་བདག་ཉིད་དུ་གྱུར་པའི་མི་རྟག་པ་ཉིད་ཡིན་པས། དོན་གཞན་དུ་གྱུར་པའི་མི་རྟག་པ་ཉིད་གཞན་གྱིས་ཅི་ཞིག་བྱ་སྟེ། གལ་ཏེ་མི་རྟག་པ་ཉིད་ལས་ངང་གིས་འཇིག་པའི་ངོ་བོ་ཉིད་འབྱུང་བར་

ཁས་ལེན་ན། རང་གི་རྒྱུ་ཁོ་ན་ལས་དེ་ལྟར་འབྱུང་དུ་ཟད་མོད། མི་རྟག་པ་ཉིད་ནི་དོན་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་དངོས་པོ་རང་བཞིན་གྱིས་གཡོ་བའམ་མི་གཡོ་བ་ཞིག་ཡིན་གྲང་ན། ཕྱོགས་དང་པོ་ལ་ནི་མི་རྟག་པ་ཉིད་དོན་མེད་དོ། །གཉིས་པ་ལ་ཡང་རང་བཞིན་གྱིས་མི་

གཡོ་བ་ནི་དོན་གཞན་མི་རྟག་པ་ཉིད་དང་ལྡན་ཡང་། དེའི་ངོ་བོར་མི་འཐད་པའི་ཕྱིར་ཏེ། མི་རྟག་པའི་ངོ་བོ་ཉིད་དུ་མི་འཐད་པའི་ཕྱིར། མི་རྟག་པ་ཉིད་དོན་མེད་དོ། །བསྒྲུབ་པར་བྱ་བའི་ཆོས་སྒྲུབ་པར་འདོད་པ་མི་རྟག་པ་ཉིད་ཅེས་བྱ་བའམ། སྡུག་བསྔལ་ཉིད་ལ་སོགས་པ་ཆོས་གཞན་དེ་

ཡང་དོན་གཞན་ལས་འབྱུང་བ་ན་རྟགས་གང་གིས་དེ་བསྒྲུབ་པར་བྱ་བ་དེའི་རྒྱུ་ཡིན་པའམ། འབྲས་བུ་ཉིད་ཡིན་པ་ཞིག་ཏུ་འགྱུར་གྲང་སྟེ། འམ་ཞེས་བྱ་བའི་སྒྲས་ནི་རྒྱུ་དང་འབྲས་བུ་ཡིན་པའམ་ཞེས་བསྡུ་བ་ཡིན་ནོ། །དེ་ལ་རྣམ་པར་བརྟག་པ་གསུམ་ལ་སྐྱོན་རྒྱུ་དང་འབྲས་བུ་མ་ཡིན་པ་ནི་

Vol. 176 · folio 49b

ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་ན་རྒྱུའམ་འབྲས་བུ་ཞིག་ཡིན་གྲང་ཞེས་རྣམ་པར་བརྟག་པ་གཉིས་བྱས་པ་ལ། གཞན་རྣམ་པར་བརྟག་པ་གསུམ་པ་རྒྱུ་དང་འབྲས་བུ་མ་ཡིན་པ་ཡང་ཇི་སྟེ་དགོས་པར་མ་བྱས་ཞེས་སྨྲ་ན། དེའི་ཕྱིར་རྒྱུ་དང་འབྲས་བུ་མ་ཡིན་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་

ཏེ། ཤིན་ཏུ་རྣར་མི་འོང་བའི་ཕྱིར་ཕྱོགས་དེ་ནི་དོགས་པར་མ་བྱས་ཏེ། དེ་ནི་བསྡུས་པའི་དོན་ཡིན་ནོ་རྒྱུ་ཡང་མ་ཡིན་ལ་འབྲས་བུ་ཡང་མ་ཡིན་པ་ནི་བསྒྲུབ་པར་བྱ་བའི་རྟགས་དང་འབྲེལ་པ་མེད་པའི་ཕྱིར་དེ་ལ་རྟགས་དང་ལྡན་པའི་ཆོས་ཅན་དེ་ལ་བསྒྲུབ་པར་བྱ་བའི་ཆོས་དེ་ཡོད་པར་རྗེས་སུ་དཔག་པར་

ཏེ། ཡོད་པ་ཉིད་དུ་རྗེས་སུ་དཔག་པར་མི་སྲིད་པའི་ཕྱིར་རོ། །ཕྱོགས་གསུམ་པ་བསྩལ་ན་རྣམ་པར་བརྟག་པ་ཉིད་གནས་ཏེ་དེ་ལ་ཡང་མི་རུང་བར་བསྟན་པའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བྱས་པའི་ངོ་བོ་ཉིད་པས་དོན་གཞན་གྱི་རྒྱུ་མཚན་ཅན་གྱི་ཆོས་ཕྱིས་འབྱུང་བའི་ཕྱིར་བྱས་པ་

སྔར་གྲུབ་པའི་རྒྱུ་ཉིད་ཡིན་ནོ། །ཕྱིས་འབྱུང་བ་དེ་འབྲས་བུ་ཡིན་པར་ཁས་ལེན་ན་ཡང་ག་ལ་ངེས་ཏེ། ངེས་པ་མེད་པ་ཁོ་ནའོ། །དེ་ཞེས་བྱ་བ་ནི་མི་རྟག་པ་ལ་སོགས་པའི་ཆོས་དེ་བྱས་པའི་དངོས་པོ་གྲུབ་ནས་སོ། །ཇི་ལྟར་དེའི་ཞེས་བྱ་བ་ནི་དངོས་པོ་པའོ། །འབྲས་བུ་ཡང་རྒྱུ་མཚན་གཞན་

ལ་ལྟོས་པ་ནི་རྒྱུ་བྱས་པ་ཉིད་ལ་ཡོད་པར་གདོན་མི་ཟ་བ་མ་ཡིན་ཏེ། རྒྱུ་མཚན་རྣམས་ནི་འབྲས་བུ་རྩོམ་པ་ལ་མ་ངེས་པའི་ཕྱིར་རོ། །འབྲས་བུར་གྱུར་པའི་ཆོས་དེ་ཤེས་པར་བྱེད་པའི་གཏན་ཚིགས་ནི་དེ་གོ་བར་བྱེད་པའི་གཏན་ཚིགས་ཏེ། བྱས་པ་ཉིད་བསྒྲུབ་པ་བྱ་བའི་ཆོས་དེ་གོ་བར་བྱེད།

རྟོགས་པར་བྱེད་པས་ན་དེ་གོ་བར་བྱེད་པའོ། །འདི་ནི་དེ་ལྟ་བུ་ཆོས་ཡང་ཡིན་ལ་གཏན་ཚིགས་ཀྱང་ཡིན་པས་ཞེས་ཁྱད་པར་གྱི་ཚིག་བསྡུས་ཏེ་དེ་མ་ངེས་པ་ཉིད་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་མཇུག་སྡུད་དེ། དེའི་ཕྱིར་ཞེས་བྱ་བ་ནི་དེ་ལྟ་བས་ནའོ། །དོན་གཞན་གྱི་རྒྱུ་

མཚན་གྱིས་བསྒྲུབ་པར་བྱ་བའི་ཆོས་ནི་བྱས་པ་ལ་སོགས་པའི་ངོ་བོ་ཉིད་ཀྱི་དངོས་པོ་ལ་གདོན་མི་ཟ་བར་ཡོད་པ་མ་ཡིན་པས། དེ་རྗེས་སུ་དཔག་ཏུ་མེད་དོ། །གཞན་གྱིས་འོ་ན་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། མེད་ན་མི་འབྱུང་ངེས་པ་སྟེ། །མ་མཐོང་ལས་མིན་མཐོང་ལས་མིན། །

Vol. 176 · folio 50a

ཞེས་སྨྲས་པས། མཐོང་བ་དང་མ་མཐོང་བ་དག་རྗེས་སུ་འགྲོ་བ་དང་ལྡོག་པ་རྟོགས་པའི་རྟེན་མ་ཡིན་ནོ་ཞེས་སྨྲས་པ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་ན་ཇི་ལྟར་དུ་བས་མེ་མི་འཁྲུལ་ལོ་ཞེས་བྱ་བར་རྟོགས་ཏེ། མེ་ཡོད་ན་དུ་བ་མཐོང་ལ་དེ་མེད་ན་དུ་བ་མ་མཐོང་བ་མ་རྟོགས་རྣམ་

པ་གཞན་གྱི་དུ་བས་མི་འཁྲུལ་པ་ནི་མེད་དེ། རྒྱུ་དང་འབྲས་བུའི་དངོས་པོ་ཡང་མཐོང་བ་དང་མ་མཐོང་བ་དག་ཁོ་ནས་རྟོགས་སོ་སྙམ་དུ་བསམ་པ་ཡིན་ནོ། །འདི་ལྟར་ཞེས་བྱ་བ་ལ་སོགས་པས་ནི་ལན་འདེབས་ཏེ། མེ་ཡོད་ན་དུ་བ་མཐོང་ལ། དེ་མེད་ན་མ་མཐོང་བ་ཞེས་བྱ་བ་དེ་ཙམ་གྱིས་དུ་བས་མི་

འཁྲུལ་པར་ནི་མི་སྨྲའོ། །འོན་ཀྱང་མེའི་འབྲས་བུ་དུ་བ་སྟེ་ཇི་ལྟ་ཞེ་ན། འབྲས་བུའི་ཆོས་ཀྱི་རྗེས་འཇུག་ཕྱིར། །འབྲས་བུའི་ཆོས་ཀྱི་རྗེས་སུ་འཇུག་པ་དེ་ཡང་མཐོང་བ་དང་མ་མཐོང་བ་ཙམ་ལས་ནི་མ་ཡིན་ནོ། །འོན་ཀྱང་མངོན་སུམ་དང་མི་དམིགས་པ་ཞེས་བྱ་བའི་ཚད་མ་ཁྱད་པར་ཅན་ལས་

ཡིན་ནོ། །མངོན་སུམ་དང་མི་དམིགས་པ་ཞེས་བྱ་བའི་སྒྲ་དག་གིས་ཀྱང་མངོན་སུམ་ཚད་མ་ཁོ་ན་བསྟན་ཏེ། རྒྱུ་དང་འབྲས་བུར་མངོན་པར་འདོད་པའི་དངོས་པོའི་རྣམ་པ་ཅན་ནི་མངོན་སུམ་མོ། །དེ་དག་གིས་དབེན་པའི་དངོས་པོ་གཞན་གྱི་རྣམ་པ་ཅན་ནི་དམིགས་པའོ། །མངོན་སུམ་དང་མི་དམིགས་པ་དེ་དག་

ཀྱང་ཕན་ཚུན་གྲོགས་བྱེད་ན་བསྒྲུབ་པ་ཡིན་གྱི་འབའ་ཞིག་ནི་མ་ཡིན་ཏེ། རེས་འགའ་ནི་མི་དམིགས་པ་སྔོན་དུ་འགྲོ་བའི་མངོན་སུམ་བསྒྲུབ་པ་ཡིན་ལ། རེས་འགའ་ནི་མངོན་སུམ་སྔོན་དུ་འགྲོ་བའི་མི་དམིགས་པའོ། །དེ་ལ་རེ་ཞིག་དང་པོ་དེའི་མཚན་ཉིད་ཀྱིར་གྱུར་པ་ཞེས་བྱ་བ་ལ་སོགས་པ་

སྨོས་སོ། །དེའི་མཚན་ཉིད་ནི་མི་རྟག་པའི་མཚན་ཉིད་དེ་རྒྱུར་འདོད་པ་རྣམས་ཉེ་བའི་སྔོན་རོལ་ན་མི་དམིགས་པ་ལས་སོ། །དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་མི་དམིགས་པ་འདིས་ནི་དེ་ན་མེ་ཉེ་བའི་སྔོན་རོལ་ན་ཡང་ཡོད་པ་དང་ཡུལ་གཞན་ནས་འོངས་པ་དང་མེ་ཉེ་བའི་སྔོན་རོལ་ན་རེ་ལྡེ་དང་རྩིག་

པ་ལ་སོགས་པ་གང་དག་ཡོད་པ་དེ་དག་རྒྱུ་ཉིད་ཡིན་པ་བཀག་སྟེ། དེ་དག་རྒྱུ་ཉིད་ཡིན་ན་ནི། མེ་ཉེ་བའི་སྔོན་རོལ་ན་ཡང་དུ་བ་དམིགས་པར་འགྱུར་རོ། །མེ་ཉེ་བའི་སྔོན་རོལ་ན་ཡང་ཡུལ་དེ་ན་ཡོད་པའམ། ཡུལ་གཞན་ནས་འོངས་པའམ། གཞན་གྱི་རྒྱུ་ཅན་ཡིན་པའི་རྣམ་པ་འདི་

Vol. 176 · folio 50b

ཙམ་གྱིས་ན་དུ་བ་མེས་བསྐྱེད་པར་བྱ་བ་མ་ཡིན་པར་འགྱུར་ན། དེ་དག་ཐམས་ཅད་ནི་ཇི་སྐད་བཤད་པའི་མི་དམིགས་པས་བསལ་ཏོ། །དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་དེ་ཉིད་སྔ་ན་མི་དམིགས་པ་ལས་གང་དག་དམིགས་ན་དམིགས་པ་དེ་ནི་དེ་དག་གི་འབྲས་བུ་ཡིན་ནོ་ཞེས་བྱ་བར་ངེས་པར་བྱེད་

དེ། དེ་ལྟར་ན་མི་དམིགས་པ་གྲོགས་བྱེད་པའི་མངོན་སུམ་རྒྱུ་དང་འབྲས་བུའི་དངོས་པོ་གྲུབ་པ་ཉིད་དག་ཏུ་བཤད་དམ། གང་དག་རྟ་སྔ་ན་མི་དམིགས་པ་ལས་བ་ལང་མཐོང་མ་ཐག་ཏུ་དམིགས་པས་འཁྲུལ་པར་སྨྲ་བ་དེ་དག་བསལ་བ་ཡིན་ཏེ། གལ་ཏེ་དེ་ན་ཡང་རྟ་སྔ་ན་མེད་པ་དང་། ཡུལ་

གཞན་ནས་མ་འོངས་པ་དང་རྒྱུད་གཞན་གྱི་རྒྱུ་ཅན་མ་ཡིན་པ་ཉིད་དུ་ངེས་པར་བྱ་བར་ནུས་ན་དེར་ཡང་རྒྱུ་དང་འབྲས་བུའི་དངོས་པོར་འགྱུར་རོ། །དེ་བས་ན་འཁྲུལ་པར་ལྟ་ག་ལ་འགྱུར་བ་ཞིག་ན། དེ་ཉིད་ངེས་པར་བྱ་བ་ནི་མི་ནུས་སོ། །དེ་ལྟར་ན་རེ་ཞིག་མི་དམིགས་པ་སྔོན་དུ་འགྲོ་བའི་མངོན་སུམ་སྒྲུབ་

པ་ཉིད་དུ་བཤད་པ་ཡིན་ནོ། །ད་ནི་མངོན་སུམ་སྔོན་དུ་འགྲོ་བ་མི་དམིགས་པ་དེ་ལས་གཅིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་ཉེ་བས་འབྲས་བུ་དེ་འབྱུང་བར་མཐོང་བ་དེ་དག་གི་ནང་ནས་གང་གི་ཚེ་གཅིག་ཅིག་མེད་པར་གྱུར་པ་དེའི་ཚེ་མི་དམིགས་པ་དེ་ནི། དེའི་འབྲས་བུ་ཡིན་ནོ། །མེ་དང་

ཤིང་ལ་སོགས་པ་ཉེ་ན་ཡོད་པའི་དུ་བ་རྟ་ལ་སོགས་པ་མེད་ན་མི་དམིགས་པ་མེད་ཀྱི། མེ་ལ་སོགས་པ་མེད་ན་ནི་མི་དམིགས་པར་འགྱུར་རོ། །དེ་ལྟར་ན་ཕན་ཚུན་ལྷན་ཅིག་པའི་མངོན་སུམ་དང་། མི་དམིགས་པ་དག་ནི་མངོན་པར་འདོད་པའི་རྒྱུ་རྣམས་ལ་རྒྱུ་ཉིད་དུ་ཐེ་ཚོམ་མེད་པར་སྒྲུབ་པར་

བྱེད་པ་ཡིན་ནོ། །དེ་ཡང་ཞེས་བྱ་བ་ནི་འབྲས་བུའི་མཚན་ཉིད་ཇི་སྐད་བཤད་པ་སྟེ། དུ་བ་ལ་ཡོད་དོ། །དེ་བས་ན་མེ་ཁོ་ན་ལས་དུ་བ་འབྱུང་ངོ་། །གལ་ཏེ་དེ་ལས་གཞན་པ་ལས་ཀྱང་འབྱུང་ན་ནི་དེའི་ཚེ། དེ་མེད་པར་ནི་མེ་མེད་པར་དུ་བ་དེ་ཡོད་ན། རྒྱུ་དང་ལྡན་པ་ལས་འདས་འགྱུར། །རྒྱུ་མེད་པ་ཅན་

དུ་འགྱུར་རོ། །གལ་ཏེ་མེ་ལ་སོགས་པའི་ཚོགས་པ་གཅིག་ལས་ཀྱང་དུ་བ་གཅིག་ཅིག་ལན་ཅིག་མཐོང་བར་ཟད་ཀྱི། ཕྱིས་མཐོང་བ་གང་ཡིན་པ་དེ་ནི་གཞན་ཁོ་ན་ཡིན་ན་དེ་ཇི་ལྟར་ལན་ཅིག་མཐོང་བས་མེའི་འབྲས་བུ་འགྲུབ་སྙམ་དུ་སེམས་ན། དེའི་ཕྱིར་ལན་ཅིག་དེ་ལྟར་མཐོང་བས་

Vol. 176 · folio 51a

ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །དེ་ལྟར་མཐོང་བས་ཞེས་བྱ་བ་ནི་མངོན་སུམ་དང་མི་དམིགས་པ་ཇི་ལྟར་བཤད་མ་ཐག་པ་ལྟ་བུས་སོ། །ཅིའི་ཕྱིར་ཞེ་ན། འབྲས་བུ་ཉིད་མ་ཡིན་ན་རྒྱུ་མ་ཡིན་པ་ལས་ལན་ཅིག་ཀྱང་མི་མཐོང་བའི་ཕྱིར་ཏེ། བྱེ་མ་དག་ལས་ནི་འབྲུ་མར་ལན་འགའ་

ཡང་མི་འབྱུང་ངོ་། །འབྲས་བུ་ཡང་ཞེས་བྱ་བ་ལ་སོགས་པས་ནི་ཚིག་ལེའུར་བྱས་པའི་དོན་སྟོན་ཏོ། །གང་ཞིག་ཅེས་བྱ་བ་ལ་སོགས་པས་ནི་དེ་ཉིད་གཞུང་འཛུགས་ཏེ། འདིས་ནི་ཁྱབ་པ་བསྙད་དོ། །འཁྲུལ་པར་སྨྲ་བས་མེ་མེད་པར་ཡང་དུ་བ་ཡོད་དེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་

ནི་ཕྱོགས་ཀྱི་ཆོས་བསྟན་ཏོ། །དེས་ན་ཞེས་བྱ་བ་ནི་མེ་མེད་པར་དུ་བ་ཡོད་པ་དེའི་ཕྱིར་རོ། །དེའི་རྒྱུ་མ་ཡིན་པར་འགྱུར་རོ་ཞེས་བྱ་བ་ནི་མེ་དུ་བ་དེའི་རྒྱུ་མ་ཡིན་པར་འགྱུར་བ་སྟེ། འདི་ནི་བསྒྲུབ་པའི་འབྲས་བུ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་མེད་པར་ཡོད་པ་དེ་ནི་རྒྱུ་མ་ཡིན་ཏེ། དཔེར་ན་རྟའི་བ་

ལང་ལྟ་བུའོ། །མེ་མེད་པར་ཡང་དུ་བ་ཡོད་པས་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་ཡིན་ནོ། །དེ་ལྟ་ན་ནི་རྒྱུ་མེད་པར་འགྱུར་རོ་སྙམ་དུ་བསམ་པ་ཡིན་ནོ། །གལ་ཏེ་གཞན་གྱི་རྒྱུ་ཅན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གལ་ཏེ་དུ་བ་ནི་མེ་ལས་གཞན་པ་བརྒྱ་བྱིན་གྱི་སྤྱི་བོ་ལ་སོགས་པ་གང་ཡིན་པ་དེའི་རྒྱུ་

ཅན་ཡིན་པའི་ཕྱིར་རྒྱུ་མེད་པ་ཅན་མ་ཡིན་ནོ་ཞེས་ཟེར་ན། དེ་ལྟ་ན་ནི་མ་ཡིན་ཏེ་རྒྱུ་དོན་གཞན་དུ་བརྟགས་པ་དེ་ལ་ཡང་མཚུངས་པའི་ཕྱིར་ཏེ། འདི་ལྟར་དེ་མེད་ན་ཡང་རྒྱུ་གཞན་པོ་མེད་ན་ཡང་མེ་ཡོད་ན་ཡོད་པས་རྒྱུ་གཞན་པོ་དེ་ཡང་རྒྱུ་མ་ཡིན་པར་འགྱུར་རོ། །གཞན་ཡང་མེ་གང་ཡིན་པ་དེ་དང་། དེ་

ལས་གཞན་པའི་རྒྱུ་གང་ཡིན་པ་དེ་ཡང་ཅི་དུ་བ་བསྐྱེད་པའི་རང་བཞིན་ཞིག་ཡིན་ནམ་འོན་ཏེ་མ་ཡིན། གལ་ཏེ་རང་བཞིན་མ་ཡིན་ན་ནི་དེའི་ཚེ་མེ་དེའམ་བརྒྱ་བྱིན་གྱི་སྤྱི་བོ་ལ་སོགས་པ་གཞན་ཡང་རུང་སྟེ། བསྟན་པའི་རང་བཞིན་མ་ཡིན་པ་ལས་དུ་བ་བསྐྱེད་པའི་རང་བཞིན་མ་ཡིན་པ་ལས་ཇི་ལྟར་དུ་བ་

འབྱུང་བར་འགྱུར། ཅིའི་ཕྱིར་ཞེ་ན། རང་གིས་དེའི་རང་བཞིན་མ་ཡིན་པས། དུ་བ་བསྐྱེད་པའི་རང་བཞིན་མ་ཡིན་པས་མི་སྐྱེད་པའི་ཕྱིར། དུ་བ་དེ་རྒྱུ་མེད་པ་ཉིད་དུ་འགྱུར་རོ། །འོན་ཏེ་དུ་བ་བསྐྱེད་པའི་རང་བཞིན་ཞིག་ཡིན་ན་ནི། དེའི་ཚེ་གཉིས་ཀ་ཡང་མེ་ཉིད་ཡིན་ཏེ། མེའི་མཚན་ཉིད་ནི་དུ་

Vol. 176 · folio 51b

བ་བསྐྱེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ནི་འོག་ནས་བཤད་པར་བྱའོ། །འཁྲུལ་པར་སྨྲ་བས། དེ་ཉིད་ནི་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དུ་བ་གང་ཞིག་མེས་བསྐྱེད་པ་དེ་ཁོ་ན་གཞན་ལས་འབྱུང་ངོ་ཞེས་དེ་སྐད་ནི་མི་ཟེར་ཏེ། གལ་ཏེ་དེ་ཉིད་གཞན་ལས་འབྱུང་ན་ནི་རྒྱུ་མེད་པ་

ཅན་ཉིད་དུ་འགྱུར་བ་ཞིག །དེ་དང་འདྲ་བ་མེས་བསྐྱེད་པའི་དུ་བའི་རང་བཞིན་དང་འདྲ་བ་ཞིག་གཞན་ལས་འབྱུང་བའི་ཕྱིར་རོ་ཞེ་ན། གྲུབ་པའི་མཐའ་སྨྲ་བས། མི་འདྲ་བ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མེ་དང་མི་འདྲ་བ་དུ་བ་བསྐྱེད་པའི་རང་བཞིན་མ་ཡིན་པ་ལས་འབྱུང་བ་ཇི་ལྟར་དེ་

དང་འདྲ་བ་ཡིན། མེས་བསྐྱེད་པའི་དུ་བའི་རང་བཞིན་ཡིན། མ་ཡིན་པ་ཉིད་དེ་འདི་ལྟར་འཁྲུལ་པའི་ཡུལ་དུ་འདོད་པ་དེ་ནི་དེ་དང་འདྲ་བ་ལས་མེ་དང་འདྲ་བའི་རྒྱུ་ལས་འབྱུང་བའི་ཕྱིར། སྐྱེ་བའི་ཕྱིར་དེ་དང་འདྲ་བར་འགྱུར་ཏེ། དུ་བ་དང་འདྲ་བར་འགྱུར་རོ། །མི་འདྲ་བ་ལས་ཀྱང་མེ་དང་

མི་འདྲ་བ་ལས་ཀྱང་དེ་དང་འདྲ་བར་འབྱུང་ན་ནི་མེས་བསྐྱེད་པའི་དུ་བའི་རང་བཞིན་དང་འདྲ་བ་འབྱུང་ན་ནི་དེ་དག་གི་ནུས་པ་མ་ངེས་པའི་ཕྱིར། རྒྱུ་འདྲ་བ་དང་མི་འདྲ་བ་དག་གི་ནུས་པ་གང་ཡིན་པ་དེའི་ངེས་པ་གང་ཡིན་པ་དང་འདྲ་བ་ཁོ་ན་བསྐྱེད་ལ། མི་འདྲ་བས་ནི་མི་འདྲ་བ་ཁོ་ན་བསྐྱེད་པ་

ཞེས་བྱ་བ་དེ་མེད་པའི་ཕྱིར་རྒྱུའི་ཐ་དད་པ་འབྲས་བུའི་ཐ་དད་པར་བྱེད་པ་མ་ཡིན་པས་མཐའ་དག་གི་སྣ་ཚོགས་ཉིད་རྒྱུ་མེད་པ་ཅན་དུ་འགྱུར་རོ། །གལ་ཏེ་རྒྱུ་གང་ལས་སྐྱེ་ཡང་རུང་སྟེ། རྒྱུ་མེད་པ་ཅན་ཉིད་མ་ཡིན་ནོ་ཞེ་ན། ཐམས་ཅད་ལས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་

ཏེ། གལ་ཏེ་མི་ནུས་པ་ལས་ཀྱང་སྐྱེ་ན་ནི་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་འགྱུར་བ་ཞིག་ན་དེ་ལྟར་ཡང་མ་ཡིན་ནོ། །དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་ལ་དེ་བས་ན་ཞེས་བྱ་བ་ནི་དེའི་ཕྱིར་ཏེ། དུ་བ་གང་ལས་འབྱུང་བར་མཐོང་བ་དེ་ནི་མཐོང་བའི་རྣམ་པས་ཏེ་མེའོ། །དེ་དང་

རིགས་མི་མཐུན་པའི་དོན་ལས་ཞེས་བྱ་བ་ནི་མེ་མ་ཡིན་པ་ལས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་ཡིན་ན་ཞེས་བྱ་བ་ནི་དུ་བ་རྒྱུ་མེད་པ་ཅན་ཉིད་ཡིན་ན་རྟག་ཏུ་ཡོད་པའམ། མེད་པར་འགྱུར། ཅིའི་ཕྱིར་ཞེ་ན། དངོས་པོ་རྒྱུ་མེད་པ་ནི་རང་འགྲུབ་པར་བྱ་བ་ལ་མི་ལྟོས་པའི་ཕྱིར་ཏེ། རྒྱུ་གཞན་

Vol. 176 · folio 52a

ལ་མི་ལྟོས་པའི་ཕྱིར་རོ། །གལ་ཏེ་རྒྱུ་གཞན་ལ་མི་ལྟོས་པ་ཉིད་ཡིན་དུ་ཟིན་ཀྱང་རེས་འགའ་བར་འགྱུར་རོ་ཞེ་ན། དངོས་པོ་རྣམས་ནི་རེས་འགའ་ཞིག །ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དུ་བ་དེ་ཞེས་བྱ་བ་ལ་སོགས་པས་ནི་དེ་ཉིད་སྟོན་ཏེ། ནམ་ཡང་མི་འབྱུང་བར་མི་འགྱུར་གྱི་དུས་ཐམས་

ཅད་དུ་འབྱུང་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དེ་འབྱུང་བ་ལ་དུ་བའི་རང་གི་ངོ་བོ་འབྱུང་བ་ལས་རྒྱུ་ལ་མི་ལྟོས་པ་ཉིད་ཀྱིས་མ་ཚང་བ་མེད་པའི་ཕྱིར་འདོད་པའི་དུས་བཞིན་ཏེ། གང་གི་དུས་ན་དུ་བ་འབྱུང་བར་འདོད་པའི་དུས་བཞིན་ནོ། །ཡང་ན་ནི་དེའི་ཚེ་ཡང་ཞེས་བྱ་བ་ནི་འདོད་པའི་དུས་ན་ཡང་དུ་བ་འབྱུང་

བར་མི་འགྱུར་ཏེ། དུ་བ་མེད་པའི་དུས་ན་ཁྱད་པར་མེད་པའི་ཕྱིར་རོ། །ཕྱེད་འོག་མ་རྣམ་པར་དབྱེ་བའི་ཕྱིར་དངོས་པོ་ལྟོས་པ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་རུང་བའི་ཡུལ་དང་དུ་བ་ལ་ལྟོས་ནས། འབྲས་བུ་ཡོད་པ་དང་མེད་པ་གང་དག་ཡིན་པའི་ཡོད་པ་དང་མེད་པའི་དུས་

དེ་དག་ནི་གོ་རིམས་བཞིན་དུ་དེ་འབྱུང་བར་འབྲས་བུ་འབྱུང་བར་རུང་བ་དང་མི་རུང་བ་ཉིད། གང་དག་ཡིན་པ་དེ་དག་དང་ལྡན་པའི་ཕྱིར་རོ། །དུས་སྨོས་པ་ནི་མཚོན་པ་སྟེ། ཡུལ་དང་རྫས་དག་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །འོན་ཏེ་དེ་ལྟར་མི་འདོད་ན་ནི་འབྲས་བུ་ཡོད་པ་དང་མེད་པ་དང་ལྡན་

པའི་ཡུལ་དང་དུས་གང་དག་ལ་རུང་བ་དང་མི་རུང་བ་འདྲ་བ་ཉིད་ཡོད་པ་དེ་དག་ལ་ནི་དེ་དང་ལྡན་པ་དང་ཅིག་ཤོས་དག་ཏུ་ངེས་པར་མི་རུང་བའི་ཕྱིར་ཏེ། འབྲས་བུའི་དུས་ཉིད་དེ་དང་ལྡན་པ་སྟེ། འབྲས་བུ་དང་ལྡན་པའོ། །དེ་ལས་གཞན་པ་ནི་ཅིག་ཤོས་ཏེ། འབྲས་བུ་དང་མི་ལྡན་པའོ། །འདི་དག་ངེས་

པར་མི་རུང་བའི་ཕྱིར་ཡང་ན་ནི་རུང་བ་ཉིད་དུ་འདྲ་བའི་ཕྱིར་འབྲས་བུ་ཡོད་པ་དང་མེད་པའི་དུས་དེ་གཉི་གར་འབྲས་བུ་དང་ལྡན་པར་འགྱུར་རོ། །ཡང་ན་ནི་མི་རུང་བ་ཉིད་དུ་འདྲ་བའི་ཕྱིར་འབྲས་བུ་དང་ལྡན་པར་མི་འགྱུར་རོ། །དེ་ལྟ་བས་ན་དེ་ཡོད་པའི་དུས་ཁོ་ན་རུང་བ་ཉིད་ཡིན་ལ་དངོས་པོ་རྣམས་ཀྱང་དེ་

ལ་ལྟོས་ནས་རེས་འགའ་བར་འགྱུར་རོ། །འདོད་པའི་ཡུལ་དང་དུས་ལ་སོགས་པ་བལྟར་རུང་བ་ཉིད་ཡིན་དུ་ཟད་མོད་དེ་ཙམ་གྱིས་རྒྱུའི་དངོས་པོ་ནི་མ་ཡིན་ནོ་ཞེ་ན། དེའི་ཕྱིར་རུང་བ་ཉིད་དེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གི་ཕྱིར་དེ་ལྟར་རྒྱུ་མེད་པ་ཉིད་གཅིག་ཡིན་ན་རྟག་ཏུ་ཡོད་

Vol. 176 · folio 52b

པའམ་མེད་པར་འགྱུར་བ་ཞིག་ན། མ་གྱུར་པ་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་སྤངས་ནས་ཡོད་པ་དེ་ལ་ནི་མི་ལྟོས་ལ། གང་ལ་ཡོད་པ་དེ་ལ་ནི་ལྟོས་པ་དང་བཅས་པ་ཡིན་ནོ། །གལ་ཏེ་ཡུལ་ལ་སོགས་པ་འགའ་ཞིག་ན་ཡོད་དུ་ཟིན་ཀྱང་འོན་ཀྱང་ཇི་ལྟར་དེ་དག་ལ་ལྟོས་པ་

དང་བཅས་པ་ཡིན་ཞེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ཡོད་པ་ཞེས་བྱ་བ་ནི་གཅིག་སྤངས་ནས་གཞན་ན་ཡོད་པའོ། །གལ་ཏེ་དངོས་པོ་ནི་ཡུལ་ལ་སོགས་པ་ལ་ལྟོས་པ་ཁོ་ན་ཡིན་གྱི་ཡུལ་ལ་སོགས་པ་དེས་ནི་དེ་ལ་ཕན་པ་མི་བྱེད་དོ་ཞེ་ན། དེ་དག་གིས་བྱས་པའི་ཕན་པ་ཞེས་བྱ་བ་ལ་

སོགས་པ་སྨོས་ཏེ། དེར་ངེས་པར་མི་རུང་བའི་ཕྱིར་རོ་ཞེས་བྱ་བ་ནི་ཡུལ་ལ་སོགས་པ་དེ་ཁོ་ན་ཡོད་དོ་ཞེས་བྱ་བར་ངེས་པར་མི་རུང་བའི་ཕྱིར་རོ། །དེ་བས་ན་ཞེས་བྱ་བ་ནི་དེ་ལྟ་བས་ནའོ། །ཡུལ་དང་དུས་ཞེས་སྨོས་པ་ནི་མཚོན་པ་སྟེ་རྫས་ཀྱང་གཟུང་ངོ་། །གང་ན་ཞེས་བྱ་བ་ནི་ཡུལ་ལ་སོགས་པ་

ནའོ། །ལན་ཅིག་མཐོང་ལ་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་མངོན་སུམ་གྱིས་ཏེ་གང་དག་ཉེ་ན་མཐོང་བ་དེ་དག་ལས་གང་ཡང་རུང་བ་ཞིག་མ་ཚང་ནའོ། །གཞན་དུ་ན་ཞེས་བྱ་བ་ནི་གལ་ཏེ་འདི་དེས་བསྐྱེད་པར་བྱ་བའི་རང་བཞིན་མ་ཡིན་ནའོ། །དེ་ཞེས་བྱ་བ་ནི་དུ་བའོ། །དེར་ངེས་པ་ཡིན་

ན་མེ་ལ་སོགས་པའི་ཚོགས་པ་ལ་ཡོད་པར་ངེས་པ་ཡིན་ན་ཇི་ལྟར་མེ་ལས་གཞན་པ་ལས་འབྱུང་བར་འགྱུར་ཏེ། འབྱུང་བར་མི་འགྱུར་བ་ཉིད་དོ། །འབྱུང་ན་ནི་དུ་བ་མ་ཡིན་པར་འགྱུར་ཏེ། འདི་ལྟར་དུ་བ་ནི་དེས་བསྐྱེད་པ་སྟེ། མེས་བསྐྱེད་པའི་རང་བཞིན་གྱི་ཁྱད་པར་ཡིན་ནོ། །དེ་བཞིན་

དུ་རྒྱུ་ཡང་འབྲས་བུ་དེ་ལྟ་བུ་བསྐྱེད་པའི་རང་བཞིན་ཡིན་ཏེ། དུ་བ་བསྐྱེད་པར་རུང་བའི་རང་བཞིན་ནོ། །རྒྱུར་གྱུར་པ་ལ་ནི་དུ་བ་དང་བྲལ་བའི་གནས་སྐབས་ན་ཡང་རུང་བ་ཉིད་ཡོད་དེ་དེས་ན་མ་ཁྱབ་པའི་མཚན་ཉིད་མ་ཡིན་ནོ། །དེ་ལྟར་མེ་དང་དུ་བ་དག་ཕན་ཚུན་ལྟོས་པ་ཉིད་དུ་ངེས་པའི་

རང་བཞིན་དུ་གནས་པ་ལས་གལ་ཏེ་དུ་བ་མེ་ལས་གཞན་པ་ལས་ཀྱང་འབྱུང་བར་འདོད་ན་ནི་དེའི་ཚེ་མེ་དེ་དུ་བ་བསྐྱེད་པ་དེའི་རང་བཞིན་མ་ཡིན་ཏེ། འདི་ལྟར་གང་གི་ཚེ་དུ་བ་མེ་མ་ཡིན་པ་ལས་འབྱུང་བ་དེའི་ཚེ་དུ་བ་བསྐྱེད་པ་ན་མེ་ཁོ་ནའི་རང་བཞིན་མ་ཡིན་པར་གྱུར་ཏོ། །མེའི་རང་བཞིན་མ་ཡིན་པ་དེ་

Vol. 176 · folio 53a

ཡང་ཇི་ལྟར་མེའི་ཡིན་པར་འགྱུར། དེ་བས་ན་དུ་བ་བསྐྱེད་པའི་རང་བཞིན་མ་ཡིན་པའི་ཕྱིར་མེས་ལན་འགའ་ཡང་དུ་བ་བསྐྱེད་པར་མི་འགྱུར་རོ། །དུ་བ་ཡང་དུ་བའི་རང་བཞིན་དུ་མི་འགྱུར་བར་ཡང་ན་དུ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་ན་མེ་ལས་གཞན་པ་ལས་འབྱུང་

ན་ནི་དེ་དུ་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དུ་བ་བསྐྱེད་པའི་རང་བཞིན་མ་ཡིན་པ་མེ་ལས་གཞན་པ་ལས་བྱུང་ཞིང་མཐོང་བའི་ཕྱིར་རོ། །འོན་ཏེ་དུ་བའི་རྒྱུ་ཉིད་དུ་འདོད་པ་མེ་ལས་གཞན་པ་ཡང་མེ་ཁོ་ན་བཞིན་དུ་དུ་བ་བསྐྱེད་པའི་རང་བཞིན་ཡིན་པར་ཁས་ལེན་ན་ནི་དེའི་ཚེ་དེའི་རང་བཞིན་ཉིད་ཡིན་

ན་ནི་དུ་བ་བསྐྱེད་པའི་རང་བཞིན་ཉིད་ཡིན་ན་ནི་དེ་ཉིད་མེ་ཡིན་པས་དུ་བ་འཁྲུལ་པ་མེད་དོ། །དོན་འདས་པ་ཉིད་གཟུང་བ་བདེ་བར་བྱ་བའི་ཕྱིར་ཚིགས་སུ་བཅད་པ། གལ་ཏེ་བརྒྱ་བྱིན་སྤྱི་བོ་མེའི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མེའི་རང་བཞིན་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་དུ་བ་བསྐྱེད་

པའི་རང་བཞིན་མིན་ན་ཞེས་བྱ་བའི་ཐ་ཚིག་གོ། །བླ་ཆོས་སུ་དེ་སྐད་བཤད་དོ། །བརྒྱ་བྱིན་གྱི་སྤྱི་བོ་དེ་ཉིད་མེ་ཡིན་ཏེ། མེར་ཐ་སྙད་གདགས་པའི་རྒྱུ་ནི་དེ་ཙམ་དུ་ཟད་པའི་ཕྱིར་རོ། །འོན་ཏེ་དེ་མེའི་རང་བཞིན་མིན་ཞེས་བྱ་བ་ནི་དུ་བ་བསྐྱེད་པའི་རང་བཞིན་མ་ཡིན་ཏེ། དེ་ཞེས་བྱ་བ་ནི་བརྒྱ་བྱིན་གྱི་

སྤྱི་བོའོ། །དེ་ལས་ཞེས་བྱ་བ་ནི་བརྒྱ་བྱིན་གྱི་སྤྱི་བོ་ལས་སོ། །ཅིའི་ཕྱིར་མི་འབྱུང་ཞེ་ན། དུ་བའི་རྒྱུའི་རང་བཞིན་མེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལ་དུ་བའི་རྒྱུའི་རང་བཞིན་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་ནས། མེ་ཁོ་ན་ཡིན་ནོ་ཞེས་ངེས་པར་གཟུང་ངོ་། །དེ་ཡི་ནུས་པའི་བྱེ་

བྲག་ལྡན། །ཞེས་བྱ་བ་ནི་དུ་བ་བསྐྱེད་པའི་ནུས་པ་ཅན་གྱི་རྒྱུར་གྱུར་པ་ཉིད་ཀྱིས་དངོས་པོ་གཞན་ལས་བྱེ་བྲག་ལྡན་པ་སྟེ། མི་འདྲ་བ་ཡིན་ནོ། །དུ་བ་དུ་བའི་རྒྱུ་མིན་ལས། །ཞེས་བྱ་བ་ནི། དུ་བ་མེའི་རང་བཞིན་མ་ཡིན་པ་ལས་འབྱུང་ཞིང་འཐོན་པར་ཁས་ལེན་ན་དུ་བ་དེ་ནི་རྒྱུ་མེད་པར་འགྱུར་

ཏེ། །ཇི་སྐད་བཤད་པ་བཞིན་ནོ། །གཞན་གྱིས་འོ་ན་ད་ནི་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འོ་ན་ཞེས་བྱ་བ་ནི་མི་བཟོད་པའོ། །ད་ནི་ཞེས་བྱ་བ་ནི་དུ་བ་ལ་སོགས་པ་གཅིག་རིགས་མི་མཐུན་པ་ལས་འབྱུང་བར་ཁས་མི་ལེན་ན། ཇི་ལྟར་ལྷན་ཅིག་བྱེད་པ་ཐ་དད་པ་ལས་ཕན་ཚུན་

Vol. 176 · folio 53b

རིགས་མི་མཐུན་པ་ལས་འབྲས་བུ་གཅིག་སྐྱེ། ཇི་ལྟ་བུ་ཞེ་ན། དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོགས་པ་ཞེས་བྱ་བའི་སྒྲས་ནི་སྣང་བ་དང་། ཡིད་ལ་བྱེད་པ་དག་བསྡུའོ། །ཀླན་ཀ་པའི་བསམ་པ་ནི་དེ་ལྟ་ཡིན་ན་ནི་རྣམ་པར་ཤེས་པ་མིག་གི་རང་བཞིན་ལས་ཀྱང་སྐྱེ། མིག་གི་རང་བཞིན་མ་ཡིན་པ་

གཟུགས་དང་ཡིད་ལ་བྱེད་པ་ལས་ཀྱང་སྐྱེ་བ་ལ་འདི་རྒྱུ་མེད་པ་ཡང་མ་ཡིན་པ་དེ་བཞིན་དུ་དུ་བ་ཡང་མེ་ལས་ཀྱང་འབྱུང་མེ་མ་ཡིན་པ་བརྒྱ་བྱིན་གྱི་སྤྱི་བོ་ལས་ཀྱང་འབྱུང་ལ། རྒྱུ་མེད་པར་ཡང་མི་འགྱུར་རོ་སྙམ་པ་ཡིན་ནོ། །དེའི་རང་བཞིན་གཅིག་པུས་སྐྱེད་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་

ལས་ནི་ལེན་འདེབས་ཏེ། མིག་ལ་སོགས་པའི་ནང་ན་དེའི་རང་བཞིན་སྐྱེད་པར་བྱེད་པའི་རང་བཞིན་ཡིན་པ་ལས་ཕན་ཚུན་མི་ལྟོས་པར་རེ་རེས་སྐྱེད་པར་བྱེད་པ་ནི་མེད་དོ། །གལ་ཏེ་ཡོད་པ་ཞིག་ཏུ་གྱུར་ན་ནི་དེའི་ཚེ་རྒྱུ་སོ་སོར་འཁྲུལ་པའི་ཕྱིར་རྒྱུ་མེད་པ་ཅན་དུ་གྱུར་པ་ཞིག་ན། འོན་ཀྱང་

ཚོགས་པས་སྐྱེད་པར་བྱེད་པ་དེའི་རང་བཞིན་ཡིན་ཏེ་སྐྱེད་པར་བྱེད་པའི་རང་བཞིན་ཡིན་ནོ། །དེའི་རང་བཞིན་མ་ཡིན་པ་ལས་སྐྱེད་པར་བྱེད་པ་ཉིད་མི་རུང་བའི་ཕྱིར། ཚོགས་པས་སྐྱེད་པར་བྱེད་པ་ཞེས་བྱ་བ་དེ་ཙམ་ཁོ་ནས་དེའི་རང་བཞིན་ཡིན་ཏེ་ཞེས་བྱ་བ་ཉིད་དུ་གྱུར་ཟིན་ན་དེ་ཅི་སྟེ། དེའི་

རང་བཞིན་ཡིན་ཏེ་ཞེས་ལོགས་ཤིག་ཏུ་བརྗོད་ཅེ་ན། བདེན་མོད་ཀྱི་འོན་ཀྱང་ཚོགས་པའི་གནས་སྐབས་ཁོ་ན་ན་དེའི་རང་བཞིན་ཉིད་ཡིན་གྱི་སྔར་ཡང་མ་ཡིན་ཕྱིས་ཀྱང་མ་ཡིན། རེ་རེ་ཡང་མ་ཡིན་ནོ་ཞེས་ངེས་པར་གཟུང་བའི་ཕྱིར་བཤད་པར་ཟད་དོ། །བསྡུས་པའི་དོན་ནི་རྒྱུ་ནི་

འབྲས་བུ་གཅིག་ལ་རང་གི་རྒྱུའི་ནུས་པ་ངེས་པ་ཉེ་བ་ན་བྱེད་རྒྱུ་སོ་སོར་ངེས་པ་མཐའ་དག་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །ཁ་ཅིག་ནི་ཚོགས་པས་སྐྱེད་པར་བྱེད་པའམ། དེའི་རང་བཞིན་ན་རང་བཞིན་ཡིན་ཏེ་ཞེས་བྱ་བའི་སྒྲ་འདོན་ཏེ། འདིར་ནི་འམ་ཞེས་བྱ་བའི་སྒྲ་ཅུང་ཟད་ཀྱང་མི་དགོས་

པས་འདི་ནི་གདོན་པར་མི་བྱ་བ་ཉིད་དོ། །གལ་ཏེ་ཚོགས་པ་དེ་བོར་ནས་ཚོགས་པ་གཞན་ལས་ཀྱང་མིག་གི་རྣམ་པར་ཤེས་པ་བསྐྱེད་ན་ནི་དེའི་ཚེ་གཞན་ལས་སྐྱེ་བའི་ཕྱིར་རྒྱུ་མེད་པ་ཉིད་དུ་འགྱུར་རོ། །འབྲས་བུ་ཚོགས་པ་དེ་ཁོ་ན་རྗེས་སུ་དཔག་གི་རྒྱུ་སོ་སོ་ནི་མ་ཡིན་པས་དེའི་ཕྱིར་འཁྲུལ་པ་

Vol. 176 · folio 54a

མེད་དོ་སྙམ་དུ་བསམ་པ་ཡིན་ནོ། །གལ་ཏེ་འདི་སྙམ་དུ་མེ་ལ་སོགས་པའི་ཚོགས་པ་ནི། དུ་བའི་སྐད་ཅིག་མ་དང་པོ་ཁོ་ན་བསྐྱེད་ན་དེ་ཡང་རྟགས་ཉིད་མ་ཡིན་ཏེ། དེ་མི་འཛིན་པའི་ཕྱིར་རོ། །དུ་བའི་རྒྱུ་འཛིན་པ་གང་ཡིན་པ་དེ་ནི་དུ་བ་སྔ་མ་སྔ་མའི་རྒྱུན་འཛིན་པའི་རྒྱུ་ཅན་ཁོ་ན་ཡིན་ན། ཇི་ལྟར་དེ་

ལས་མེ་ལ་སོགས་པའི་ཚོགས་པ་རྗེས་སུ་དཔག་སྙམ་དུ་སེམས་ན། དེའི་ཕྱིར་ཚོགས་པ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་བུའི་རྒྱུན་གྱི་རང་གི་ངོ་བོ་གནས་པའི་རྟེན་རྒྱུ་དང་པོའི་ཚོགས་པ་དེ་མེད་ན། དུ་བའི་རྒྱུན་ཉིད་མེད་པའི་ཕྱིར་དེ་བས་ན་དུ་བའི་རྒྱུན་མེའི་འབྲས་བུ་ཉིད་དུ་གཅིག་ཏུ་བྱས་ནས་

རྒྱུར་གྱུར་པ་སྲེག་པ་ལ་སོགས་པའི་རྒྱུན་རྗེས་སུ་དཔག་སྟེ། ཚུ་རོལ་མཐོང་བ་ལ་སྐད་ཅིག་མ་རྣམ་པར་དབྱེ་བས་ཐ་སྙད་དུ་བྱེད་པ་ནི་མི་སྲིད་དོ། །འདིས་ནི་གལ་ཏེ་འདི་སྙམ་དུ་མེ་འདས་པ་ཁོ་ན་རྗེས་སུ་དཔོག་པར་བྱེད་ལ། དེ་ནི་དོན་བྱེད་པ་དོན་དུ་གཉེར་བ་ལ་ཅུང་ཟད་ཀྱང་མི་དགོས་སོ་སྙམ་དུ་སེམས་

ན་དེ་ཡང་ཡོངས་སུ་སྤངས་པ་ཡིན་ནོ། །དེའི་ཚེ་དོན་ནི་འདི་ཡིན་ཏེ་མེ་ལ་སོགས་པའི་སྐད་ཅིག་མ་སྔ་མ་སྔ་མ་ལ་བརྟེན་ནས། དུ་བའི་སྐད་ཅིག་མ་ཕྱི་མ་ཕྱི་མ་འབྱུང་བའི་ཕྱིར་ཚོགས་པ་རྒྱུན་གྱི་འཇུག་པ་དེ་ཉིད་འབྲས་བུ་རང་གི་ངོ་བོ་གནས་ཤིང་། འབྲས་བུའི་རྒྱུ་འཇུག་པའི་རྒྱུ་ཡིན་ནོ། །དུ་བའི་སྐད་ཅིག་

མ་ཅིག་ཁོ་ན་མེས་བསྐྱེད་པར་བྱ་བ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་དེའི་ངེས་པ་འདི་ནི་མེད་ཀྱི་ཇི་སྲིད་དུ་བུད་ཤིང་རྣམ་པ་ཐམས་ཅད་དུ་ཐལ་བ་མ་ལྷག་པ་དེ་སྲིད་དུ་དུ་བའི་སྐད་ཅིག་མ་རྣམས་འབྱུང་བ་མི་འགལ་ལོ། །དེ་ལྟ་བས་ན་བསྡུས་པའི་དོན་ནི་སྲེག་པའི་སྐད་ཅིག་མ་ཕྱི་མ་ཕྱི་མ་སྐྱེད་པར་

ནུས་པའི་རྒྱུན་འཇུག་པའི་མེས་དུ་བའི་རྒྱུན་འཇུག་པ་འདུག་པ་སྐྱེད་པར་མངོན་སུམ་གྱིས་ངེས་པར་གཟུང་ལ་དེ་ལྟ་བུ་གཞན་དུ་ངེས་པར་བཟུང་ནས། དེ་དོན་དུ་གཉེར་བ་ལ་སྲེག་པའི་རྒྱུན་དོན་བྱེད་པར་ནུས་པ་རྗེས་སུ་དཔག་པ་མི་འགལ་ལོ། །སྲེག་པའི་རྒྱུན་མ་ཆད་པའི་དུ་བའི་ཁྱད་པར་ཡང་

གཞན་ཡིན་ལ། སྲེག་པའི་རྒྱུན་འགགས་པ་གནས་ཁང་ལ་སོགས་པ་ན་ཡོད་པའི་དུ་བའི་ཡང་གཞན་ཁོ་ན་ཡིན་ཏེ། དེ་གཉིས་ཀྱི་ཁྱད་པར་ཡང་གསལ་བར་འཇིག་རྟེན་ངེས་པར་འཛིན་ཏོ་ཞེས་བྱ་བ་ཡིན་ནོ། །དེ་ནི་དེ་ལྟ་བུ་ཡིན་ནོ། །ཡང་ན་རྣམ་པ་གཞན་དུ་བཤད་པར་བྱ་སྟེ།

Vol. 176 · folio 54b

ཚོགས་པ་ནི་མང་པོ་རྣམས་ལ་བྱ་བས། མང་པོ་ལས་གཅིག་འབྱུང་ན་རྒྱུའི་ཐ་དད་པ་ཐ་དད་པར་བྱེད་པ་མ་ཡིན་པར་འགྱུར་བ་མ་ཡིན་ནམ། འོན་ཏེ་རྒྱུ་སོ་སོའི་ཉེ་བར་སྦྱོར་བའི་ཁྱད་པར་འདོད་ན། དེའི་ཚེ་ཉེ་བར་སྦྱོར་བ་ཐ་དད་པ་དག་དང་འབྲས་བུ་ཐ་མི་དད་པའི་ཕྱིར་དུ་མ་ཉིད་དུ་འགྱུར་བའམ། འབྲས་

བུ་གཅིག་དང་ཐ་མི་དད་པའི་ཕྱིར་ཉེ་བར་སྦྱོར་བ་རྣམས་གཅིག་པ་ཉིད་དུ་འགྱུར་རོ་ཞེ་ན། དེའི་ཕྱིར་ཚོགས་པ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་ངོ་བོ་གནས་པའི་འབྲས་བུའི་རང་གི་ངོ་བོ་གནས་པའི་རྟེན་ཡིན་ནོ། །དེ་ཉིད་བསྟན་ཏེ་གང་གིས་ན་དེའི་སྒོ་ནས་འབྲས་བུ་དུ་མ་ཉིད་

དུ་འགྱུར་བ་ལྷན་ཅིག་བྱེད་པ་དག་ལས་ཉེ་བར་སྦྱོར་བ་དུམ་བུར་འགྱུར་བ་ནི་མ་ཡིན་ནོ། །འོན་ཀྱང་ཚོགས་པ་དག་ལས་འབྲས་བུ་སྐྱེ་བ་ན། གང་གིས་ན་རིགས་མཐུན་པ་དང་རིགས་མི་མཐུན་པ་ལས་ལོག་པར་གྱུར་པ་དེ་ལྟ་བུ་གཅིག་ཁོ་ན་སྐྱེ་སྟེ། འདི་ལྟར་མིག་དང་གཟུགས་དང་ཡིད་ལ་བྱེད་པ་

དག་ལས་མིག་གི་རྣམ་པར་ཤེས་པ་སྐྱེ་བ་ན་མིག་གི་སྐད་ཅིག་མ་མིག་ཙམ་གྱི་རྒྱུ་ཅན་དང་། གཟུགས་ཀྱི་སྐད་ཅིག་མ་གཟུགས་ཙམ་གྱི་ཉེ་བར་ལེན་པ་ཅན་དང་། དེ་བཞིན་དུ་རྣམ་པར་རྟོག་པ་དང་བཅས་པའི་རྣམ་པར་ཤེས་པ་ཡིད་ལ་བྱེད་པ་ཙམ་གྱི་རྒྱུ་ཅན་ལས་ཐ་དད་པར་སྐྱེའོ། །འབྲས་བུ་

ལ་ཉེ་བར་སྦྱོར་བ་ཐ་དད་པར་ནི་རིགས་མཐུན་པ་དང་རིགས་མི་མཐུན་པ་ལས་ལོག་པ་ཉིད་གང་ཡིན་པ་འདི་ཁོ་ནར་ཟད་ལ་དེ་ཡང་ཚོགས་པ་དག་ཁོ་ན་ལས་སྐྱེ་བ་ཡོད་ཀྱི་གཞན་དུ་ནི་མ་ཡིན་ནོ། །འདི་ནི་བརྗོད་པར་བྱ་བ་མང་བས་རེ་ཞིག་གཞག་གོ། །གང་གི་ཕྱིར་ཚོགས་པ་སྐྱེད་པར་བྱེད་

པ་ཡིན་པ་དེ་ཉིད་ཀྱི་ཕྱིར་ལྷན་ཅིག་བྱེད་པ་རྣམས་ཀྱང་རྣམ་གྲངས་མེད་པར་བྱེད་པ་ཡིན་ཏེ། རིམ་གྱིས་སྐྱེ་བ་མེད་དེ་ཞེས་བྱ་བའི་ཐ་ཚིག་གོ། །གང་ཡང་ཞེས་བྱ་བ་ལ་སོགས་པས་རིགས་མི་མཐུན་པ་ལས་སྐྱེ་བའི་དོགས་པ་བསུ་བར་ལན་འདེབས་སོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་བ་

ལང་གི་རྭ་ལས་སྨྱུག་མ་དང་། བ་ལང་གི་སྤུ་དང་ལུག་གི་བ་ལ་དག་ལས་རྩྭ་དཱུར་བ་སྐྱེ་བ་བསྡུའོ། །དེ་ལ་ཡང་ཞེས་བྱ་བ་ནི་རིགས་མི་མཐུན་པ་ལས་འབྲས་བུ་སྐྱེ་བ་ལ་ཡང་ངོ་། །དེ་སྐད་དུ་བརྗོད་ཀྱང་ཞེས་བྱ་བ་ནི་ཨུཏྤལ་ལ་སོགས་པ་རིགས་མི་མཐུན་པ་ལས་སྐྱེ་པ་ལ་ཨུཏྤལ་

Vol. 176 · folio 55a

ལ་སོགས་པ་ཞེས་བརྗོད་ཀྱང་ངོ་། །ཨུཏྤལ་ལ་སོགས་པ་གང་ལ་རང་གི་ས་བོན་ཨུཏྤལ་ལ་སོགས་པའི་མཚན་ཉིད་ལས་རབ་ཏུ་འབྱུང་ཞིང་སྐྱེ་བ་ཡོད་པ་རང་གི་ས་བོན་ལས་རབ་ཏུ་འབྱུང་བ་ཅན་ཡིན་པ་དེའི་ཕྱིར་རང་གི་ངོ་བོ་ཐ་དད་པ་ཡོད་པ་ཁོ་ནའོ། །ཅིའི་ཕྱིར་ཞེ་ན། རྒྱུའི་

རང་གི་ངོ་བོ་ཐ་དད་པའི་ཕྱིར་ཏེ། རྒྱུ་ཚོགས་པ་གཉིས་ཀྱི་མཚན་ཉིད་ཀྱི་རང་གི་ངོ་བོ་ཐ་དད་པའི་ཕྱིར་རོ། །ཆུ་ཤིང་གང་ལ་ས་བོན་དང་སྡོང་བུ་ལས་སྐྱེ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ཡང་རྒྱུ་ཐ་དད་པ་ལས་ཕན་ཚུན་ཐ་དད་པ་ཡིན་ནོ། །ཐ་དད་པ་འདི་ནི་བསྒྲུབ་མི་དགོས་སོ་ཞེས་བྱ་

བར་དེ་ལྟ་བུ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་འབྱེད་དོ་ཞེས་བྱ་བ་ནི་ཐ་དད་པར་རྟོགས་པའོ། །ཤིན་ཏུ་རྣམ་པར་ཕྱེ་བའི་རྣམ་པ་ཅན་ནི་འཁྲུལ་པའི་རྒྱུ་འདྲ་བའི་རྣམ་པ་དག་ལས་རྣམ་པར་ཕྱེ་བས་ངེས་པའི་རྣམ་པ་ཅན་ནོ། །རྗེས་སུ་འགྲོ་བ་ནི་ཡོད་པ་ཉིད་ན་ཡོད་པའོ། །ལྡོག་པ་ནི་དེ་

མེད་ན་མེད་པའོ། །རྗེས་སུ་འགྲོ་བ་དང་ལྡོག་པ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་སྟེ། དེ་ལས་འབྲས་བུའི་རང་བཞིན་གང་ཞིག་རྗེས་སུ་འགྲོ་བར་བྱ་བ་རྒྱུ་གང་གི་རྗེས་སུ་འགྲོ་བར་བྱེད་པར་མཐོང་བ་རྗེས་སུ་འགྲོ་བར་བྱེད་པ་དེའི་རང་བཞིན་ནི་དེའི་རྒྱུ་ཅན་ཏེ། གང་ལ་རྒྱུ་རྗེས་སུ་འགྲོ་བར་བྱ་བ་དེ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་

རོ། །གང་གི་ཚེ་རྒྱུ་ལ་ལྟོས་ནས་བརྗོད་པ་དེའི་ཚེ་ནི་རྗེས་སུ་འགྲོ་བར་བྱ་བ་མེ་ལ་སོགས་པ་དེའི་རང་བཞིན་ནི་དེའི་རྒྱུ་ཡིན་ཏེ། འབྲས་བུར་འདོད་པ་དུ་བ་ལ་སོགས་པ་དེའི་རྒྱུ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ཕན་ཚུན་ལྟོས་པས་རྒྱུ་དང་འབྲས་བུ་དག་གི་རང་བཞིན་ངེས་པ་དེའི་ཕྱིར། རྒྱུ་དང་རིགས་

མི་མཐུན་པ་ལས་མི་འབྱུང་ངོ་། །དེ་ལྟ་བས་ན་ལན་ཅིག་མཐོང་བ་དང་མ་མཐོང་བ་དག་གིས་ཀྱང་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་མངོན་སུམ་དང་། མི་དམིགས་པ་དག་གིས་རྒྱུ་དང་འབྲས་བུའི་དངོས་པོ་གྲུབ་པའི་ཕྱིར། རྒྱུ་དང་འབྲས་བུ་གྲུབ་པ་དེས་དེ་རྟོགས་ཏེ་རྗེས་སུ་འགྲོ་བ་དང་

ལྡོག་པ་རྟོགས་སོ། །གཞན་དུ་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུའི་དངོས་པོ་ངེས་པ་མ་རྟོགས་པ་མཐོང་བ་དང་། མ་མཐོང་བ་འགའ་ཞིག་གིས་རྗེས་སུ་འགྲོ་བ་དང་ལྡོག་པ་དག་རྟོགས་པ་ནི་མ་ཡིན་པའོ། །ཅིའི་ཕྱིར་ཞེ་ན། རྗེས་སུ་འགྲོ་བ་དང་ལྡོག་པ་རྟོགས་པ་མཐོང་བ་དང་མ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words