ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད
Sanskrit title (Tibetan script, as in the text) པྲ་མཱ་ཎ་བརྟི་ཀཱ་རི་ཀཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 176 · folio 55b
མཐོང་བ་ཙམ་ལ་རག་ལས་པ་ནི་མ་ལུས་པར་མཐོང་བ་དང་མ་མཐོང་བ་དག་ལ་རག་ལས་པའི་ཕྱིར་ཏེ། མཐོང་བ་ཡང་གལ་ཏེ་མཐུན་པའི་ཕྱོགས་མ་ལུས་པ་ལ་གཏན་ཚིགས་མཐོང་བར་གྱུར་ན་དེ་ལྟ་ན་རྗེས་སུ་འགྲོ་བ་སྒྲུབ་པར་བྱེད་ལ། དེ་བཞིན་དུ་མ་མཐོང་བ་ལ་ཡང་གལ་ཏེ་བསྒྲུབ་པར་བྱ་བ་ལྡོག་
པ་མ་ལུས་པ་ལ་གཏན་ཚིགས་མ་མཐོང་བར་གྱུར་ན་དེ་ལྟ་ན་ལྡོག་པ་སྒྲུབ་པར་འགྱུར་རོ། །ཇི་ལྟར་དུ་བ་གསལ་བ་གཅིག་ལ་ལན་ཅིག་མཐོང་བས་ཀྱང་འབྲས་བུ་ཉིད་དུ་གྲུབ་པས་ཐམས་ཅད་ལ་དེ་ལྟ་བུ་ཡིན་པ་དེ་བཞིན་དུ་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་འགའ་ཞིག་ལ་མཐོང་བ་དང་མ་མཐོང་
བ་ལས་ཐམས་ཅད་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པར་འགྱུར་རོ་སྙམ་ན་ཡང་ལྡོག་པ་ཡིན་ཏེ། འདི་ལྟར་ནམ་མཁའ་ལ་སོགས་པར་གཏོགས་པ་ལུས་ཅན་མ་ཡིན་པ་ཉིད་འགའ་ཞིག་ལ་རྟག་པ་ཉིད་མཐོང་ཡང་སྟེ་འདི་ནི་གཞན་ལ་གྲགས་པ་བརྗོད་པ་ཡིན་ནོ།། །།བམ་པོ་
དྲུག་པ། གཞན་ལ་ཞེས་བྱ་བ་ནི་བདེ་བ་ལ་སོགས་པ་ལའོ། །གཞན་དུ་ཞེས་བྱ་བ་ནི་མི་རྟག་པ་ཉིད་ལ་གཏན་ཚིགས་ལུས་ཅན་མ་ཡིན་པ་ཉིད་མཐོང་བའི་ཕྱིར་གཅིག་ལ་མཐོང་བ་ཐམས་ཅད་ལ་དེ་ལྟ་བུ་ཡིན་པར་བསྒྲུབ་པ་མ་ཡིན་ནོ། །དེའི་ཕྱིར་མཐོང་བ་ནི་རྗེས་སུ་འགྲོ་བ་ལ་འཁྲུལ་པ་
ཅན་ཡིན་ནོ། །དེ་བཞིན་དུ་བུམ་པ་ལ་སོགས་པ་རྟག་པ་ཉིད་མེད་པ་འགའ་ཞིག་ལ་ལུས་ཅན་མ་ཡིན་པ་ཉིད་མ་མཐོང་བ་ཡང་བདེ་བ་ལ་སོགས་པ་རྟག་པ་ཉིད་མེད་པ་ཁོ་ན་ལ་མཐོང་བའི་ཕྱིར་ཏེ། དེ་བས་ན་མི་མཐུན་པའི་ཕྱོགས་གཅིག་ལ་མ་མཐོང་བ་ལྡོག་པ་ངེས་པར་བྱེད་པའི་སྒྲུབ་པ་མ་ཡིན་ནོ། །
དེ་ལྟ་བས་ན་རྒྱུ་དང་འབྲས་བུའི་དངོས་པོ་ངེས་པ་ཁོ་ན་ལས་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ངེས་པ་ཡིན་ནོ། །གཞན་གྱིས་འབྲས་བུ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུ་མེད་ན་མི་འབྱུང་བར་ནི་བསྒྲུབས་ཟིན་ན། དེ་རང་བཞིན་གྱི་གཏན་ཚིགས་ལ་ཇི་ལྟར་
མེད་ན་མི་འབྱུང་བ་ཡིན་ཞེས་བྱ་བའོ། །རང་བཞིན་ཡོད་པ་ཙམ་དང་འབྲེལ་པ་ཅན་གྱི་ངོ་བོ་ཡང་གཏན་ཚིགས་ཡིན་ཞེས་བྱ་བ་ལ་སོགས་པས་རྟག་པ་ཉིད་དུ་རང་བཞིན་གྱི་གཏན་ཚིགས་ཀྱི་མེད་ན་མི་འབྱུང་བ་བསྒྲུབས་ཟིན་པ་མ་ཡིན་ནམ་ཞེ་ན། བདེན་ན་གཞན་འདི་སྙམ་དུ་རང་བཞིན་དེ་
Vol. 176 · folio 56a
ཙམ་དང་འབྲེལ་པ་ཇི་ལྟ་བ་བཞིན་དུ་གྱུར་པ་དེ་ལ་མེད་ན་མི་འབྱུང་བ་བརྗོད་པ་དེ་ལ་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་གཏན་ཚིགས་སུ་འགྱུར་རོ་སྙམ་དུ་སེམས་ལ། གྲུབ་པའི་མཐའ་སྨྲ་བ་ཡང་གཞན་སེལ་བ་རབ་ཏུ་བསྒྲུབ་པ་མཇུག་ཐོགས་སུ་འབྱུང་བས། དམ་བཅས་
པའི་དོན་གྱི་ཕྱོགས་གཅིག་པ་ཉིད་ཡིན་པ་ཡོངས་སུ་སྤངས་པར་སེམས་ཤིང་། དེ་ཙམ་དང་འབྲེལ་པ་ཁོ་ན་ལ་མེད་ན་མི་འབྱུང་བ་སྔར་བཤད་པ་བཟླས་ཏེ། རང་བཞིན་ལ་ཡང་མེད་ན་མི་འབྱུང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་བཞིན་ལ་ཡང་རང་བཞིན་གྱི་གཏན་ཚིགས་ལ་ཡང་མེད་ན་མི་འབྱུང་བའོ། །
བསྒྲུབ་པར་བྱ་བ་གང་ཡིན་ཞེ་ན། ཡོད་པ་ཙམ་དང་འབྲེལ་པའི་ཡིན། །གང་ཞིག་ཅེས་བྱ་བ་ལ་སོགས་པས་ནི་འདི་ཉིད་རྣམ་པར་འཆད་དོ། །ཡོད་པ་མེད་ན་མི་འབྱུང་བར་འདོད་ཅེས་བྱ་བ་ནི་ཡོད་པ་མི་རྟག་པ་ཉིད་ལ་སོགས་པ་སྟེ། འདི་ལྟར་དེ་མེད་ན་བསྒྲུབ་པར་བྱ་བའི་ཆོས་ཡོད་པ་ཙམ་དང་འབྲེལ་པ་
མེད་ན་གཏན་ཚིགས་ཉིད་དུ་སྨོས་པའི་ཡོད་པ་མེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བསྒྲུབ་པར་བྱ་བ་དང་སྒྲུབ་པ་དག་ཐ་དད་པ་མེད་པའི་ཕྱིར་རོ། །ཐ་དད་པ་མེད་པ་ཉིད་ངོ་བོ་གང་ཁོ་ན་ཞེས་བྱ་བ་ལ་སོགས་པ་སྟོན་ཏོ། །མི་རྟག་པ་ཉིད་ལ་སོགས་པའི་ངོ་བོ་གང་ཁོ་ན་བྱས་པ་ཡོད་པ་ཙམ་ལ་རག་ལས་
པའི་རང་བཞིན་ཡིན་པར་བརྗོད་པ་དེ་ཁོ་ན་རྒྱུ་མཚན་གཞན་ལ་མི་ལྟོས་པའི་ཕྱིར་རང་གིས་དངོས་སུ་དོན་དམ་པར་ཡོད་པ་ཡིན་ཏེ་བྱས་པ་ཉིད་ཡིན་ནོ། །ཡོད་པ་དེ་ཡང་བདག་ཉིད་རང་གི་ངོ་བོར་གྱུར་པ་མི་རྟག་པ་ཉིད་བོར་ནས་ཇི་ལྟར་ཡོད་པར་འགྱུར། གཞན་གྱིས་འོ་ན་ནི་ཞེས་བྱ་བ་ལ་སོགས་
པ་སྨས་ཏེ། དམ་བཅས་པ་ནི་ཕྱོགས་བསྟན་པའོ། །དེའི་དོན་ནི་ཆོས་དང་ཆོས་ཅན་སྤྱིའོ། །དེའི་ཕྱོགས་གཅིག་པོ་བསྒྲུབ་པར་བྱ་བའི་ཆོས་ཀྱི་བདག་ཉིད་གཏན་ཚིགས་སུ་འགྱུར་ཏེ། འདི་ལྟར་སྒྲ་ནི་མི་རྟག་སྟེ། མི་རྟག་པའི་ཕྱིར་རོ་ཞེས་བྱ་བ་དང་། མི་རྟག་སྟེ་བྱས་པའི་ཕྱིར་རོ་ཞེས་བྱ་བ་ནི་རྩིས་མགོ་
གཅིག་ལ་དེ་ལྟ་ཡིན་ན་ནི་གཏན་ཚིགས་མ་གྲུབ་པོ་སྙམ་དུ་བསམས་པ་ཡིན་ནོ། །གྲུབ་པའི་མཐའ་སྨྲ་བས་དེ་ནི་ཉེས་པ་མེད་དོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་བཞིན་གྱི་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་སོ། །རང་རང་གི་ངོ་བོ་ནི་རང་གི་ངོ་བོ་སྟེ་དེ་ལ་གནས་པའི་ཕྱིར་རོ། །མཐུན་དངོས་
Vol. 176 · folio 56b
གཞན་གྱི་དངོས་དག་ལས། །ཞེས་བྱ་བ་ལ་མཐུན་དངོས་ཞེས་བྱ་བའི་སྒྲས་ནི་རིགས་མཐུན་པར་བསྟན་ཏོ། །གཞན་གྱི་དངོས་པོ་ནི་རིགས་མི་མཐུན་པའོ། །དེ་དག་ལས་ཏེ་དེ་ལྟར་ཡང་རིགས་མཐུན་པར་འདོད་པ་དང་ཞེས་རྣམ་པར་འགྲེལ་པར་འགྱུར་རོ། །གང་དག་རང་དངོས་གཞན་གྱི་དངོས་དག་གིས། །ཞེས་
འདོན་པ་དེ་དག་གིས་ཀྱང་རང་དངོས་ཞེས་བྱ་བའི་སྒྲ་ནི་རིགས་མཐུན་པའི་དོན་དུ་བཤད་དགོས་སོ། །སྟེན་པ་ནི་སྟེན་པར་བྱེད་པའོ། །དེ་གང་དག་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱ་སྟེ། ལྡོག་པ་དང་ལྡན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་རྒྱུ་ཅན་གྱི་ཞེས་བྱ་བ་ནི་ལྡོག་པའི་རྒྱུ་ཅན་གྱིའོ། །རིགས་
དབྱེ་ཞེས་བྱ་བ་ནི་ཆོས་ཀྱི་བྱེ་བྲག་སྟེ་མི་རྟག་པ་ཉིད་ལ་སོགས་པའོ། །དེའི་ཁྱད་པར་གྱིས་རྟོགས་འགྱུར་བ་དག་ཅེས་བྱ་བ་ནི་ལྡོག་པའི་རང་གི་ངོ་བོའི་ཁྱད་པར་བྱེ་བྲག་བྱས་པ་ཉིད་ལ་སོགས་པ་གང་ཡིན་པ་དེའི་སྒོ་ནས་སྒྲ་དང་རྟགས་དག་གིས་བརྒྱུད་པས་དངོས་པོ་དེ་ལྟ་བུ་རྟོགས་པའི་ཕྱིར་རོ། །གང་གི་
ཕྱིར་དེ་ལྟ་བུ་ཡིན་པ་དེའི་ཕྱིར་ལྡོག་པའི་ཁྱད་པར་བརྟགས་པ་ལས་ལྡོག་པ་ལ་ལྟོས་ཏེ། རྣམ་པར་གཞག་པ་མི་རྟག་པ་ཉིད་གང་ཞིག་མི་རྟག་པ་ཞེས་བྱ་བའི་སྒྲ་ཅན་གྱི་ཆོས་གང་གིས་གོ་བར་འགྱུར་བ་ཁྱད་པར་དེ་ནི་དེ་ལས་གཞན་གྱིས་མི་རྟག་པ་ཞེས་བྱ་བའི་སྒྲ་ལས་གཞན་པ་བྱས་པ་ཞེས་བྱ་
བའི་སྒྲས་ཏེ། དེ་བཞིན་དུ་ཐམས་ཅད་ལ་བརྗོད་པར་བྱའོ། །རྒྱུ་དེས་ན་ཐ་དད་རྣམ་པར་གནས་ཏེ། སྒྲའི་དོན་རྣམ་པར་གནས་པ་ཐ་དད་པ་ཡིན་ནོ། །དངོས་པོ་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པས་ནི་ཚིག་ལེའུར་བྱས་པའི་དོན་སྟོན་ཏེ། གང་དག་ལ་རང་གི་ངོ་བོ་ལ་རང་གི་བདག་ཉིད་
ལ་གནས་པ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །རང་གི་ངོ་བོ་ལ་གནས་པའི་དངོས་པོ་དེ་དག་ནི་རང་དང་གཞན་དུ་སྟེ། རང་གི་ངོ་བོ་ལས་གཞན་པ་དང་འདྲ་ཞིང་གཅིག་ཏུ་མི་བྱེད་དེ། ཅིའི་ཕྱིར་ཞེ་ན། འདྲེ་བར་བྱ་བ་གཞན་དེ་གཞན་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་ཏེ།
བདག་ཉིད་ཡིན་པར་ཐལ་བར་འགྱུར་རོ། །གལ་ཏེ་བུམ་པ་ལ་སོགས་པའི་བྱེ་བྲག་རྣམས་ལ་ཡོན་ཏན་གསུམ་པོ་རང་གི་བདག་ཉིད་དུ་གྱུར་པ་ཡོད་དེ། དེས་ན་འདྲེས་པ་ཁོ་ན་ཡིན་ནོ་སྙམ་དུ་སེམས་ན། དེའི་ཕྱིར་གང་ཡང་འདི་དག་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་དག་གི་
Vol. 176 · folio 57a
ཞེས་བྱ་བ་ནི་དངོས་པོ་དག་གིའོ། །རང་གི་བདག་ཉིད་དུ་གྱུར་པ་ཞེས་བྱ་བ་ནི་ཐ་མི་དད་པའོ། །ངོ་བོ་ནི་རང་གི་ངོ་བོའོ། །ཐ་མི་དད་པ་ཞེས་བྱ་བ་ནི་གཅིག་པའོ། །ངོ་བོ་དེ་ནི་བྱེ་བྲག་དེ་དག་གི་ཡིན་ནོ་ཞེས་བྱ་བར་ཐ་སྙད་གདགས་པར་ནུས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན།
ཡོན་ཏན་གསུམ་པོ་གཅིག་གི་བདག་ཉིད་དུ་གྱུར་པ། དེའི་ཚེ་བུམ་པ་ལ་སོགས་པའི་ཁྱད་པར་དེ་དག་མེད་པའི་ཕྱིར་རོ། །གལ་ཏེ་དངོས་པོ་རྣམས་ངོ་བོ་གཅིག་ཏུ་གྱུར་ན་དེའི་ཚེ། དེ་ཁོ་ན་དངོས་པོ་རྣམས་ཐ་མི་དད་པ་ཡིན་པར་འགྱུར་ཏེ། ཐ་མི་དད་པ་ཡིན་པའི་ཕྱིར་ཞིང་ཡོད་པའི་ཕྱིར་དང་། དེ་
ལ་མ་གཏོགས་པ་ཐ་དད་པའི་བདག་ཉིད་དེ་ལ་མ་གཏོགས་པ་ཐ་དད་པ་ཡང་མེད་པའི་ཕྱིར་རོ། །གལ་ཏེ་ཡོན་ཏན་གསུམ་པོ་ཐ་མི་དད་ཀྱང་བུམ་པ་ལ་སོགས་པའི་བྱེ་བྲག་འཕེལ་བ་དང་འགྲིབ་པས་བྱས་པར་འགྱུར་རོ་ཞེ་ན། དེ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོན་ཏན་གསུམ་པོ་ཐ་མི་
དད་པ་ཉིད་ཀྱང་འཕེལ་བ་ལ་སོགས་པས་ཐ་དད་པར་འགལ་བའི་ཕྱིར་རོ། །དེ་ལྟ་བས་ན་དངོས་པོ་རྣམས་ཕན་ཚུན་རྗེས་སུ་འགྲོ་བར་ཁས་ལེན་ན། ངོ་བོ་གཅིག་པ་ཁོ་ནར་གནས་པ་ཡིན་ནོ། །ངོ་བོ་གཅིག་པ་དེ་ཡང་བདག་ཉིད་ལ་རང་གི་ངོ་བོ་ཉིད་ལ་རྣམ་པར་གནས་པས་སྐྱེས་བུའི་ངོ་བོ་དང་མ་
འདྲེས་པ་ཁོ་ན་ཡིན་ཏེ། དེ་ལྟ་ན་ཡང་གཞན་སེལ་བ་གྲུབ་པ་ཁོ་ནའོ། །ཡང་བྱེ་བྲག་པ་རྣམས་ནི་སྤྱི་དོན་གཞན་གྱིས་དངོས་པོ་རྣམས་མཚུངས་པར་འདོད་དེ། དེ་ཡང་བསལ་བའི་ཕྱིར་དོན་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོད་པ་ཉིད་དང་བ་ལང་ཉིད་ལ་སོགས་པ་དོན་གཞན་ཡང་དོན་དུ་མ་
དང་འབྲེལ་དུ་ཟིན་ཀྱང་གསལ་བའི་ཁྱད་པར་དེ་དག་གི་སྤྱི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེའི་ངོ་བོ་མ་ཡིན་པའི་ཕྱིར་ཏེ། གསལ་བའི་ཁྱད་པར་དག་དང་མཚན་ཉིད་མི་འདྲ་བའི་ཕྱིར་རོ། །འོན་ཏེ་དེའི་ངོ་བོ་མ་ཡིན་ཡང་གཅིག་མ་ཡིན་པ་དག་དང་ལྡན་པ་དེ་ཙམ་གྱིས་དེ་དག་གི་སྤྱི་ཡིན་ན་ནི་དེའི་ཚེ་གཉིས་
ཉིད་ལ་སོགས་པ་དང་ལྡན་པ་དང་འབྲས་བུའི་རྫས་དག་ལ་ཡང་སྤྱིའི་ངོ་བོ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་ཏེ། གཉིས་ཉིད་ཀྱང་རྫས་གཅིག་མ་ཡིན་པ་དང་ལྡན་ནོ། །སོགས་པ་ཞེས་བྱ་བའི་སྒྲ་ནི་མང་པོ་ཉིད་ལ་སོགས་པ་བསྡུའོ། །དེ་བཞིན་དུ་ལྡན་པ་ཡང་རྫས་གཅིག་མ་ཡིན་པའི་རྟེན་
Vol. 176 · folio 57b
ཅན་ཡིན་ནོ། །འབྲས་བུའི་རྫས་ནི་ཡན་ལག་ཅན་ཞེས་བྱ་བ་སྟེ། རྩོམ་པར་བྱེད་པའི་རྫས་དུ་མ་དང་ལྡན་པ་ཡིན་ནོ། །གལ་ཏེ་ཁྱད་པར་ཡོད་དེ་འདི་ལྟར་གཉིས་ཉིད་ལ་སོགས་པ་དང་འབྲེལ་དུ་ཟིན་ཀྱང་གསལ་བ་རྣམས་མཚུངས་པའི་ངོ་བོར་མི་འགྱུར་གྱི་བ་ལང་ཉིད་ལ་སོགས་པ་དང་འབྲེལ་ན་ནི་འགྱུར་རོ། །དེ་
བས་ན་བ་ལང་ཉིད་ལ་སོགས་པ་ཁོ་ན་སྤྱི་ཡིན་ནོ་སྙམ་དུ་སེམས་ན། དེའི་ཕྱིར་འབྲེལ་པ་ཅན་གཞན་གྱིས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྐད་བསྟན་པ་ཡིན་ཏེ། བ་ལང་ཉིད་ལ་སོགས་པ་དང་འབྲེལ་དུ་ཟིན་ཀྱང་གསལ་བའི་ཁྱད་པར་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་འདོར་བ་ནི་མེད་
ན། དེ་ཇི་ལྟར་བ་ལང་ཉིད་ལ་སོགས་པ་དང་འབྲེལ་ཀྱང་མཚུངས་པའི་ངོ་བོ་ཉིད་ཡིན། དེ་བས་ན་འབྲེལ་པ་ཅན་བ་ལང་ཉིད་ལ་སོགས་པ་གསལ་བ་དང་ལྡན་པ་གཉིས་ཉིད་ལ་སོགས་པ་དང་འདྲ་བ་གཞན་གྱིས་ཀྱང་གསལ་བའི་ཁྱད་པར་གཞན་དག་མཚུངས་པ་ནི་མ་ཡིན་གྱི་ཁྱད་པར་རྣམས་
དེ་དང་ལྡན་པ་སྤྱི་དང་ལྡན་པ་དག་ཏུ་ནི་འགྱུར་ཏེ། འབྱུང་པོའི་མགུལ་ཆིངས་ལྟ་བུའོ། །འབྱུང་པོ་ནི་གཟའ་དང་རྒྱུ་སྐར་དག་སྟེ། དེ་དག་གི་མགུལ་བར་ཕྲེང་བ་རིང་པོས་བཅིངས་པ་དེ་ནི་འབྱུང་པོའི་མགུལ་ཆིངས་སོ། །ཇི་ལྟར་འབྱུང་པོའི་མགུལ་ཆིངས་གཅིག་པོ་དེས་འབྱུང་པོ་རྣམས་དེ་
དང་ལྡན་པ་ཡིན་གྱི་མཚུངས་པ་ནི་མ་ཡིན་པ་ལྟར་གསལ་བ་རྣམས་ཀྱང་དེ་དང་འདྲའོ། །གང་གི་ཕྱིར་གཅིག་དང་འབྲེལ་དུ་ཟིན་ཀྱང་གསལ་བ་རྣམས་མཚུངས་པ་མ་ཡིན་པ་དེ་ཉིད་ཀྱི་ཕྱིར་ཤེས་པ་ཐ་མི་དད་པའི་ཡུལ་ཡང་མ་ཡིན་ཞིང་། ཤེས་པ་རྣམ་པ་གཅིག་པ་ཅན་མ་འཁྲུལ་པའི་ཡུལ་ཡང་
མ་ཡིན་ཏེ། འབྱུང་པོ་བཞིན་ནོ། །ཇི་ལྟར་འབྱུང་པོ་ཆིངས་མའི་རང་བཞིན་མ་ཡིན་པ་རྣམས་ཆིངས་མའི་རྣམ་པ་གཅིག་པ་ཅན་གྱི་ཡུལ་མ་ཡིན་པ་དེ་དང་འདྲའོ། །དེ་ལྟར་ན་རེ་ཞིག་དོན་གཞན་ནི་དུ་མ་དང་འབྲེལ་དུ་ཟིན་ཀྱང་དེ་དག་གི་སྤྱི་མ་ཡིན་ནོ། །སྤྱི་འཛིན་པར་བྱེད་པའི་ཤེས་པ་ཡང་
མེད་དེ། འདི་ལྟར་བློ་ནི་དེ་དག་གིས་བདག་ཉིད་ཁོ་ན་ཁྱད་པར་དེ་དག་གི་བདག་ཉིད་ཁོ་ན་ལ་འདི་གཉིས་ནི་ངོ་བོ་གཅིག་གོ་ཞེས་བསྲེ་ཞིང་སྤྱིའི་ཡུལ་ཅན་དུ་སྣང་ངོ་། །གཅིག་དང་འབྲེལ་པ་ཅན་དག་གི་ཞེས་བྱ་བ་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་འདི་དག་ནི་སྤྱི་གཅིག་དང་འབྲེལ་པ་ཅན་དག་ཡིན་
Vol. 176 · folio 58a
ནོ་ཞེས་བྱ་བར་སྣང་བ་ནི་མ་ཡིན་ཏེ། གལ་ཏེ་གཅིག་དང་འབྲེལ་བ་ཅན་དག་ཡིན་ནོ་ཞེས་བྱ་བར་འཛིན་པར་བྱེད་ན་ནི། དེའི་ཚེ་སྤྱིའི་བློས་སྤྱི་གཟུང་བར་འགྱུར་རོ། །འབྱུང་པོ་ལྟར་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་དཔེ་སྟེ། ཇི་ལྟར་འབྱུང་པོ་རྣམས་ཆིངས་མ་གཅིག་དང་
འབྲེལ་པ་ཡིན་ནོ་ཞེས་འཛིན་པ་དེ་ལྟ་བུར་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་བློས་ནི་སྤྱི་འབའ་ཞིག་པ་མཐོང་བ་ཁོ་ན་སྟེ། གསལ་བ་རྣམས་ལ་གཅིག་པ་ཉིད་དུ་འཛིན་པ་གང་ཡིན་པ་དེ་ནི་དེ་མཐོང་བའི་སྤྱི་མཐོང་བའི་འཁྲུལ་པ་ཡིན་ནོ་ཞེ་ན། དེ་མཐོང་ངོ་ཞེས་བྱ་བ་ག་ལས་བློ་དེ་སྤྱི་
མཐོང་བ་ཡིན་ནོ་ཞེས་བྱ་བ་ག་ལས་ངེས། གལ་ཏེ་འདི་ནི་གསལ་བ་རྣམས་ཀྱི་སྤྱི་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུར་སྤྱིའི་བློ་ཞིག་སྐྱེས་པར་གྱུར་ན་ནི། དེའི་ཚེ་དེ་མཐོང་བ་ཡིན་ནོ་ཞེས་བྱ་བར་ངེས་པར་འགྱུར་བ་ཞིག་ན། འདི་ལྟར་སྤྱིའི་བློ་ནི་དུས་ཐམས་ཅད་དུ་གསལ་བའི་བདག་ཉིད་ཁོ་ན་བསྲེ་བ་
ཡིན་པར་ཡིད་ཆེས་སོ། །འདི་ལ་ས་བོན་མེད་པ་ཡོད་པས་ན་ས་བོན་མེད་པ་ཅན་ནོ། །དེ་ནི་དེ་ལྟ་བུ་ཡང་ཡིན་ལ་འཁྲུལ་པ་ཡང་ཡིན་པས་ན་དེ་སྐད་བཤད་དོ། །གལ་ཏེ་དེ་མི་རུང་བའི་ཕྱིར་ཏེ། འཁྲུལ་པ་སྐྱེ་བ་ནི་རྒྱུ་མཚན་མེད་པ་ཅན་དུ་མི་རུང་ན། མ་འདྲེས་པ་རྣམས་བསྲེ་ཞིང་སྐྱེ་
བ་འདི་ཡང་འཁྲུལ་པ་ཡིན་པས་འདིའི་རྒྱུ་མཚན་ཞིག་ཡོད་པར་འགྱུར་ལ། རྒྱུ་མཚན་གང་ཡིན་པ་དེ་ནི་སྤྱི་ཡིན་ནོ་ཞེས་གང་དག་ལ་འབྲས་བུ་སྤྱིར་ཤེས་པ་དེ་གཅིག་ཡོད་པ་འབྲས་བུ་གཅིག་པ་ཅན་དེ་དག་འཁྲུལ་པའི་ས་བོན་ཡིན་ནོ། །དེ་དག་ཁོ་ན་ཞེས་བྱ་བ་ནི་ཁྱད་པར་རྣམས་ཏེ་འདི་ནི་
འོག་ནས་སྟོན་པར་འགྱུར་རོ། །སྤྱིའི་མཐུས་གསལ་བ་རྣམས་ལ་རྣམ་པ་གཅིག་པ་ཅན་གྱི་འཁྲུལ་པར་ཡང་རིགས་པ་མ་ཡིན་ཏེ། འདི་ལྟར་འཁྲུལ་པའི་རྒྱུ་ནི་འདྲ་བ་ཡིན་ནོ། །སྤྱི་ནི་གསལ་བ་དག་དང་མཚན་ཉིད་ཤིན་ཏུ་མི་འདྲ་བ་ཡང་ཡིན་ཏེ། དེ་ནི་ཁ་དོག་དང་། དབྱིབས་ཀྱི་
རྣམ་པ་མ་ཡིན་པའི་ཕྱིར་ལ་གསལ་བ་རྣམས་ནི་ཁ་དོག་དང་དབྱིབས་ཀྱི་རྣམ་པར་ངེས་པའི་ཕྱིར་རོ། །འོན་ཏེ་གཅིག་དང་འབྲེལ་པ་ཅན་དག་ཁོ་ན་ཡིན་པའི་ཕྱིར་འཁྲུལ་པའི་རྒྱུ་མཚན་མེད་པར་ཡང་རྣམ་པ་གཅིག་པ་ཅན་གྱི་འཁྲུལ་པའི་ཡུལ་དུ་འགྱུར་རོ་ཞེ་ན། དེའི་ཚེ་གྲངས་དང་
Vol. 176 · folio 58b
ལྡན་པ་དང་འབྲས་བུའི་རྫས་ཏེ། སོགས་པ་ཞེས་བྱ་བའི་སྒྲས་ནི་རྣམ་པར་དབྱེ་བ་ལ་སོགས་པ་བསྡུའོ། །གང་དག་ལ་དངོས་པོ་གཅིག་ཅིག་ཡོད་པ་དེ་དག་ནི་དེ་དང་ལྡན་པ་སྟེ་དེ་དག་ལའོ། །འབྱུང་པོ་ཆིངས་མ་གཅིག་པ་དག་ལ་ཡང་རྣམ་པ་གཅིག་པ་ཅན་གྱི་འཁྲུལ་པར་འགྱུར་བ་ཞིག་ན་མི་
འགྱུར་ཏེ། དེ་བས་ན་གྲངས་དང་ལྡན་པ་དང་འབྲས་བུའི་རྫས་ལ་སོགས་པ་དང་ལྡན་པ་དག་དང་འབྱུང་པོ་ལ་སོགས་པ་ལ་ཡང་འདྲ་བར་འཁྲུལ་པ་མེད་པའི་ཕྱིར། སྤྱི་གཅིག་དང་འབྲེལ་པའི་སྒོ་ནས་སྤྱི་དང་ལྡན་པ་རྣམས་ལ་འདྲ་བར་འཁྲུལ་པ་ནི་མ་ཡིན་ནོ། །དེ་བས་ན་ཞེས་བྱ་བ་ལ་
སོགས་པས་ནི་མཇུག་སྡུད་དེ། དེ་བས་ན་ཞེས་བྱ་བ་ནི་དེ་ལྟ་བས་ནའོ། །སྤྱི་ནི་ཇི་ལྟར་གསལ་བ་དག་དང་ཐ་དད་པར་འདོད་པ་དེ་ལྟར་སྤྱིའི་བློ་ལ་ཞེན་པ་མེད་པའི་ཕྱིར་ཏེ། སྣང་བ་མེད་པའི་ཕྱིར་སྤྱི་ནི་གཞན་མ་ཡིན་ནོ། །ཁས་བླངས་ནས་ཀྱང་བརྗོད་པར་བྱ་སྟེ། སྤྱི་ཡོད་དུ་ཆུག་ན་
ཡང་སྤྱི་དེ་ཡང་གསལ་བ་བཞིན་དུ་རང་གི་བདག་ཉིད་ལ་རང་གི་ངོ་བོ་ཉིད་ལ་རྣམ་པར་གནས་པའི་ཕྱིར། གསལ་བའི་ངོ་བོ་གཞན་དང་མ་འདྲེས་པ་ཡིན་ནོ། །གཞུང་འདིས་ནི་ཚིག་ལེའུར་བྱས་པའི་ཆ། རང་རང་ངོ་བོ་ལ་གནས་ཕྱིར། །ཞེས་དེ་སྐད་ཅེས་བྱ་བ་ལ་ཐུག་པའི་བར་རྣམ་
པར་བཤད་དོ། །དེ་ལྟ་བས་ན་ཞེས་བྱ་བ་ནི་རང་རང་གི་ངོ་བོ་ལ་གནས་པའི་ཕྱིར་རོ། །གཟུགས་ལ་སོགས་པའི་དངོས་པོ་ཐམས་ཅད་ནི་རིགས་མཐུན་པར་འདོད་པ་རྣམ་པ་མཐུན་པ་ཉིད་དུ་འདོད་པ་དང་གཞན་ལས་ཞེས་བྱ་བ་རིགས་མི་མཐུན་པ་ལས་ལོག་པ་ཡིན་ཏེ། ཐ་དད་པར་
གྱུར་པ་ཡིན་ནོ། །འདིས་ནི་མཐུན་དངོས་གཞན་གྱི་དངོས་དག་ལས་ཞེས་བྱ་བ་དེ་རྣམ་པར་བཀྲོལ་ཏོ། །ཅིའི་ཕྱིར་ལོག་ཅེ་ན། རང་གི་ངོ་བོ་རང་བཞིན་གྱིས་ངོ་བོ་གཅིག་པའི་ཕྱིར་ཏེ། རང་རང་གི་ངོ་བོ་ལ་གནས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གང་དང་གང་ལས་ཞེས་བྱ་
བ་ལ་སོགས་པས་ནི་ཚིག་ལེའུར་བྱས་པ་གཉིས་པའི་དོན་སྟོན་ཏེ། དངོས་པོ་རྣམས་གང་དང་གང་ལས་ཐ་དད་པ་དེ་དང་དེ་ལ་ཐ་དད་པ་སྟེ་ཤེས་པར་བྱ་བའི་ཕྱིར། ཐ་དད་པ་སོ་སོ་ལ་ཐ་སྙད་དུ་བྱས་ཤིང་བརྡར་བཏགས་པའི་སྒྲ་རྒྱུར་གྱུར་པ་དག་གིས་ངོ་བོ་ཉིད་ཐ་མི་དད་
Vol. 176 · folio 59a
ཀྱང་བྱས་པ་ཉིད་དང་མི་རྟག་པ་ཉིད་ལ་སོགས་པ་དང་ལྡན་པའི་ཆོས་དུ་མ་ཤེས་པར་བྱེད་ཀྱི་ཆོས་ཅན་གཅིག་ལ་ངོ་བོ་ཉིད་དུ་མ་ཡོད་པ་ནི་མ་ཡིན་ནོ། །འོ་ན་ཇི་ལྟར་ཆོས་དུ་མ་ཉིད་ཡིན་ཞེ་ན། དེ་དང་དེ་ལས་ཐ་དད་པ་རྒྱུར་བྱས་ནས་ཞེས་བྱ་བ་སྨོས་ཏེ། གང་དང་གང་ལས་ལོག་
པ་དེ་དང་དེ་ལས་ཐ་དད་པ་རྒྱུར་བྱས་ཤིང་བརྟེན་ནས་སོ། །ཐ་དད་པ་དེ་དང་དེ་བསྟན་པའི་ཕྱིར་ཏེ། ཐ་སྙད་དུ་བྱས་པའི་སྒྲ་གང་དང་གང་ཡིན་པ་དེ་དག་ཀྱང་རང་རང་གི་ཐ་དད་པ་རྗོད་པར་བྱེད་པ་ཉིད་དུ་ངེས་པ་ཡིན་ཏེ། དེ་བས་ན་སྒྲ་གཅིག་གིས་ཐ་དད་པ་ཐམས་ཅད་མི་འཕེལ་མོད་ཀྱི་འོན་ཀྱང་ཐ་
དད་པ་གཅིག་བརྗོད་པས། ལྡོག་པའི་ཐ་དད་པ་གང་ལ་ཐ་སྙད་དུ་བྱས་པ་དེ་བརྗོད་པས་དེའི་རང་གི་མཚན་ཉིད་དཔྱིས་ཕྱིན་པ་ཁོ་ནར་འགྱུར་ཏེ། ལྡོག་པའི་རྟེན་རང་གི་མཚན་ཉིད་གང་ཡིན་པ་དེ་དཔྱིས་ཕྱིན་པ་ཁོ་ན་སྟེ། དེ་རྟོགས་པའི་མཐར་ཐུག་པ་ཁོ་ནར་འགྱུར་རོ། །ཅིའི་ཕྱིར་
ཞེ་ན། དེ་གཅིག་ལས་ཀྱང་སྟེ། དེའི་རྒྱུ་ཅན་མ་ཡིན་པ་དང་། དེའི་འབྲས་བུ་ཅན་མ་ཡིན་པ་དེ་གཅིག་ལས་ཀྱང་དེ་ལོག་པས་དེའི་ཕྱིར་ཐ་དད་པ་ཡོད་པས་སོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་ཚིག་ལེའུར་བྱས་པ་གཉིས་པའི་དོན་སྟོན་ཏེ། གང་གི་ཕྱིར་རིགས་མཐུན་པ་དང་།
རིགས་མི་མཐུན་པ་ལས་ལོག་པ་དེའི་ཕྱིར། དངོས་པོ་གཅིག་ལ་གཞན་གྱི་ངོ་བོ་ཇི་སྙེད་པ་དེ་ལ་ལྟོས་ནས། གཞན་གྱི་ངོ་བོ་དག་ལས་ལྡོག་པ་དེ་སྙེད་ཡོད་དོ། །ཅིའི་ཕྱིར་ཞེ་ན། བརྗོད་པར་འདོད་པའི་ཆོས་ཅན་གང་ལ་དེ་ལ་མེད་པའི་ལྡོག་པའི་མཚམས་སུ་གྱུར་པའི་ཆོས་ཅན་ལ་མེད་པའི་རྒྱུ་དང་
འབྲས་བུ་ཡོད་པ་དེ་ནི་དེ་ལ་མེད་པའི་རྒྱུ་དང་འབྲས་བུ་ཅན། དེ་ནི་དེ་ལ་ཐ་དད་པའི་ཕྱིར་ཏེ། དེའི་རྒྱུ་ཅན་མ་ཡིན་པ་དང་། དེའི་འབྲས་བུ་ཅན་མ་ཡིན་པ་དེ་ལས་ཐ་དད་པའི་ཕྱིར་རོ། །ལྡོག་པ་ཇི་སྙེད་པ་དེའི་རྒྱུ་དང་འབྲས་བུ་ཅན་མ་ཡིན་པ་ཡོངས་སུ་སྤངས་པར་ཐ་སྙད་ཀྱི་དོན་ཅན་གྱི་སྒྲ་ཐ་དད་དུ་བྱས་པ་
དག་ཀྱང་དེ་སྙེད་དོ། །གང་ལ་བརྗོད་པར་འདོད་པ་དེའི་རྒྱུ་དང་འབྲས་བུ་ཡོད་པ་དེ་ནི་དེའི་རྒྱུ་དང་འབྲས་བུ་ཅན་ཏེ། དཔེར་ན་སྒྲ་ནི་རྒྱུ་བཙལ་བ་ཅན་དང་འབྲས་བུ་རྣ་བའི་རྣམ་པར་ཤེས་པ་ཅན་ཡིན་པ་ལྟ་བུའོ། །གང་ཞིག་དེ་ལྟ་བུ་མ་ཡིན་པ་དེ་ནི་དེའི་རྒྱུ་དང་འབྲས་བུ་ཅན་མ་ཡིན་པ་སྟེ། དེ་
Vol. 176 · folio 59b
ཡོངས་སུ་མ་སྤངས་པར་ཐ་སྙད་ཀྱི་དོན་ཅན་ཏེ། གང་དག་ལ་འབྲས་བུ་འཇུག་པ་དང་ལྡོག་པའི་མཚན་ཉིད་ཀྱི་དོན་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དཔེར་ན་སྒྲ་ནི་བཙལ་མ་ཐག་ཏུ་འབྱུང་བ་ཅན་དང་ཞེས་བྱ་བ་ལ་སོགས་པས་ནི་དཔེ་སྟོན་ཏོ། །གང་ལ་རྒྱུ་བཙལ་བ་ཡོད་པ་དེ་ནི། བཙལ་
མ་ཐག་ཏུ་འབྱུང་བ་ཅན་ཞེས་བྱ་བའོ། །དེས་ན་སྒྲ་བཙལ་མ་ཐག་ཏུ་འབྱུང་བ་ཅན་ནི་དེའི་རྒྱུ་ཅན་མ་ཡིན་པ་སྟེ། བཙལ་བའི་རྒྱུ་ཅན་མ་ཡིན་པ་གློག་ལ་སོགས་པ་ཡོངས་སུ་སྤངས་པའི་དོན་ཡིན་ནོ། །གང་ལ་འབྲས་བུ་རྣ་བའི་རྣམ་པར་ཤེས་པ་ཡོད་པ་དེ་ནི། ཉན་པ་ཅན་ཏེ། དེས་ན་སྒྲ་ཉན་པ་ཅན་ནི་དེའི་
འབྲས་བུ་མ་ཡིན་པ་ཅན་ཡོངས་སུ་སྤང་བའི་དོན་ཡིན་ནོ། །ཐ་སྙད་ཐམས་ཅད་ནི་དོན་བྱེད་པའི་རྒྱུ་མཚན་ཡིན་པའི་ཕྱིར་ལ། དོན་བྱེད་པ་ཡང་རྒྱུ་དང་འབྲས་བུའི་དངོས་པོའི་མཚན་ཉིད་ཡིན་པའི་ཕྱིར། བུམ་པ་ལ་སོགས་པའི་སྒྲ་ལ་ཡང་དེའི་རྒྱུ་དང་འབྲས་བུ་ཅན་མ་ཡིན་པ་ཡོངས་སུ་སྤངས་པའི་དོན་
སྦྱར་བར་བྱའོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་ཚིགས་སུ་བཅད་པ་གསུམ་པ་སྟོན་ཏོ། །གང་གི་ཕྱིར་ལྡོག་པའི་བྱེ་བྲག་དག་ཀྱང་ཐ་དད་ལ། མཉན་པ་དག་ཀྱང་ཐ་དད་པ་ལ་བདག་ཉིད་ཇི་ལྟ་བ་བཞིན་ངེས་པ་དེའི་ཕྱིར་ཆོས་ཅན་གཅིག་ལ་ངོ་བོ་ཉིད་ཐ་དད་པ་མེད་དུ་ཟིན་ཀྱང་ངོ་། །ཁྱད་
པར་ཞེས་བྱ་བ་འདི་ནི་རྣམ་པར་དབྱེ་བ་ནི་ཐ་དད་པ་གང་ཞིག་ཅེས་བྱ་བ་ཡིན་ཏེ། ལྡོག་པའི་ཐ་དད་པ་གང་ཞིག་གོ། །ཆོས་གང་གིས་ཞེས་བྱ་བ་འདིའི་རྣམ་པར་འགྲེལ་པ་ནི། མིང་ཞེས་བྱ་བ་འདི་ཡིན་ནོ། །སྒྲ་ཞེས་བྱ་བའི་དོན་ཏེ་བརྗོད་པར་འདོད་པའི་དབང་གིས་ཆོས་ཞེས་བྱ་བའི་སྒྲ་ནི་སྒྲ་ལ་བྱའོ། །
དེ་ནི་གཞན་གྱིས་བརྗོད་པར་འདོད་པའི་སྒྲ་དེ་ལས་གཞན་པའི་སྒྲས་གོ་བར་མི་ནུས་སོ། །དེ་ལྟ་བས་ན་མི་རྟག་པ་དང་བྱས་པ་ཞེས་བྱ་བའི་སྒྲ་དག་ཐ་དད་པའི་ཕྱིར། དམ་བཅས་པའི་དོན་གྱི་ཕྱོགས་གཅིག་གཏན་ཚིགས་མ་ཡིན་ནོ། །གཞན་གྱིས་ཡང་སྒྲ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ།
རྟགས་ཀྱང་སྒྲ་དང་འདྲ་བར་གཞན་རྣམ་པར་གཅོད་པས་རང་གི་བསྒྲུབ་པར་བྱ་བ་རྟོགས་པར་བྱེད་པའི་ཕྱིར་རྟགས་ཞེས་བྱ་བ་སྨོས་སོ། །སྒྲ་དང་རྟགས་ནི་སྒྲ་དང་རྟགས་དག་སྟེ་དེ་དག་གིས་རྣམ་པར་བཅད་པ་རྟོགས་པར་བྱེད་ཀྱི། རྣམ་པར་བཅད་པ་ལ་མི་ལྟོས་པའི་སྒྲུབ་པས་དངོས་པོའི་རང་གི་
Vol. 176 · folio 60a
ངོ་བོ་ཁོ་ན་རྟོགས་པར་བྱེད་པ་ནི་མ་ཡིན་ན་ཞེས་བྱ་བ་འདི་ཇི་ལྟར་ཤེས་ཏེ། རྣམ་པར་བཅད་པ་ནི་གཞན་བཟློག་པའོ། །ཚད་མ་གཞན་དང་ཞེས་བྱ་བ་ལ་སོགས་པས་ནི་ལན་འདེབས་ཏེ། ཆོས་ཅན་མངོན་སུམ་གྱིས་རྟོགས་ཀྱང་མི་རྟག་པ་ཉིད་ལ་སོགས་པ་བདག་ཉིད་ཇི་ལྟ་བ་བཞིན་
བསྒྲུབ་པའི་ཕྱིར་ཚད་མ་གཞན་གྱི་རྗེས་སུ་དཔག་པ་འཇུག་གོ། །དེ་བཞིན་དུ་ཆོས་ཅན་རོ་ལ་སོགས་པ་རྟོགས་ཀྱང་ཆོས་མ་གྲགས་པའི་ཁྱད་པར་རྟོགས་པར་བྱ་བའི་ཕྱིར། སྒྲ་གཞན་རོ་མངར་རོ། །གྲང་ངོ་། །འཇམ་མོ། །ལྕིའོ་ཞེས་བྱ་བ་འཇུག་གོ། །གལ་ཏེ་རྟགས་ཀྱིས་ཀྱང་སྒྲུབ་པས་དངོས་
པོ་ཁོ་ན་རྟོགས་པར་བྱེད་ན་ནི་དེའི་ཚེ་མངོན་སུམ་གྱི་དངོས་པོ་ཆ་ཤས་མེད་པའི་རྣམ་པ་ཐམས་ཅད་ཀྱང་གཟུང་བའི་ཕྱིར། དེ་ལ་གང་ཞིག་རྟོགས་པར་བྱ་བའི་ཕྱིར། ཚད་མ་གཞན་རྗེས་སུ་དཔག་པ་འཇུག་པར་འགྱུར་བ་དངོས་པོའི་ཆ་ཤས་མ་བཟུང་བ་གཞན་ཅི་ཞིག་ཡོད། དེ་བཞིན་དུ་སྒྲ་གཞན་
ཡང་མ་གྲགས་པ་རྟོགས་པར་བྱ་བའི་ཕྱིར་སྦྱོར་བར་མི་འགྱུར་ཏེ། ཚད་མ་དང་སྒྲ་དང་པོ་ཁོ་ནས་བསྒྲུབ་པས་ཐམས་ཅད་རྟོགས་པའི་ཕྱིར་རོ། །གང་གི་ཚེ་ཆོས་གཞན་སྒྲོ་འདོགས་པ་རྣམ་པར་བཅད་པའི་ཕྱིར་ཚད་མ་གཞན་དང་སྒྲ་གཞན་འཇུག་པ་དེའི་ཚེ་ནི་ཚད་མ་གཅིག་གིས་སྒྲོ་
འདོགས་པ་གང་ཞིག་གསལ་བ་མ་བྱས་པ་དེ་བསལ་བའི་ཕྱིར་ཚད་མ་གཞན་དང་སྒྲ་གཞན་འཇུག་པར་འགྱུར་རོ། །དེ་བས་ན་ཚད་མ་གཞན་དང་སྒྲ་གཞན་འཇུག་པའི་ཕྱིར། སྒྲ་དང་རྟགས་དག་གིས་གཞན་རྣམ་པར་བཅད་པ་རྟོགས་པར་བྱེད་དོ། །དེ་ཉིད་བསྟན་པའི་ཕྱིར་འདི་ལྟར་
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་གྱི་རང་གི་ངོ་བོ་ནི་དོན་གྱི་བདག་ཉིད་དོ། །གཅིག་ནི་ཆ་ཤས་མེད་པ་སྟེ་བདག་ཉིད་རང་གི་ངོ་བོས་མངོན་སུམ་ཡིན་པ་ལ་རྗེས་སུ་དཔག་པ་ཞེས་བྱ་བའི་ཚད་མ་རྣམས་ཀྱིས་བརྟག་པར་བྱ་བ་གང་ཡིན་པ་མ་མཐོང་ཆ་གཞན་པ་ཅི་ཞིག་ཡོད་མངོན་སུམ་
དུ་མཐོང་བའི་ངོ་བོ་ཉིད་ལས་གཞན་པ་མ་མཐོང་བའི་ངོ་བོ་ཉིད་གཞན་ཅི་ཞིག་ཡོད་དེ། ངོ་བོ་ཉིད་ལ་ཆ་ཤས་མེད་པའི་ཕྱིར་ཐམས་ཅད་མཐོང་བ་ཁོ་ན་ཡིན་ནོ། །དེ་ལྟ་བས་ན་ཚད་མ་གཞན་གྱིས་བརྟག་པར་བྱ་བ་མ་ཡིན་པར་འགྱུར་རོ། །ཚད་མ་རྣམས་ཀྱིས་ཞེས་བྱ་བ་ནི་གསལ་བའི་བྱེ་བྲག་གིས་མང་བའི་ཚིག་ཏུ་
Vol. 176 · folio 60b
བྱས་པ་ཡིན་ནོ། །དོན་གྱི་བདག་ཉིད་གཅིག་པ་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་འགྲེལ་ཏེ། དོན་གྱི་བདག་ཉིད་གཅིག་པ་ནི་ཆ་ཤས་མེད་པའོ། །གང་ལ་རྗེས་སུ་དཔག་པ་འཇུག་པ་དེ་ནི་རེ་ཞིག་མངོན་སུམ་པ་ཡིན་པར་ཁས་བླངས་དགོས་སོ། །ཅིའི་ཕྱིར་ཞེ་ན། སྔར་ཚད་མས་ཆོས་ཅན་
མ་གྲུབ་ན་སྒྲུབ་པ་མི་སྲིད་པའི་ཕྱིར་ཏེ། གཞི་མ་གྲུབ་པ་ཉིད་ཀྱིས་རྟགས་མི་སྲིད་པའི་ཕྱིར་རོ། །དེ་ལྟ་བས་ན་ཆོས་ཅན་རབ་ཏུ་གྲུབ་པ་དགོས་ཏེ། དཔེར་ན་སྒྲ་མི་རྟག་པར་བསྒྲུབ་པར་བྱ་བ་ལ་སྒྲ་མངོན་སུམ་གྱིས་གྲུབ་པ་ལྟ་བུ་སྟེ། དེའི་ཕྱིར་རང་གི་ངོ་བོ་མངོན་སུམ་ཁོ་ནས་གྲུབ་པའི་ཕྱིར། རྣམ་
པ་ཐམས་ཅད་འགྲུབ་པོ། །ཅིའི་ཕྱིར་ཞེ་ན། དེ་ལས་གཞན་པ་སྒྲ་སྒྲུབ་པའི་ངོ་བོ་ཉིད་ལས་གཞན་པ་མ་གྲུབ་པའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །འོན་ཏེ་མ་གྲུབ་པའི་ངོ་བོ་ཉིད་གཅིག་ཡོད་ན་ནི་གྲུབ་པ་དང་མ་གྲུབ་པ་དག་ངོ་བོ་ཉིད་གཅིག་པ་ཉིད་དུ་འགལ་བའི་ཕྱིར་དེའི་ངོ་བོ་ཉིད་མ་
ཡིན་ཏེ། སྒྲའི་ངོ་བོ་ཉིད་མ་ཡིན་ནོ། །དེ་ཉིད་གང་ཞིག་གང་དང་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། གྲུབ་པ་ནི་ཆོས་མ་ཐོབ་པ་ལས་འབྲེལ་པའོ། །བདེ་བ་ནི་ཐོབ་པ་རྗེས་སུ་འཇུག་པའོ། །གང་ལ་གྲུབ་པ་དང་བདེ་བ་གཅིག་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཆོས་ཉིད་མཚུངས་པ་
ཞེས་བྱ་བའི་ཐ་ཚིག་གོ། །ངོ་བོ་ཉིད་གང་ཞིག་གང་དང་ལྷན་ཅིག་གྲུབ་པ་དང་བདེ་བ་གཅིག་པ་ཅན་མ་ཡིན་ཞིང་གྲུབ་པ་དང་བདེ་བ་ཐ་དད་པ་ཅན་དེ་ནི་དེའི་ངོ་བོ་ཉིད་ཡིན་པར་གང་དང་གྲུབ་པ་དང་བདེ་བ་ཐ་དད་པ་དེའི་ངོ་བོ་ཉིད་ཡིན་པར་རིགས་པ་མ་ཡིན་ཞེས་བྱ་བར་སྦྱར་ཏེ། ཐ་དད་
པའི་ཐ་སྙད་ཐ་དད་པ་ཉིད་དུ་རྣམ་པར་གཞག་པའི་རྒྱུ་ནི་དེ་ཙམ་དུ་ཟད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་ཐ་དད་པའི་རྒྱུ་འདི་མི་འདོད་ན་དེའི་ཚེ་ཐ་དད་པའི་ཐ་སྙད་མེད་པར་ཐལ་བར་འགྱུར་རོ་ཞེས་ཐ་དད་པའམ། རྒྱུ་ཐ་དད་པ་ནི་འདི་ཞེས་བྱ་བའི་སྐབས་སུ་
བཤད་ཟིན་ཏོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་ཆོས་ཅན་སྒྲ་ལ་སོགས་པ་མངོན་སུམ་པ་ལ་དེའི་ངོ་བོ་ཉིད་མཐའ་དག་ཡོངས་སུ་གཅད་པའི་ཕྱིར་ཆོས་ཅན་དེ་ལ་ཚད་མ་གཞན་རྗེས་སུ་དཔག་པ་འཇུག་པའི་གོ་སྐབས་མེད་ཅིང་ཡུལ་མེད་དོ། །གལ་ཏེ་ཁྱོད་ལ་ཡང་
Vol. 176 · folio 61a
ཉེས་པ་མཚུངས་སོ་ཞེ་ན། གཟུགས་ཆོས་མཐུན་པ་མཐོང་བ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉ་ཕྱིས་ལ་དངུལ་གྱི་རྣམ་པ་ལྟ་བུར་སྦྱོར་བར་མི་བྱེད་ན་སྟེ། ལྟར་ཞེས་བྱ་བའི་སྒྲ་ནི་ལྟ་བུར་ཞེས་བྱ་བའི་དོན་ཡིན་ནོ། །ཇི་ལྟར་ཞེ་ན། དངུལ་གྱི་གཟུགས་དང་ཉ་ཕྱིས་
ཀྱི་གཟུགས་ཆོས་མཐུན་པ་གང་ཡིན་པ་དེ་མཐོང་བ་ལས་ཏེ། ཉ་ཕྱིས་ཀྱི་གཟུགས་ཁྱད་པར་ངེས་པར་མ་ཟིན་པ་ཁོ་ན་འདྲ་བར་ཤེས་པའི་རྒྱུ་ཡིན་པའི་ཕྱིར་གཟུགས་ཀྱི་ཆོས་མཐུན་པ་ཉིད་དུ་བཤད་ཀྱི། ཆོས་མཐུན་པ་ཞེས་བྱ་བ་ནི་ཅུང་ཟད་ཀྱང་མེད་དོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་འཁྲུལ་པའི་
རྒྱུ་མཚན་འདྲ་བ་གཞན་འབྱུང་བ་ལ་སོགས་པའི་རྒྱུས་རྣམ་པར་རྟོག་པའི་བློས་ཡོན་ཏན་གཞན་བརྟན་པ་ཉིད་ལ་སོགས་པ་སྦྱོར་བར་མི་བྱེད་ཅིང་སྒྲོ་འདོགས་པར་མི་བྱེད་ནའོ། །འདི་སྐད་དུ་གལ་ཏེ་འཁྲུལ་པའི་རྒྱུ་མཚན་གྱིས་ཡོན་ཏན་གཞན་སྦྱོར་བར་མི་བྱེད་ན་ནི་ཁོ་བོ་ལ་ཡང་ཉེས་པར་འགྱུར་བ་ཞིག་ན།
འོན་ཀྱང་སྒྲོ་འདོགས་པར་བྱེད་དེ། དེ་བས་ན་སྒྲོ་འདོགས་པ་རྣམ་པར་བཅད་པའི་ཕྱིར་གཞན་སེལ་བར་སྨྲ་བ་ལྟར་ཚད་མ་གཞན་འཇུག་གོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་ན་རྣམ་པར་འགྲེལ་ཏེ། གང་ལ་དེ་ཁོ་ན་ཉིད་རང་གི་ངོ་བོ་ཐམས་ཅད་མཐོང་བ་ཡོད་པ་ཞེས་ཚིག་རྣམ་པར་
སྦྱར་ཏེ། ཇི་ལྟར་ཉ་ཕྱིས་གཟུགས་ཁྱད་པར་ཅན་དུ་གཟུང་བ་ལ་ཡང་དཀར་པོའི་ཆོས་མཐུན་པས་དངུལ་གྱི་རྣམ་པ་སྦྱོར་བར་བྱེད་པ་དེ་ལྟར་ངེས་པའི་གེགས་སུ་གྱུར་པ་ཇི་ལྟར་མཐོང་བ་ངེས་པའི་གེགས་བྱེད་པ་འཁྲུལ་པའི་རྒྱུ་མཚན་འདྲ་བ་གཞན་འབྱུང་བ་ལ་སོགས་པའི་མཚན་ཉིད་ཀྱི་ཡོན་
ཏན་གཞན་བསྟན་པ་ཉིད་ལ་སོགས་པ་སྦྱོར་བར་མི་བྱེད་ཅིང་སྒྲོ་འདོགས་པར་མི་བྱེད་ནའོ། །གལ་ཏེ་ཉ་ཕྱིས་ལ་གཟུགས་ཁྱད་པར་ཅན་བཟུང་ནས་དངུལ་ལོ་ཞེས་སྒྲོ་འདོགས་པ་ནི་མ་ཡིན་གྱི། འོན་ཀྱང་ཉ་ཕྱིས་ལ་དངུལ་གྱི་གཟུགས་ཀྱི་སྤྱི་གང་ཡིན་པ་དེ་མཐོང་ནས་སོ་སྙམ་དུ་སེམས་ན། དེའི་ཕྱིར་
ཉ་ཕྱིས་ལ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉ་ཕྱིས་ལ་ནི་དངུལ་དང་མཚུངས་པ་དང་ཁྱད་པར་ཅན་ཐུན་མོང་མ་ཡིན་པ་དང་། ངོ་བོ་གཉིས་ཡོད་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ལྟར་སྤྱི་དང་ཁྱད་པར་གྱི་ངོ་བོར་འདྲེན་མར་སྣང་བར་རྟོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །
Vol. 176 · folio 61b
བྱེ་བྲག་ཏུ་མ་རྟོགས་ན་ནི་ཞེས་བྱ་བ་ནི་འདི་ནི་སྤྱིའོ། །འདི་ནི་ཁྱད་པར་རོ་ཞེས་དེ་ལྟར་བྱེ་བྲག་ཏུ་རྣམ་པར་དབྱེ་བར་མི་རྟོགས་ན་ནི་གཉིས་ཉིད་དུ་བརྟགས་པ་མི་རུང་བའི་ཕྱིར་ཏེ། དངུལ་ལ་ངོ་བོ་གཉིས་ཡོད་དོ་ཞེས་བརྟགས་པ་མི་རུང་བའི་ཕྱིར་རོ། །སྣང་བ་ཐ་དད་པ་མེད་ན་གཉིས་ཉིད་དུ་བརྟགས་པ་ཧ་
ཅང་ཐལ་བར་འགྱུར་བའི་ཡང་ཕྱིར་ཏེ། གཅིག་པ་ཉིད་དུ་འདོད་པ་གཞན་ལ་ཡང་གཉིས་ཉིད་དུ་བརྟགས་པར་འགྱུར་རོ། །དེ་ལྟ་བས་ན་ཉ་ཕྱིས་ལ་ངོ་བོ་གཉིས་མི་རུང་བའི་ཕྱིར་ཉ་ཕྱིས་ཀྱི་གཟུགས་མཐོང་བའི་སྐྱེས་བུས་ཁྱད་པར་ཁོ་ན་རང་གི་མཚན་ཉིད་ཁོ་ན་མཐོང་གི་སྤྱི་ནི་མ་ཡིན་ནོ། །ངེས་
པའི་རྐྱེན་ནི་གོམས་པ་ལ་སོགས་པ་སྟེ། དེ་དག་མ་ཚང་བའི་ཕྱིར་ཉ་ཕྱིས་ཀྱི་གཟུགས་ཀྱི་ཁྱད་པར་གཏན་ལ་མ་ཕེབས་པས་དེ་སྤྱི་དངུལ་གྱི་གཟུགས་ཀྱི་སྤྱི་མཐོང་ངོ་སྙམ་དུ་རློམ་པར་བྱེད་དོ། །དེའི་ཕྱིར་ཞེས་བྱ་བ་ནི་དངུལ་གྱི་གཟུགས་ཀྱི་སྤྱི་འཛིན་པར་མངོན་པའི་ང་རྒྱལ་བྱེད་པའི་ཕྱིར་ལྟ་བ་
པོ་འདི་ཉ་ཕྱིས་ལ་དངུལ་དུ་སྒྲོ་འདོགས་ཤིང་། ཇི་ལྟར་ཉ་ཕྱིས་ལ་དངུལ་དུ་སྒྲོ་འདོགས་པ་དེ་ལྟར་ཆོས་ཅན་སྒྲ་ལ་སོགས་པ་མཐོང་བ་ལ་འཁྲུལ་པའི་རྒྱུ་མཚན་འདྲ་བ་གཞན་སྐྱེ་བས། སྐད་ཅིག་མ་འདྲ་བ་གཉིས་པ་སྐྱེ་བས་སྐད་ཅིག་མ་སྔ་ཕྱི་དག་ཐ་དད་པ་ཉིད་དུ་མ་འཕྲིགས་པའི་སྐྱེས་བུ་
དེའི་ངོ་བོར་སྒྲོ་བཏགས་པའི་ཕྱིར། སྐད་ཅིག་མ་སྔ་མ་དེས་ཀྱང་ཕྱིས་ཀྱང་ངོ་བོར་སྒྲོ་བཏགས་ཤིང་ཡོད་པར་སྒྲོ་བཏགས་པའི་ཕྱིར་གནས་པར་འཁྲུལ་ལོ། །དེ་ལྟ་བས་ན་སྒྲ་ལ་སོགས་པ་སྐད་ཅིག་མ་དང་བདག་མེད་པ་ལ་སོགས་པའི་ངོ་བོ་ཉིད་འདི་ལ་གཞན་གྱི་དངོས་པོ་བརྟན་པ་ཉིད་ལ་
སོགས་པ་ཇི་སྙེད་པ་རང་གི་རྒྱུ་མཚན་ཇི་ལྟ་བ་ལས་འབྱུང་བའི་སྟེ། གཞན་ཞིག་གང་གི་རྒྱུ་མཚན་དུ་འཚམ་པ་ལས་འབྱུང་བའི་སྒྲོ་འདོགས་པར་ཡང་དེ་སྙེད་ཁོ་ན་ཡིན་པས་དེ་རྣམ་པར་གཅོད་པར་བྱེད་པ། སྒྲོ་འདོགས་པ་དེ་རྣམ་པར་གཅོད་པར་བྱེད་པའི་ཚད་མ་རྣམས་འབྱུང་ཞིང་སྐྱེ་བའི་འབྲས་
བུ་དང་བཅས་པར་འགྱུར་ཏེ། དོན་དང་བཅས་པར་འགྱུར་རོ། །ཚད་མ་རྣམས་ཞེས་བྱ་བ་ནི་གསལ་བའི་བྱེ་བྲག་གིས་མང་པོའི་ཚིག་ཏུ་སྨོས་པ་ཡིན་ནོ། །རྣམ་པར་གཅོད་པའི་འབྲས་བུ་ཅན་སྒྲོ་འདོགས་པ་འགོག་པའི་འབྲས་བུ་ཅན་གྱི་ཚད་མ་དེ་དག་ནི་དངོས་པོའི་ཆ་ཤས་དངོས་
Vol. 176 · folio 62a
པོའི་ཆ་མ་རྟོགས་པ་རྟོགས་པར་བྱ་བ་རབ་ཏུ་གསལ་བར་བྱ་བའི་ཕྱིར། འཇུག་པ་མ་ཡིན་ཏེ་ཆོས་ཅན་བལྟར་རུང་བ་ཆ་ཤས་མེད་པ་ལ་དངོས་པོའི་ཆ་ཤས་དེ་ནི་མཐོང་ཟིན་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། ཆ་ཤས་མེད་པ་ལ་ཕྱོགས་གཅིག་མཐོང་བ་མི་རུང་བའི་ཕྱིར་རོ། །
གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་དངོས་པོ་མངོན་སུམ་གྱིས་མཐོང་བའི་ཡོན་ཏན་མཐའ་དག་སྟེ་ངོ་བོ་ཉིད་རིལ་མཐོང་བ་ཉིད་དོ། །འོན་ཀྱང་འཁྲུལ་པའི་རྒྱུ་ངེས་པར་མི་བྱེད་པའི་ཕྱིར། བསྒྲུབ་པ་ཞེས་བྱ་བ་འཁྲུལ་པ་སེལ་བར་བྱེད་པའི་རྗེས་སུ་དཔག་པ་རབ་ཏུ་འཇུག་པ་ཡིན། རྗེས་སུ་དཔག་
པ་ལས་ཞེས་བྱ་བ་ལ་སོགས་པ་ལས་ཀྱང་ཞེས་བྱ་བ་ནི་མངོན་སུམ་ལ་ལྟོས་ནས་བསྡུ་བའི་དོན་ཡིན་ཏེ། རྗེས་སུ་དཔག་པའི་གཏན་ཚིགས་ཀྱང་བསྒྲུབ་པའི་ངོ་བོར་དངོས་པོ་འཛིན་པར་ཁས་ལེན་ན། མེ་ལ་སོགས་པ་ཆོས་ཅན་གྱི་ཆོས་གཅིག་ངེས་པར་གྱུར་པས། ཆོས་ཅན་ལ་ཆ་ཤས་མེད་
པའི་ཕྱིར་ཆོས་ཀུན་འཛིན་ཏེ། དེ་ལྟ་ཡིན་ན་ཚད་མ་གཞན་དོན་མེད་དོ་སྙམ་དུ་བསམས་པ་ཡིན་ནོ། །སེལ་བའི་སྒྲོ་འདོགས་པ་རྣམ་པར་གཅོད་པ་སྟེ། དེ་རྗེས་སུ་དཔག་པས་རྟོགས་པར་བྱེད་པ་ཁས་ལེན་ན་བཤད་མ་ཐག་པའི་ཉེས་པ་འདིར་ཐལ་བར་མི་འགྱུར་རོ། །འགའ་ཞིག་
ཅེས་བྱ་བ་ལ་སོགས་པས་ནི་རྣམ་པར་འགྲེལ་པ་ཡིན་ནོ། །ཆོས་ཅན་འགའ་ཞིག་མངོན་སུམ་གྱིས་མཐོང་བ་ལ་ཞེས་བྱ་བར་སྦྱར་ཏེ། མངོན་སུམ་དུ་མཐོང་བའི་ཆོས་ཅན་འགའ་ཞིག་ཅེས་བྱ་བའི་ཐ་ཚིག་གོ། །ཆོས་ཅན་ཐམས་ཅད་མངོན་སུམ་དུ་མི་འགྱུར་བ་འགའ་ཞིག་ལ་ཞེས་བྱ་བ་སྨོས་ཏེ།
བཤད་མ་ཐག་པའི་ཚུལ་གྱིས་ཚད་མ་གཞན་མི་འཇུག་པའོ། །གང་གི་ཚེ་རྗེས་སུ་དཔག་པས་ཀྱང་བསྒྲུབ་པས། མེ་ལ་སོགས་པའི་དངོས་པོ་རྟོགས་པར་བྱེད་དོ་ཞེས་བྱ་བར་འདོད་ཀྱི། སྒྲོ་འདོགས་པ་རྣམ་པར་གཅོད་པར་བྱེད་པ་ནི་མ་ཡིན་པའོ། །དེའི་ཚེ་ཞེས་བྱ་བ་ནི་བསྒྲུབ་པའི་
ཚུལ་གྱིས་ཤེས་པར་བྱེད་པའི་ཚེ། ཆོས་གཅིག་ངེས་ན་དེ་དང་ཐ་མི་དད་པའི་ཕྱིར་ངེས་པའི་ཆོས་དང་ཐ་མི་དད་པའི་ཕྱིར་ཆོས་ཐམས་ཅད་ངེས་པས་ཚད་མ་གཞན་མི་འཇུག་སྟེ། རྗེས་སུ་དཔག་པ་གཞན་མི་འཇུག་གོ། །གལ་ཏེ་ཐ་མི་དད་པ་ཡིན་དུ་ཟིན་ཀྱང་ཆོས་ཐམས་ཅད་ངེས་པ་ནི་
Vol. 176 · folio 62b
མ་ཡིན་ནོ་ཞེ་ན། དེ་ངེས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཞེས་བྱ་བ་ནི་རྗེས་སུ་དཔག་པ་དང་པོས་ངེས་པའི་ཆོས་ཏེ། དེའི་བདག་ཉིད་ཅེས་བྱ་བ་ངེས་པའི་ཆོས་ཀྱི་བདག་ཉིད་ཡིན་པས། མ་ངེས་པ་ནི་རིགས་པ་མ་ཡིན་ནོ། །སེལ་བ་ལ་ཉེས་པ་འདི་ནི་ཐལ་བར་མི་འགྱུར་ཞེས་བྱ་བ་
འདིའི་རྣམ་པར་འགྲེལ་པ་ནི། གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཚེ་ན་རྗེས་སུ་དཔག་པ་གཅིག་གིས་སྒྲོ་འདོགས་པ་གཅིག་རྣམ་པར་གཅད་པས་སྒྲོ་འདོགས་པ་གཞན་རྣམ་པར་གཅད་པ་བྱས་པ་མ་ཡིན་པའི་ཕྱིར། དེའི་དོན་དུ་སྒྲོ་འདོགས་པ་གཞན་རྣམ་པར་གཅད་པའི་དོན་
དུའོ། །གཞན་ཞེས་བྱ་བ་ནི་རྗེས་སུ་དཔག་པ་བཞིན་ནོ། །གཞན་གྱིས་མ་རྟོགས་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྔར་དེ་ལས་བཟློག་པའི་རྣམ་པར་སྒྲོ་འདོགས་པའི་ཕྱིན་ཅི་ལོག་འཇུག་པ་ལ་ཕྱིས་དེར་ཕྱིན་ཅི་ལོག་སྔོན་དུ་འགྲོ་བ་ཅན་གྱི་དོན་མི་ཤེས་པ་རྟགས་ལས་ངེས་པར་འགྱུར་རོ་
ཞེས་བྱ་བའི་ངེས་པ་འདི་ནི་མེད་དེ། ཕྱིན་ཅི་ལོག་དང་བྲལ་བ་ལ་ཡང་རྗེས་སུ་དཔག་པ་སྲིད་པའི་ཕྱིར་རོ། །དེ་ཉིད་དཔེར་ན་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དུ་བ་གློ་བུར་བ་ལས་ཞེས་བྱ་བ་ནི་ཕྱོགས་འགའ་ཞིག་ན་མ་བསམས་པ་ལས་དུ་བ་གློ་བུར་དུ་བྱུང་བ་ལས་མེ་རྟོགས་པ་ལྟ་བུའོ། །
དེ་ལ་ནི་ཞེས་བྱ་བ་ནི་གློ་བུར་བ་ལས་མེ་རྟོགས་པ་ལས་མེ་མ་ཡིན་པར་སྒྲོ་འདོགས་པ་མི་སྲིད་དོ། །དེ་བས་ན་ཞེས་བྱ་བ་ནི་དེ་ལྟ་བས་ན་རྗེས་སུ་དཔག་པས་ཐམས་ཅད་ལ་རྣམ་པར་གཅོད་པར་བྱེད་པ་ནི་མ་ཡིན་ནོ་ཞེ་ན། སློབ་དཔོན་གྱིས་འདི་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྗེས་སུ་དཔག་པ་བསྒྲུབ་
པའི་ཚུལ་དུ་འཇུག་པ་འདི་ལ་ལན་བཤད་ཟིན་ཏེ། མངོན་སུམ་གྱིས་ཆོས་ཅན་རྟོགས་ན། དེའི་ཆོས་རྣམས་ཆོས་ཅན་ལས་ཐ་མི་དད་པའི་ཕྱིར་ཐམས་ཅད་རྟོགས་པར་འགྱུར་བས་རྗེས་སུ་དཔག་པ་དོན་མེད་དོ་ཞེས་བྱ་བ་དང་འོན་ཏེ་ཆོས་ཅན་ལས་ཆོས་ཐ་དད་པར་ཁས་ལེན་ན་ནི་ཐ་དད་པར་ཁས་
བླངས་པའི་ཕྱིར་ཆོས་ཅན་དང་ལྷན་ཅིག་དེའི་བདག་ཉིད་ཀྱི་མཚན་ཉིད་ཀྱི་འབྲེལ་པ་མ་ཡིན་ནོ། །མི་རྟག་པ་ཉིད་ལ་སོགས་པ་ཡང་ཆོས་ཅན་གྱི་རང་གི་ངོ་བོ་ལས་འབྱུང་བ་ཡང་མ་ཡིན་ལ། ཆོས་ཅན་ཡང་མི་རྟག་པ་ཉིད་ལ་སོགས་པ་ལས་འབྱུང་བ་ཡང་མ་ཡིན་ནོ། །དེ་བས་ན་
Vol. 176 · folio 63a
ཆོས་མ་འབྲེལ་པ་ནི་ཆོས་ཅན་དེ་ལ་རྟོགས་པ་མེད་དོ་ཞེས་བྱ་བ་འདི་ཡང་རྒྱུ་དང་འབྲས་བུར་མ་གྱུར་པ་ནི་དེ་ལ་རྗེས་སུ་དཔག་པ་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བའི་བར་སྐབས་དེར་བཤད་ཟིན་ཏོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་དུ་བ་གློ་བུར་དུ་མཐོང་བ་ལས་མེ་རྟོགས་པ་དེ་
ལ་ཡང་དེ་མཐོང་བ་ལ་ཕྱོགས་མཐོང་བའི་སྐྱེས་བུ་ལ་དེའི་རང་གི་ངོ་བོ་མ་ངེས་པ་མེ་དང་ལྡན་པའི་རང་བཞིན་གྱི་ངོ་བོ་མ་ངེས་པ་ནི་ཡོད་པ་ཁོ་ནའོ། །མ་ངེས་པ་དེ་ཡང་ག་ལས་ཤེ་ན། ཕྱིན་ཅི་ལོག་ཁོ་ན་ལས་ཡིན་ཏེ། མེ་དང་ལྡན་པ་མ་ཡིན་པའི་ས་ཕྱོགས་དང་འདྲ་བ་ཉིད་དུ་འཛིན་པ་ཁོ་
ནས་ཡིན་ནོ། །དེ་ཉིད་དེ་ཡང་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དེ་ཡང་ཞེས་བྱ་བ་ནི་སྐྱེས་བུའོ། །ཕྱོགས་དེ་མེ་དང་ལྡན་པ་ཡིན་ཡང་བློ་ཇི་ལྟ་བུ་ཞིག་གིས་ཤེ་ན། མེ་དང་ལྡན་པར་འཛིན་པ་དང་བྲལ་བས་ཏེ། མེ་དང་ལྡན་པར་སེམས་པ་མེད་པ་དེས་དབེན་པ་ཞེས་བྱ་བ་མེས་དབེན་པ་
སྟེ་ངོས་དབེན་པའི་ངོ་བོར་ངེས་པ་བྱེད་པ་ན། དེ་མ་ཡིན་པ་ལ་དེར་འཛིན་པའི་ཕྱིར་ཇི་ལྟར་ཕྱིན་ཅི་ལོག་པ་མ་ཡིན་ཕྱིན་ཅི་ལོག་པ་ཁོ་ན་ཡིན་ཏེ། འདི་ལྟར་ཇི་སྲིད་དུ་ས་ཕྱོགས་དེར་དུ་བ་མ་མཐོང་བ་དེ་སྲིད་དུ། དེ་ཡང་མེ་མེད་པའི་ས་ཕྱོགས་གཞན་དང་འདྲ་བར་འཛིན་ཏོ། །རྗེས་སུ་དཔག་
པར་བྱ་བ་འགའ་ཞིག་ལ། ཕྱིན་ཅི་ལོག་གི་ཤེས་པ་མེད་དུ་ཟིན་ཀྱང་འོན་ཀྱང་དེ་ལ་ཐེ་ཚོམ་ཡོད་པར་འགྱུར་ལ་ཐེ་ཚོམ་ཡང་གཉི་གའི་ཆ་ལ་བརྟེན་པ་ཡིན་པས། ཕྱོགས་ལ་དེར་འཁྲུལ་པ་ལ་རེག་པར་འགྱུར་རོ། །དེའི་ཕྱིར་ཐེ་ཚོམ་བསལ་བ་ལ་ཡང་རྟགས་ཀྱིས་རྣམ་པར་གཅད་
པར་བྱ་བ་ཁོ་ན་ཡིན་ནོ། །རྟགས་ཁོ་ནས་རྗེས་སུ་དཔག་པར་བྱ་བ་རྟོགས་པར་བྱེད་པ་ནི་རྗེས་སུ་དཔག་པར་བྱ་བ་དེ་ལ་གདོན་མི་ཟ་བར་ཕྱིན་ཅི་ལོག་དང་། ཐེ་ཚོམ་དག་དང་ལྡན་པར་འགྱུར་ཏེ། འདི་ལྟར་དེའི་རྣམ་པར་སྒྲོ་འདོགས་པ་དང་། ཐེ་ཚོམ་དང་བྲལ་བར་མེའི་རྣམ་པར་སྒྲོ་འདོགས་
པ་དང་། ཐེ་ཚོམ་དང་བྲལ་བའི་སྐྱེས་བུ་ནི་དེ་རྟོགས་པར་བྱ་བ་ལ་རྟགས་ཀྱི་རྗེས་སུ་འབྲང་བར་ཡང་མི་བྱེད་དེ་ཕྱོགས་ཀྱི་ཆོས་ལ་བརྟེན་པར་མི་བྱེད་ལ། དེ་བཞིན་དུ་རྟགས་དེའི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལ་གུས་པར་ཡང་མི་བྱེད་པ་ཞིག་ན། འདི་ལྟར་རྗེས་སུ་འབྲང་བར་ཡང་
Vol. 176 · folio 63b
བྱེད་གུས་པར་ཡང་བྱེད་དེ། དེ་ལྟ་བས་ན་རྟོགས་པར་བྱེད་པ་པོ་དེའི་རྣམ་པར་སྒྲོ་འདོགས་པ་དང་། ཐེ་ཚོམ་དང་ལྡན་པ་ནི་རྗེས་སུ་དཔག་པར་བྱ་བ་འགའ་ཞིག་ལ་རྟགས་ཀྱི་སྟོབས་ཀྱིས་སྒྲོ་འདོགས་པ་དང་། ཐེ་ཚོམ་སེལ་བར་བྱེད་པས་དེ་བས་ན་ཐམས་ཅད་ལ་སྒྲོ་འདོགས་པ་རྣམ་པར་
གཅོད་པར་བྱེད་དོ། །དེའི་ཕྱིར་དེ་ལྟར་བཤད་པའི་རྣམ་པས་སེལ་བའི་ཡུལ་ཅན་ཡིན་ཏེ། རྣམ་པར་གཅོད་པའི་ཡུལ་ཅན་ཡིན་ནོ། །གཞན་དུ་ཞེས་བྱ་བ་ནི་རྣམ་པར་གཅོད་པ་ལ་མི་ལྟོས་པར་རྟགས་ལས་དངོས་པོ་རྟོགས་པར་འགྱུར་ན་ནི། ཚད་མ་འགའ་ཞིག་གིས་ཆོས་ཅན་གྲུབ་པར་
གྱུར་ན་དེ་ལས་གྲུབ་པའི་ངོ་བོ་ཉིད་ལས་ཆོས་ཅན་དེའི་ངོ་བོ་མ་གྲུབ་པས་གང་ཞིག་རྟོགས་པར་བྱ་བའི་ཕྱིར་རྟགས་འཇུག་པར་འགྱུར་བ་གཞན་ཅི་ཞིག་ཡོད། རེ་ཞིག་སྒྲོ་འདོགས་པ་ཡོད་ན་ནི་དེ་རྣམ་པར་བཅད་པའི་ཕྱིར་འཇུག་པའི་རྟགས་གཞན་སེལ་བའི་ཡུལ་ཅན་ཡིན་གྲང་ན།
མངོན་སུམ་གྱི་རྗེས་སུ་འབྱུང་བ་རྣམ་པར་རྟོག་པ་ཅན་གྱི་ཤེས་པ་གང་ཡིན་པ་དེ་གོ་སྒྲོ་འདོགས་པ་མེད་ན་ཇི་ལྟར་གཞན་རྣམ་པར་གཅོད་པའི་ཡུལ་ཅན་ཡིན། དེ་ཡང་གདོན་མི་ཟ་བར་གཞན་སེལ་བའི་ཡུལ་ཅན་དུ་ནི་འདོད་པར་བྱ་དགོས་ཏེ། ཁྱེད་ཀྱི་ལྟ་བ་སྤྱིའི་ཡུལ་ཅན་ཡིན་པའི་
ཕྱིར་ལ། སྤྱིའི་ཡང་གཞན་སེལ་བའི་མཚན་ཉིད་ཡིན་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར་མཐོང་བ་འགའ་ལའང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུགས་ལ་སོགས་པ་མངོན་སུམ་དུ་མཐོང་བ་འགའ་ལའང་དེའི་རྗེས་ལ་འབྱུང་བའི་ཤེས་པ་གང་ཡིན་པ་སྤྱིའི་དོན་ཞེས་བྱ་བ་ནི་སྤྱིའི་ཡུལ་
ཅན་ཏེ། དེ་ཉིད་ཀྱི་ཕྱིར་རྣམ་པར་རྟོག་པའོ། །རྣམ་པ་གང་ལ་གཞན་གྱི་ཆ་སྟེ། ཟླ་བོ་རྣམ་པ་སྒྲོ་མ་བཏགས་པ་དེ་ནི་གཞན་གྱི་ཆ་སྒྲོ་མ་བཏགས་པའོ། །དེ་ལ་འཇུག་པ་དེ་ཡང་དེ་ཙམ་སེལ་བའི་སྤྱོད་ཡུལ་ཅན་ཆ་སྒྲོ་མ་བཏགས་པ་གང་ཡིན་པ་དེ་ཙམ་གྱི་རྣམ་པར་གཅོད་པའི་ཡུལ་
ཅན་ཡིན་ནོ། །འདི་སྐད་དུ་མངོན་སུམ་གྱི་རྗེས་ལ་འབྱུང་བའི་ཤེས་པ་རྣམ་པར་རྟོག་པ་ཅན་གྱིས་སྒྲོ་འདོགས་པ་སྔར་ཞུགས་པ་སེལ་བར་མི་བྱེད་མོད་ཀྱི། འོན་ཀྱང་དེ་ནི་སྒྲོ་འདོགས་པའི་ཡུལ་ལ་མེད་པའི་ཕྱིར་དེ་རྣམ་པར་གཅོད་པའི་ཡུལ་ཅན་ཁོ་ན་ཡིན་ནོ་ཞེས་བྱ་བར་ཤེས་
Vol. 176 · folio 64a
སོ། །གལ་ཏེ་ཡང་རྣམ་པར་རྟོག་པ་ཅན་གྱི་ཤེས་པ་དེ་དངོས་པོ་ལ་བསྒྲུབ་པར་འཇུག་པར་འགྱུར་ན་ནི། རྣམ་པ་ཐམས་ཅད་ལ་ངེས་པར་འགྱུར་རོ་ཞེས་བཤད་པ་ཡིན་ནོ། །གཟུགས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་ནི་ཚིགས་སུ་བཅད་པ་སྟོན་ཏེ། སོགས་པ་ཞེས་བྱ་
བའི་སྒྲས་ནི་སྒྲ་ལ་སོགས་པ་བསྡུའོ། །འདི་ལ་རྟགས་མེད་པས་ན་རྟགས་ཅན་མ་ཡིན་པ་སྟེ། འདི་ནི་གཟུགས་ལ་སོགས་པའོ། །ཞེས་ངེས་པའི་ཤེས་པའོ། །སྒྲོ་འདོགས་པ་མེད་ན་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་མངོན་སུམ་དུ་མཐོང་བ་ལ་ནི་དེའི་ཚེ་ཕྱིན་ཅི་ལོག་གི་རྣམ་པར་སྒྲོ་འདོགས་
པ་མེད་ན་དེ་ཇི་ལྟར་རྣམ་པར་གཅོད་པའི་ཡུལ་ཅན་དུ་འགྱུར་འདི་ཙམ་གྱིས་ནི་ཚིགས་སུ་བཅད་པའི་ཕྱེད་གོང་མ་ཕྱོགས་སྔ་མའི་ཚུལ་དུ་རྣམ་པར་བཤད་པ་ཡིན་ནོ། །སྒྲོ་མ་བཏགས་པའི་ཡུལ་ལ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པས་ནི་ལན་ཡིན་ཏེ། ངེས་པའི་ཤེས་པས་ཏེ་སྒྲོ་བཏགས་
པའི་ཡུལ་ལ་མེད་པའི་ཕྱིར་དེ་རྣམ་པར་གཅོད་པའི་ཡུལ་ཅན་ཡིན་ནོ་ཞེས་བྱ་བ་རྣལ་མ་དང་སྦྱར་རོ། །དེ་ཉིད་གང་ལ་ཞེས་བྱ་བ་ལ་སོགས་པས་སེལ་བར་བྱེད་དེ། ཁྱད་པར་གང་ལ་འདིའི་ཞེས་བྱ་བ་ནི་སྐྱེས་བུའོ། །སྒྲོ་བཏགས་པའི་ཡུལ་གྱི་ཁྱད་པར་དེ་ལ་མི་བརྟེན་པའོ་ཞེའམ་བདག་མེད་
པའོ་སྙམ་དུ་ངེས་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ངེས་པ་དང་ནི་སྒྲོ་འདོགས་ཡིད། །གནོད་བྱ་གནོད་བྱེད་ངོ་བོའི་ཕྱིར། །ངེས་པའི་ཤེས་པ་དང་དེ་ལས་བཟློག་པ་སྒྲོ་འདོགས་པའི་ཤེས་པ་ནི་གནོད་པར་བྱ་བ་དང་། གནོད་པར་བྱེད་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དངོས་པོ་ཐམས་ཅད་ལས་
ཞེས་བྱ་བ་ལ་སོགས་པས་ནི་གནོད་པར་བྱ་བ་ནི་གནོད་པར་བྱ་བ་དང་། གནོད་པར་བྱེད་པའི་ངོ་བོ་ཁོ་ན་སྒྲུབ་པར་བྱེད་དེ། དངོས་པོ་རིགས་མཐུན་པ་དང་རིགས་མི་མཐུན་པ་ཐམས་ཅད་ལས་ཐ་དད་པ་མཐོང་ཡང་དེ་ཁོ་ན་བཞིན་དུ་ཞེས་བྱ་བ་ཇི་ལྟར་མཐོང་བ་བཞིན་རྣམ་པ་ཐམས་ཅད་དུ་
མངོན་པར་ཤེས་ཤིང་ངེས་པ་ནི་མ་ཡིན་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། སྐད་ཅིག་མ་ཉིད་ལ་སོགས་པའི་ཁྱད་པར་འགའ་ཞིག་ལ་བར་དུ་གཅོད་པ་སྲིད་པའི་ཕྱིར་ཏེ། འཁྲུལ་པའི་རྒྱུ་མཚན་སྲིད་པའི་ཕྱིར་རོ། །དཔེར་ན་ཉ་ཕྱིས་ཐམས་ཅད་ལས་ལོག་པ་མཐོང་ཡང་ཉ་ཕྱིས་
Vol. 176 · folio 64b
ཉིད་ལ་འཁྲུལ་པའི་རྒྱུ་མཚན་དངུལ་དང་ཆོས་མཐུན་པ་སྲིད་པའི་ཕྱིར་མི་ངེས་པ་ལྟ་བུའོ། །རྣམ་པ་གང་ལ་འཁྲུལ་པའི་རྒྱུ་མཚན་མེད་པ་དེ་ཁོ་ན་ལ་ནི་དེ་མཐོང་བ་ཁྱད་པར་མེད་ཀྱང་རྣམ་པ་ཐམས་ཅད་ལ་མངོན་སུམ་ཁྱད་པར་མེད་ཀྱང་རྟོགས་པ་པོ་འདིའི་དྲན་པ་ཉམས་སུ་མྱོང་བའི་དུས་ཀྱི་འོག་རོལ་
དུ་འབྱུང་བ་ངེས་པར་འགྱུར་རོ། །གང་གི་ཕྱིར་མངོན་སུམ་ལ་ཁྱད་པར་མེད་ཀྱང་སྒྲོ་འདོགས་པ་དང་བྲལ་བའི་ཡུལ་ཁོ་ན་ལ་ངེས་པར་འགྱུར་བ་དེའི་ཕྱིར། སྒྲོ་འདོགས་པ་དང་ངེས་པ་དག་གནོད་པར་བྱ་བ་དང་གནོད་པར་བྱེད་པའི་ངོ་བོ་ཡིན་པར་ཤེས་སོ། །གནོད་པར་བྱ་བ་དང་གནོད་
པར་བྱེད་པའི་ངོ་བོ་ཉིད་ཡིན་པ་རྒྱུ་དེའི་ཕྱིར་ངེས་པ། འདི་ནི་སྒྲོ་འདོགས་དབེན་པ་ལ་སྒྲོ་འདོགས་པ་དང་བྲལ་བ་ལ་འཇུག་ཅེས་བྱ་བར་ཤེས་པ་ཡིན་སྒྲོ་འདོགས་པས་དབེན་པ་ལ་འཇུག་ཏུ་ཟད་མོད། འོན་ཀྱང་གཞན་སེལ་བའི་ཡུལ་ཅན་ཉིད་མ་ཡིན་ནོ་ཞེ་ན། དེ་དབེན་པ་ཉིད་གཞན་སེལ་བར་
ཡིན་ནོ་ཞེས་བྱ་བ་སྨོས་ཏེ། སྒྲོ་འདོགས་པས་དབེན་པ་ཉིད་དོ། །དེ་ལྟ་བས་ན་སྒྲོ་འདོགས་པ་དང་བྲལ་བ་ལ་འཇུག་པའི་ཕྱིར། ངེས་པའི་ཤེས་པ་མངོན་སུམ་གྱི་རྗེས་ལ་འབྱུང་བ་དེ་ཡང་དེ་ཙམ་གྱིས་སེལ་བའི་སྤྱོད་ཡུལ་ཅན་ཡིན་གྱི། སྒྲུབ་པས་དངོས་པོ་རང་གི་ངོ་བོ་ངེས་པར་བྱེད་པ་ནི་མ་ཡིན་
ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་གཟུགས་ཉིད་ལ་སོགས་པའི་རྣམ་པ་འགའ་ཞིག་ངེས་པ་ལ་ཡང་སྐད་ཅིག་པ་ཉིད་ལ་སོགས་པ་རྣམ་པ་གཞན་མ་གཏོགས་པ་མཐོང་བའི་ཕྱིར་རོ།། །།བམ་པོ་བདུན་པ། གལ་ཏེ་ངེས་པའི་ཤེས་པ་མངོན་སུམ་གྱི་རྗེས་ལ་འབྱུང་བས་སྒྲུབ་པ་ཁོ་ན་
ནས་དངོས་པོའི་རང་གི་ངོ་བོ་ངེས་པར་བྱེད་ན་ནི། དེའི་ཚེ་དེའི་རང་གི་ངོ་བོ་ངེས་པ་ལ་ནི་དངོས་པོ་ལ་ཆ་ཤས་མེད་པའི་ཕྱིར་དེ་མི་རུང་བའི་ཕྱིར་ཏེ། རྣམ་པ་གཞན་མི་ངེས་པ་མི་རུང་བའི་ཕྱིར་རོ། །གང་གི་ཕྱིར་ངེས་པ་དང་སྒྲ་སྒྲོ་འདོགས་པ་རྣམ་པར་གཅོད་པ་ཁོ་ནར་འཇུག་གོ། །སྒྲུབ་པ་
མ་ཡིན་པ་དེའི་ཕྱིར་དངོས་པོ་གཅིག་ལ་ཆ་ཤས་སྒྲོ་འདོགས་པ་སྟེ། ངོ་བོ་གཞན་སྒྲོ་འདོགས་པ་ཇི་སྙེད་པ། དེ་བསལ་བའི་ཕྱིར་སྒྲོ་འདོགས་པ་བསལ་བའི་ཕྱིར་ངེས་པ་དེ་སྙེད་ཁོ་ན་དང་སྒྲ་ཡང་དེ་སྙེད་ཁོ་ན་འཇུག་གོ། །རྒྱུ་དེས་ན་ངེས་པ་དང་སྒྲ་དེ་དག་སྤྱོད་ཡུལ་ཐ་དད་པ་ཅན་ཡིན་ནོ། །
Vol. 176 · folio 65a
གཞན་དུ་ཞེས་བྱ་བ་ནི་བློ་དང་སྒྲ་དག་གིས་རྣམ་པར་བཅད་པ་ལ་མི་ལྟོས་པར་དངོས་པོའི་ངོ་བོ་གསལ་བར་བྱེད་ན་ནི། དངོས་པོ་གཅིག་པུ་གཅིག་ཅིག་ལ། སྒྲའམ་བློ་གཅིག་གིས་ཁྱབ་ན་རྣམ་པ་ཐམས་ཅད་དུ་ཡུལ་དུ་བྱས་ན། ངེས་པའི་བདག་ཉིད་ཀྱིས་ཁྱབ་པའི་ཕྱིར།
གཞན་ཡུལ་མ་ཡིན་ནོ། །འདི་ནི་གཞན་ཡང་ཡིན་ལ་ཡུལ་ཏེ་རྣམ་པ་ཡང་ཡིན་པས་གཞན་ཡུལ་ཏེ། མ་བཟུང་བའི་རྣམ་པ་མེད་པའི་ཕྱིར་དངོས་པོ་དེའི་རྣམ་པ་གཞན་ཡུལ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་དངོས་པོ་དེ་ཤེས་པར་བྱེད་པའི་སྒྲ་དང་བློ་གཞན་གྱི་ཡུལ་མ་ཡིན་པའོ། །
རྒྱུ་དེའི་ཕྱིར་རྣམ་པར་རྟོགས་ཟིན་པ་དེ་ཁོ་ན་ལ་འཇུག་པའི་སྒྲ་དང་བློ་རྣམས་ནི་རྣམ་གྲངས་པ་ནི་ཉིད་དུ་འགྱུར་ཡུལ་གཅིག་པ་ཅན་ཉིད་དུ་འགྱུར་རོ། །གང་གི་ལྟར་ཞེས་བྱ་བ་ལ་སོགས་པས་ནི་ཕྱོགས་སྔ་མ་ཉེ་བར་འགོད་དེ་བྱེ་བྲག་པ་གང་གི་ལྟར་ནའོ། །བུམ་པ་ལ་སོགས་པའི་དོན་གང་ལ་
ཕན་ཚུན་དང་རྟེན་ལས་ཐ་དད་པའི་ཕྱིར། ཁྱད་པར་བྱེ་བྲག་སྣ་ཚོགས་ཐ་དད་པ་ཡོད་པ་དེ་ནི་ཁྱད་པར་སྣ་ཚོགས་པ་ཅན་ཏེ། བློ་ནི་དོན་ཁྱད་པར་གྱི་བྱེ་བྲག་དེ་ཁོ་ན་ལས་ཐ་དད་པ་དེ་སྒྲུབ་པ་ཁོ་ནས་འཛིན་ཅིང་ངེས་པར་བྱེད་པའི་བདག་ཉིད་ཡིན་ནོ། །དེ་ཡང་ཁྱད་པར་རེ་རེ་ལ་ཐ་དད་དེ་བློའི་ཡུལ་
གྱི་བྱེ་བྲག་བསྟན་པས། སྒྲ་རྣམས་ཀྱི་ཡང་དོན་གྱིས་བསྟན་པ་ཁོ་ན་ཡིན་ནོ། །དེ་ཉིད་གང་ཞིག་ཅེས་བྱ་བ་ལ་སོགས་པས་སྟོན་ཏེ། ཁྱད་པར་རྣམས་ནི་རྫས་ཉིད་ལ་སོགས་པ་སྟེ། ཕན་ཚུན་གཅིག་ལས་གཅིག་ཐ་དད་པ་ཡིན་ནོ། །རྟེན་ལས་ཞེས་བྱ་བ་ནི་ཁྱད་པར་ཅན་ལས་ཐ་དད་
པ་ཡིན་པའོ། །དེའི་རྒྱུ་ཅན་ནི་ཁྱད་པར་ཐ་དད་པའི་རྒྱུ་ཅན་ནོ། །མཉན་པ་སྨོས་པ་ནི་ཉེ་བར་མཚོན་པ་སྟེ། བློ་དག་ཀྱང་དེ་དང་འདྲའོ། །དེ་དག་གི་རྟེན་ཞེས་བྱ་བ་ནི་ཁྱད་པར་དེ་དག་གི་རྟེན་ཏོ། །དེ་དག་ཁོ་ན་ལ་ཞེས་བྱ་བ་ནི་ཁྱད་པར་དག་ཁོ་ན་ལ་འཇུག་པ་སྟེ། རྗོད་པར་བྱེད་པ་ཉིད་དུ་
འཇུག་གོ། །དེ་བས་ན་ཞེས་བྱ་བ་ནི་དེ་ལྟ་བས་ན་སྟེ། སྒྲ་དང་ཞེས་པ་གཞན་དག་རྣམ་གྲངས་པ་ཉིད་དུ་འགྱུར་བའི་མཚན་ཉིད་ཀྱི་ཐལ་བ་འདིར་མི་འགྱུར་རོ། །ལན་དུ་དེའི་ལྟར་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱད་པར་རྣམ་པ་སྣ་ཚོགས་ལ་ཕན་པའི་ཡན་ལག་
Vol. 176 · folio 65b
སྟེ། །རྒྱུ་ནུས་པ་གང་དག་ཡིན་པ་དེ་ག་ལས་མི་གཞན་པའི་བདག་ཉིད་ཁྱད་པར་ཅན་ངེས་པའི་ཤེས་པ་གཅིག་གིས་བདག་ཉིད་ཀུན་དུ་གཟུང་བ་བྱས་ན་ཕན་བྱའི་སྟེ་ཁྱད་པར་གྱི་ཚོགས་ཀྱི་བྱེ་བྲག་གང་ཁྱད་པར་གྱི་བྱེ་བྲག་གང་ཞིག་མ་ངེས་པར་འགྱུར་ཏེ། ཐམས་ཅད་ངེས་པ་ཁོ་ན་ཡིན་ནོ། །དེ་བསྟན་པར་ཁྱད་པར་
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱད་པར་ཐ་དད་པ་དག་ཁོ་ན་དོན་ཁྱད་པར་ཅན་ལ་སྒྲ་དང་ཤེས་པ་གཞན་དག་འཇུག་པའི་རྒྱུ་མཚན་ཡིན་པར་ཁས་ལན་དུ་ཟིན་ཀྱང་དེ་དང་ལྡན་པ་ཁྱད་པར་དང་ལྡན་པའི་དོན་གཅིག་པུ་ཉིད་དེ་ནི་སྒྲ་དང་ཤེས་པ་དེ་དག་གིས་ཉེ་བར་ལེན་ཅིང་ཡུལ་དུ་བྱེད་དོ། །
ཁྱད་པར་ཅན་ཁྱད་པར་སྣ་ཚོགས་ལ་ཕན་པའི་རྟེན་ནུས་པ་གང་དག་ཡིན་པ་དེའི་ངོ་བོ་ཉིད་དེ་ནི་བདག་ཉིད་ལ་སྟེ་རང་གི་ངོ་བོ་ལ་ཐ་དད་པ་མེད་དོ། །དེའི་ཕྱིར་ཁྱད་པར་གཅིག་གི་སྒོ་ནས་བཟུང་ན་ཡང་བདག་ཉིད་ཐམས་ཅད་དུ་གཟུང་བ་ཡིན་ནོ། །དེ་ལྟ་ཡིན་ན་དེའི་ཁྱད་པར་གྱི་བྱེ་བྲག་མ་
ངེས་པ་གང་ཞིག་ཡོད་དེ་ངེས་པ་ཁོ་ན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཁྱད་པར་ཐམས་ཅད་ལ་ཕན་འདོགས་པར་བྱེད་པ་ཉིད་དུ་གཟུང་བའི་ཕྱིར་རོ། །གལ་ཏེ་ཁྱད་པར་གཅིག་གི་སྒོ་ནས་ཁྱད་པར་ཅན་གྱི་རང་གི་ངོ་བོ་ཁོ་ན་གཟུང་གི། ཁྱད་པར་ལ་ཕན་པར་བྱེད་པ་ཉིད་ནི་མ་ཡིན་ནོ་ཞེ་ན།
རང་གི་ངོ་བོར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཕན་པར་བྱེད་པ་ཉིད་ནི་རང་གི་ངོ་བོ་ལས་ཐ་མི་དད་པའི་ཕྱིར་རང་གི་ངོ་བོར་གཟུང་བའོ། །དེའི་ཞེས་བྱ་བ་ནི་ཁྱད་པར་ཅན་གྱི་སྟེ། ཕན་པར་བྱེད་པ་ཉིད་མ་བཟུང་བ་གཞན་ནི་མེད་པ་ཁོ་ནའོ་ཞེས་བྱ་བ་འདི་དང་སྦྱར་རོ། །གང་གི་ཕྱིར་དེ་ལྟ་ཡིན་
པ་རྒྱུ་དེའི་ཕྱིར་རོ། །འདིའི་ཞེས་བྱ་བ་ནི་ཁྱད་པར་ཅན་གྱི་སྟེ། རང་གི་ངོ་བོ་རང་གི་བདག་ཉིད་དུ་གཟུང་བ་གང་ཡིན་པ་དེ་ཉིད་ཕན་པར་བྱེད་པ་ཉིད་དུ་ཡང་གཟུང་བ་ཡིན་ནོ། །ཁྱད་པར་གཅིག་གི་སྒོ་ནས་ཁྱད་པར་ཅན་གྱི་ཁྱད་པར་ཐམས་ཅད་ལ་ཕན་པར་བྱེད་པ་ཉིད་རང་གི་ངོ་བོར་གྱུར་པ་འཛིན་དུ་ཟད་
མོད། དེ་དང་ཐ་དད་པ་ཁྱད་པར་རྣམས་ཀོ་ཇི་ལྟར་འཛིན་ཅེ་ན། དེའི་ཕྱིར་དེ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱད་པར་ཚོགས་དང་ཁྱད་པར་ཅན་ཕན་པར་བྱ་བ་དང་ཕན་པར་བྱེད་པ་པོར་གྱུར་པ་དག་ནི་བདག་ཉིད་ལ་རང་གི་ངོ་བོ་ལ་འབྲེལ་པའི་ཕྱིར་དེ་ཕན་པར་བྱ་བ་དང་། ཕན་པར་
Vol. 176 · folio 66a
བྱེད་པ་པོ་འབྲེལ་པ་ནི་བདག་ཉིད་དུ་གྱུར་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་ཕན་པར་བྱེད་པའི་ངོ་བོ་གཅིག་ཤེས་ན། འབྲེལ་པའི་ཕྱིར་གཉི་ག་གཟུང་སྟེ། ཁྱད་པར་དང་ཁྱད་པར་ཅན་དག་གཟུང་བ་ཡིན་ནོ། །དེ་ཉིད་ཁྱད་པར་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ།
འདི་ལྟར་རེ་ཞིག་ཁྱད་པར་ཅན་གཟུང་ན། དེའི་བདག་ཉིད་དུ་གྱུར་པ་ཕན་པར་བྱེད་པའི་ངོ་བོ་གཟུང་བ་ཡིན་ནོ། །དེ་གཟུང་ན་ཁྱད་པར་རྣམས་ཀྱི་བདག་ཉིད་དུ་གྱུར་པ་ཕན་པར་བྱ་བའི་ངོ་བོ་ཡང་གཟུང་བ་ཡིན་ཏེ། ཕན་པར་བྱེད་པའི་ངོ་བོ་འཛིན་པ་ནི་དེ་འཛིན་པ་མེད་ན་མེད་པའི་ཕྱིར་རོ། །
དེའི་ཕྱིར་གཅིག་ཤེས་ན་ཁྱད་པར་དང་ཁྱད་པར་ཅན་གཉི་ག་གཟུང་བས། ཁྱད་པར་ཅན་དེ་ཁྱད་པར་གཅིག་གིས་ཁྱད་པར་དུ་བྱས་པ་གཟུང་ན་ཡང་ཁྱད་པར་ཐམས་ཅད་གཟུང་བ་ཡིན་ནོ། །དེ་འཛིན་པ་མེད་ན་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཁྱད་པར་འཛིན་པ་མེད་པ་ན་མེད་པའི་ཕྱིར་རོ། །གཞན་དུ་ན་
ཞེས་བྱ་བ་ནི་ཁྱད་པར་རྣམས་མི་འཛིན་ནའོ། །དེ་ལྟར་ཡང་འཛིན་པར་མི་འགྱུར་རོ་ཞེས་བྱ་བ་ནི་ཁྱད་པར་ཅན་ནི་ཁྱད་པར་རྣམས་ལ་ཕན་པར་བྱེད་པ་པོ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཡང་འཛིན་པར་མི་འགྱུར་བའོ། །གལ་ཏེ་ཁྱད་པར་ཅན་ལ་དེའི་ཚེ་ཤེས་པ་དང་སྒྲ་འཇུག་པའི་རྒྱུ་མཚན་གྱི་ཁྱད་པར་
གང་ཡིན་པ་དེ་ཁོ་ན་ལ་ཕན་པར་བྱེད་པ་ཉིད་དུ་གཟུང་གི་ཁྱད་པར་གཞན་ལ་ཕན་པར་བྱེད་པ་ཉིད་དུ་ནི་མ་ཡིན་ནོ་ཞེ་ན། གཞན་ལ་ཕན་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་ལ་ཕན་པར་བྱེད་པ་ཞེས་བྱ་བ་ཁྱད་པར་གཞན་ལ་ཕན་པར་བྱེད་པ་པོའི་ངོ་བོ་ཉིད་གང་ཞིག་མ་
བཟུང་བ་ནི་མེད་དེ། དངོས་པོ་ལ་ཤ་ཆས་མེད་པའི་ཕྱིར་ཐམས་ཅད་གཟུང་བ་ཁོ་ན་ཡིན་ནོ། །གལ་ཏེ་ཁྱད་པར་ཅན་འབྲེལ་པ་ཅན་ལ་མི་ལྟོས་པ་ལ་ཕན་འདོགས་པར་བྱེད་པ་པོ་ཡིན་ནོ་ཞེས་བྱ་བ་ཁོ་ནར་འཛིན་གྱི་འདི་ལ་ཕན་པར་བྱེད་པ་པོ་ཡིན་ནོ་ཞེས་བྱ་བར་ནི་མ་ཡིན་པས། དེའི་ཕྱིར་ཁྱད་པར་རྣམས་
མི་འཛིན་ཏོ་སྙམ་དུ་སེམས་ན། དེའི་ཕྱིར་ཕན་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་གཟུང་ན་ཞེས་བྱ་བ་ནི་ཕན་འདོགས་པས་བྱེད་པ་པོ་ཡིན་ནོ་ཞེས་དེ་ལྟར་གཟུང་ན་ཕན་པར་བྱ་བ་ཁྱད་པར་མ་བཟུང་བ་ཡང་མེད་དོ། །ཅིའི་ཕྱིར་ཞེ་ན། ཕན་པར་བྱེད་པ་པོ་དེ་ལ་ཡང་ཕན་པ་པོ་
Vol. 176 · folio 66b
ཡིན་ནོ་ཞེས་དེ་ལྟར་མ་བཟུང་བར་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་སྐད་དུ་འབྲེལ་པ་ཅན་ཡིན་པའི་ཕྱིར་འབྲེལ་པ་ཅན་གཉིས་པ་གཟུང་བ་མེད་པར་ཕན་པར་བྱེད་པ་པོ་ལ་ཕན་པར་བྱེད་པ་པོ་ཡིན་ནོ་ཞེས་བྱ་བར་འཛིན་པ་ཡང་མེད་དོ་ཞེས་བཤད་པ་ཡིན་ནོ། །དེ་ལྟ་བུའི་དཔེར་ཡང་རྗེ་
ཁོལ་བཞིན་ནོ་ཞེས་བྱ་བ་སྨོས་ཏེ། ཁོལ་པོ་གཟུང་བ་མེད་པར་རྗེ་བོ་ཉིད་དུ་འཛིན་པ་ནི་མེད་དོ། །གང་གི་ཕྱིར་དེ་ལྟར་ཁྱད་པར་གཅིག་གི་སྒོ་ནས་ཤེས་པ་དང་། སྒྲ་གཅིག་ཞུགས་ན་ཡང་ཁྱད་པར་ཐམས་ཅད་དང་། ཁྱད་པར་ཅན་བདག་ཉིད་ཐམས་ཅད་དུ་གཟུང་བ་ཡིན་པ་དེའི་ཕྱིར་
ཁྱད་པར་དོན་གཞན་ཡིན་པར་སྨྲ་བ་ལ་ཡང་སྟེ། ཁྱད་པར་རྣམས་དོན་གཞན་དུ་གྱུར་པ་ཡིན་ནོ་ཞེས་དེ་སྐད་དུ་སྨྲ་བ་ལ་ཡང་སྒྲ་དང་ཤེས་པ་གཞན་རྣམས་རྣམ་གྲངས་པ་ཉིད་དུ་འགྱུར་རོ་ཞེས་བྱ་བར་ཐལ་བར་འགྱུར་བར་མཚུངས་སོ། །ནུས་པ་དང་ལྡན་པས་ནུས་པ་གང་དག་གིས་ཁྱད་པར་
ལ་ཕན་འདོགས་པའི་ནུས་པ་དེ་དག་ནུས་པ་དང་ལྡན་པ་ལས་ཐ་དད་པ་ཡིན་ནོ། །དེའི་ཕྱིར་ཐལ་བ་འདིར་མི་འགྱུར་རོ་ཞེས་བྱ་བ་ནི་ཁྱད་པར་གཅིག་ལ་ཕན་པར་བྱེད་པ་པོ་ནུས་པའི་བྱེ་བྲག་གཟུང་ན། ནུས་པ་ཐམས་ཅད་གཟུང་བ་ཡིན་ལ། དེ་དག་གཟུང་བས་ཀྱང་ཁྱད་པར་ཐམས་ཅད་
གཟུང་བ་ཡིན་ནོ་ཞེས་བྱ་བའི་ཐལ་བ་འདིར་འགྱུར་བ་མེད་པའོ། །ལན་དུ་ཆོས་ཕན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ནི་ཁྱད་པར་རྣམས་ཏེ། དེ་དག་ལ་ཕན་པར་བྱེད་པ་པོའི་ནུས་པ་གང་དག་ཡིན་པ་དེ་དག་ནུས་པ་དང་ལྡན་པ་ལ་ཐ་དད་པར་ཁས་ལེན་ན་ནུས་པ་ཅན་དེའི་ཅི་ཡིན་པར་
འགྱུར་ཏེ། ཅི་ཡང་མ་ཡིན་ཞིང་དེ་དང་འབྲེལ་པ་ཅན་དག་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གང་གི་ཚེ་ཞེ་ན། གལ་ཏེ་ནུས་པ་ཅན་དེ་ལས་ནུས་པ་དེ་དག་ལས་ཕན་པ་མེད་པ་ནའོ། །འོན་ཏེ་འབྲེལ་པ་གྲུབ་པར་བྱ་བའི་ཕྱིར་ཕན་པར་བྱེད་པ་པོར་འདོད་ན་དེའི་ཚེ་ནུས་པ་གང་དག་གིས་
ནུས་པ་ལ་ཕན་པར་བྱེད་པ་ནུས་པ་ལ་ཕན་འདོགས་པའི་ནུས་པ་ཐ་དད་པ་གཞན་དག་ཁས་བླང་དགོས་ཤིང་དེ་དག་ལ་ཡང་འབྲེལ་པ་གྲུབ་པའི་ཕྱིར་ཕན་གདགས་པར་བྱ་དགོས་ལ། དེ་ལ་ཡང་ནུས་པ་གཞན་རྟོག་ན་དེ་ལྟ་ཡིན་ན་ཐུག་མེད་འགྱུར་དེ་ཉིད་གལ་ཏེ་ཞེས་བྱ་བ་ལ་སོགས་པས་
Vol. 176 · folio 67a
སྟོན་ཏེ། ཁྱད་པར་དང་ཁྱད་པར་ཅན་ནི་ཁྱད་པར་རེ་རེའོ། །ཕན་པར་བྱེད་པ་ཉིད་དག་ཅེས་བྱ་བ་ནི་ནུས་པ་དག་སྟེ། ཁྱད་པར་ཅན་དེའི་རང་གི་བདག་ཉིད་དུ་གྱུར་པ་མ་ཡིན་ཞིང་ངོ་བོ་ཉིད་དུ་གྱུར་པ་མ་ཡིན་གྱི། འོན་ཀྱང་ཐ་དད་པ་ཁོ་ན་ཡིན་ནོ། །ཁྱད་པར་ཅན་དེ་ལས་ཕན་པ་
ཉམས་སུ་མྱོང་བ་ཡང་མེད་ཅིང་བདག་ཉིད་ཀྱིར་བྱེད་པ་ཡང་མེད་ན་ཅི་སྟེ་དེའི་དེ་དག་ཡིན་ཞེས་བྱ་སྟེ། འབྲེལ་པ་མེད་པས་ཅིའི་ཕྱིར་ཁྱད་པར་དང་ལྡན་པའི་ནུས་པ་དག་ཅེས་བྱ། འོན་ཏེ་འབྲེལ་པ་གྲུབ་པར་བྱ་བའི་ཕྱིར་ཁྱད་པར་ཅན་ལས་ཁྱད་པར་ལ་ཕན་འདོགས་པའི་ནུས་པ་དེ་རྣམས་ལ་
ཕན་པ་ཁས་ལན་ན་ནི་ཁྱད་པར་ཅན་འདིས་ནུས་པ་གང་དག་གིས་ཁྱད་པར་ལ་ཕན་འདོགས་པའི་ནུས་པ་ལ་ཕན་འདོགས་པ་དེ་དག་གལ་ཏེ་དེའི་བདག་ཉིད་དུ་གྱུར་པ་ཡིན་པར་འདོད་ན་ནི། དེའི་ཚེ་ཁྱད་པར་ཅན་ཆ་ཤས་མེད་པ་འདི་གཅིག་པུས་རང་གི་བདག་ཉིད་དུ་གྱུར་པའི་ནུས་པ་དག་གིས་ཁྱད་
པར་ལ་ཕན་འདོགས་པའི་ནུས་པ་ལ་ཕན་པར་བྱེད་པ་ནའོ། །འདི་ལྟར་ཞེས་བྱ་བ་ལ་སོགས་པས་ནི་བདག་ཉིད་ཐམས་ཅད་དུ་གཟུང་བ་སྒྲུབ་པར་བྱེད་དེ། ཁྱད་པར་གཅིག་གཟུང་ན་དེ་ལ་ཕན་འདོགས་པའི་ཁྱད་པར་ལ་ཕན་འདོགས་པའི་ནུས་པ་ཐ་དད་པར་གཟུང་བ་ཡིན་ནོ། །དེ་གཟུང་ན་
ཞེས་བྱ་བ་ནི་ཁྱད་པར་ལ་ཕན་འདོགས་པའི་ནུས་པ་གཟུང་ནའོ། །དེ་ལ་ཕན་པར་བྱེད་པ་པོ་ནི་ཁྱད་པར་ལ་ཕན་འདོགས་པའི་ནུས་པ་ལ་ཕན་པར་བྱེད་པའོ། །ཇི་ལྟ་བུ་ཞིག་ཅེ་ན། ནུས་པ་ལ་ཕན་པ་རང་གི་བདག་ཉིད་དུ་གྱུར་པ་མཐའ་དག་དང་ལྡན་པ་སྟེ། གང་ལ་ཁྱད་པར་ལ་ཕན་འདོགས་
པའི་ནུས་པ་རྣམས་ལ་ཕན་པའི་ནུས་པ་རང་གི་བདག་ཉིད་དུ་གྱུར་པ་མཐའ་དག་ཡོད་པ་དེ་སྟེ་དངོས་པོ་དེ་ལྟ་བུ་གཟུང་བས་ཁྱད་པར་ཐམས་ཅད་ལ་ཕན་འདོགས་པར་བྱེད་པའི་ནུས་པ་འཛིན་པར་བྱེད་པ་ལ་ནུས་པ་གཟུང་བ་དེ་དག་གིས་ཀྱང་རང་གིས་ཀྱང་ཕན་གདགས་པར་བྱ་བའི་ཁྱད་པར་
རྣམས་འཛིན་པར་བྱེད་པས་བྱེ་བྲག་མ་ངེས་པས་གང་ཞིག་ཡོད་ཅེས་བཤད་པ་གང་ཡིན་པའི་ཐལ་བར་འགྱུར་བ་སོ་ན་འདུག་པ་ཡིན་ནོ། །འོན་ཏེ་ཉེས་པ་འདིར་འགྱུར་དུ་འོང་ཞེས་ཏེ། ནུས་པ་ལ་ཕན་འདོགས་པའི་ནུས་པ་དེ་དག་ཀྱང་ཁྱད་པར་ཅན་གྱི་དངོས་པོ་ལས་ཐ་དད་པ་ཁོ་ན་ཡིན་
Vol. 176 · folio 67b
པར་འདོད་ན་ནི་དེའི་ཚེ་དེ་ལ་ཕན་འདོགས་པའི་ནུས་པ་ཐ་དད་པ་དག་ཀྱང་བརྟག་དགོས་ལ། དེ་བཞིན་དུ་དེ་ལ་ཕན་འདོགས་པ་དག་ཀྱང་བརྟག་དགོས་པས་དེ་ལྟ་ན་ཐུག་པ་མེད་པའི་ཕྱིར་ཁྱད་པར་དང་། དེའི་ནུས་པ་རྣམས་ཏེ་ཁྱད་པར་ལ་ཕན་པའི་ནུས་པ་རྣམས་ནུས་པ་གཞན་དང་གཞན་དག་ཁོ་ན་
ལ་མཐར་ཐུག་པ་མེད་ཅིང་ཐུག་པ་མེད་པར་སྦྱོར་བའི་ཕྱིར་ཏེ་འབྲེལ་པའི་ཕྱིར་རོ། །འདི་ལྟར་ཁྱད་པར་རྣམས་ནི་ནུས་པ་ཐ་དད་པ་དག་དང་། འབྲེལ་པ་དེ་དག་ཀྱང་ཐ་དད་པ་དག་ཁོ་ན་དང་འབྲེལ་ཏེ། དེ་བཞིན་དུ་ནུས་པ་སྔ་མ་སྔ་མ་རྣམས་ནུས་པ་ཐ་དད་པ་ཕྱི་མ་ཕྱི་མ་དག་ཁོ་ན་དང་ཐུག་པ་མེད་པར་
འབྲེལ་གྱི། ཁྱད་པར་ཅན་དང་ནི་མ་ཡིན་ནོ། །དེ་བས་ན་དེ་ལ་ཕན་པའི་བདག་ཉིད་ཅེས་བྱ་བ་ནི་ནུས་པ་ལ་ཕན་པའི་བདག་ཉིད་དོ། །ཁྱད་པར་ལ་ཕན་འདོགས་པའི་ནུས་པ་རྣམས་ཀྱི་ནུས་པ་གང་དག་ཡིན་པ་དེའི་བདག་ཉིད་ཅེས་བྱ་བའི་ཐ་ཚིག་སྟེ། ནུས་པ་རྣམས་ནི་དེ་དང་ཐ་མི་དད་པའི་ཕྱིར་
རོ། །ཁྱད་པར་ཅན་དེ་གཅིག་པུ་ནམ་ཡང་ཁྱད་པར་ལ་ཕན་འདོགས་པའི་ནུས་པ་དེ་དག་དང་ལྷན་ཅིག་མ་བཟུང་བས་དེ་དང་ལྡན་པ་ཉིད་དུ་ཁྱད་པར་ལ་ཕན་འདོགས་པའི་ནུས་པ་དང་ལྡན་པ་ཉིད་དུ་འཛིན་པར་མི་འགྱུར་རོ། །དེར་མི་འཛིན་པའི་ཕྱིར་ཁྱད་པར་ཅན་ཉིད་དུ་ཡང་འཛིན་པར་མི་
འགྱུར་བས་དེའི་ཕྱིར་ཁྱད་པར་དུ་རྟོགས་པ་དོན་མེད་པ་ཁོ་ནའོ་སྙམ་དུ་བསམས་པ་ཡིན་ནོ། །རེ་ཞིག་དེ་ལྟར་གང་གི་ཚེ་ཁྱད་པར་ཅན་ལ་ཤེས་པ་དང་། སྒྲ་དག་འཇུག་པ་དེའི་ཚེ་ཉེས་པ་བཤད་པ་ཡིན་ནོ། །གང་གི་ཚེ་ཁྱད་པར་ཁོ་ན་ལ་འཇུག་པ་དེའི་ཚེ་ཡང་ཉེས་པ་བརྗོད་དགོས་
པས་དེ་བརྗོད་པའི་ཕྱིར། ཡང་གལ་ཏེ་ཞེས་བྱ་བ་ལ་སོགས་པས་ཁྱད་པར་གྱི་ཕྱོགས་ཉེ་བར་འགོད་དེ། གལ་ཏེ་སྒྲ་དང་ཤེས་པ་རྣམས་ཀྱིས་ཁྱད་པར་བྱེ་བྲག་གི་ཁྱད་པར་དག་ཉི་ཚེ་ལ་ཞེས་བྱ་བ་རྟེན་དང་བྲལ་བ་ལ་ཉེ་བར་སྦྱོར་བར་འགྱུར་ཞིང་ཤེས་པར་བྱེད་པ་ཉིད་དུ་རྟེན་པར་འགྱུར་ན།
ཁྱད་པར་ཅན་དེ་སྒྲ་དང་ཤེས་པ་དག་གིས་མ་འབྲེལ་པའི་ཕྱིར་ཡུལ་དུ་མ་བྱས་པའི་ཕྱིར་དེ་རྟོགས་པའི་སྒོ་ནས་སྒྲ་དང་ཤེས་པ་གཅིག་གིས་ཀྱང་ཁྱད་པར་ཐམས་ཅད་རྟོགས་པར་མི་འགྱུར་རོ་ཞེ་ན། འདི་ལ་ཡང་ཉེས་པ་དེའི་ཚེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཞེས་བྱ་བ་ནི་ཁྱད་པ་
Vol. 176 · folio 68a
ཅན་ནོ། །མ་འཕངས་པའི་ཕྱིར་ཞེས་བྱ་བ་ནི་མ་བསྟན་པའི་ཕྱིར་རོ། །དེ་ལ་ཞེས་བྱ་བ་ནི་ཁྱད་པར་ཅན་ལའོ། །ཇི་ལྟར་དོན་མེད་ཅེ་ན། སྒྲུབ་པ་དང་དགག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་བྱ་བ་ལ་གཏད་ནས་འཇུག་པའི་ཕྱིར་ཐ་སྙད་གདགས་པ་གང་ལ་རྟེན་དམིགས་
པ་དོན་བྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཐམས་ཅད་ཅེས་བྱ་བ་ནི་རྟོགས་པ་སྔོན་དུ་གཏོང་བ་རྣམས་ཀྱི་ཐ་སྙད་ཕན་པ་དང་མི་ཕན་པའི་ཡུལ་ཅན་ཇི་སྙེད་པའོ། །དེ་ཡང་རྣམ་པ་གསུམ་པ་མི་སྲིད་པའི་ཕྱིར་རོ། །རྣམ་པ་གཉིས་ཀྱིས་ཡིན་པས། སྒྲུབ་པ་དང་དགག་པ་དག་གིས་
ཞེས་བྱ་བ་སྨོས་ཏེ། འདི་ནི་དེ་ལྟ་བུར་གྱུར་པའི་མཚན་ཉིད་ཀྱི་གསུམ་པ་ཡིན་ནོ། །བ་ལང་ཉིད་ལ་སོགས་པ་ཁྱད་པར་རྣམས་ཀྱིས་ནི་དོན་བྱ་བ་དེར་མི་ནུས་ལ་ནུས་པ་ལ་གསལ་བའི་བྱེ་བྲག་ནི་སྒྲ་རྣམས་ཀྱིས་མི་བརྗོད་པས་སྒྲ་སྦྱོར་བ་འབྲས་བུ་མེད་པ་དག་གིས་ཅི་ཞིག་བྱ། གང་གི་ཕྱིར་དེ་ལྟར་
སྒྲ་དག་གིས་དོན་བྱེད་པར་ནུས་པ་གསལ་བའི་བྱེ་བྲག་མི་བརྗོད་པ་དེའི་ཕྱིར་ཁྱད་པར་རྣམས་སུ་འདོད་པ་བ་ལང་ཉིད་ལ་སོགས་པ་ནི་ཁྱད་པར་མ་ཡིན་པར་འགྱུར་ཞིང་བྱེ་བྲག་མ་ཡིན་པར་འགྱུར་ཏེ། འདི་ལྟར་ཁྱད་པར་ཅན་འགའ་ཞིག་ལ་ཁྱད་པར་གྱི་སྒོ་ནས་སྒྲའམ་ཤེས་པ་ཞུགས་པར་
གྱུར་ན་ནི་གཙོ་བོ་ཁྱད་པར་གྱི་གཞི་ཁྱད་པར་ཅན་འགའི་ཡན་ལག་ཏུ་གྱུར་པའི་ཕྱིར། ཁྱད་པར་དུ་གྱུར་པའི་ཕྱིར་དེ་ལ་ལྟོས་ནས་གཙོ་བོ་ལ་ལྟོས་ནས་དེ་སྐད་ཅེས་བརྗོད་ཅེས་བྱ་བ་ཁྱད་པར་དག་ཅེས་བརྗོད་དེ། འདི་ནི་ཁྱད་པར་རྣམ་པར་གཞག་པའི་རིགས་པ་ཡིན་ནོ། །གང་གི་ཚེ་སྒྲས་ཁྱད་པར་དག་ཁོ་
ན་བརྗོད་པ་དེའི་ཚེ་ནི་སྒྲ་དག་གིས་ཁྱད་པར་ཅན་དེ་མི་འཕེན་ཅིང་། མི་སྟོན་པའི་ཕྱིར་ཁྱད་པར་དེ་དག་གཙོ་བོ་གང་གི་ཡང་ཡན་ལག་ཏུ་གྱུར་པ་མ་ཡིན་པས། ཇི་སྟེ་ཁྱད་པར་དག་ཡིན་ཏེ། མ་ཡིན་པ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་གལ་ཏེ་ཁྱད་པར་ཅན་མི་བརྗོད་དུ་ཟིན་ཀྱང་།
འོན་ཀྱང་སྒྲ་དག་གིས་ཤེས་པར་བྱས་པའི་ཁྱད་པར་གང་དག་ཡིན་པ་དེ་དག་གིས་ཁྱད་པར་ཅན་མཚོན་པའི་ཕྱིར་ཉེས་པ་མེད་དེ། སྒྲ་སྦྱོར་བ་དོན་མེད་པའི་ཉེས་པ་མེད་དོ་ཞེ་ན། ཁྱད་པར་ཐམས་ཅད་འཛིན་པའི་ཐལ་བར་འགྱུར་བར་མཚུངས་སོ། །དེ་ཉིད་རེ་ཞིག་ཅེས་བྱ་བ་ལ་
Vol. 176 · folio 68b
སོགས་པས་སྟོན་ཏེ། མེད་ན་མེད་པའི་ཕྱིར་ཞེས་བྱ་བ་ནི་ཁྱད་པར་ནི་ཁྱད་པར་ཅན་ལ་འཁྲུལ་པ་མེད་པས་སོ། །དེ་ཞེས་བྱ་བ་ནི། ཁྱད་པར་ཅན་ཏེ་ཁྱད་པར་གཅིག་གི་ཉེ་བར་མཚོན་ན་ཡང་ཆ་ཤས་མེད་པའི་ཕྱིར་བདག་ཉིད་ཐམས་ཅད་ཉེ་བར་མཚོན་པ་ཡིན་པས་ཁྱད་པར་ཐམས་ཅད་འཛིན་པའི་
ཐལ་བར་འགྱུར་བ་སོ་ན་འདུག་པ་ཡིན་ནོ། །གལ་ཏེ་གང་ལ་སྒྲས་མངོན་སུམ་དུ་ཁྱད་པར་ཅན་བརྗོད་པ་དེ་ལ་ཐལ་བ་འདིར་འགྱུར་གྱི། གང་ལ་དོན་གྱི་དབང་གིས་བརྗོད་པ་དེ་ལ་ནི་མ་ཡིན་ནོ་སྙམ་དུ་སེམས་ན་དེའི་ཕྱིར་འདི་སྒྲས་ཉེ་བར་མཚོན་པར་བྱེད་ཀྱང་རུང་ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ། ཁྱད་པར་ཅན་འདི་སྒྲས་མངོན་སུམ་དུ་སྟོན་པར་བྱེད་ཀྱང་རུང་ཁྱད་པར་ཅན་འདི་དེས་ཉེ་བར་མཚོན་པའི་སྒྲས་ཉེ་བར་མཚོན་པའི་ཁྱད་པར་དག་གིས་ཉེ་བར་མཚོན་པར་ཡང་རུང་སྟེ། འདི་ལ་ཁྱད་པར་ཅི་ཞིག་ཡོད་ཁྱད་པར་འགའ་ཡང་མེད་དེ། འདི་ལྟར་རེ་ཞིག་ཁྱད་
པར་གྱི་སྟོབས་ཀྱིས་མཚོན་པའི་དུས་དེའི་ཚེ་ཁྱད་པར་ཅན་དེ་དག་ཐམས་ཅད་ལ་ཕན་པར་བྱེད་པ་པོ་ཡིན་ནོ་ཞེས་ཁྱད་པར་ཐམས་ཅད་ལ་ཕན་པར་བྱེད་པ་པོ་ཡིན་ནོ་ཞེས་བྱ་བར་ངེས་པར་བྱེད་དོ། །དེ་ལྟ་ཡིན་ན་ནི་སྔ་མ་བཞིན་དུ་ཁྱད་པར་ཐམས་ཅད་འཛིན་པའི་ཐལ་བར་འགྱུར་
བས་ཤེས་པར་བྱས་པས་མཚོན་པའི་ཕྱིར་ཞེས་སྨྲས་པ་གང་ཡིན་པ་དེ་ནི་གྱི་ན་སྟེ། སྔར་བཤད་པའི་ཉེས་པས་མི་རུང་བའི་ཕྱིར་རོ། །གང་གི་ཕྱིར་ཁྱད་པར་ལ་ཕན་འདོགས་པའི་ནུས་པ་རྣམས་ཐ་དད་ན་ཐུག་པ་མེད་པར་འགྱུར་བས་དེ་ལས་ནུས་པ་རྣམས་ཐ་མི་དད་པ་དེའི་
ཕྱིར་ཁྱད་པར་ཅན་དེ་ཁྱད་པར་གཅིག་ལ་ཕན་པར་བྱེད་པར་གཟུང་བར་ཁས་ལེན་ན། ཁྱད་པར་གཅིག་ལ་ཕན་འདོགས་པའི་རང་གི་ངོ་བོ་དེ་ལས་ཁྱད་པར་ཅན་དེ་མཐོང་ན་མ་མཐོང་བར་གྱུར་པ་གང་དག་ཡིན་པ་ཁྱད་པར་གཞན་རྣམས་ལ་ཕན་པ་ནུས་པའི་བྱེ་བྲག་རྣམས་གཞན་
མིན་ཞིང་གཞན་དག་ཏུ་མི་འགྱུར་རོ། །འོན་ཀྱང་གཞན་མ་ཡིན་པ་ཉིད་དེ། རྒྱུ་དེའི་ཕྱིར་དེ་གཟུང་ན་ཁྱད་པར་ཅན་དེ་གཟུང་བས་ཁྱད་པར་ཐམས་ཅད་ལ་ཕན་འདོགས་པར་བྱེད་པའི་ངོ་བོ་ཉིད་གཟུང་བ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་ནི་གཞན་གྱི་བསམ་པའི་
Vol. 176 · folio 69a
དོགས་པ་བསུ་བར་བྱེད་དེ་ངེས་པའི་ཤེས་པ་དེས་དངོས་པོའི་བདག་ཉིད་ཐམས་ཅད་གཟུང་བ་ལ་ཡང་གཞན་ཞེས་བྱ་བ་ནི་ཚད་མ་བཞིན་ནོ། །གལ་ཏེ་འདི་སྙམ་དུ་ཞེས་བྱ་བ་ལ་སོགས་པས་ནི་དེ་ཉིད་སྟོན་ཏེ། གལ་ཏེ་དངོས་པོ་ཆ་མེད་ཅིང་ཆ་ཤས་མེད་པར་གཟུང་ན་
དེའི་ཚེ་ཞེས་བྱ་བ་དངོས་པོ་ཆ་མེད་པའི་གཟུང་བའི་ཚེ། མ་བཟུང་བ་ཞེས་བྱ་བའི་ཆ་གཞན་ཅི་ཞིག་ཡོད་དེ། ཐམས་ཅད་དུ་གཟུང་བ་ཁོ་ན་ཡིན་ན་དེ་ནི་བཟུང་ཡང་འཁྲུལ་པ་ངེས་པར་མི་ཟིན་པས་སོ། །ཚད་མ་གཞན་ཞེས་བྱ་བ་ནི་རྗེས་སུ་དཔག་པ་གཞན་ནོ། །སྒྲུབ་པའི་མཐའ་སྨྲ་
བས་གལ་ཏེ་དེ་ལྟ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཁྲུལ་པ་བཟློག་པའི་ཕྱིར་ཚད་མ་ཕྱི་མར་འདོད་པ་གང་ཡིན་པ་དེ་རྣམ་པར་གཅོད་པའི་ཡུལ་ཅན་ཏེ། གཞན་སེལ་བའི་ཡུལ་ཅན་དུ་གྲུབ་པོ། །དུས་ཕྱིས་འབྱུང་བའི་ཚད་མ་དེ་ལས་གཞན་པ་ཞེས་བྱ་བ་དུས་སྔར་འབྱུང་
བ་ངེས་པའི་ཤེས་པ་དེ་དང་འདྲ་སྟེ། ཚད་མ་ཕྱི་མ་དང་འདྲ་བར་རྣམ་པར་གཅོད་པའི་ཡུལ་ཅན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྒྲོ་འདོགས་མེད་པའི་ཡུལ་ལ་ནི། །འཇུག་ཕྱིར་ཞེས་བྱ་བ་སྨོས་སོ། །འཁྲུལ་པ་བཟློག་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་ཚིགས་སུ་བཅད་
པ་སྟོན་ཏེ། རྣམ་པ་གཞན་སྒྲོ་འདོགས་པ་གང་ཡིན་པ་དེ་རྣམ་པར་གཅོད་པའི་འབྲས་བུ་ཅན་ཡིན་པའི་ཕྱིར། གཞན་སེལ་བའི་ཡུལ་ཅན་དུ་གྲུབ་ལ། གཞན་ངེས་པའི་ཤེས་པ་སྔ་མ་ཡང་དེ་དང་འདྲ་བར་གཞན་སེལ་བའི་ཡུལ་ཅན་ཡིན་ནོ། །གཏན་ཚིགས་སུ་སྒྲོ་འདོགས་
པ་མེད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲོ་འདོགས་པ་མེད་པའི་ཡུལ་ལ་འཇུག་པའི་ཕྱིར་རོ། །འདི་ཉིད་ཀྱི་རྣམ་པར་བཤད་པ་གང་ལ་འདིའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པ་གང་ལ་འདིའི་ཞེས་བྱ་བ་ནི་རྟོགས་པར་བྱེད་པ་པོའིའོ། །རྒྱུ་དེའི་ཕྱིར་སྒྲོ་འདོགས་པ་ལ་
འཇུག་པར་ངེས་པའི་ཤེས་པ་སྔར་འབྱུང་བ་ནི། གཞན་སེལ་བའི་ཡུལ་ཅན་དུ་གྲུབ་པོ། །གཞན་ཡང་ངེས་པར་གཟུང་བའི་དོན་ལ་ཡང་འཁྲུལ་པ་བཟློག་པའི་ཕྱིར་ཚད་མ་གཞན་འདོད་པས་ནི་ངེས་པའི་ཡུལ་ཡང་ཡིན་ལ་ངེས་པ་ཡང་མ་ཡིན་ནོ་ཞེས་བྱ་བར་ཁས་བླངས་པར་
Vol. 176 · folio 69b
འགྱུར་ཏེ། གཞན་དུ་ན་འཁྲུལ་པ་མི་རུང་བའི་ཕྱིར་རོ། །དེ་ཡང་རིགས་པ་མ་ཡིན་པས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངོ་བོ་གང་ཞིག་ངེས་པ་རྣམས་ཀྱིས་མ་ངེས་པའི་ངོ་བོ་དེ་ཇི་ལྟར་ངེས་པ་དེ་དག་གི་ཡུལ་ཡིན་ཏེ། ཡུལ་མ་ཡིན་པ་ཁོ་ནའོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ངེས་
པ་རྣམས་ཀྱིས་རང་གི་དོན་རྟོགས་པ་ནི། འདི་ལྟ་སྟེ། དོན་དེ་ངེས་པ་གང་ཡིན་པ་འདི་ཁོ་ན་ཡིན་ན་གལ་ཏེ་ངེས་པའི་ཡུལ་དུ་འདོད་པ་དེ་རྣམ་པ་གཞན་བཞིན་དུ་ངེས་པའི་ཡུལ་ཉིད་དུ་མི་འདོད་པ་གང་ཡིན་པ་དེ་བཞིན་དུའོ། །དེ་དག་གིས་ཞེས་བྱ་བ་ནི་ངེས་པ་དག་གིས་སོ། །གཞན་
གྱིས་ད་ནི་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། མངོན་སུམ་གྱིས་གཟུང་བ་ལ་སྒྲོ་འདོགས་པ་རྣམ་པར་བཅད་པའི་ཕྱིར་ཚད་མ་གཞན་འདོད་པ་གཞན་སེལ་བར་སྨྲ་བ་ཡང་རྣམ་པ་མ་ངེས་པ་མངོན་སུམ་གྱིས་གཟུང་བ་ཉིད་དུ་ནི་འདོད་ན། གལ་ཏེ་ངེས་པའི་དབང་ཁོ་ནས་འཛིན་པ་ཡིན་
ན་ཀོ་ད་ཇི་ལྟར་མ་ངེས་པའི་མངོན་སུམ་གྱིས་ཀྱང་གཟུང་བ་ཡིན་ཏེ། དེ་བས་ན་ཐལ་བར་འགྱུར་བར་མཚུངས་སོ་ཞེ་ན། མངོན་སུམ་ནི་ཞེས་བྱ་བ་ལ་སོགས་པས་ལེན་འདེབས་ཏེ། རྟོགས་པས་དབེན་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །དེས་ཞེས་བྱ་བ་ནི་མངོན་སུམ་
གྱིས་སོ། །སྔོན་པོ་ལ་སོགས་པའི་རྣམ་པ་གང་ཞིག་འཛིན་པ་ཞེས་བྱ་བའི་འཛིན་པ་དེ་ཡང་ངེས་པས་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེར་སྣང་བས་ཏེ་དངོས་པོ་ཆ་ཤས་མེད་པའི་རྣམ་པ་ཐམས་ཅད་སྣང་བས། རྣམ་པ་ཐམས་ཅད་འཛིན་པ་ཡིན་ནོ། །དེ་བས་ན་ཞེས་བྱ་བ་ནི་དེ་
ལྟ་བས་ནའོ། །ངེས་པ་དང་མ་ངེས་པའི་དབང་གིས་གོ་རིམས་བཞིན་དུ་མངོན་སུམ་གྱིས་འཛིན་པ་དང་། མི་འཛིན་པ་དག་མ་ཡིན་གྱི། འོན་ཀྱང་སྣང་བ་དང་མི་སྣང་བའི་དབང་གིས་ཡིན་ནོ། །དེ་ལྟ་བས་ན་ངེས་པ་མ་ཡིན་ན་སྣང་བ་ཙམ་གྱིས་མངོན་སུམ་གྱིས་གཟུང་བར་རྣམ་པར་
གཞག་པ་མི་འགལ་ལོ། །ངེས་པ་རྣམས་ཀྱིས་ནི་དེ་ལྟར་མངོན་སུམ་བཞིན་དུ་རྣམ་པ་མ་ངེས་པ་ཡང་སྣང་བ་ཙམ་གྱིས་འཛིན་པ་ནི་མ་ཡིན་ནོ། །གལ་ཏེ་ཅིའི་ཕྱིར་ཞེ་ན། འགའ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་སྐྱེས་བུ་མཐོང་ནས་སྐྱེས་བུ་ཉིད་དུ་ངེས་ཀྱང་། ཆོམ་
Vol. 176 · folio 70a
རྐུན་ལ་སོགས་པ་གཞན་ལ་མ་ངེས་པས་འཇུག་པ་ཐ་དད་ཅིང་ཐ་སྙད་ཐ་དད་པ་ལྟ་བུའོ། །འདི་ལྟར་སྐྱེས་བུ་ཉིད་དུ་ངེས་པས་ནི་སྐྱེས་བུ་ཉིད་དང་འཚམ་པའི་ཐ་སྙད་ཡིད་གཅུགས་པ་ལ་སོགས་པར་སྣང་ལ། ཆོམ་རྐུན་པ་ཉིད་དུ་མ་ངེས་པས་ནི་དེ་དང་འཚམ་པའི་ཐ་སྙད་
འཇིགས་པ་ལ་སོགས་པར་མི་སྣང་ངོ་། །དེའི་ཕྱིར་གང་ལ་ངེས་པ་དང་འཚམ་པའི་འཇུག་པ་ཐ་དད་པ་ཡོད་པ་དེ་ནི་ངེས་པས་འཛིན་པ་ཡིན་ལ། གང་ལ་ངེས་པ་དང་འཚམ་པ་འཇུག་པའི་ཐ་དད་པ་མེད་པ་དེ་ནི། མི་འཛིན་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། འདི་ཞེས་བྱ་བ་ནི་རྣམ་པའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་ངེས་པའི་དབང་གིས་དེ་འཛིན་པར་རྣམ་པར་མི་གཞག་ན་དེའི་ཚེ། རྣམ་པ་གཅིག་ལ་ཡང་ངེས་པ་ཉིད་དུ་འདོད་པའི་རྣམ་པ་ལ་ཡང་དེར་ཞེས་བྱ་བ་ངེས་པར་འཛིན་པར་མི་འགྱུར་རོ། །གཞན་གྱིས་
ཡང་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཐམས་ཅད་ལས་ཐ་དད་པ་ཞེས་བྱ་བ་ནི་རིགས་མཐུན་པ་དང་། རིགས་མི་མཐུན་པ་ལས་ལོག་པའོ། །དེ་ཁོ་ན་བཞིན་དུ་ཞེས་བྱ་བ་ནི། ཅིའི་ཕྱིར་ཇི་ལྟར་ཉམས་སུ་མྱོང་བ་བཞིན་དུ་ཁྱད་པར་ཐམས་ཅད་ལས་དྲན་པའི་ངེས་
པ་མི་འབྱུང་སྟེ། གང་གིས་ན་གཞན་སེལ་བར་སྨྲ་བས་རྣམ་པ་གཞན་རྣམ་པར་བཅད་པའི་དོན་དུ་ཁྱད་པར་གཞན་ལ་ཚད་མ་གཞན་འཇུག་པར་འདོད་ཅེ་ན། གྲུབ་པའི་མཐའ་སྨྲ་བས། ལྷན་ཅིག་བྱེད་པ་མ་ཚང་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ངེས་པའི་རྒྱུ་ནི་ཉམས་སུ་མྱོང་
བ་ཙམ་དུ་ཟད་དོ། །འོན་ཀྱང་གོམས་པ་ལ་སོགས་པ་ལྷན་ཅིག་བྱེད་པ་རྣམས་ཀྱང་ཡིན་ཏེ། གང་ལ་དེ་དག་ཡོད་པའི་རྣམ་པ་དེ་ཁོ་ན་ལ་ངེས་པ་འབྱུང་གི། །གཞན་ལ་ནི་མ་ཡིན་ནོ། །དེ་ཉིད་དེ་བས་ན་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། ཐམས་ཅད་ལས་ལོག་པ་སྔོན་པོ་ལ་སོགས་པ་
རང་གི་མཚན་ཉིད་ཀྱི་ཁྱད་པར་ཆ་ཤས་རྣམས་སྤངས་པ་ཆ་མེད་པ། མངོན་སུམ་གྱིས་བདག་ཉིད་ཐམས་ཅད་དུ་གཟུང་བ་ལའང་། ཁྱད་པར་གང་ལ་རྟོགས་པའི་ལྷན་ཅིག་བྱེད་པའི་རྐྱེན་ཡོད་དེ་ནི་རྟོགས་པར་འགྱུར་ངེས་པར་འགྱུར་རོ། །ཐམས་ཅད་ལས་ཐ་དད་པ་ཞེས་བྱ་བ་ལ་སོགས་
Vol. 176 · folio 70b
པས་ནི་འཆད་པར་བྱེད་དེ། དེ་ཙམ་གྱིས་ཞེས་བྱ་བ་ནི་ཉམས་སུ་མྱོང་བ་ཙམ་གྱིས་སོ། །ཁྱད་པར་ཐམས་ཅད་ལ་ཞེས་བྱ་བ་ནི་སྐད་ཅིག་མ་ཉིད་ལ་སོགས་པ་ལ་སྟེ། ཉམས་སུ་མྱོང་བའི་ཤེས་པ་ནི་ངེས་པ་བསྐྱེད་པར་བྱ་བ་ལ་རྒྱུ་གཞན་ལ་ལྟོས་པའི་ཕྱིར་རོ། །རྒྱུ་གཞན་ལ་ལྟོས་པ་ཉིད་
ཉམས་སུ་མྱོང་བ་ནི་ཞེས་བྱ་བ་ལ་སོགས་པས་སྟོན་པར་བྱེད་དེ། རྣམ་པར་རྟོག་པ་ལ་ཇི་ལྟར་གོམས་པ་བཞིན་ཞེས་བྱ་བ་ནི། གང་ལ་རྣམ་པར་རྟོག་པ་ལ་གོམས་པ་ཇི་ལྟ་བུ་ཡོད་པའི་ལྷན་ཅིག་བྱེད་པ་ངེས་བསྐྱེད་དོ་ཞེས་བྱ་བའི་དོན་ཏོ། །དཔེར་བརྗོད་པ་དཔེར་ན་ཞེས་བྱ་བ་ལ་སོགས་
པ་སྨོས་ཏེ། བུད་མེད་ཤི་བའི་གཟུགས་མཐོང་བ་ལ་ཁྱད་པར་མེད་ཀྱང་། ཀུན་དུ་རྒྱུ་དང་འཕྱོན་མ་དང་ཁྱི་རྣམས་ལ་གོ་རིམས་བཞིན་དུ། རྣམ་པར་རྟོག་པ་ལ་ཇི་ལྟར་གོམས་པ་བཞིན་རོ་མྱགས་པ་དང་། ཉལ་པོ་བྱ་བ་དང་། བཟའ་བར་བྱ་བའི་རྣམ་པར་རྟོག་པ་དག་འབྱུང་བ་ལྟ་
བུའོ། །ལྷན་ཅིག་བྱེད་པ་ནི་རྣམ་པར་རྟོག་པ་ལ་གོམས་པ་འབའ་ཞིག་ཏུ་ཡང་མ་ཟད་ཀྱི། འོན་ཀྱང་གཞན་ཡང་ཡོད་པས་དེ་ལ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཞེས་བྱ་བ་ནི་གཟུགས་མཐོང་བ་ལ་ཁྱད་པར་མེད་པ་ལ་ཡང་ངོ་། །བློ་གསལ་བ་ནི་རྣོ་བ་ཉིད་དོ། །དཔེར་ན་
རྣལ་འབྱོར་པ་རྣམས་ཀྱི་བློ་གསལ་བས་མཐོང་བ་ཙམ་གྱིས་སྐད་ཅིག་མ་ཉིད་ལ་སོགས་པར་ངེས་པ་ལྟ་བུའོ། །དེའི་བག་ཆགས་གོམས་པ་ནི་ངེས་པའི་ཤེས་པ་དེའི་བག་ཆགས་དེ་གོམས་ཤིང་རྒྱུན་ཆགས་སུ་འཇུག་པ་སྟེ། དཔེར་ན་སྐྱེས་བུ་འགའ་ཞིག་ལ་ཡོན་ཏན་དུ་མ་ཡོད་དུ་ཟིན་
ཀྱང་ཇི་ལྟར་གོམས་པ་བཞིན་དུ་ཡོན་ཏན་ངེས་པ་ལྟ་བུའོ། །འདིས་ནི་རྣམ་པར་རྟོག་པ་ལ་ཇི་ལྟར་གོམས་པ་བཞིན་ཞེས་བཤད་པ་གང་ཡིན་པ་དེ་ཁོ་ནའི་གཏན་ཚིགས་བསྐང་བར་བྱ་བའི་ཕྱིར་ཡང་བཟླས་པ་ཡིན་ནོ། །སྐབས་ནི་སྐབས་སུ་བབ་པ་སྟེ། དཔེར་ན་སྨན་པ་ལ་སོགས་པའི་
གཏམ་གྱི་སྐབས་སུ་བབ་པ་ན། དེ་མཐོང་བ་ལས་སྐྱེས་བུ་ཆོས་དུ་མ་ཡོད་དུ་ཟིན་ཀྱང་སྨན་པ་ལ་སོགས་པ་ཉིད་དུ་ངེས་པ་ལྟ་བུའོ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བ་ནི་དེ་ལྟ་བུ་ལ་སོགས་པ་སྟེ། སྩོགས་པ་ཞེས་བྱ་བའི་སྒྲས་ནི་དོན་དུ་གཉེར་བ་ཉིད་དང་ཤུགས་ལ་སོགས་པ་ཡོངས་སུ་
Vol. 176 · folio 71a
བསྡུའོ། །ཉེ་བར་ལེན་པའི་རྒྱུ་ཉམས་སུ་མྱོང་བ་མངོན་སུམ་ལས་ཁྱད་པར་ངེས་པ་བྱེ་བྲག་ངེས་པ་སྐྱེ་བའི་ལྷན་ཅིག་བྱེད་པ་དག་ཡིན་ནོ། །འོ་ན་གང་གི་ཚེ་ངེས་པ་མང་པོ་དག་ལ་ཇི་སྐད་བཤད་པའི་རྒྱུ་དག་ཡོད་པ་དེའི་ཚེ་ངེས་པ་དེ་རྣམས་ཀྱི་གོ་རིམས་ཇི་ལྟར་འབྱུང་ཞེ་ན། དེ་
དག་ཁོ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ཅེས་བྱ་བ་ནི་ངེས་པའི་རྒྱུ་རྣམས་སོ། །ཤིན་ཏུ་དང་ཆེས་ཤིན་ཏུ་ཉེ་བ་ལ་སོགས་པའི་བྱེ་བྲག་གིས་ཞེས་བྱ་བ་ནི། ངེས་པ་གང་ཞིག་གིས་ངེས་པའི་རྒྱུ་ཆེས་ཤིན་ཏུ་ཉེ་བ་དེ་ནི་རེ་ཞིག་དང་པོར་སྐྱེའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི། ཤིན་ཏུ་དང་
ཆེས་ཤིན་ཏུ་ཆེ་བ་ཉིད་ལ་སོགས་པའི་བྱེ་བྲག་གིས་ངེས་པ་རྣམས་སྔ་ཕྱི་ཉིད་དུ་འགྱུར་བ་བསྡུའོ། །དཔེར་ན་ཞེས་བྱ་བ་ལ་སོགས་པ་ནི་དཔེར་བརྗོད་པ་སྟོན་ཏེ། གང་གི་ཚེ་ཕ་ཉིད་མཁན་པོ་ཡིན་པ་དེའི་ཚེ་སྐྱེས་བུ་གཅིག་ལ་སྐྱེད་པར་བྱེད་པ་དང་། འདོད་དུ་འཇུག་པར་བྱེད་པ་ཉིད་དུ་ཁྱད་པར་མེད་
ཀྱང་ཕ་འོངས་པ་མཐོང་ནས་བདག་གི་ཕ་འོང་ངོ་སྙམ་དུ་ངེས་པར་བྱེད་ཀྱི། མཁན་པོ་འོང་ངོ་སྙམ་པ་ནི་མ་ཡིན་པ་ལྟ་བུ་སྟེ། ཕ་ཉིད་དུ་ངེས་པའི་རྒྱུ་ཆེས་ཤིན་ཏུ་ཉེ་བའི་ཕྱིར་རོ། །སྐད་ཅིག་མ་ཉིད་ཡིན་ལ། བདག་མེད་པ་ཉིད་དུ་རྣམ་པར་རྟོག་པ་ལ་གོམས་པའི་ལྷན་ཅིག་བྱེད་པ་ཡོད་དུ་ཟིན་
ཀྱང་། དེ་ཁོ་ན་ཉིད་མ་མཐོང་བ་རྣམས་ལ། མངོན་སུམ་གྱི་སྐད་ཅིག་མ་ཉིད་ལ་སོགས་པར་ངེས་པར་མི་འགྱུར་བ་མ་ཡིན་ནམ་ཞེ་ན། དེའི་ཕྱིར་ངེས་པ་དེར་ཡང་འགྱུར་བ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཁྲུལ་པའི་རྒྱུ་མེད་ན་འགྱུར་གྱི། ངེས་པའི་རྒྱུ་རྐྱེན་ཙམ་གྱིས་ནི་མ་ཡིན་ནོ། །
གང་གི་ཕྱིར་དེ་ལྟར་འཁྲུལ་པའི་རྒྱུ་ཡང་མེད་ལ། ལྷན་ཅིག་བྱེད་པའི་རྐྱེན་ཡང་ཚང་ན་མངོན་སུམ་ལས་ངེས་པ་སྐྱེའི། འབའ་ཞིག་ལས་ནི་མ་ཡིན་པ་དེའི་ཕྱིར་ཉམས་སུ་མྱོང་བ་ཁོ་ནས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་བས་ན་སྒྲ་དང་རྟགས་དག་གིས་གཞན་རྣམ་པར་གཅོད་པ་གྲུབ་
པོ་ཞེས་བྱ་བ་འདི་གནས་པ་ཡིན་ནོ། །ཡང་གང་གི་ཚེ་རྟ་ལས་བ་ལང་གི་རྫས་ཀྱིས་ལྡོག་པ་དང་། རྟ་ལས་བ་ལང་ལྡོག་པ་ཞེས་བརྗོད་པའམ། ཤེས་པ་དེའི་ཚེ་ཅི་ལྡོག་པ་དང་། ལྡོག་པ་དང་ལྡན་པ་དག་དངོས་སུ་ཐ་དད་པ་ཡོད་དམ་འོན་ཏེ་མེད། རྣམ་པར་རྟོག་པ་དང་པོ་ལྟར་ན་ནི་སྤྱི་ཁོ་ན་
Vol. 176 · folio 71b
ལ་ལྡོག་པའོ་ཞེས་མིང་གཞན་དུ་བརྗོད་པར་འགྱུར་རོ། །གཉིས་པ་ལ་ཡང་ཤེས་པ་དང་། །སྒྲ་དག་ཐ་དད་པར་མི་འགྱུར་རོ་ཞེ་ན། དེའི་ཕྱིར་དེ་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་གཞན་སེལ་བའི་དོན་ཅན་དེ་ལ་ཡང་གཞན་ལས་ལྡོག་པ་དང་། གཞན་ལས་འདི་ལོག་པ་
ཞེས་བྱ་བའི་སྒྲ་ཆོས་དང་ཆོས་ཅན་རྗོད་པར་བྱེད་པ་དང་། ངེས་པ་གཉི་གའི་ཡུལ་ཅན་གང་དག་ཡིན་པ་དེ་དག་ནི། བརྡའི་རྗེས་སུ་བྱེད་པ་ཡིན། བརྡ་དང་མཐུན་པར་འདི་དག་གི་ཡུལ་ཆོས་དང་ཆོས་ཅན་རྣམ་པར་དབྱེའི། དོན་དམ་པར་ནི་ལྡོག་པ་དང་ལྡོག་པ་དང་ལྡན་པ་དག་ཐ་དད་པ་མེད་དོ་
ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་གཞན་སེལ་བ་དེ་ལ་ཡང་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། རྟ་ལས་བ་ལང་གི་ལྡོག་པ་ཡང་གཞན་ལ་རྟ་ལས་བ་ལང་ལོག་པ་ཡང་གཞན་པ་ཉིད་དོ་ཞེས་བྱ་བ་འདི་ནི་མེད་ཀྱི། འོན་ཀྱང་ལོག་པ་གང་ཡིན་པ་དེ་ཉིད་ལྡོག་པ་ཡིན་ནོ། །གལ་ཏེ་རྟ་ལས་ལྡོག་
པ་རྟ་མ་ཡིན་པ་ཉིད་བ་ལང་གི་རྫས་ལས་གཞན་པ་ཞིག་ཏུ་གྱུར་ན་དེའི་ཚེ། ཐ་དད་པའི་ཕྱིར་རྟ་ལས་ལྡོག་པ་ལས་བ་ལང་གི་རྫས་ཀྱང་ལོག་པར་འགྱུར་རོ། །དེ་བས་ན་དེ་ལས་ལོག་པ་ལས་རྟ་ལས་ལྡོག་པ། རྟ་མ་ཡིན་པ་ཉིད་ལས་ལོག་པ་བ་ལང་ལས་དེ་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་ཏེ།
རྟ་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་འདི་རྟ་ཉིད་དུ་གྱུར་ན་དེ་ལྟ་ན་རྟ་ལས་ལྡོག་པ་རྟ་མ་ཡིན་པ་ཉིད་ཀྱི་མཚན་ཉིད་ལས་བ་ལང་ལོག་པ་ཡིན་ནོ། །དེ་ལྟ་ཡིན་ན་ནི་བ་ལང་ལ་རྟ་ཡོད་པར་འགྱུར་བའི་ཕྱིར། རྟ་ལས་བ་ལང་གི་ལྡོག་པ་གང་ཡིན་པ་དེ་མེད་དོ། །གང་གི་ཕྱིར་དེ་
ལྟ་ཡིན་པ་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་ཕྱི་རོལ་གྱི་རང་གི་མཚན་ཉིད་ལ་གཏན་ནས་ལྡོག་པ་དང་ལྡོག་པ་དང་ལྡན་པ་དག་གི་དེ་ཁོ་ན་ཉིད་བཤད་པ་ཡིན་ཏེ། ལོག་པའི་རང་གི་མཚན་ཉིད་ཁོ་ན་ལོག་པའི་ངོ་བོ་ཡིན་པའི་ཕྱིར་རོ། །འདི་ནི་དངོས་སུ་སྒྲའི་དོན་མ་ཡིན་
མོད་ཀྱི། འོན་ཀྱང་སྨྲ་བ་པོ་དང་ཉན་པ་པོ་རྣམས་སྣང་བ་དང་། རྣམ་པར་བརྟག་པར་བྱ་བ་དོན་དག་གཅིག་ཏུ་བྱས་ནས་དེ་ལ་ཡང་སྒྲའི་དོན་ཉིད་དུ་མངོན་པའི་ང་རྒྱལ་བྱེད་པས་དེ་ཡང་སྐབས་འདིར་བསྟན་ཏོ། །ནམ་ཞིག་ཕྱིའི་དོན་ལ་བརྟེན་ནས་རྣམ་པར་རྟོག་པ་ལ་ཡོད་པའི་ཆོས་ཅན་
Vol. 176 · folio 72a
ཆོས་སྣ་ཚོགས་ཀྱི་རྟེན་ཉིད་དུ་ཡོངས་སུ་རྟོག་པར་བྱེད་པ་ན་དེ་ཉིད་སྒྲའི་དོན་ཡིན་པས་དེ་ཁོ་ན་ལ་གཞི་མཐུན་པ་ལ་སོགས་པ་ཡོད་ལ། སྒྲའི་དོན་དུ་གྱུར་པ་ཆོས་ཅན་དེ་ལས་ཀྱང་ལྡོག་པ་རྣམས་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་ཏེ། འདི་ནི་འོག་ནས་འཆད་
པར་འགྱུར་རོ། །གལ་ཏེ་ལྡོག་པ་དང་དེ་དང་ལྡན་པ་དག་ཐ་དད་པ་མེད་པ་ཇི་ལྟར་སྒྲ་དང་ཤེས་པ་ཐ་དད་དེ་འདི་ལྟར་དེའི་རྟ་མ་ཡིན་པ་ཉིད་ཅེས་བྱ་བའི་སྒྲ་ཡང་གཞན་ཡིན་ལ། རྟ་མ་ཡིན་པ་ཞེས་བྱ་བའི་སྒྲ་ཡང་གཞན་ཡིན་ནོ། །དེ་བཞིན་དུ་ཤེས་བྱ་ཡང་ཐ་དད་དེ། རྟ་མ་ཡིན་པ་ཉིད་ཅེས་
སྨྲ་ན་ནི་ཆོས་ཙམ་ཤེས་པར་འགྱུར་ལ། རྟ་མ་ཡིན་པ་ཞེས་སྨྲ་ན་ནི་ཆོས་ཅན་ཤེས་པར་འགྱུར་རོ་ཞེ་ན་དེའི་ཕྱིར། སྒྲ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་དང་ཆོས་ཅན་རྗོད་པར་བྱེད་པའི་སྒྲ་ལས་རྟོགས་པ་གང་ཡིན་པ་དེ་ནི་སྒྲས་རྟོགས་པའོ། །སྒྲ་དང་སྒྲ་རྟོགས་པ་ཞེས་མི་འདྲ་བ་
གཅིག་ལུས་པར་བྱས་པ་ཡིན་ཏེ། སྒྲའི་ཐ་དད་པ་དང་། སྒྲ་ལས་རྟོགས་པ་གང་ཡིན་པ་དེའི་ཐ་དད་པ་ཞེས་བྱ་བའི་ཐ་ཚིག་གོ། །བརྡ་ནི་མིང་དང་མིང་ཅན་འབྲེལ་པར་བྱེད་པ་སྟེ། དེའི་བྱེ་བྲག་གིས་ཡིན་ནོ། །བརྡའི་བྱེ་བྲག་ཀྱང་འོག་ཉིད་ནས་ཁྱད་པར་གཞན་ནི་སྤོང་བ་དང་ཞེས་བྱ་
བ་ལ་སོགས་པས་སྟོན་པར་འགྱུར་རོ། །བརྗོད་པར་བྱ་བ་ལ་ནི་ཐ་དད་པ་མེད་དོ་ཞེས་བྱ་བ་ནི་དངོས་སུ་ན་ཆོས་དང་ཆོས་ཅན་གྱི་སྒྲ་དག་གིས་ཞེས་བྱ་བ་ཁོ་ནས་དྲང་ངོ་། །གཞན་གྱིས་བརྗོད་པར་བྱ་བ་ཐ་དད་པ་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གལ་ཏེ་བརྗོད་པར་བྱ་བ་ཁྱད་པར་
མེད་ཀྱང་བརྡ་ཐ་དད་པ་ཅི་སྟེ་མི་རུང་ཞེ་ན། གཉི་གས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཆོས་དང་ཆོས་ཅན་གྱི་སྒྲ་གཉི་གས་དོན་གཅིག་བརྗོད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་གཉི་གས་བརྗོད་པར་བྱ་བ་གཅིག་ཡིན་ན་ནི་དེས་བརྡ་དོན་མེད་པ་ཡིན་ནོ། །དེ་ལྟ་ན་ཞེས་
བྱ་བ་ནི་ཆོས་དང་ཆོས་ཅན་དག་ཐ་མི་དད་ནའོ། །ཐ་དད་པར་འབྱེད་པ་ཞེས་བྱ་བ་ནི་ཐ་དད་པར་བརྗོད་པ་སྟེ། བ་ལང་གི་བ་ལང་ཉིད་ཅེས་བྱ་བ་དྲུག་པའོ། །དེ་ནི་ཞེས་བྱ་བ་ནི་ཐ་དད་པར་འབྱེད་པའི་རྣམ་པར་དབྱེ་བ་སྟེ། ཐ་དད་པ་ལ་བརྟེན་པའི་ཕྱིར་རོ། །གཞི་ཐ་དད་པ་ལ་བརྟེན་
Vol. 176 · folio 72b
ནས་འཇུག་པའི་ཕྱིར། དཔེར་ན་ལྷ་སྦྱིན་གྱིས་རིལ་བ་སྤྱི་བླུགས་ཞེས་བྱ་བ་ལྟ་བུའོ། །དེ་ལྟར་བརྡ་མེད་པ་དང་ཐ་དད་པར་འབྱེད་པའི་རྣམ་པར་དབྱེ་བ་མེད་པར་བརྒལ་བ་ལ་རེ་ཞིག་རྣམ་པར་དབྱེ་བ་མེད་པའི་ཉེས་པ་སྤངས་པའི་ཕྱིར་གཉི་གས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་དང་ཆོས་ཅན་
རྗོད་པར་བྱེད་པའི་སྒྲ་དག་གིས་དོན་གཅིག་ཅིག་བརྗོད་མོད་ཀྱི། བརྗོད་པར་བྱ་བ་ལ་བརྡས་ཐ་དད་པར་བྱས་པའི་ཤན་ཙམ་གྱི་ཁྱད་པར་ཡོད་པ་གང་ཡིན་པའི་རྒྱུ་དེ་ཡིན་གྱི་དོན་དམ་པར་དངོས་པོ་ཐ་དད་པའི་སྒོ་ནས་ནི་མ་ཡིན་ཏེ། རྣམ་དབྱེ་ཐ་དད་འབྱེད་པ་ཡིས་ཐ་དད་པར་རྗོད་པར་བྱེད་
པའི་དྲུག་པས་བཞིན་ཞེས་བྱ་བའི་སྒྲ་རིམ་པ་བཞིན་དུ་སྦྱར་བ་སྟེ། དོན་ཐ་དད་པ་བཞིན་དུ་སྒྲུབ་པར་བྱེད་ཅིང་སྟོན་པར་བྱེད་དོ། །དེ་ཉིད་སྒྲ་རྣམས་ཀྱི་འཇུག་པ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། ཡུལ་གྱི་རང་གི་ངོ་བོ་ལ་རག་ལས་པ་ཞེས་བྱ་བ་ནི་ཕྱི་རོལ་གྱི་རང་གི་མཚན་ཉིད་ལ་རག་ལས་
པའོ། །ཅིའི་ཕྱིར་ཞེ་ན། མེད་པ་དག་ལ་ཡང་འདོད་པས་སྐྱེས་བུའི་འདོད་པའི་དབང་གིས་འཇུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་དག་ཅེས་བྱ་བ་ནི་འདོད་པ་ལ་རག་ལས་ཏེ་འཇུག་པའི་སྒྲ་དག་གོ། །ཐ་དད་པ་ལ་ནི་དཔེར་ན་རྒྱལ་པོའི་མི་ཞེས་བྱ་བ་ལྟ་བུའོ། །ཐ་དད་པ་མ་ཡིན་
པ་ལ་ནི་དཔེར་ན་བདག་གི་ལྟ་བ་པོ་བདག་ཉིད་དོ་ཞེས་བྱ་བ་ལྟ་བུའོ། །ཇི་ལྟར་ཞེས་བྱ་བ་ནི་ཐ་དད་པར་སྟོན་པར་བྱེད་པའི་རྣམ་པ་གང་གིས་སོ། །དེ་ལྟར་སྦྱར་བ་ཞེས་བྱ་བ་ནི་དོན་ཐ་དད་མེད་ཀྱང་ཐ་དད་པ་ལྟ་བུ་ལ་བརྟེན་ནས་སྦྱར་བ་སྟེ། དོན་དེ་དངོས་པོའི་རང་གི་མཚན་ཉིད་ལ་ཐ་དད་
པ་མེད་ཀྱང་ཐ་དད་པ་ལྟ་བུར་གེགས་བྱེད་པ་མེད་པར་རབ་ཏུ་སྟོན་པར་བྱེད་དོ། །གང་གི་ཕྱིར་དེ་ལྟ་ཡིན་པ་རྒྱུ་དེའི་ཕྱིར་རོ། །བ་ལང་ཞེས་བྱ་བ་ཆོས་ཅན་རྗོད་པར་བྱེད་པ་བསྟན་ཏོ། །བ་ལང་ཉིད་ཅེས་བྱ་བ་ནི་ཆོས་རྗོད་པར་བྱེད་པ་བསྟན་ཏེ། འདི་གཉིས་ཀྱི་དོན་གཅིག་བརྗོད་མོད་ཀྱི།
ཁྱད་པར་འགའ་ཞིག་ཤེས་པར་བྱ་བའི་ཕྱིར་ཞེས་བྱ་བ་བ་ལང་མ་ཡིན་པ་ལས་ལྡོག་པའི་མཚན་ཉིད་བ་ལང་ཉིད་རབ་ཏུ་བསྟན་པའི་ཕྱིར་བ་ལང་ཉིད་ཀྱི་སྒྲས་བ་ལང་ཉིད་མ་ཡིན་པ་ལས་ལྡོག་པ་ཙམ་བསྟན་པར་བྱ་བ་ཡིན་ནོ་ཞེས་དེ་ལྟར་བརྡས་ཁྱད་པར་དུ་བྱས་ན། དོན་གཞན་མ་ཡིན་
Vol. 176 · folio 73a
ཡང་ཞེས་བྱ་བ་ཆོས་ཐ་དད་པ་མ་ཡིན་ཡང་ཐ་དད་པའི་དོན་ཅན་གྱི་རྣམ་པར་དབྱེ་བས། འདིའི་བ་ལང་ཉིད་ཅེས་བྱ་བའི་དྲུག་པས་ཏེ། གང་ལ་དོན་ཐ་དད་པ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །ཆོས་ཅན་ལས་ཆོས་དོན་ཐ་དད་པ་ལྟ་བུར་སྟོན་པར་སྣང་ངོ་། །ཅིའི་
ཕྱིར་ཞེ་ན། དེ་ལྟར་སྦྱོར་བ་མཐོང་བ་ལ་གོམས་པའི་ཕྱིར་ཏེ། ལྷ་སྦྱིན་གྱིས་རིལ་བ་སྤྱི་བླུགས་ཞེས་བྱ་བ་ལ་སོགས་པ་དངོས་པོ་ཐ་དད་པ་ལ་དྲུག་པ་སྦྱོར་བ་མཐོང་བ་ལ་གོམས་པའི་ཕྱིར་རོ། །འདི་སྐད་དུ་དངོས་པོ་ཐ་དད་ཡིན་ཡང་རུང་། འོན་ཏེ་མ་ཡིན་ཡང་རུང་སྟེ། ཡང་ཐ་དད་
པར་འབྱེད་པའི་རྣམ་པར་དབྱེ་བའི་འདོད་པ་ཙམ་གྱི་དོར་བྱེད་པས་ནི་སྦྱོར་བ་མཐོང་བ་གོམས་པ་ལས་སྒྲའི་དོན་ཐ་དད་པ་ལྟ་བུར་སྟོན་པར་བྱེད་པ་འབའ་ཞིག་ཏུ་ཟད་དོ་ཞེས་བཤད་པ་ཡིན་ནོ། །དེ་ཙམ་གྱིས་ཞེས་བྱ་བ་ནི་རྣམ་པར་དབྱེ་བའི་སྦྱོར་བ་ཙམ་གྱིས་སོ། །ཐམས་ཅད་ལ་ཞེས་བྱ་བ་ནི་
དོན་ཐ་མི་དད་པ་ལ་ཡང་ངོ་། །བ་ལང་གི་བ་ལང་ཉིད་ཅེས་བྱ་བ་ལ་སོགས་པ་ལ་དོན་དམ་པར་ཆོས་དང་ཆོས་ཅན་དག་ཐ་དད་པར་ཡང་མེད་དེ། འདི་ལྟར་དོན་ཐ་མི་དད་པ་གཞན་ལ་ཡང་སྐྱེས་བུའི་འདོད་པའི་དབང་གིས་ཐ་དད་པར་རྗོད་པར་བྱེད་པའི་སྒྲ་འཇུག་པ་ལ་གེགས་བྱེད་པ་མེད་པའི་
ཕྱིར་རོ། །ཕྱི་རོལ་གྱིས་བརྗོད་པར་བྱ་བ་དེ་ལྟ་བུར་མེད་བཞིན་དུ་ཡང་སྐྱེས་བུའི་འདོད་པའི་དབང་གིས་སྒྲ་རྣམས་འཇུག་པ་ལ་ཡང་མཐོང་བས། དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་གཅིག་ལ་སྐབས་འགའ་ཞིག་ཏུ་གཅིག་གི་ཚིག་སྟོན་ཏེ། དཔེར་ན་ཁྱོད་ཅེས་བྱ་བ་ལྟ་
བུའོ། །དེར་ཁྱད་པར་མེད་ཀྱང་གཅིག་པ་ཉིད་དུ་ཁྱད་པར་མེད་ཀྱང་དངོས་པོ་དེ་ཉིད་ལ་མང་པོའི་ཚིག་གིས་སྟོན་ཏེ། དཔེར་ན་ཁྱེད་ཅེས་ལྟ་བུའོ། །དེ་བས་ནི་གཅིག་ལ་ཡང་མང་པོའི་ཚིག་མཐོང་བའི་ཕྱིར་སྒྲ་རྣམས་འཇུག་པ་ཉིད་དོན་ཇི་ལྟ་བ་བཞིན་མ་ཡིན་ནོ་ཞེས་བྱ་བར་ཤེས་སོ། །
ཁ་ཅིག་ལྟར་ན་བླ་མ་ཁྱེད་ལ་ཞེས་བསྒྲེ་བའི་ཚིག་ལས་གཅིག་ལ་ཡང་མང་པོའི་ཚིག་སྦྱར་རོ་ཞེ་ན། འདི་ནི་བསམ་པར་བྱ་བ་ཡིན་ཏེ། ཅི་བསྒྲེ་བས་གཅིག་ལ་མང་པོ་ཉིད་དུ་བྱེད་དམ་འོན་ཏེ་ཅིའི་མང་པོའི་ཚིག་ཙམ་མ་ཐོབ་པ་ཐོབ་པར་བྱེད། རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ཏེ། ཚིག་ཙམ་
Vol. 176 · folio 73b
གྱིས་དངོས་པོ་རྣམས་བྱེད་པ་མི་སྲིད་པའི་ཕྱིར་རོ། །ཕྱོགས་གཉིས་པ་ལྟར་ན་ཡང་འདོད་པ་ཙམ་གྱིས་སྒྲ་རྣམས་འཇུག་གོ་ཞེས་བྱ་བ་གྲུབ་པ་ཁོ་ན་ཡིན་ཏེ། རེ་ཞིག་དེ་ལྟར་ན་ཐ་དད་པར་བྱེད་པའི་རྣམ་པར་དབྱེ་བ་མེད་པའི་ཉེས་པ་ཡོངས་སུ་སྤངས་པ་ཡིན་ནོ། །བརྡའི་བྱེ་བྲག་མེད་པའི་ཉེས་
པ་ཡོངས་སུ་སྤངས་པའི་ཕྱིར་དེ་ཉིད་ཉེ་བར་འགོད་པར་དགོས་པ་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་དང་ཆོས་ཅན་གྱི་སྒྲ་དག་གིས་གཅིག་ཅིག་བརྗོད་པའི་ཕྱིར་དགོས་པ་མེད་དོ་ཞེ་ན་དགོས་པ་དེ་ཡང་ཡོད་པ་ཁོ་ན་སྟེ། བ་ལང་ཉིད་ལ་ལྟོས་ནས་རྫས་ཉིད་དང་ས་
ལས་གྱུར་པ་ཉིད་ལ་སོགས་པ་ནི་ཁྱད་པར་གཞན་ནོ། །དེ་དག་སྤོང་བ་ནི་རང་གིར་མི་བྱེད་པའོ། །མི་སྤོང་བ་ནི་རང་གིར་བྱེད་པ་སྟེ། སྤོང་བ་དང་མི་སྤོང་བ་དེ་དག་ནི་གོ་རིམས་བཞིན་དུ་ཆོས་དང་ཆོས་ཅན་རྗོད་པར་བྱེད་པའི་སྒྲ་དེ་གཉིས་ཀྱི་བརྡའི་བྱེ་བྲག་ཁྱད་པར་ཇི་ལྟ་བུ་ཅན་ཞིག་གི་ཞེ་ན། རྟོག་
པ་པོའི་འདོད་པའི་རྗེས་སུ་བྱེད་པ་རྟོག་པར་བྱེད་པའི་འདོད་པའི་རྗེས་སུ་བྱེད་པ་གང་ཡིན་པ་དེའི་གཞི་དེ་རྒྱུ་ཡིན་ནོ། །འདི་སྐད་དུ་རིལ་པོ་གཅིག་ལ་རྟ་མ་ཡིན་པ་ཉིད་དང་། མ་ཧེ་མ་ཡིན་པ་ཉིད་ལ་སོགས་པ་ཁྱད་པར་གཞན་དག་ངེས་པར་ཡོད་མོད་ཀྱི་ཁྱད་པར་གཞན་ལ་མི་ལྟོས་པར་རྟ་རྣམ་པར་གཅོད་པའི་
མཚན་ཉིད་རྟ་མ་ཡིན་པ་ཉིད་ཙམ་ནི་རྟ་མ་ཡིན་པ་ཉིད་ཀྱི་སྒྲ་ཆོས་རྗོད་པར་བྱེད་པའི་བརྡའི་བྱེ་བྲག་གི་རྒྱུ་ཡིན་ལ། རྟ་མ་ཡིན་པ་དེ་ཁོ་ན་ཁྱད་པར་གཞན་ཡོངས་སུ་མ་སྤངས་པ་ནི་རྟ་མ་ཡིན་པ་ཉིད་ཀྱི་སྒྲ་ཆོས་ཅན་རྗོད་པར་བྱེད་པའི་བརྡའི་བྱེ་བྲག་གི་རྒྱུ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །དེ་ཉིད་
འགྲེལ་པས་གསལ་བར་བྱ་བའི་ཕྱིར་གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟོག་པར་བྱེད་པ་ཞེས་བྱ་བ་ནི་ཉན་པ་པའོ། །རྟ་དེ་ལས་གཞན་པ་མ་ཧེ་ལ་སོགས་པ་གང་ཡིན་པ་དེ་ལས་རྣམ་པར་གཅད་པ་ནི་མ་ཧེ་མ་ཡིན་པ་ཉིད་ལ་སོགས་པའོ། །དེ་ཡོད་པ་ལ་མི་ལྟོས་པར་ཏེ་ཡོད་པ་
ལ་ལྟོས་པ་མེད་པར་རོ། །གོང་བུའི་ཁྱད་པར་ལ་ཞེས་བྱ་བའི་བ་ལང་ལ་སྟེ། ཅི་འདི་ལ་རྟ་མ་ཡིན་པ་ཉིད་དམ་ཞེས་རྟ་རྣམ་པར་གཅད་པ་ཙམ་ཤེས་པར་འདོད་པ་ནའོ། །དེ་ལྟ་བུར་ཤེས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་རྟོག་པར་བྱེད་པ་པོ་དེ་ལྟར་ཤེས་པར་འདོད་པར་དེའི་ངོར་རྟ་ལས་
Vol. 176 · folio 74a
ཐ་དད་པ་ཙམ་དེ་ལྟ་བུ་ཤེས་པར་བྱ་བའི་ཕྱིར་རོ། །དེ་ལྟར་བརྡར་བྱས་པའི་སྒྲས་ཞེས་བྱ་བ་ནི་རྟ་རྣམ་པར་གཅད་པ་ཙམ་ཁྱད་པར་གཞན་སྤངས་པ་ལ་བརྡར་བྱས་པའི་རྟ་མ་ཡིན་པ་ཉིད་ཀྱི་སྒྲས་གོང་བུ་འདི་ལ་རྟ་མ་ཡིན་པ་ཉིད་ཡོད་དོ་ཞེས་རབ་ཏུ་ཤེས་པར་བྱེད་ཅིང་རབ་ཏུ་སྟོན་
པར་བྱེད་དོ། །རྟ་ལས་རྣམ་པར་གཅད་པ་རྟ་མ་ཡིན་པ་ཉིད་ཀྱང་ཡིན་པ་དེ་ལ་ལྟོས་ནས་མ་ཧེ་ལ་སོགས་པ་ལྡོག་པ་ན་རྣམ་པར་གཅད་པ་གཞན་ནོ། །དེ་དག་མི་འདོད་པ་མེད་པར་ཞེས་བྱ་བ་ནི་ལྟོས་པ་དང་བཅས་པར་ཏེ། རྟོག་པར་བྱེད་པའོ། །དེ་ཞེས་བྱ་བ་ནི་བ་ལང་གི་རིལ་པོ་སྟེ། རྟ་རྣམ་
པར་གཅད་པ་ཁྱད་པར་གཞན་མ་སྤངས་པ་དང་ལྡན་པའི་བ་ལང་གི་རྫས་ཤེས་པར་འདོད་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་རབ་ཏུ་བསྟན་པའི་ཕྱིར་རྣམ་པར་གཅད་པ་གཞན་ཡོངས་སུ་མ་སྤངས་པ་ལ་འདི་ནི་རྟ་མ་ཡིན་པ་ཡིན་ནོ་ཞེས་སྒྲ་རབ་ཏུ་སྦྱར་རོ་ཞེས་བྱ་བ་ནི་གང་གིས་མ་ཧེ་ལ་སོགས་པ་
རྣམ་པར་གཅད་པ་གཞན་དག་ཡོངས་སུ་མ་སྤངས་པའི་ཁྱད་པར་གཞན་དག་ཡོངས་སུ་མ་སྤངས་པ་དེ་ལ་སྟེ། རྟ་རྣམ་པར་གཅད་པ་དེ་ཉིད་ལ་སྨྲ་བ་པོས་འདི་ནི་རྟ་མ་ཡིན་པ་ཡིན་ནོ་ཞེས་ཆོས་ཅན་རྗོད་པར་བྱེད་པའི་སྒྲ་རབ་ཏུ་སྦྱོར་རོ། །ཅིའི་ཕྱིར་རབ་ཏུ་སྦྱོར་བར་བྱེད་ཅེ་ན། དེ་ལྟར་རབ་ཏུ་
བསྟན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། རྟ་རྣམ་པར་གཅད་པ་ཁྱད་པར་གཞན་མ་སྤངས་པ་རབ་ཏུ་བསྟན་པའི་ཕྱིར་རོ། །གཞན་དག་ནི་དེ་ལྟར་རབ་ཏུ་བསྟན་པའི་ཕྱིར་རྟ་རྣམ་པར་གཅད་པ་ཁྱད་པར་གཞན་མ་སྤངས་པ་དེ་ཉིད་རབ་ཏུ་སྦྱར་རོ་ཞེས་འདོན་ཏོ། །དེའི་ཚེ་ཡང་དོན་ནི་འདི་ཡིན་ཏེ། འདི་
ནི་རྟ་མ་ཡིན་པ་ཡིན་ནོ་ཞེས་བྱ་བ་ཆོས་ཅན་བརྗོད་པའི་སྒྲ་འདིས་རྟ་རྣམ་པར་གཅད་པ་ཁྱད་པར་གཞན་མ་སྤངས་པ་དེ་ཉིད་རབ་ཏུ་སྦྱོར་རོ། །གང་གི་ཕྱིར་ཞེ་ན། དེ་ལྟར་རབ་ཏུ་བསྟན་པའི་ཕྱིར་ཏེ་ཁྱད་པར་གཞན་མ་སྤངས་པ་རབ་ཏུ་བསྟན་པའི་ཕྱིར་རོ། །གང་གི་ཕྱིར་ཆོས་རྗོད་པར་བྱེད་པའི་སྒྲ་
ཁྱད་པར་གཞན་སྤངས་པ་ཡིན་པ་དེ་ཉིད་ཀྱི་ཕྱིར་སྔ་མ་ལས་ཞེས་བྱ་བ་ནི་ཆོས་བརྗོད་པའི་སྒྲ་ལའོ། །སྒྲ་རྒྱུ་མཚན་ཐ་དད་པ་ཅན་དག་གཞན་གཅིག་ལ་འཇུག་པ་ནི་གཞི་མཐུན་པ་ཉིད་དོ། །རྣམ་པར་གཅད་པར་བྱ་བ་དང་། རྣམ་པར་གཅོད་པར་བྱེད་པའི་ངོ་བོ་ནི། ཁྱད་པར་དང་ཁྱད་པར་གྱི་གཞིའི་དངོས་
Vol. 176 · folio 74b
པོའོ། །དཔེར་བརྗོད་པ་འདིའི་བ་ལང་ཉིད་དཀར་པོའོ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་སྨོས་ཏེ། དེ་ལྟར་ན་ཆོས་ཙམ་ལ་འཇུག་པ་འདི་དག་དང་གཞི་མཐུན་པ་ཉིད་ཀྱང་མ་ཡིན་ལ་ཁྱད་པར་དང་ཁྱད་པར་གྱི་གཞིའི་དངོས་པོ་ཡང་མ་ཡིན་ནོ། །ཅིའི་ཕྱིར་གཞི་མཐུན་པ་ཉིད་མ་ཡིན་ཞེ་ན། དེ་ཙམ་
གྱི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། བློ་ལ་སྣང་བའི་དོན་ཁོ་ན་ལ་གཞི་མཐུན་པ་ཉིད་ལ་སོགས་པ་ཡོད་ཀྱི། ཕྱི་རོལ་གྱི་རང་གི་མཚན་ཉིད་ལ་ནི་མ་ཡིན་ཏེ། དེ་ནི་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ཆོས་གཉིས་དང་ལྡན་པའི་ཆོས་ཅན་གཅིག་
སྣང་བ་སྒྲ་གཉིས་ཀྱིས་བསྐྱེད་པའི་བློ་གཅིག་སྐྱེ་ན་ནི་གཞི་མཐུན་པ་ཉིད་དུ་འགྱུར་བ་ཞིག་ན། འདི་ལ་ནི་དེ་ཙམ་གྱི་ཁྱད་པར་གྱིས་ཁྱད་པར་གཞན་སྤངས་པ། བ་ལང་ཉིད་ཙམ་གྱི་ཁྱད་པར་གྱིས་ཉེ་བར་བསྒྲུབ་པའི་བློས་བ་ལང་ཉིད་ཅེས་བྱ་བའི་སྒྲ་དེ་ལས་བྱུང་བ་དེའི་རྟེན་དུ་གྱུར་པར་ཞེས་བྱ་བ་གཞི་
མཐུན་པ་ཉིད་ཀྱི་རྟེན་དུ་གྱུར་པར་གཅིག་པ་ཉིད་དུ་མི་སྣང་བའི་ཕྱིར་ཏེ་བློ་བ་ལང་ཉིད་དང་དཀར་པོ་ཉིད་དག་དང་ལྡན་པའི་ཆོས་ཅན་གཅིག་འཛིན་པ་ཉིད་དུ་མི་སྣང་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་འདི་ལ་བ་ལང་ཉིད་ཅེས་བྱ་བར་སྦྱོར་བ་ནི་བློ་ཆོས་དཀར་པོའི་ངོ་བོ་ཤེས་པར་བྱེད་པར་སྐྱེ་སྟེ། དེའི་
ཕྱིར་གཞི་མཐུན་པ་ཉིད་མ་ཡིན་ནོ། །ཆོས་གཞན་སྤངས་པ་ཁོ་ནས་བློ་དེ་ལས་གཞན་པའི་ཁྱད་པར་འདོད་པ་མེད་པའི་ཕྱིར་ཁྱད་པར་དང་ཁྱད་པར་གྱི་གཞིའི་དངོས་པོ་ཡང་མ་ཡིན་ནོ། །གཉིས་པ་ཆོས་ཅན་བརྗོད་པའི་སྒྲའི་ཕྱོགས་ལ་ནི་གཞི་མཐུན་པ་ཉིད་དང་། ཁྱད་པར་དང་ཁྱད་པར་གྱི་
གཞིའི་དངོས་པོ་ཡོད་དེ་བ་ལང་དཀར་པོའོ་ཞེས་བྱ་བ་ལྟ་བུའོ། །གཞི་མཐུན་པ་ཉིད་ཀྱི་གཏན་ཚིགས་སུ་དེ་ལྟ་བུའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་བུའི་བརྡའི་རྗེས་སུ་འབྲང་བའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་གཅད་པར་ཁྱད་པར་གཞན་མ་སྤངས་པ་ལ་ཆོས་ཀྱི་སྒྲར་བརྡར་གདགས་པའི་རྗེས་
སུ་འབྲང་བའི་རྒྱུས་སོ། །རྣམ་པར་གཅད་པའི་ཆོས་ནི་རྣམ་པར་གཅད་པའི་བདག་ཉིད་ཀྱི་ཆོས་སོ། །བསྡུས་པ་ནི་ཆོས་ཅན་གཅིག་ལ་སྦྱོར་བ་སྟེ། དེ་དག་ནི་རྣམ་པར་གཅད་པའི་ཆོས་མཐའ་དག་ཀྱང་ཡིན་ལ་བསྡུས་པ་ཡང་ཡིན་པས་ཞེས་ལས་འཛིན་པ་ཅན་དུ་བྱ་སྟེ། ཆོས་རྒྱུར་གྱུར་
Vol. 176 · folio 75a
པ་དེ་དག་གིས་སོ། །རྣམ་པར་དབྱེ་བ་དང་ལྡན་པ་ཞེས་བྱ་བ་ནི་ཆོས་དུ་མ་རྣམ་པར་དབྱེ་བ་དང་ལྡན་པའི་ཆོས་ཅན་ནོ། །གཅིག་པ་ལྟ་བུར་སྟོན་ཅིང་རབ་ཏུ་སྟོན་པར་བློ་སྣང་བའི་ཕྱིར་ཏེ། བློ་ཆོས་ཅན་དུ་མ་དང་ལྡན་པའི་ཆོས་ཅན་གཅིག་པ་ལྟ་བུར་སྟོན་པར་སྣང་ངོ་ཞེས་བྱ་
བའི་ཐ་ཚིག་གོ། །བློ་ལ་སྣང་བས་བསྟན་པའི་ཆོས་ཅན་དངོས་སུ་གཅིག་པ་ནི་མ་ཡིན་ཏེ། རྣམ་པར་རྟོག་པས་སྤྲུལ་པའི་ཆོས་དང་ཆོས་ཅན་རྣམ་པར་དབྱེ་བ་ནི་བརྫུན་པའི་ཕྱིར་རོ། །གཞན་དག་ནི་གཅིག་ཁོ་ནར་ཞེས་འདོན་ཏེ། དེར་ཡང་རྟོག་པར་བྱེད་པ་པོའི་བསམ་པའི་དབང་གིས་དེ་སྐད་
དུ་བཤད་དོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །དེའི་ཕྱིར་གཞི་མཐུན་པ་ཉིད་དུ་གྲུབ་པ་ཡིན་ནོ། །གང་གི་ཕྱིར་ཆོས་ཅན་གྱི་སྒྲ་ཁྱད་པར་གཞན་མ་སྤངས་པར་འཇུག་པ་དེའི་ཕྱིར་བློ་ཁྱད་པར་གཞན་མ་སྤངས་པ་ལ་ལྟོས་པའི་ཕྱིར་ཁྱད་པར་དང་ཁྱད་པར་གཞིའི་དངོས་པོར་ཡང་འགྱུར་ཏེ།
ཅི་བ་ལང་དཀར་རམ་སྔོ་ཞེས་བྱ་བ་ལྟ་བུའོ། །ཀུན་ལ་ཞེས་བྱ་བ་ནི་སྤྱི་དང་སྤྱི་དང་ལྡན་པ་དང་ཡོན་ཏན་དང་ཡོན་ཏན་དང་ལྡན་པ་དང་། བྱ་བ་དང་བྱ་བ་དང་ལྡན་པའི་ཡུལ་ཐམས་ཅད་ལའོ། །རྫས་བརྗོད་པ་ནི་ཆོས་ཅན་བརྗོད་པའོ། །དངོས་པོ་བརྗོད་པ་ནི་ཆོས་བརྗོད་པ་སྟེ། རྫས་དངོས་པོ་
བརྗོད་པའི་སྒྲ་དག་གི་ཁྱད་པར་ནི་ཆོས་གཞན་སྤོང་བ་དང་མི་སྤོང་བའི་མཚན་ཉིད་འདི་ཉིད་ཡིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་པའི་རྒྱུ་དེའི་ཕྱིར་དོན་དམ་པར་རྫས་དང་དངོས་པོའི་སྒྲ་དེ་དག་གིས་བརྗོད་པ་ལ་ཁྱད་པར་འགའ་ཡང་ཡོད་མ་ཡིན་ཏེ་དེ་ཉིད་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པས་སྟོན་
ཏེ། །ངེས་པའི་ཤེས་པའི་ཡུལ་གྱི་རྒྱུ་ཉིད་དུ་ཁྱད་པར་འགའ་ཡང་མེད་དེ་འདི་ལྟར་ཇི་ལྟར་བ་ལང་ཉིད་ཅེས་བརྗོད་ན། བ་ལང་མ་ཡིན་པ་རྣམ་པར་གཅད་པ་དེ་ཁོ་ནར་ངེས་པར་འགྱུར་བ་ལྟར་བ་ལང་ཞེས་བརྗོད་ན་ཡང་དེ་དང་འདྲའོ། །བ་ལང་མ་ཡིན་པ་རྣམ་པར་གཅད་པ་ཁྱད་པར་
གཞན་མ་སྤངས་པ་བརྗོད་མོད་ཀྱི། འོན་ཀྱང་བ་ལང་མ་ཡིན་པ་རྣམ་པར་གཅད་པ་ཙམ་དུ་ངེས་པར་འགྱུར་གྱི། ཁྱད་པར་གཞན་རྣམས་ཀྱི་མི་སྤོང་བ་ཙམ་དུ་ཟད་དོ། །སྒྲ་ལས་གང་དུ་ངེས་པར་འགྱུར་བ་དེ་ཉིད་སྒྲའི་དོན་ཡང་ཡིན་པས། དངོས་པོ་དང་རྫས་བརྗོད་པའི་སྒྲ་དག་གིས་བརྗོད་
Vol. 176 · folio 75b
པར་བྱ་བ་ལ་ནི་ཁྱད་པར་མེད་ཀྱི་ཁྱད་པར་གཞན་སྤོང་བ་དང་མི་སྤོང་བ་ཙམ་ཞིང་ཐ་དད་པར་ཟད་དོ། །དེ་ཉིད་གཅིག་གིས་ནི་ཞེས་བྱ་བ་ལ་སོགས་པ་སྟོན་ཏེ། གཅིག་གིས་ཞེས་བྱ་བ་ནི་ཆོས་ཅན་ཞེས་བྱ་བའི་སྒྲས་སོ། །དེ་ཉིད་ཅེས་བྱ་བ་ནི་བ་ལང་མ་ཡིན་པ་རྣམ་པར་གཅད་པའོ། །ཆོས་ཞེས་
བྱ་བའི་སྒྲ་གང་གིས་ཁྱད་པར་གཞན་སྤང་བ་དེ་ལ་དེ་སྐད་ཅེས་བྱའོ། །གཞན་གྱིས་ཞེས་བྱ་བ་ནི་ཆོས་ཅན་གྱི་སྒྲས་སོ། །གང་གི་ཕྱིར་ཐམས་ཅད་དུ་ཁྱད་པར་གཞན་སྤོང་བ་དང་མི་སྤོང་བ་ཙམ་གྱིས་བྱས་པའི་ཁྱད་པར་གྱི་བག་ཙམ་གྱིས་ཆོས་དང་ཆོས་ཅན་དུ་རྣམ་པར་གཞག་གི་དངོས་པོ་
ཐ་དད་པའི་སྒོ་ནས་ནི་མ་ཡིན་པ་དེའི་ཕྱིར་ཁྱད་པར་གཞན་སྤོང་བ་དང་མི་སྤོང་བའི་མཚན་ཉིད་ཀྱི་དོན་དེ་ཤེས་པར་བྱེད་འདོད་པས་ཤེས་པར་བྱ་བར་འདོད་པས་དེ་ལ་ཕན་པའི་རྐྱེན་གྱིས་མཐའ་ཅན་ནམ་བྱེད་པ་དང་ལྡན་པ་བྱེད་པ་དང་ལྡན་པ་ཞེས་བྱ་བའི་རྐྱེན་གྱིས་མཐའ་ཅན་ནམ་གལ་ཏེ་བྱེད་པ་དང་ལྡན་པ་
དང་། དེ་ལ་ཕན་པ་ལ་མ་གཏོགས་པ་གཞན་ཡིན་བྱེད་ཀྱི་མཐའ་ཅན་ནམ་སྒྲ་བྱེ་བྲག་ཏུ་བཤད་དུ་མེད་པ་གཞན་དཀར་པོ་ཞེས་བྱ་བ་ལ་སོགས་པས་བརྗོད་ཀྱང་རུང་སྟེ་ཁྱད་པར་གཞན་སྤོང་བ་དང་། མི་སྤོང་བའི་མཚན་ཉིད་ཀྱི་ཁྱད་པར་དེ་ལས་ཁྱད་པར་གཞན་མེད་དོ། །དེ་ཉིད་ཁྱད་པར་
དེ་ཙམ་དེ་ཁོ་ན་ཞེས་བྱ་བ་ལ་སོགས་པ་སྟོན་ཏེ། དེ་ཙམ་ཞེས་བྱ་བ་ནི་ཁྱད་པར་གཞན་སྤངས་པའི་མཚན་ཉིད་དོ། །དེ་ལྟ་བུ་ཤེས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཁྱད་པར་གཞན་སྤངས་པ་ཤེས་པར་བྱ་བའི་ཕྱིར་རོ། །བྱེད་པ་དང་ལྡན་པས་སྟོན་ཀྱང་རུང་ཞེས་བྱ་བར་སྦྱར་རོ། །གང་གི་ཚེ་འཚེད་ཅེས་
བྱ་བ་བྱེད་པ་པོ་ལ་གནས་པའི་བྱ་བ་རྟེན་འཛུགས་པ་ལ་སོགས་པ་གནས་ལ། དེ་ཉིད་ལ་ཐོགས་བྱེད་ཀྱི་རྐྱེན་སྦྱོར་བ་དེའི་ཚེ་ནི་འཚེད་པ་ཞེས་བྱ་བའི་སྒྲ་གཅད་པ་ཉིད་ཀྱི་སྒྲ་དང་གཞི་མཐུན་པ་ཡིན་པས་དེ་གཉི་ག་ཡང་འཚེད་པ་མ་ཡིན་པ་རྣམ་པར་གཅད་པ་ཁྱད་པར་གཞན་སྤངས་པ་སྟོན་པར་
བྱེད་པ་ཡིན་ནོ། །གང་གི་ཚེ་འཚེད་ཅེས་བྱ་བའི་དོན་ལས་གནས་པར་འགྱུར་བ་ཡིན་པ་དེའི་ཚེ་ནི་འཚེད་པ་ཉིད་དང་འཚེད་པ་ཞེས་བྱ་བའི་སྒྲ་དག་དོན་ཐ་དད་པ་ཡིན་ནོ། །རང་གིས་བྱས་པའི་གཞུང་ལུགས་བྱེད་པ་དང་ལྡན་པ་དང་དེ་ལ་ཕན་པ་ལ་མ་གཏོགས་པ་གཞན་ཡིན་བྱེད་ཀྱི་མཐའ་
Vol. 176 · folio 76a
ཅན་ལ་སོགས་པས་སྟོན་ཀྱང་རུང་ཞེས་བྱ་བར་སྦྱར་ཏེ། དཔེར་ན་ལྷ་སྦྱིན་གྱིས་ཉལ་ཞེས་བྱ་བ་དང་། རས་ཡུག་གི་དཀར་པོ་ཞེས་བྱ་བ་འདི་ལ་ཡང་ཉལ་བ་པོ་ཞེས་བྱ་བའི་སྒྲའི་དོན་གང་ཡིན་པ་དེ་ཉིད་ཉལ་བ་ཞེས་བྱ་བ་ཁྱད་པར་གཞན་སྤངས་པའི་དོན་ཡང་ཡིན་ལ་དེ་བཞིན་དུ་རས་
ཡུག་དཀར་པོ་ཞེས་བྱ་བའི་དོན་དཀར་པོ་མ་ཡིན་པ་རྣམ་པར་བཅད་པ་ཁྱད་པར་གཞན་མ་སྤངས་པ་གང་ཡིན་པ་དེ་ཉིད་རས་ཡུག་གི་དཀར་པོ་ཞེས་བྱ་བ་ཁྱད་པར་གཞན་སྤངས་པའི་དོན་ཡང་ཡིན་པ་ལྟ་བུའོ། །དེ་སྐད་དུ་བརྗོད་པ་ཙམ་གྱིས་ནི་ཞེས་བྱ་བ་ནི་ཆོས་ཅན་གཅིག་ལ་ཡོད་པའི་རྣམ་པར་
གཅད་པ་ཁྱད་པར་གཞན་སྤངས་པ་དང་མ་སྤངས་པ་བརྗོད་པ་ཙམ་གྱིས་ཏེ། དངོས་པོ་གཅིག་པོ་དེ་དོན་དམ་པར་དོན་གཞན་པ་ཉིད་དུ་ཆོས་དང་ཆོས་ཅན་གྱི་ངོ་བོར་རྣམ་པར་ཕྱེ་བ་ཉིད་དུ་ནི་མི་འགྱུར་ཞེས་སྦྱར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟ་བུ་ཁོ་ན་ལ་ཁྱད་པར་གཞན་སྤངས་པ་དང་མ་
སྤངས་པ་ཅིག་ཁོ་ན་ཤེས་པར་བྱ་བའི་ཕྱིར་ཆོས་དང་ཆོས་ཅན་གྱི་སྒྲ་བརྡར་བྱས་པའི་ཕྱིར་རོ། །གཞན་གྱིས་འཚེད་པ་ཉིད་ཅེས་བྱ་བ་ནི་འབྲེལ་པ་ལ་བྱ་བ་མ་ཡིན་ནམ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འབྲེལ་པ་ལ་ཞེས་བྱ་བ་ནི་འཚེད་པའི་བྱ་བ་དང་། འཚེད་པར་བྱེད་པའི་བྱེད་པ་པོ་
འདུ་བའི་མཚན་ཉིད་ཀྱི་འབྲེལ་པ་ཡིན་ཏེ། འདི་ལྟར་བྱེད་པ་དང་ལྡན་པའི་མཐའ་ཅན་ལས་ནི་དངོས་པོའི་རྐྱེན་འབྲེལ་པ་རྗོད་པར་བྱེད་པར་འདོད་དེ། ཇི་སྐད་དུ་ཚིག་བསྡུ་བ་དང་བྱེད་པ་དང་ལྡན་པ་དང་དེ་ལ་ཕན་པ་དག་ལ་ནི་འབྲེལ་པ་བརྗོད་དོ་ཞེས་བཤད་པ་དེ་ལྟ་བུ་སྟེ། འཚེད་པ་ཞེས་བྱ་
བའི་སྒྲ་ཡང་། བྱེད་པ་དང་ལྡན་པའི་མཐའ་ཅན་ཡིན་ནོ། །འཚེད་པ་ཞེས་བྱ་བའི་བདག་ཉིད་ཁོ་ན་འཆད་པ་ཉིད་ཅེས་བྱ་བའི་སྒྲས་བརྗོད་པ་མ་ཡིན་ནོ། །འདི་སྐད་དུ་བྱ་བ་ཡང་བྱེད་པ་པོ་ལ་མ་གཏོགས་པ་གཞན་ཁོ་ན་ཡིན་ཞིང་བྱེད་པ་པོ་ཡང་གཞན་ཡིན་ལ་དེ་གཉིས་ཀྱི་འབྲེལ་པ་
ཡང་གཞན་ཁོ་ན་ཡིན་ནོ། །དེའི་ཕྱིར་འཚེད་ཅེས་བྱ་བས་བྱེད་པ་པོ་ལ་གནས་པའི་བྱ་བ་བརྗོད་དུ་ཟིན་ཀྱང་འཚེད་པ་དང་འཚེད་པ་ཉིད་ཀྱི་སྒྲ་དག་གིས་དོན་འདྲ་བ་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ།། །།བམ་པོ་བརྒྱད་པ། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པས་ནི་ལན་
Vol. 176 · folio 76b
འདེབས་པས་ཏེ། འཚེད་པ་པོ་ཞེས་བྱ་བའི་སྒྲས་ནི་བྱེ་བྲག་པ་རྣམས་ཀྱིས་ཇི་སྐད་དུ་གང་ལ་བྱ་བ་དང་བྱེད་པ་པོ་འབྲེལ་པ་དངོས་པོར་གྱུར་པ་ཡོད་པ་བྱེད་པ་པོ་བྱ་བ་ལ་མ་གཏོགས་པ་རང་དབང་ཅན་ཡོད་དོ་ཞེས་བརྗོད་པ་ལྟ་བུར་འཚེད་པ་བྱེད་པ་པོ་ལ་གནས་པའི་བྱ་བ་དངོས་པོར་གྱུར་པ་དང་ལྡན་པའི་བྱེད་པ་པོ་
གཞན་འགའ་ཁོ་ན་ཞིག་རྗོད་པར་བྱེད་པ་ནི་མ་ཡིན་ཏེ། བྱ་བ་ལ་མ་གཏོགས་པའི་བྱེད་པ་པོ་རང་དབང་ཅན་དེ་དགག་པར་བྱ་བ་ཡིན་པའི་ཕྱིར་རོ། །གལ་ཏེ་བྱ་བའམ་བྱེད་པ་པོ་ཐ་དད་པ་མེད་ན་གང་ཞིག་དངོས་པོའི་རྐྱེན་གྱིས་བརྗོད་པར་བྱ་བ་འབྲེལ་པ་ལྟ་ཞིག་ཡོད་རེ་སྐན་སྙམ་དུ་བསམས་པ་
ཡིན་ནོ། །འདིའི་བརྗོད་པར་བྱ་བ་གང་ཡིན་པ་ཞེས་བྱ་བ་ནི་འཚེད་པ་པོ་ཞེས་བྱ་བའི་སྒྲའི་བརྗོད་པར་བྱ་བའི་འཚེད་པ་པོ་མ་ཡིན་པ་རྣམ་པར་གཅད་པ་ཁྱད་པར་གཞན་མ་སྤངས་པའི་དངོས་པོ་ཙམ་མོ། །འཚེད་པ་པོ་ཞེས་བྱ་བའི་སྒྲས་བརྗོད་པར་བྱ་བ་དེ་ཉིད་འཚེད་པ་ཉིད་ཅེས་བྱ་བས་ཀྱང་བརྗོད་དོ་
ཞེས་བྱ་བ་ཁོ་ནས་དྲངས་ཏེ། དེ་ཉིད་ཁྱད་པར་གཞན་སྤངས་པ་བརྗོད་པའི་ཕྱིར་རོ། །འབྲེལ་པ་བརྗོད་པ་ནི་མ་ཡིན་ཏེ་དེ་ནི་མེད་པའི་ཕྱིར་རོ། །འཚེད་པ་ཉིད་ཅེས་བྱ་བའི་སྒྲས་བརྗོད་པར་བྱ་བ་ཇི་སྐད་དུ་བཤད་པ་དེ་ཉིད་འཚེད་པ་ཞེས་བྱ་བའི་སྒྲས་ཀྱང་རྗོད་པར་བྱེད་དོ། །རྣམ་པར་འཆད་པ་
གཞན་ནི་གཞན་སེལ་བར་སྨྲ་བའི་ཕྱོགས་ལ་ནི་གཞན་གྱིས་ཇི་སྐད་དུ་བརྗོད་པ་ལྟ་བུར་འཚེད་པ་ཞེས་བྱ་བ་འཚེད་པ་ཞེས་བྱ་བའི་སྒྲས་འཚེད་པ་པོ་བྱ་བ་གཞན་གྱི་རྟེན་དུ་གྱུར་པ་གཞན་འགའ་ཁོ་ན་ཞིག་བརྗོད་པར་བྱ་བ་ནི་མ་ཡིན་ཏེ། བྱ་བ་དང་བྱེད་པ་པོ་འབྲེལ་པའི་རྐྱེན་དུ་གྱུར་པ་གང་ཡིན་པ་དེ་མ་གྲུབ་
པའི་ཕྱིར་རོ། །འོན་ཀྱང་ཁྱད་པར་གཞན་སྤོང་བས་འཚེད་པ་པོ་མ་ཡིན་པ་ལས་ལྡོག་པ་ཁོ་ན་བརྗོད་དོ། །དེ་ཉིད་འདིའི་བརྗོད་པར་བྱ་བ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྟོན་ཏེ། འདིའི་ཞེས་བྱ་བ་ནི་འཚེད་པ་ཞེས་བྱ་བའི་སྒྲའིའོ། །བརྗོད་པར་བྱ་བ་གང་ཡིན་པ་ཞེས་བྱ་བ་ནི་
འཚེད་པ་པོ་མ་ཡིན་པ་ལས་ལྡོག་པའི་མཚན་ཉིད་ཁྱད་པར་གཞན་མ་སྤངས་པའོ། །དེ་ནི་བསྟན་མ་ཐག་པ་ཡིན་ཏེ། འཚེད་པ་པོའི་སྒྲས་བརྗོད་པར་བྱ་བ་དེ་ཉིད་འཚེད་པ་ཉིད་ཀྱི་སྒྲས་ཀྱང་བརྗོད་ཀྱི་འབྲེལ་པ་ནི་མ་ཡིན་ཏེ། དེ་མ་གྲུབ་པའི་ཕྱིར་རོ། །རྟིང་མི་ཚུགས་པ་ནི་དངོས་པོའི་སྟོབས་
Vol. 176 · folio 77a
ཀྱིས་འོངས་པ་མ་ཡིན་པ་སྟེ། དེ་ཉིད་ཀྱི་ཕྱིར་ལོག་པ་རྣམ་པར་རྟོག་པའོ། །ཡང་བྱ་བ་ཐ་དད་པའམ། དེ་དག་གི་འདུ་བ་མེད་པ་ཇི་ལྟར་ཤེས་ཤེ་ན། དེའི་ཕྱིར་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་གི་འདུ་བ་ཞེས་བྱ་བ་ནི་བྱ་བ་དང་བྱེད་པོའིའོ། །གང་གི་
ཕྱིར་ལྡོག་པ་དང་ལྡོག་པ་དང་ལྡན་པ་དག་ཐ་དད་པ་མ་ཡིན་པའི་རྒྱུ་དེའི་ཕྱིར་གཞན་སེལ་ཡུལ་ལ་ནི། དེ་དང་ལྡན་པའི་ཕྱོགས་སྒྲ་དག་གིས་རིགས་དང་ལྡན་པ་བརྗོད་དོ་ཞེས་བྱ་བ་དེ་ལ་སྐྱོན་ཡོད་པ་གང་ཡིན་པ་དེ་བཞིན་སེལ་བ་ལ་ཡོད་དོ་ཞེས་བྱ་བ་དེ་ལྡན་ཕྱོགས་ལ་བརྗོད་པ་བསལ་ཏེ། འདི་
ལྟར་རིགས་དང་དེ་དང་ལྡན་པ་དག་ཐ་དད་པ་ཉིད་དུ་ཁས་ལེན་ན་དེ་དང་ལྡན་པའི་ཕྱོགས་ལ་བརྗོད་པའི་ཉེས་པར་འགྱུར་རོ། །དེས་ཁྱད་པར་དུ་བྱས་པ་ཞེས་བྱ་བ་ནི་གཞན་སེལ་བས་ཁྱད་པར་དུ་བྱས་པའི་དོན་སྒྲ་དག་གིས་བརྗོད་པའི་ཕྱིར་རོ། །དེ་དང་ལྡན་པའི་ཕྱོགས་ལ་བརྗོད་པ་ཞེས་བྱ་བ་
ནི་དེ་དང་ལྡན་པའི་ཕྱོགས་ལ་བརྗོད་པ་གང་ཡིན་པ་སྟེ། ཇི་ལྟར་སྤྱི་བརྗོད་ནས་དེ་དང་ལྡན་པ་ལ་འཇུག་པའི་སྒྲ་རང་དབང་མེད་པར་འགྱུར་རོ། །དེས་ན་སྒྲ་འཇུག་པའི་རྒྱུ་མཚན་དུ་གྱུར་པ་སྤྱིས་དབང་དུ་བྱས་པའི་སྒྲས་བསལ་བ་ལ་ཡོད་པའི་ཁྱད་པར་གཞན་མ་འཕངས་པའི་ཕྱིར་དེ་དག་དང་
གཞི་མཐུན་པ་ཉིད་དུ་ཡང་མི་འགྱུར་ལ། དེ་དང་ལྡན་པ་ལ་སྒྲ་འཇུག་པ་ལ་ཡང་ཉེ་བར་བཏགས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་ཉེས་པར་འགྱུར་བ་དེ་བཞིན་དུ་ལྡོག་པ་བརྗོད་ནས། དེ་དང་ལྡན་པ་ལ་འཇུག་པའི་སྒྲ་ཡང་རང་དབང་མེད་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་
དུ་ཐལ་བར་འགྱུར་རོ་ཞེས་གྲགས་པ་གང་ཡིན་པ་དེ་དང་ལྡན་པའི་ཕྱོགས་ལ་བརྗོད་པ་དེ་ཡང་འདིས་ཞེས་བྱ་བ་ལ་ལྡོག་པ་དང་ལྡོག་པ་དང་ལྡན་པ་དག་གཞན་མ་ཡིན་པ་ཉིད་ཀྱིས་བསལ་ཅིང་སྤངས་པ་ཡིན་ནོ་འདི་ལྟར་དེ་དག་དང་ལྡན་པའི་ཕྱོགས་དེ་ལ་ནི་དོན་གཞན་ལ་བརྟེན་ནས་སྤྱི་དངོས་
པོར་གྱུར་པ་ལ་བརྟེན་ནས། དེ་དང་ལྡན་པའི་དོན་གཞན་ལའོ། །སྤྱི་དང་ལྡན་པ་དངོས་སུ་མི་བརྗོད་པའི་ཕྱིར་རང་དབང་མེད་པ་ཡིན་ཏེ། སོགས་པ་ཞེས་བྱ་བའི་སྒྲས་ནི་གཞི་མཐུན་པ་ཉིད་མ་ཡིན་པ་དང་། ཉེ་བར་བཏགས་པའི་ཉེས་པ་བསྡུའོ། །གཞན་པ་སེལ་བའི་
Vol. 176 · folio 77b
ཕྱོགས་ལ་ནི་ལྡོག་པ་དང་ལྡོག་པ་དང་ལྡན་པ་དག་གཅིག་པའི་ཕྱིར་དོན་གཞན་ལ་བརྟེན་ནས་དོན་གཞན་ལ་སྒྲ་འཇུག་པ་མ་ཡིན་ཏེ། དེའི་ཕྱིར་རང་དབང་ཅན་མ་ཡིན་པ་ལ་སོགས་པའི་ཉེས་པ་མེད་པས་གཞན་ལས་ལྡོག་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་གཞན་ལས་ལྡོག་པ་
གང་ཡིན་པ་དེ་ནི་ལོག་པ་ལས་གཞན་མ་ཡིན་ཏེ། ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་གཉི་གས་ལྡོག་པའི་ཁྱད་པར་གཅིག་བརྗོད་པའི་ཕྱིར་རོ་ཞེས་གོང་ཉིད་དུ་བཤད་ཟིན་ཏོ། །གཞན་གྱིས་ད་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ད་ནི་ཞེས་བྱ་བ་ནི་ལྡོག་པ་དང་དེ་དང་ལྡན་པ་དག་གཅིག་པ་ཉིད་
ཡིན་ནའོ། །རང་གི་མཚན་ཉིད་ལྡོག་པ་གཅིག་གཞན་གྱི་རྗེས་སུ་མི་འགྲོ་བའི་ཕྱིར་རོ། །དོན་གཞན་དང་མ་འབྲེལ་པའི་ཕྱིར་ཇི་ལྟར་གཞན་ལས་ལྡོག་པ་རང་གི་མཚན་ཉིད་ཀྱི་བདག་ཉིད་དུ་གྱུར་པ་རང་གི་མཚན་ཉིད་བཞིན་དུ་རྗེས་སུ་འགྲོ་བའི་མ་ཡིན་པ་སྤྱི་ཡིན་པར་འགྱུར་ཏེ། མི་
འགྱུར་བ་ཉིད་ནི་སྤྱི་ཡིན་པར་ནི་འདོད་དོ། །གྲུབ་པའི་མཐའ་སྨྲ་བས་དེའི་བློ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱིའི་བློ་རྣམ་པར་རྟོག་པ་ཅན་ལ་དེ་ལྟར་རྣམ་པ་གཅིག་ཏུ་སྣང་བའི་ཕྱིར་ལྡོག་པ་ལ་སྤྱི་ཞེས་བྱའོ། །འདི་སྐད་དུ་ལོག་པ་རང་གི་མཚན་ཉིད་ཀྱི་བདག་ཉིད་དུ་གྱུར་
པའི་ལྡོག་པ་ནི་སྤྱི་མ་ཡིན་གྱི། ལོག་པ་རང་གི་མཚན་ཉིད་ཉམས་སུ་མྱོང་བའི་འོག་རོལ་གྱི་དུས་སུ་འབྱུང་བའི་རྣམ་པར་རྟོག་པ་ནི་རང་བཞིན་གྱི་དངོས་པོ་འབྲས་བུ་གཅིག་པ་རྣམས་ལ་རྣམ་པ་གཅིག་ཏུ་སྟོན་པ་ལྟ་བུར་སྐྱེ་སྟེ། རྣམ་པར་རྟོག་པ་དེའི་དབང་གིས་སྤྱིའི་དངོས་པོ་
མེད་བཞིན་དུ་ཡང་སྤྱིར་འཇོག་པར་བྱེད་དོ་ཞེས་བཤད་པ་ཡིན་ནོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་སྤྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོར་གྱུར་པ་སྙམ་དུ་བསམས་པ་ཡིན་ནོ། །འོ་ན་ཇི་ལྟར་སྤྱི་དང་གཞི་མཐུན་པ་ཉིད་ལ་སོགས་པར་ཐ་སྙད་འདོགས་ཤེ་ན། སྒྲའི་
རྟེན་ཅན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལ་རྟེན་སྒྲ་ལྷན་ཅིག་བྱེད་པའི་རྒྱུ་ཉིད་དུ་ཡོད་པའི་བློ་རྣམ་པར་རྟོག་པ་ཅན་དེ་ཉེ་བར་ལེན་པའི་རྒྱུ་ཐོག་མ་མེད་པའི་བག་ཆགས་ཀྱི་མཐུས་ཆོས་མ་འདྲེས་པ་དག་ཀྱང་བསྲེ་ཞིང་རྣམ་པ་གཅིག་པ་ལྟ་བུར་བྱེད་ཅིང་སྐྱེའོ། །
Vol. 176 · folio 78a
བློ་དེ་རྣམ་པ་གཅིག་ཏུ་སྣང་བའི་དབང་གིས་སྤྱིར་རྣམ་པར་གཞག་ལ་ཆོས་གཉིས་དང་ལྡན་པའི་ཆོས་ཅན་གཅིག་ཏུ་སྣང་བའི་དབང་གིས་གཞི་མཐུན་པ་ཉིད་རྣམ་པར་བཞག་སྟེ་སྤྱི་ལ་སོགས་པའི་ཐ་སྙད་འདི་ནི་དོན་འདི་ནི་དོན་མེད་པ་བཞིན་དུ་ཡང་རྣམ་པར་གཞག་
གོ། །གལ་ཏེ་ཅིའི་ཕྱིར་དོན་མེད་ཅེ་ན། དོན་རྣམས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་མཚན་ཉིད་རྣམས་ལ་འབྲེལ་པ་མེད་པའི་ཕྱིར་སྤྱིའི་དོན་མེད་དོ། །རང་གི་མཚན་ཉིད་གཅིག་ལ་ཐ་དད་པ་མེད་པའི་ཕྱིར་གཞི་མཐུན་པ་ཉིད་ཀྱི་དོན་མེད་དོ། །དེའི་ཐ་དད་པ་སྔོན་དུ་འགྲོ་
བ་ཅན་ཡིན་པའི་ཕྱིར་རོ། །གལ་ཏེ་ལོག་པའི་དངོས་པོ་སྤྱི་ལ་སོགས་པའི་ཐ་སྙད་ཀྱི་ཡུལ་དུ་མི་བྱེད་ན། ཇི་ལྟར་སྒྲའི་ཐ་སྙད་གཞན་སེལ་བའི་ཡུལ་ཅན་ཡིན་ཞེ་ན། དེའི་ཕྱིར་དེ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱི་ལ་སོགས་པའི་ཐ་སྙད་དེ་དག་ཐམས་ཅད་ཀྱི་
རྟེན་ནི་དོན་རྣམས་ཡིན་ཞེས་བྱ་བར་སྦྱར་རོ། །གང་དག་ལ་དེའི་འབྲས་བུ་དང་དེའི་རྒྱུ་མཐུན་པ་ཡོད་པ་དེ་དག་ནི་དེའི་འབྲས་བུ་དང་རྒྱུ་ཅན་ནོ། །དེའི་ངོ་བོ་ཉིད་དེ་རྒྱུར་གྱུར་པ་དེའི་ཕྱིར་རོ། །གཞན་དག་ལས་ཞེས་བྱ་བ་ནི་དེའི་འབྲས་བུ་དང་རྒྱུ་ཅན་མ་ཡིན་པ་དག་ལས་ཐ་དད་པའི་དོན་
རྣམས་ནི་སྤྱི་ལ་སོགས་པའི་ཐ་སྙད་ཐམས་ཅད་ཀྱི་རྟེན་ཡིན་ནོ། །འདི་སྐད་དུ་ལོག་པ་རང་གི་མཚན་ཉིད་དེ་ལྟ་བུ་ཉམས་སུ་མྱོང་བའི་མཐུས་བྱུང་བའི་བློ་རྣམ་པར་རྟོག་པ་ཅན་གང་ཡིན་པ་དེ་ལ་སྤྱི་ལ་སོགས་པའི་ཐ་སྙད་འདོགས་པ་ན་བརྒྱུད་པས། ལོག་པ་རང་གི་མཚན་ཉིད་ཀྱི་རྟེན་
ཅན་ཡིན་པས། རྒྱུ་དེས་ན་དགྲའི་ཐ་སྙད་གཞན་སེལ་བའི་ཡུལ་ཅན་དུ་བཤད་དོ་ཞེས་བཤད་པ་ཡིན་ནོ། །གང་གི་ཕྱིར་སྒྲ་རབ་ཏུ་སྦྱར་བས་ཀྱང་མི་འདོད་པ་སྤངས་ཏེ། མི་འདོད་པ་ལས་ལོག་པ་རང་གི་མཚན་ཉིད་ལ་སྐྱེས་བུ་འཇུག་པར་བྱེད་པའི་རྒྱུ་དེའི་ཕྱིར་ཡང་གཞན་
སེལ་བའི་ཡུལ་ཅན་དུ་བཤད་དེ། འདིས་ནི་ཉེ་བར་བཏགས་པས་སྒྲ་རྣམས་རང་གི་མཚན་ཉིད་དུ་གཏོགས་པའི་གཞན་སེལ་བའི་ཡུལ་ཅན་ཉིད་ཡིན་པར་བསྒྲུབ་པ་བསྟན་ཏོ། །ལོག་པ་རང་གི་མཚན་ཉིད་མཐོང་བ་ལས་འོངས་པ་རྣམ་པར་རྟོག་པ་ལ་སྣང་བའི་རྣམ་པ་གང་ཡིན་
Vol. 176 · folio 78b
པ་རྣམ་པ་གཞན་ལས་ལོག་པའི་ཕྱིར་གཞན་སེལ་བར་གྱུར་པ་དེ་ནི་ཉེ་བར་བཏགས་པ་མ་ཡིན་པའི་ངོ་བོ་ཁོ་ནས་སྒྲའི་ཡུལ་ཡིན་ཏེ། དེ་ཁོ་ན་སྒྲའི་ཤེས་པ་ལ་སྣང་བའི་ཕྱིར་རོ། །དེའི་ཚེ་ནི་ཐ་སྙད་གཞན་སེལ་བའི་ཡུལ་ཅན་ཉིད་དུ་གྲུབ་པོ། །དེ་ཉིད་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་
པས་སྟོན་ཏེ། རྣམ་པར་རྟོག་པ་ཅན་གྱི་བློ་ལ་སྣང་བའི་ཆོས་ཅན་གང་ཞིག་ཕྱི་རོལ་གྱི་དོན་གྱི་དེ་ཁོ་ན་ཉིད་ལ་མི་ལྟོས་པ་དེ་ལ་དེ་སྐད་ཅེས་བྱའོ། །བློ་སྣང་བའི་དབང་གིས་གཅིག་པུ་དུ་མ་ལས་ལོག་པ་ཞེས་བྱ་བ་ནི་བློ་དུ་མ་ལས་ལོག་པའི་ཆོས་ཅན་ལ་གཅིག་པ་ལྟ་བུར་སྟོན་པར་སྣང་བའི་
ཕྱིར་དེའི་དབང་གིས་དུ་མ་ལས་ལོག་པའི་ཆོས་ཅན་གཅིག་ཏུ་རྣམ་པར་བཞག་སྟེ། གང་གི་ཕྱིར་དུ་མ་ལས་ལོག་པ་དེའི་ཕྱིར་དེ་ལ་ལོག་པའི་ཆོས་ཀྱི་ཁྱད་པར་རྣམས་བརྟག་གོ་སྙམ་དུ་བསམས་པ་ཡིན་ནོ། །ཆོས་ཅན་དེ་ལྟ་བུ་དེ་ནི་སྒྲ་རྣམས་ཀྱི་ཡུལ་དུ་བྱེད་ཅིང་ཞེས་བྱ་བར་སྦྱར་ཏེ་སྨྲ་བ་པོ་
རྣམས་ཀྱི་རྣམ་པར་རྟོག་པ་སྣང་བ་དེ་ལྟ་བུ་བསྐྱེད་པའི་ཕྱིར་སྒྲ་བརྗོད་པའི་ཕྱིར་རོ། གང་གི་ཕྱིར་གཞན་ལས་ལོག་པའི་རྣམ་པར་རྟོག་པའི་སྣང་བའི་སྒྲ་རྣམས་ཀྱི་ཡུལ་དུ་བྱེད་པ་དེའི་ཕྱིར། གཞན་སེལ་བའི་ཡུལ་ཅན་ཉིད་དུ་གྲུབ་པོ་སྙམ་དུ་བསམས་པ་ཡིན་ནོ། །
སྒྲ་འབའ་ཞིག་ཏུ་མ་ཟད་ཀྱི་རྣམ་པར་རྟོག་པ་རྣམས་ཀྱིས་ཀྱང་ཡུལ་དུ་བྱེད་པས། དེ་ཉམས་སུ་མྱོང་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་མཚན་ཉིད་དེ་ཉམས་སུ་མྱོང་བ་ནི་དེ་ཉམས་སུ་མྱོང་བའོ། །དེས་གཞག་པའི་བག་ཆགས་ཏེ་ནུས་པའོ། །དེ་སད་པ་ནི་འབྲས་
བུ་བསྐྱེད་པ་དང་མཐུན་པ་སྟེ། རྣམ་པར་རྟོག་པ་གང་དག་ལ་དེ་ལ་སྐྱེ་བ་ཡོད་པ་དེ་དག་གིས་ཡུལ་དུ་བྱེད་ཅིང་ཞེས་སྦྱར་རོ། །ཁྱད་པར་ཇི་ལྟ་བུ་ཅན་དག་གིས་ཤེ་ན། དེའི་དངོས་པོ་ངེས་པའི་དོན་ཅན་རྣམས་ཀྱིས་ཏེ་རྣམ་པར་རྟོག་པ་སྣང་བ་གང་ལ་དེའི་དངོས་པོ་
ཕྱི་རོལ་གྱི་དངོས་པོ་ངེས་པ་ཡོད་པ་དེ་ནི་དེའི་དངོས་པོ་ངེས་པའོ། །རྣམ་པར་རྟོག་པ་གང་དག་ལ་དོན་དེ་ལྟ་བུ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱ་སྟེ། སྣང་བ་དང་རྣམ་པར་བརྟག་པར་བྱ་བའི་དོན་དག་གཅིག་ཏུ་བྱས་ནས་འཇུག་པ་རྣམས་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། །
Vol. 176 · folio 79a
གཞན་ལས་ནི་དེའི་དངོས་པོ་ངེས་པའི་དོན་ཞེས་འབྱུང་སྟེ། དེའི་ཚེ་དེའི་དངོས་པོ་ངེས་པ་ཡང་ཡིན་ལ་དོན་ཡང་ཡིན་པ་ཞེས་ལས་འཛིན་པར་བྱ་སྟེ། དེའི་དངོས་པོ་ངེས་པའི་དོན་གཅིག་ཡིན་ཡང་དུ་མ་ལས་ལོག་པ་ཞེས་སྦྱར་རོ། །བློ་སྣང་བ་དེ་ཉིད་ལ་ཆོས་དང་
ཆོས་ཅན་གྱི་ཐ་སྙད་ཅེས་བྱ་བ་ནི་ཐ་སྙད་དུ་གདགས་པར་བྱ་བ་ཡིན་པས་ཐ་སྙད་དེ་ཆོས་དང་ཆོས་ཅན་དག་ཉིད་ཐ་དད་ཡིན་ནོ། །འདི་ཞེས་བྱ་བ་ནི་ཁྱད་པར་གཞན་སྤོང་བ་དང་མི་སྤོང་བའི་མཚན་ཉིད་དོ། །འདི་སྐད་དུ་བློ་སྣང་བ་ལ་ཆོས་དང་ཆོས་ཅན་དུ་རྣམ་པར་གཞག་པ་གང་དག་ཡིན་པ་
དེ་དག་ནི་ཕན་ཚུན་དེ་ཉིད་དང་གཞན་དག་ཏུ་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཇི་ལྟར་བློ་ལ་སྣང་བའི་དོན་གྱི་ཁྱད་པར་ལས་སྒྲའི་བདག་ཉིད་ཀྱི་ཐ་སྙད་དེ་ཉིད་དང་། གཞན་དག་ཏུ་བརྗོད་པར་བྱ་བ་མ་ཡིན་པར་འགྱུར། དེ་ཉིད་དང་གཞན་ཉིད་དག་ལས་
ཉེས་པ་ཆོས་ནི་ཆོས་ཅན་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ནི་ཆོས་ཅན་ལས་གཞན་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དོན་གཞན་མི་བརྗོད་པའི་ཕྱིར་ཏེ། ཆོས་དང་ཆོས་ཅན་གྱི་སྒྲ་དག་གིས་རྣམ་པར་བཅད་པ་གཅིག་བརྗོད་པའི་ཕྱིར། ཆོས་ནི་ཆོས་ཅན་གང་ཡིན་
པ་དེ་ཉིད་ཀྱང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་བརྗོད་པ་དག་བཞིན་དུ་ཆོས་ཅན་བརྗོད་པའི་སྒྲ་དག་བཞིན་དུ་ཆོས་བརྗོད་པ་རྣམས་ཀྱིས་ཀྱང་རྣམ་པར་གཅོད་པ་གཞན་འཕེན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་ནི་འདོད་པ་ཤེས་པར་མི་འགྱུར་བའི་ཕྱིར་ཆོས་ཞེས་བྱ་
བའི་སྒྲས་འདོད་པ་ཁྱད་པར་གཞན་སྤོང་བའི་ཁྱད་པར་གཞན་ཤེས་པར་མི་འགྱུར་བའི་ཕྱིར། བརྡའི་ཁྱད་པར་མི་བྱ་བར་འགྱུར་ཏེ། ཆོས་ཞེས་བྱ་བའི་སྒྲས་རྣམ་པར་གཅད་པའི་ཁྱད་པར་གཞན་སྤངས་པ་སྟོན་ཏོ་ཞེས་བྱ་བའི་བརྡའི་ཁྱད་པར་འདི་མི་བྱ་བར་འགྱུར་རོ། །ཆོས་དང་
ཆོས་ཅན་དག་དེ་ཉིད་དང་གཞན་ཉིད་དག་ཏུ་བརྗོད་པར་བྱ་བ་བཤད་མ་ཐག་པ་འདི་ནི་སྒྲའི་དོན་བློ་ལ་སྣང་བ་བཤད་པ་ཡིན་ནོ། །དངོས་པོ་ལ་ནི་ཞེས་བྱ་བ་ནི་ཕྱི་རོལ་གྱི་ལ་སྟེ། མེད་པ་ཁོ་ནའི་ཕྱིར་དེ་ཉིད་དང་གཞན་དག་ཏུ་བརྗོད་པར་བྱ་བ་མ་ཡིན་ནོ། །གཞན་གྱིས་ཆོས་དང་ཆོས་ཅན་
Vol. 176 · folio 79b
དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དྲུག་པ་ནི་བ་ལང་གི་བ་ལང་ཉིད་ཅེས་བྱ་བའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་བ་ལང་ལ་བ་ལང་ཉིད་གནས་སོ། །ཞེས་བྱ་བ་དང་། བ་ལང་ཉིད་ཀྱི་རྒྱུ་མཚན་གྱིས་བ་ལང་ལ་སྒྲ་འཇུག་གོ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་དབྱེ་བ་བསྡུའོ། །མཐོང་
བ་དང་ཞེས་བྱ་བ་ནི་སྦྱོར་བ་དག་ལ་དམིགས་པ་དང་ངོ་། །བ་ལང་ཉིད་ལ་སོགས་པའི་ཆོས་མང་པོའི་ཕྱིར་ཆོས་མང་པོ་དེ་ལ་མང་པོའི་ཚིག་གི་བྱེ་བྲག་བ་ལང་ཉིད་དང་། རྫས་ཉིད་དང་ས་ལས་གྱུར་པ་ཉིད་རྣམས་ཞེས་བྱ་བ་མཐོང་བ་གང་ཡིན་པ་དེ་ཡང་ཆོས་ཅན་གཅིག་ལའང་མི་རུང་
སྟེ། ཆོས་རྣམས་ཆོས་ཅན་ལས་ཐ་མི་དད་པའི་ཕྱིར་རོ། །མང་པོའི་ཚིག་འདི་ནི་ཁྱོད་ནི་གཞུང་ལུགས་ཀྱི་ཆོས་ཅན་ཁོ་ན་ལ་སྦྱར་ན། ཆོས་ཅན་ཡང་གཅིག་ཡིན་པའི་ཕྱིར་དེ་ལ་མང་པོའི་ཚིག་མི་རུང་ངོ་། །གྲུབ་པའི་མཐའ་སྨྲ་བས། འདི་ལ་བཤད་ཟིན་ཏོ་ཞེས་བྱ་བ་སྨོས་ཏེ།
སྒྲ་རྣམས་ཀྱི་འཇུག་པ་ཡུལ་གྱི་རང་གི་ངོ་བོ་ལ་རག་ལས་པ་ནི། འགའ་ཡང་མེད་དེ་ཞེས་བྱ་བ་ལ་སོགས་པས་བཤད་ཟིན་ཏོ། །ཡང་རྣོན་གྱི་དོན་དུ་བྱ་བ་བསྟན་པའི་ཕྱིར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྨྲ་བ་གང་དག་གི་ལྟར་ན་ཚིག་དངོས་པོའི་དབང་དངོས་པོ་ལ་རག་
ལས་པ་ཡིན་གྱི་ལྷུར་བརྗོད་འདོད་པ་ལ་མི་རྟེན་པ། ཚིག་གང་དག་ལྷུར་གཙོ་ཆེར་བརྗོད་པར་འདོད་པ་ལ་མི་རྟེན་ཡང་དེ་དག་ནི་ལྷུར་བརྗོད་པར་འདོད་པ་ལ་མི་རྟེན་པ་སྟེ། དངོས་པོར་སྨྲ་བ་དེ་དག་ལའོ། །དྲུག་པར་མི་འགྱུར་རོ། །ཚིག་དབྱེ་བ་ལ་སོགས་པར་མི་འགྱུར་རོ་ཞེས་
དེ་སྐད་དུ་དྲུག་པ་དང་། ཚིག་དབྱེ་བ་ལ་སོགས་པ་ལ་ཀླན་ཀ་བཙལ་བ་ནི། དྲུག་པ་དང་ཚིག་དབྱེ་བ་ལ་སོགས་པ་ཀླན་ཀའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི། བ་ལང་གི་དངོས་པོ་ནི་བ་ལང་ཉིད་དུ་ཞེས་བྱ་བ་ལ་སོགས་པ་དེ་ལ་ཕན་པའི་རྐྱེན་མེད་པར་ཀླན་ཀ་བཙལ་བ་
སྡུ་སྟེ། རིགས་པ་དང་ལྡན་ནོ། །དྲུག་པ་ལ་སོགས་པའི་སྒྲ་འདི་དག་སྐྱེས་བུ་རྣམས་ཀྱིས་འགའ་ཞིག་ལ་ཞེས་བྱ་བ་དངོས་པོ་ཐ་མི་དད་པ་ལ་ཡང་བྱ་བར་འདོད་དུ་ཟིན་ཀྱང་དུ་བ་ལ་སོགས་པ་བཞིན་དུ་མེ་དང་འབྲེལ་པའི་དུ་བ་མེ་གོ་བར་བྱེད་པས་དེ་ལས་བཟློག་པ་ཆུ་
Vol. 176 · folio 80a
ལ་སོགས་པ་ཤེས་པར་བྱ་བ་ལ་སྦྱར་བར་མི་ནུས་པ་བཞིན་དུ། དངོས་པོ་དང་འབྲེལ་པའི་ཕྱིར་དངོས་པོ་ཐ་དད་པ་ལ་རག་ལས་པའི་ཕྱིར་བྱ་བར་མི་ནུས་ན། སྒྲ་རྣམས་དངོས་པོ་དང་འབྲེལ་པ་དེའི་ཚེ། ཐ་དད་པ་མེད་ན་ཇི་ལྟར་དྲུག་པ་ལ་སོགས་པར་
འགྱུར་ཞེས་བྱ་བའི་ཀླན་ཀ་འདི་འགྱུར་བ་ཞིག་ན། དེ་ཉིད་མེད་པས་གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཚིག་གང་ཞེས་བྱ་བ་ལ་ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། ཕྱི་རོལ་དོན་ལ་མི་ལྟོས་པ་སྟེ་སྨྲ་བ་པོ་རྣམས་ཀྱིས་ཇི་ལྟ་བུར་ཞེས་བྱ་བ་ལ་ཐ་དད་པའམ། ཐ་དད་པ་མ་ཡིན་
པ་ཤེས་པར་བྱ་བའི་ཕྱིར་རྣམ་པ་གང་གིས་རྗོད་པར་བྱེད་པའི་ངོ་བོ་ཉིད་དུ་ངེས་པར་བྱེད་ཅིང་སྦྱོར་བར་བྱེད་པའི་ཚིག་དེ་ནི་དེ་བཞིན་དུ་ཞེས་བྱ་བ་སྦྱོར་བ་ཇི་ལྟ་བ་བཞིན་དུ་རྗོད་པར་བྱེད་པ་ཡིན་ནོ། །དེ་ཉིད་ཐ་དད་པ་ལ་ནི་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། བརྡ་སྤྲོད་པ་པ་རྣམས་
ཀྱིས་རྣམ་པར་གཞག་པ་ལྡོག་པའི་དངོས་པོ་ཐ་དད་པ་ལ་ནི་དྲུག་པའོ། །མང་པོ་ལ་ནི་མང་པོའི་ཚིག་བྱེད་པ་པོ་རྣམས་སོ་ཞེས་བྱ་བ་ལ་སོགས་པའི་རྐྱེན་ཅན་དུ་འགྱུར་རོ་ཞེས་བྱ་བ་དེ་ཡང་སྐྱེས་བུའི་འདོད་པ་ལ་མི་ལྟོས་པ་ཉིད་དུ་དངོས་པོ་ཉེ་བ་ཙམ་གྱིས་རང་ཉིད་ཞུགས་པ་ནི་མ་ཡིན་ཏེ།
བརྡའི་སྟོབས་ཁོ་ན་ཞུགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་དེ་དག་ནི་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །བརྡ་སྤྲོད་པ་ལ་སོགས་པ་དེ་དག་ནི་ཐ་དད་པ་དང་མང་པོ་དེ་ལ་དེ་ལྟར་ཞེས་བྱ་བ་དྲུག་པ་དང་མང་པོའི་ཚིག་ཏུ་བརྡ་ཇི་ལྟ་བ་བཞིན་དུ་སྦྱོར་བས་ན་དྲུག་པ་ལ་སོགས་པ་
དེ་ལས་དེ་ལྟར་གོ་བར་འགྱུར་ཏེ། གཞན་དག་གིས་ཀྱང་དེ་ལྟ་བུའི་ཐ་སྙད་དམིགས་པའི་སྒོ་ནས་ཐ་དད་པ་ལ་སོགས་པ་གོ་བར་ནི་འགྱུར་ན་དེ་ཙམ་གྱིས་དངོས་པོའི་སྟོབས་ཀྱིས་ཐ་དད་པ་དང་མང་པོའི་ལ་དྲུག་པ་ལ་སོགས་པར་ངེས་པར་ནི་མ་ཡིན་ནོ། །དེ་བཞིན་དུ་
གཞན་ལ་ཡང་ཞེས་བྱ་བ་ནི་ཆོས་དང་ཆོས་ཅན་དག་ཐ་དད་པ་མ་ཡིན་པ་ལ་ཡང་སྟེ་བྱས་པ་ཉིད་དང་། མི་རྟག་པ་ཉིད་ལ་སོགས་པ་དངོས་སུ་གཅིག་པ་ཉིད་ལ་ཡོད། སྨྲ་བ་པོ་དེ་དག་གིས་ཁྱད་པར་གཞན་སྤོང་བ་དང་མི་སྤོང་བའི་མཚན་ཉིད་ཇི་ལྟར་ཡང་སྟེ། ཆོས་དང་ཆོས་
Vol. 176 · folio 80b
ཅན་ཐ་དད་པ་ལ་ཡང་རྟེན་བྱས་པ་ཉིད་ལ་སོགས་པ་ལ་ལྡོག་པའི་ཁྱད་པར་བརྟགས་པའི་མང་པོ་ཉིད་ལ་ཡང་བརྟེན་ནས་གོ་རིམས་བཞིན་དུ་དྲུག་པ་དང་མང་པོའི་ཚིག་ལ་སོགས་པ་རབ་ཏུ་སྦྱར་བས་དེ་ཁོ་ན་བཞིན་དུ་སྦྱོར་བ་ཇི་ལྟ་བ་བཞིན་དུ་གོ་བའི་རྒྱུ་དག་ཏུ་འགྱུར་རོ། །དེ་ལྟར་སྒྲ་རྣམས་
འདོད་པ་ཙམ་གྱི་རྒྱུ་ཅན་ཉིད་དུ་གནས་པ་ཡིན་པ་དེ་ལ་ནི་སྐྱེས་བུའི་འདོད་པའི་དབང་གིས་འཇུག་པའི་ཕྱིར་སྐྱེས་བུ་ལ་རག་ལས་ཏེ་འཇུག་པ་སྒྲའི་སྒོ་ནས་རང་གི་མཚན་ཉིད་མི་སྣང་བའི་ཕྱིར། དངོས་པོ་ཡང་དག་པར་མི་སྟོན་པར་ཇི་ལྟར་གོམས་པའི་བཞིན་གང་གིས་བརྡ་ལ་གོམས་པ་ཅི་འདྲ་བ་
དེ་བཞིན་དུ་རྣམ་པར་རྟོག་པ་སད་ཅིང་རྣམ་པར་རྟོག་པ་སྐྱེ་བ་དེའི་རྒྱུར་གྱུར་པ་རྣམས་ཏེ། ཉན་པ་པོའི་རྒྱུད་ལ་བརྡ་དང་མཐུན་པའི་རྣམ་པར་རྟོག་པའི་རྒྱུར་གྱུར་པ་རྣམས་ཞེས་བྱ་བའི་ཐ་ཚིག་གོ། །བརྡ་སྤྲོད་པ་པ་ལ་སོགས་པ་སྒྲ་དེ་ལྟ་བུ་རྣམས་བརྗོད་པར་བྱ་བའི་དོན་དག་ལ། འཇུག་
པ་སེམས་པ་ཐ་དད་པ་ལ་ནི་དྲུག་པའོ། །ཞེས་བྱ་བ་ལ་སོགས་པ་གང་ཡིན་པ་དང་། དེའི་དབང་གིས་ཞེས་བྱ་བ་སྒྲའི་དབང་གིས་དངོས་པོ་རྣམ་པར་འཇོག་པ་དངོས་པོ་ཐ་དད་པ་ཁས་ལེན་པ་གང་གི་ཕྱིར། བ་ལང་གི་བ་ལང་ཉིད་ཅེས་བྱ་བ་དྲུག་པ་ཡིན་པ་དེའི་ཕྱིར་སྤྱི་ཐ་དད་པ་ཡིན་ནོ་ཞེས་
བྱ་བ་ལ་སོགས་པ་ནི་བླུན་པར་ཏེ། སྒྲའི་དོན་རྣམ་པར་གཞག་པ་མངོན་པར་མི་ཤེས་པར་སྟོན་པ་འབའ་ཞིག་ཏུ་ཟད་དོ། །གཞན་གྱི་ཆོས་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཆོས་དང་ཆོས་ཅན་ལ་སོགས་པ་ལ་སྒྲ་དག་དེ་ལྟར་རྣམ་པར་བྱས་ཀྱི་ཞེས་བྱ་བ་ནི་ཆོས་དང་ཆོས་
ཅན་ལ་ཁྱད་པར་གཞན་སྤོང་བ་དང་མི་སྤོང་བ་དག་གིས་ཆོས་དང་ཆོས་ཅན་ཞེས་བྱ་བ་ལ་སོགས་པར་རྣམ་པར་གཞག་པ་བྱས་པའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་ལྡོག་པའི་བྱེ་བྲག་གིས་རྫས་ཉིད་དང་། ས་ལས་གྱུར་པ་ཉིད་ལ་སོགས་པ་རྣམས་ཞེས་མང་པོའི་ཚིག་གིས་
སྒྲ་རྣམ་པར་གཞག་པ་བྱས་པ་བསྡུས་ཏེ། ཆོས་དང་ཆོས་ཅན་དག་ལྡོག་པ་དངོས་པོ་ལས་གྱུར་པའི་སྒོ་ནས་དྲུག་པ་དང་དངོས་པོ་ཐ་དད་པའི་སྒོ་ནས་རྫས་ཉིད་ལ་སོགས་པའི་ཆོས་རྣམས་དོན་དམ་པར་ཐ་དད་པའི་སྒོ་ནས་མང་པོའི་ཚིག་ཏུ་གྱུར་པ་མ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཤེ་
Vol. 176 · folio 81a
ན། དེ་ལྟ་ན་ཞེས་བྱ་བ་ལ་སོགས་པས་ལན་འདེབས་ཏེ། དེ་ལྟ་ན་ཐ་སྙད་མི་རུང་བའི་ཕྱིར་ཞེས་བྱ་བ་ནི་ཐ་སྙད་ཀྱི་ཡུལ་ཆོས་དང་ཆོས་ཅན་དག་ལྡོག་པ་ཡང་དངོས་པོ་ལས་གྱུར་པ་ཡིན་ལ་ཆོས་རྣམས་ཀྱང་ཕན་ཚུན་དོན་དམ་པར་ཐ་དད་པ་ཡིན་ན་སྤྱི་ལ་སོགས་པའི་ཐ་
སྙད་མི་རུང་བའི་ཕྱིར་རོ། །མདོར་བཞག་པའི་ཚིག་དེ་ཉིད་ཆོས་དང་ཆོས་ཅན་དག་ཅེས་བྱ་བ་ལ་སོགས་པས་སྟོན་ཏེ། ཐ་སྙད་ཀྱི་ཡུལ་ཆོས་དང་ཆོས་ཅན་དག་དངོས་པོ་ཉིད་གཅིག་ཡིན་ན། དངོས་པོ་ལ་རྣམ་པ་གཞན་མི་སྲིད་པའི་ཕྱིར་ཕན་ཚུན་དེ་ཉིད་དམ་གཞན་ཉིད་གཅིག་
ཡིན་པས་ཁས་བླངས་དགོས་ཏེ་ཕྱོགས་གཉིས་ཀ་ལ་ཡང་སྐྱོན་བརྗོད་པའི་ཕྱིར་ཐ་དད་པའམ་དེ་ཉིད་ཀྱི་ངོ་བོ་ཡིན་པའམ་ཞེས་ཕྱོགས་གཉིས་ཉེ་བར་བཀོད་དོ། །དེ་ལྟ་མ་ཡིན་ན་གཞན་གྱི་ལྡོག་པ་དང་དངོས་པོ་ཐ་དད་པའི་ཕྱིར་རོ་ཞེས་ཐ་དད་པའི་ཕྱོགས་ལ་འཆེལ་ན། དེ་ཉིད་ཅེས་
བྱ་བའི་ཕྱོགས་ཉེ་བར་བཀོད་པ་སྐབས་དང་མཐུན་པ་མ་ཡིན་པར་འགྱུར་རོ། །དེ་དག་གི་འབྲེལ་པ་ཞེས་བྱ་བ་ནི་སྤྱི་དང་དེ་དང་ལྡན་པ་དག་གི་འབྲེལ་པའོ། །སྒྲ་རྣམས་དངོས་པོ་ཇི་ལྟ་བ་བཞིན་ཞུགས་པ་ཡིན་པར་ཁས་ལེན་ན་ཡང་སྤྱི་ལ་སོགས་པ་མི་རུང་སྟེ། འདི་ནི་འོག་ཉིད་
ནས་འཆད་པར་འགྱུར་རོ། །སྒྲ་འཇུག་པའི་ཁྱད་པར་ནི་གཅིག་གི་ཚིག་དང་མང་པོའི་ཚིག་ལ་སོགས་པ་འཇུག་པའི་ཁྱད་པར་རོ། །དངོས་པོས་བྱས་པ་ཞེས་བྱ་བ་ནི་དངོས་པོ་རྣམས་ཀྱིས་གཅིག་དང་དུ་མ་ཉིད་ཀྱིས་བྱས་པའོ། །བཙུན་མོ་ཞེས་བྱ་བའི་སྒྲ་ནི་རྟག་ཏུ་མང་
པོའི་ཚིག་གི་མཐའ་ཅན་དང་། ཕོའི་རྟགས་ཅན་ཡིན་པར་འདོད་དོ། །དེ་ལ་གང་གི་ཚེ་བཙུན་མོ་ཞེས་བྱ་བའི་སྒྲ་བུད་མེད་གཅིག་གི་ཡུལ་ཅན་ཡིན་པ་དེའི་ཚེ་ཐ་དད་པ་རྣམ་པར་གཞག་པའི་རྒྱུའི་ཕྱི་རོལ་པ་ཅི་ཞིག་ཡོད་དེ་མེད་པ་ཉིད་དོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་བྱེ་མ་
རྣམས་ཞེས་བྱ་བ་དང་ཁང་བཟངས་ཀྱི་ཕྲེང་བ་ཞེས་བྱ་བ་ལ་སོགས་པ་ལ། ཐ་དད་ཐ་དད་མིན་གཞག་པའི་རྒྱུ་ཅི་ཡོད་ཅེས་བྱ་བ་བསྡུའོ། །ནམ་མཁའི་རང་བཞིན་མཁའ་ཉིད་ཅེས་བྱ་བ་ནམ་མཁའི་རང་བཞིན་ཞེས་ཐ་དད་པར་འབྱེད་པའི་དྲུག་པ་འདི་ལ་རྒྱུ་ཅི་ཡོད། ཡང་མཁའ་
Vol. 176 · folio 81b
ཉིད་ཅེས་བརྗོད་པ་འདིས་ཅི་ཞིག་བྱ། གལ་ཏེ་ནམ་མཁའི་རང་བཞིན་ཞེས་བྱ་བའི་ཚིག་འདི་མཁའ་ཉིད་ཅེས་བྱ་བ་ཡིན་པས་དེ་ལ་ཕན་པ་འདི་འཇུག་གོ་ཞེས་བྱ་བ་དེ་སྟོན་ཏོ་ཞེ་ན། དེ་ནི་མ་ཡིན་ཏེ་རང་བཞིན་ཞེས་བྱ་བའི་དོན་འདི་ལ་དངོས་པོའི་རྐྱེན་སྦྱོར་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན། ངོ་
བོའི་དོན་ལ་ཡིན་ནོ། །དེ་ལ་ཕན་པ་འཇུག་པ་བསྟན་པ་ཡང་ཅིར་ཡང་མི་དགོས་སོ། །དེ་ལྟ་བས་ན་ཁ་ཅིག་ན་རེ་སོ་སོར་སྦྱོར་བ་གཉིས་ཏེ། ནམ་མཁའི་རང་བཞིན་ཞེས་བྱ་བ་དང་། དེ་བཞིན་དུ་ནམ་མཁའི་མཁའ་ཉིད་ཅེས་བྱ་བ་སྦྱོར་བ་གཉི་ག་ལ་ཡང་དྲུག་པ་ནི་ཐ་དད་པའི་རྒྱུ་
ཅན་དུ་མི་འགྱུར་རོ་ཞེས་བྱ་བ་ཡིན་ནོ་ཞེས་ཟེར་རོ། །འདི་ལ་ཡང་སྦྱོར་བ་གཉི་གས་དྲུག་པ་མེད་པ་འབའ་ཞིག་གླེང་བས་གཉིས་སྨོས་པ་དོན་མེད་དོ། །དེ་བས་ན་གཞན་དག་ནི་གཞན་དུ་འཆད་དེ་ནམ་མཁའི་རང་བཞིན་ཞེས་བྱ་བ་ཐ་དད་པར་བྱེད་པ་ལ་ནི་རྒྱུ་ཅི་ཡོད། དེ་བཞིན་དུ་
མཁའ་ཉིད་ཅེས་བྱ་བར་ཐ་དད་པར་བརྗོད་པའི་སྒྲ་དངོས་པོའི་རྐྱེན་ཅན་ལ་ནི་རྒྱུ་ཅི་ཡོད་ཅེས་བྱ་བ་ཡིན་ནོ་ཞེས་ཟེར་རོ། །གང་གི་ཚེ་ཞེས་བྱ་བ་ལ་སོགས་པས་ནི་འཆད་པར་བྱེད་དེ་དུས་གང་གི་ཚེའོ། །གཞན་དག་ནི་གང་གི་ཕྱིར་ཞེས་བྱ་བའི་སྒྲར་འདོན་ཏེ་འདི་ལྟར་ཞེས་བྱ་བའི་དོན་
ཡིན་ནོ། །གང་གིས་ནི་དེ་ལྟ་བུར་འགྱུར་བ་ཞེས་བྱ་བ་ནི་བཙུན་མོ་རྣམས་ཞེས་བྱ་བ་ལ་སོགས་པ་མང་པོའི་ཚིག་ཏུ་འགྱུར་བ་སྟེ། གཅིག་ཡིན་པའི་ཕྱིར་གཅིག་གི་ཚིག་ཁོ་ནར་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །གལ་ཏེ་བུད་མེད་དང་བྱེ་མ་གཅིག་ལ་ཡང་ནུས་པ་དུ་མ་གཅིག་
ཡོད་དེ་དེའི་ཕྱིར་ནུས་པ་ཐ་དད་པ་མང་པོའི་ཚིག་གི་རྒྱུ་ཡིན་ནོ་ཞེ་ན། ཐམས་ཅད་དུ་ཞེས་བྱ་བ་ནི་ཤིང་ཞེས་བྱ་བ་ལ་སོགས་པ་གང་ལ་གཅིག་གི་ཚིག་ཏུ་འདོད་པ་ལ་ཡང་ངོ་། །དོན་ནུས་པ་གཅིག་པ་མེད་པའི་ཕྱིར་ཏེ་ཐམས་ཅད་ཀྱི་ནུས་པ་དུ་མ་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་ན་ནི་
གཅིག་ལ་གཅིག་གི་ཚིག་ཡིན་ནོ་ཞེས་བྱ་བའི་འབད་པ་འདི་ཡང་དོན་མེད་པར་འགྱུར་རོ། །གལ་ཏེ་ནུས་པ་ཐ་དད་ཀྱང་དངོས་པོ་ཐ་མི་དད་པའི་ཕྱིར་ནུས་པའི་རྟེན་ཐ་མི་དད་པའི་ཕྱིར་གཞན་ལ་ཞེས་བྱ་བ་གཅིག་གི་ཚིག་གི་ཡུལ་ཤིང་ཞེས་བྱ་བ་དང་རས་ཡུག་ཅེས་བྱ་བ་ལ་སོགས་
Vol. 176 · folio 82a
པ་ལ་གཅིག་གི་ཚིག་ཏུ་འགྱུར་རོ་ཞེ་ན། བཙུན་མོ་རྣམས་ཞེས་བྱ་བ་ལ་སོགས་པ་འདི་ལ་ཡང་གཅིག་གི་ཚིག་ཏུ་འགྱུར་ཏེ་བུད་མེད་གཅིག་ལ་དངོས་པོ་ཐ་དད་པ་མེད་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་སྒྲ་འཇུག་པའི་བྱེ་བྲག་དངོས་པོའི་རྟེན་ཅན་ནམ་ནུས་པའི་རྟེན་
ཅན་མ་ཡིན་པ་དེའི་ཕྱིར་སྒྲ་འཇུག་པའི་ངེས་པ་དངོས་པོ་མ་ཡིན་ཞིང་དངོས་པོ་ལ་བརྟེན་པ་མ་ཡིན་པ་འདི་བྱེད་པ་ན་སྒྲ་སྦྱོར་བ་ལ་སྐྱེས་བུའི་འདོད་པ་རང་དབང་ཅན་དུ་སྟོན་པ་ཡིན་ནོ། །གལ་ཏེ་གྲོང་ཁྱེར་དྲུག་པོ་དག་ལ་སྡུད་པ་ཞེས་བྱ་བ་བྱ་བའི་བདག་ཉིད་དམ་ཡོན་ཏན་གྱི་བདག་ཉིད་གཅིག་ཅིག་
ཡོད་དེ་དེས་ན་གཅིག་གི་ཚིག་ཏུ་འགྱུར་རོ་ཞེ་ན། གྲོང་ཁྱེར་ཉིད་ཀྱང་ཆུང་ཀྱང་མེད་ན་ཞེས་བྱ་བ་སྨོས་ཏེ། གྲོང་ཁྱེར་ཞེས་བྱ་བ་ཡན་ལག་ཅན་གྱི་རྫས་ཁས་མི་ལེན་པའི་ཕྱིར་གྲོང་ཁྱེར་དེ་རྣམས་ལ་དེ་སྐད་དུ་བརྗོད་པར་འགྱུར་བ་བྱ་བའི་བདག་ཉིད་དམ་ཡོན་ཏན་གྱི་བདག་ཉིད་ཀྱི་སྡུད་པ་
ལྟ་ཅི་ཞིག་ག་ལ་ཡོད་དེ་བྱ་བ་དང་ཡོན་ཏན་གྱི་རྫས་ལ་བརྟེན་པའི་ཕྱིར་རོ། །ཅི་སྟེ་རྫས་མ་ཡིན་ཞེ་ན། ཁང་བཟངས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གྲོང་ཁྱེར་ན་ཁང་བཟངས་ལ་སོགས་པའི་སྤྱི་ཡིན་ན་ཁང་བཟངས་ལ་སོགས་པ་རིགས་མི་མཐུན་པ་རྣམས་ཀྱིས་ཀྱང་
རྫས་རྩོམ་པར་ཁས་མི་ལེན་པའི་ཕྱིར་རོ་དེ་རྣམས་ཀྱི་སྤྱི་ལྟ་ཞིག་ཁང་བཟངས་ལ་སོགས་པའི་སྤྱི་གྲོང་ཁྱེར་ལྟ་ཞིག་རྫས་ཡིན་པར་ག་ལ་འགྱུར། ཁང་བཟངས་དང་རྟ་བབས་དང་སྐྱེས་བུ་ལ་སོགས་པ་ཇི་ཙམ་གྱི་སྤྱི་ལ་གྲོང་ཁྱེར་དུ་འདོད་པ། ཁང་བཟངས་ལ་སོགས་པ་དེ་དག་རིལ་
ལ་ལྡན་པ་མེད་པའི་ཡང་ཕྱིར་གྲོང་ཁྱེར་རྫས་མ་ཡིན་ཏེ། ལྡན་པ་གྲོགས་བྱེད་པའི་རྫས་རྣམས་རྫས་རྩོམ་པར་བྱེད་པ་ཉིད་ཡིན་པར་འདོད་ན་ཁང་བཟངས་དང་སྐྱེས་བུ་ལ་སོགས་པ་བྲལ་བ་རྣམས་ལ་ནི་གང་གིས་ན་ཁང་བཟངས་ལ་སོགས་པ་སྤྱིའི་གྲོང་ཁྱེར་རྫས་ཡིན་པར་འགྱུར་བ་ལྡན་པ་
ནི་མེད་དོ། །གལ་ཏེ་ཁང་བཟངས་ལ་སོགས་པ་རིལ་ལ་ལྡན་པ་མེད་དུ་ཟིན་ཀྱང་གྲོང་ཁྱེར་ནི་ཁང་བཟངས་དང་སྐྱེས་བུ་ལ་སོགས་པ་གང་དག་ལ་ཕན་ཚུན་ལྡན་པ་ཡོད་པ་དེ་དག་གིས་ལྡན་པའི་བདག་ཉིད་ཡིན་པར་འགྱུར་བས་དེ་ལྟ་ན་ཡང་གྲོང་ཁྱེར་རྫས་ཉིད་དུ་གྲུབ་སྟེ་ལྡན་པ་ནི་ཡོན་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words