ཚད་མ་རྣམ་འགྲེལ་གྱི་རྒྱན

Sanskrit title (Tibetan script, as in the text) པྲ་མཱ་ཎ་བརྟི་ཀ་ཨཱ་ལཾ་ཀཱ་ར

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 178 · folio 1b

༄༅༅། །རྒྱ་གར་སྐད་དུ། པྲ་མཱ་ཎ་བརྟི་ཀ་ཨཱ་ལཾ་ཀཱ་ར། བོད་སྐད་དུ། ཚད་མ་རྣམ་འགྲེལ་གྱི་རྒྱན། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཚད་མ་ཡང་དག་འགྲོ་ལ་

ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ཏེ། །རྟོག་གེ་ངན་འཁྲུལ་འགྲོ་བ་ལ་བརྩེ་བས། །ཚད་མ་གྲུབ་པ་ཚུལ་བཞིན་བཤད་པར་བྱ། །སྐབས་དོན་རྒྱ་ཆེར་བྱེད་པའི་རབ་ཏུ་

གསལ་བར་སྨྲ་པོ་དོན་དམ་སྡུད་པའི་བློས། །སྙིང་པོ་མ་ཡིན་པ་ཡི་ཚུལ་བསལ་བ་དག་ཕལ་ཆེར་མཐོང་བ་མེད་པ་ཉིད། །དེས་ན་འདིར་ནི་མནོག་མེད་ཚུལ་དང་བྲལ་བས་སྐལ་ལྡན་བློ་མི་བརྟན་རྣམས་

ཀྱི། །བློ་ནི་མཐའ་འདས་དག་པར་བྱ་ཕྱིར་ཡང་དག་རིགས་པའི་དོན་དུ་བློ་བསྒྲུབ་པོ། །འདི་ལ་བསྟན་བཅོས་ཀྱི་དང་པོར་བཅོམ་ལྡན་འདས་རྒྱུ་དང་འབྲས་བུ་ཕུན་སུམ་ཚོགས་པས་ཚད་མ་ཡང་དག་པ་ཉིད་དུ་

བསྟོད་པ་མངོན་པར་བརྗོད་པ་ནི། བསྟན་བཅོས་ཀྱི་དོན་ཡིན་པའི་ཕྱིར་ཏེ། འདིར་བཅོམ་ལྡན་འདས་ཉིད་ཚད་མ་ཡང་དག་པར་སྒྲུབ་པ་ཡིན་ནོ། །དེ་ལ་རྒྱུ་ནི་ཐ་སྙད་པའི་ཚད་མ་ལ་ལྟོས་ནས། བསམ་པ་

Vol. 178 · folio 2a

དང་སྦྱོར་བ་ཕུན་སུམ་ཚོགས་པའོ། །བསམ་པ་ནི་འགྲོ་བ་ལ་ཕན་པར་བཞེད་པ་ཉིད་ཡིན་ལ། སྦྱོར་བ་ནི་འགྲོ་བ་ལ་སྟོན་པའི་ཕྱིར་སྟོན་པ་ཉིད་དོ། །འབྲས་བུ་ནི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་

པའོ། །རང་གི་དོན་ཕུན་སུམ་ཚོགས་པ་ནི། དོན་རྣམ་པ་གསུམ་བཟུང་བས་ན་བདེ་བར་གཤེགས་པ་ཉིད་ཀྱིས་ཏེ། ལེགས་པ་ཉིད་ནི་གཟུགས་བཟང་བ་བཞིན་ནོ། །སླར་མི་ལྡོག་པ་ཉིད་ནི་རིམས་ནད་ལེགས་པར་བྱང་བ་

བཞིན་ནོ། །མ་ལུས་པའི་དོན་ནི་བུམ་པ་ལེགས་པར་གང་བ་བཞིན་ནོ། །གཞན་གྱི་དོན་ཕུན་སུམ་ཚོགས་པ་ནི་འགྲོ་བ་སྒྲོལ་བའི་ཕྱིར་སྐྱོབ་པ་ཉིད་དམ། ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཉིད་ཀྱིས་ནི་རྒྱུན་གྱི་དོན་ཏོ། །

དེ་ལྟ་བུའི་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་ཚད་མར་གྲུབ་པ་བཤད་པར་བྱའོ། །གཞལ་བྱ་རྟོགས་པ་ནི་ཚད་མ་ལ་རག་ལས་པ་ཡིན་ལ། ཚད་མ་ཡང་བཅོམ་ལྡན་འདས་ཉིད་ཡིན་ཏེ། ཚད་མའི་མཚན་ཉིད་ཡོད་པའི་ཕྱིར་

རོ། །འདིས་འཇལ་བར་བྱེད་པས་ན་ཚད་མ་ཡིན་ནོ། །དེ་ལ་ཚད་མའི་མཚན་ཉིད་སྤྱིར་སྟོན་པ་ནི། ཚད་མ་སླུ་བ་མེད་པ་ཅན་གྱི་ཤེས་པ། ཚད་མ་ནི་མི་སླུ་བ་ཅན་ཏེ། དེ་ཡོད་ན་གཞལ་བྱ་གྲུབ་པའི་ཕྱིར་རམ། སླུ་བ་ཡིན་ན་བཟློག་

Vol. 178 · folio 2b

པའི་ཕྱིར་རོ། །དབང་པོ་དང་དོན་འབྲེལ་པ་ལ་སོགས་པ་ནི་སླུ་བས་སྟོང་པའི་ཤེས་པས་ཉེ་བར་མཚོན་པ་ཉིད་དེ་ཉིད་ཡིན་པར་འགྱུར་ཏེ། ཚད་མ་ཚོལ་བ་ཐམས་ཅད་ནི་མི་སླུ་བའི་དོན་དུ་གཉེར་བས་རབ་ཏུ་སྦྱར་བ་ཡིན་ནོ། །གལ་ཏེ་མི་སླུ་བ་དང་ལྡན་པ་ཉིད་སྒྲུབ་པར་བྱེད་པའི་ཤེས་པ་དེའི་རང་གི་ངོ་

བོ་ཉིད་མ་ཡིན་ནམ། དེ་རང་གི་ངོ་བོས་ཤེས་ན་དེ་ཤེས་པ་ཉིད་ཡིན་པའི་ཕྱིར་བརྟག་པ་བྱ་བ་ཅི་ཡོད། ཅི་སྟེ་རང་གི་ངོ་བོ་རིག་པ་མ་ཡིན་ན། དེའི་ཚེ་ཚད་མ་ཉིད་མེད་པར་འགྱུར་ན། ཕྱོགས་འདི་ནི་ཁྱེད་ཀྱིས་བཟོད་པ་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ་ཤེས་པའི་རང་གི་ངོ་བོ་ཉིད་ཚད་མའམ་མི་

སླུ་བ་ཅན་ནི་མ་ཡིན་གྱི་འོན་ཀྱང་དོན་བྱེད་ནུས་པར་གནས་པ་ཡིན། མི་སླུ། ཤེས་པའི་རང་གི་ངོ་བོ་ཙམ་རྟོགས་པས་ནི་འདི་ཚད་མ་ཡིན་ནོ་ཞེས་བྱ་བར་མི་འགྱུར་རོ། །འོ་ན་ཅི་ཞེ་ན་དོན་ནི་བཙོ་བ་དང་བསྲེག་པ་ལ་སོགས་པའོ། །བྱེད་པ་ནི་གྲུབ་པའོ། །དེ་གནས་པ་ནི་བརྟན་པའམ་རྣམ་པར་

གནས་པ་ནི་མི་སླུ་བ་ཡིན་ནོ། །དོན་བྱེད་པ་དེ་ཡང་འབྱུང་བར་འགྱུར་བ་ཡིན་གྱི། །དེའི་དུས་སུ་ནི་མ་ཡིན་ནོ། །དེས་ན་དེ་དང་འབྲེལ་པ་ཡིན་གྱི་རང་གི་ངོ་བོ་རིག་པ་ཙམ་གྱིས་ངེས་པ་མ་ཡིན་ནོ། །གལ་ཏེ་དེ་དང་འབྲེལ་པ་རང་གི་ངོ་བོ་ཉིད་མ་ཡིན་ནམ། དེ་ཅི་ལྟར་རང་གི་ངོ་བོར་རིག་པ་ཙམ་གྱིས་ངེས་

པར་མི་འཛིན་ཞེ་ན། དེ་ནི་ཡོད་པ་མ་ཡིན་ཏེ། གཉིས་གནས་འབྲེལ་པར་རིག་པ་ནི། །གཅིག་གི་ངོ་བོ་རིག་པས་མིན། །གཉིས་ཀྱི་རང་གི་ངོ་བོ་ནི། །རིག་པ་ཡིན་ན་འབྲེལ་པར་རིག །འོ་ན་ཇི་ལྟར་འཇུག་པའི་དུས་སུ་དེ་ཤེས་ཤེ་ན། འདི་ནི་འོག་ནས་བཤད་པར་བྱའོ། །གལ་ཏེ་དོན་བྱེད་པ་

རྟོགས་པས་སྔ་མ་ཚད་མ་ཡིན་ནོ། །དོན་བྱེད་པ་རྟོགས་པ་དེ་ཡང་ཚད་མའམ་ཚད་མ་མ་ཡིན་པར་འགྱུར། ཚད་མ་མ་ཡིན་པས་ནི་དོན་བྱེད་པ་རྟོགས་པ་མེད་པའི་ཕྱིར་དེ་ནི་ཚད་མ་ཡིན་ནོ། །དེས་ན་དེ་ལས་ཀྱང་ནི་དོན་བྱེད་པ་རྟོགས་པ་གཞན་བཙལ་དགོས་པས་ཐུག་པ་མེད་པར་འགྱུར་རོ་ཞེ་ན། དེ་ནི་

མ་ཡིན་ཏེ། ཕྱི་མའི་དོན་བྱེད་ཡོད་པ་ལས། །གལ་ཏེ་སྔ་མ་ཚད་ཡིན་ན། །དེ་ཚེ་དོན་བྱེད་ཉིད་ཡོད་ལས། །ཕྱི་མ་ཅི་ལྟར་དེ་མ་ཡིན། །གང་ལ་གཞན་གྱི་དོན་བྱེད་པ་གནས་པ་ཉེ་བར་སྒྲུབ་པ་དེ་ཚུན་ཆད་ཚད་མ་ཡིན་ན། གང་ལ་རང་ཉིད་ལས་དེ་ཉིད་ཀྱི་ཚེ་དོན་བྱེད་པ་མྱོང་བ་ཡོད་པ་དེ་ནི་ཤིན་ཏུ་

Vol. 178 · folio 3a

ཆེས་ཚད་མ་ཉིད་དེ་དོན་བྱེད་གནས་པ་ནི་མི་སླུ་བ་ཞེས་སྤྱིར་བརྗོད་པའི་ཕྱིར་རོ། །གལ་ཏེ་བསྲེག་པ་དང་བཙོ་བ་ལ་སོགས་པའི་དོན་བྱེད་པ་དེ་ནི་རྨི་ལམ་དང་དུང་ལ་སེར་པོར་ཤེས་པ་ལ་སོགས་པ་ལ་ཡང་ཡོད་པ་ཡིན་ལ། རང་དང་གཞན་ལས་དོན་བྱེད་པ་མེད་པའི་ཕྱིར་སྒྲའི་

ཡུལ་ཅན་གྱི་ཤེས་པ་ལ་ནི། བཙོ་བ་དང་བསྲེག་པ་ལ་སོགས་པའི་དོན་བྱེད་པ་མེད་པ་མ་ཡིན་ནམ། དེའི་ཕྱིར་གནོད་པ་མེད་པའི་རྟོགས་པ་ཙམ་ཚད་མ་ཡིན་ནོ་ཞེས་རིགས་སོ་ཞེ་ན། དེ་ཡང་མི་རིགས་ཏེ། འདི་ལྟར་སྒྲ་ལས་བྱུང་བ་ཡང་། མངོན་པར་འདོད་པ་སྟོན་པའི་ཕྱིར་མི་སླུ་བ་ཡིན་ནོ། །

སྒྲའི་ཡུལ་ཅན་གྱི་ཤེས་པ་ནི་སྒྲ་ལས་བྱུང་བའོ། །ཡང་གི་སྒྲས་ནི་གཞན་ལ་ཡང་ངོ་། །དོན་འདི་ཡིན་ཏེ། ངོ་བོ་རྟོགས་པ་ཙམ་གྱིས་ནི། །ཤེས་པ་ཐམས་ཅད་ཚད་མར་འགྱུར། །འོན་ཏེ་གནོད་མེད་རྟོགས་ཕྱིར་ན། །རྨི་སོགས་ལ་དེ་ཅིས་མ་ཡིན། །རྟོགས་པ་ཙམ་དང་འབྲེལ་པ་ནི། །རྨི་

ལམ་དང་གཞན་པའི་ཤེས་པ་དག་ལ་ཡོད་པས་ན་ཐམས་ཅད་ལ་མཚུངས་སོ། །དེ་ནི་སྐྱེས་བུའི་དོན་སྒྲུབ་པར་བྱེད་པ་མ་ཡིན་ནོ། །འོན་ཏེ་གནོད་པ་མེད་པའི་རྟོགས་པ་ཉིད་ཡིན་ན་དེ་ཡང་མཚུངས་པ་ཉིད་དོ། །སད་པའི་ཤེས་པས་གནོད་པ་ཡིན་ནོ་ཞེ་ན། གནོད་པ་ཞེས་བྱ་བ་འདི་ཅི་ཞིག །གལ་

ཏེ་གཞན་གྱི་ཡུལ་མེད་པར། །ཤེས་པ་ཉིད་ནི་དེར་འདོད་ན། །རང་དོན་ལ་འཇུག་ཤེས་པ་ནི། །ཇི་ལྟར་མེད་པ་ཤེས་པར་བྱེད། །རེ་ཞིག་ཤེས་པ་གཞན་འགའ་ཞིག་གིས་རྨི་ལམ་གྱི་ཤེས་པའམ་གཞན་མེད་པར་བྱེད་པ་ནི་མ་ཡིན་ཏེ། དེའི་དུས་ན་དེ་རང་ཉིད་ཞིག་པའི་ཕྱིར་རོ། །མིག་

བཙུམས་པ་ཙམ་གྱིས་ཞིག་པའི་ཤེས་པ་ལ་གནོད་པ་ཉིད་རྟོགས་པ་ཡང་མེད་དོ། །ཤེས་པ་གཞན་གྱིས་དེའི་ཡུལ་འཕྲོག་པ་མེད་པར་ཤེས་པའི་མཚན་ཉིད་གནོད་པ་ཡིན་ན་རང་གི་ཡུལ་ལ་འཇུག་པས་ནི་གཞན་གྱི་ཡུལ་འཕྲོག་པར་བྱེད་ནུས་པ་མ་ཡིན་ནོ། །རང་གི་ཡུལ་གྱི་རང་བཞིན་སྒྲུབ་པ་

ནི་ཤེས་པ་རྣམས་ཀྱི་ཆོས་ཡིན་ལ། གཞན་གྱི་ཡུལ་འཕྲོག་པ་ནི་མིའི་བདག་པོ་རྣམས་ཀྱི་ཆོས་ཡིན་ནོ། །འོ་ན་ཇི་ལྟར་གནོད་པར་བྱ་བ་དང་གནོད་པར་བྱེད་པའི་དངོས་པོ་ཡིན་ཞེ་ན། ཇི་ལྟར་རང་གི་ཡང་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གནོད་པ་མེད་པ་ཉིད་ཚད་མ་མ་ཡིན་པ་ཉིད་དོ། །དེའི་ཕྱིར་

Vol. 178 · folio 3b

གང་ལ་དོན་བྱེད་པ་མེད་པ་དེ་ནི་ཚད་མ་མ་ཡིན་ནོ། །གང་ལ་རང་ངམ་གཞན་གྱིས་ནི། །དོན་བྱེད་འབྱུང་བ་ཤེས་མིན་ཏེ། །ཚད་མིན་དེ་ཉིད་དུ་ན་ནི། །རྨི་ལམ་རྨི་ལམ་མིན་ཁྱད་མེད། །རྨི་ལམ་དང་རྨི་ལམ་མ་ཡིན་པ་དང་། དེ་བཞིན་དུ་ཚད་མ་དང་ཚད་མ་མ་ཡིན་པའི་དབྱེ་བ་འདི་ནི་ཐ་སྙད་

ཙམ་ཡིན་ནོ་ཞེས་འཆད་པར་འགྱུར་རོ། །འདི་ནི་དོན་བྱེད་པ་རྣམ་པར་གནས་པ་མ་ཡིན་ཏེ། བརྟན་པ་ཉིད་མེད་པའི་ཕྱིར་རོ། །རྨི་ལམ་གྱི་དོན་བྱེད་པ་ནི་གོམས་པ་ཙམ་གྱི་སྟོབས་ཀྱིས་ཡིན་ཏེ། དེ་ལ་ཚིམ་པ་ནི་ཡོད་པ་མ་ཡིན་ནོ། །གནོད་པ་མེད་པ་ཉིད་ཡིན་ན་ནི་ཐུག་པ་མེད་པ་ཉིད་

དོ། དང་པོ་གནོད་པ་མེད་པ་ནི་ཐམས་ཅད་ལ་ཡོད་པ་ཉིད་དོ། །དུས་ཕྱིས་གནོད་པ་མེད་པ་ཡིན་ན། དེ་ལ་ཡང་དུས་ཕྱིས་གནོད་པ་མེད་དོ་ཞེས་ག་ལས་ཡིན། དང་པོ་གནོད་པ་མེད་པ་ནི། །རྣམ་ཤེས་ཀུན་ལ་ཡོད་པ་ཡིན། །ཕྱི་ནས་གནོད་པ་བྱེད་ཡིན་ན། །དེར་ཡང་ཇི་ལྟར་དོགས་མ་ཡིན། །

དུང་སེར་པོར་ཤེས་པ་ལ་སོགས་པ་ནི་ཚད་མ་མ་ཡིན་པ་ཉིད་དེ། དེ་བཞིན་དུ་དོན་བྱེད་པ་ཐོབ་པ་མེད་པའི་ཕྱིར་རོ། །དབྱིབས་ཙམ་གྱི་དོན་བྱེད་པ་སྒྲུབ་པ་ལ་ནི་རྗེས་སུ་དཔག་པའི་ཤེས་པ་གཞན་ཉིད་ཚད་མ་ཡིན་ནོ། །འདི་ལྟར། འདི་ལྟའི་སྣང་བ་གང་ཡིན་པ། །དེ་ནི་དབྱིབས་དང་བྲལ་མིན་ཏེ། །

དེ་ལྟར་གཞན་དུ་མཐོང་བའི་ཕྱིར། །དེ་ལྟར་ན་དེ་རྗེས་དཔག་ཡིན། །གང་གིས་ནམ་ཡང་འཁྲུལ་པ་མ་དམིགས་པ་དེ་ལ་ནི་ཇི་ལྟར་བསམས་པ་ལ་བསླུས་པའི་ཕྱིར་སླུ་བ་ཉིད་དོ། །འཁྲུལ་པ་རིག་པ་གང་ཡིན་པ་དེ་ནི་རྣམ་པར་དཔྱད་ནས་འཇུག་གོ། །གཞན་ལ་ཐེ་ཚོམ་ཟ་བའམ། བཟློག་པར་

གྱུར་པ་ཡིན་ཡང་དབྱིབས་ཙམ་ལ་ནི་རེ་ཞིག་ཐོབ་པར་བྱེད་པ་ཡིན་ནོ། །དེས་ན་དབྱིབས་ལ་ནི་ཚད་མ་ཡིན་ལ། གཞན་ལ་ཐེ་ཚོམ་ཡིན་པའི་ཕྱིར་འདི་ནི་ཚད་མ་དང་ཚད་མ་མ་ཡིན་པའི་ཤེས་པ་གཉིས་ཡིན་ནོ། །འདིས་ནི་ནོར་བུའི་འོད་ལ་ནོར་བུར་ཤེས་པ་ཡང་བཤད་པ་ཡིན་ཏེ། དེ་ལྟར་ཡང་འཆད་པར་

འགྱུར་རོ། །ཅི་སྟེ་འདི་ནི་གཉིས་ཡིན་ནོ་ཞེས་གང་གིས་རྟོགས་ཤེ་ན། འདི་ཡང་བཤད་པར་བྱའོ། །སྒྲའི་ཡུལ་ཅན་གྱི་ཤེས་པ་ནི་མངོན་པར་འདོད་པ་སྟོན་པར་བྱེད་པའི་ཕྱིར་ཚད་མ་ཡིན་ཏེ། མངོན་པར་བསམས་པའི་དོན་བྱེད་པའི་རང་བཞིན་སྟོན་པར་བྱེད་པ་ཉིད་མི་སླུ་བ་ཡིན་ནོ། །གཞལ་བྱའི་

Vol. 178 · folio 4a

རང་བཞིན་གྲུབ་པ་ཉིད། །དེ་ནི་བྱེད་པ་ཡིན་པར་འདོད། །རི་མོ་ལ་ཡང་མཐོང་ཙམ་གྱིས། །འབྲས་བུ་ཡོངས་སུ་རྫོགས་པ་ཡིན། །འདིར་རང་གི་ངོ་བོ་རིག་པ་ལས་གཞན་པའི་དོན་བྱེད་པ་གྲུབ་པ་ནི་གང་དུ་ཡང་དམིགས་པ་མེད་དོ། །གཟུགས་ལ་སོགས་པ་ལ་ཡང་

རང་གི་རང་བཞིན་རིག་པ་འབའ་ཞིག་ཉིད་དེ། དེའི་ཡུལ་ཅན་གྱི་ཤེས་པ་གཞན་ལ་ཚད་མ་འགྱུར་བ་ནི་མ་ཡིན་ནོ། །དེའི་རང་བཞིན་རིག་པ་ཙམ་ནི་ཤེས་པ་ཐམས་ཅད་ལ་མཚུངས་པའི་ཕྱིར། ཐ་སྙད་པའི་ཚད་མ་ལ་འཇུག་པ་མ་ཡིན་ནོ། །དེའི་ཕྱིར་འབྱུང་གྱུར་དོན་ཡུལ་དང་། །ཡུལ་གཞན་

གྱིས་ནི་སྤྱོད་ཡུལ་ཅན། །ཚད་མ་ལྷག་པར་སྒྲོ་བཏགས་པས། །ཐ་སྙད་རྗེས་སུ་རྟོགས་པར་བྱེད། །འབྱུང་བར་འགྱུར་བའི་དོན་དང་ཡུལ་གཞན་དོན་དུ་གཉེར་བ་ནི་ཚད་མ་དང་ཚད་མ་མ་ཡིན་པའི་ཚོལ་བ་དང་དུ་ལེན་ཏོ། །ཇི་ལྟར་དོན་དམ་པར་རེག་པ་ལ་སོགས་པ་ཡུལ་གཞན་གཟུགས་ལ་

སོགས་པའི་རང་བཞིན་འཛིན་པའི་ནང་དུ་མི་འདུ་བ་དེ་བཞིན་དུ་འབྱུང་བར་འགྱུར་བའི་རང་བཞིན་ཡང་ཡིན་ནོ། །ལྷག་པར་སྒྲོ་བཏགས་པས་ནི་དེ་གཅིག་ཉིད་ཡིན་པ་ལྟར་ཡུལ་གཞན་ཡང་ཡིན་ནོ། །དེས་ན་དེའི་སྒོ་ནས་ཀྱང་མི་སླུ་བ་ཡིན་པར་རྗོད་དེ། གང་དུ་དེ་ཉིད་དོན་བྱེད་པ་དེར་ནི་རྩོད་པ་

མེད་པ་ཁོ་ནའོ། །དེ་ལ་འབྱུང་བར་འགྱུར་བའི་རང་བཞིན་ལ་ནི། དེ་རྒྱུ་ཡིན་པ་ཉིད་ཀྱིས་གཅིག་ཏུ་སྒྲོ་བཏགས་པ་ཡིན་ལ། རེག་པ་ལ་སོགས་པ་གཞན་ལ་ནི་དེ་དང་ཚོགས་པ་གཅིག་ལ་རག་ལས་པ་ཉིད་ཀྱིས་ཡིན་པའི་ཕྱིར་ཁྱད་པར་མེད་དོ། །གང་ལ་དོན་བྱེད་པ་ཐ་དད་པར་མངོན་པར་

འདོད་པ། དཔེར་ན་སྨིག་རྒྱུ་ལ་ཆུར་འཛིན་པའི་ཤེས་པ་ལས་སྨིག་རྒྱུའི་དོན་བྱེད་པ་ཐོབ་པ་དེ་ནི་ཚད་མ་མ་ཡིན་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་སྒྲ་ལས་བྱུང་བ་ཡང་མངོན་པར་འདོད་པ་སྟོན་པའི་ཕྱིར་ཞེས་བཤད་དོ། །གཞན་རི་མོ་ལ་སོགས་པ་ལ་ཡང་ངོ་། །དེ་ལྟར་ཡིན་དང་བུམ་པ་ཤེས་པ་ན་སྣམ་

བུ་ཐོབ་པ་དང་། ཉ་ཕྱིས་ལ་དངུལ་དུ་ཤེས་པ་བརྒྱུད་མར་འབྱུང་ཡང་ཚད་མ་མ་ཡིན་ན། མངོན་པར་འདོད་པ་ལ་མི་སླུ་བ་མེད་པའི་ཕྱིར་རོ། །མངོན་པར་འདོད་ལ་སླུ་མེད་ཕྱིར། །ཐམས་ཅད་ཚད་མ་ཡིན་པར་བརྗོད། །རིགས་མཐུན་པ་དང་མི་མཐུན་པའི། །ཤེས་པ་སྐྱེ་བ་ཙམ་ལས་མིན། །གནོད་

Vol. 178 · folio 4b

པར་བྱེད་པའི་ཤེས་པ་ཡང་། །དེ་ལྟའི་རྣམ་པར་གནས་པ་ཉིད། །དེ་ཉིད་དུ་ན་རིགས་མི་མཐུན། །རྣམ་ཤེས་སྐྱེ་བ་ཙམ་དུ་ཟད། །གལ་ཏེ་རིགས་མི་མཐུན་པ་ཡི། །རིགས་སྐྱེ་གནོད་བྱེད་ཡིན་བརྗོད་ན། །བུམ་པ་ཤེས་ལ་སྣམ་བུ་ཤེས། །ཇི་ལྟར་གནོད་བྱེད་རིགས་མ་ཡིན། །གལ་ཏེ་མིན་

ཤེས་དགག་འཇུག་ལས། །འགའ་ཞིག་གནོད་བྱེད་ཡིན་འདོད་ན། །མིན་ནོ་སྙམ་པའི་ཤེས་དེ་ཉིད། །ཚད་མ་གང་ལས་འོངས་པ་ཡིན། །དངོས་མེད་མཚན་ཉིད་ཚད་མ་སྟེ། །དེ་ལས་ཤེ་ན་དེ་དཔྱད་བྱ། །གཞན་གྱི་རང་བཞིན་རིག་གམ་ཅི། །ཅི་དེའི་མེད་པ་རིག་པ་ཡིན། །གལ་ཏེ་གཞན་

དངོས་རིག་ན་ནི། །ཁྱད་པར་མེད་པར་ཐལ་བར་འགྱུར། །དེ་དངོས་མེད་པ་རིག་ན་ནི། །དེའི་ཞེས་འབྲེལ་པ་མེད་པར་འགྱུར། །མེད་པ་ནི་རང་གི་ངོ་བོས་རིག་པ་ཡིན་ནོ། །དངོས་པོ་མེད་པ་རང་གི་ངོ་བོ་ནི་བུམ་པ་ལ་སོགས་པ་དང་འབྲེལ་པར་རྟོགས་པ་མ་ཡིན་ནོ། །བུམ་པ་རྟོགས་པ་ན་ནི་དངོས་

པོ་མེད་པ་དེ་དང་འབྲེལ་བ་ཉིད་མ་ཡིན་ཏེ། དེའི་ཚེ་དངོས་པོ་མེད་པ་མ་ཡིན་པར་འགྱུར་བའི་ཕྱིར་རོ། །ལྷས་བྱིན་གསོན་པོ་ཉིད་ནི་ཤི་བ་མ་ཡིན་པ་བཞིན་ནོ། །མ་རྟོགས་པའི་བུམ་པ་དང་དངོས་པོ་མེད་པ་འབྲེལ་པར་འཛིན་མི་ནུས་སོ། །ཅི་སྟེ་རྒྱུ་དང་འབྲས་བུའི་དངོས་པོ་བཞིན་དུ་རྟོགས་ཏེ།

རྒྱུ་ཡོད་ན་འབྲས་བུ་ཕྱིས་འབྱུང་བ་ལ་དེའི་དེ་མ་ཐག་ཏུ་དམིགས་པ་དེ་རིམ་གྱིས་རྟོགས་པ་ན། རྒྱུ་དང་འབྲས་བུའི་འབྲེལ་པ་འཛིན་པ་ཡིན་པ་དེ་བཞིན་དུ་དངོས་པོ་ཡོད་ན་དངོས་པོ་མེད་པར་འགྱུར་ལ། དངོས་པོ་མེད་པ་ཡིན་ན་དངོས་པོ་ཡིན་པས་འབྲེལ་པ་རྟོགས་པ་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ་

གང་གི་ཕྱིར། གཏན་མེད་པ་དང་འབྲེལ་པ་ནི། །འགའ་ཡང་འགྲུབ་པ་ཡོད་མ་ཡིན། །མེད་དེ་དངོས་ཡོད་ན་མིན་ཞིང་། །དེར་ནི་བཟློག་པའང་མ་ཡིན་ནོ། །གཞན་ཡང་། རྒྱུ་འབྲས་དག་གི་རང་བཞིན་ནི། །དེ་མེད་པར་ཡང་རྟོགས་པ་ཡིན། །དེ་ཉིད་དུ་ན་མེད་པ་ཡི། །དངོས་པོ་མེད་

པར་རྟོགས་མ་ཡིན། །སྟོང་པའི་ཡུལ་གང་ཡིན་པ་དེ། །ཐམས་ཅད་དུ་ནི་མཚུངས་པ་ཉིད། །སྔ་ན་མེད་སོགས་དབྱེ་བ་ནི། །དེ་ལ་ཤིན་ཏུ་སྲིད་མ་ཡིན། །ཅི་ལྟར་དངོས་པོའི་དབྱེ་བ་ནི། །མངོན་སུམ་གྱིས་ནི་རྟོགས་བྱེད་པ། །དེ་བཞིན་སྔོན་མེད་ལ་སོགས་ཀྱི། །དབྱེ་བའང་མངོན་སུམ་ལས་

Vol. 178 · folio 5a

རྟོགས་འགྱུར། །གལ་ཏེ་དེ་ནི་དངོས་མེད་པའི། །ཚད་མ་ལས་ནི་འདོད་ཅེ་ན། །གང་གི་དངོས་མེད་ཚད་མ་ཡི། །ཚད་མ་མེད་ལས་རིག་ན་ནི། །ཅི་ལྟར་ཐམས་ཅད་མེད་མིན་ཞིང་། །ཇི་ལྟར་ཀུན་དུ་གཉིད་ལོག་མིན། །གལ་ཏེ་མེད་པ་འཛིན་པ་ཡི། །རིག་པ་

དངོས་མེད་ཡིན་འདོད་ན། །དེ་ནི་དངོས་པོ་རིག་མེད་པར། །འགའ་ཞིག་ཇི་ལྟར་མཚན་མར་འགྱུར། །གལ་ཏེ་དེར་ཚོགས་འདི་ཉིད་ན། །དངོས་པོ་མེད་པ་ངེས་མ་ཡིན། །དངོས་པོ་ལས་ནི་ཐ་དད་པ། །དངོས་མེད་རིག་པ་ཡོད་མ་ཡིན། །འདི་མེད་ཅེས་བྱའི་ངེས་པ་ནི། །དེ་ལ་ཐ་དད་

རིག་ཡིན་ན། །དེ་ནི་གང་ལས་སྐྱེས་པ་ཡིན། །དྲན་མེད་དབང་པོ་ལས་མ་ཡིན། །དབང་པོ་དྲན་པ་དང་ལྡན་ལས། །དངོས་ཤེས་མེད་པར་འབྱུང་ན་ནི། །དབང་པོ་ཡོད་པའི་རྗེས་འབྲང་ཕྱིར། །དེ་ནི་མངོན་སུམ་ཉིད་དུ་འགྱུར། །གལ་ཏེ་གཞན་ལ་འཇུག་པ་ཡི། །དབང་པོ་གཞན་ཤེས་

རྒྱུ་མིན་ན། །མེད་ཤེས་ཉིད་ནི་ཡིད་ཡིན་ཏེ། །དེ་ནི་ཇི་ལྟར་ཚད་མ་ཡིན། །ཚད་མ་སླུ་བ་མེད་པ་ལས། །དེ་ནི་གཞན་པའི་ཡིད་ཉིད་ཡིན། །དངོས་མེད་འབའ་ཞིག་པ་ལ་ནི། །མི་སླུ་འགའ་ཡང་ཡོད་མ་ཡིན། །མི་སླུ་འབའ་ཞིག་པ་ལ་ཡིན། །དེ་ནི་མངོན་སུམ་གྱིས་འཛིན་ཏོ། །དངོས་

མེད་བློ་ནི་མེད་པར་དེ། །རྟག་ཏུ་འབའ་ཞིག་འཛིན་པར་འདོད། །གཞན་དང་འདྲེ་བ་མེད་པར་ནི། །རྟོགས་པ་འབའ་ཞིག་འཛིན་པ་ཡིན། །འབའ་ཞིག་འཛིན་པའི་མངོན་སུམ་ལ། །མི་སླུ་བ་ནི་སྲིད་པ་ཡིན། །དེ་ཕྱིར་དེ་ནི་མངོན་སུམ་ཉིད། །དེ་ལྟར་མིན་ན་མི་དམིགས་པ། །གལ་

ཏེ་དངོས་མིན་རིག་མེད་ཕྱིར། །འབའ་ཞིག་གང་ལ་རྟོགས་ཤེ་ན། །དེར་ཡང་འབའ་ཞིག་རིག་པ་ནི། །མེད་ན་མེད་ཕྱིར་མཚུངས་པའམ། །ཅི་ལྟར་དངོས་མེད་འབའ་ཞིག་ནི། །དངོས་མེད་མེད་པར་འཇལ་བྱེད་པ། །དེ་བཞིན་དངོས་པོའང་དེ་ལྟ་ནི། །མིན་ན་ཐུག་པ་མེད་པར་ཐལ། །

དངོས་པོ་མེད་པར་མ་རྟོགས་པར། །འབའ་ཞིག་མི་རྟོགས་སོ་ཞེ་ན། །འབའ་ཞིག་པ་རྟོགས་པ་མེད་པར་དངོས་པོ་མེད་པ་མི་རྟོགས་པའི་ཕྱིར་མཚུངས་པའམ། དངོས་པོ་མེད་པ་འབའ་ཞིག་པའང་དངོས་པོ་མེད་པ་གཞན་མེད་པར་ཅི་ལྟར་རྟོགས། དེ་ལ་ཡང་དངོས་པོ་མེད་པ་རྟོགས་ན་ནི་ཐུག་པ་

Vol. 178 · folio 5b

མེད་དོ། །དེ་ཉིད་དྲན་པའི་དོན་ལ་ལྟོས་ཏེ་མི་དམིགས་པ་ཡིན་ནོ། །དངོས་པོ་མེད་པ་གྲུབ་པ་ནི། །མངོན་སུམ་གྱི་ཤེས་པ་ཡིན་ལ། །མེད་པའི་ཐ་སྙད་ནི་བག་ཆགས་ཀྱི་དབང་གིས་འགའ་ཁོ་ནར་འགྱུར་གྱི། གཞན་དུ་མ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པར་དབྱེ་བའོ། །དེའི་ཕྱིར་འབའ་

ཞིག་འཛིན་པས་ན། ཅི་ལྟར་སད་པའི་ཤེས་པ་རྨི་ལམ་གྱི་ཤེས་པའི་གནོད་བྱེད་ཡིན་པ་དེ་བཞིན་དུ་བཟློག་པ་ཡང་ཡིན་ནོ་ཞེས་བྱ་བ་འདི་ནི་རིགས་པ་ཡིན་ནོ། །དེའི་ཕྱིར་སྒྲ་ལས་འབྱུང་བ་ཡང་མངོན་པར་འདོད་པར་སྟོན་པར་བྱེད་པའི་ཕྱིར་ཚད་མ་ཡིན་ནོ། །དེའི་ཕྱིར། གཞན་པ་

དག་དང་མ་འབྲེལ་ཕྱིར། །ཉན་པའི་བློ་ཡང་ཚད་མི་འགྱུར། །ཞེས་བྱ་བ་དེ་བསལ་བ་ཡིན་ནོ། །གལ་ཏེ་བཅོམ་ལྡན་འདས་ཚད་མ་ཡང་དག་པ་ཡིན་པས་དོན་ཅི་ཡོད་དེ། ཐ་སྙད་པའི་ཚད་མ་ཉིད་ལས་སྐྱེས་བུའི་དོན་ཐམས་ཅད་འགྲུབ་པའི་ཕྱིར་རོ་ཞེ་ན། དེ་ནི་མེད་དེ། རང་དངོས་འཛིན་

ལ་མངོན་སུམ་དང་། །གཞན་དུ་རྗེས་དཔག་འཇུག་པ་ཡིན། །འདི་ཡང་ཕྱི་ནས་འཆད་འགྱུར་ཏེ། །གཞན་ནི་ཚད་མ་མ་ཡིན་ཉིད། །རེ་ཞིག་མངོན་སུམ་ནི་འཇིག་རྟེན་ཕ་རོལ་ལ་སོགས་པ་ལ་མི་འཇུག་སྟེ། དེ་ནི་རང་གི་ངོ་བོ་ཙམ་འཛིན་པའི་ཕྱིར་རོ་ཞེས་བསྟན་པར་བྱའོ། །རྗེས་སུ་དཔག་

པ་ནི་འབྲེལ་པ་འཛིན་པ་མེད་པར་མེད་ལ། ཁྱབ་པར་འབྲེལ་པ་འཛིན་པ་ཡང་། ཐམས་ཅད་རིག་པ་མ་ཡིན་པས་འཛིན་པར་ནུས་པ་མ་ཡིན་ནོ། །རང་གི་ངོ་བོར་རིག་པའི་མཐར་ཐུག་པའི་མངོན་སུམ་གྱི་བདག་ཉིད་ཀྱིས་འབྲེལ་པ་མི་འཛིན་པའི་ཕྱིར་དང་། རྗེས་སུ་དཔག་པ་ཉིད་

ཀྱིས་འབྲེལ་པ་འཛིན་ན་ཡང་གཅིག་ལ་གཅིག་བརྟེན་པའི་ཉེས་པར་འགྱུར་རོ། །མངོན་སུམ་དང་རྗེས་སུ་དཔག་པ་ནི་ཐམས་ཅད་མཁྱེན་པ་སྒྲུབ་པ་དང་རྗེས་སུ་མཐུན་པས་ཐ་སྙད་དུ་ཚད་མ་ཡིན་གྱི། དེ་ལྟར་མ་ཡིན་ན་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ནི་ཕྱིས་བསྟན་པར་བྱའོ། །གལ་ཏེ་རང་གི་

ངོ་བོ་ཉིད་དེའི་ཡུལ་ཡིན་པའི་ཕྱིར་དང་། རྗེས་སུ་དཔག་པ་ཡང་འབྲེལ་པ་འཛིན་པ་ལ་ལྟོས་པའི་ཕྱིར། མངོན་སུམ་དང་རྗེས་སུ་དཔག་པའི་མཚན་ཉིད་ཀྱི་ཚད་མ་འཇིག་རྟེན་ཕ་རོལ་ལ་སོགས་པ་ལ་མི་འཇུག་མོད། བསྟན་བཅོས་ནི་དེ་ལྟར་མ་ཡིན་པའི་ཕྱིར། དེ་ཉིད་ལས་མངོན་པར་

Vol. 178 · folio 6a

འདོད་པའི་དོན་འགྲུབ་པས་བཅོམ་ལྡན་འདས་ཚད་མ་ཡང་དག་པ་ཡིན་པར་བསྒྲུབ་པས་ཅི་ཞིག་བྱ་ཞེ་ན། འདི་ལ་བརྗོད་པ། སྨྲ་བ་པོ་ཡི་བྱེད་པའི་ཡུལ། །དོན་གང་བློ་ལ་རབ་གསལ་བ། །སྒྲ་ནི་དེ་ལ་ཚད་མ་ཡིན། །དོན་གྱི་དེ་ཉིད་རྒྱུ་ཅན་མིན། །སྐྱེས་བུས་མ་

བྱས་པའི་སྒྲ་ནི་མ་ཡིན་ནོ་ཞེས་ཕྱིས་བསྟན་པར་བྱའོ། །སྐྱེས་བུས་བྱས་པ་ཉིད་ནི་འགྱུར་རོ། །དེ་ལ་ཡང་སྨྲ་བ་པོའི་བྱེད་པ་ནི་བརྗོད་པར་འདོད་པའོ། །སྨྲ་བ་པོ་ནི་བརྗོད་པར་འདོད་པ་པོ་སྟེ། བརྗོད་པར་འདོད་པའི་ཡུལ་གྱི་དོན་གང་ཞིག་ཉན་པ་པོའི་བློ་ལ་གསལ་བ་དེ་ཉིད་ལ་སྒྲ་ཚད་མ་ཡིན་ཏེ།

སྒྲའི་བྱེད་པ་ནི་དེ་ཉིད་ལ་ཡིན་ནོ། །གཞན་དུ་བརྗོད་པར་འདོད་པ་གཞན་དུ་སྟོན་པར་བྱེད་པ་ནི་རྟོགས་པ་སྔོན་དུ་གཏོང་བར་མི་འགྱུར་རོ། །དེ་ལྟ་ན་ཡང་ཚད་མ་མ་ཡིན་པར་ཤིན་ཏུ་གསལ་ལོ། །བརྗོད་པར་འདོད་པ་དེ་ཡང་ཐམས་ཅད་ཐམས་ཅད་རིག་པ་ནི་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཕན་

ཚུན་འགལ་བའི་བསྟན་བཅོས་དག་ཏུ་མི་འགྱུར་རོ། །ཕན་ཚུན་འགལ་བའི་དོན་ནི་རྗེས་སུ་སྒྲུབ་པར་ནུས་པ་ཡང་མ་ཡིན་ནོ། །རྣམ་པ་ཇི་ལྟར་ཡང་རུང་བར་བསྒྲུབ་པ་ཙམ་དོན་གྲུབ་པ་ཡིན་ན་ནི་དོན་མེད་པས་ན་བསྟན་བཅོས་ཚད་མ་མ་ཡིན་ནོ། །རང་གར་རྗེས་སུ་བསྒྲུབ་པ་ལ་ཡང་འབྲས་བུ་གྲུབ་པ་

ཡོད་པར་ཐལ་བའི་ཕྱིར་རོ། །དེ་ལྟ་ཡིན་ན་ཇི་ལྟར་འདོད་པ་བཞིན་དུ་ནི། །འཇུག་པས་རྩོད་པ་མེད་འགྱུར་ཏེ། །འགར་ཡང་འགའ་ཡི་སྒྲུབ་པ་ནི། །འགའ་ཡང་འབྲས་བུ་མི་འགྱུར་ཕྱིར། །དེའི་ཕྱིར་གལ་ཏེ་སྨྲ་བ་པོ་ཐམས་ཅད་རིག་པ་མ་ཡིན་ན་སྒྲ་འཆད་པ་པོའི་བྱེད་པའི་ཡུལ་ཉིད་ལ་ཚད་

མ་ཡིན་གྱི། དོན་གྱི་དེ་ཉིད་ཀྱི་རྒྱུ་མཚན་ཅན་ནི་མ་ཡིན་ནོ། །སྐྱེས་བུས་མ་བྱས་པ་ལ་ཡང་། གང་གི་ཚེ་རང་ཉིད་དོན་རྟོགས་པ་དེའི་ཚེ་ནི་དོན་གང་བློ་ལ་གསལ་བ་ཡིན་ལ། གང་གི་ཚེ་འཆད་པ་པོ་ལས་རྟོགས་པ་དེའི་ཚེ་སྨྲ་བ་པོའི་བྱེད་པའི་ཡུལ་ཡིན་ཏེ། འཆད་པ་པོ་ཉིད་སྨྲ་བ་པོ་ཡིན་

ནོ། །དོན་གང་བློ་ལ་སྣང་བ་དེ་ཉིད་ནི་དོན་དམ་པ་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་མངོན་པར་འདོད་པའི་དོན་མཐའ་དག་གྲུབ་པའི་ཕྱིར་འགའ་ཡང་དོན་དུ་གཉེར་བར་མི་འགྱུར་རོ། །དོན་དེ་བསྒྲུབ་པར་བྱ་བ་ཉིད་དུ་རྟོགས་པའི་ཕྱིར་དེ་ལྟ་མ་ཡིན་ནོ་ཞེ་ན། འོ་ན་དེའི་ཚེ་རང་གི་ངོ་བོར་མེད་པས་

Vol. 178 · folio 6b

དེ་རྟོགས་པ་མ་ཡིན་ནོ། །གཞན་རྟོགས་ན་ནི་འབྲེལ་བ་མེད་པའི་ཕྱིར་ཐེ་ཚོམ་ཟ་བ་ཉིད་དོ། །དེའི་ཕྱིར་དོན་གང་རྟོགས་པ་དེ་ནི་གྲུབ་པ་ཉིད་ཀྱིས་དེ་དོན་དུ་གཉེར་ནས་འཇུག་པ་མ་ཡིན་ལ། དོན་དུ་གཉེར་བ་གང་ཡིན་པ་དེ་ནི་མ་རྟོགས་པའི་ཕྱིར་དོན་གྱི་དེ་ཁོ་ན་ཉིད་ཀྱི་རྒྱུ་མཚན་ཅན་གྱི་ཚད་

མ་མ་ཡིན་ནོ། །གལ་ཏེ་བདག་ངེས་པར་སྦྱོར་རོ་ཞེས་རྟོགས་པའི་ཕྱིར་ངེས་པར་སྦྱོར་བ་དག་གི་དོན་མ་ཡིན་ནམ། དེས་ན་ངེས་པར་སྦྱོར་བ་ཉིད་ཀྱིས་འདུག་པར་མི་ནུས་པ་ཡིན་ནོ་ཞེ་ན། ངེས་པར་སྦྱོར་བ་ཞེས་བྱ་བ་འདི་ཅི་ཞིག །ངེས་པའི་སྒྲ་ནི་མ་ལུས་པའི་དོན་ཡིན་ལ། སྦྱོར་བ་ནི་འབྲེལ་

པའི་དོན་ཡིན་ཏེ། ལུས་པ་མེད་པར་སྦྱོར་བ་ནི་ངེས་པར་སྦྱོར་བའོ། །ལུས་པ་མེད་པ་ཉིད་ནི། མི་སྦྱོར་བ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །གདོན་མི་ཟ་བར་བྱ་བ་ཉིད་ནི་ངེས་པར་སྦྱར་བ་ཡིན་ཏེ། ངེས་པར་སྦྱོར་བའི་ཚད་མ་ཅན་ནི་ངེས་པར་སྦྱོར་བ་རྟོགས་པ་ཙམ་གྱིས་འཇུག་པ་ཡིན་ནོ་ཞེ་ན། དེ་

ལ་བཤད་པ་ནི། འཆད་པ་པོའི་བྱེད་པའི་ཡུལ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དོན་འདི་ཡིན་ཏེ། ངོ་བོ་ཉིད་ཀྱི་དོན་གྲུབ་ན། །ངེས་པར་སྦྱོར་དང་བྱེད་པ་དང་། །ཁམས་དོན་སྒྲུབ་པ་བརྗོད་པ་དང་། །འཁྲུལ་འཁོར་ལ་གནས་སོགས་མི་འགྱུར། །དེའི་ཕྱིར་སྤོབས་པ་ཇི་ལྟ་བ་བཞིན་

གང་ལ་གང་སྣང་བ་དེ་དག་གི་དོན་ཡིན་ཏེ། དོན་གྱི་དེ་ཉིད་ནི་དེ་ལྟ་མ་ཡིན་ནོ། །སྒྲ་དེ་ཉིད་ནི་གང་ཇི་ལྟར་བརྗོད་པ་དེ་ལྟར་མི་མཐུན་པར་མི་འགྱུར་ལ། དོན་གྱི་དེ་ཉིད་ནི་དེ་ལྟར་གནས་པ་མ་ཡིན་ནོ། །གཞན་ཡང་གལ་ཏེ་ངེས་སྦྱོར་གྱིས་འཇུག་ན། དེ་དངོས་ཡིན་ཕྱིར་དེ་ལས་ནི། །ཐམས་

ཅད་ཐལ་འགྱུར་ནམ་མཁའ་ནི། །འགའ་ལའང་ནམ་མཁའ་མིན་མ་ཡིན། །རང་བཞིན་ཡིན་ཡང་ཕྱིན་ལོག་གིས། །གལ་ཏེ་གཞན་དུ་རྟོགས་ན་ནི། །ཕྱིན་ཅི་ལོག་དང་མ་ལོག་པའི། །རྣམ་པར་གཞག་པ་སུ་ཡིས་བྱེད། །གལ་ཏེ་ཕྱིན་ཅི་ལོག་པས་ན། །ངེས་པར་སྦྱོར་བར་ལྷུར་ལེན་

པའི་ངག་ལས་ཀྱང་མི་འཇུག་ན། དེ་ལྟ་ཡིན་ན་ཕྱིན་ཅི་ལོག་གི་རྟོགས་པ་ནི་འཇུག་པ་ལ་ཡང་ཉམས་པ་མེད་དོ། །ཇི་ལྟར་འདི་ནི་སྡང་བས་མི་འཇུག་པ་ཕྱིན་ཅི་ལོག་ཡིན་པ་དེ་བཞིན་དུ་གཞན་ཡང་དེའི་ཕྱོགས་སུ་ལྷུང་བས་འཇུག་པའི་ཕྱིར་འདི་ནི་མཚུངས་སོ། །བདག་ངེས་པར་སྦྱར་རོ་སྙམ་པ་

Vol. 178 · folio 7a

ཙམ་གྱིས་ནི་འཇུག་པ་མ་ཡིན་ཏེ། འབྲས་བུ་མེད་པའི་ངེས་པར་སྦྱར་བ་ལ་འཇུག་པ་མེད་པའི་ཕྱིར་རོ། །མངའ་བདག་གཏུམ་པོས་ངེས་པར་སྦྱར་ན་ནི། །འབྲས་བུ་མེད་ཀྱང་ལོག་པར་ལྟུང་བའི་འཇིགས་པས་འཇུག་ཅིང་ལོག་པར་ལྟུང་བ་ཡང་ཚད་མ་གཞན་ལས་རྟོགས་པ་

ཡིན་ནོ། །འདིར་ནི་ཚད་མ་གཞན་མེད་དོ། །དེ་ལྟར་ན་ནི་ངེས་པར་སྦྱོར་བ་དོན་མེད་དོ་ཞེ་ན། མེད་མོད་དེ་ཅི་སྐྱོན། མཐོང་བ་ནི་མི་འཐད་པ་ཞེས་བྱ་བ་ནི་མ་ཡིན་ནོ། །རྟོགས་པ་བདུན་དུ་གཏོང་བར་བྱེད་པ་ཅན་འབྲས་བུ་མེད་པར་ངེས་པར་སྦྱོར་ན་ནི། རྟོགས་པ་དང་ལྡན་པར་མི་འགྱུར་རོ་ཞེས་བྱ་བའི་

ཀླན་ཀར་འདིར་འགྱུར་གྱི། སྐྱེས་བུས་མ་བྱས་པ་ལ་ནི་ཀླན་ཀ་ཅི་ཡོད། སྐྱེས་བུས་མ་བྱས་པ་ལ་ཡང་དོན་མེད་པ་ཉིད་མི་རུང་ངོ་ཞེ་ན། འདི་ལ་ནི་ཚད་མ་ཅི་ཡང་མེད་དོ། །སྐྱེས་བུས་མ་བྱས་པ་གཞན་ལ་དེ་ལྟར་མ་མཐོང་བའི་ཕྱིར་རོ། །གལ་ཏེ་སྐྱེས་བུས་མ་བྱས་པའི་ངེས་པར་སྦྱོར་བ་ཙམ་ལས་

འཇུག་ན་མཐོ་རིས་འདོད་པ་ཞེས་བྱ་བའི་དོན་མེད་དོ། །སྦྱིན་སྲེག་གྱིས་ཤིག་ཅེས་བྱ་བ་ཙམ་ལས་ངེས་པར་སྦྱོར་བ་རྟོགས་པའི་ཕྱིར་རོ། །འོན་ཏེ་འབྲས་བུ་མངོན་པར་འདོད་པ་ལ་འབྲས་བུ་ཉེ་བར་སྟོན་པ་ཡིན་ནོ་ཞེ་ན། འོ་ན་ནི་དེའི་འབྲས་བུས་ཉིད་ཉེ་བར་བསྟན་པར་བྱ་བ་ཡིན་ཏེ། ངེས་པར་སྦྱོར་བ་ཅི་

བྱ། འབྲས་བུ་མངོན་པར་འདོད་པས་རང་ཉིད་འཇུག་པར་འགྱུར་རོ། །སྐྱེས་བུས་མ་བྱས་པའི་ཕྱིར་མ་འབྲེལ་ཡང་མི་བརྩད་དོ་ཞེ་ན། འོ་ན་ནི་འབྲས་བུ་མེད་པ་བསྐུལ་བ་ལ་ཡང་བརྩད་པར་མི་བྱ་བའི་ཕྱིར་རིག་བྱེད་དོན་མེད་པ་ཅན་ཡིན་ཡང་མི་རིགས་པ་མེད་པར་འགྱུར་རོ། །གཞན་ཡང་། གལ་ཏེ་ངེས་

སྦྱོར་ངེས་སྦྱར་དང་། །ཡུལ་དང་ངེས་སྦྱོར་བྱད་པོ་ཡི། །ཆོས་སུ་འདོད་ན་ཐམས་ཅད་ལ། །སྒྲ་ཡི་དོན་ནི་གནས་པ་མེད། །ངེས་པར་སྦྱོར་བ་ཞེས་བྱ་བ་འདི་གང་གི་ཆོས་ཡིན་ཞེས་བསམ་པར་བྱའོ། །ངེས་པར་སྦྱོར་བ་སྣམ་བུ་ལ་སོགས་པའི་དོན་བཞིན་དུ་གཞན་དབང་མ་ཡིན་པར་རྟོགས་པ་ནི་མ་ཡིན་ནོ། །

དེ་ལ་འདི་ནི་གདོན་མི་ཟ་བར་ངེས་པར་སྦྱར་བ་ལ་སོགས་པའི་ཆོས་སུ་འགྱུར་ཏེ། རྣམ་པ་གཞན་རིག་པ་མེད་པའི་ཕྱིར་རོ། །དེ་ནི་སྦྱར་བྱའི་ཆོས་ཡིན་ན། །རྗེས་སུ་བསྒྲུབ་བྱ་ག་ལ་ཡིན། །གལ་ཏེ་གྲུབ་ཀྱང་བསྒྲུབ་བྱ་ན། །སྒྲུབ་པ་རྒྱུན་ཆད་མེད་པར་འགྱུར། །ཡོངས་སུ་རྫོགས་པ་ནི་རྗེས་སུ་སྒྲུབ་པར་ནུས་པ་

Vol. 178 · folio 7b

མ་ཡིན་ནོ། །རྗེས་སུ་སྒྲུབ་པས་དེ་ལ་བྱ་བའི་ཁྱད་པར་རམ་རང་གི་ངོ་བོ་སྐྱེད་གྲང་རེ་ཞིག་བྱ་བའི་ཁྱད་པར་ནི་དོན་མེད་པ་ཉིད་དེ་ཡོངས་སུ་གྲུབ་ཟིན་པ་ལ་བྱ་བ་ཅིའི་དོན་དུ་བྱེད། རང་གི་ངོ་བོ་སྒྲུབ་པ་ནི་གྲུབ་ཟིན་པ་ལ་འགལ་ལོ། །གྲུབ་ཟིན་པ་ལ་མ་གྲུབ་པ་གཞན་ནི་ཡོད་པ་མ་ཡིན་ཏེ། གྲུབ་པ་ལ་

མ་གྲུབ་པའི་དངོས་པོ་མི་རུང་བའི་ཕྱིར་རོ། །གང་ཞིག་གང་གི་རང་བཞིན་དུ་དམིགས་པ་དེ་དེའི་རང་བཞིན་ཡིན་ན། མ་གྲུབ་པ་ནི་དམིགས་པར་མི་ནུས་སོ། །ཕྱིས་དམིགས་པར་འགྱུར་རོ་ཞེ་ན། དེ་ནི་མི་རིགས་ཏེ། དེ་ཡི་རང་གི་ངོ་བོར་ནི། །ཕྱིས་དམིགས་ནུས་པ་མ་ཡིན་ཏེ། །མངོན་སུམ་ད་ལྟའི་

རང་བཞིན་ནི། །འཛིན་པ་ལ་ནི་འཇུག་ཕྱིར་རོ། །ད་ལྟར་བའི་རང་བཞིན་འཛིན་པ་ལ་འཇུག་པའི་མངོན་སུམ་ནི་སྔ་མ་དང་ཕྱི་མའི་རང་བཞིན་མཐོང་བར་ནུས་པ་མ་ཡིན་ནོ། །དེས་ན། དབང་པོ་ལས་སྐྱེས་ཤེས་པ་ནི། །སྔ་ཕྱི་གཅིག་ཏུ་རིགས་མིན་ཏེ། །དབང་པོའི་རྗེས་སུ་འབྲང་བ་ཡི། །ཕྱིར་ན་མངོན་

སུམ་ཞེས་བརྗོད་དོ། །དེའི་ཕྱིར་ངེས་པར་སྦྱོར་བ་ངེས་པར་སྦྱར་བར་བྱ་བ་སྐྱེས་བུའི་ཆོས་ཡིན་ན་སྒྲའི་དོན་ཉིད་མ་ཡིན་ནོ། །ཡུལ་གྱི་ཆོས་ཉིད་ཡིན་ན་ཡང་། །ཡུལ་མ་གྲུབ་པའི་ཕྱིར་རང་གི་ངོ་བོ་ཉིད་མེད་པས་དེ་ཇི་ལྟར་སྒྲ་ལས་རྟོགས་པར་ནུས། མེད་པ་རི་བོང་གི་རྭ་ལ་སོགས་པ་ནི་དེ་ལྟར་རྗེས་སུ་

གྲུབ་པའི་ཡུལ་ཉིད་དུ་མཐོང་བ་མེད་དོ། །རྗེས་སུ་སྒྲུབ་པའི་ཡུལ་ཉིད་ཀྱིས་ན་རང་བཞིན་འགས་ནི་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གིས་དེ་ནི་ཡོད་པ་ཡི། །ངོ་བོ་དེས་དེ་བསྒྲུབ་བྱ་མིན། །གང་གིས་དེ་ནི་ཡོད་མིན་པ། །དེས་ཀྱང་རྟོགས་པར་འགྱུར་བ་མིན། །དེ་ཡི་རྟོགས་བཞིན་ཉིད་སྒྲུབ་

ཅིང་། །བསྒྲུབ་བྱ་ཉིད་ནི་མིན་ཞེ་ན། །དེ་ཡི་རང་གི་ངོ་བོ་ནི། །དེ་ཉིད་ངེས་སྦྱོར་གཞན་འགྱུར་མིན། །རྟོགས་བཞིན་པ་ཉིད་ཙམ་ཞིག་ནི། །དངོས་པོ་ཀུན་གྱི་ཐུན་མོང་ཡིན། །རྗེས་སུ་བསྒྲུབ་བྱ་ཉིད་ཀྱིས་དེ། །ངེས་སྦྱོར་དེ་ལྟ་མིན་ན་མིན། །གལ་ཏེ་རྗེས་སུ་བསྒྲུབ་བྱ་བར། །སྣང་བ་ཡིན་

གྱི་གཞན་མིན་ན། །དེ་ལ་རྗེས་སུ་བསྒྲུབ་འགྱུར་གྱི། །སྤྱིར་རིག་པ་ལ་མ་ཡིན་ནོ། །སྤྱིར་རིག་ཡིན་ན་དེ་ལ་ནི། །རྗེས་སུ་བསྒྲུབ་དོན་རིག་མིན་པས། །དེར་སྨྲ་བ་ཡི་ངེས་སྦྱོར་ནི། །ངག་གི་དོན་དུ་འགྱུར་མ་ཡིན། །གལ་ཏེ་སྦྱིན་སྲེག་ལ་སོགས་པའི་ཡུལ་ལ་བདག་སྦྱོར་རོ་ཞེས་རྟོགས་པ་ཡིན་ལ།

Vol. 178 · folio 8a

སྒྲ་ལས་ངེས་པར་སྦྱོར་བ་རྟོགས་པའང་འདི་ཉིད་ཡིན་ཏེ། བདག་ནི་འདིས་འདི་ལ་ངེས་པར་སྦྱར་རོ་སྙམ་དུ་རྟོགས་པ་གང་ཡིན་པའོ། །དེ་ལ་ངེས་པར་སྦྱོར་བར་བྱེད་པ་པོ་ནི་སྒྲ་ཡིན་ཏེ། སྐྱེས་བུ་ནི་རིག་བྱེད་ལ་ཚད་མ་མ་ཡིན་པའི་ཕྱིར་རོ། །ངེས་པར་སྦྱར་བར་བྱ་བ་ནི། སྐྱེས་

བུ་ཡིན་ལ། སྦྱིན་སྲེག་ནི་ཡུལ་ཡིན་ཞིང་དེ་ཐམས་ཅད་རྟོགས་པ་ཡིན་ནོ། །དེ་ལ་དངོས་པོ་ཉིད་རྟོགས་པ་ཡིན་ན། དེ་ཇི་ལྟར་རྟོགས་པ་ཞེས་བྱ་བ་བརྒལ་ཞིང་བརྟག་པ་འདི་ཅི་ཞིག་ཡིན་ཞེ་ན། དེ་ནི་མི་བདེན་ཏེ། རྟོགས་བྱ་ཡོད་པ་མིན་ན་དེར། །གང་གི་རང་བཞིན་རིག་པ་ཡིན། །གང་

ཞིག་རང་གི་ངོ་བོ་ཡིས། །རིག་དེ་དེ་ཡི་རིག་པར་འདོད། །རང་གི་ངོ་བོ་མེད་པ་ལ། །རང་དངོས་རིག་པ་ཡོད་མ་ཡིན། །གང་ཕྱིར་དམིགས་པ་ཡོད་པ་དེས། །ཡོད་དང་མེད་པར་ཇི་ལྟར་འགྱུར། །དམིགས་པ་ཙམ་གྱིས་དངོས་པོ་ནི། །ཡོད་ཅེས་བྱ་བ་རྟོགས་མ་ཡིན། །ཡུལ་རྣམས་ལ་ནི་ཕན་

ཚུན་དུ། །འགལ་བའི་དོན་དེར་འགྱུར་མ་ཡིན། །རྒྱུ་ཡི་དྲི་མས་མ་སྦགས་ཕྱིར། །རིག་བྱེད་ཉིད་ལས་རྟོགས་ཤེ་ན། །འཇིག་རྟེན་རྗེས་འབྲང་མེད་པར་ནི། །རིག་བྱེད་ལས་རྟོགས་མེད་ཕྱིར་མིན། །མཆོད་སྦྱིན་ལ་སོགས་དམིགས་པས་ན། །སྒྲ་དོན་འཇིག་རྟེན་ན་སྲིད་ཕྱིར། །སྔོན་མཐོང་

རྗེས་སུ་འབྲང་བ་ཡིས། །རྟོགས་པ་དོན་གྲུབ་བྱེད་མ་ཡིན། །འདོད་དང་མྱ་ངན་འཇིགས་དང་སྨྱོ། །ཉེས་པས་བསླད་པའི་སེམས་རྣམས་ཀྱི། །བློ་སྔོན་རྗེས་སུ་འབྲང་བས་ནི། །འདོད་པ་སྒྲུབ་བྱེད་མཐོང་བ་མེད། །ངག་དང་ཚིག་དོན་འཇིག་རྟེན་ན། །ལ་ལར་ཉེ་བར་བསླད་པར་མཐོང་། །དེ་

རྗེས་འབྲང་བར་རིག་བྱེད་ལ། །ཉེར་བསླད་ཇི་ལྟར་སྲིད་མ་ཡིན། །དེ་ལ་རྨོངས་པ་ལ་སོགས་པ། །བསམ་པའི་ཉེས་པ་འགའ་མེད་ན། །དེར་ཡང་མ་རྟོགས་པ་ཡི་སྐྱོན། །འགའ་ཞིག་ཇི་ལྟར་འདོད་མ་ཡིན། །འཇིག་རྟེན་བསམ་པའི་ཉེས་པ་ཡིས། །དངོས་དང་འབྲེལ་པ་ཉམས་པའི་ཕྱིར། །

ཚད་མིན་འདི་ནི་རིག་བྱེད་ལས། །ཚད་མའི་ཉམས་པ་མ་ཡིན་མིན། །ངག་དང་ཚིག་དོན་འཇིག་རྟེན་ན། །ཉེ་བར་བསླད་པ་མཐོང་བའི་ཕྱིར། །རིག་བྱེད་ལའང་སྒྲ་དེ་ཉིད། །དེ་དག་ཇི་ལྟར་བསླད་མི་སྲིད། །གལ་ཏེ་རིག་བྱེད་རང་ཉིད་ལས་དོན་བདེན་པར་མི་འགྱུར་ན། དེའི་ཚེ་འཇིག་རྟེན་མཆོད་སྦྱིན་ལ་

Vol. 178 · folio 8b

སོགས་པའི་དོན་ལ་རང་ཉིད་མི་འཇུག་པའི་ཕྱིར། ཇི་ལྟར་མཆོད་སྦྱིན་ལ་སོགས་པའི་བྱ་བ་ལ་འཇུག་པ་དམིགས། འདིར་རང་ཉིད་ནི་རྟོགས་པ་ནུས་པ་མ་ཡིན་ཏེ། དེས་ན་མི་སླུ་བ་ལ་བརྟེན་པའི་དོན་སྟོན་པའི་ཕྱིར་རིག་བྱེད་ཚད་མ་ཡིན་ནོ་ཞེ་ན། འདི་ནི་ལུང་ཐམས་ཅད་ལ་མཚུངས་སོ། །ལུང་ཐམས་

ཅད་ལའང་སོ་སོར་ངེས་པའི་ལུང་གི་དོན་གྱི་ནང་གི་བྱེ་བྲག་གི་རྣམ་པར་དབྱེ་བ་དམིགས་པ་ནི། སྐྱེས་བུ་ཙམ་གྱིས་རང་གིས་བརྟགས་ནས་རྗེས་སུ་སྒྲུབ་པར་ནུས་པ་མ་ཡིན་ནོ། །ཡང་ན་སྒྲ་དང་རྟགས་མེད་པར་ཡང་ཅི་ཞིག་ལྟར་དྲན་པར་བྱེད་པ་རང་ཉིད་གང་གིས་བྱ་བ་དེ་ལྟར་རྟོགས་པའི་བློ་དེ་ཅི་ཡང་མི་

འགྱུར་རམ། ཅི་ག །མཆོད་སྦྱིན་ལ་སོགས་དོན་བྱ་བའི། །བདག་ལ་ལུང་ཀུན་མཚུངས་པའི་ཕྱིར། །དེ་ཡི་ཀུན་གྱིས་བྱེད་མིན་ཏེ། །རིག་བྱེད་ལ་ཡང་མི་མཚུངས་སམ། །དམ་པས་རྩི་བ་མིན་ཞེ་ན། །ཕན་ཚུན་བརྟེན་པར་འགྱུར་བ་ཡིན། །དམ་པ་རིག་བྱེད་དོན་སྤྱོད་ལས། །དེ་ཡི་ཚད་མའང་དེ་

སྤྱོད་ལས། །གཞན་ཡང་། བྲམ་ཟེ་ལ་སོགས་པ་དག་ཀྱང་། །ལུང་གཞན་དང་ནི་འབྲེལ་བར་འགྱུར། །དེ་དག་སྡིག་ལ་དགའ་མིན་པས། །མི་འགྱུར་བ་ནི་ཉིད་ཅེ་ན། །སྡིག་དང་ཅིག་ཤོས་རྣམ་གཞག་འདི། །ཚད་མ་གང་ལས་འོང་བ་ཡིན། །བྲམ་ཟེ་མིན་པས་སྡིག་བདག་ཉིད། །སྡིག་

ཕྱིར་བྲམ་ཟེ་མིན་དག་ཉིད། །གཞན་ཡང་རིགས་དང་རུས་དང་ནི། །བྱ་བ་སོགས་ལས་བྲམ་ཟེ་སོགས། །རྣམ་དབྱེ་ཤེས་པར་ནུས་མིན་ནི། །གང་ཕྱིར་བྲམ་ཟེ་ཁྱད་ཅན་འགྱུར། །བྲམ་ཟེ་ལ་སོགས་པའི་ངོ་བོ་ནི་ཇི་ལྟར་ཡང་ཚད་མའི་སྤྱོད་ཡུལ་དུ་གྱུར་པ་མ་ཡིན་ནོ། །དེ་ནི་རིགས་དང་ལྡན་པའི་མཚན་

ཉིད་དམ། རུས་ཀྱི་མཚན་ཉིད་དམ། བྱ་བའམ་ནུས་པའི་ཁྱད་པར་དུ་འཕགས་པ་དང་ལྡན་པ་ཞིག་ཡིན་གྲང་ན། རེ་ཞིག་བ་ལང་ཉིད་ལ་སོགས་པའི་རིགས་ལྟར་དེའི་རིགས་རྣམ་པའི་ཁྱད་པར་ཉིད་ལས་འགའ་ཞིག་ངེས་པར་གཟུང་བར་ནི་མི་ནུས་ཏེ། རྣམ་པ་འཆོལ་བར་མཐོང་བའི་ཕྱིར་རོ། །དམངས་

རིགས་ལ་སོགས་པར་འདོད་པ་རྣམས་ཀྱི་རྣམ་པ་ཡང་དེ་ཉིད་ཡིན་པར་དམིགས་སོ། །ཁུ་ཡུ་ལ་སོགས་པའི་རྣམ་པ་ལྟར། ཀཽཎྜི་ནྱ་ལ་སོགས་པ་ལ་ཡང་རིགས་མི་མཐུན་པར་འདོད་པ་བསལ་བ་དང་། མི་མཐུན་པའི་བསལ་བ་ནི་མ་དམིགས་སོ། །དེ་ཉིད་ཀྱི་ཕྱིར་གསལ་བ་འཆོལ་བས་ཐེ་ཚོམ་གྱི་

Vol. 178 · folio 9a

ཡུལ་ཡིན་པའི་ཕྱིར། ཉེ་བར་བསྟན་པ་དང་བཅས་པའི་མངོན་སུམ་ཚད་མ་ཡིན་ནོ་ཞེ་ན། མངོན་སུམ་དོན་ལ་གཞན་གྱིས་ནི། །ཉེར་བསྟན་ཚད་མར་རིགས་མ་ཡིན། །ཉེ་བར་བསྟན་པ་འཇིག་རྟེན་རྣམས། །གཞན་དུ་འཇུག་པར་བྱེད་པ་ཡིན། །གལ་ཏེ་བྲམ་ཟེ་ཉིད་ལ་

སོགས་པའི་རིགས་མངོན་སུམ་གྱིས་མཐོང་ན། གཞན་གྱིས་ཉེ་བར་བསྟན་པ་དོན་མེད་དེ། མངོན་སུམ་གྱི་དོན་ལ་གཞན་གྱིས་ཉེ་བར་བསྟན་པ་ནི་ཆེན་པོ་མ་ཡིན་ནོ། །དེ་ལྟར་ཡིན་ནོ་ཞེ་ན་ནི་གཞན་གྱིས་ཉེ་བར་བསྟན་པ་ལས་ཐེ་ཚོམ་དུ་མི་འགྱུར་བར་བྱ་བ་དེ་ཉིད་ཀྱི་ཕྱིར་མངོན་སུམ་ལྷན་ཅིག་པ་ལ་

ལྟོས་པ་ཡིན་ནོ་ཞེ་ན། གལ་ཏེ་མངོན་སུམ་ཉེར་བསྟན་ལ། །ལྟོས་མེད་དོན་གྲུབ་བྱེད་ཡིན་ན། །ཉེར་བསྟན་དེ་ནི་བདེན་ཉིད་དུ། །སྒྲུབ་ནུས་དེ་ལྟ་མིན་ན་མིན། །གང་གི་ཚེ་མངོན་སུམ་དང་ཉེ་བར་བསྟན་པ་འབའ་ཞིག་ནུས་པ་མེད་པ་དེའི་ཚེ་ནི་སོ་སོ་ནུས་པ་མེད་པ་གཉིས་ལྷན་ཅིག་ཏུ་གྱུར་ཀྱང་དེ་དང་

འདྲ་བ་ཉིད་ཡིན་པའི་ཕྱིར་རིགས་འཛིན་པར་ནུས་པར་མི་འགྱུར་རོ། །ཚོགས་པས་ནུས་སོ་ཞེ་ན། དེ་ནི་མེད་དེ། ཐམས་ཅད་འབྲས་བུ་མཐོང་བ་ལས། །ཚོགས་པ་ཡིན་ཞེས་རྟོགས་པར་འགྱུར། །མྱུ་གུ་སོགས་བཞིན་འདིར་ཡང་ནི། །འབྲས་བུ་ཅུང་ཟད་མཐོང་བ་མེད། །བུམ་པ་དང་སྣམ་བུ་ནི་

འབྲས་ཀྱི་མྱུ་གུ་འམ། གཞན་དུ་ཚོགས་པར་འགྱུར་བ་མ་ཡིན་ཏེ། དེ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་ཆུ་ལ་སོགས་པ་ཉིད་ཡིན་པར་མ་ཐོང་བའི་ཕྱིར་རོ། །འདིར་ནི་དེ་བཞིན་དུ་རིགས་ངེས་པའི་མཚན་ཉིད་ཀྱི་འབྲས་བུ་དམིགས་པ་མ་ཡིན་ནོ། །གང་གི་ཚེ་གསེར་ལ་སོགས་པའི་ཉེ་བར་

བསྟན་པ་མི་བདེན་པར་དོགས་པ་དེའི་ཚེ་ནི་དེ་མངོན་སུམ་དུ་མཐོང་བས་བཟློག་གོ། །དེ་བཞིན་དུ་རིགས་ཀྱི་ཉེ་བར་བསྟན་པ་མི་བདེན་པར་དོགས་པ། མངོན་སུམ་གྱིས་བདེན་པའི་རིགས་ཀྱི་རང་བཞིན་འཛིན་པའི་རྒྱུ་ལས་བཟློག་པ་ནི་མ་ཡིན་ནོ། །གསེར་ལ་སོགས་པ་ལ་ནི་རང་བཞིན་གྱི་ཁྱད་པར་ཡོད་

པའི་ཕྱིར་འདི་ལྟ་བུར་གྱུར་པ་ཉིད་ནི་གསེར་ཡིན་ནོ་ཞེས་བྱ་བས་མཐོང་བའི་ཐ་སྙད་རྫོགས་པའི་ཕྱིར་ཉམས་པ་འགའ་ཡང་མེད་དོ། །དེར་ནི་འདི་ལྟ་བུར་གྱུར་པ་ཉིད་ནི་བྲམ་ཟེའོ་ཞེས་རྐང་པ་བརྐྱང་བཙམ་སྐྱབས་མ་ཡིན་ཏེ། དོན་དམ་པའི་འཇིག་རྟེན་ཕ་རོལ་གྱི་ཐ་སྙད་འདོད་པ་བསླུས་པར་འགྱུར་བའི་ཕྱིར་

Vol. 178 · folio 9b

རོ། །གསེར་ནི་ངག་མཐུན་པ་ཉིད་ཀྱིས་བདེན་པར་འགྱུར་གྱི་བྲམ་ཟེ་ནི་མ་ཡིན་ནོ། །གཞན་ཡང་དེར་དོགས་ན་རིགས་ཀྱི་ཉེ་བར་བསྟན་པ་གཞན་ལ་སོགས་པའི་ངེས་པར་རྟོགས་པ་ཉིད་བྱེད་ཀྱི་ཐབས་གཞན་ནི་མེད་དོ། །འོན་ཏེ་འདོན་པ་ལ་སོགས་པ་བྱ་བའི་ཁྱད་པར་གྱིས་ཤེས་ཀྱི་ཉེ་བར་བསྟན་

པ་ཙམ་ལས་ནི་མ་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། བྲམ་ཟེ་ཡིན་ན་བྱ་བ་བྱའོ། །བྱ་བ་ལས་ནི་བྲམ་ཟེ་མིན། །རིགས་ངེས་པ་དང་བྲལ་བ་ཡི། །ལེགས་པར་བྱེད་པའང་མེད་པ་ཉིད། །རིགས་དང་བྲལ་བའི་འདོན་པ་དང་། །འདོན་དུ་འཇུག་པའི་འདུ་བྱེད་པ་ལ་སོགས་པ་ནི་བྲམ་ཟེ་ཉིད་ལ་

སོགས་པ་སྒྲུབ་པར་བྱེད་པ་མ་ཡིན་ཏེ། དེ་ལྟ་བུ་ཐམས་ཅད་བྲམ་ཟེར་ཐལ་བའི་ཕྱིར་རོ། །གཞན་ཡང་། གལ་ཏེ་མངོན་སུམ་ཡན་གར་བས། །རིགས་ནི་རྟོགས་པ་མ་ཡིན་ན། །ཚིག་ལས་དེ་མི་རྟོགས་པ་ལའང་། །འགལ་བ་ཡོད་པ་མ་ཡིན་ནོ། །རེ་ཞིག་དང་པོ་འཇུག་པའི་མངོན་སུམ་ནི་བྲམ་ཟེ་

ཉིད་ལ་སོགས་པའི་རྣམ་པར་དབྱེ་བ་སྒྲུབ་པར་ནུས་པ་མ་ཡིན་ཏེ། དེས་ན་གཞན་གྱི་ཉེ་བར་བསྟན་པ་ལ་ལྟོས་པ་ཡིན་ནོ། །གལ་ཏེ་མངོན་སུམ་གྱིས་མ་རྟོགས་ན་ནི་བརྗོད་པས་ཀྱང་མི་རྟོགས་པ་ཉིད་དེ། བརྗོད་པ་དེ་ཡང་དམིགས་པ་ཉིད་སྟོན་པར་བྱེད་པ་ཡིན་པའི་ཕྱིར་རོ། །མ་ཤེས་པར་ཞུགས་

པའི་སྐྱེས་བུའི་ཚིག་ནི་ངེས་པ་སྐྱེད་པར་བྱེད་པ་མ་ཡིན་ནོ། །ཇི་ལྟར་ཁྱོད་ཀྱིས་དེ་རྟོགས་ཞེས་སྐྱེས་བུ་ལ་བརྒལ་ཞིང་བརྟག་པ་ན་རུས་དང་འདུ་བྱེད་པ་ལ་སོགས་པ་ཉིད་ཡོངས་སུ་ཤེས་པའི་ཡུལ་དུ་ཉེ་བར་སྟོན་གྱི་རིགས་དམིགས་པར་བརྗོད་པ་ནི་མ་ཡིན་ནོ། །དེ་ཉིད་རིགས་ཡིན་ནོ་ཞེ་ན། འདི་ལ་ལན་

བཏབ་ཟིན་ཏེ། བྲམ་ཟེ་ཉིད་ཡིན་ན་བྱ་བ་ཡོད་པར་འགྱུར་གྱི། དེ་ཉིད་ནི་བྲམ་ཟེ་ཉིད་མ་ཡིན་ནོ། །འོན་ཏེ། རུས་ཀྱི་མཚན་ཉིད་རིགས་ཡིན་ན། །དེ་ལྟ་ཡིན་ན་ཚངས་པ་ལས། །སྐྱེས་པ་བྲམ་ཟེ་ཡིན་ཞེས་བརྗོད། །ཚངས་པ་ལས་སྐྱེས་བྲམ་ཟེ་ན། །ཧ་ཅང་ཐལ་བར་འགྱུར་བ་ཡིན། །ཚངས་པའི་ལུས་

ལས་མ་སྐྱེས་པ། །འགའ་ཡང་གཞན་ན་ཡོད་མ་ཡིན། །བར་དུ་རིགས་ཐ་དད་ཅེ་ན། །རྒྱུ་མཚན་མེད་པར་ཇི་ལྟར་འགྱུར། །བར་དུ་བྱ་བ་ཐ་དད་ཕྱིར། །རུས་ཀྱི་དགོས་པ་ཅི་ཡང་མེད། །འོན་ཏེ་བྲམ་ཟེ་ལ་སོགས་རུས། །ཐ་དད་ཐོག་མེད་ཡིན་འདོད་ན། །ཚད་མ་འཇུག་པ་མེད་པའི་ཕྱིར། །དེ་

Vol. 178 · folio 10a

ནི་ཇི་ལྟར་ཤེས་པར་འགྱུར། །དེ་ནི་ཡོངས་སུ་མ་ཤེས་ཕྱིར། །བྱ་བ་བྱ་མིན་ཉིད་དུ་ཐལ། །དེ་ཡི་བྱ་བ་མི་ཤེས་ཕྱིར། །བྱ་བ་མེད་པར་ཐལ་བར་འགྱུར། །རུས་ནི་རྣམ་པར་མ་ཆད་ཀྱང་། །ཤེས་པར་ནུས་པ་མ་ཡིན་ནོ། །རུས་ཀྱི་དངོས་པོ་འགའ་ཡང་ནི། །རྣམ་ཆད་མེད་པར་

ངེས་མ་ཡིན། །དེ་ལྟ་མིན་ན་སུ་ཏ་དང་། །གཏིང་རིང་གཏུམ་པོར་ཇི་ལྟར་འགྱུར། །གལ་ཏེ་དེ་དག་དེ་ཤེས་པས། །ཤེས་ན་ངེས་པ་ཡོད་མ་ཡིན། །འདི་ནི་ཐོག་མེད་རུས་བརྒྱུད་དེ། །བུད་མེད་འཁྲུལ་པ་མེད་དོ་ཞེས། །ཇི་ལྟར་ཤེས་འགྱུར་བུད་མེད་ནི། །རྟག་ཏུ་འདོད་པས་གཟིར་བ་ཡིན། །

དང་པོ་བྲམ་ཟེ་གནས་འགྱུར་ན། །དེ་ཡི་རུས་ནི་སྲིད་པ་ཉིད། །དེ་མི་ནུས་ན་ཇི་ལྟར་རུས། །འདི་ནི་དམུས་ལོང་བརྒྱུད་པ་ཉིད། །རྒྱལ་རིགས་རྗེ་རིགས་དམངས་རིགས་རྣམས། །འོན་ཏེ་ནུས་པའི་ཁྱད་པར་དང་། །ལྡན་པ་བྲམ་ཟེ་ཡིན་འདོད་ན། །ད་ལྟར་ནུས་པ་ཕུལ་བྱུང་བ། །འགའ་ལའང་

དམིགས་པ་ཡོད་མ་ཡིན། །གལ་ཏེ་སྔོན་དུས་སུ་ཐོས་ན། །ཀུན་ལ་ཡིན་ཕྱིར་ཚིག་དོན་མེད། །ལུང་ཀུན་ལས་ནི་རབ་གྲགས་པ། །ནུས་པ་ཕུལ་བྱུང་ཆེན་པོ་ཅན། །རྣལ་འབྱོར་གྲུབ་པ་ཅན་རྣམས་སྔོན། །གདོན་མི་ཟ་བར་རབ་ཏུ་གྲགས། །དེ་ཕྱིར་ནུས་པའི་ཁྱད་པར་དང་། །ལྡན་པ་བྲམ་

ཟེར་རིགས་མ་ཡིན། །གསལ་བ་བྲམ་ཟེ་ལ་སོགས་པར། །སྒྲུབ་བྱེད་རིག་བྱེད་ཚིག་འགའ་ཡང་། །ཡོད་མིན་སྤྱི་ཡི་ཚིག་དེ་ནི། །མ་བརྗོད་པ་དང་མཚུངས་པ་ཉིད། །རིག་བྱེད་དུ་ལྷས་བྱིན་ལ་སོགས་པ་བྲམ་ཟེ་ཉིད་དུ་ཉེ་བར་སྟོན་པ་ནི་མེད་དེ། ཐམས་ཅད་ཀྱི་ཚེ་མེད་པའི་ཕྱིར་དང་། རིག་བྱེད་

ནི་གཏན་དུ་ཡོད་པའི་ཕྱིར་རོ། །དོན་མེད་པའི་དུས་ན་རིག་བྱེད་ཉེ་བར་སྟོན་པ་ཅི་ལྟར་དོན་དང་ལྡན་པ་ཡིན་གང་གི་ཚེ་འབྱུང་བར་འགྱུར་བ་དེའི་ཚེ་དེ་ལྟར་ཡིན་ནོ་ཞེ་ན། དོན་མེད་པ་ཡི་རིག་བྱེད་ཕྱིས། །ཇི་ལྟར་དོན་དང་འབྲེལ་བར་འགྱུར། །བྱ་བ་མེད་པའི་རང་བཞིན་ནི། །ཅི་ལྟར་དེ་ལ་བྱེད་པར་

འགྱུར། །དོན་ཡོད་པ་དང་མེད་པ་ནི་རིག་བྱེད་ལ་ཁྱད་པར་དམིགས་པ་ནི་མ་ཡིན་ནོ། །ཐམས་ཅད་ཀྱི་ཚེ་དེའི་རང་བཞིན་ཉིད་ཡིན་ན་ཇི་ལྟར་རྣམ་པར་དབྱེ་བ་འདི་རྟོགས་པར་འགྱུར། དེས་ན་བྲམ་ཟེ་ཉིད་ལ་སོགས་པ་དེ་ནི་མངོན་སུམ་དང་ཉེ་བར་བསྟན་པ་དང་། གཉི་ག་དང་རིག་བྱེད་ལས་ཀྱང་རྟོགས་

Vol. 178 · folio 10b

པ་མ་ཡིན་ནོ། །དེ་མི་རྟོགས་ན་ཇི་ལྟར་ཉེ་བར་སྦྱོར་ཏེ། དེའི་ཕྱིར་དེས་བྱ་བ་ཅི་ཡོད། དེས་ན་བྲམ་ཟེ་ནི་ཐ་སྙད་ཙམ་དུ་གྲུབ་པ་ཡིན་ནོ། །དེའི་ཕྱིར་རིག་བྱེད་ལས་བྲམ་ཟེ་ལ་ཡང་དོན་བྱེད་པའི་ཚུལ་བྱེད་པ་མ་ཡིན་པའི་ཕྱིར་ཇི་ལྟར་རིག་བྱེད་ལས་ཐ་སྙད་མི་སླུ་བ་ཡིན། འགའ་ཞིག་གི་ཐ་

སྙད་ནི་རིག་བྱེད་ལས་བཟློག་པ་ལས་ཀྱང་ཡིན་པའི་ཕྱིར། རིག་བྱེད་དང་རིག་བྱེད་མ་ཡིན་པ་དག་ཁྱད་པར་མེད་དོ། །དེའི་ཕྱིར་ཡོངས་སུ་མ་བརྟགས་པའི་རིག་བྱེད་ཀྱིས་ངེས་པར་སྦྱོར་བ་ཙམ་གྱིས་ནི་འཇུག་པར་མི་རིགས་ཏེ། དེས་ན་འཇུག་པར་བྱེད་པ་མ་ཡིན་པའི་ཕྱིར་ཚད་མ་མ་ཡིན་པ་ཉིད་

དོ། །འོན་ཏེ་ངེས་པར་སྦྱོར་བ་ནི་ངེས་པར་སྦྱོར་བ་པོའི་ཆོས་ཡིན་ནོ་ཞེ་ན། དེ་ནི་མི་རིགས་ཏེ། ངེས་སྦྱོར་བྱེད་པོ་གྲུབ་དངོས་ཕྱིར། །ངེས་པར་སྦྱོར་བའང་གྲུབ་པ་ཉིད། །ངེས་སྦྱོར་བསྒྲུབ་བྱར་མི་འགྱུར་ཏེ། །གྲུབ་པ་ཇི་ལྟར་བསྒྲུབ་བྱ་ཡིན། །གྲུབ་པ་གཞན་ལ་ལྟོས་མེད་པ། །ཅི་ལྟར་

ཡང་བསྒྲུབ་པར་རིགས་པ་མ་ཡིན་ཏེ། དེ་ལྟར་ཡིན་ནོ་ཞེ་ན་ནི་གྲུབ་པ་འཕྲོ་འཆད་པ་མེད་པའི་ཕྱིར་ཚད་མ་དོན་མེད་པར་འགྱུར་རོ། །འོན་ཏེ་ངེས་པར་སྦྱོར་བ་བྱེད་པ་པོའི་ཆོས་ཡིན་ཡང་། ངེས་པར་སྦྱར་བ་དང་། ཡུལ་ལ་ལྟོས་ནས་ངེས་པར་སྦྱོར་བ་དེ་ལྟ་བུ་ཉིད་དུ་འགྱུར་བ་ཡིན་ནོ། །ངེས་པར་

སྦྱར་བྱ་དང་བྲལ་བའི། །ངེས་སྦྱོར་འགའ་ཡང་རྟོགས་པ་མེད། །དེ་བཞིན་ངེས་སྦྱོར་ཡུལ་མེད་པར། །ངེས་སྦྱོར་ཉིད་ནི་ཡོད་མ་ཡིན། །འདི་ལྟར། བདག་ནི་འདི་ཡི་ཡུལ་འདི་ལ། །ངེས་པར་སྦྱོར་རོ་ཞེས་རྟོགས་ཏེ། །གང་ཕྱིར་ངེས་སྦྱོར་བསྐུལ་བྱེད་ཀྱི། །རང་བཞིན་འགར་ཡང་ཡུལ་མེད་

མིན། །ངེས་པར་སྦྱོར་བའང་སྦྱར་བྱ་ཡི། །བདག་ཏུ་དེ་ནི་འགྱུར་མ་ཡིན། །དེ་ལྟ་བུའི་ངེས་པར་སྦྱོར་བ་དེ་ཡང་བསྒྲུབ་བྱ་ཉིད་ཡིན་ཏེ། རང་གི་བྱ་བ་སྒྲུབ་པ་མེད་པར་ངེས་པར་སྦྱོར་བ་བསྒྲུབས་སོ་ཞེས་བྱ་བར་ནི་མི་འགྱུར་རོ་ཞེ་ན། དེ་ལྟ་ན་ནི་ཁམས་ཉིད་ཀྱི་དོན་དང་། ངེས་པར་སྦྱོར་བ་དང་། གོམས་

པ་རྣམས་ཀྱི་ཕན་ཚུན་འབྲེལ་པ་ངེས་པར་སྦྱོར་བ་ཡིན་ན། དེ་ཡང་རྟོགས་པའི་དུས་ན་མེད་པས་དེ་ཅི་ལྟར་ན་ངེས་པར་སྦྱོར་བའི་དག་གི་དོན་དམིགས་པ་མེད་པ་ཉིད་དུ་མི་འགྱུར། ཁམས་ཀྱི་དོན་ལ་སོགས་པ་ཕན་ཚུན་ལྟོས་པ་ལ་ཐ་དད་པའི་ངེས་པར་སྦྱོར་བ་གཞན་ནི་དམིགས་པ་ཡང་མེད་དོ། །

Vol. 178 · folio 11a

རིམ་གྱིས་རྒྱུ་དང་འབྲས་བུའི་དངོས་པོ་རྣམ་པར་གནས་པ་རྣམས་ཀྱི་འབྲེལ་པ་ཡང་སྣང་བའི་སྤྱོད་ཡུལ་དུ་འགྱུར་བ་མེད་དོ། །རང་གི་ངོ་བོ་སྣང་བ་ནི་ཡོད་པའི་ཡུལ་ཅན་ཡིན་པའི་ཕྱིར་དང་གཞན་གྱི་ངོ་བོ་སྣང་བ་ནི་དེ་སྣང་བ་མ་ཡིན་པའི་ཕྱིར་རོ། །གཞན་ནི་གཞན་གྱི་ངོ་བོར་

སྣང་བ་མ་ཡིན་ནོ། །དེ་ལྟ་ཡིན་དང་མཉན་པ་ནི་དམིགས་པ་མེད་པ་གཞན་སེལ་བའི་ཡུལ་ཅན་ཉིད་དོ། །འདི་ལྟར་སྦྱིན་སྲེག་ལ་སོགས་པ་གྱིས་ཤིག་ཅེས་སྦྱིན་སྲེག་བྱེད་པ་པོ་བདག་ཉིད་རྟོགས་པའི་ཡུལ་དུ་གྱུར་པར་བསམས་ནས་འཇུག་གོ། །བྱེད་པ་པོ་ཉིད་ཀྱང་བྱ་བའི་མཐར་ཐུག་པ་ཡིན་

ན། རྟོགས་པའི་དུས་ན་ནི་དེ་ཡོད་པ་མ་ཡིན་ནོ། །སྒྲས་ནི་སྔར་མ་རྟོགས་པ་རྟོགས་པར་ནུས་པའང་མ་ཡིན་ཏེ་གང་གིས་སྔར་སྦྱིན་སྲེག་ལ་སོགས་པའི་བྱ་བ་དང་འབྲེལ་པ་གཞན་རྟོགས་པ་དེ་ཉིད་བདག་གམ་གཞན་ལ་དེ་ལྟ་བུའི་དངོས་པོར་རྟོགས་ཀྱི་གཞན་ནི་མ་ཡིན་ནོ། །སྔོན་གྱི་རྗེས་སུ་འབྲངས་

ནས་རྟོགས་པ་འདི་ནི་གཞན་སེལ་བའི་ཡུལ་ཅན་གྱི་བདག་ཉིད་ལས་མི་འདའོ་མངོན་སུམ་ལས་ནི་སྔར་བྱེད་པ་པོ་ཉིད་དུ་རྟོགས་པ་ཡང་མ་ཡིན་ཏེ། སྔོན་དང་ཕྱི་མ་ལ་མངོན་སུམ་མི་འཇུག་པའི་ཕྱིར་རོ། །ཐ་སྙད་པའི་མངོན་སུམ་ལ་ལྟོས་ནས་ནི་རྟོགས་སོ་ཞེས་བརྗོད་དོ། །ཐམས་ཅད་དུ་སྔོན་རྟོགས་

པའི་རྗེས་སུ་འབྲངས་ནས་བདག་ཉིད་བྱེད་པ་པོར་རྟོགས་པ་ཡིན་ནོ། །ཅི་སྟེ་ཡང་འདི་བྱེད་པ་པོ་ཉིད་དུ་བསྐུལ་བར་བྱ་བ་ནི་མ་ཡིན་གྱི། འོན་ཀྱང་དབང་དུ་བྱ་བ་ཉིད་དུའོ། །མི་བྱེད་པ་ནི་བྱེད་པ་པོར་འགྱུར་བ་མ་ཡིན་གྱི་རུང་བ་ཉིད་ཀྱི་དབང་དུ་བྱ་བ་ཉིད་དུ་ནི་འགྱུར་ཞེ་ན། དེ་ཡང་མ་ཡིན་ཏེ། ཡུལ་

འགའ་ཞིག་ལ་རུང་བ་ཉིད། །ཡུལ་མེད་པར་ནི་དེ་མ་ཡིན། །ཡུལ་ནི་དབང་པོ་ལས་འདས་ན། །རུང་བ་ཉིད་ནི་ཇི་ལྟར་རྟོགས། །རུང་བ་ཉིད་ཀྱི་ཡུལ་དང་རང་གི་བྱ་བ་མ་ཤེས་པར་ནི་ཡུལ་དེའི་ཁྱད་པར་ཅན་རུང་བ་ཉིད་ཀྱི་རང་བཞིན་དུ་རྟོགས་པ་མ་ཡིན་ནོ། །དེས་ནི་བྱེད་པ་པོ་བཞིན་དུ་འདིར་ཡང་

ཉེས་པར་འགྱུར་བ་ཉིད་དོ། །དཔྱོད་པའི་ཡུལ་ལས་འདས་འགྱུར་བའི། །ངེས་སྦྱོར་སློབ་དཔོན་མན་ངག་ལས། །རྣམ་དཔྱོད་ལ་ནི་དཔྱོད་རྣམས་ཀྱིས། །ངག་གི་དོན་དུ་ཇི་ལྟར་འདོད། །རྣམ་པར་དཔྱད་ན་ངེས་པར་སྦྱོར་བ་ནི་འགའ་ཡང་མེད་དོ། །ཇི་ལྟར་བརྟགས་པ་མི་རུང་བའི་ཕྱིར་རོ། །གཞན་

Vol. 178 · folio 11b

དག་བྱ་བ་དག་པ་ཡི། །རང་བཞིན་ངེས་སྦྱོར་བརྗོད་དམ་ཅི། །ཡན་གར་བསྐུལ་བའམ་བྱ་བ་དང་། །འབྲེལ་པའམ་འོན་ཏེ་བཟློག་པ་ཡིན། །གཙོ་ཕྱིར་བྱ་བའི་རང་བཞིན་ཅི། །ངེས་སྦྱོར་ཡིན་པར་འདོད་པ་རམ། །དེ་གཙོ་ཡིན་ཕྱིར་སྐུལ་བྱེད་ལ། །ཡིན་པར་གཞན་དག་བརྗོད་དམ་ཅི། །བྱ་བ་

དང་ནི་བསྐུལ་བའོ། །འབྲེལ་པ་ངེས་ཕྱིར་ཉིད་དམ་ཅི། །འོན་ཏེ་ངེས་སྦྱོར་ཚོགས་པའམ། །དེ་གཉིས་ལས་གཞན་གང་ཡིན་པའམ། །དེ་བཞིན་འཁྲུལ་འཁོར་ལ་གནས་པའམ། །ཅི་དེ་དཔྱད་བྱའི་རང་བཞིན་ནམ། །ཡང་ན་ངེས་སྦྱོར་སྐྱེས་བུ་ཞེས། །ཕྱོགས་ནི་གཞན་གྱིས་བྱས་པ་ཡིན། །

བྱ་བ་དག་པ་ངེས་སྦྱོར་དུ། །སྨྲ་བ་རྣམས་ཀྱི་འདོད་པ་ནི། །གང་ཕྱིར་ངེས་སྦྱོར་རྐྱེན་དོན་དང་། །དག་པར་རྟོགས་དང་བྱ་བ་ཡི། །རང་བཞིན་ཡིན་པ་ངེས་ན་འདིར། །དེ་ནི་བྱ་བ་དག་པར་འདོད། །དེ་ཡི་ཁྱད་པར་གཞན་དག་ནི། །ཅུང་ཟད་རྟོགས་པ་གང་ཡིན་ཏེ། །རྐྱེན་གྱི་དོན་དུ་རིགས་མིན་ཏེ། །

ཁམས་དོན་མཐོ་རིས་འདོད་པ་བཞིན། །འདིར་ནི་དེ་ཡི་ཁྱད་པར་དུ། །འདོད་པའི་སྐུལ་བྱེད་གང་ཡིན་ཏེ། །རྐྱེན་གྱིས་བརྗོད་བྱ་མིན་པའི་ཕྱིར། །བྱ་བ་དག་པ་ངེས་སྦྱོར་ཉིད། །བསྐུལ་བ་དག་པ་ངེས་སྦྱོར་དུ། །བསྐུལ་བ་དག་པ་ཐམས་ཅད་དུ། །འདིར་ནི་ངེས་སྦྱོར་ཡིན་པར་རྟོགས། །གང་

ཕྱིར་འགའ་ཡང་མ་བསྐུལ་བར། །རང་བཞིན་ངེས་སྦྱོར་རྟོགས་མ་ཡིན། །བསྐུལ་བ་དང་འབྲེལ་པའི་བྱ་བ་ངེས་སྦྱོར་ཡིན་པའི་ཕྱོགས་ནི། འདིར་ནི་ང་ཡི་བྱ་བ་ཞེས། །གང་ཚེ་དེ་ལྟར་སྔར་ཤེས་ན། །རང་གྲུབ་བྱ་ཕྱིར་སྐུལ་བྱེད་དོ། །དེར་འགྱུར་གཞན་དུ་དེར་མི་འགྱུར། །བྱ་བ་དང་འབྲེལ་བའི་

བསྐུལ་བར་སྨྲ་བ་དག་བརྗོད་པ་ནི། འདིར་ནི་འགར་ཡང་བྱ་མེད་པར། །སྐྱེས་བུ་བསྐུལ་བར་བྱ་བ་མིན། །དེས་ནི་བྱ་བ་དང་འབྲེལ་བའི། །བསྐུལ་བ་ངེས་སྦྱོར་ཡིན་པར་བརྗོད། །ཉེ་བར་བཏགས་ནས་འཇུག་པར་བྱེད་པའི་བྱ་བ་ཉིད་འཇུག་བྱེད་དུ་སྨྲ་བ་ན་རེ། བྱ་བ་བསྐུལ་བའི་ཡུལ་ཡིན་གྱི། །དེ་

ནི་རང་ཉིད་སྐུལ་བྱེད་མིན། །གཞལ་བྱ་ལ་ནི་ཚད་མ་ཡི། །བྱེད་པ་ཉེ་བར་བཏགས་པ་ཡིན། །གཞན་དག་ན་རེ་ནི་གཉི་གའི་འབྲེལ་པ་ཉིད་ངེས་པར་སྦྱོར་བ་ཡིན་ནོ་ཞེས་འཛེར་ཏེ། བསྐུལ་བ་མེད་པར་འབྲས་བུ་འམ། །འབྲས་མེད་བསྐུལ་བ་འགའ་ཡང་ནི། །སྐུལ་བར་བྱེད་པ་མིན་དེས་

Vol. 178 · folio 12a

ན། །འབྲལ་བ་ངེས་སྦྱོར་ཡིན་པར་འདོད། །ཚོགས་པར་སྨྲ་བའི་བསམ་པ་ནི། །གཉིས་པོ་འདི་ཉིད་ཕན་ཚུན་དུ། །མེད་ན་མི་འབྱུང་བར་རྟོགས་ཏེ། །གང་ཕྱིར་ངེས་སྦྱོར་བྱ་བ་དང་། །བསྐུལ་བ་དག་གི་ཚོགས་པར་འདོད། །གཞན་དག་ནི་གཉི་གའི་རང་བཞིན་ལས་

ངེས་པར་སྦྱོར་བ་ངག་གི་དོན་ཡིན་པར་འཛེར་ཏེ། གང་ཕྱིར་གྲུབ་ཅིག་ཚངས་པ་ནི། །རྟག་ཏུ་མན་ངག་ལ་ལྟོས་སོ། །གང་ཕྱིར་དེ་ནི་བྱ་མིན་ཏེ། །དེ་ནི་སྐུལ་བྱེད་ག་ལ་ཡིན། །འཁྲུལ་འཁོར་ལ་གནས་པ་ངེས་སྦྱོར་དུ་སྨྲ་བ་རྣམས་ཀྱི་ལྟ་བ་ནི། །གང་འགའ་གང་དུ་འདོད་ལྡན་པ། །དེ་ནི་

ངེས་སྦྱོར་ཡིན་ན་དེར། །བདག་ཉིད་ཡུལ་ལ་གནས་པར་ནི། །བསམས་ནས་རབ་ཏུ་འཇུག་པ་ཡིན། །ལོངས་སྤྱད་པར་བྱ་བའི་རང་བཞིན་ངེས་པར་སྦྱོར་བ་ཡིན་པར་འདོད་པ་རྣམས་རབ་ཏུ་སྨྲ་བ་ནི། འདི་ནི་ང་ཡི་དཔྱད་བྱ་ཞེས། །དེ་ལྟར་དཔྱད་བྱའི་རང་བཞིན་རྟོགས། །ང་ཡི་ཞེས་ནི་རྣམ་ཤེས་

པ། །ཟ་པོ་ཉིད་ལ་རྣམ་པར་གནས། །བདག་པོ་ཉིད་དུ་མངོན་རློམ་པ། །སྤྱོད་པ་གང་དུ་ཡིན་པ་དེ། །དེ་ཉིད་སྤྱད་བྱར་ཤེས་བྱ་སྟེ། །དེ་ཉིད་རང་གི་ཡིན་པར་བརྗོད། །གང་གིས་འདི་ནི་ང་ཡི་ཞེས། །བསྒྲུབ་བྱའི་ངོ་བོ་རྣམ་ཤེས་པ། །དེ་ནི་བསྒྲུབ་བྱའི་རང་བཞིན་གྱིས། །རང་གི་ལོངས་སྤྱོད་

ཡིན་པར་བརྗོད། །གྲུབ་པའི་ལོངས་སྤྱོད་གང་ཡིན་ཏེ། །དེ་ཙམ་གྱིས་ནི་ངེས་སྦྱོར་མིན། །ལོངས་སྤྱོད་བསྒྲུབ་བྱ་ཉིད་ཀྱིས་འདིར། །སྐུལ་བྱེད་ཡིན་ཕྱིར་ངེས་སྦྱོར་ཉིད། །སྐྱེས་བུ་ངེས་པར་སྦྱོར་བར་སྨྲ་བ་དག་བརྗོད་པ་ནི། །འདི་ནི་ང་ཡི་བྱ་བ་ཞེས། །དེ་ལྟར་སྐྱེས་བུ་རྟག་ཏུ་སེམས། །སྐྱེས་བུའི་

བྱ་བ་ཁྱད་པར་ཅན། །ངེས་སྦྱོར་བརྗོད་བྱའང་དེ་ཉིད་ཡིན། །བྱ་བ་གྲུབ་པར་གྱུར་པ་ན། །དེ་ཚེ་སྐྱེས་བུ་དེ་ལྡན་པར། །བསྒྲུབ་པར་འགྱུར་ཕྱིར་དེ་ལྟར་ན། །སྐྱེས་བུ་ངག་གི་དོན་དུ་བརྩོན། །ངག་གི་དོན་ཐམས་ཅད་ལ་དབྱེ་བ་རྣམ་པ་བརྒྱད་དེ། ངེས་པར་སྦྱོར་བ་ཚད་མའམ། །ཡང་ན་གཞལ་བྱ་

ཡིན་ནམ་དེ། །གཉི་ག་དག་དང་བྲལ་བ་འམ། །ཡང་ན་གཉི་གའི་ངོ་བོ་ཡིན། །སྒྲ་ཡི་བྱེད་པའི་རང་བཞིན་ནམ། །ཡང་ན་སྐྱེས་བུའི་བྱེད་པའམ། །གཉི་གའི་བྱེད་པའི་རང་བཞིན་ནམ། །གཉི་གའི་བྱེད་པ་མིན་པ་ཉིད། །འདིར་བརྗོད་པ་ཉིད་ཐམས་ཅད་འབྲེལ་པ་མ་ཡིན་ཏེ། འདི་ལྟར། བྱ་བ་

Vol. 178 · folio 12b

བསྐུལ་བ་དང་བྲལ་བ། །ངེས་པར་སྦྱར་བ་མེད་པ་ནི། །ངེས་སྦྱོར་ཞེས་ནི་རབ་བརྗོད་པ། །འགའ་ཡང་ཉེ་བར་སྦྱོར་མ་ཡིན། །གང་ཚེ་བྱ་བ་དག་པ་ལ། །ངེས་སྦྱོར་སྒྲ་ནི་འཇུག་འདོད་པ། །ངེས་པར་སྦྱོར་བ་མིང་ཙམ་དུ། །འགྱུར་བ་གང་གིས་ཟློག་པར་བྱེད། །གང་དུ་སྐྱེས་བུ་བྱེད་པ་ལ། །སྦྱོར་

བ་རྟོགས་པ་ཡོད་མིན་པ། །གྲུབ་དང་འདས་སོགས་རྟོགས་པ་བཞིན། །ངེས་སྦྱོར་ཞེས་བྱར་ཇི་ལྟར་རིགས། །ངེས་སྦྱོར་ཡིན་པར་འཇིག་རྟེན་འདོད། །ངེས་པར་སྦྱོར་བར་བྱ་བའི་ཆོས། །དེ་ཉིད་བྱ་བ་ཡིན་ཞེ་ན། །གྲུབ་ཕྱིར་དེ་ནི་བསྒྲུབ་བྱ་མིན། །གལ་ཏེ་ངེས་པར་སྦྱོར་བ་འདི། །བསྒྲུབ་བྱ་

ཉིད་དུ་ཉེར་བརྗོད་ན། །དེ་ཡི་ཡུལ་ལ་ཉེར་བཏགས་པས། །དེ་ཉིད་དུ་ནི་རབ་ཏུ་བརྗོད། །དེ་ནི་མ་གྲུབ་པ་ཉིད་ན། །ཇི་ལྟར་སྐུལ་བྱེད་རང་བཞིན་ཡིན། །གལ་ཏེ་འདི་ཡི་བསྒྲུབ་བྱ་ནི། །རྟོགས་པ་སྐུལ་བྱེད་ཡིན་འདོད་ན། །བསྒྲུབ་བྱ་རབ་ཏུ་མ་གྲུབ་དང་། །རྟོགས་པ་གྲུབ་པའི་བདག་ཉིད་ཅན། །

ཕན་ཚུན་དུ་ནི་འགལ་བ་དག །གཅིག་ལ་ཇི་ལྟར་འདོད་པ་ཡིན། །གལ་ཏེ་བསྒྲུབ་བྱའི་རང་བཞིན་དུ། །ཤེས་པ་དེ་ནི་སྐུལ་བྱེད་ན། །ངེས་སྦྱོར་རྟོགས་པ་ཉིད་ཡིན་འགྱུར། །དེ་ཉིད་དུ་ན་ངེས་སྦྱོར་མེད། །དེ་བཞིན་དུ། གལ་ཏེ་ངེས་སྦྱོར་ངག་དོན་ན། །ཚད་མ་ཅི་ཞིག་ཡིན་པར་འགྱུར། །

ངེས་སྦྱོར་ཚད་མའི་རང་བཞིན་ཉིད། །ཡིན་ན་གཞལ་བྱ་གང་ཞིག་ཡིན། །གལ་ཏེ་ངེས་སྦྱོར་དེ་ཉིད་དུ། །སྐྱེས་བུའི་བྱ་བར་འདོད་ན་ནི། །སྐྱེས་བུ་ཡི་ནི་བྱ་བ་དེ། །བསྒོམ་ཉིད་རྗོད་བྱེད་གཞན་ཡིན་ནོ། །ངག་གི་བྱ་བའི་ཕྱོགས་ལ་ནི། །སྒྲ་ཡི་བསྒོམ་པར་འགྱུར་བ་ཡིན། །ལིང་ང་ལ་སོགས་

སྒྲ་ཡི་བདག །བྱ་བ་གཞན་དུ་བརྗོད་པ་ཡིན། །དེ་ཉིད་སྒྲ་ཡི་ལས་འགྱུར་བས། །སྐྱེས་བུ་ཇི་ལྟར་འཇུག་པ་ཡིན། །གལ་ཏེ་རང་གི་བྱ་བ་ལ། །འཇུག་པ་སྒྲ་ཡིས་མ་བསྐུལ་ན། །འདི་ནི་ཇི་ལྟར་སྒྲ་ཡིས་ནི། །བསྐུལ་བ་མེད་པར་འཇུག་པར་འགྱུར། །སྒྲ་ཡིས་བསྐུལ་ན་དེ་ཡི་བློ། །དམིགས་

པ་མེད་པ་ཉིད་དུ་འགྱུར། །དེ་བཞིན་དུ་འཁྲུལ་འཁོར་དུ་ཞུགས་པ་ལ་སོགས་པ་ངག་གི་དོན་ཡིན་པ་ལ་ཡང་ཉེས་པ་བརྗོད་པར་བྱའོ། །འདི་ལྟར། འཁྲུལ་འཁོར་དམིགས་པས་སྤྱད་བྱ་དང་། །སྤྱོད་པའི་འབྲེལ་པ་བརྗོད་པ་ཡིན། །དེ་ཚེ་འབྲེལ་མེད་སྐྱེས་བུ་ནི། །སྤྱད་བྱའི་བདག་ལ་གནས་

Vol. 178 · folio 13a

པའང་མིན། །རྟོགས་པའི་དུས་ན་ཐམས་ཅད་ནི། །བསྒྲུབ་བྱ་ཉིད་ཀྱིས་རང་བཞིན་མེད། །དེ་ཉིད་དེ་ཡི་རང་བཞིན་ནི། །མ་ཡིན་བསྒྲུབ་བྱ་ཉམས་འགྱུར་ཕྱིར། །དེ་ལྟར་ན་ངེས་པར་སྦྱོར་བ་བསལ་བ་ཡིན་ནོ། །ད་ནི་བསྒོམ་པ་དཔྱད་པར་བྱའོ། །

སྒོམ་པ་ནི་རྣམ་པ་གཉི་ག་སྟེ། སྒྲའི་བསྒོམ་པ་དང་། དོན་གྱི་བསྒོམ་པའོ། །ཇི་སྐད་དུ། ལིང་ང་སོགས་པ་སྒྲ་ཡི་གནས། །སྒོམ་པ་གཞན་དུ་བརྗོད་པ་ཡིན། །ཀུན་འདོད་བཤད་པ་ཐམས་ཅད་ལ། །ཡོད་པ་འདི་ནི་གཞན་ཡིན་ནོ། །ཞེས་བཤད་པ་ཡིན་ནོ། །སྒྲའི་སྒོམ་པ་ནི་སྒྲའི་བྱེད་

པ་སྟེ། སྒྲས་ནི་སྐྱེས་བུའི་བྱེད་པ་སྒོམ་པ་ཡིན་ལ། སྐྱེས་བུའི་བྱེད་པས་ནི་ཁམས་ཀྱི་དོན། ཁམས་ཀྱི་དོན་གྱིས་ནི་འབྲས་བུའོ་ཞེ་ན། དེ་ཡང་མི་འཐད་དེ། སྒྲའི་བྱེད་པ་ནི་སྒྲའི་བརྗོད་བྱ་མ་ཡིན་ནོ། །སྒྲ་ནི་དེ་ལ་ལྟོས་ཏེ་བྱེད་པ་པོ་ཡིན་གྱི། བརྗོད་པར་བྱ་བ་ནི་མ་ཡིན་ནོ། །ཅི་སྟེ་རྟོགས་པར་

བྱེད་པ་ཡིན་ཏེ། འདི་ལྟར། སྒྲ་བརྗོད་པ་ལས་མི་རྣམས་ཀྱིས། །བདག་ཉིད་ངེས་པར་སྦྱར་བར་རྟོགས། །ངེས་པར་སྦྱོར་བའང་བསྒོམ་པ་ལས། །གཞན་པ་ཅི་ཞིག་བརྟག་པར་བྱ། །སྒྲའི་བསྒོམ་པ་ཉིད་ལ་ངེས་པར་སྦྱོར་བ་ཞེས་མིང་གཞན་གྱིས་བརྗོད་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། གལ་

ཏེ་སྒྲའི་བྱེད་པ་ཡིན་ན་བརྡ་མ་བཟུང་བས་ཅི་ལྟར་མི་རྟོགས། རང་གི་ངོ་བོ་ཉིད་ཀྱིས་ངེས་པར་སྦྱོར་བར་བྱེད་པ་ཉིད་ཡིན་ན། བརྡ་འཛིན་པ་ཉེ་བར་མཁོ་བ་མ་ཡིན་ནོ། །དེ་ཉིད་ཚོགས་པ་ཡིན་ནོ་ཞེ་ན། གལ་ཏེ་བསྐུལ་བའམ་བསྒོམ་པ་ལ་བྱེད་པ་ཡིན་ན། དེ་ཉིད་ཚོགས་པ་ཡིན་པ་འདི་རིགས་

པ་མ་ཡིན་ནམ། གང་གི་ཕྱིར། བརྡ་འཛིན་པ་ཡི་ཚོགས་པ་ནི། །དོན་རིག་པ་ལ་བྱེད་ཡིན་ན། །དོན་རྟོགས་པ་ཡི་སྐྱེས་བུ་ནི། །རང་ཉིད་ཁོ་ན་འཇུག་པར་འགྱུར་རོ། །འདི་གྱིས་ཤིག་ཅེས་བྱ་བས་བསྐུལ་བ་དང་གསོལ་བ་འདེབས་པ་ཉིད་རྟོགས་པར་འགྱུར་ཏེ། དེ་མ་རྟོགས་ན་ངེས་པར་སྦྱོར་

བ་ཉིད་རྟོགས་པ་མ་ཡིན་ནོ། །ངེས་པར་སྦྱར་བ་ཞེས་བྱ་བ་ནི། འབྲས་བུ་ལ་བྱེད་པ་འཇུག་པ་ཉིད་དོ། །ངེས་པར་སྦྱོར་བ་པོ་ནི་འབྲས་བུ་ལ་བྱེད་པའི་གནས་སྐབས་རྟོགས་པར་བྱས་ནས། ངེས་པར་སྦྱོར་བ་ཡིན་ནོ། །དེ་ཡང་དེའི་འབྱུང་བར་འགྱུར་བའི་གནས་སྐབས་ཡིན་གྱི། རང་གི་ངོ་བོས་མངོན་

Vol. 178 · folio 13b

སུམ་དུ་བྱེད་པར་ནུས་པ་ནི་མ་ཡིན་ནོ། །རང་གི་ངོ་བོ་མངོན་སུམ་དུ་བྱེད་ན་ནི་དེ་ཉིད་ཀྱི་ཚེ་ཐམས་ཅད་འགྲུབ་པའི་ཕྱིར་ངེས་པར་སྦྱོར་བ་འབྲས་བུ་དང་བཅས་པར་མི་འགྱུར་རོ། །ཇི་ལྟར་རབ་ཏུ་སྦྱོར་བྱེད་དེར། །གནོད་པའི་རྟོགས་པ་ཅན་ཡིན་པ། །སྦྱར་བར་བྱ་བའང་དེ་བཞིན་ཏེ། །སྒྲ་ནི་བློ་དོན་རྗོད་བྱེད་

ཡིན། །ཇི་ལྟར་རབ་ཏུ་སྦྱར་བར་བྱ་བ་རང་གི་བྱ་བས་སྟོང་པར་བདག་ཉིད་རྟོགས་པས་རབ་ཏུ་སྦྱོར་བར་བྱེད་པའི་རྟོགས་པ་ལ་གནོད་པར་འགྱུར་བའི་ཕྱིར་རབ་ཏུ་སྦྱོར་བར་བྱེད་པ་དམིགས་པ་མེད་པ་དེ་བཞིན་དུ། རབ་ཏུ་སྦྱར་བར་བྱ་བའི་རྟོགས་པ་ཡང་དེ་ཉིད་ཀྱིས་བདག་ཉིད་རང་གི་བྱ་བ་དང་མི་ལྡན་

པར་རྟོགས་པས་གནོད་པ་ཡིན་ནོ། །དེའི་རྟོགས་པ་དེ་ནི་སྒྲ་ལས་ཡིན་ནོ་ཞེ་ན། དེ་ནི་མེད་དེ་སྒྲ་དེ་ཡང་བློའི་དོན་ཉིད་གསལ་བར་བྱེད་པ་ཡིན་ཏེ། བདག་གིས་དེ་ལྟར་བསྟན་ཏོ། །བདག་གིས་དེ་ལྟར་རྟོགས་སོ་ཞེས་གཉི་ག་ཡང་ལྷག་པར་ཞེན་པའི་ཕྱིར་རོ། །ཡང་ན་འདིའི་བསམ་པ་ཡིན་ནམ་མ་ཡིན་

ཡང་རུང་སྟེ་བདག་གིས་ནི་རེ་ཞིག་དེ་ལྟར་རྟོགས་སོ་ཞེའམ། དེ་བཞིན་དུ་དོན་དེ་བཞིན་ཡིན་ནམ་མ་ཡིན་ཡང་རུང་སྟེ། བདག་གིས་རེ་ཞིག་དེ་ལྟར་རྟོགས་སོ་ཞེའམ། དེའི་ཕྱིར་བཤད་པ། འཆད་པ་པོ་ཡི་བྱེད་པའི་ཡུལ། །དོན་གང་བློ་ལ་རབ་གསལ་བ། །སྒྲ་ནི་དེ་ལ་ཚད་མ་ཉིད། །དོན་གྱི་དེ་ཉིད་

རྒྱུ་ཅན་མིན། །འཆད་པ་པོ་ཡི་བྱེད་པའི་ཡུལ། །ཞེས་བྱ་བ་ནི་གང་ལ་སྨྲ་བ་པོ་ཡོད་པའོ། །བློ་ལ་རབ་གསལ་བ་ཞེས་བྱ་བ་ནི་གང་ལ་དེ་མེད་པའོ། །ཡང་ན་བརྗོད་པ་དེ་ཉིད་ལས་དེ་ལ་སྨྲ་བ་པོ་ཡོད་པར་རྟོགས་ཏེ། རིགས་གང་ལས་ཞེས་བྱ་བའི་ཚུལ་གྱིས་སོ། །ཡང་ན་དེ་དང་ཁྱད་པར་མེད་པའི་

ཕྱིར་ཐམས་ཅད་ཀྱང་སྐྱེས་བུས་མ་བྱས་པ་ཉིད་དོ། །སྐྱེས་བུས་བྱས་པས་གནོད་པའི་ཕྱིར་དེ་ལྟ་མ་ཡིན་ནོ་ཞེ་ན། སྐྱེས་བུས་མ་བྱས་པ་དབང་པོ་ལས་འདས་པའི་ཕྱིར་དེར་ཡང་གནོད་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་དེ་ག་ལས། ཡང་ན་ཚིག་དེ་ནི་སྐྱེས་བུས་མ་བྱས་པ་ཉིད་ཡོད་དོ། །སྐྱེས་བུ་འདི་ངས་

བྱས་སོ་སྙམ་པ་ནི་འཁྲུལ་པ་ཡིན་ཏེ། འདི་ལྟར། ཤིན་ཏུ་ཉམས་གཞུང་གང་ཡིན་པ། །འགའ་ལ་རབ་ཏུ་གསལ་འགྱུར་བ། །དྲན་པ་ཉམས་ཕྱིར་ང་ཡིས་ནི། །བྱས་པས་ཡིན་ཞེས་མངོན་རློམ་འགྱུར། །སྙན་དངགས་ཀྱང་སྐྱེ་བ་གཞན་དུ་ཉམས་སུ་མྱོང་བའི་གཞུང་འདི་ཉིད་སྙན་དངགས་མཁན་གྱིས་

Vol. 178 · folio 14a

རྟོགས་པ་མ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཡིན། དེ་ལྟ་ཡིན་ན་ཐམས་ཅད་སྐྱེས་བུས་མ་བྱས་པར་འགྱུར་རོ། །དེ་གཞན་དུ་དོན་མེད་པར་ཡང་འགྱུར་ན་དེ་ལས་སྐྱེས་བུས་མ་བྱས་པ་ཉིད་དོན་མེད་པར་འགྱུར་རོ་ཞེ་ན། རིག་བྱེད་ལ་ཡང་འདི་མཚུངས་ཏེ། །དེ་ལའང་དོན་

མེད་པ་ཉིད་མཐོང་། །དོན་གཞན་ཉིད་དུ་རྟོགས་ན་ནི། །གཉི་ག་ལ་ཡང་མཚུངས་པར་འགྱུར། །དོན་མེད་པ་དང་སྐྱེས་བུས་མ་བྱས་པར་རྟོགས་པ་ནི་རིག་བྱེད་དང་རིག་བྱེད་མ་ཡིན་པ་དག་ལ་མཚུངས་པ་ཉིད་དོ། །དོན་གཞན་དུ་རྟོགས་ན་དོན་མེད་པ་མ་ཡིན་ནོ་ཞེ་ན། བདེན་པའི་དོན་དུ་རྟོགས་པ་

ནི། །སྐྱེས་བུས་བྱས་པར་དེ་བརྟག་བྱ། །མི་བདེན་དོན་དུ་སྣང་བ་ནི། །དང་པོར་རིག་བྱེད་ཉིད་ལས་ཡིན། །དེའི་ཕྱིར་བཤད་པ་ནི། འཆད་པ་པོའི་བྱེད་པའི་ཡུལ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དང་པོ་རིག་བྱེད་ཀྱི་དོན་ཡོངས་སུ་སྤངས་ནས། བློའི་བྱ་བའི་ཡུལ་གྱི་དོན་གང་ཡིན་པ་དེ་ལ་ནི།

སྐྱེས་བུའི་བློ་ཉིད་ཚད་མ་ཡིན་གྱི། སྒྲ་ནི་དོན་གྱི་དེ་ཉིད་ཀྱི་རྒྱུ་ཅན་མ་ཡིན་ནོ་ཞེས་ཚིག་བཅོས་ཏེ་འབྲེལ་ལོ། །འདི་ལྟར་དང་པོ་རིག་བྱེད་ཀྱི། །དོན་དེ་མི་ཡིས་ཡོངས་སྤངས་ནས། །ཚད་མས་ཡོངས་སུ་དག་པའི་དོན། །རྟོགས་བྱེད་དེ་བློ་ཚད་མ་ཡིན། །དེ་ཡང་རིག་བྱེད་དོན་ཡིན་ཞེས། །ཁྱེད་ཀྱིས་

འདི་ལ་ཚད་མ་མེད། །རིག་བྱེད་དབང་གིས་སྐྱེས་པའི་ཕྱིར། །ཞེ་ན་དང་པོ་ཅི་ཕྱིར་མིན། །གལ་ཏེ་དེ་ཡང་དེ་དོན་ན། །ཇི་ལྟར་རིག་བྱེད་དོན་མེད་མིན། །དེ་ལྟ་ན་ཡང་སྐྱེས་བྱས་མིན། །ཐེ་ཚོམ་ཟ་བས་ཚད་མ་ཡིན། །རིག་བྱེད་ཀྱི་དོན་དེ་ཁོ་ན་ཉིད་དང་པོ་མེད་པའི་ཕྱིར་ཏེ། ཕྱུགས་འདོད་

པས་ཙཻ་ཏྲ་བའི་མཆོད་སྦྱིན་བྱའོ་ཞེས་བྱ་བ་དོན་མེད་པའི་ཕྱིར་རོ། །དེར་ལས་ཉམས་པའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ་ཚད་མ་མེད་པའི་ཕྱིར་རོ། །དོན་གཞན་རྟོགས་པ་ནི་སྐྱེས་བུའི་འབད་པས་ཡིན་པའི་ཕྱིར་སྐྱེས་བུས་བྱས་པར་འགྱུར་རོ། །དེ་སྐད་དུ་ཡང་སྒྲ་དང་རྟགས་མེད་པར་དེ་ཅི་ལྟར་ཡང་

རང་ཉིད་དྲན་པར་མི་འགྱུར་རམ་ཞེས་བཤད་པ་ཡིན་ནོ། །རིག་བྱེད་ལས་བདག་ཉིད་ངེས་པར་སྦྱོར་རོ་སྙམ་པ་ཐམས་ཅད་ནི་སྔོན་གྱི་རྗེས་སུ་འབྲང་བས་ཡིན་ནོ། །ངེས་པར་སྦྱོར་བ་ནི་སྒྲའི་བྱ་བའི་རང་བཞིན་ཡིན་ཏེ། གལ་ཏེ་དེ་དག་གི་དོན་ཡིན་པ་དེ་ལྟར་ན་ལྷ་སྦྱིན་འཚེད་པར་བྱེད་དོ་ཞེས་བྱ་

Vol. 178 · folio 14b

བས་བྱེད་པ་པོ་མ་བརྗོད་པའི་ཕྱིར། བྱེད་པ་པོ་དང་། བྱེད་པ་དག་ལ་གསུམ་པའོ་ཞེས་གསུམ་པར་འགྱུར་རོ། །བྱེད་པ་པོ་བརྗོད་ན་ནི་མ་བརྗོད་པའི་སྐབས་ཀྱིས་ཏིང་ངེ་འཛིན་ཉིད་ཀྱིས་བརྗོད་པའི་ཕྱིར་མི་འགྱུར་རོ། །གཞན་ཡང་འཚེད་པར་བྱེད་དོ་ཞེས་བྱ་བས་བྱེད་པ་པོ་ཡང་རྟོགས་སོ། །

བྱ་བའི་ཤུགས་ཀྱིས་བྱེད་པ་པོ་འཕངས་པའི་ཕྱིར་དེ་ལྟར་རྟོགས་སོ་ཞེ་ན། མ་ཡིན་ཏེ། དེ་ལྟར་ཡིན་ན་རིམ་གྱིས་ནི། །རྟོགས་གྱུར་དང་པོ་སྒོམ་རྟོགས་ཤིང་། །གང་ཕྱིར་དེ་ཡི་ཤུགས་ཀྱིས་ནི། །བྱེད་པ་པོ་ནི་རྟོགས་པ་ཡིན། །རིམ་གྱིས་རྟོགས་པར་ནི་དམིགས་པ་མ་ཡིན་ནོ། །གཉིས་ཀྱི་

ཚིག་དང་མང་པོའི་ཚིག་ཏུ་ཡང་མི་འགྱུར་ཏེ། བྱ་བ་གཅིག་ཡིན་པའི་ཕྱིར་རོ། །འོན་ཏེ་བྱེད་པ་པོ་ཐ་དད་པའི་ཕྱིར་བྱ་བ་ཐ་དད་པ་ཡིན་ནོ་ཞེ་ན། ལྷ་སྦྱིན་དང་མཆོད་སྦྱིན་དག་རེ་ལྡེ་བྱེད་དོ་ཞེས་པ་ཤིན་ཏུ་མ་འབྲེལ་པ་ཆེན་པོར་འགྱུར་རོ། །བྱ་བ་གཅིག་ཡིན་པའི་ཕྱིར་རོ། །ལས་གཅིག་བྱེད་ན་བྱ་བ་

ན། །གཅིག་འགྱུར་བྱེད་པོ་ཐ་དད་པས། །ཐ་དད་པར་འགྱུར་དེ་ལྟ་ན། །མཁས་པས་ཅི་ལྟར་བྱ་བར་འགྱུར། །གལ་ཏེ་ལྷས་བྱིན་དང་མཆོད་སྦྱིན་དག་གིས་འདུག་གོ་ཞེས་ཁམས་ཀྱི་དོན་ཐ་མི་དད་པའི་ཕྱིར། གཅིག་གི་ཚིག་ཏུ་འགྱུར་བ་མ་ཡིན་ནམ། ཁམས་ཀྱི་དོན་དེ་ཡང་ངེས་པར་སྦྱོར་བ་ནི་མ་

ཡིན་ཏེ། ངེས་པར་སྦྱོར་བ་ནི་རྐྱེན་གྱི་དོན་ཡིན་པའི་ཕྱིར་རོ། །དེ་ཡང་ཁམས་ཀྱི་དོན་ལས་གཞན་བྱེད་པ་པོའི་བསྒྲུབ་བྱ་ཡིན་པས། དེ་ནི་བྱེད་པ་པོ་ཐ་དད་པས་ཐ་དད་པ་ཡིན་ནོ། །དེས་ན་རེ་ལྡེ་བྱེད་པ་དག་ཅེས་བྱ་བར་འགྱུར་རོ། །ཁམས་ཀྱི་དོན་ཡན་གར་བ་ནི་བྱེད་པ་པོ་ཡང་ཐ་དད་པས་ཐ་དད་པ་མ་

ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། གལ་ཏེ་འབྲེལ་ཕྱིར་ཐ་དད་ན། །ཁམས་ཀྱི་དོན་ཡང་དེ་འགྱུར་ཏེ། །དེ་ཡང་བསྒྲུབ་བྱ་ཉིད་ཡིན་ཕྱིར། །དེ་ཐ་དད་པས་ཐ་དད་འགྱུར། །ཁ་བོ་ཅག་གི་ལྟ་ནན་ན། །ཐ་དད་ཐ་དད་མིན་པ་ཡི། །རྣམ་གཞག་བརྗོད་འདོད་གཞན་དབང་ཕྱིར། །བྱེད་པོ་ལ་ཡང་བརྗོད་

པས་ན། །འདི་དག་ཐམས་ཅད་འཐད་པ་ཡིན། །བྱ་བ་ནི་བྱེད་པ་པོ་དང་ལས་ལས་ཐ་དད་པར་བརྗོད་པར་འདོད་པ་ཡིན་ལ། གང་གི་ཚེ་དེ་ཡི་གེ་ལས་བརྗོད་ཀྱི་བྱེད་པ་པོ་མ་ཡིན་པ་དེའི་ཚེ་བྱེད་པ་པོའི་གསུམ་པར་འགྱུར་རོ། །གང་གི་ཚེ་བརྗོད་པ་དེའི་ཚེ་ནི་དང་པོའི་དོན་ཡིན་པའི་ཕྱིར་དང་པོར་འགྱུར་རོ། །

Vol. 178 · folio 15a

བདག་ཉིད་ཆེན་པོས་བྱེད་དོ། །བདག་ཉིད་ཆེན་པོ་བྱེད་དོ་ཞེས་བྱ་བ་བཞིན་ནོ། །གང་ཚེ་སྒོམ་པའི་དོན་དེ་ནི། །ཐ་དད་བརྗོད་པར་འདོད་གྱུར་ཅིང་། །ཡི་གེ་ལ་ཡིས་མངོན་བརྗོད་ན། །བྱེད་པ་པོ་ཡི་གསུམ་པར་འདོད། །གང་ཚེ་ཐ་དད་མེད་པ་དེ། །བརྗོད་འདོད་བྱེད་

པོ་ལས་བརྗོད་ན། །བྱེད་པོའི་གསུམ་པ་དེ་ཉིད་ཀྱིས། །བརྗོད་ཕྱིར་མེད་པར་ཁོང་དུ་ཆུད། །གང་གི་ཚེ་བྱེད་པ་པོའི་བྱ་བ་ཡིན་པ་དེའི་ཚེ། ཏིང་ངས་རྟོགས་པར་བྱ་བ་ཡིན་ལ་དེ་ཉིད་ཀྱང་བསྒོམ་པ་ཡིན་ནོ། །དེ་སྐད་དུ་ཡང་ལས་ཀྱི་སྒྲ་ནི་དངོས་པོའི་དོན་ཡིན་ལ། བསྒོམ་པས་ན་དངོས་པོ་སྟེ། བསྐུལ་

བའི་རྐྱེན་ཏོ་ཞེས་བཤད་དོ། །དེ་ལྟར་ཡིན་དང་དེ་ནི་བསྒོམ་པ་ཉིད་ཡིན་ལ། བསྒོམ་པ་ཡང་བྱེད་པ་པོའི་བྱ་བ་ཡིན་ནོ། །བྱེད་པ་པོ་བསྐུལ་བ་དེ་ནི་རང་གི་བྱ་བ་ལ་འཇུག་པ་ཡིན་ནོ། །ངེས་པར་སྦྱོར་བ་ནི་དེའི་ལྷག་མ་ཡིན་པའི་ཕྱིར་དང་དེ་གཙོ་བོར་གྱུར་པ་མ་ཡིན་པའི་ཕྱིར་ངག་གི་དོན་ཉིད་མ་ཡིན་ནོ། །

སྒོམ་པ་ངེས་པར་སྦྱར་བ་ཁྱད་པར་ཅན་ཡིན་པའི་ཕྱིར་ཡང་དེ་ལྟར་རྟོགས་པ་ནི་ངེས་པར་འཇུག་པ་ཡིན་ནོ། །འདིར་རང་གི་བྱ་བ་རྟོགས་པ་ཉིད་ཀྱིས་མི་འཇུག་པར་ཡང་ཇི་ལྟར་འགྱུར་ཏེ། དེ་ལྟ་མ་ཡིན་ན་རང་གི་བྱ་བ་ལ་བསྐུལ་བ་ཉིད་དུ་མི་འགྱུར་རོ་ཞེ་ན། དེ་ནི་མི་འཐད་དེ། འབྲས་བུ་མེད་

པར་ངེས་པ་ཡི། །བྱ་བ་ཉིད་ཅེས་སེམས་སམ་ཅི། །གལ་ཏེ་དེ་ལྟར་མ་ཡིན་ན། །འབྲས་བུ་རྟོགས་པ་ག་ལས་ཡིན། །གལ་ཏེ་འདི་ནི་གདོན་མི་ཟ་བར་ངའི་བྱ་བ་ཡིན་ནོ་ཞེས་འདོད་ན། དེ་ནི་མི་རིགས་ཏེ། འབྲས་བུ་དང་བཅས་པ་མ་མཐོང་བར་འདི་ངའི་བྱ་བ་ཡིན་ནོ་ཞེས་རྟོགས་པ་ནི་འགའ་

ཡང་མེད་དེ། འབྲས་བུ་དང་བཅས་པ་ཉིད་ཀྱིས་འཇུག་པ་ཡིན་ན། འབྲས་བུ་དང་བཅས་པ་རྟོགས་པ་མ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །གཞན་ཡང་། སྦྱིན་བྱེད་འཚེད་བྱེད་ཅེས་བྱ་འདིར། །མཆོད་སྦྱིན་དོན་ལས་ཐ་དད་པའི། །བསྒོམ་བྱ་རྟོགས་པ་ཡོད་མིན་ན། །དེ་ནི་ངག་དོན་ག་

ལས་ཡིན། །འཚེད་དང་མཆོད་སྦྱིན་བྱེད་པ་ནི། །གལ་ཏེ་ཐ་དད་པར་རྟོགས་པ། །དེ་ལྟ་ཡིན་ན་ཐུག་མེད་དུ། །འགྱུར་བས་འཆོལ་བར་བྱེད་པ་ཡིན། །མཆོད་སྦྱིན་བྱེད་པ་ནི་རང་གི་བྱ་བ་སྐྱེད་པར་བྱེད་པ་ཡིན་ལ། མཆོད་སྦྱིན་སྐྱེད་པར་བྱེད་པ་ཡང་། །སྒྲུབ་པར་བྱེད་པ་ཡིན་ནོ། །འདི་དག་ནི་

Vol. 178 · folio 15b

རྣམ་པ་འགའ་ཞིག་ལྟར་ཐ་དད་པར་རྟོགས་པ་སྔོན་དུ་བྱས་པའི་ཐ་སྙད་ཡིན་ཏེ། དེ་དག་ལས་དོན་གྱི་དེ་ཉིད་གནས་པ་ནི་མ་ཡིན་ནོ། །མཆི་གུའི་ལུས་ཞེས་བྱ་བ་ཡི། །ཐ་དད་པ་ཡི་ཐ་སྙད་ནི། །ཐ་དད་མེད་ཀྱང་མཐོང་བ་ཡིན། །དེ་བཞིན་བྲམ་ཟེའི་བྱ་བ་ནི། །མཆོད་སྦྱིན་ཞེས་ཀྱང་

བརྗོད་པ་ཡིན། །བྱེད་པ་ཞེས་བྱའི་བྱ་བ་ནི། །དེ་ལས་གཞན་མཐོང་ཡོད་མ་ཡིན། །མཆོད་སྦྱིན་གྱི་ནི་བྱ་བ་ཡང་། །རྫས་ཀྱི་ཁྱད་པར་ལས་གཞན་པ། །མ་ཡིན་ལྷ་སྦྱིན་ཉིད་དང་ནི། །གཞི་མཐུན་པར་ནི་རྟོགས་ཕྱིར་རོ། །གལ་ཏེ་ལྷ་སྦྱིན་ཅི་བྱེད་ཅེས་དྲིས་ན། །འཚེད་དོ། །མཆོད་

སྦྱིན་བྱེད་དོ་ཞེས་ལན་མཐོང་བའི་ཕྱིར་བྱེད་དོ་ཞེས་ངེས་པ་ནི་མཆོད་སྦྱིན་ལ་སོགས་པ་ལ་ཐེ་ཚོམ་ཟ་བའི་ཕྱིར། གཞན་ཉིད་དུ་གྲུབ་པ་མ་ཡིན་ནམ། དེ་སྐད་དུ་ཡང་ལུས་ཉིད་ནི་བློ་མ་ཡིན་ཏེ། དེ་གྲུབ་ཀྱང་བློའི་རྣམ་པར་བརྟགས་པ་ལ་ཐེ་ཚོམ་ཟ་བའི་ཕྱིར་རོ་ཞེས་བཤད་པ་ཡིན་ནོ་ཞེ་ན། དེ་

ནི་ཇི་ལྟར་མི་འཐད་དེ། །བྱེད་དོན་མཆོད་སྦྱིན་བྱེད་དོན་དག །གལ་ཏེ་དེ་ཉིད་དུ་ཐ་དད། །གཞན་ལ་ཐེ་ཚོམ་གཞན་དུ་ནི། །བརྗོད་པའི་ཚུལ་ནི་འཐད་པར་དཀའ། །གལ་ཏེ་བྱེད་པའི་བྱ་བ་སྦྱིན་པ་ལ་སོགས་པ་ལས་གཞན་ཡིན་ན། །དེའི་ཚེ་གཞན་ལ་ཐེ་ཚོམ་ཟ་བ་ན་ཇི་ལྟར་བྱེད་པ་ངེས་

པ་ལ་འདྲི་སྟེ། འདྲི་བ་ནི་མ་ངེས་པ་ཉིད་ལ་འཐད་པའི་ཕྱིར་རོ། །བྱེད་པ་པོའི་དོན་ནི་སྤྱིའི་རང་བཞིན་ཡིན་ལ། སྦྱིན་པ་ལ་སོགས་པ་ནི་ཁྱད་པར་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །ཞེ་ན། །ཁྱད་པར་མེད་པར་སྤྱི་ཡི་ནི། །རྟོགས་པ་འགའ་ཡང་ཡོད་མ་ཡིན། །སྤྱི་ཡིས་འཕངས་པར་གྱུར་པ་ན། །མ་

རྟོགས་པ་ཞེས་བྱ་བ་མིན། །སྤྱི་ཡི་འབའ་ཞིག་རྟོགས་པ་ན། །ཁྱད་པར་གྱི་ཆ་ལ་ཐེ་ཚོམ་ཟའོ་ཞེས་བྱ་བར་མི་རིགས་སོ། །འོན་ཏེ་སྤྱིའི་ཁྱད་པར་འཕེན་པ་ཡིན་ནོ་ཞེ་ན། དེ་ལྟ་ན་དེ་ཡང་རྟོགས་པ་ཉིད་ཡིན་པས་ཇི་ལྟར་ཐེ་ཚོམ་ཟ། འོན་ཏེ་དེ་ནི་རྟོགས་མོད་ཀྱི། །དེ་ལྟ་ན་ཡང་ཁྱད་པར་གྱི་རང་བཞིན་

དུ་རྟོགས་པ་མ་ཡིན་ཏེ། སྤྱིར་འཕངས་པའི་ཕྱིར་རོ་ཞེ་ན། སྤྱི་དེ་ཉིད་འཕེན་པར་བྱེད་པ་མ་ཡིན་ནམ། དེ་ཉིད་འཕངས་པར་བྱ་བ་ཡིན་ནོ་ཞེས་བྱ་བ་འདི་ཇི་ལྟར་ཡིན། སྤྱིས་སྤྱི་གཞན་འཕེན་པ་ནི་མ་ཡིན་ཏེ། དེ་ལྟ་ཡིན་ན་དེ་ལས་ཀྱང་གཞན་ཡིན་ལ། དེ་ལས་ཀྱང་གཞན་ཡིན་པའི་ཕྱིར་

Vol. 178 · folio 16a

ཐུག་པ་མེད་དོ། །གལ་ཏེ་སྤྱི་མངོན་སུམ་ཡིན་པའི་ཕྱིར་དང་། ཁྱད་པར་མངོན་སུམ་མ་ཡིན་པའི་ཕྱིར་དང་། ཁྱད་པར་དྲན་པའི་ཕྱིར་ཐེ་ཚོམ་དུ་རིགས་པ་ཉིད་མ་ཡིན་ནམ་ཞེ་ན། སྤྱིར་མི་དམིགས་པའི་ཚད་མར་སྨྲ་བ་ལ། མི་དམིགས་པ་ལས་མེད་པ་ཉིད་དུ་རིགས་པ་

མ་ཡིན་ནམ། འོན་ཏེ་དམིགས་པའི་མཚན་ཉིད་དུ་གྱུར་པ་མ་དམིགས་པ་ལས་མེད་པ་ཡིན་གྱི། མ་དམིགས་པ་ཙམ་ལ་ནི་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་མི་དམིགས་པ་ཉིད་ལས་ཐེ་ཚོམ་ཡིན་པའི་ཕྱིར་སྤྱི་མངོན་སུམ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་འདི་ནི་དོན་མེད་དོ། །གལ་ཏེ་སྤྱི་མངོན་སུམ་

ཡིན་ན་ཡང་དམིགས་པའི་མཚན་ཉིད་དུ་གྱུར་པ་མི་དམིགས་པ་ནི་ཐེ་ཚོམ་དུ་མི་འགྱུར་རོ། །འོན་ཏེ་སྤྱི་མངོན་སུམ་ཡིན་ན་དམིགས་པའི་མཚན་ཉིད་དུ་འགྱུར་བའི་མི་དམིགས་པ་ཉིད་མི་སྲིད་དོ་ཞེ་ན། དེ་ལྟ་ན་ནི་འོ་ན་དམིགས་པའི་མཚན་ཉིད་དུ་གྱུར་པ་མ་ཡིན་པའི་མི་དམིགས་པ་དེ་ཉིད་ཐེ་

ཚོམ་གྱི་རྒྱུ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །ཁྱད་པར་དྲན་པའི་ཕྱིར་ཞེས་བྱ་བ་ཡང་དོན་མེད་དོ། །ཁྱད་པར་དྲན་པ་ལས་ཐ་དད་པའི་ཐེ་ཚོམ་གཞན་ནི་མེད་དོ། །དེ་ནི་གཉི་གའི་ཆ་ལ་དམིགས་པ་དྲན་པའི་རང་བཞིན་ཡིན་པའི་ཕྱིར་རོ། །སྤྱི་མངོན་སུམ་དུ་གྱུར་པ་མེད་ཀྱང་ཀ་ནྱ་ཀུབ་ཛ་ལ་སོགས་པ་

ལ་དྲན་པ་ལས་དང་པོ་ཉིད་དུ་ཐེ་ཚོམ་དུ་གྱུར་པ་མཐོང་བ་ཡིན་ནོ། །དེའི་ཕྱིར་བྱེད་དོ་ཞེས་བྱ་བ་ནི་སྤྱིར་མཐོང་བར་རྗེས་སུ་དཔག་པ་ལས་མ་ངེས་པར་རྟོགས་པའི་སྦྱིན་པ་ལ་སོགས་དེ་ཉིད་སྤྱི་ཡིན་ནོ། །འདིར། དེ་མིན་རང་བཞིན་ལས་ལྡོག་པའི། །དངོས་པོ་ཙམ་ཞིག་རབ་སྒྲུབ་ཕྱིར། །རྟགས་ནི་སྤྱི་ཡི་

ཡུལ་ཅན་དུ། །བཤད་དེ་བྱེ་བྲག་མི་གནས་ཕྱིར། །ཞེས་བཤད་དོ། །ཁྱད་པར་ངེས་པར་མ་ཟིན་པ་ཙམ་ཉིད་སྤྱི་ཡོངས་སུ་བཅད་པ་ཡིན་ནོ། །ལ་ལར་ནི་དངོས་པོ་དང་། དངོས་པོ་མེད་པའི་ཐུན་མོང་བ་ཡིན་པའི་ཕྱིར་དེའི་རྣམ་པས་དབེན་པའི་བློ་ཉིད་ཐེ་ཚོམ་གྱི་རྒྱུ་ཡིན་ནོ། །བློའི་རང་བཞིན་

ནམ་དམིགས་པར་བྱ་བའི་དོན་གྱི་རང་བཞིན། དེ་ལྟ་བུར་གྱུར་པ་མ་དམིགས་པ་ཉིད་ཐེ་ཚོམ་གྱི་རྒྱུ་ཡིན་ནོ། །གལ་ཏེ་དབྱིབས་རེང་རེང་པོའི་སྤྱི་མཐོང་བ་ལས་འདི་མཐོ་ཡོར་ཡིན་ནམ་མ་ཡིན་ཞེས་སྤྱིའི་རྣམ་པ་མྱོང་བ་ཡོད་ན་ཐེ་ཚོམ་མཐོང་བ་མ་ཡིན་ནམ་ཞེ་ན། སྐྱེས་བུ་དང་མཐོ་ཡོར་གྱི་རང་བཞིན་དང་

Vol. 178 · folio 16b

བྲལ་བའི་རེང་རེང་པོའི་སྤྱི་གཞན་འགའ་ཡང་དམིགས་པ་མེད་པ་མ་ཡིན་ནམ། གལ་ཏེ་ཡོད་ན་ནི། དེའི་ཚེ་རྣམ་པ་གཉིས་ཀྱི་བློ་དམིགས་པར་འགྱུར་རོ། །འདིར་ནི་ཁྱད་པར་ལས་གཞན་པའི། །སྤྱི་མེད་ཐ་དད་བློ་མེད་ཕྱིར། །དོན་གྱི་ཐ་དད་པ་ཉིད་ནི། །བློ་རྣམས་ཐ་དད་པ་ལས་ཡིན། །གལ་

ཏེ་ཡུལ་ཐག་རིང་པོར་སྐྱེས་བུ་དང་མཐོ་ཡོར་གྱི་རང་བཞིན་དང་འབྲལ་བའི་རེང་རེང་པོ་ཙམ་དམིགས་པ་ཉིད་དོ། །དེ་ལྟ་མ་ཡིན་ན་མཐོ་ཡོར་དང་སྐྱེས་བུའི་རྣམ་པར་རྟོག་པ་ཉམས་སུ་མྱོང་བས་དེ་ལས་ཐེ་ཚོམ་སྐྱེ་བར་མི་འགྱུར་རོ། །དེས་ན་དེ་ཡོངས་སུ་སྤངས་པར་སྣང་བ་ཉིད་དེ་དང་ཐ་དད་པ་ཡིན་ཏེ། དེ་

དང་ཐ་དད་པའི་མཚན་ཉིད་ནི་དེ་ཙམ་དུ་ཟད་པའི་ཕྱིར་རོ་ཞེ་ན། དེ་ནི་མི་འཐད་དེ་དེ་དག་ལས་དེ་གཞན་ཡིན་ན། རིང་པོ་མིན་པར་ཅེས་མི་སྣང་། །རིང་པོར་སྣང་བ་ཉེ་བ་ན། །ཤིན་ཏུ་ཡང་ནི་སྣང་ཕྱིར་རོ། །ཡུལ་ཐག་རིང་པོ་ན་གནས་པའི་གནས་སྐབས་ན་སྣང་བ་གང་ཡིན་པ་དེ་ནི་ཉེ་བར་སྒྲུབ་པ་

དང་འབྲེལ་པ་ནི་ཤིན་ཏུ་ཡང་ཆེས་སྣང་བ་ཉིད་དོ། །སྤྱིའི་དོན་གཞན་པ་ཉིད་ཡིན་ན། དེ་ཉིད་སྣང་བ་ཡིན་པས་ཇི་ལྟར་གཞན་ལ་མི་གསལ་བར་སྣང་བའི་ཐ་སྙད་དུ་འགྱུར་རོ། །སྔོན་པོའི་དོན་སྣང་བ་ནི་དཀར་པོ་མི་གསལ་བར་སྣང་བའི་ཐ་སྙད་དུ་འགྱུར་བ་མ་ཡིན་ནོ། །གལ་ཏེ་ཁྱེད་ཀྱི་ཕྱོགས་ལ་

ཡང་མི་གསལ་བ་ཞེས་བྱ་བ་འདི་ཅི་ཞིག་ཡིན། མི་གསལ་བར་སྣང་བ་འདི་ཡང་ན། མི་སྣང་བའམ་གཞན་སྣང་བའམ་ཡང་དེ་མི་གསལ་བར་སྣང་བ་ཡིན་གྲང་ན། གལ་ཏེ། མི་གསལ་བར་སྣང་བ་དེ་ཉིད་སྣང་བ་ཡིན་ན་ནི། རང་གི་ངོ་བོ་སྣང་བ་ལ། །མི་གསལ་ཞེས་བྱར་ཇི་ལྟར་འགྱུར། །གལ་

ཏེ་གཞན་པ་སྣང་བ་ཡང་། །དེ་ཉིད་མི་གསལ་ག་ལས་ཡིན། །སྣང་བ་མེད་ན་དངོས་པོ་ནི། །ཇི་ལྟར་སྣང་བར་འགྱུར་བ་ཡིན། །གལ་ཏེ་དེ་ལྟར་འགྱུར་བ་ཡི། །བློ་ཉིད་མི་གསལ་བ་ཡིན་ན། །བློ་ཡི་རང་བཞིན་གསལ་བ་ན། །དོན་མི་གསལ་བར་སྣང་བ་མིན། །དེ་ནི་དེ་ལྟར་མ་ཡིན་

ཏེ། །གང་ཚེ་དེ་རྣམ་ཅན་མིན་པའི། །བློ་ནི་དེ་ལས་སྐྱེས་འགྱུར་བ། །དེ་ཚེ་གསལ་མིན་སྣང་བ་ཡི། །ཐ་སྙད་འགྲོ་བ་ན་ཡང་འདོད། །འོན་ཏེ་དེ་ཉིད་སྤྱི་ཡིན་ན། །དེ་ལྟར་ཡིན་ན་ཁ་དོག་དང་དབྱིབས་སྣང་བར་མི་འགྱུར་རོ། །སྤྱི་ནི་ཁ་དོག་དང་དབྱིབས་དང་ལྡན་པ་མ་ཡིན་ཏེ། དེ་གཉིས་ནི་རྫས་

Vol. 178 · folio 17a

ལ་བརྟེན་པའི་ཕྱིར་རོ། །འོན་ཏེ་ཁ་དོག་དང་དབྱིབས་རྫས་ལ་བརྟེན་པ་ཡིན་ན། དེ་ལྟ་ན་དེ་ལས་གཞན་པའི་སྤྱི་མེད་དེ་མི་སྣང་བའི་ཕྱིར་རོ། །གལ་ཏེ་སྣང་བ་ནི་ཁ་དོག་དང་དབྱིབས་ཉིད་ཡིན་ལ་དེ་གཉིས་ཀྱང་ཐུན་མོང་ཡིན་པའི་ཕྱིར། མཐོ་ཡོར་དང་མི་དག་ཏུ་ཐེ་ཚོམ་

ཟའོ་ཞེ་ན། དེ་ཡང་མ་ཡིན་ཏེ། འདི་ལྟར། ཁ་དོག་དབྱིབས་ཏེ་དེ་རང་བཞིན། །གཞན་པས་གཞན་དུ་ཅི་ལྟར་དེ། །རྟོགས་འགྱུར་དེ་ལྟ་ཡིན་ན་ནི། །བློ་ནི་འཁྲུལ་བར་ཐལ་བར་འགྱུར། །གལ་ཏེ་ཁ་དོག་དང་དབྱིབས་གཞན་དུ་རྟོགས་ན། དེ་འཁྲུལ་པ་ཉིད་ཡིན་པས་ཅི་ལྟར་སྤྱི་མངོན་སུམ་

ཡིན། འོན་ཏེ་དེར་ཡན་ལག་ཅན་སྣང་བ་ཡིན་གྱི་སྤྱི་མ་ཡིན་ལ་ཁ་དོག་དང་དབྱིབས་ཀྱང་མ་ཡིན་ནོ་ཞེ་ན། ཁ་དོག་དབྱིབས་ཀྱི་རང་བཞིན་ལས། །ཐ་དད་རྫས་ནི་སྣང་ཡིན་པ། །དེ་དག་ལ་ནི་གཞན་པ་ཡི། །སོ་སོར་སྣང་བ་ཡོད་དམ་ཅི། །སྔོན་པོ་ལ་སོགས་པ་ཁ་དོག་གི་རང་བཞིན་ཉིད་སྣང་

བ་ཡིན་གྱི། །དེ་ལ་རྫས་གཞན་སྣང་བ་ནི་མེད་དེ། དེ་ལས་ཐ་དད་པའི་རྫས་གཞན་སོ་སོར་སྣང་བ་མེད་པའི་ཕྱིར་རོ། །དེ་ཉིད་རྫས་ཡིན་ནོ་ཞེ་ན། མ་ཡིན་ཏེ་ཁ་དོག་དང་དབྱིབས་ནི་ཡོན་ཏན་ཡིན་པའི་ཕྱིར་རོ། །འོན་ཏེ་ཁ་དོག་དང་དབྱིབས་དང་ལྡན་པའི་རྫས་ཡིན་ན་མ་ཡིན་ཏེ། དེ་ལས་ཐ་དད་པ་

རྣམ་པ་གཞན་དུ་སྣང་བ་མེད་པའི་ཕྱིར་རོ། །གསལ་བ་དང་མི་གསལ་བའི་ཁ་དོག་དབྱིབས་ལས་ཐ་དད་པའི་རྫས་གཞན་ནི་དམིགས་པ་མེད་དེ། མི་གསལ་བའི་ཁ་དོག་དང་དབྱིབས་ཀྱང་དེ་ལས་གཞན་པའི་ཚོགས་པ་ལས་བྱུང་བའི་ཤེས་པས་གནོད་པའི་ཕྱིར་རོ། །གསལ་བར་སྣང་བའི་ཤེས་པ་

སྐྱེས་ན་འདི་ནི་འདི་ལྟ་བུ་མ་ཡིན་ནོ་ཞེས་བྱ་བར་འགྱུར་བ་ཡིན་ནོ། །དེ་ལས་བཟློག་པའི་རང་བཞིན་དམིགས་པ་ཉིད་གནོད་པར་བྱེད་པ་ཡིན་ནོ། །འདི་མ་ཡིན་ནོ་སྙམ་པའི་ཤེས་པ་མ་སྐྱེས་པའི་ཕྱིར་དེ་ལྟ་མ་ཡིན་ནོ་ཞེ་ན། འདི་མ་ཡིན་ནོ་སྙམ་པའི་ཤེས་པ་དེ་ཡང་སྐྱེས་པ་ཉིད་མ་ཡིན་ནམ། འདི་ལྟར་དབྱིབས་

འདི་ནི་ཁ་དོག་དེ་མ་ཡིན་ནོ་ཞེས་བྱ་བ་དེ་དང་ཐ་མི་དད་པའི་དབྱིབས་ལ་གནོད་པའི་ཤེས་པ་སྐྱེ་བ་ཉིད་ཡིན་ནོ། །གལ་ཏེ་ཐ་དད་པ་ལ་གནོད་པར་བྱེད་པ་མ་ཡིན་ཏེ། གང་གི་ཕྱིར་ཐ་མི་དད་པའི་དབྱིབས་ལ། གནོད་པར་བྱེད་པ་དེ་ཉིད་ཀྱི་ཕྱིར་དབྱིབས་ཐ་དད་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། གལ་ཏེ་ཅི་ལྟར་

Vol. 178 · folio 17b

སྔོན་རྟོགས་པ། །དེ་འདྲ་བ་ལ་གནོད་བྱེད་ཅིང་། །གལ་ཏེ་གཞན་དུ་རྟོགས་མེད་ན། །ལུས་པར་འགྱུར་བ་གཞན་ཅི་ཡོད། །གལ་ཏེ་དབྱིབས་སམ། རྫས་ཁ་དོག་དང་ཐ་དད་པ་མེད་པར་རྟོགས་པ་ཅི་འདྲ་བ་དེ་འདྲ་བ་གནོད་པ་ཡིན་ན་གཞན་ལུས་པ་ཅི་ཡོད། གང་གིས་དེ་ཉིད་ལ་གཅིག་ལ་གནོད་པར་

བྱེད་ལ་གཞན་ལ་ནི་མ་ཡིན་ནོ་ཞེས་བྱ་བའི་རྣམ་པར་གཞག་པ་ཐ་དད་པར་བྱེད་པའི་སྦྱོར་བའི་རྣམ་པར་དབྱེ་བ་ནི་ཡོད་པ་མ་ཡིན་ནོ། །འོན་ཏེ་ཡང་། ཁ་དོག་དེ་ནི་ཐོབ་པ་མིན། །དེ་ནི་དབྱིབས་དང་རྫས་དག་ཡིན། །དེས་ན་ཐོབ་ཕྱིར་རྫས་གཞན་ཡིན། །དེས་ནི་སྔར་ཡང་རིགས་པ་ཉིད། །གང་ཞིག་

སྔ་མ་དང་ཕྱི་མའི་དངོས་པོར་རིག་པ་དང་། དེ་ལྟ་མ་ཡིན་པ་གང་ཡིན་པ་དེ་གཉིས་ནི་འགལ་བའི་ཆོས་གནས་པས་ཐ་མི་དད་པར་མི་རིགས་སོ། །ཐ་དད་པ་དག་ནི་དེ་ལྟ་བུ་ཉིད་དུ་བསྒྲུབ་པར་བྱ་བ་ཡིན་ཏེ། ཐ་དད་པའི་སྒྲུབ་པར་བྱེད་པ་ནི་གཞན་མེད་པའི་ཕྱིར་རོ་ཞེས་བྱ་བར་སེམས་ན། དེ་ཡང་

མ་ཡིན་ཏེ། དེ་ཉིད་དུ་ན་གལ་ཏེ་དེ། །གཞན་ན་སྔོན་ནམ་ཕྱི་མ་ཡི། །མངོན་སུམ་ལ་ཅི་སྣང་མིན་གཉིས། །མཐོང་བ་གང་ཚེ་སྲིང་བར་འགྱུར། །གལ་ཏེ་དོན་དམ་པར་ཁ་དོག་དང་དབྱིབས་དེ་རྫས་ལས་ཐ་དད་པའམ། དབྱིབས་ཀྱང་ཁ་དོག་ལས་ཐ་དད་པ་ཡིན་ན། ཅི་ལྟར་སྔོན་དང་ཕྱི་མའི་མངོན་

སུམ་ལ་མི་སྣང་། སོ་སོར་མི་སྣང་ན་དེ་ལས་ཐ་དད་པའི་ཚོགས་པ་མེད་པའི་ཕྱིར་དེར་སྣང་ངོ་ཞེས་བྱ་བ་ནི་རྨོངས་པ་ཆེན་པོའི་མཐུ་ཡིན་ནོ། །གཉིས་ཚོགས་པ་ཡང་མེད་པའི་ཕྱིར་ཚོགས་པ་ཡིན་པར་ག་ལས་འགྱུར། རྗེས་སུ་སྦྱོར་བ་ནི་མངོན་སུམ་ལས་མ་ཡིན་ནོ། །དེ་མེད་པའི་ཕྱིར་རྗེས་སུ་

དཔག་པ་ཡང་མེད་པས་གང་ལས་ཐ་དད་པར་རྟོགས། དེའི་ཕྱིར་ཐུན་མོང་བ་ཞེས་བྱ་བ་ནི་འགའ་ཡང་མེད་དེ། ཐམས་ཅད་རང་གི་བདག་ཉིད་ལ་རྣམ་པར་གནས་པའི་ཕྱིར་ཁྱད་པར་ཉིད་དོ། །དེ་བས་ན་བྱེད་པ་ཞེས་བྱ་བའི་བྱ་བ་ནི་མཆོད་སྦྱིན་བྱེད་པ་ལ་སོགས་པ་བྱ་བའི་ཁྱད་པར་གྱི་སྤྱི་མ་ཡིན་ནོ། །

དེའི་ཕྱིར་སྒོམ་པ་ནི་བྱེད་པ་པོའི་བྱ་བའི་རང་བཞིན་མ་ཡིན་ཏེ། དེ་ལས་ཐ་དད་པར་རྟོགས་པ་མེད་པའི་ཕྱིར་རོ། །ཁམས་ཀྱི་དོན་ཡང་རྫས་ལས་ཐ་དད་པར་ཡོད་པ་མ་ཡིན་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པས་སྔ་མ་དང་ཕྱི་མར་གྱུར་པའི་རྫས་ཡོངས་སུ་རྟོགས་པའི་ཐ་དད་པའི་རང་གི་ངོ་བོ་

Vol. 178 · folio 18a

ཉིད་ལས་ཐ་དད་པ་མེད་ཀྱང་ཐ་དད་པ་དང་ལྡན་པར་བརྟགས་ནས་བྱ་བ་ལས་ཐ་དད་པར་དང་། བྱ་བ་ཡང་དེ་ལས་ཐ་དད་དོ་ཞེས་འདི་ནི་ཐ་སྙད་ཙམ་དུ་ཟད་ཀྱི་འདི་དངོས་པོའི་དེ་ཁོ་ན་རྣམ་པར་གནས་པ་ནི་མ་ཡིན་ནོ། །རང་གི་བྱ་བ་དང་ཁམས་ཀྱི་དོན་ཡང་ངེས་པར་སྦྱོར་བའི་དུས་

ན་འབྱུང་བར་འགྱུར་བར་རྟོགས་པ་དེས་ན་ཅི་ལྟར་དེ་ལ་དམིགས་པའི་ཤེས་པ་སྔོན་གྱི་བག་ཆགས་ལས་སྐྱེ་བ་དམིགས་པ་མེད་དོ་ཞེས་བྱ་བ་མི་བརྗོད། འོན་ཏེ་ཡང་མངོན་སུམ་ནི་ད་ལྟར་བའི་ཡུལ་ཅན་ཡིན་པའི་ཕྱིར་བྱུང་བ་དང་འབྱུང་བའི་ཡུལ་ཅན་ཡིན་ན་དམིགས་པ་མེད་པ་ཉིད་དོ། །སྒྲ་ནི་དེའི་

ཡུལ་ཅན་ཡིན་ཡང་དེར་འགྱུར་བ་མ་ཡིན་ནོ། །དེ་སྐད་དུ་ཡང་བསྐུལ་བ་ནི་ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ་སྙམ་ན། དེ་ནི་མ་ཡིན་ཏེ། མཐོང་བ་མེད་པའི་དོན་དེ་ནི་ཡོད་ཅེས་ངེས་པ་དེ་ཅི་ལྟར། རྗེས་དཔག་ལ་ནི་འབྲེལ་བའི་ཕྱིར། །དེར་ནི་དེ་ལྟར་གནས་པ་ཡིན། །ལྐོག་ཏུ་གྱུར་

པའི་ཡུལ་རྟོགས་པ་ཐམས་ཅད་ནི་དོན་དང་འབྲེལ་པ་ཉིད་ལས་མི་སླུ་བ་དང་ལྡན་པ་ཡིན་ཏེ། དཔེར་ན་རྗེས་སུ་དཔག་པའི་ཤེས་པ་བཞིན་ནོ། །གང་ཞིག་གང་དང་མ་འབྲེལ་བ་དེ་ཡོད་ན་དེ་ཡོད་པར་ནི་ངེས་པ་མ་ཡིན་ནོ། །དམིགས་པ་མེད་པ་ཉིད་ནི་དེའི་རང་བཞིན་མེད་པ་ཉིད་ལས་ཏེ། མེད་

པ་ནི་རང་གི་ངོ་བོར་འཛིན་པ་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །འབྱུང་བར་འགྱུར་བ་དང་ལྷན་ཅིག་འབྲེལ་བར་ངེས་པ་ཡང་མ་ཡིན་ནོ། །རྗེས་སུ་དཔག་པ་ལས་ནི་རྒྱུ་ལས་འབྲས་བུ་རྟོགས་པ་ཡིན་ཏེ། དེ་ལྟར་གཞན་དུ་མཐོང་བའི་ཕྱིར་རོ། །མེའི་སྦྱིན་སྲེག་ལ་སོགས་པ་ལ་ནི་འབྲས་

བུའི་རྒྱུ་ཉིད་དམིགས་པ་མ་ཡིན་ལ། དེ་མ་བྱས་ན་ཕུང་བར་ངེས་པ་ཡང་མ་ཡིན་ནོ། །འོན་ཏེ་བདག་གི་ནུས་པ་རྟོགས་པ་མཆོད་སྦྱིན་ལ་སོགས་པའི་རྒྱུ་ཉིད་དང་། བདག་ཉིད་ལ་རྟོགས་པས་འཇུག་པ་ཡིན་ནོ་ཞེ་ན། གལ་ཏེ་དེ་ནི་མཐོ་རིས་ཀྱི། །རྒྱུ་ཡིན་པར་ནི་མ་རྟོགས་ན། །

ངེས་པར་སྦྱོར་བ་བསྐུལ་ཡང་དེ། །དེ་ལ་ཅི་ཕྱིར་འཇུག་པ་ཡིན། །དེ་ཉིད་ཀྱི་ཕྱིར་བསྒོམ་པ་དང་། ངེས་པར་སྦྱོར་བ་དང་། ཁམས་ཀྱི་དོན་རྣམས་ཕན་ཚུན་འབྲེལ་པའམ། འབྲས་བུ་དང་མངོན་པར་འབྲེལ་པ་བསྒྲུབ་པ་ཡང་ངག་གི་དོན་ཡིན་ནོ་ཞེས་བྱ་བར་མི་རིགས་ཏེ། ཐམས་ཅད་འབྱུང་

Vol. 178 · folio 18b

བར་འགྱུར་བ་ཡིན་པས་ཤེས་པས་མི་འཛིན་པའི་ཕྱིར་བློ་དམིགས་པ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །དེས་ན་སྣང་བ་དང་རྣམ་པར་བརྟགས་པ་གཅིག་ཏུ་བྱས་ནས་འཇུག་པ་ཡིན་ལ། དེ་ཉིད་ཀྱང་གཞན་སེལ་བ་ཡིན་ནོ། །རིག་བྱེད་ལས་ནི་རྟོག་པ་སྔོན་དུ་བྱེད་པ་ཅན་སུ་ཡང་མི་འཇུག་སྟེ།

ཤིན་ཏུ་སྤྲོས་པས་ཆོག་གོ། །དེའི་ཕྱིར། འཆད་པ་པོ་ཡི་བྱེད་པའི་ཡུལ། །ལྷག་པར་སྒྲོ་བཏགས་པ་ཡི་ཕྱིར། །དོན་གང་བློ་ལ་རབ་གསལ་བ། །དེ་ལ་སྒྲ་ནི་ཚད་མ་ཉིད། །དོན་གྱི་དེ་ནི་རྒྱུ་ཅན་མིན། །སྒྲོ་བཏགས་པ་ནི་བདེན་པའི་དོན་གྱི་ཡུལ་ཅན་དུ་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་འདི་

གནས་སོ། །ཚད་མ་རྣམ་འགྲེལ་གྱི་རྒྱན་ལས། བསྒྲུབ་པ་དང་བསྒོམ་པ་ལ་སོགས་པ་རྣམ་པར་འགྲེལ་པ་སྟེ་དང་པོའོ།། །།གལ་ཏེ་དོན་བྱེད་པར་གནས་པ་མི་སླུ་བ་ཡིན་ན། འོ་ན་ངོ་ཤེས་པ་ལ་སོགས་པའི་ཤེས་པ་ལས་ཀྱང་དེ་ཉིད་འདི་ཡིན་ནོ་ཞེས་བྱ་བ་

ལ་སོགས་པར་ཤེས་ནས་འཇུག་པ་ན། མི་སླུ་བ་བསྟེན་པའི་ཕྱིར་ཚད་མར་འགྱུར་རོ། །དེ་ལ་སྔོན་མེད་དོན་ཤེས་པ། །ངེས་པར་གནོད་པ་དང་བྲལ་ཞིང་། །སྐྱོན་མེད་རྒྱུ་ལས་བྱུང་བ་ནི། །འཇིག་རྟེན་འདོད་པའི་ཚད་མ་ཡིན། །ཡན་ལག་ཅན་ལ་སོགས་པའི་ཡུལ་ཅན་

ཡང་མི་སླུ་བར་བྱེད་པའི་ཕྱིར་ཚད་མར་འགྱུར་རོ། །འོན་ཏེ་བལྟ་བའི་ཤེས་པའི་སྟོབས་ལས་སྐྱེས་པའི་ཕྱིར་རྣམ་པར་རྟོག་པ་འདི་ཚད་མ་མ་ཡིན་ལ། ཡན་ལག་ཅན་ཡང་ཡན་ལག་གི་ཤེས་པའི་སྟོབས་ལས་བྱུང་བའི་ཕྱིར་རོ་ཞེ་ན། དེ་ལྟ་ན་བལྟ་བའི་ཤེས་པ་དེ་ཡང་མིག་

དང་འབྲེལ་པ་ལ་སོགས་པའི་སྟོབས་ལས་སྐྱེས་པའི་ཕྱིར་ཚད་མར་མི་འགྱུར་རོ། །དེ་ལ་གལ་ཏེ་རྒྱུ་གཞན་དང་གཞན་ཚོལ་ན་མིག་ལ་སོགས་པ་རྣམས་ཡིན་པར་ཐལ་ལོ། །འོན་ཏེ་དེ་མ་ཐག་པ་ཡིན་ན་རྣམ་པར་རྟོག་པ་ཉིད་ནི་ཚད་མར་ཐལ་ལོ་ཞེ་ན། འདིར་བརྗོད་པ། གཟུང་བ་

འཛིན་ཕྱིར་ཀུན་རྫོབ་ནི། །མི་འདོད་བློ་ནི་ཚད་མ་ཉིད། །བླང་དང་དོར་བའི་དངོས་པོ་ཡི། །འཇུག་ལ་དེ་གཙོ་ཡིན་ཕྱིར་དང་། །དེ་ཉིད་འདི་ཡིན་ནོ་སྙམ་པའི་ཤེས་པ་སྐྱེ་བ་ནི་གཅིག་ཉིད་ལ་ཚད་མ་མ་ཡིན་ཏེ། སྔོན་མེད་པའི་གཅིག་ཉིད་མི་འཛིན་པའི་ཕྱིར་ཏེ། དེས་ནི་མཐོང་བ་ཉིད་རྟོགས་

Vol. 178 · folio 19a

པའི་ཕྱིར་རོ། །གང་སྔ་མ་དང་ལྷན་ཅིག་གཅིག་ཏུ་བཟུང་བའི་གཅིག་ཉིད་ནི་རྩོད་པའི་ཡུལ་གྱི་གཅིག་ཉིད་བདག་གིར་བྱེད་པ་ཡིན་ནོ། །ད་ལྟ་བ་ཙམ་གཅིག་ཡིན་ན་ནི་གྲུབ་པ་ལ་སྒྲུབ་པ་ཉིད་དོ། །དེ་ཡང་ཤེས་པ་སྔ་མ་སྔ་མས་བཟུང་བ་ལ་གཞན་མ་ཡིན་ནོ། །

ཤེས་པ་སྔ་མས་ནི་དེའི་འཇིག་པའི་གནས་སྐབས་ཉིད་སྔ་ན་མེད་པར་འཛིན་ཏོ། །དེས་ན་ཕྱིས་རྗེས་སུ་སྦྱོར་བར་བྱེད་པ་ནི་ཅི་ལྟར་བཟུང་བར་འགྱུར་བ་དེ་ལྟ་བུ་ཉིང་མཚམས་སྦྱོར་བར་བྱ་བ་ཡིན་ནོ། །གཟུང་བ་ཉིད་དུ་འཛིན་པ་ན་ཡང་དེ་དྲན་པ་ཉིད་ཡིན་པས་གཟུང་བ་འཛིན་པའི་ཕྱིར་དྲན་པ་

གཞན་བཞིན་དུ་ཚད་མ་མ་ཡིན་ནོ། །མི་སླུ་བ་ནི་དོན་བྱ་བ་བྱེད་པའི་ཕྱིར་རོ། །དོན་བྱ་བ་ནི་གཅིག་ཉིད་ཀྱིས་བསྒྲུབ་པར་བྱ་བ་མ་ཡིན་ཏེ། དངོས་པོའི་ནུས་པ་ཙམ་ལས་སྐྱེ་བའི་ཕྱིར་རོ། །དེའི་ཕྱིར་དེ་ཉིད་འདི་ཡིན་ནོ་སྙམ་པ་འདི་ནི་ཤེས་པ་ཉིད་ཡིན་ནོ། །འོན་ཏེ་སྔ་མ་དང་ལྷན་ཅིག་གཅིག་ཏུ་

རྟོགས་སོ་ཞེ་ན། དེ་ནི་མི་རིགས་ཏེ། མངོན་སུམ་ལས་སྔོན་རིག་མེད་ན། །དེ་དང་གཅིག་ལ་ཚད་ཡོད་མིན། །མ་རྟོགས་པ་དང་གཅིག་ཉིད་དུ། །རྟོགས་ཞེས་བྱ་བ་བབ་ཅོལ་ཡིན། །དེས་ན་སྔ་མ་སྔ་མ་ཡི། །རྟོགས་ལས་ཀུན་རྫོབ་པ་གཅིག་ཉིད། །ཀུན་རྫོབ་པ་ཡི་རྟོགས་འདི་ལ། །ཚད་

མ་ཡོད་པ་མ་ཡིན་ནོ། །བུམ་སོགས་ཡུལ་ཅན་ཤེས་པ་གང་། །དེ་ཡང་རོ་སོགས་དག་ལ་ཡིན། །ཤེས་དེ་དག་གི་བཟུང་དོན་ལས། །ཚོགས་པ་རྣམ་པར་རྟོག་ཕྱིར་རོ། །ཚོགས་ལས་གཞན་པའི་གཅིག་པོ་ནི། །འགས་ཀྱང་རྟོགས་པ་ཡོད་མ་ཡིན། །ཐོག་མེད་བག་ཆགས་

བརྟེན་པའི་ཕྱིར། །གཞན་ནི་ཀུན་དུ་འཛིན་པས་ཉམས། །གལ་ཏེ་སྔ་མ་དེ་ཕྱི་མ་ལ་སོགས་པ་གཅིག་ཏུ་རྟོགས་པ་མེད་ན། འོ་ན་ཅི་ལྟར་བློ་ཚད་མ་ཡིན་ཞེ་ན། དེ་ལ་བཤད་པ་ནི། བླང་བ་དང་དོར་བར་བྱ་བའི་ཡུལ་ལ་འཇུག་པ་ནི་ཚད་མ་ཞེས་བརྗོད་ལ། འཇུག་པ་དེ་ལ་ཡང་བློ་ཉིད་

གཙོ་བོ་ཡིན་ནོ། །གལ་ཏེ་ཡང་འབྱུང་བར་འགྱུར་བའི་དོན་མ་རྟོགས་སྙམ་ན་དེ་ལྟ་ན་ཡང་དེ་འཇུག་པར་བྱེད་པའི་ཕྱིར་ཚད་མ་ཡིན་ཏེ། དཔེར་ན་རྗེས་སུ་དཔག་པ་མི་འཛིན་པ་ཡང་ཚད་མ་ཡིན་པ་བཞིན་ནོ། །རྗེས་སུ་དཔག་པས་ནི་དངོས་པོའི་རང་གི་ངོ་བོར་བདག་གིར་བྱེད་པ་མ་ཡིན་ནོ་ཞེས་

Vol. 178 · folio 19b

འཆད་པར་འགྱུར་རོ། །མིག་ལ་སོགས་པ་ལས་ནི་ཤེས་པ་མེད་པར་མི་འཇུག་གོ། །རྣམ་པར་རྟོག་པ་མེད་ཀྱང་གོམས་པ་ལས་འཇུག་པ་ཡིན་ནོ། །དེས་ན་བླང་བ་དང་དོར་བར་བྱ་བའི་ཡུལ་ལ་སྔར་གྱི་བློ་ཉིད་འཇུག་པར་བྱེད་པ་ཡིན་པའི་ཕྱིར་ཚད་མ་ཡིན་གྱི། རྣམ་པར་རྟོག་

པ་ལ་སོགས་པ་མ་ཡིན་ནོ། །གོམས་པ་མེད་པ་གང་ཡིན་པ་དེར་ནི་ངོ་ཤེས་པ་ལ་སོགས་པའི་མཚན་ཉིད་ཀྱི་རྗེས་སུ་དཔག་པ་ཉིད་ཡིན་པ་དེས་ན་ཧ་ཅང་ཐལ་བ་མ་ཡིན་ནོ། །དེ་ལྟར་ན་རེ་ཞིག་འབྲས་བུ་དོན་དུ་གཉེར་བ་རྣམས་ཀྱི་ཐ་སྙད་ཀྱི་རྒྱུ་ཉིད་ཀྱིས་ཚད་མར་བཤད་པ་ཡིན་ནོ། །ད་ནི་རྟོགས་པའི་

འབྲས་བུའི་ཡུལ་རྣམ་པར་འབྱེད་པའི་རྒྱུ་ཡིན་པར་སྟོན་ཏོ། །གཞན་ཡང་བློ་ཉིད་ཚད་མ་ཡིན་གྱི་གཞན་ནི་མ་ཡིན་ཏེ། འདི་ལྟར། ཡུལ་གྱི་རྣམ་པ་ཐ་དད་པས་ཚད་མའི་འབྲས་བུ། བློ་ཡི་རྟོགས་པ་ཐ་དད་ཕྱིར། །འཇུག་པར་བྱེད་པས་ནི་ཚད་མ་མ་ཡིན་གྱི་འོན་ཀྱང་རྟོགས་པར་བྱེད་

པའི་ཕྱིར་ཏེ། རྟོགས་པར་འགྱུར་ན་འཇུག་གམ་མི་འཇུག་ཀྱང་རུང་ངོ་། །དེ་ལྟར་ན་ཡང་དོན་གྱི་དེ་བཞིན་ཉིད་ཀྱི་ངོ་བོ་རྣམ་པར་འཇོག་པའི་ཕྱིར་ཚད་མ་ཡིན་ནོ། །རྣམ་པར་གཞག་པའི་དོན་ལ་གལ་ཏེ་མི་འཇུག་ན་འདི་ཚད་མའི་ཉེས་པ་ནི་མ་ཡིན་ནོ། །ཚད་མ་ནི་ཐོབ་པར་བྱེད་པ་ཡིན་པའི་ཕྱིར་

རོ་ཞེ་ན་མ་ཡིན་ཏེ། ཚད་མ་ནི་ཐོབ་པར་བྱེད་པ་རུང་བ་ཡིན་པའི་ཕྱིར་རོ། །དེ་ཉིད་ཐོབ་པ་མེད་ན་ཇི་ལྟར་ཤེས། །རང་བཞིན་གྱི་ཁྱད་པར་མཐོང་བའི་ཕྱིར་རོ། །མི་འཁྲུལ་བའི་རང་བཞིན་ཅི་ལྟར་ཡོངས་སུ་བཅད། འོ་ན་ཕྱི་རོལ་གྱི་ཐ་སྙད་ཟད་པར་འགྱུར་རོ། །མི་འཁྲུལ་པ་ཉིད་མ་ཤེས་

ན་རང་གི་ངོ་བོ་རིག་པ་ཙམ་ཉིད་གསལ་བར་འགྱུར་ལ། དེ་ལྟ་ན་ཡང་ཕྱིའི་དོན་དང་རྒྱུད་གཞན་ལ་སོགས་པ་རྟོགས་པ་ག་ལ་ཡོད་ཅེ་ན། འདི་ནི་འོག་ཏུ་བཤད་པར་བྱའོ། །འདིའི་ཡུལ་གྱི་རྣམ་པ་ལྟ་བུའི་རྣམ་པ་ནི་ཡུལ་གྱི་རྣམ་པ་སྟེ་ཤེས་པའོ། །དེ་ཐ་དད་པ་ནི་ཡུལ་གྱི་རྣམ་པ་ཐ་དད་

པའམ། ཡུལ་ལྟ་བུའི་རྣམ་པ་ཐ་དད་པ་ནི་ཡུལ་གྱི་རྣམ་པ་ཐ་དད་པའོ། །མཚུངས་པ་ནི་རྣམ་པ་སྟེ། སྣང་བ་ཞེས་བྱ་བའི་དོན་ཏོ། །ཡུལ་དང་འདྲ་བའམ་ཡུལ་ལ་མངོན་དུ་ཕྱོགས་པའོ། །སྔོན་པོའམ་དེའི་རྣམ་པར་རིག་པ་ཞེས་དེ་ཐ་དད་པས་བློའི་རྟོགས་པ་ཐ་དད་པ་ཡིན་ནོ། །ཚད་མའི་

Vol. 178 · folio 20a

འབྲས་བུ་ནི་དོན་རྟོགས་པའམ། རང་གི་ངོ་བོ་རྟོགས་པ་ཡིན་ནོ། །དེ་སྐད་དུ་ཡང་གཞལ་བྱ་རྟོགས་པ་ནི་ཚད་མ་ལ་རག་ལས་པ་ཡིན་ནོ་ཞེས་བཤད་དོ། །ཡུལ་གྱི་རྣམ་པ་དེ་ཡང་ཤེས་པའི་བདག་ཉིད་དུ་འགྱུར་བ་ཡིན་ཏེ། དེས་ན་ཤེས་པ་ཉིད་ཚད་མ་ཡིན་

ནོ། །གལ་ཏེ་ཅི་ལྟར་དེ་རྣམ་པར་ཤེས་པའི་བདག་ཉིད་དུ་འགྱུར་བ་ཡིན་པ་དེ་བཞིན་དུ་རྟོགས་པ་ཡང་ཡིན་པ་དེས་ན་ཤེས་པ་ཉིད་འབྲས་བུའི་ཡིན་པར་འགྱུར་རོ་ཞེ་ན། དེ་ནི་བདེན་ཏེ། ཚད་མ་འབྲས་བུ་གཞན་མིན་ཞིང་། །ཚད་མ་འབྲས་བུ་ལས་གཞན་མིན། །བྱ་དང་བྱེད་པའི་རྣམ་གཞག་ནི། །ཐམས་ཅད་དེ་ལྟར་

འགྱུར་བ་ཡིན། །འདི་ཡང་འོག་ཏུ་སྟོན་པར་འགྱུར་རོ། །གལ་ཏེ་ཅི་ལྟར་མིག་ལ་སོགས་པ་ཚད་མ་མ་ཡིན་པ་དེ་བཞིན་དུ་རྣམ་པ་ཡང་མི་འགྱུར་རོ། །ཇི་ལྟར་མྱོང་བའི་བྱེད་པ་པོ་ཡིན་ཡང་མིག་ལ་སོགས་པ་ཚད་མ་མ་ཡིན་པ་དེ་བཞིན་དུ་རྣམ་པ་ཡང་ཡིན་ནོ་ཞེ་ན། བཤད་པ། དེ་ཡོད་ན་ནི་འདི་ཡོད་

ཕྱིར། །རྣམ་པ་ཡོད་ན་རྟོགས་པའི་འབྲས་བུ་འདི་ཡོད་པ་ཉིད་ཀྱི་ཕྱིར་རོ། །མིག་ལ་སོགས་པ་ཡོད་ན་འབྲས་བུ་འདི་ཡོད་པ་ཉིད་ནི་མ་ཡིན་གྱི། ཐ་མི་དད་པའི་ཕྱིར་རྣམ་པ་ཡོད་ན་ནི་ཡོད་པ་ཉིད་ཡིན་པ་དེའི་ཕྱིར་ན་སྒྲུབ་པར་བྱེད་པ་དམ་པ་ཉིད་ཡིན་ལ། སྒྲུབ་པར་བྱེད་པ་དམ་པ་ཉིད་

ཀྱང་བྱེད་པ་པོ་ཡིན་ནོ། །སྒྲུབ་པར་བྱེད་པ་དམ་པ་ཉིད་ནི་ཆོད་པ་མེད་ན་ཡིན་ནོ་ཞེས་སྟོན་པར་འགྱུར་རོ། །འོ་ན་ཇི་ལྟར་མིག་གིས་གཟུགས་མཐོང་བ་ཞེས་བྱ་ཞེ་ན། རྒྱུ་ལ་འབྲས་བུ་བཏགས་པས་དེ་སྐད་བརྗོད་པ་ཡིན་ཏེ། དཔེར་ན་རྐུན་པོས་གྲོང་བསྲེགས་སོ་ཞེས་བྱ་བ་བཞིན་ནོ། །དེའི་ཕྱིར་ཤེས་

པ་ཉིད་ཚད་མ་ཡིན་ནོ། །གལ་ཏེ་ཤེས་པ་འདི་ཐོབ་པར་བྱེད་པ་ཡིན་ནོ་ཞེས་ཇི་ལྟར་ཤེས་པར་བྱ། རེ་ཞིག་མངོན་སུམ་ལས་ནི་མ་ཡིན་ནོ། །རང་རིག་པའི་མངོན་སུམ་གྱིས་ནི་ཚད་མ་དང་ཚད་མ་མ་ཡིན་པའི་རྣམ་པར་དབྱེ་བ་སྟོན་པར་བྱེད་པ་མ་ཡིན་ཏེ། ཤེས་པ་ཐམས་ཅད་ལ་རང་རིག་པ་ཡོད་པའི་

ཕྱིར་རོ། །དེ་སྐྱེས་པའི་དུས་ཉིད་ན་མི་སླུ་བ་དང་། ཅིག་ཤོས་ཀྱི་ཤེས་པའི་རྣམ་པར་དབྱེ་བ་ཤེས་ནས། འཇུག་ན་འགའ་ཡང་བསླུས་པར་མི་འགྱུར་ལ། ཐེ་ཚོམ་དུ་ཡང་མི་འགྱུར་རོ། །འོན་ཏེ་གནོད་པ་མེད་པའི་མཚན་ཉིད་ཀྱི་ཚད་མར་རང་ཉིད་ལས་རབ་ཏུ་གྲུབ་པ་ཡིན་ན། ཤེས་

Vol. 178 · folio 20b

པ་ལྐོག་ཏུ་གྱུར་པར་སྨྲ་བ་རྣམས་ཀྱི་དོན་གོ་བས་བསྒྲུབ་པ་དེ་ཅི་ལྟར་རང་ལས་འགྲུབ། འོན་ཏེ་དོན་གྱི་གོ་བས་ནི་ཤེས་པ་ཡོད་པར་འགྲུབ་ལ། དོན་གྱི་གོ་བས་ཤེས་པ་དེའི་ཚད་མ་ནི་གཞན་གྱི་ཤེས་པ་མ་ཡིན་གྱི། རང་ཉིད་ལས་ཚད་མ་ཡིན་ནོ། །ཚད་མ་མ་ཡིན་པ་ནི་གནོད་པར་བྱེད་

པའི་ཤེས་པ་ལས་ཡིན་ལ་གནོད་པར་བྱེད་པའི་ཤེས་པ་ཡང་རང་ཉིད་ལས་ཚད་མ་ཡིན་ནོ། །གཞན་ཡང་རྣམ་པར་ཤེས་པ་ནི་རྒྱུ་ལས་སྐྱེ་བ་ཡིན་ལ། དེའི་ཚད་མ་ནི་རང་ཉིད་ལས་ཡིན་ནོ། །གནོད་པར་བྱེད་པའི་མཚན་ཉིད་དེ་ཡང་སེལ་བར་བྱེད་པ་གནོད་བྱེད་ཀྱི་ཤེས་པས་འགོག་པ་ཡིན་

ནོ་ཞེ་ན། འདི་ལ་བརྗོད་པ། གལ་ཏེ་རང་ལས་ཚད་ཡིན་ན། །རང་གི་རྒྱུ་ཡི་དངོས་པོ་ལས། །དེ་ལྟར་སྐྱེས་ཏེ་གནོད་བྱེད་ནི། །གཞན་གྱིས་གཞན་དུ་བྱེད་མ་ཡིན། །ཅི་སྟེ་བདག་ཅེས་རང་བཞིན་ཕྱིར། །རང་ལས་ཚད་མར་བརྗོད་ན་ནི། །གནོད་པར་བྱེད་པ་སྟོང་ཡོད་ཀྱང་། །དེ་གཞན་འགྱུར་

བ་ཡོད་མ་ཡིན། །གལ་ཏེ་སྐྱོན་ཅན་རྒྱུ་ཡོད་པས། །ཚད་མ་མིན་པར་འགྱུར་ཞེ་ན། །ཡོན་ཏན་ལྡན་རྒྱུ་དང་འབྲེལ་ཕྱིར། །ཅི་ཕྱིར་ཚད་མར་འདོད་མ་ཡིན། །གལ་ཏེ་ཉེས་པ་མེད་པའི་ཕྱིར། །དེ་ནི་ཚད་མ་ཡིན་འདོད་ན། །ཡོན་ཏན་མེད་ཕྱིར་ཚད་མིན་པར། །དེ་ནི་ཅི་ཕྱིར་རྟོགས་མ་ཡིན། །

གང་གིས་དེ་ཡི་ཚད་མ་དང་། །ཚད་མིན་གཞན་ལས་ཡིན་འགྱུར་བ། །ཚད་མ་དང་ནི་ཅིག་ཤོས་ལས། །གཞན་པའི་བདག་ནི་རྟོགས་པ་མེད། །གལ་ཏེ་དེ་རྟོགས་བདག་འདོད་ན། །རྟོགས་མེད་གཉིད་ལོག་སོགས་སྐབས་སུ། །དེ་ཡི་རང་རིག་དངོས་པོ་ནི། །ནམ་ཡང་མེད་པར་འགྱུར་

མ་ཡིན། །དེ་ཚེ་ཅུང་ཟད་རིག་མེད་ན། །བདག་ཡོད་ཅེས་ནི་ཅི་ལྟར་འདོད། །རྟོགས་དང་ཅིག་ཤོས་རྣམ་གཞག་ནི། །རིང་བ་བས་ཀྱང་ཆེས་རིང་སོང་། །དེ་ཕྱིར་ཚད་མ་ཤེས་པ་ནི། །སྐྱེ་ཡིན་ཅིག་ཤོས་དེ་བཞིན་ནོ། །དེ་ཉིད་རྒྱུ་ཉིད་ལས་བྱུང་སྟེ། །དེ་ཡི་ཚད་ཉིད་རང་ལས་མིན། །རྣམ་པ་

མཚུངས་པ་སྲིད་པའི་ཕྱིར། །དེ་ཉིད་དུ་ནི་ངེས་མ་ཡིན། །དང་པོ་ཐམས་ཅད་གནོད་མེད་པ། །དེས་ན་ཚད་མ་ཉིད་མ་ཡིན། །ཕྱིས་གནོད་མེད་པར་ཐེ་ཚོམ་ཟ། །དེ་ངེས་དེ་ནི་མངོན་སུམ་མམ། །རྗེས་དཔག་གཞན་པ་ལས་ཡིན་ཏེ། །ཚད་མ་གཞན་ནི་ཡོད་མ་ཡིན། །གལ་ཏེ་མི་སླུའི་

Vol. 178 · folio 21a

ཤེས་པ་དེ། །ཡུལ་གཞན་ལ་ནི་འཇུག་འགྱུར་ན། །དེ་ཡིས་ཅི་ལྟར་སྔར་འདས་ཀྱི། །ཚད་མ་ཉིད་ནི་རྟོགས་པར་བྱེད། །སྒྲུབ་པར་བྱེད་པའི་ཤེས་པ་ཡང་། །ཡུལ་ལ་ཐེ་ཚོམ་ཟ་བའི་ཕྱིར། །ཅི་ལྟར་དེ་སྒྲུབ་བྱེད་ཡིན་ཏེ། །ཚད་མ་རྟོགས་པ་མེད་ཕྱིར་

རོ། །གལ་ཏེ་རྟོགས་པའི་བདག་ཉིད་ཕྱིར། །ཚད་ཡིན་ཐམས་ཅད་ཚད་མར་ཐལ། །གནོད་པ་མེད་པའི་དོན་རྟོགས་པའང་། །དང་པོ་རབ་ཏུ་འགྲུབ་མ་ཡིན། །དེ་དོན་དོན་བྱེད་པ་ཉིད་ནི། །ཤེས་ནས་ཚད་མ་ཉིད་དུ་རིག །ཚད་མ་སྔར་གྲུབ་མེད་པ་གང་། །དེ་ནི་ཅི་ལྟར་དེ་ལས་རིག །

གལ་ཏེ་ཚད་མ་སྔར་གྲུབ་ན། །དེ་ནི་བྱེད་དང་ལྡན་རིག་འགྱུར། །དོན་བྱེད་པ་ལས་ཤེས་དེ་ནི། །ཚད་མ་ཞེས་བྱར་འཛིན་པ་ཡིན། །འོན་ཏེ་གང་ལ་དོན་བྱེད་པ། །དེར་དེ་ཚད་མ་ཡིན་འདོད་ན། །དོན་བྱེད་པ་ལ་སོགས་དེ་ནི། །ཚད་མིན་པས་རྟོགས་ལས་ཀྱང་མཐོང་། །དེ་

ལས་དོན་བྱེད་དེ་མིན་ན། །གཞན་ལས་ཀྱང་ནི་ཅི་ལྟར་འདོད། །དེ་ལས་རེས་འགའ་མི་ཐོབ་ཕྱིར། །དེ་ནི་གཞན་དུའང་མཐོང་བ་ཡིན། །གང་ལས་ཐོབ་པར་ཐེ་ཚོམ་མེད། །གལ་ཏེ་དེ་ནི་ཚད་ཡིན་ན། །འོ་ན་རྣམ་པ་མཚུངས་པའི་ཕྱིར། །གང་ལས་ཐེ་ཚོམ་ལྡོག་པར་འགྱུར། །

གོམས་ལས་རྣམ་པ་མི་མཐུན་པ། །དེ་ནི་ཕྱི་ནས་རྟོགས་འགྱུར་ཏེ། །དེས་ན་ཐོབ་ལ་འཁྲུལ་མེད་ན། །དེ་ནི་ཕན་ཚུན་བརྟེན་པ་ཡིན། །དེ་མཐོང་ཉིད་ན་མཐོང་རྣམས་ལ། །མྱོང་བའི་མཐུ་ལས་བྱུང་བ་ཡི། །དྲན་ལས་ཐ་སྙད་ཡིན་ཞེ་ན། །དེ་ལྟར་རྗེས་དཔག་ལས་ཡིན་ནོ། །རྗེས་དཔག་

དེ་ཡང་མངོན་སུམ་ལས། །མངོན་སུམ་རྗེས་དཔག་ལས་ཡིན་པས། །ཕན་ཚུན་བརྟེན་པ་ཉིད་ཀྱི་ཕྱིར། །གཅིག་ཀྱང་གནས་པ་ཡོད་མ་ཡིན། །རང་དངོས་རང་དམིགས་རྣམ་པ་ནི། །གཅོད་པར་བྱེད་པའི་མངོན་སུམ་གྱིས། །རྩ་ཙམ་འགུགས་པར་བྱེད་པ་ཡང་། །ནུས་པ་ཉིད་

ནི་ཡོད་མ་ཡིན། །དེ་ནི་སྔ་མ་ཕྱི་མ་ཡི། །འབྲེལ་པ་འཛིན་པར་བྱེད་མ་ཡིན། །ཡུལ་དང་དུས་གཞན་ཁྱད་པར་ནི། །འབྲེལ་པ་ལྡན་པ་ཡིན་པར་བརྗོད། །གང་དུ་ཡུལ་དང་དུས་གཞན་དུ། །ཁྱབ་པ་མངོན་སུམ་གྱིས་འཛིན་པར། །ནུས་པ་དེ་ལྟར་ཡིན་ན་ནི། །ཐམས་

Vol. 178 · folio 21b

ཅད་དོན་ཀུན་མཐོང་བར་ཐལ། །ཁྱབ་མིན་ལྷན་ཅིག་འགྱུར་གང་ཡིན། །དེ་ལས་རྗེས་དཔོག་སྐྱེ་མིན་ཏེ། །དེ་ནི་རེས་འགའ་བ་ཡིན་པས། །ཡང་ན་ཀུན་ཏུ་རྗེས་དཔག་འགྱུར། །དེ་ཉིད་འདི་ལྟའི་རྣམ་པ་འདི། །ཡོད་དོ་ཞེས་ནི་མངོན་སུམ་ལས། །རིགས་འགྱུར་དེ་ལས་ཡུལ་ལ་

སོགས། །གཞན་གནས་པ་ནི་འཛིན་མ་ཡིན། །ཡུལ་སོགས་གཟུང་བ་མེད་པར་ནི། །དེ་ཁྱབ་འཛིན་པར་ཇི་ལྟར་འགྱུར། །དེས་མ་བཟུང་བ་རྗེས་དཔོག་ན། །འདི་ནི་ཤིན་ཏུ་གཟུ་ལུམས་ཡིན། །རྗེས་སུ་དཔག་པ་གཞན་འཕེན་པས། །ཐུག་པ་མེད་པ་འཇུག་འགྱུར་ཕྱིར། །

རྣལ་མ་རྟོགས་པ་མེད་འགྱུར་ཏེ། །དེ་དང་དེ་ལ་ལྟོས་ཕྱིར་རོ། །དེ་ཕྱིར་རང་ལས་ཚད་མ་ཉིད། །སྤྱིར་བཏང་བར་ནི་རྣམ་པར་གནས། །གནོད་དང་རྒྱུ་ཉེས་ལྡན་པ་ཡི། །ཤེས་པ་དག་གིས་དེ་དམིགས་སེལ། །ཚད་མ་སླུ་བ་མེད་པའི་ཕྱིར། །གལ་ཏེ་གནོད་བྱེད་མེད་ན་ནི། །དེ་ནི་

ཚད་མ་ཉིད་དུ་རིགས། །གནོད་བྱེད་ལས་ནི་དེ་གཞན་འགྱུར། །འདི་ལ་བརྗོད་པ། གནོད་བྱེད་མེད་པ་ཙམ་གྱིས་ནི། །ཚད་མ་ཉིད་དུ་ངེས་མ་ཡིན། །ཐོབ་པའི་དུས་སུའང་གནོད་པ་གང་། །དེ་མེད་ཅེས་ནི་སྔོན་རོལ་དུ། །ཚད་མ་གང་ལས་ཤེས་པ་ཡིན། །ཐོབ་ཡིན་དོན་བྱེད་གནས་

པ་ཐོབ། །དེ་ཡང་རང་དངོས་རིག་པ་ཡི། །ཤེས་ལས་ཕྱི་ནས་ཤེས་པ་ཡིན། །སྔར་ནི་དེ་ལས་འབྱུང་བ་ཡི། །དངོས་ལ་རྗེས་དཔག་འཇུག་པ་ཡིན། །དེས་ན་ཐུག་མེད་དེ་ཉིད་དུ། །འགྱུར་བས་ཚད་མ་གང་ལས་རྟོགས། །མངོན་སུམ་རྗེས་སུ་དཔག་པ་ལས། །གཞན་པའི་ཚད་མ་

ཡོད་མ་ཡིན། །འདིར་སྨྲས་པ། རང་ལས་རང་གི་ངོ་བོ་རྟོགས། །ཐ་སྙད་ལས་ནི་ཚད་མ་ཉིད། །རང་ལས་ནི་རང་གི་ངོ་བོ་ཉིད་རྟོགས་ཀྱི། གཞན་གྱི་ངོ་བོ་ནི་མ་ཡིན་ནོ། །མངོན་སུམ་ནི་མངོན་དུ་རྟོགས་པའོ། །མངོན་དུ་རྟོགས་པ་ཡང་རང་གི་ངོ་བོ་ལས་ཡིན་གྱི། གཞན་གྱི་ངོ་བོ་ཐོབ་

པའི་དུས་ཀྱི་ཁྱད་པར་ཅན་ནི་མ་ཡིན་ནོ། །ཚད་མ་ཉིད་ཀྱང་ཐོབ་པར་བྱ་བའི་དོན་ལ་མི་འཁྲུལ་པ་ཡིན་ནོ། །ཐོབ་པར་བྱ་བའི་དོན་མ་བཟུང་བར་ནི་དེ་དང་འབྲེལ་པར་འཛིན་པ་མ་ཡིན་ནོ། །དེ་ལྟར་ངེས་པ་མ་ཡིན་ན་ནི། ཚད་མ་མ་ཡིན་པས་ན་ངེས་པ་མ་ཡིན་ནོ། །མདུན་ན་གནས་པའི་

Vol. 178 · folio 22a

རང་བཞིན་དང་འབྲེལ་པ་ནི་ཤེས་པ་ཐམས་ཅད་ལ་ཁྱབ་པར་མེད་པས་དེས་ནི་འབྱུང་བའི་རང་བཞིན་དང་འབྲེལ་པ་འཛིན་པ་མ་ཡིན་ནོ། །འབྱུང་བར་འགྱུར་བའི་དོན་བྱེད་པ། ཤེས་པ་སྔ་མའི་རང་བཞིན་དང་འབྲེལ་པ་འཛིན་པ་ཡང་མ་ཡིན་ནོ། །དེས་ན་རང་

གི་ངོ་བོ་རིག་པའི་བདག་ཉིད་ཡིན་པའི་ཕྱིར། སོ་སོར་འབྲེལ་པ་འཛིན་པ་མ་ཡིན་ནོ། །ཚོགས་པ་ཡང་སྲིད་པ་མ་ཡིན་ཏེ། བསྒྲུབ་པ་དང་དོན་བྱེད་པའི་ཤེས་པ་དག་རིམ་གྱིས་འབྱུང་བའི་ཕྱིར་རོ། །དེའི་འོག་ཏུ་འབྱུང་བའི་དྲན་པ་ཅི་ལྟར་མྱོང་བ་བཞིན་དུ་འཇུག་པ་ནི་འབྲེལ་པ་མེད་པ་

ཉིད་ཀྱིས་གཉིས་རྟོགས་པར་བྱེད་པ་ཡིན་ནོ། །ཅི་ལྟར་མྱོང་བ་སྤངས་བའི་ཕྱིར་ནི་དེ་བསླད་པ་ཉིད་ཡིན་པའི་ཕྱིར། དེ་ལས་འབྲེལ་པ་རྟོགས་པ་མ་ཡིན་ནོ། །དེས་ན་དེ་དང་འབྲེལ་པ་མ་བཟུང་བའི་ཕྱིར་ཕྱིས་ཀྱང་རྗེས་སུ་དཔག་པས་མཐོང་བ་དང་། ཆོས་མཐུན་པ་ལས་ཇི་ལྟར་

རྟོགས། དེས་ན་ཚད་མ་རྟོགས་པའི་ཐབས་མེད་པའི་ཕྱིར་རང་ལས་རང་གི་ངོ་བོ་ཉིད་རྟོགས་ཀྱི། ཚད་མ་ནི་མ་ཡིན་ནོ། །ཅི་སྟེ་ཚད་མ་ནི་རང་གི་ངོ་བོ་ཉིད་ཡིན་ཏེ། དངོས་པོའི་རྐྱེན་གྱིས་བརྗོད་པར་བྱ་བ་ནི་དེ་ལས་ཐ་མི་དད་པའི་ཕྱིར་རོ་ཞེ་ན། དེ་ནི་མི་རིགས་ཏེ། ཐོབ་བྱའི་རང་བཞིན་

དང་འབྲེལ་བའི། །ཤེས་པའི་ངོ་བོ་ཚད་མ་ཡིན། །རང་གི་ངོ་བོ་ཙམ་ཞིག་ནི། །གཟུང་བས་དེ་བཟུང་མིན་པར་བརྗོད། །ཤེས་པའི་རང་བཞིན་ཉིད་ནི་ཚད་མ་མ་ཡིན་ནོ། །དེ་ཉིད་ནི་ཐོབ་པར་བྱ་བའི་རང་བཞིན་དང་འབྲེལ་བས་རྣམ་པར་གནས་པའི་ཕྱིར་རོ། །དེ་ཡང་བཟུང་བ་མ་ཡིན་ནོ་

ཞེས་བསྟན་ཟིན་པ་ཉིད་དོ། །དེས་ན་འཇུག་པ་དང་ལྡོག་པ་མེད་པ་ཅན་རང་གི་རང་བཞིན་རིག་པ་ཙམ་ཉིད་ཡིན་གྱི། ཐ་དད་པར་བརྗོད་པའི་སྐབས་ནི་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་རྟོགས་པ་དང་ལྡན་པ་དག་གིས་འགའ་ཞིག་ཏུ་འཇུག་པར་བྱ་བ་མ་ཡིན་ལ་འགའ་ལས་ལྡོག་པར་བྱ་བ་ཡང་མ་ཡིན་ནོ། །

འོ་ན་ཅི་ལྟར་ཚད་མ་དང་ཚད་མ་མ་ཡིན་པའི་དབྱེ་བ་རྣམ་པར་གཞག་ཅེ་ན། ཐ་སྙད་ལས་ནི་ཚད་མ་ཉིད། །འདི་ནི་ཐ་སྙད་པ་ཡིན་ནོ། །ཞེས་བསྟན་ཏོ། །ཐ་སྙད་ཀྱང་རྣམ་པར་དཔྱད་ན་འཇིག་པ་ཉིད་དོ། །དེ་ལས་གལ་ཏེ་འདི་ཙམ་གྱིས་ཡོངས་སུ་ཚིམ་ན་དེའི་ཚེ་བྱ་བ་ཅུང་ཟད་ཀྱང་མེད་པའི་ཕྱིར་འཁོར་བ་ལས་

Vol. 178 · folio 22b

ཐར་པ་ཉིད་དེ། དེ་ནི་རྟེན་མེད་པའི་ཕྱིར་རོ། །འོན་ཏེ་ཐ་སྙད་དུ་འཁོར་བ་གྲུབ་ན། དེ་ལྟ་ཡིན་ན་ཚད་མ་དང་ཅིག་ཤོས་ཀྱི་རྣམ་པར་དབྱེ་བ་ཡང་ཡོད་པའི་ཕྱིར་ཚད་མ་ཉིད་བསྒྲུབ་པའི་ཕྱིར་འབད་པ་མི་བྱའོ། །གཞན་ཡང་ཐ་སྙད་པའི་ཚད་མ་རྟོགས་པར་བྱེད་པས་དོན་དམ་པར་ནི་རང་

གི་རིག་པའི་མངོན་སུམ་གཅིག་ཉིད་དོ་ཞེས་བརྗོད་པར་འགྱུར་རོ། །འདི་ལྟར་གལ་ཏེ་ཚད་མ་ཉིད། །མངོན་སུམ་དང་ནི་རྗེས་དཔག་ལས། །ཐེ་ཚོམ་མེད་པར་གྲུབ་འདོད་ན། །ཐ་སྙད་ཚིག་ནི་དོན་མེད་འགྱུར། །གལ་ཏེ་མངོན་སུམ་དང་རྗེས་སུ་དཔག་པ་ལས་གསལ་བར་ཚད་མ་ཉིད་

དུ་གྲུབ་ན། ཐ་སྙད་ལས་ནི་ཞེས་ཅིའི་ཕྱིར་བརྗོད། །དེའི་ཕྱིར་ཐ་སྙད་ཙམ་དུ་རབ་ཏུ་གྲུབ་པའི་རྗེས་སུ་དཔག་པ་ལ་བརྟེན་ནས། གྲུབ་པའི་འབྲེལ་པ་ལ་བརྟེན་ནས་དོན་བྱེད་པ་སྒྲུབ་པ་དེ་ནི་འདི་ཡིན་ནོ་ཞེས་མཐོང་བས། རེག་པ་ལ་སོགས་པའི་སྒྲུབ་པ་རྟོགས་པ་ལས་འཇུག་པ་ཡིན་ལ།

ཕྱིས་ནི་གོམས་པ་ལས་རྗེས་སུ་དཔག་པ་མེད་ཀྱང་སྣང་བ་ཙམ་ལས་འཇུག་པའི་ཕྱིར་མངོན་སུམ་ཡང་འཇུག་པར་བྱེད་པ་ཡིན་པས། ཚད་མ་ཉིད་དུ་བརྗོད་དོ། །དེས་ན་ཐ་སྙད་ལས་ནི་ཚད་མ་ཉིད། །ཅེས་བརྗོད་པ་ཡིན་ནོ། །གལ་ཏེ་མཐོང་བས་ནི་གཟུགས་ཉིད་དམིགས་པ་ཡིན་གྱི། རེག་

པ་ནི་མ་ཡིན་ནོ། །དེ་བཞིན་དུ་ད་ལྟར་བ་ཉིད་ཡིན་གྱི་འབྱུང་བར་འགྱུར་བའི་ཐོབ་པར་བྱ་བ་ནི་མ་ཡིན་ནོ། །དེ་བཞིན་དུ་རང་གིས་བལྟ་བར་བྱ་བ་ཉིད་ཡིན་གྱི་གཞན་གྱིས་བལྟ་བར་བྱ་བ་ཡིན་པ་དེ་ནི་མ་ཡིན་པ་མ་ཡིན་ནམ། དེ་ཅི་ལྟར་གཞན་མཐོང་བ་ན་གཞན་ཐོབ་པས་ཚད་མ་ཉིད་ཡིན་ཞེ་ན།

འདི་ལ་རང་ལས་རང་གི་ངོ་བོ་ཞེས་བཤད་ཟིན་ཏོ། །གཞན་ཡང་། ཐ་སྙད་དུ་ནི་གཅིག་པའི་ཕྱིར། །ཚད་མ་ཉིད་ནི་རྣམ་པར་གནས། །ཡུལ་སོགས་ཐ་དད་མེད་པའི་ཕྱིར། །རྫས་གཅིག་ཉིད་དུ་ཐ་སྙད་འདོགས། །འདི་ནི་ཐ་སྙད་ལས་ནི་ཚད་མ་ཉིད། །ཅེས་བཤད་ཟིན་པ་ཉིད་

དོ། །དེས་ན་ཐ་སྙད་གྲུབ་པའི་ཡན་ལག་ཙམ་གཅིག་ལ་བརྟེན་ནས་མཐོང་བ་གང་ཡིན་པ་དེ་ཉིད་ཐོབ་བོ་སྙམ་དུ་ཞེན་པའི་ཕྱིར། ཚད་མ་ཉིད་ཀྱི་ཐ་སྙད་ཡིན་ནོ། །གཅིག་ཏུ་ཞེན་པ་དེ་ཡང་ཡུལ་དང་དུས་ལ་སོགས་པ་ཐ་མི་དད་པའི་ཕྱིར་རོ། །དེ་ཐ་མི་དད་པ་ཡང་དེར་ནུས་པའི་

Vol. 178 · folio 23a

སྐྱེད་པར་བྱ་བའི་ཚོགས་པ་ལས་སོ། །དེ་བཞིན་དུ་འབྱུང་བ་དང་འབྱུང་བར་འགྱུར་བ་དེ་དག་ཀྱང་གཅིག་གི་རྒྱུད་དུ་རྟོགས་པ་ཉིད་ཀྱི་དོན་བྱེད་པ་མཚུངས་པ་ཡིན་ལ་དེ་ལས་ཀྱང་གཅིག་ཏུ་མངོན་པར་རློམ་པ་ཡིན་ནོ། །གལ་ཏེ་དོན་བྱེད་པ་ཐོབ་པར་བྱེད་པ་

ཉིད་ཀྱིས་ཚད་མ་ཡིན་ན། ཅི་ཚད་མ་དོན་བྱེད་པའི་ཤེས་པར་བྱེད་པ་ཡིན་ནམ། འོན་ཏེ་བྱེད་པ་པོ་ཡིན། རེ་ཞིག་བྱེད་པ་པོ་ཉིད་ཀྱིས་ནི་ཚད་མ་མ་ཡིན་ཏེ། དེའི་ཚེ་ནི་རྒྱུ་ཉིད་དུ་འགྱུར་བའི་ཕྱིར་རོ། །འོན་ཏེ་ཤེས་པར་བྱེད་པ་ཉིད་ཀྱིས་ཚད་མ་ཉིད་དུ་འདོད་ན་དེ་ཡང་མི་འཐད་དེ།

དོན་བྱ་བ་ལ་ཐེ་ཚོམ་ནི། །ཡོད་ཕྱིར་དེ་ནི་ཤེས་བྱེད་མིན། །དོན་བྱར་རེས་འགའ་བ་ཡིན་ཕྱིར། །དེ་ཡི་ཤེས་བྱེད་ག་ལས་ཡིན། །སྒྲུབ་པར་བྱེད་པའི་ཤེས་པ་མེད་ཀྱང་དོན་བྱེད་པ་དམིགས་ཏེ། དེས་ན་དེའི་ཇི་ལྟར་དོན་བྱེད་པའི་རྒྱུ་ཡིན། དེ་མེད་ཀྱང་མི་འབྱུང་བས་ན་དེ་ནི་འབྲས་བུའི་རྒྱུ་

མ་ཡིན་ནོ། །ཤེས་པར་བྱེད་པ་ཡང་མ་ཡིན་ཏེ། །དོན་མཐོང་བ་ལ་ཡང་རེས་འགའ་དོན་བྱེད་པ་མེད་པའི་ཕྱིར་རོ། །ཤེས་པ་དེ་ནི་ཚད་མ་མ་ཡིན་པ་ཡང་མ་ཡིན་ཏེ། དོན་གྱིས་མི་སྟོང་བའི་ཕྱིར་རོ། །དེས་ན་བྱེད་པ་པོ་ཉིད་དང་ཤེས་པར་བྱེད་པ་ཉིད་མེད་པས་ཅི་ལྟར་ཚད་མ་དོན་གྱིས་ཐོབ་པར་བྱེད་

པ་ཡིན་ཞེ་ན། འདི་ལ་སྨྲས་པ། འབྲས་ལ་ཐེ་ཚོམ་ཡོད་ཅེས་ཏེ། །དེ་ཙམ་གྱིས་དེ་ཚད་མིན་ཡིན། །འདི་ཉིད་ངེས་ཕྱིར་དེ་ཙམ་གྱིས། །དེ་ནི་ཇི་ལྟར་ཚད་མ་མིན། །ཐབས་ལས་བྱུང་བ་ལ་ཐེ་ཚོམ་ཟ་བ་ནི་སྤོང་བར་འདོད་པ་མ་ཡིན་ཏེ། ཐམས་ཅད་དུ་ཐབས་ངེས་པ་ཙམ་གྱིས་འཇུག་པའི་

ཕྱིར་རོ། །དེས་ན་ཐབས་ངེས་ན་ཞིང་པ་ལ་སོགས་པ་བཞིན་ཚད་མ་ཅན་འཇུག་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། སྐྱེས་བུ་འཇུག་དང་ལྡོག་བྱེད་ཀུན། །ཐབས་བྱུང་དོན་དུ་གཉེར་བས་ཡིན། །གལ་ཏེ་དེ་ལ་ཐེ་ཚོམ་ནི། །ཟ་ན་ཅི་ལྟར་ཚད་མ་ཉིད། །གལ་ཏེ་གང་གི་དོན་དུ་

ཚད་མ་འདོད་པའི་ཐབས་ལས་བྱུང་བ་དེ་ལ་ཐེ་ཚོམ་ཟ་བའི་ཕྱིར་ཚད་མ་ཡིན་ནོ་ཞེས་བྱ་བའི་ཚིག་གི་ཚུལ་འདི་ཅི་ཡིན། གལ་ཏེ་ཚད་མས་ནི་དོན་ཤེས་པར་བྱ་བ་ཡིན་གྱི། དོན་བྱེད་པར་བྱ་བ་ནི་མ་ཡིན་ནོ། །དོན་བྱེད་པ་ནི་ཚོགས་པའི་ཁྱད་པར་འགའ་ཞིག་ལས་ཕྱིས་འབྱུང་བའི་ཕྱིར་ཅི་

Vol. 178 · folio 23b

ལྟར་ཤེས་པར་ནུས་པ་ཡིན་ཞེ་ན། དེ་ཡང་མ་ཡིན་ཏེ། གང་གི་དོན་དུ་འདི་རྩོམ་པ། །གལ་ཏེ་དེ་མ་གྲུབ་ཅེ་ན། །བསྒྲུབ་དང་འབྲེལ་པ་མ་གྲུབ་པས། །ཅི་ལྟར་སྒྲུབ་པར་བྱེད་པར་བརྗོད། །ཚད་མ་འདི་ལས་མངོན་པར་འདོད་པས་དོན་སྒྲུབ་པར་འགྱུར་རོ་ཞེས་རྟོགས་པ་དང་ལྡན་པས་ཚད་

མ་ཚོལ་བར་རྩོམ་པ་ཡིན་གྱི། གཞན་དུ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་ནི་ཞེ་ན་པ་ཉིད་དུ་འགྱུར་རོ། །གལ་ཏེ་གསལ་བར་བྱས་པའི་དོན། །དོན་བྱེད་པ་མ་ཡིན་ན། དེ་རབ་རིབ་ཅན་གྱིས་དམིགས་པའི་སྐྲ་ཤད་ལ་སོགས་པ་དོན་མེད་པ་ལས་ཁྱད་པར་ཡོད་པ་ག་ལ་འགྱུར། འོན་

ཏེ་དེ་ལ་རེས་འགའ་དོན་བྱེད་པར་འགྱུར་ལ། སྐྲ་ཤད་ལ་སོགས་པ་ནི་མ་ཡིན་ན། དེ་ལྟ་ན་འོ་ན་ནི་ཇི་ལྟར་དེ་དོན་དུ་གཉེར་བ་འཇུག་པར་འགྱུར། ཐེ་ཚོམ་ལས་འཇུག་པ་ནི་ཚད་མ་ལས་ཞུགས་པར་འགྱུར་བ་མ་ཡིན་ནོ། །ཚད་མ་ནི་ངེས་པར་བྱེད་པ་ཡིན་གྱི། ཐེ་ཚོམ་བྱེད་པ་ནི་མ་ཡིན་ནོ། །

གལ་ཏེ་དོན་བྱ་བ་བྱེད་པ་ངེས་སོ་ཞེ་ན། དོན་བྱ་བ་མ་ངེས་ན་ཇི་ལྟར་དེར་ངེས། འོན་ཏེ་ཚད་མ་དེས་དོན་སྒྲུབ་པའི་དངོས་པོ་བསྟན་པ་ཡིན་ནོ། །དོན་བྱ་བ་ནི་གལ་ཏེ་མ་ཚང་བ་འགའ་ཞིག་ལས་མ་ཡིན་མོད། འདི་ནི་ཚད་མའི་ཉེས་པ་མ་ཡིན་ནོ་ཞེ་ན། དེ་ནི་མི་འཐད་དེ། གལ་ཏེ་ཤེས་བྱེད་མ་

ཡིན་པ། །ཚད་མའི་ཉེས་པ་མི་བརྗོད་ན། །དེ་ལ་སྐྱོན་གཞན་མེད་པའི་ཕྱིར། །ཐམས་ཅད་ཚད་མ་མ་ཡིན་པར་འགྱུར། གང་གིས་འཇལ་བར་བྱེད་ཅིང་འདོད་པའི་དོན་ཡོངས་སུ་གཅོད་པ་དེ་ཚད་མ་ཡིན་ནོ། །ཤེས་པར་བྱེད་པ་མ་ཡིན་པ་ལ་ནི་ཡོངས་སུ་གཅོད་པའི་ནུས་པ་མེད་པའི་ཕྱིར་ཚད་མ་མ་

ཡིན་ནོ། །དེའི་ཕྱིར་གཞན་དུ་བསྟན་པར་བྱ་སྟེ། དེ་བདག་དེ་ལས་འབྱུང་བ་ཡི། །མཐུ་ཡིས་ངེས་པའི་དོན་བྱ་བའི། །རང་བཞིན་རྟོགས་པར་བྱེད་པའི་ཕྱིར། །ཤེས་པ་ཚད་མ་ཉིད་ཡིན་ནོ། །དོན་བྱེད་པའི་ཤེས་པ་གང་ཡིན་པ་དེ་ནི་དོན་བྱེད་པའི་བདག་ཉིད་ཡིན་པའི་ཕྱིར་དོན་བྱེད་པ་རྟོགས་པར་བྱེད་

དེ། དེའི་དོན་བྱེད་པ་ལ་ནི་དེ་ཉིད་སྒྲུབ་པར་བྱེད་པའི་ཤེས་པ་ཡིན་ནོ། །སྔར་གྱི་སྒྲུབ་པར་བྱེད་པའི་ཤེས་པ་ནི་གལ་ཏེ་དོན་དེ་བརྟན་པ་ཉིད་དུ་རྟོགས་པ་དེའི་ཚེ་ཡིན་ནོ། །སྔ་མའི་རང་བཞིན་ནི་འབྱུང་བར་འགྱུར་བ་ཐོབ་པའི་དུས་སུ་གདོན་མི་ཟ་བར་ཤེས་པར་བྱེད་པའི་ཕྱིར་དེ་ཐོབ་པ་ཡིན་ནོ། །དེས་ན་དངོས་

Vol. 178 · folio 24a

སུ་ན་ཕྱི་མའི་རང་བཞིན་ནི་སྔ་མའི་རང་གི་ངོ་བོ་ཉིད་ཡིན་པ་དེས་ན་དེར་ཡང་དེའི་བདག་ཉིད་ཁོ་ནའོ། །ཡང་ན་གདོན་མི་ཟ་བར་འབྱུང་བའི་འབྲས་བུ་དེ་རྒྱུ་ཉིད་ཡིན་ཏེ། དེས་རྒྱུ་ལ་ཁྱབ་པའི་ཕྱིར་རོ། །ཐ་དད་པའི་ཁྱབ་པར་བྱེད་པ་གང་ཡིན་པ་དེ་ནི་རྒྱུ་ཉིད་ཡིན་ཏེ། དེ་

མེད་པར་དེ་མི་འབྱུང་བའི་ཕྱིར་རོ། །མ་སྐྱེས་པ་ཅི་ལྟར་རྒྱུ་ཡིན་ཞེ་ན། སྐྱེས་པ་ཡང་ཇི་ལྟར་ཡིན་ཞེས་ཉེས་པ་མཚུངས་སོ། །གལ་ཏེ་འདི་ཡོད་ན་འདི་འབྱུང་ངོ་། །འདི་སྐྱེས་པའི་ཕྱིར་འདིར་སྐྱེའོ། །འདི་ནི་འདིར་བྱེད་པ་ཡིན་ནོ། །འདི་ནི་འདིས་བྱེད་དོ་ཞེས་འཇིག་རྟེན་པ་རྒྱུ་དང་འབྲས་བུའི་

དངོས་པོ་རྟོགས་པ་མ་ཡིན་ནམ། འབྱུང་བ་ནི་ཡོད་པ་མ་ཡིན། སྐྱེས་པ་ཡང་མ་ཡིན་བྱེད་པ་ཡང་མ་ཡིན། དེས་བྱེད་པ་ཡང་མ་ཡིན་ཏེ། དེའི་ཚེ་མེད་པའི་ཕྱིར་རོ་ཞེ་ན། འདིར་སྨྲས་པ། ཡོད་དང་སྐྱེས་གཉིས་དངོས་པོ་ཡི། །རང་གི་ངོ་བོ་ལས་གཞན་མིན། །འདི་ཡོད་ན་ཞེས་བྱ་འདི་

ལས། །དོན་གཞན་སྲིད་པ་ཡོད་མ་ཡིན། །སྐྱེས་པ་དང་ཡོད་པ་ནི་རང་གི་ངོ་བོ་ཉིད་ལས་གཞན་མ་ཡིན་ནོ། །གལ་ཏེ་རྒྱུ་ཡི་དེ་མ་ཐག །ཡོད་པ་སྐྱེས་པ་ཡིན་ཞེ་ན། །ཅི་དེ་མ་ཐག་ཏུ་བྱུང་བའི་ཡོད་པ་ཉིད་ཁོ་ན་སྐྱེས་པ་ཡིན་ནམ། དེ་ལྟ་ཡིན་ནོ་ཞེ་ན། ཡུན་རིང་དུ་གཉིད་ལོག་པ་ལས་

སད་པའི་རྣམ་པར་རྟོག་པ་གང་ཡིན་པ་དེ་དག་སྔོན་གོམས་པ་ལས་སྐྱེས་པར་མི་འགྱུར་ཏེ། དེ་མ་ཐག་ཏུ་བྱུང་བ་ཉིད་མེད་པའི་ཕྱིར་རོ། །ལུས་ལ་སོགས་པ་ལ་ཡང་རྒྱུ་མ་ཡིན་ནོ་ཞེས་བསྟན་པར་བྱའོ། །བྱེད་པ་ནི་རང་གི་ངོ་བོ་ལས་གཞན་མ་ཡིན་ནོ། །དེས་ན་རང་གི་ངོ་བོ་ལས་རང་གི་ངོ་

བོ་ཉིད་དོ་ཞེས་བྱ་བར་འགྱུར་རོ། །འབྲས་བུའི་དུས་སུ་ནི་སྔར་གྱི་རྒྱུའི་རང་གི་ངོ་བོ་ཉིད་ཡོད་པ་མ་ཡིན་ནོ། །མེད་ན་མི་འབྱུང་བ་ཙམ་ནི་འབྲས་བུ་གདོན་མི་ཟ་བར་འགྱུར་བའི་རྒྱུའི་འབྱུང་བར་འགྱུར་བ་ལ་ཡང་ཡོད་པ་ཡིན་ནོ། །དེས་ན་འབྱུང་བ་ཡང་རྒྱུ་ཡིན་ནོ། །འོན་ཏེ་མཐོང་བ་གང་ཡིན་པ་དེ་ཁྱབ་

པར་བྱེད་པ་ཡིན་ན་རྒྱུ་ཡིན་ནོ། །དེ་ལྟ་ན་ཡང་སྔར་བྱུང་བ་གང་ཡིན་པ་དེ་ཉིད་རྒྱུ་ཡིན་གྱི། འབྱུང་བ་ནི་མ་ཡིན་ནོ་ཞེ་ན་མ་ཡིན་ཏེ། མཐོང་བ་རང་གི་ངོ་བོ་ཡིས། །ཁྱབ་བྱེད་ཉིད་དུ་རྟོགས་མ་ཡིན། །སྒྲོ་བཏགས་པ་ཡི་རང་བཞིན་གྱི། །འབྱུང་བ་ཡང་ནི་དེ་ཡིན་ནོ། །མཐོང་བ་ནི་དེ་ཙམ་གྱིས་

Vol. 178 · folio 24b

ཁྱབ་པར་བྱེད་པ་མ་ཡིན་ཏེ། དེའི་ཚེ་ཁྱབ་པར་བྱ་བ་མ་རྟོགས་པའི་ཕྱིར་རོ། །གང་གི་ཚེ་ཁྱབ་བྱ་རྟོགས་པ་དེའི་ཚེ་ནི་དེ་བྱུང་བ་དང་འབྱུང་བའི་རང་བཞིན་གྱིས་ཁྱབ་པར་བྱེད་པ་ཡིན་ཏེ། གཞན་དུ་འབྱུང་བའི་རང་བཞིན་མ་བཟུང་ན་ཁྱབ་པ་ཉིད་དུ་མི་འགྱུར་རོ། །འོན་ཏེ་རང་བཞིན་གང་

གིས་དེ་སྔོན་དུ་བྱུང་བ་ཉིད་དུ་མཐོང་བ་དེའི་རང་བཞིན་དེ་ཉིད་ཀྱིས་ཁྱབ་བྱེད་ཉིད་དུ་རྟོགས་པར་བྱེད་ཀྱི། འབྱུང་བའི་རང་བཞིན་གྱིས་ནི་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། འབྱུང་བའི་རང་བཞིན་མ་རྟོགས་ན། །ཁྱབ་བྱེད་ཉིད་དུ་རྟོགས་མ་ཡིན། །ཉི་ཚེ་བ་ནི་ཁྱབ་མིན་ཏེ། །དེ་ལྟ་ན་དེ་ཁྱབ་

མེད་འགྱུར། །བྱུང་བ་དང་འབྱུང་བར་འགྱུར་བའི་དུས་ཁྱབ་པ་ཉིད་དུ་རྟོགས་པ་རྒྱུ་ཡིན་གྱི། གཞན་དུ་ནི་མ་ཡིན་ནོ། །ཁྱབ་པ་དེ་ནི་སྔར་མཐོང་བ་དང་། མཐོང་བར་འགྱུར་བ་ལ་ཡང་མཚུངས་པ་ཡིན་ནོ། །མཐོང་བར་འགྱུར་བ་ཅི་ལྟར་རྒྱུ་ཡིན་ཞེ་ན། དེའི་ཚེ་མེད་པའི་ཕྱིར་མཐོང་བ་ཡང་ཅི་

ལྟར་ཡིན་ཞེས་དྲི་བའི་སྐབས་མེད་དམ། ཡོད་པའི་ཕྱིར་རོ་ཞེ་ན། མཐོང་བར་འགྱུར་བ་ལ་ཡང་དེ་ཉིད་དོ། །དེའི་ཚེ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་གཉི་གར་ཡང་མཚུངས་སོ། །སྔ་མ་ཉིད་དོ་ཞེ་ན། སྔ་མ་དང་ཕྱི་མ་དག་གི་རང་གི་ངོ་བོ་ལ་ཁྱད་པར་ཅི་ཞིག་ཡོད་དོ། །དེ་གཉི་ག་ཡང་སྒྲོ་བཏགས་

པའི་རྣམ་པར་འཛིན་པ་ཡིན་གྱི། གཞན་གྱིས་ནི་མ་ཡིན་པས་ཁྱད་པར་མེད་དོ། །འོན་ཏེ་གཅིག་ནི་སྔོན་གྱི་རང་བཞིན་དུ་མཐོང་བར་སྒྲོ་བཏགས་པ་ཡིན་ལ་གཞན་ནི་མཐོང་བར་འགྱུར་བའི་རང་བཞིན་དང་ཕྱི་མའི་རང་བཞིན་དུ་ཡིན་ནོ། །དེས་ན་གཉི་ག་ལ་ཡང་རྒྱུ་ཉིད་ཡོད་པ་མ་

ཡིན་ནོ་ཞེ་ན། ཕན་ཚུན་མེད་ན་མི་འབྱུང་བར། །དེ་དག་གཉི་ག་མཚུངས་མ་ཡིན། །ནང་གི་རྣམ་པར་དབྱེ་བ་ནི། །ངེད་ལ་འགར་ཡང་དགོས་པ་མེད། །གང་མེད་ན་གང་མི་འབྱུང་བ་དེ་ནི་ཐ་དད་པ་ཡིན་ནོ། །དེའི་རྒྱུ་ཡིན་ནོ། །དེ་ལྟ་ཡིན་དང་། རྒྱུ་སྔ་མ་མེད་ན་འབྲས་བུ་ཕྱི་མ་མི་འབྱུང་བ་དེ་

བཞིན་དུ་འབྲས་བུ་གདོན་མི་ཟ་བར་འབྱུང་བའི་རྒྱུ་འབྲས་བུ་ཕྱི་མ་མེད་ན་མི་འབྱུང་བའི་ཕྱིར་རྒྱུ་དང་འབྲས་བུའི་རྒྱུ་མཚན་མཚུངས་པས་ན་གཉི་ག་ཡང་ཕན་ཚུན་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་ནོ། །ཁྱབ་པ་དང་ནི་ཐ་དད་ཉིད། །རྒྱུ་མཚན་མཚུངས་ཕྱིར་གཉི་ག་ཡང་། །རྒྱུ་འབྲས་ཉིད་ཡིན་ཕ་རོལ་

Vol. 178 · folio 25a

གྱི། །འཇིག་རྟེན་དཔོག་པའང་འདི་ལས་ཡིན། །ཁྱབ་པ་ཉིད་དང་ཐ་དད་པ་མ་གཏོགས་པར་རྒྱུ་མཚན་གཞན་ནི་འགྲོ་བ་འདིར་མ་དམིགས་སོ། །དེས་ན་གང་རྒྱུ་དང་འབྲས་བུ་གདོན་མི་ཟ་བར་འགྱུར་བའི་རྒྱུ་གཉི་ག་ཡང་ཕན་ཚུན་རྒྱུ་དང་འབྲས་བུའི་དངོས་

པོ་ཡིན་ནོ་ཞེས་རིགས་པར་མཐོང་ངོ་། །དེ་ཕྱིར་ཤེས་དེ་དོན་སྐྱེད་པ། །རྒྱུའམ་ཡང་ན་རང་བཞིན་ནམ། །འབྲས་བུའང་རུང་སྟེ་ཐམས་ཅད་དུ། །དེ་ཡིས་དོན་བྱེད་འབྱུང་བར་ཤེས། །གལ་ཏེ་སྒྲུབ་པའི་ཤེས་པ་དེ་དོན་བྱེད་པའི་རྒྱུའམ། གལ་ཏེ་རང་བཞིན་ནམ། གལ་ཏེ་འབྲས་བུ་

ཡང་རུང་སྟེ། ཐམས་ཅད་དུ་འབྲེལ་པ་སྲིད་པའི་ཕྱིར་དེས་ཤེས་པ་ཡིན་ནོ། །ཁྱབ་པ་ནི་དེའི་བདག་ཉིད་དང་། རྒྱུ་དང་འབྲས་བུའི་དངོས་པོ་འདི་ཡང་ཐ་སྙད་དུ་གྲུབ་པ་ཡིན་པའི་ཕྱིར་ཐ་སྙད་ལས་ཚད་མ་ཉིད་དུ་ཤེས་པ་ཡིན་ནོ། །གལ་ཏེ་ཅི་སྲིད་འབྲེལ་པ་སྒྲུབ་པའི་མངོན་སུམ་མེད་

པ་དེ་སྲིད་རྗེས་སུ་དཔག་པ་མ་ཡིན་ཏེ། མངོན་སུམ་གྱིས་འབྲེལ་པ་བཟུང་ན་རྗེས་སུ་དཔག་པའི་ཚད་མའི་སྒྲུབ་པར་བྱེད་པ་ཡིན་ནོ། །མངོན་སུམ་འབྲེལ་པ་འཛིན་པར་ནུས་པ་ཚད་མ་མ་ཡིན་ན་ཡིན་པའི་ཕྱིར་ཕན་ཚུན་བརྟེན་པའི་སྐྱོན་མ་ཡིན་ནམ། འོན་ཏེ་རྗེས་སུ་དཔག་པས་ནི་ཚད་མར་

བསྒྲུབ་པ་ནི་མ་ཡིན་གྱི། འོན་ཀྱང་དོན་བྱེད་པ་མྱོང་བ་ལས་ཡིན་ལ། དེ་ཡང་རང་རིག་པའི་མངོན་སུམ་གྱིས་གྲུབ་པ་ཡིན་ནོ། །དེ་ལ་དོན་བྱེད་པའི་ཤེས་པ་ནི་མངོན་སུམ་ཡིན་པས་སྔ་མའི་ཚད་མ་ཉིད་འཛིན་པ་མ་ཡིན་ལ་འབྲས་བུའི་རྟགས་སུ་འགྱུར་བ་མ་ཡིན་པས་རྗེས་སུ་དཔག་པ་ཡང་

མ་ཡིན་ཏེ། མངོན་སུམ་གྱིས་ཚད་མ་འཛིན་པ་མ་ཡིན་པའི་ཕྱིར་དང་། གསལ་བ་དེ་འདས་པའི་ཕྱིར་རོ། །གསལ་བ་མེད་པར་སྤྱི་ཚད་མ་ཉིད་དུ་རྟོགས་པར་ནི་མི་ནུས་ཏེ། སྤྱི་མེད་པའི་ཕྱིར་རོ། །དེས་ན་ཚད་མར་ཐེ་ཚོམ་ཟ་བ་ཙམ་ཡིན་ནོ། །དེ་ཡང་དོན་བྱེད་པ་དང་འབྲེལ་བར་ཐེ་ཚོམ་ཟ་

བ་ཡིན་པས་དེ་ལ་དོན་བྱེད་པར་སྣང་བས་ཐེ་ཚོམ་བཟློག་པ་ཉིད་དོ་ཞེ་ན། དེ་ལྟ་མ་ཡིན་ཏེ། འདི་ལྟར། ཐེ་ཚོམ་ཙམ་ཞིག་བཟློག་པས་ནི། །འགའ་ཡང་འཇུག་པར་འགྱུར་བ་མིན། །དོན་དུ་གཉེར་བའི་འཇུག་པ་ནི། །ངེས་པའམ་མངོན་སུམ་ལས་མཐོང་ངོ་། །གལ་ཏེ་དོན་བྱར་སྣང་དེ་

Vol. 178 · folio 25b

ཉིད། །མངོན་སུམ་ཡིན་ཞེས་འདོད་ན་ནི། །ཚད་མ་མངོན་སུམ་ཉིད་ལས་ནི། །རྟོགས་པ་ཞེས་བྱར་འདོད་པ་ཡིན། །མངོན་སུམ་མམ་ནི་རྗེས་དཔག་ལས། །ཐེ་ཚོམ་ཟ་བ་ལྡོག་པ་ཡིན། །འགལ་བའི་རང་བཞིན་དམིགས་པ་ལས། །བཟློག་པ་གཞན་ནི་ཡོད་མ་ཡིན། །གལ་

ཏེ་དེ་ནི་མངོན་སུམ་གྱི། །དངོས་ཡིན་དེ་ཚེ་ཐེ་ཚོམ་ནི། །ལྡོག་བྱེད་དེ་མེད་དེ་ཚེ་ཉིད། །ཅི་ལྟར་གཞན་གྱི་ཚེ་ན་མིན། །འདིར་ནི་ཐེ་ཚོམ་དེ་བཟློག་པས། །དགོས་པ་ཡོད་པའང་མ་ཡིན་ཏེ། །དེ་ནི་འཇུག་པའི་ཕྱིར་འདོད་ན། །འཇུག་པ་དེ་ཡང་གྲུབ་པ་ཡིན། །ཤེས་པ་ཀུན་གྱི་དོན་དང་

ནི། །འབྲེལ་པའང་མངོན་སུམ་བློས་རྟོགས་མིན། །རྗེས་སུ་དཔག་པ་སྤྱི་ཡིས་ནི། །འབྲེལ་པ་ངེས་པར་བྱེད་པ་ཡིན། །ཚད་མ་གཞན་ཡང་མེད་པའི་ཕྱིར། །ཐེ་ཚོམ་ཆད་པར་ག་ལ་འགྱུར། །དེས་ན་ཐ་སྙད་ལས་ནི་ཚད་མ་ཉིད། །ཅེས་བཤད་དོ། །གལ་ཏེ་ཐ་སྙད་ལས་ཚད་མ་མ་

ཡིན་ན། འོ་ན་ཚད་མའི་མཚན་ཉིད་ཀྱི་བསྟན་བཅོས་ལ་དོན་ཅི་ཡོད། བསྟན་བཅོས་བསྟན་ཀྱང་ཚིག་ཙམ་ལས་ནི་དེ་ལྟར་མི་འགྱུར་གྱི། འོན་ཀྱང་ཐ་སྙད་ཀྱི་མི་སླུ་བ་ཉིད་ལས་ཡིན་ནོ། །དེ་ཡོད་ན་ནི་བསྟན་བཅོས་དོན་མེད་དོ་ཞེ་ན། བཤད་པ། བསྟན་བཅོས་རྨོངས་པ་ཟློག་བྱེད་ཡིན། །གལ་

ཏེ་ཐ་སྙད་ལས་ཚད་མའི་རང་བཞིན་རྟོགས་པ་ཡིན་ན། ཅིའི་ཕྱིར་མཚན་ཉིད་ཀྱི་བསྟན་བཅོས་དག་ཕན་ཚུན་འགལ་བར་འགྱུར། དེས་ན་ཐ་སྙད་པ་དག་ནི་ཐ་སྙད་ལ་ཡང་ལོག་པར་རྟོགས་པ་ཁོ་ནའོ། །འདི་ལྟར། ཐ་སྙད་ལས་ནི་ཐམས་ཅད་ཀྱི། །ཚད་མ་རྟོགས་པར་འགྱུར་མ་ཡིན། །

དེས་ན་ཚད་མའི་མཚན་ཉིད་ནི། །ཕན་ཚུན་དུ་ནི་འགལ་བར་ལྡན། །མངོན་སུམ་ལ་སོགས་ཚད་མ་ཡིས། །འཇིག་རྟེན་ཕ་རོལ་རྟོགས་མ་ཡིན། །ལུང་ལས་ཡིན་ཞེས་གཞན་འཛེར་བ། །དེས་ན་ཐ་སྙད་ལས་མ་ཡིན། །དེའི་ཕྱིར། ཐ་སྙད་ངེས་པ་རྟོགས་པའི་ཕྱིར། །བསྟན་བཅོས་རྨོངས་པ་ཟློག་བྱེད་ཡིན། །

སྔ་མ་ཕྱི་མ་མི་དྲན་པ། །བསྟན་བཅོས་འདི་ཡིས་ཟློག་པར་བྱེད། །དེ་ཉིད་ཀྱིས་ཐམས་ཅད་མཁྱེན་པས་གསུངས་པའི་བསྟན་བཅོས་ཀྱི་རྨོངས་པ་ཟློག་པར་བྱེད་ཀྱི། གཞན་གྱིས་ནི་མ་ཡིན་ནོ་ཞེས། རྣམ་པ་འདིས་ཐམས་ཅད་མཁྱེན་པའི་བཀའ་ཉིད་ཚད་མ་ཡིན་པའི་ཕྱིར། ཐམས་ཅད་མཁྱེན་པ་

Vol. 178 · folio 26a

ཉིད་ཚད་མ་ཡིན་གྱི། གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དོན་དམ་པའོ། །གཞན་ནི་ཚད་མ་མ་ཡིན་ཏེ། །ཤེས་བྱ་ཁྱབ་པ་མེད་པའི་ཕྱིར། །མ་ཁྱབ་པས་ནི་འབྲས་བུ་སོགས། །འབྲེལ་པར་འཛིན་པ་མ་ཡིན་ནོ། །རྒྱུ་དང་འབྲས་བུའི་དངོས་པོ་འདས་པ་

དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་དང་ཡུལ་ཁྱབ་པར་ལྷན་ཅིག་སྤྱོད་པའི་རང་བཞིན་ནི་ཐམས་ཅད་མཁྱེན་པ་མ་ཡིན་པའི་ཡུལ་མ་ཡིན་ཏེ། མངོན་སུམ་ད་ལྟར་ཉེ་བ་ཙམ་ཡིན་པའི་ཕྱིར་དང་། རྗེས་སུ་དཔག་པ་ཡང་དེར་མི་འཇུག་པའི་ཕྱིར་རོ། །གལ་ཏེ་བསྟན་བཅོས་དེ་

བྱེད་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཅི་ལྟར་ཤེས་ཤེ་ན། འདི་ནི་འོག་ཏུ་བཤད་པར་བྱའོ། །མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཡང་ན་འདི་ཚད་མའི་མཚན་ཉིད་ཡིན་ནོ། །འདི་གསལ་བར་བྱེད་པས་ན་གསལ་བྱེད་དེ། མ་ཤེས་པའི་དོན་གསལ་བར་བྱེད་པའི་ཤེས་པ་ཚད་མ་

ཡིན་ནོ། །ཀུན་རྫོབ་པའི་ཤེས་པ་ནི་མ་ཤེས་པའི་དོན་གསལ་བར་བྱེད་པ་མ་ཡིན་ནོ། །དེས་ནི་མ་ཤེས་པའི་དོན་འགའ་ཡང་གསལ་བ་མ་ཡིན་ཏེ། སོ་སོར་བཟུང་བའི་གཟུགས་ལ་སོགས་པ་ཉིད་རྣམ་པར་རྟོག་པའི་ཕྱིར་རོ། །རྟོགས་པ་ངེས་པར་མ་བཟུང་བའི་ཕྱིར་ན་དེ་གཅིག་ཅེས་ཐ་

སྙད་དུ་བྱེད་དོ། །གལ་ཏེ་མི་སླུ་བ་མེད་པར་མ་ཤེས་པ་གསལ་བར་བྱེད་པ་ཚད་མ་ཡིན་ན། ཟླ་བ་གཉིས་ལ་སོགས་པའི་རྣམ་པ་ཡང་ཚད་མ་ཉིད་དུ་ཐལ་བར་འགྱུར་རོ་ཞེ་ན་མ་ཡིན་ཏེ། དོན་སྨོས་པའི་ཕྱིར་རོ། །དེ་ནི་དོན་མ་ཡིན་ནོ། །གལ་ཏེ་དོན་ཉིད་དུ་མི་སླུ་བ་ཉིད་ལས་ཤེས་

པ་མ་ཡིན་ནམ། དེས་ན་མི་སླུ་བའི་ཤེས་པ་ཞེས་བྱ་བ་དེ་ཉིད་མཚན་ཉིད་ཡིན་པའི་ཕྱིར་ཅི་ལྟར་མཚན་ཉིད་གཞན་ཡིན་ཞེ་ན་མ་ཡིན་ཏེ། དོན་གྱིས་འཕངས་པ་ནི་མཚན་ཉིད་མ་ཡིན་པའི་ཕྱིར་རོ། །བརྗོད་པའི་ཤུགས་ཀྱིས་རྟོགས་པ་གང་། །དེ་ནི་མཚན་ཉིད་མ་ཡིན་ཏེ། །དེ་ལྟ་ན་ནི་དངོས་

པོ་སོགས། །གཞན་ཡང་མཚན་ཉིད་དོན་དུ་འགྱུར། །མཚན་ཉིད་དེ་ནི་དངོས་སུ་བཟུང་བ་གང་ཡིན་པ་དེ་ཡིན་ནོ། །གང་གིས་མཚན་ཉིད་བསྒྲུབ་པ་དེ་ཡང་སྲིད་པ་ཙམ་གྱིས་མཚན་ཉིད་དུ་འགྱུར་བ་ནི་མ་ཡིན་ཏེ། དེ་ལྟ་མ་ཡིན་ན། དངོས་པོ་ཉིད་ལ་སོགས་པ་ཡང་ཡིན་པར་འགྱུར་རོ། །འོན་ཏེ་

Vol. 178 · folio 26b

དངོས་པོ་ཉིད་ནི་དེ་ལ་དངོས་སམ་གཞན་དུ་མཁོ་བ་མ་ཡིན་གྱི། མི་སླུ་བ་ཉིད་ནི་དོན་ཉིད་ཤེས་པ་ལ་མཁོ་བ་ཡིན་ནོ་ཞེ་ན། དེ་ནི་བདེན་མོད་ཀྱི་དེ་ལྟ་ན་ཡང་མ་ཤེས་པའི་དོན་སྨོས་པ་ནི་གཟུང་བ་འཛིན་པའི་ཤེས་པ་སྤོང་བར་ནུས་ཀྱི། མི་སླུ་བ་སྨོས་པས་ནི་མ་ཡིན་ཏེ། དེ་ལ་ཡང་

མི་སླུ་བ་ཡོད་པའི་ཕྱིར་རོ། །མི་སླུ་བ་དོན་རྟོགས་པ་ཡང་མ་ཡིན་ཏེ། མི་སླུ་བ་ཡིན་ཡང་ཀུན་རྫོབ་ཏུ་ཡོད་པ་དོན་དུ་མ་གྲུབ་པའི་ཕྱིར་རོ། །འོ་ན་ཅི་ལྟར་དོན་ཉིད་རྟོགས་ཤེ་ན། ངེས་པར་བརྟགས་པ་ལས་སོ་ཞེས་རྟོགས་པར་བྱའོ། །ཡང་ན་འདིར་དོན་གྱི་སྒྲས་ནི་དོན་དམ་པ་བརྗོད་

པ་ཡིན་ཏེ། མ་ཤེས་དོན་གྱི་གསལ་བྱེད་ཅེས་བྱ་བ་ནི་དོན་དམ་བར་གསལ་བར་བྱེད་ཅེས་བྱ་བའི་དོན་ཏོ། །དོན་དམ་པ་ཡང་གཉིས་སུ་མེད་པའི་རང་བཞིན་ཉིད་ཡིན་པས་དེ་གསལ་བར་བྱེད་པ་ཉིད་ཚད་མ་ཡིན་ནོ། །དེ་ལྟར་ཡང་རང་ལས་རང་གི་ངོ་བོ་རྟོགས་ཞེས་བསྟན་པ་ཡིན་ནོ། །ཐ་

སྙད་ལས་ནི་ཚད་མ་ཉིད་ཅེས་བྱ་བ་བཤད་དེ། དེ་ལས་འདི་ནི་དོན་དམ་པའི་ཚད་མའི་མཚན་ཉིད་ཡིན་ལ། སྔ་མ་ནི་ཐ་སྙད་པའི་ཡིན་ནོ། །གལ་ཏེ་མ་ཤེས་པའི་དོན་གསལ་བར་བྱེད་པ་ཚད་མ་ཡིན་ན་སྤྱིའི་དོན་ཡང་དང་པོ་འབྱུང་བ་རང་གི་མཚན་ཉིད་ཀྱི་ཤེས་པས་མ་ཤེས་པ་དེའི་འོག་ཏུ་

བྱུང་བས་གསལ་བ་ཡིན་ལ། དེ་བཞིན་དུ་འབྲེལ་པ་ལ་སོགས་པ་ཡང་ཡིན་པའི་ཕྱིར་དེ་ཡང་ཚད་མར་ཐལ་བར་འགྱུར་རོ། །འདི་གཟུང་བ་འཛིན་པའི་ཕྱིར་དྲན་པ་ཉིད་དུ་འགྱུར་བ་ནི་མ་ཡིན་ཏེ། མ་བཟུང་བ་ལ་ཡང་དྲན་པ་མེད་པའི་ཕྱིར་རོ། །རང་གི་མཚན་ཉིད་རྣམ་ཤེས་ནི། །སྤྱིར་

འཛིན་པར་ནི་འདོད་མིན་ཏེ། །མ་བཟུང་བ་ནི་འཛིན་པའི་ཕྱིར། །སྤྱི་རིག་ཚད་མ་ཡིན་པར་འགྱུར། དེ་ཉིད་བརྗོད་པ་ནི། རང་གི་ངོ་བོ་རྟོགས་འོག་ཏུ། །སྤྱི་ཡི་རྣམ་པར་ཤེས་པ་ཐོབ། །ཚད་མ་ཞེས་འབྲེལ་ཏོ། །རང་རིག་པས་སྤྱིའི་ཤེས་པའི་བདག་ཉིད་རྟོགས་སོ་ཞེས་བྱ་བ་འདི་ལ་

ནི་རྩོད་པ་མེད་པ་ཉིད་དོ། །དེས་ན་གལ་ཏེ་སྤྱི་ཤེས་པ་ལས་གཞན་དུ་འགྱུར་བའམ། འོན་ཏེ་བདག་ཉིད་དུ་འགྱུར་བ་ཡིན་ཡང་རུང་སྟེ། ཐམས་ཅད་དུ་དེའི་ཤེས་པ་ཚད་མར་འགྱུར་རོ་ཞེ་ན། འདི་ལ་བཤད་པ་ནི་མ་ཡིན་ཏེ། རང་གི་མཚན་ཉིད་མ་ཤེས་པ། །ཤེས་པ་གང་ཡིན་

Vol. 178 · folio 27a

ཞེས་དགོངས་ཕྱིར། །རང་གི་མཚན་ཉིད་དཔྱད་ཕྱིར་རོ། །སྤྱིའི་ཤེས་པ་མ་བཟུང་བ་འཛིན་པ་ཡིན་ཡང་ཚད་མ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རང་གི་མཚན་ཉིད་མ་ཤེས་པ་ཤེས་པ་གང་ཡིན་པ་དེ་ཉིད་ཚད་མར་འདོད་ཀྱི་སྤྱི་ནི་མ་ཡིན་ནོ། །སྤྱི་མ་ཤེས་པ་

ཤེས་པ་ནི་ཚད་མ་མ་ཡིན་གྱི། འོན་ཀྱང་མ་ཤེས་པའི་རང་གི་མཚན་ཉིད་ཤེས་པའོ། །དེ་ཅིའི་ཕྱིར་ཞེ་ན། རང་གི་མཚན་ཉིད་དཔྱད་ཕྱིར་རོ། །ཡོད་པའམ་མེད་པ་ཉིད་རྣམ་པར་གཞག་པའི་ཕྱིར་རྟོགས་པ་དང་ལྡན་པ་ཚད་མ་ལ་ལྟོས་པ་ཡིན་ནོ། །ཡོད་པ་འམ་མེད་པར་དཔྱོད་པ་དེ་

ཡང་རང་གི་མཚན་ཉིད་ཁོ་ན་ལ་ཡིན་གྱི། །སྤྱི་ལ་ནི་མ་ཡིན་ཏེ། དེ་ལ་སྐྱེས་བུ་རྣམས་གུས་པ་མེད་པའི་ཕྱིར་རོ། །གང་རྣམ་པར་དཔྱད་པ་དེ་ལ་དུས་ཕྱིས་དེའི་རང་བཞིན་ཡིན་པའི་ཕྱིར་ཚད་མ་འཇུག་པའི་ཕྱིར་རོ། །སྤྱི་ལ་ནི་ཚད་མ་མི་འཇུག་པའི་ཕྱིར་དེ་ལ་ཚད་མ་མ་ཡིན་ནོ། །འོན་ཏེ་སྤྱི་མ་

རྟོགས་ན་དེ་ཉིད་འདི་ཡིན་ནོ་ཞེས་ཇི་ལྟར་འཇུག་ཅེ་ན། མ་ཡིན་ཏེ། སྤྱི་མ་རྟོགས་ཀྱང་ཤིན་ཏུ་གོམས་པ་ལས་འཇུག་པའི་ཕྱིར་རོ། །འོན་ཏེ་དེར་ཡང་སྤྱི་ཉིད་འཇུག་པར་བྱེད་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། མ་ཤེས་པ་ལ་འཇུག་པར་བྱེད་པ་ཉིད་ཤེས་པ་མེད་པའི་ཕྱིར་རོ། །དེ་ཤེས་

ཀྱང་གལ་ཏེ་རང་གི་མཚན་ཉིད་མ་ཤེས་ན་མི་འཇུག་ལ། རང་གི་མཚན་ཉིད་ཤེས་ན་ནི་སྤྱི་མ་དཔྱད་ཀྱང་གོམས་པ་ལས་འཇུག་པ་ཡིན་ནོ། །དེས་ན་དེ་ལ་འཇུག་པར་བྱེད་པ་མ་ཡིན་པའི་ཕྱིར་དང་། དེ་ལ་མངོན་དུ་ཕྱོགས་པ་མེད་པའི་ཕྱིར་སྤྱི་ཤེས་པ་ནི་ཚད་མ་ཡིན་ནོ། །འཇུག་པར་བྱེད་པ་

ཡིན་དུ་ཆུག་པ་དེ་ལྟ་ན་ཡང་དེ་ལ་ཕྱོགས་པ་མེད་པའི་ཕྱིར་དེ་ཚད་མ་མ་ཡིན་ནོ། །རང་རིག་པས་བཟུང་ན་ནི་དེ་རང་གི་མཚན་ཉིད་ཁོ་ན་ཡིན་པས་རང་གི་མཚན་ཉིད་ཀྱི་ཡུལ་ཉིད་ལ་ཚད་མ་ཡིན་ནོ། །གང་གི་ཚེ་གཉིས་སུ་མེད་པ་དེའི་ཚེ་ན་སྤྱི་མ་ཡིན་ལ། རང་གི་མཚན་ཉིད་རྟོགས་པའི་འོག་ཏུ་གཞན་

ཞེས་བྱ་བར་བསྟན་པ་ཡང་མ་ཡིན་ནོ། །རང་གི་མཚན་ཉིད་ཤེས་པ་ལ། །ཤེས་གང་རིག་མེད་ཕྱིར་བསམས་པས། །ཞེས་བྱ་བ་ལ། རིག་མེད་ནི་འདི་ལ་རིག་པ་མེད་དོ། །གང་ལ་ཞེ་ན། ཤེས་པ་གང་ཞིག །རང་གི་མཚན་ཉིད་ཤེས་པ་ལ་སྟེ་དེའི་ཕྱིར་རོ། །གང་གིས་འདི་ནི་རང་གི་མཚན་ཉིད་

Vol. 178 · folio 27b

ཤེས་པའི་འོག་རོལ་དུ་ཡིན་ནོ་ཞེའམ། མི་འདྲ་བ་ཉིད་དུ་རྟོགས་པར་འགྱུར་བ་སྔ་མ་དང་ཕྱི་མའི་ངོ་བོ་ལ་ནི་ཚད་མ་ཡོད་པ་མ་ཡིན་ནོ། །འདིར་ནི་ཤེས་པ་ཐམས་ཅད་རང་གི་མཚན་ཉིད་རྟོགས་པར་བྱེད་ཀྱི། ཐ་དད་པ་ནི་མ་ཡིན་ནོ། །འོ་ན་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་མངོན་སུམ་དང་

རྗེས་སུ་དཔག་པའི་དབྱེ་བ་དང་། ཕྱི་རོལ་དང་རྣམ་པར་ཤེས་པའི་དབྱེ་བ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་དབྱེ་བ་བསྟན་ཞེ་ན། བཤད་པ་བསམས་པས་ཏེ། མི་སླུ་བའི་ཕྱིར་རོ། །གདུལ་བའི་སྐྱེ་བོའི་བསམས་པས་ཏེ། དེ་ལ་ལྟོས་ནས་སོ། །རང་རིག་པའི་མངོན་

སུམ་གཅིག་ཉིད་ཚད་མ་ཡིན་གྱི། གཞན་ནི་མ་ཡིན་ནོ། །སྤྲོས་པ་ནི་གདུལ་བྱའི་དབང་གིས་ཏེ། ཅི་ལྟ་ཅི་ལྟར་གདུལ་བྱ་རྣམས་དེ་ཁོ་ནའི་ལམ་དུ་འཇུག་པར་འགྱུར་བ་དེ་ལྟ་དེ་ལྟར་བཅོམ་ལྡན་འདས་སྟོན་པ་ཡིན་པའི་ཕྱིར་མི་འགལ་ལོ། །དེ་ག་ལས་ཤེ་ན། རང་གི་མཚན་ཉིད་དཔྱད་ཕྱིར་

རོ། །རྣམ་པར་དཔྱད་ན་ནི་ཐམས་ཅད་མི་གནས་པ་ཉིད་དོ། །གཉིས་སུ་མེད་པ་ལས་དེ་ཁོ་ན་ཉིད་གཞན་ནི་མེད་དོ། །དེ་ཉིད་བཅོམ་ལྡན་འདས་ཀྱིས་རིམ་གྱིས་རྣམ་པར་དཔྱད་པ་ཡིན་ནོ། །ཅིག་ཅར་ནི་དཔྱད་པར་མི་ནུས་པའི་ཕྱིར་རོ། །འོན་ཏེ་ཕྱི་རོལ་དུ་ཕྱོགས་པ་ཅི་ལྟར་རང་རིག་པ་ཉིད་

ཡིན་ཞེ་ན། དེ་ནི་མེད་དེ། ཡུལ་དང་དུས་སོགས་ལ་ལྟོས་ནས། །ཕྱི་དང་ནང་ཞེས་ཤེས་པ་ཡིན། །ཡུལ་དུས་རང་གི་ངོ་བོ་ལས། །ཐ་དད་པ་ནི་འཐད་མ་ཡིན། །འདི་ཡང་ཕྱིས་བསྟན་པར་བྱའོ། །འོ་ན་ཅི་ལྟར་བཅོམ་ལྡན་འདས་ཚད་མ་ཡིན། མངོན་སུམ་དང་རྗེས་སུ་དཔག་པ་དག་ནི་

ཐ་སྙད་ཙམ་དུ་ཚད་མ་ཡིན་གྱི། བཅོམ་ལྡན་འདས་ནི་མ་ཡིན་ཏེ། དེ་ནི་ཚད་མ་དམ་པ་ཡིན་པའི་ཕྱིར་རོ་ཞེ་ན། འདི་ལ་བཤད་པ་ནི། དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །དེ་བཞིན་གཤེགས་པ་བཅོམ་ལྡན་འདས་ནི་དེ་དང་ལྡན་པས་སོ། །བཅོམ་ལྡན་འདས་ནི་མངོན་སུམ་གྱི་རང་བཞིན་གྱིས་ཚད་མ་

ཡིན་ཏེ། ཕྱིས་བསྟན་པར་བྱའོ། །འདི་ག་ལས་རྟོགས་ཤེ་ན། དེའི་ཕྱིར་བཤད་པ་ནི། ཡང་དག་མིན་པ་བཟློག་དོན་དུ། །འཁྲུལ་པ་བཟློག་པའི་དོན་དུ་བཅོམ་ལྡན་འདས་དེས་ཡང་དག་ཉིད་གསུངས། གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་དེ་ཉིད་ཐམས་ཅད་མཁྱེན་པ་ཡིན་གྱི་གཞན་ནི་མ་

Vol. 178 · folio 28a

ཡིན་ནོ། །དེ་ལྟ་ན་ཡང་ཚད་མ་ཡིན་ནོ། །དེའི་ཕྱིར། སྒྲུབ་བྱེད་ལ་ལྟོས་ཚད་ཡིན་རིགས། །ཞེས་སྨོས་ཏེ། བཅོམ་ལྡན་འདས་ཉིད་ཡིན་གྱི། རིག་བྱེད་ནི་མ་ཡིན་ནོ། །རིག་བྱེད་ནི་འགའ་ཡང་དོན་དང་འབྲེལ་པ་མེད་པས་ཚད་མ་མ་ཡིན་ནོ། །འདི་ནི་ཚད་

མའི་ཡུལ་ལ་བདེན་པར་གསུང་བ་ཉིད་ཀྱིས་ཚད་མ་ཡིན་ནོ། །གཞན་ལ་ནི་བཤད་པར་བྱའོ། །ཡང་ན་དོན་དམ་པ་དེ་ལྡན་ཏེ། བཅོམ་ལྡན་འདས་ཀྱང་གཉིས་སུ་མེད་པར་རྟོགས་པ་ཉིད་ཀྱིས་ཚད་མ་ཡིན་གྱི། དོན་ཐམས་ཅད་ཡོངས་སུ་ཤེས་པས་ནི་མ་ཡིན་ཏེ། དོན་ཐམས་ཅད་ཡོངས་

སུ་ཤེས་པ་ནི་འཇིག་རྟེན་གྱི་ཐ་སྙད་ཡིན་པས་ཀུན་རྫོབ་པ་ཉིད་དོ། །དེ་སྐད་དུ་ཡང་། གཉིས་མེད་ཐེག་པ་དམ་པ་ཡིན། །ཞེས་བཤད་དོ། །ཚད་མ་རྣམ་འགྲེལ་གྱི་རྒྱན་ལས། ཚད་མ་གྲུབ་པའི་རྣམ་འགྲེལ་གཉིས་པའོ།། །།གལ་ཏེ་མངོན་སུམ་དང་རྗེས་སུ་དཔག་པ་དག་

ཚད་མ་མ་ཡིན་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཚད་མ་མ་ཡིན་ན། དེའི་ཚེ་དབང་ཕྱུག་ལ་སོགས་པ་ཤེས་པ་པོ་རྟག་པ་ཉིད་དམ། རིག་བྱེད་རྟག་པ་ཚད་མ་ཡིན་ཏེ། དེས་ན་གཞན་བཙལ་བས་ཅི་བྱ་ཞེ་ན། ཚད་མ་རྟག་པ་ཉིད་ཡོད་མིན། །དངོས་ཡོད་རྟོག་པ་ཚད་ཕྱིར་དང་། །ཤེས་བྱ་

མི་རྟག་པ་ཉིད་ཀྱིས། །དེས་ནི་མི་བརྟེན་ཉིད་ཕྱིར་རོ། །རིམ་བཞིན་སྐྱེ་བ་ཅན་དག་ནི། །རྟགས་ལས་སྐྱེ་བ་མི་འཐད་ཕྱིར། །ལྟོས་པ་མི་རུང་བའི་ཕྱིར། རྟག་པ་གཏན་དུ་གནས་པའི་ཚད་མ་ནི་ཡོད་པ་མ་ཡིན་ཏེ། ཚད་མ་མེད་པའི་ཕྱིར་རོ། །གཞན་ཡང་དངོས་པོ་ཡོད་པའི་རྟོགས་

པ་ཚད་མ་ཡིན་གྱི། གང་ཡང་རུང་བ་ནི་མ་ཡིན་ནོ། །གང་གིས་རྟོགས་པ་གཏན་དུ་ཡོད་པར་འགྱུར་བ་དངོས་པོ་ནི་གཏན་དུ་གནས་པ་མ་ཡིན་ནོ། །དེས་ན་ཤེས་བྱ་མི་རྟག་པ་ཉིད་ཀྱིས་དེ་ཡང་མི་བརྟན་པ་ཡིན་ནོ། །གལ་ཏེ་ཤེས་བྱ་མི་རྟག་པས་ན་ཤེས་པ་མི་རྟག་པ་ཉིད་དོ་ཞེས་བྱ་བ་འདི་

དག་ག་ལས་ཤེ་ན། ཤེས་བྱའི་རང་བཞིན་ལ་བྱ་བ་བྱེད་པའམ། ཤེས་བྱའི་རང་བཞིན་ལས་སྐྱེས་པའམ། དེའི་རང་བཞིན་ཉིད་ཚད་མ་ཡིན་གྲང་སྟེ། ཕྱོགས་གཞན་ནི་མི་སྲིད་དོ། །དེ་ལ་གལ་ཏེ་བྱེད་པ་དང་མི་བྱེད་པ་ཁྱད་པར་མེད་ན་ཅི་ལྟར་བྱེད་པ་དང་ཅིག་ཤོས་རྣམ་པར་འབྱེད།

Vol. 178 · folio 28b

འོན་ཏེ་དེ་ནི་མེ་ལོང་གི་གནས་ལྟ་བུ་ཡིན་ཏེ། དོན་གང་དང་གང་ཉེ་བ་དེ་དང་དེ་ཉིད་སྣང་བ་ཡིན་ནོ་ཞེ་ན། འོ་ན་ནི་རང་གི་ཚོགས་པ་ལས་དོན་ཉིད་དེ་ལྟར་འགྱུར་བ་ཡིན་གྱི། ཤེས་པ་པོའི་བྱེད་པ་ནི་མ་ཡིན་ནོ། །འོན་ཏེ་མིག་མི་གཡོ་བར་ཕྱེ་བས་ཉེ་བར་བསྟན་པའི་དོན་རིམ་གྱིས་མཐོང་

ཡང་བྱེད་པ་གཞན་དང་གཞན་མི་འདྲ་བ་གཞན་ནི་འགའ་ཡང་རྟོགས་པ་མ་ཡིན་པ་དེ་བཞིན་དུ་འདི་ཡིན་ནོ་ཞེ་ན། འདི་ལ་བཤད་པ། རྗེས་སུ་འགྲོ་དང་ལྡོག་པ་ལས། །དེར་ཡང་མིག་ནི་བྱེད་པ་ཉིད། །དབང་ཕྱུག་རྟག་པར་གནས་པ་ལ། །རྗེས་འགྲོ་ལྡོག་པ་ཡོད་མ་ཡིན། །དེའི་ཕྱིར་

དེ་ལྟར་འགྱུར་བ་དེ་ནི་དོན་དེ་ཉིད་ཡིན་གྱི། འདི་ལ་འཛིན་པའི་བྱེད་པ་ནི་འགའ་ཡང་མེད་པའི་ཕྱིར་ཅི་ལྟར་ཚད་མ་ཡིན། འོན་ཏེ་དེ་ཚད་མའི་དོན་ཡིན་མོད། དེ་ནི་དེ་དང་འབྲེལ་པའི་ཕྱིར་དེས་ཤེས་པར་བརྗོད་དོ་ཞེ་ན། དེ་ནི་མི་འཐད་དེ་འདི་ལྟར། འབྲེལ་པ་རྗེས་འགྲོ་སྔོན་འགྲོ་བ། །ལྡོག་

པ་ཡིས་ནི་འགྲུབ་པ་ཡིན། །རྟག་པ་ལྡོག་པ་མེད་པ་ལ། །འབྲེལ་པ་སྲིད་པ་ག་ལ་ཡིན། །རྟག་པ་ལྡོག་པ་མེད་པ་ནི་འགར་ཡང་ཉེ་བར་སྦྱོར་བར་ཤེས་ནུས་པ་མ་ཡིན་ནོ། །འོན་ཏེ་དེས་མཐོང་བའི་ཕྱིར་ཉེ་བར་སྦྱོར་བ་ཡིན་ནོ་ཞེ་ན། ཅི་ལྟར་ན་དེས་མཐོང་ཞེས་དེ་ཉིད་དེ་ལྟར་བརྒལ་ཞིང་བརྟག་

པ་མ་ཡིན་ནམ། དེ་ལྟར་དེ་ཡོད་ན་འབྱུང་ཕྱིར། །དེས་ཞེས་བྱ་བར་བརྗོད་ན་ནི། །ནམ་མཁའ་སོགས་ལ་དེ་ཡོད་ཕྱིར། །ཅི་ལྟར་དེ་ཉིད་ལྟ་པོ་ཡིན། །མཁའ་ལ་དོན་བྱེད་བསྟན་མེད་ཕྱིར། །དེ་ཉིད་ལྟ་པོ་ནམ་མཁའ་མིན། །བསྟན་པ་ཚིག་ཡིན་དེ་ཡི་ཕྱིར། །དེ་ཉིད་གང་ལས་འདོད་པ་

ཡིན། །རྣམ་པ་ཀུན་དུ་ལྡོག་མེད་ལ། །རྒྱུ་ཉིད་དུ་ནི་རྟོགས་མ་ཡིན། །དོན་གང་འདས་དང་མ་འོངས་པ། །དེ་ནི་ཅི་ལྟར་སྣང་བ་ཡིན། །འདས་པ་ཤེས་པ་ཡིན་པའི་ཕྱིར། །ཅི་ལྟར་འདས་པ་ཡིན་པར་འགྱུར། །འདས་པ་ལ་སོགས་ཅི་ལྟར་ཡང་། །མེ་ལོང་དུ་ནི་འཕོ་བ་ཡིན། །དེ་

ལྟ་བུ་ཡི་སྣང་བ་ནི། །མེ་ལོང་ཡོད་ན་འབྱུང་བ་ཡིན། །སྣང་བ་བརྟགས་པའི་འབྲས་བུ་ནི། །མ་ཡིན་ཞེས་ནི་སྔར་བརྗོད་དོ། །ནམ་མཁའ་ལ་སོགས་པ་དག་ཀྱང་། །དོན་དེ་འཛིན་པར་ཅིས་མི་འགྱུར། །གལ་ཏེ་དོན་དེའི་དེ་མ་ཐག །འབྱུང་བའི་ངེས་པ་ཡོད་མིན་ན། །དོན་རྣམས་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words