ཚད་མ་རྣམ་འགྲེལ་གྱི་རྒྱན
Sanskrit title (Tibetan script, as in the text) པྲ་མཱ་ཎ་བརྟི་ཀ་ཨཱ་ལཾ་ཀཱ་ར
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 178 · folio 29a
ཐམས་ཅད་མཐོང་བ་དེ། །ཚིག་དོན་གང་ཞིག་ཡིན་པར་བརྗོད། །དོན་ཀུན་མཐོང་བ་ལས་བྱུང་བའི། །སྒྲ་ནི་ཐམས་ཅད་རྗོད་བྱེད་ཡིན། །བརྗོད་འདོད་ངེས་པ་ཞེས་བྱ་ནི། །རྟག་པ་འཐད་པ་མ་ཡིན་ནོ། །བརྗོད་འདོད་དེ་དག་ཐ་དད་ཅིང་། །དེ་བཞིན་མཐོང་བ་
ཐ་དད་ན། །གང་གིས་ལྟ་པོ་གཅིག་ཡིན་ཏེ། །ཁྱོད་ཀྱིས་ཚད་དེ་ཅི་ལྟར་ཡིན། །གལ་ཏེ་བརྗོད་འདོད་བལྟ་བྱ་ཡི། །འཛིན་བྱེད་དེ་ཉིད་ཡིན་ཞེ་ན། །བརྗོད་པར་འདོད་དང་གཞན་པའི་དེ། །ཅི་ལྟར་གཅིག་གིས་འཛིན་པ་ཡིན། །དེ་ལྟ་ཡིན་ན་མངོན་སུམ་དང་། །རྗེས་དཔག་གཅིག་
ཏུ་ཅིས་མི་བརྗོད། །གལ་ཏེ་དེ་ཡང་ཡང་དག་ཏུ། །གཅིག་པ་ཉིད་དུ་འདོད་ན་ནི། །དེ་དག་ལ་ཡང་རིམ་གྱིས་སམ། །ཅིག་ཅར་ཐ་དད་ཡོད་མིན་ནམ། །རང་བཞིན་གཅིག་ཉིད་རིམ་གྱིས་ནི། །ཚད་མ་ཡིས་ནི་རྟོགས་མ་ཡིན། །རྟོགས་པོ་དེའམ་གཞན་དུ་ནི། །ཤེས་བྱེད་
གཅིག་གི་གཞལ་བྱ་བ། །དེ་གཅིག་ཅེས་བྱ་བདེན་ནམ་ཅི། །བདེན་པ་མིན་ན་ཚིག་དོན་མེད། །ཅི་སྟེ་བདག་ཉིད་རང་ཉིད་ནི། །རྣམ་ཀུན་བྱེད་པོས་ཤེས་བྱེད་ན། །དེ་ནི་ད་ལྟར་ཡིན་ནོ་ཞེས། །ཅིས་རྟོགས་དེ་ནི་ཚིག་ཙམ་ཡིན། །རང་རིག་ཉིད་ལས་གཞན་པ་ནི། །མེད་ཅེས་
སྔར་ནི་བརྗོད་པ་ཡིན། །དེས་ན་དེ་ནི་དོན་དམ་པར་དབང་ཕྱུག་མ་ཡིན་ལ་ཀུན་རྫོབ་ཏུ་ཡང་མ་ཡིན་ནོ། །ཅི་སྟེ་ཡང་གལ་ཏེ་ཤེས་བྱ་མི་རྟག་པ་ཉིད་ཀྱིས་ཤེས་པ་མི་རྟག་པ་ཡིན་ཡང་ཤེས་པར་བྱེད་པ་པོ་གང་ཡིན་པ་དེ་ནི་རྟག་པ་ཡིན་ནོ། །གཞན་མི་རྟག་པས་གཞན་ཡང་མི་རྟག་གོ་ཞེས་ནི་མི་འཐད་དོ་ཞེ་ན། བཤད་
པ་ཤེས་བྱ་མི་རྟག་པས་ན་ཤེས་པ། རིམ་བཞིན་སྐྱེ་བ་ཅན་དག་ནི། །རྟག་ལས་སྐྱེ་བ་མི་འཐད་ཕྱིར། །དེ་རྟག་པ་ལས་སྐྱེ་བ་མི་རིགས་པའི་ཕྱིར་རོ། །ནམ་མཁའ་ལྟར་རྟག་པ་ཁྱབ་པ་ནི། འགའ་ཡང་རྒྱུ་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །གལ་ཏེ་རང་བཞིན་དེ་ཉིད་ཀྱིས་སྐྱེད་པར་བྱེད་ན་ནི་ཁྱད་
པར་མེད་པའི་ཕྱིར་ཐམས་ཅད་ཀྱི་ཚེ་སྐྱེད་པར་འགྱུར་བའམ། ཁྱད་པར་ཡོད་ན་ཡང་མི་རྟག་པར་འགྱུར་རོ། །འོན་ཏེ་ཁྱད་པར་མེད་ཀྱང་ལྷན་ཅིག་བྱེད་པ་ཡོད་པ་དང་མེད་པ་དག་ལས་འབྲས་བུའི་རིམ་པ་ཅན་ཡིན་ནོ་ཞེ་ན། མ་ཡིན་ཏེ་ལྟོས་པ་མི་རུང་བའི་ཕྱིར་རོ། །གལ་ཏེ་ལྷན་ཅིག་བྱེད་པ་
Vol. 178 · folio 29b
དག་ཉིད་ཀྱི་རྗེས་སུ་འགྲོ་བ་དང་ལྡོག་པ་ཡིན་ན། དེ་དག་ཉིད་རྒྱུ་ཡིན་གྱི་དེ་ནི་མ་ཡིན་ནོ། །དེ་ལ་ལྟོས་ནས་དེ་ཡང་རྒྱུ་ཡིན་ནོ་ཞེས་མི་རིགས་སོ། །ལྟོས་པ་དེ་དང་ཅིག་ཤོས་ཀྱི་གནས་སྐབས་དག་ཏུ་ཁྱད་པར་མེད་པར་རང་ངམ་གཞན་གྱི་ལྟོས་པ་ཉིད་དུ་མི་རྟོགས་པའི་ཕྱིར་འདི་ནི་ཚིག་
ཙམ་གཙོ་བོར་གྱུར་པ་ཡིན་པར་ཤེས་པར་བྱའོ། །དེ་ཉིད་ཀྱི་ཕྱིར་ལྟོས་པ་མི་རུང་བའི་ཕྱིར་ཞེས་བཤད་དོ། །རྟག་པ་ཐམས་ཅད་ཀྱི་ཚེ་རང་བཞིན་གཅིག་པ་ནི་ལྟོས་པར་བྱ་བ་ཕན་གདགས་པར་ནུས་པ་མ་ཡིན་ནོ། །དེ་ལ་ཕན་འདོགས་པ་མེད་པར་ནི་དེས་ལྟོས་པར་བྱ་བ་མ་ཡིན་
ནོ། །དེ་ལྟ་ན་ནི་འོ་ན་མི་རྟག་པ་ཚད་མ་ཡིན་པར་འགྱུར་རོ། །སྦྱིན་པ་ལ་སོགས་པ་སྒྲུབ་པར་བྱེད་པ་ལ་ལྟོས་པ་ནི་མ་ཡིན་ནོ། །ཆགས་པ་དང་བྲལ་བ་དང་། དབང་ཕྱུག་དང་ལྡན་པ་ནི་རིགས་མཐུན་པའི་རྒྱུ་སྔ་མ་སྔ་མ་ལས་སྐྱེས་པའི་ཕྱིར་དེ་ནམ་ཡང་གཞན་དུ་འགྱུར་བ་ལས་གཞན་
དུ་སྐྱེ་བར་འགྱུར་བ་ནི་མ་ཡིན་ནོ་ཞེ་ན། འདི་ལ་བཤད་པ་ནི། རྣམ་འགས་ཕན་གདགས་བྱ་མིན་ཕྱིར། །མི་རྟག་ན་ཡང་ཚད་མེད་ཉིད། །དབང་ཕྱུག་མི་རྟག་པ་ལ་ཡང་ཚད་མ་ཡོད་པ་མ་ཡིན་ཏེ། དེ་ཚད་མ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་འགས་ཕན་གདགས་བྱ་
མིན་ཕྱིར། །གང་ཞིག་རྣམ་པ་ཅི་ཞིག་ལྟར་འགའ་ཞིག་ཕན་གདགས་པའམ་གནོད་པར་བྱེད་པ་དེ་ནི། འདོད་ཆགས་ལ་སོགས་པ་མྱོང་བ་དང་། །འདོད་ཆགས་ལ་སོགས་པའི་གཉན་པོ་རྟོགས་པ་ལ་སོགས་པ་སྲིད་པས་དེ་སྟོན་པ་ཡིན་ནོ། །སེམས་ཅན་ལ་བྱམས་པ་དང་སྙིང་བརྩེ་བས་
སྟོན་པ་སྲིད་པའི་ཕྱིར་དེ་ནི་འཇིག་རྟེན་གྱིས་ཚད་མར་འགྱུར་གྱི་རང་གི་ངོ་བོ་ཡོད་པ་ཙམ་གྱིས་ནི་མ་ཡིན་ནོ། །དེ་ལས་ནི་འདི་འདྲ་བའི་བྱ་བ་ཡོད་པ་མ་ཡིན་ཏེ། སྡུག་གོམས་མེད་པར་མཁས་པར་མི་འགྱུར་རོ། །འོན་ཏེ་དེ་ནི་ཐམས་ཅད་ཡོངས་སུ་ཤེས་པ་ཉིད་ནི་རང་བཞིན་ཉིད་ཀྱིས་གྲུབ་
པ་ཡིན་ནོ་ཞེ་ན། དེ་ནི་མི་རིགས་ཏེ། འདོད་ཆགས་ལ་སོགས་པ་ཉམས་སུ་མ་མྱང་ན་འཁོར་བའི་རྩ་བའི་སྤྲོས་པ་ནི་རང་གི་མཚན་ཉིད་རྟོགས་པར་ཅི་ལྟར་འགྱུར། ཉམས་སུ་མྱོང་ན་ནི། འདི་འཁོར་བ་པ་ཉིད་ཡིན་པས་དེ་ཅི་ལྟར་ཚད་མ་ཡིན། འོན་ཏེ་འདོད་ཆགས་ལ་སོགས་པ་
Vol. 178 · folio 30a
རྟོགས་པ་ཉིད་ཀྱིས་འདོད་ཆགས་ལ་སོགས་པའི་སྤྲོས་པའི་གཉེན་པོ་སྟོན་པ་ཡིན་ཏེ། འདོད་ཆགས་ལ་སོགས་པ་དང་ལྡན་པ་ཉིད་ཐམས་ཅད་ཤེས་པ་དང་མ་ཉམས་པ་དང་། གཞལ་དུ་མེད་པའི་ནུས་པ་དང་ལྡན་པས་དེ་ཉིད་ཚད་མ་ཡིན་ནོ་ཞེ་ན། དེ་ཡང་མི་རིགས་
ཏེ། གལ་ཏེ་འདོད་ཆགས་ལ་སོགས་དང་། །ལྡན་ཡང་དབང་ཕྱུག་ཉམས་མེད་ན། །འདོད་ཆགས་ལ་སོགས་གཉེན་པོ་ནི། །བསྟན་པ་དོན་མེད་ཁོ་ནར་འགྱུར། །འོན་ཏེ་འདི་ནི་དངོས་པོའི་གནས་ལུགས་ཡིན་ཏེ། འདོད་ཆགས་ལ་སོགས་པ་དང་ལྡན་པ་ལ། དབང་ཕྱུག་སྲིད་པ་ནི་
མ་ཡིན་ནོ། །དེས་ན་དེའི་གཉེན་པོ་སྟོན་ཏོ་ཞེ་ན། གལ་ཏེ་དེ་ལྟར་ཆགས་བྲལ་སོགས། །བསྒོམས་པ་མེད་ཕྱིར་མི་སྲིད་ན། །དེ་ཡི་དབང་ཕྱུག་ལ་སོགས་པ། །གྲུབ་དེ་གློ་བུར་གང་ལས་འོང་། །འདོད་ཆགས་དང་བྲལ་བ་ལ་སོགས་པ་གཉེན་པོ་ལ་སོགས་པ་གོམས་པ་ལས་འབྱུང་ངོ་
ཞེས་ཤེས་པ་གང་ཡིན་པ་དེ་ཉིད་ལས་གཞན་དུ་ཡང་འབྱུང་ངོ་ཞེས་པ་ནི་མི་རིགས་སོ། །གཞན་ཡང་། གང་གིས་དབང་ཕྱུག་སྒྲུབ་པ་དང་། །བྲལ་བའི་དོན་དུ་གཉེར་བ་ལ། །མཆོག་སྦྱིན་པ་ཡི་ནུས་པ་ནི། །དེ་འདྲ་དེ་ལ་ཡོད་པ་མིན། །འོན་ཏེ་དེ་ལ་ནུས་པ་དེ། །མེད་ན་གཞན་ཡང་ཅི་
ལྟར་ཡོད། །རྗེས་སུ་འཛིན་པའི་ནུས་པ་ནི། །དེ་ལ་ཚད་མ་མེད་པར་འགྱུར། །དོན་འདི་ཡང་ཡིན་ཏེ། མི་རྟག་ན་ཡང་ཚད་མིན་ཉིད། །འདི་ལ་ཚད་མ་ཡོད་པ་མ་ཡིན་པས་ཚད་མེད་དོ། །དེའི་ངོ་བོ་ནི་ཚད་མེད་ཉིད་དེ། དེ་ལ་ཚད་མ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འོན་ཏེ་
མཉེས་པར་བྱས་པ་ལ་སོགས་པ་རིམ་གྱིས་ཆགས་པ་ལ་སོགས་པ་ཉེ་བར་ཞི་བའི་རྣམ་པས་ཆོས་སྟོན་པས་འདི་རྗེས་སུ་འཛིན་པར་བྱེད་པ་ཡིན་ཏེ། དེ་ལྟ་མ་ཡིན་ན། རྗེས་སུ་འཛིན་པར་མི་ནུས་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། དེས་བཤད་རྗེས་སུ་སྒྲུབ་པ་ཡིས། །འཇིག་
རྟེན་རྗེས་འཛིན་གང་གིས་རྟོགས། །དེས་བཤད་ལུང་ཙམ་ལས་ཤེ་ན། །དེ་ལྟ་ཕན་ཚུན་རྟེན་པར་འགྱུར། །དེས་བཤད་ཕྱིར་དེ་ལུང་ཡིན་ལ། །ལུང་ཡིན་ཕྱིར་ཡང་དེ་བཤད་ཉིད། །ཕན་ཚུན་བརྟེན་པ་ཡིན་ཕྱིར་དེར། །གཅིག་ཀྱང་གནས་པར་ཅི་ལྟར་འགྱུར། །གཞན་ཡང་། དེ་ཡི་
Vol. 178 · folio 30b
ནུས་པ་འདི་འདྲ་སྟེ། །རྒྱུ་གང་ལས་ནི་འོངས་པ་ཡིན། །འདི་ནི་དེ་ཡི་རང་བཞིན་ཞེས། །དེ་ནི་གང་ལས་རྟོགས་པར་འགྱུར། །དེ་ཐམས་ཅད་མཐོང་བ་དང་རྗེས་སུ་འཛིན་པར་བྱེད་པའི་རང་བཞིན་གྱི་ནུས་པ་དེ་འདྲ་བ་དེ་རྒྱུ་གང་ལས་བྱུང་། གལ་ཏེ་འདིར་དེ་ལྟ་བུར་བྱུང་བའི་དངོས་པོའི་རང་
བཞིན་ཉིད་ལན་འདེབས་སོ། །འདི་ལྟར། འདི་ནི་འདི་ལྟའམ་མ་ཡིན་ཞེས། །དེ་ནི་སུ་ལ་འདྲི་བར་བྱ། །སྲེག་བྱེད་མེ་ཡིས་ནམ་མཁའ་མིན། །འདི་ལ་ཅི་ཞིག་བརྒལ་ཞིང་བརྟག །འདི་ནི་ཤིན་ཏུ་མི་རིགས་ཏེ། །གལ་ཏེ་རང་བཞིན་མངོན་སུམ་དུ། །གྲུབ་ལ་རྒོལ་ཞིང་རྟོག་བྱེད་
ན། །དེ་ལ་ལན་འདི་རིགས་འགྱུར་ཏེ། །མཐོང་བ་ཉིད་ནི་མི་འཐད་མིན། །འདི་ནི་མཐོང་བ་མ་ཡིན་ནོ། །འདི་ལྟར། འདིར་དངོས་པོའི་རང་བཞིན་ཉིད་ལན་འདེབས་སོ་ཞེས་བྱ་བའི་དོན་འདི་ཅི་ཡིན། འདི་ནི་མངོན་སུམ་ལ་སོགས་པའི་ཚད་མས་གྲུབ་པ་ཡིན་པས། འདི་ཅི་ལྟར་ཞེས་བརྒལ་
ཞིང་བརྟག་པའི་ཡུལ་མ་ཡིན་ནོ། །ཅི་ལྟར་མངོན་སུམ་དུ་མེ་བསྲེག་བྱ་སྲེག་པར་དམིགས་པ་ལ་ཅི་ལྟ་བར་བྱེད་པ་ཡིན་ཞེས་བརྒལ་ཞིང་བརྟག་པར་བྱེད་པ་བཞིན་ནོ་ཞེས་བྱ་བ་ཡིན་ནོ། །གལ་ཏེ་འབྱུང་བ་ཉིད་ཀྱིས་ཡིན་ན་ནམ་མཁའ་ཡང་སྲེག་པར་བྱེད་པར་འགྱུར་རོ། །འོན་ཏེ་རང་
བཞིན་གྱིས་སོ་སོར་ངེས་པས་དེ་ལྟ་ཡིན་ན། དེའི་ཚེ་དབང་ཕྱུག་ཀྱང་ཡོན་ཏན་གྱི་རྒྱུ་ཐམས་ཅད་དང་བྲལ་བ་ཡང་ཡོན་ཏན་དང་ལྡན་པས་མཚུངས་སོ་ཞེ་ན། མི་མཚུངས་ཏེ་མེ་ནི་མཐོང་བའི་ཕྱིར་དང་། གཞན་ནི་བཟློག་པའི་ཕྱིར་རོ། །དེས་ན་འདི་ལན་མ་ཡིན་ནོ། །དེ་ལྟ་མ་ཡིན་ན། བདག་
ཉིད་མངོན་འདོད་འགའ་ཞིག་བསྒྲུབ་བྱས་པ། །དེ་ལ་གཞན་གྱིས་ལན་མེད་བྱས་པ་ན། །དངོས་པོའི་རང་བཞིན་ཞེས་དེའི་ལན་བརྗོད་པས། །དེ་ལྟས་ཐམས་ཅད་རྒྱལ་བར་འགྱུར་བ་ཡིན། །དེའི་ཕྱིར་མི་རྟག་ན་ཡང་སྟེ། །ཡང་གི་སྒྲས་རྟག་པ་ཡང་ཚད་མར་མེད་པ་ཉིད་དོ་ཞེས་ལེགས་
པ་བརྗོད་དོ། །གལ་ཏེ་ཚད་མ་ཡོད་པ་ཡིན། །སྡོད་འཇུག་དབྱིབས་ཀྱི་ཁྱད་པར་དང་། །དོན་བྱེད་པ་ལ་སོགས་པ་དག །འབྲས་བུའི་བདག་ཉིད་འབྲས་བུ་ལས། །ཇི་ལྟར་རྒྱུ་ནི་གྲུབ་མི་འགྱུར། །དེ་ལྟ་མིན་ན་རྒྱུ་གཞན་ལའང་། །རྗེས་སུ་དཔག་པའང་མེད་པར་འགྱུར། །འདི་ལྟར་དངོས་
Vol. 178 · folio 31a
པོ་འགའ་ཞིག་མངོན་པར་འདོད་པ་སྒྲུབ་པའི་ཕྱིར་བསྡད་ཅིང་བསྡད་ཅིང་འཇུག་པ་དེ་ནི་བློ་དང་ལྡན་པའི་རྒྱུས་བྱིན་གྱིས་བརླབས་པ་ལས་ཡིན་ཏེ། དཔེར་ན། དབྱིབས་སུ་བྱ་བ་ལ་སོགས་པ་སྟེ་སྟེའུ་ལ་སོགས་པ་བཞིན་ནོ། །སྟེའུ་ལ་སོགས་པ་ནི་རང་ཉིད་འཇུག་པ་མ་
ཡིན་ནོ། །འཇུག་པ་ཡིན་ན་ཡང་གཏན་དུ་འཇུག་པར་འགྱུར་ན། བསྡད་ནས་འཇུག་པ་ཡང་ཡིན་ནོ། །དེས་ན་རྟོགས་པ་དང་ལྡན་པའི་འཇུག་པ་པོ་འགའ་ཞིག་ཡོད་དགོས་སོ། །དེ་བཞིན་དུ་གང་ཞིག་ཟླུམ་པོ་ལ་སོགས་པ་ལ་དབྱིབས་ཀྱི་ཁྱད་པར་དང་ལྡན་པ་དེ་ནི་སེམས་པ་དང་ལྡན་པ་སྐྱེད་
པ་ཡིན་ཏེ། དཔེར་ན་བུམ་པ་ལ་སོགས་པ་བཞིན་ནོ། །དེ་བཞིན་དུ་གང་ཞིག་དོན་བྱ་བ་བྱེད་པ་དེ་ནི་སེམས་པ་དང་ལྡན་པའི་དངོས་པོས་བསྐུལ་བ་ཡིན་ཏེ། དཔེར་ན་བུམ་པ་ལ་སོགས་པ་བཞིན་ནོ་ཞེ་ན། འདི་ལ་བཤད་པ་ནི། སྡོད་འཇུག་དབྱིབས་ཀྱི་ཁྱད་པར་དང་། །དོན་བྱེད་པ་ལ་
སོགས་པ་དག །འདོད་སྒྲུབ་པའམ་དཔེ་མ་གྲུབ། །ཡང་ན་ཐེ་ཚོམ་ཟ་བ་ཡིན། །འབྲས་བུ་ཉིད་དུ་མངོན་པར་འདོད་པ་བསྡད་ནས་འཇུག་པ་ལ་སོགས་པ་གང་ཡིན་པ་དེ་དག་ནི་ཡང་དག་པའི་གཏན་ཚིགས་མ་ཡིན་ཏེ། གང་གི་ཕྱིར་དེ་དག་ཡོད་ཀྱང་འདོད་པ་ཉིད་སྒྲུབ་པ་ཡིན་ཏེ། གྲུབ་
པ་སྒྲུབ་པ་ཡིན་ནོ། །གྲུབ་པ་ནི་ཕྱོགས་མ་ཡིན་ཏེ། མ་གྲུབ་པ་ཕྱོགས་ཡིན་པའི་ཕྱིར་རོ། །གང་ལ་རྩོད་པ་ཡོད་པ་དེ་སྒྲུབ་པའི་ཕྱིར་སྒྲུབ་པར་བྱེད་པ་ཉེ་བར་དགོད་པར་རིགས་པ་ཡིན་ན། ཐམས་ཅད་ལས་ཀྱི་མཚན་ཉིད་ཀྱི་སེམས་པས་བྱིན་གྱིས་རློབ་པར་འདོད་པ་ཡིན་ཏེ། འདི་ལྟར།
ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །དེ་ནི་སེམས་པ་དང་དེས་བྱས། །ཞེས་བྱ་བ་ཡིན་ནོ། །གལ་ཏེ་ལས་ལས་སྐྱེས་པ་ཉིད་དོ་ཞེས་ནི་སྒྲུབ་པ་མ་ཡིན་ཏེ། ལས་ལས་གཞན་པའི་སེམས་པ་དབང་ཕྱུག་གིས་བྱིན་གྱིས་རླབ་པར་སྒྲུབ་པའི་ཕྱིར་རོ། །དེ་སྐད་དུ་ཡང་། དེ་ནི་དབང་ཕྱུག་
གིས་བསྐུལ་བས་མངོན་པར་གསལ་བའི་ལས་ལས་ཡིན་ནོ་ཞེས་བཤད་དོ། །དབང་ཕྱུག་གི་སེམས་པས་བྱིན་གྱིས་བརླབས་པའི་ལས་སྔོན་དུ་འགྲོ་བ་ཅན་ཉིད་བསྒྲུབ་པ་ན་གྲུབ་པ་ལ་སྒྲུབ་པ་མ་ཡིན་ནོ་ཞེ་ན། དེ་ནི་མེད་དེ། གལ་ཏེ་སེམས་པའི་རང་བཞིན་གྱིས་རང་ལས་ཡོད་ན། དེའི་ཚེ་
Vol. 178 · folio 31b
སེམས་པ་གཞན་སྒྲུབ་པ་ནི་དོན་མེད་དོ། །སེམས་པ་མེད་པ་དེ་ནི་འཇུག་པར་ནུས་པ་མ་ཡིན་ཏེ། འདི་ནི་དེའོ་ཞེས་ངེས་པར་བརྟགས་ནས་འཇུག་པ་མཐོང་བའི་ཕྱིར་རོ། །དེས་ན་རང་ཉིད་ངེས་པར་བརྟགས་ནས་འཇུག་པར་བྱ་བའམ། ངེས་པར་རྟོགས་པས་བསྐུལ་ནས་ཡིན་ཏེ། རྣམ་པ་
གཞན་མེད་པའི་ཕྱིར་རོ། །དེ་ལ་སེམས་པ་མེད་པ་རྣམས་ལ་རང་ཉིད་ངེས་པར་རྟོགས་པ་མེད་པའི་ཕྱིར། གལ་ཏེ་ངེས་པར་རྟོགས་པ་གཞན་ཡང་མེད་ན་ནི་མི་འཇུག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེས་ན་སེམས་པ་དང་ལྡན་པའི་སྐུལ་བ་པོ་འགའ་ཞིག་ཡོད་དགོས་སོ་ཞེས་བྱ་བ་
བསམ་པ་ཡིན་ནོ་ཞེས་ཟེར་ཏེ། དེ་ལ། ལས་ཀྱི་རང་བཞིན་སེམས་པ་ཉིད། །གལ་ཏེ་འཇུག་པའི་རྒྱུ་ཡིན་ན། །ངེས་རྟོགས་ལ་ཡང་དེ་ཡི་ནི། །ངེས་རྟོགས་གཞན་ནི་འདོད་མ་ཡིན། །དེ་ལྟ་ན་ཡང་དཔེ་མ་གྲུབ། །བུམ་སོགས་སེམས་པ་དང་ལྡན་པས། །བྱས་ཀྱང་དབང་ཕྱུག་གིས་བྱས་
མིན། །དགོས་པ་མེད་ཕྱིར་གཞན་དུ་ན། །དེ་ཡང་རང་གི་དོན་བྱས་ལ། །འཇུག་པ་དབང་ཕྱུག་དང་ལྡན་པ། །ཡིན་ཕྱིར་ཐུག་པ་མེད་པར་འགྱུར། །འོན་ཏེ་རྫ་མཁན་སོགས་དེ་ཡང་། །མི་ཤེས་ཕྱིར་ན་བཅུག་ནས་འཇུག །དེ་ཤེས་པ་ཡི་དབང་ཕྱུག་དེ། །གཞན་གྱིས་འཇུག་པར་བྱ་བ་
མིན། །འདི་ལྟར། སྐྱེ་བ་པོ་ནི་ཤེས་པ་ཡོད་མིན་པས། །བདག་གི་སྡུག་བསྔལ་བདག་ལ་རང་དབང་མེད། །དབང་ཕྱུག་གིས་ཀྱང་ཡང་ན་མཐོ་རིས་སམ། །གཡང་ས་དག་ཏུ་འགྲོ་བ་ཁོ་ནར་འགྱུར། །མི་ཤེས་སེམས་དང་ལྡན་པ་ཡང་། །ངེས་པར་རྟོགས་ནི་མི་ནུས་སོ། །ངེས་པར་རྟོགས་
མི་ནུས་པའི་ཕྱིར། །བུམ་པ་ལ་སོགས་པ་ལྟར་གཞན་གྱིས་བསྐུལ་བ་ཡིན་ནོ། །དབང་ཕྱུག་ནི་མ་ཡིན་ཏེ། དེ་ནི་ངེས་པར་རྟོགས་ནུས་པའི་ཕྱིར་རོ། །དེས་ན་ཐུག་པ་མེད་པ་མ་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། བྱེད་པོ་གྲུབ་ན་ཀུན་ཤེས་ཉིད། །འགྲུབ་འགྱུར་ཐུག་པ་མེད་པས་ན། །བྱེད་པོའང་
དེ་ལས་ཡིན་པའི་ཕྱིར། །དེ་ནི་ཕན་ཚུན་རྟེན་ཆེན་འགྱུར། །གལ་ཏེ་དབང་ཕྱུག་དམ་པ་འདི་ཐམས་ཅད་ཀྱི་བྱེད་པ་པོ་ཡིན་ནོ་ཞེས་གྲུབ་ན། དེའི་ཚེ་འདི་ཐམས་ཅད་ཤེས་པ་ཉིད་དུ་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །ཐམས་ཅད་ཤེས་པ་ཉིད་ཡིན་ཡང་སྐུལ་བར་བྱེད་པ་ཡིན་པར་འགྱུར་ཏེ། དེ་
Vol. 178 · folio 32a
ལྟར་མ་ཡིན་ན་དེའི་སྐུལ་བར་བྱེད་པ་གཞན་ཡིན་པའི་ཕྱིར་ཐུག་པ་མེད་པ་ཉིད་དོ། །གཞན་ཡང་གལ་ཏེ་དེ་ཐམས་ཅད་ཤེས་པ་ཡིན་ན། ཅི་སྟེ་སྐྱེས་བུ་མི་ཤེས་པ་དམ་པ་མ་ཡིན་པའི་ཐ་སྙད་ལ་འཇུག་པར་བྱེད། དཔྱོད་པ་དང་ལྡན་པ་ནི་དམ་པའི་ཉེ་བར་བསྟན་པ་བྱེད་
པར་མཐོང་ན། དེའི་ལོག་པར་འཇུག་པའི་སྐྱེ་བོ་ཡང་སྐྱེད་པར་བྱེད་པས་དེ་ཅི་ལྟར་ཚད་མ་ཡིན། འོན་ཏེ་དེ་ནི་དམ་པ་ཉིད་ཀྱི་ཉེ་བར་བསྟན་པ་ཉིད་བྱེད་པ་དེས་ན་ཚད་མ་ཡིན་ནོ། །ཆོས་མ་ཡིན་པའི་བྱེད་པ་ནི་དམ་པ་མ་ཡིན་པའི་འབྲས་བུ་མྱོང་བར་བྱེད་པ་ཡིན་ཏེ། དེས་ན་ཚད་མའི་འབྲས་བུ་
སྦྱིན་པར་བྱེད་པ་ནི་དཔྱོད་པ་དང་ལྡན་པ་ཉིད་དོ་ཞེ་ན། དེ་ཡང་མ་ཡིན་ཏེ། གང་གི་ཕྱིར། འདི་ནི་ཆོས་མ་ཡིན་པ་ལའང་། །སྐྱེ་བོ་འཇུག་པར་བྱེད་ཉིད་ན། །མི་རིགས་པ་ནི་བྱས་ནས་དེ། །ཅི་ལྟར་རིགས་པ་ལ་འཇུག་བྱེད། །རེ་ཞིག་དང་པོ་ནི་རིགས་པ་ཉིད་ལ་འཇུག་པར་བྱེད་ལ། དེ་ནས་ནི་དེ་ཟློག་པའི་
ཕྱིར་ཆོས་ལ་ཡིན་པའི་ཕྱིར་དབང་ཕྱུག་འདི་ཅི་ལྟར་རྟོག་པ་སྔོན་དུ་བྱེད་པ་ཡིན། དེ་ཕྱིར་བཀུས་ལ་དོར་རོ་ཞེས་བྱ་བ་དེ་བྱུང་བ་ཡིན་ནོ། །འོན་ཏེ་འདི་སྡིག་ལ་འཇུག་པར་བྱེད་པ་ནི་དེའི་ལས་ཀྱིས་བྱིན་གྱིས་བརླབས་པ་ཉིད་དོ་ཞེ་ན། དེ་ལྟ་ཡིན་ན་རྟོགས་པར་བྱེད་པ་ཉམས་སོ། །ལས་དེ་ཡང་
ཅིའི་ཕྱིར་བྱེད་དུ་འཇུག་ཅེས་ཐལ་བ་མཚུངས་པས་སོ། །འོན་ཏེ་འདི་ཆོས་མ་ཡིན་པ་བྱེད་དུ་འཇུག་པ་ནི་མ་ཡིན་གྱི། ཆོས་མ་ཡིན་པ་བྱེད་པ་དེའི་འབྲས་བུ་མྱོང་དུ་འཇུག་པ་ཡིན་ཏེ། དེ་ལས་གཞན་པའི་དབང་ཕྱུག་བཞིན་ནོ་ཞེ་ན། དེ་ཡང་སྙིང་པོ་མེད་དེ། དབང་ཕྱུག་གཞན་ནི་ནུས་མེད་པས། །
སྡིག་པ་འགོག་པར་བྱེད་པ་མིན། །དེ་ནི་ནུས་མེད་པ་དག་ལས། །ཤིན་ཏུ་ལྡོག་པར་འདོད་པ་ཡིན། །འོན་ཏེ་འདི་ནུས་པ་མེད་པ་ཉིད་ཡིན་ན། དེ་ལྟ་ཡིན་ན། སྡིག་བཞིན་ཐམས་ཅད་དབང་ཕྱུག་གིས། །བྱས་པ་མིན་ཞེས་གཟེངས་བསྟོད་ལ། །བརྗོད་བྱ་རང་ལེགས་བྱེད་པའི་ཕྱིར། །ཆོས་
སོགས་ཀྱང་དེ་ལས་སམ་ཅི། །གཞན་ཡང་། འཇིག་རྟེན་དབང་ཕྱུག་མེད་པར་ཡང་། །ཆོས་མིན་འབྲས་བུ་སྤྱོད་དམ་ཅི། །མེད་པར་ཡང་ནི་ཅི་ལྟར་དེ། །བྱེད་པོ་ཉིད་དུ་རྟོགས་པར་བྱེད། །འོན་ཏེ་དེ་མེད་པར་ནི་འགའ། །ཆོས་མིན་འབྲས་བུ་མི་སྤྱོད་ན། །རྟོགས་པ་དང་ལྡན་ཅི་ལྟ་ན། །དོན་དང་
Vol. 178 · folio 32b
མི་ལྡན་འདི་ལ་ཞུགས། །རྩེད་མོ་དོན་དུ་དེ་ཞུགས་ན། །རྟོགས་པ་སྔོན་བྱེད་ག་ལ་ཡིན། །གཅིག་ཅིག་སྐད་ཅིག་ཙམ་འབྲངས་པས། །གཞན་པ་དག་ནི་སྲོག་དང་བྲལ། །གཞན་ཡང་། གལ་ཏེ་བསྟན་བཅོས་གཞན་པ་ཀུན། །དབང་ཕྱུག་རྟོགས་པ་ལས་ཡིན་ན། །བདེན་དང་མི་
བདེན་ཉེར་སྟོན་པ། །བྱེད་ཕྱིར་ཅི་ལྟར་ཚད་མ་ཡིན། །བསྟན་བཅོས་ཐམས་ཅད་ཀྱི་མཚན་ཉིད་ཕན་ཚུན་འགལ་བས་གནོད་པ་བདེན་པ་དང་། བདེན་པ་མ་ཡིན་པ་ཉེ་བར་སྟོན་པར་བྱེད་པའི་ཕྱིར་འདི་ཚད་མ་མ་ཡིན་པས་ན་ཤིན་ཏུ་ཡ་མཚན་ཆེ་བ་དང་། ཚད་མ་ཅན་མ་ཡིན་པ་ཡང་ཡིན་
ནོ། །འོན་ཏེ་བསྟན་བཅོས་མཐའ་དག་བྱེད་པ་མ་ཡིན་ན། དེའི་ཚེ་བསྟན་བཅོས་གཞན་བཞིན་དུ་ཐམས་ཅད་དབང་ཕྱུག་གིས་བྱས་པ་མ་ཡིན་ནོ། །འོན་ཏེ་འདི་ཆོས་དང་ཆོས་མ་ཡིན་པས་བསྐུལ་བ་ཉིད་ཐམས་ཅད་བྱེད་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་དོན་མི་སྲིད་དོ་ཞེ་ན། དེ་ལྟ་ན་སྐྱེ་བོ་ཐ་
མལ་པ་ཐམས་ཅད་བདག་ཉིད་ཆོས་ལ་སོགས་པས་བསྐུལ་ནས་བྱེད་པའི་ཕྱིར་དབང་ཕྱུག་རྟོགས་པ་དོན་མེད་དོ། །གལ་ཏེ་བདག་ཀུན་ཐམས་ཅད་ཀྱི། །བྱེད་པོ་མིན་ཞེས་བྱ་བ་ནི། །བརྟགས་ན་དེ་ནི་ཐམས་ཅད་ཀྱི། །བྱེད་པོ་གང་དུ་དགོས་པར་འགྱུར། །ཐམས་ཅད་ཀྱི་ནི་བདག་རྣམས་
ཀྱི། །ཐམས་ཅད་བྱེད་ན་ཅི་ཞིག་ཉམས། །དེ་བཞིན་མང་པོས་གཅིག་དང་ནི། །མང་པོ་རྣམས་ཀྱང་གཅིག་གིས་བྱེད། །འོན་ཏེ་གཞན་དུ་ཀུན་ཤེས་ཉིད། །མི་འགྱུར་ཕྱིར་ན་ཐམས་ཅད་ཀྱི། །བྱེད་པ་པོ་ནི་གཅིག་འདོད་དེ། །གཞན་ནི་བྱེད་པོ་ཉིད་མ་ཡིན། །བྱེད་པ་འདི་ནི་གཙོ་བོ་སྟེ། །
དེ་ལས་དོན་གཉེར་མཆོག་ཐོབ་འགྱུར། །ཀུན་ཤེས་ཙམ་གྱིས་ནུས་མེད་པ། །གཞན་གྱིས་བསྟན་པར་བྱ་བ་མིན། །དེ་ཡང་མི་བདེན་ཏེ། དོན་ནི་དོན་མེད་བྱེད་ནུས་པ། །བུ་རམ་མངར་བ་བྱེད་པ་པོ། །ཀུན་མཁྱེན་ཡིན་ཡང་དགོས་མེད་ཕྱིར། །བསྟེན་པར་བྱ་བ་མིན་པར་འགྱུར། །ཀུན་
ཤེས་ཉིད་དུ་གྲུབ་པར་ནི། །ནུས་ན་ཐམས་ཅད་བྱེད་པོར་ཉིད། །ཐམས་ཅད་བྱེད་པོ་ཡིན་ན་ཡང་། །དེ་ཡི་ཐམས་ཅད་ཤེས་ཉིད་འགྱུར། །ཐམས་ཅད་ཤེས་མིན་བྱེད་པ་པོ། །མཐོང་བ་ཀུན་རིག་ཅི་ལྟར་འགྱུར། །དེ་ཕྱིར་དཔེ་ཡིས་འགྲུབ་འགྱུར་ཏེ། །དེ་ལྟ་ཞེ་ན་མྱུག་མ་ཉམས། །རང་
Vol. 178 · folio 33a
གི་བྱ་ལ་རྫ་མཁན་སོགས། །ཤེས་ཉིད་དབང་ཕྱུག་དོན་མེད་ཡིན། །ལས་ནུས་གྲུབ་པར་འགྱུར་བ་ན། །མཁོ་མེད་ཅི་ལྟར་བྱེད་པོ་ཡིན། །གལ་ཏེ་ཤེས་ཀྱང་རྫ་མཁན་སོགས། །བསྐུལ་བྱ་ཡིན་པར་འདོད་ན་ནི། །ཁྱད་པར་མེད་ཕྱིར་དབང་ཕྱུག་ཀྱང་། །དེ་ལས་
གཞན་གྱིས་བསྐུལ་བར་འགྱུར། །འོན་ཏེ་བདག་ཉིད་ཀུན་ཤེས་པར། །གྲུབ་པ་མངོན་པར་བརྗོད་པ་འདི། །ཀུན་གྱི་སྐུལ་བྱེད་འགྱུར་ཞེ་ན། །དེ་ནི་དེ་ལྟར་གང་གིས་ཤེས། །གཞན་ཡང་། བདག་ཉིད་བརྟགས་ནས་བྱེད་པ་གང་། །དེར་ནི་དབང་ཕྱུག་བྱེད་པོ་མིན། །ཀུན་གྱི་བློ་ཉིད་དབང་ཕྱུག་
ལས། །ཞེས་བྱ་ཚད་མ་དང་ལྡན་མིན། །རྒྱུ་ནི་གདམས་ངག་ལ་སོགས་པས། །དེ་ལས་གཞན་པའི་གདམས་ངག་ལས། །སྟོན་བྱེད་ཡིན་ཕྱིར་ཐོག་མེད་པས། །འདོད་པ་ཐམས་ཅད་རྫོགས་པ་ཡིན། །དེས་ན་འཇུག་པ་ཐམས་ཅད་ནི། །དབང་ཕྱུག་གིས་བསྐུལ་བ་མ་ཡིན། །དེ་ཕྱིར་
གཙོ་བོ་སྐྱེས་བུ་ལ། །སོགས་པའི་བྱེད་པོ་ངེས་མི་འགྱུར། །དབྱིབས་ཀྱི་ཁྱད་པར་དང་ལྡན་ཕྱིར། །ཞེས་བྱ་བ་འདི་གཏན་ཚིགས་མ་ཡིན་ཏེ། དབྱིབས་ཐམས་ཅད་སྐྱེས་བུ་སྔོན་དུ་འགྲོ་བ་ཅན་དུ་མ་མཐོང་ངོ་། །ས་བོན་ལ་སོགས་པ་རྒྱུའི་ཁྱད་པར་ཙམ་ལས་ཀྱང་དེ་མཐོང་བའི་ཕྱིར་ཤིང་ལ་སོགས་
པའི་དབྱིབས་བཞིན་ནོ། །དེ་ལ་ཅི་ལྟར། ཤིང་སོགས་དབྱིབས་ནི་སེམས་པ་ཡང་། །རྒྱུ་དང་རྗེས་སུ་འབྲེལ་པ་ཡིན། །དེ་བཞིན་གཙོ་བོ་ཞེས་བྱ་བས། །བཅུག་པའི་བུམ་སོགས་དེ་ལྡན་འགྱུར། །དེ་ལྟར་ཤིང་ལས་ཤིང་གི་ནི། །རྒྱུ་ཡི་ས་བོན་སྐྱེས་འགྱུར་བ། །དེ་བཞིན་བུམ་པའང་བུམ་པ་
ཡིས། །བཅུག་པའི་འཇིམ་གོང་ལས་ཡིན་ན། །རྫ་མཁན་དག་ལས་སོགས་པ་ནི། །རྟག་ཏུ་དེ་ཡི་དབང་པོར་འདོད། །མདོག་དང་ལུས་དང་དབྱིབས་དེ་དག །རྫ་མཁན་ནི་དབྱིབས་ལ་སོགས་པ་དེའི་སྐྱེད་བྱེད་མ་ཡིན་ནོ། །ཤིང་གི་ས་བོན་རིགས་མི་མཐུན་པའི་དབྱིབས་སུ་སྐྱེད་པར་ནི་ལེགས་པར་
བསླབས་པའི་སེམས་ཅན་གྱིས་ཀྱང་ནུས་པ་མ་ཡིན་ནོ། །གལ་ཏེ་འཇིམ་གོང་རྫ་མཁན་གྱིས་དབྱིབས་སུ་བྱེད་པར་དམིགས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། འཇིམ་གོང་ཡང་དེ་འདྲ་བ་ཉིད་ཡིན་པའི་ཕྱིར་རོ། །འཇིམ་གོང་ནི་མདོག་དང་དབྱིབས་དེ་འདྲ་བའི་རང་བཞིན་ཉིད་ཡིན་ཏེ། དཔེར་ན་ཁྭ་
Vol. 178 · folio 33b
ཏའི་ས་བོན་ཤིང་ཁྭ་ཏའི་མདོག་དང་། དབྱིབས་དང་ལྡན་པ་བཞིན་ནོ། །དེ་ཡང་ཅི་ལྟར་ཞེ་ན། འདིར་བརྗོད་པ། གལ་ཏེ་མདོག་དབྱིབས་རང་བཞིན་ཉིད། །ནུས་པར་ས་བོན་ལ་མེད་ན། །རྒྱུ་ཡི་ས་བོན་མེད་པའི་ཕྱིར། །འབྲས་ལ་དེ་ནི་ག་ལས་འོངས། །དེ་བྱེད་དབང་ཕྱུག་ཡིན་ཞེ་ན། །ས་
བོན་ལས་ཅི་གཞན་ལས་མིན། །དེ་ལྟར་སྔར་ནི་བསལ་ཟིན་ཏེ། །དེ་རྒྱུ་དབང་ཕྱུག་ཅི་ལྟར་ཡིན། །ས་བོན་གྱི་རྒྱུའི་ཤིང་ནི་ས་བོན་གྱི་འབྲས་བུའི་དུས་ན་མེད་པ་དེས་ན་དེ་ནི་དབྱིབས་ཀྱི་རྒྱུ་མ་ཡིན་ནོ། །དབང་ཕྱུག་ཀྱང་མ་ཡིན་ཏེ། རིགས་མི་མཐུན་པའི་ཤིང་གི་རྒྱུའི་ས་བོན་ལས་མི་འབྱུང་བའི་
ཕྱིར་རོ། །དབང་ཕྱུག་དེའི་རྒྱུ་ཡིན་ན་ནི་ཤིང་གི་དབྱིབས་དེ་རིགས་མི་མཐུན་པའི་ས་བོན་ལས་ཀྱང་ཅི་ལྟར་མི་འབྱུང་། དེས་ན་ནུས་པའི་རང་བཞིན་དུ་ཤིང་གི་ས་བོན་ལ་ཡོད་པའི་ཤིང་གི་དབྱིབས་ཉིད་མངོན་པར་གསལ་བ་ཡིན་ནོ། །དཔེར་ན་མུན་ཁུང་ན་གནས་པའི་ཁྱེའུ་དང་བུ་མོའི་སྒྲོན་མ་ལས་ཡིན་
པ་དེ་བཞིན་དུ་རྫ་མཁན་གྱིས་ཀྱང་འཇིམ་གོང་ལས་དབྱིབས་གསལ་བ་ཡིན་ནོ། །རྫ་མཁན་ཡང་བུམ་པ་ལ་སོགས་པའི་སྒྲུབ་པ་ན། དབྱིབས་ནི་ནུས་པའི་རང་བཞིན་དུ་གནས་པའི་དབྱིབས་ཉིད་ལས་ཡིན་ནོ། །དེས་ན་རྫ་མཁན་ལ་སོགས་པའི་སྐྱེས་བུ་ལོངས་སྤྱོད་པ་པོ་ནི་དབང་པོ་ཉིད་ཡིན་
གྱི། དེ་ལ་བྱེད་པ་པོ་ནི་འགའ་ཡང་མེད་དོ། །དེ་ལོངས་སྤྱོད་པར་འདོད་པས་དེ་ལྟ་དེ་ལྟར་ནུས་པའི་རང་བཞིན་གཙོ་བོ་འཇུག་པའི་ཕྱིར་རོ། །དེ་སྐད་དུ་ཡང་། སྐྱེས་བུའི་ཉེ་བར་སྤྱོད་པ་ནི། །གྲུབ་ཕྱིར་གཙོ་བོ་རབ་འཇུག་སྟེ། །ལྟད་མོ་པ་དོན་གྲུབ་པའི་ཕྱིར། །གར་གྱི་ལྟད་མོ་བྱེད་པ་
བཞིན། །དེས་ན་བློ་དང་ལྡན་པའི་རྒྱུ་ཅན་ལས་བཟློག་པ་གྲུབ་བོ། །འོན་ཏེ་སྐྱེས་བུའི་སོ་སོའི་བདག་ཉིད་ཐ་དད་པའི་ཕྱིར་གཞན་འདོད་ཆགས་ལ་སོགས་པ་དང་བྲལ་བའི་བདག་ཉིད་ཐམས་ཅད་ཀྱི་དབང་ཕྱུག་གཅིག་ཡོད་དགོས་ཏེ། དེ་ལྟ་མ་ཡིན་ན། གང་ལ་ཉེ་བར་སྤྱོད་འདོད་པ་ན། གཙོ་བོ་རོ་འཇུག་
པར་འགྱུར་བ་འཁོར་བ་པའི་སྐྱེས་བུ་རྣམས་ལ་དབྱིབས་དང་མདོག་ལ་སོགས་པ་སོ་སོར་ངེས་པ་སུས་བསྟན་ཞེ་ན། འདི་ལ་བཤད་ཟིན་ཏེ། ཅི་ལྟར་ལྟད་མོ་པ་རྣམས་ཐོག་མ་མེད་པ་ཅན་གྱི་ཉེ་བར་བསྟན་པ་མཐོང་བ་ལས་ལྟ་འདོད་པ་ཚིམ་པའི་ཕྱིར་གར་བྱེད་པ་གར་ལ་རབ་ཏུ་སྦྱོར་བ་དེ་བཞིན་དུ་འཁོར་
Vol. 178 · folio 34a
བ་པའི་སྐྱེས་བུ་རྣམས་ཀྱང་ཡིན་ནོ། །མི་ཤེས་ཕྱིར་ན་འོ་མ་ནི། །ཇི་ལྟར་བེའུ་སྐྱེད་ཕྱིར་འཇུག །དེ་བཞིན་གཙོ་བོ་འཇུག་འདི་ཡང་། །ཅི་ཡི་ཕྱིར་ན་འདོད་མ་ཡིན། །དེའི་ཕྱིར་མཐའ་བདེ་བ་ལ་སོགས་པ་དང་ལྡན་པའི་རང་བཞིན་མཐོང་བས། བདེ་བ་ལ་སོགས་
པའི་རང་བཞིན་ཐམས་ཅད་ཀྱི་རྒྱུར་འགྱུར་བ་ཡིན་ལ། དེ་ཙམ་གྱིས་ཡོངས་སུ་རྫོགས་པའི་ཕྱིར་དབང་ཕྱུག་མི་འགྲུབ་བོ། །འདི་ནི་རིགས་པ་ཡང་མ་ཡིན་ཏེ། དོན་རྣམས་རྟོགས་པ་སྔོན་འགྲོ་ཅན། །མ་ཡིན་པར་ནི་དམིགས་པའི་ཕྱིར། །དེ་རྒྱུ་སེམས་པ་ཅན་མིན་ཞེས། །རིགས་པ་ཤེས་
པའི་ཚུལ་ཡིན་ནོ། །དོན་རྣམས་རྒྱུ་ནི་རྟོགས་པ་དང་། །མི་ལྡན་པ་ནི་མི་རིགས་མེད། །ར་སོགས་རིལ་མ་ལ་སོགས་ཀྱི། །ཟླུམ་པོ་སོགས་ལ་མིན་ནམ་ཅི། །དེ་ལྟ་གཙོ་བོ་ཉིད་རྒྱུར་རོ། །ཞེས་བྱ་བ་ནི་གྲངས་ཅན་གྱིའོ། །དེ་ལ་འདི་སྐད་བརྗོད་དོ། །དངོས་པོ་ཉིད་ཕྱིར་བདེ་སོགས་དང་། །སེམས་
པ་ཡིན་ཕྱིར་སྐྱེས་བུ་རྣམས། །གལ་ཏེ་རྗེས་འགྲོ་དེ་ཡི་ཕྱིར། །དེ་ཉིད་རྒྱུར་ནི་ཅིས་མི་འདོད། །ཡང་དག་པར་ན་གཙོ་བོ་ལ། །དབྱིབས་དང་མདོག་སོགས་ཡོད་མིན་ན། །ཇི་ལྟར་གཙོ་བོའི་ཁ་དོག་ལས། །སོགས་པའི་འབྲས་བུ་མེད་པར་འདོད། །ཅི་སྟེ་ནུས་པའི་རང་བཞིན་གྱིས། །ཐམས་
ཅད་དེར་ནི་འདུས་པ་སྟེ། །ནུས་ཀུན་རང་བཞིན་ཅན་གྱིས་ནི། །དངོས་པོ་གཙོ་བོ་ཡིན་བརྗོད་ན། །གཞན་བཞིན་མཐོང་མེད་དེ་ལ་ནི། །དེ་འདྲའི་རྒྱུ་ཉིད་རྗེས་སུ་དཔོག །འབྲས་བུ་འབྲས་བུ་གཞན་ལས་ཏེ། །འབྲས་བུ་ཉིད་ཕྱིར་འབྲས་གཞན་བཞིན། །རྒྱུ་མེད་པའི་རྒྱུར་ནི་མ་དམིགས་སོ། །དེས་
ན་དམིགས་པའི་རང་བཞིན་གྱིས་རྗེས་སུ་འབྲང་བ་ཉིད་ཀྱིས་རྒྱུ་ཉིད་རྟོགས་པ་ཡིན་ནོ། །འོན་ཏེ་ཐ་དད་པ་རྣམས་རྗེས་སུ་འགྲོ་བའི་ཕྱིར། རྗེས་སུ་འགྲོ་བ་ཅན་གྱིས་རང་བཞིན་གྱི་རྒྱུ་འགའ་ཞིག་དང་ལྡན་པར་འགྱུར་གྱི། རྒྱུ་ནི་འགའ་དང་ཡང་རྗེས་སུ་འགྲོ་བ་མ་ཡིན་པའི་ཕྱིར་ཇི་ལྟར་དེ་ལ་རྒྱུ་
གཞན་ཡོད་པར་འགྱུར། བུམ་པ་དང་། ཁམ་ཕོར་ལ་སོགས་པ་ཐ་དད་པ་ལ་ནི་སའི་རང་བཞིན་རྗེས་སུ་འགྲོ་བའི་ཕྱིར་འཇིམ་གོང་གཅིག་སྔོན་དུ་འགྲོ་བ་ཅན་ཉིད་དོ། །འཇིམ་གོང་ནི་འཇིམ་གོང་གཞན་སྔོན་དུ་འགྲོ་བ་ཅན་མ་ཡིན་ཏེ། འཇིམ་གོང་ནི་གཅིག་ཡིན་པའི་ཕྱིར་རོ། །འཇིམ་གོང་དང་
Vol. 178 · folio 34b
དབྱི་གུ་ལ་སོགས་པ་རྣམས་ཀྱང་། ཅི་སྲིད་གཅིག་ཉིད་ཀྱི་མཐར་ཐུག་པར་གཞན་གཅིག་སྔོན་དུ་འགྲོ་བ་ཅན་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། སྙིང་སྟོབས་ལ་སོགས་པ་དང་། སྐྱེས་བུ་རྣམས་ལ་ཡང་རྒྱུ་གཞན་ཡོད་པར་འགྱུར་རོ། །འོ་ན་རྒྱུ་གཞན་གཅིག་ཉིད་འགའ་ཞིག་ཡོད་མོད་
ཅེ་ན། དེ་ཡང་མ་ཡིན་ཏེ། ཡོན་ཏན་གསུམ་སོགས་རང་བཞིན་དུ། །གཙོ་བོ་དེ་ནི་འགྲུབ་མི་འགྱུར། །དངོས་པོ་ཉིད་ཀྱིས་རྗེས་འགྲོ་ཕྱིར། །དངོས་རྒྱུ་འགའ་ཞིག་འདོད་པར་གྱིས། །དངོས་པོ་དངོས་པོ་ཞེས་རྗེས་སུ་འགྲོ་བའི་ཕྱིར་དངོས་པོའི་རང་བཞིན་ཉིད་འབྲས་བུ་རྣམས་ཀྱི་རྒྱུ་ཡིན་
པར་འགྱུར་རོ། །གལ་ཏེ་འཇིམ་པ་ལ་སོགས་པའི་རང་བཞིན་ལས་དངོས་པོའི་རང་བཞིན་ཉིད་གཞན་ནི་མེད་དོ། །དེས་ན་འཇིམ་པ་ལ་སོགས་པའི་རང་བཞིན་རྒྱུ་ཡིན་པར་འགྱུར་རོ། །དེ་ལྟར་ཡིན་ན་གཙོ་བོ་ཐམས་ཅད་ཀྱི་བདག་ཉིད་ཅན་ཡིན་ནོ་ཞེས་བྱ་བར་འགྱུར་རོ་ཞེ་ན། དེ་ནི་མེད་དེ།
ངོ་བོ་ཉིད་ཀྱིས་རྣམ་ཀུན་དུ། །འབྲས་བུ་རྒྱུ་ཡི་རྗེས་འགྲོ་མིན། །མེ་སོགས་གཞན་དུ་གྱུར་པ་ལས། །དུ་བ་ལ་སོགས་གཞན་དུ་མཐོང་། །གང་ཞིག་གང་གི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་དེའི་རྒྱུ་དེ་ཡིན་གྱི་དེའི་རང་བཞིན་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་། མེ་ལས་དུ་བ་དང་།
སྤྲིན་ལ་སོགས་པ་ལས་ཆུ་ལ་སོགས་པ་ཡིན་པས་དེ་ལ་འདྲ་བ་མེད་པའི་ཕྱིར་རྒྱུ་དང་འབྲས་བུའི་དངོས་པོར་མི་འགྱུར་རོ། །འོན་ཏེ་དེར་ཡང་དེ་ལྟ་བུར་གྱུར་པའི་འབྲས་བུ་ཉིད་ལས་འདྲ་བའི་རྒྱུ་འགའ་ཞིག་ཡོད་པར་རྗེས་སུ་དཔོག་གོ་ཞེ་ན། གལ་ཏེ་འདྲ་བ་དང་རྒྱུ་དང་འབྲས་བུའི་དངོས་པོར་འབྲེལ་པ་
ཡོད་ན་རྗེས་སུ་དཔོགས་ཤིག །ཡོད་པ་ནི་མ་ཡིན་ཏེ། ཁྱབ་པ་མེད་པའི་ཕྱིར་རོ། །གང་གི་འཁྲུལ་པ་དེ་ཡང་ཕྱོགས་སུ་བྱེད་དོ་ཞེ་ན། དེ་ལྟ་ན་ནི་འོ་ན་འགའ་ཡང་མ་ངེས་པ་ཞེས་བྱ་བར་མི་འགྱུར་ཏེ། གང་དང་གང་གིས་འཁྲུལ་པ་དེ་ཉིད་ཕྱོགས་སུ་བྱེད་པའི་ཕྱིར་རོ། །དེས་ན་ཐུག་པ་
མེད་པར་ཐལ་བར་འགྱུར་བའི་ཕྱིར་དེ་ནི་མ་ཡིན་ནོ། །ཅི་སྟེ་ཡང་། འདི་ནི་ལས་ཀྱི་ཡོངས་གྱུར་ཅེས། །བྱ་བ་དེ་ནི་ག་ལས་གྲུབ། །རྗེས་སུ་འགྲོ་དང་ལྡོག་པ་ནི། །ལས་ལའང་མཐོང་བ་མེད་པ་ཉིད། །དགེ་བ་དང་མི་དགེ་བའི་ལས་ཀྱང་འགྲོ་བ་སྣ་ཚོགས་འདིའི་རྒྱུ་ཡིན་ནོ་ཞེས་ཤེས་པ་མེད་དོ་
Vol. 178 · folio 35a
ཞེས་བརྗོད་ན། འདི་ནི་རེ་ཞིག་གཞག་སྟེ། གཞན་བརྗོད་དོ། །འདོད་ཆགས་ལ་སོགས་པ་དང་ལྡན་ཡང་ནུས་པ་མཐའ་དག་དང་ལྡན་པར་འགྱུར་རོ། །དེས་ན་རྩད་མོའི་དོན་དུ་འགྲོ་བ་སྣ་ཚོགས་བྱེད་པ་ཡིན་ནོ་ཞེས་གང་བརྗོད་པ་དེ་ལ་བཤད་པ་ནི། མི་ཤེས་ཆགས་
པ་དང་ལྡན་རྣམས། །རྩེ་བྲོད་དག་པའི་བདག་ཉིད་མིན། །ཅུང་ཟད་ཙམ་ཞིག་དག་པས་ཀྱང་། །འཕགས་པ་རྩེད་མོ་ལ་མི་འཇུག །ཡ་རབས་གཞན་ནི་དམྱལ་སོགས་ཀྱིས། །འཇིགས་ཕྱིར་རྩེད་མོ་ལ་མི་འཇུག །དེ་ལ་འཇིགས་པ་དེ་མེད་པས། །ཅི་ཕྱིར་དེ་ལས་ལྡོག་པ་ཡིན། །གལ་ཏེ་
འདོད་ཆགས་ལ་སོགས་ཀྱིས། །དམྱལ་སོགས་སྡུག་བསྔལ་འཇུག་བྱེད་ན། །དེ་ལ་དེ་མེད་པ་འདི་ནི། །ཁྱོད་ལ་མཛའ་བཤེས་སུ་ཡིས་བརྗོད། །བསྒོམ་པའི་སྟོབས་ལས་ཡང་དག་འབྱུང་། །ཙནྡན་སྟེའུ་མཉམ་པ་ལ། །དམྱལ་བ་ལ་སོགས་སྡུག་བསྔལ་གྱིས། །གནོད་པ་མ་ཡིན་
ཞེས་བྱར་གནས། །དེ་ནི་དེ་ལྟ་ཉིད་འགྱུར་བ། །ཡིན་ཞེས་ཁྱེད་ལ་དེ་མི་རིགས། །འདི་དེའི་རང་བཞིན་ཉིད་ཡིན་ན། །འགྲོ་བའི་རང་བཞིན་ཉིད་དུ་འགྱུར། །འདི་ནི་དེ་གཅིག་ཉིད་ཡིན་ན། །འདི་ནི་རྒྱལ་པོ་སྤྱོད་པར་གསལ། །གཞན་ཡང་། དབང་ཕྱུག་དབང་ཕྱུག་ལས་འགྱུར་ཞིང་། །དེ་
ཡིའང་གཞན་ལས་དེ་ལས་ནི། །གཞན་གྱི་དེ་ཡང་གཞན་ལས་དེ། །དབང་ཕྱུག་ངོ་བོ་ཉིད་ཀྱིས་ནི། །བརྒྱ་བྱིན་ཚངས་པ་ཉིད་སྲིད་པས། །ཡོན་ཏན་ཁྱད་འབྱུང་སྲིད་ན་ནི། །དབང་ཕྱུག་ཉིད་ཀྱང་ཐོབ་བྱ་སྟེ། །དབང་ཕྱུག་རྟག་ཏུ་གནས་པ་མེད། །འོན་ཏེ་དེ་ཡང་མེད་ཉིད་ནི། །དེས་ན་
འཁོར་འགྱུར་དབང་ཕྱུག་མེད། །གང་ཞིག་འདི་ལ་སྐུར་འདེབས་པ། །དེས་ནི་གཞན་དུའང་བཟོད་དམ་ཅི། །གང་ཞིག་སྐྱེ་བོ་དམ་པ་ནི། །འདུ་བ་གྲོང་དུ་བཅོམ་པ་དེ། །སྐྱོབ་པ་དག་དང་བྲལ་བ་ལ། །དགོན་པ་རུ་ནི་ག་ལ་བཟོད། །དེ་ལྟར་གོང་ནས་གོང་དུ་འགྱུར་བའི་རང་བཞིན་ལ་དེའི་རྗེས་
སུ་འབྲངས་ནས་རབ་ཏུ་འགྱུར་བ་སྟོན་པ་གང་ཡིན་པ་དེ་རྗེས་སུ་འགྲོ་བ་མེད་པ་ཉིད་ཀྱི་དངོས་པོ་མི་སྤོང་ངོ་ཞེས་བྱ་བ་དེ་ལ་ཡིད་ཆེས་པ་ཅི་ཡོད། དེའི་ཕྱིར། དངོས་པོ་དབྱིབས་དང་འབྲེལ་པའི་ཕྱིར། །བྱེད་པོས་བྱས་པར་གྲུབ་ན་ཡང་། །རྒྱུ་མེད་ཡོན་ཏན་ལྡན་པར་གོ། །གང་ལས་འགྲུབ་པར་
Vol. 178 · folio 35b
འགྱུར་བ་ཡིན། །ཡོན་ཏན་ཁྱད་པར་ལ་ཁྱད་པར་དུ་མཐོང་བའི་ཕྱིར། སྔར་ནུས་པ་མེད་པ་རྣམས་ཀྱང་མངོན་པར་བརྩོན་པའི་ཁྱད་པར་ལས་ཕྱིས་ནུས་པར་འགྱུར་རོ་ཞེས་བྱ་བ་འདི་ནི་རིགས་ཀྱི། ཤིན་ཏུ་མཚན་ཉིད་མི་མཐུན་པ་ནུས་པའི་བདག་ཉིད་ངོ་བོ་ཉིད་ཀྱིས་གྲུབ་པ་རྗེས་སུ་འགྲོ་བ་དང་བྲལ་བ་
ལ་ནི་སྒྲུབ་པར་བྱེད་པ་མི་སྲིད་པ་ཉིད་དོ། །གཞན་ཡང་། དབྱིབས་ཞེས་བྱ་འདི་དངོས་པོ་ཡི། །གནས་པར་གྲུབ་པ་ཡོད་མ་ཡིན། །འཁྲུལ་པ་ཙམ་དུ་ཡོད་པའི་ཕྱིར། །དེ་ནི་རྡུལ་ཕྲན་ཉིད་ཡིན་ནོ། །རྡུལ་ཕྲ་རབ་དག་ལས་ཐ་དད་པའི་རྫས་ལ་བརྟེན་པའི་དབྱིབས་ནི་ཡོད་པ་མ་ཡིན་ཏེ། རྡུལ་
ཕྲ་རབ་དག་འགའ་ཞིག་ཏུ་ཟད་དོ། །དེས་ན་རྡུལ་ཕྲ་རབ་དག་བཞིན་ནོ་ཞེས་ཆོས་མི་མཐུན་པར་ཇི་ལྟར་བརྗོད། འོན་ཏེ་དེ་ནི་འཇིག་རྟེན་གྱི་གྲགས་པ་ཙམ་དུ་རྣམ་པར་གནས་པ་ཉེ་བར་བཀོད་པ་ཡིན་ནོ་ཞེ་ན། དེ་ཡང་མི་འཐད་དེ། རྟོགས་པས་བཀོད་པ་ཙམ་ནི་སྒྲུབ་པར་བྱེད་པ་མ་ཡིན་པའི་
ཕྱིར་རོ། །འོན་ཏེ་རྡུལ་ཕྲ་རབ་དག་ཉིད་རང་བཞིན་དེས་བརྗོད་པ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་རྡུལ་ཕྲ་རབ་དག་ཀྱང་འབྲས་བུ་ཉིད་དོ། །དེས་ན་འབྲས་བུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་འདི་ཉིད་གཏན་ཚིགས་སུ་དགོད་པར་འོས་སོ། །འོན་ཏེ་དེ་ལྟ་བུར་འཁྲུལ་པ་སྐྱེད་པར་བྱེད་པའི་རྡུལ་ཕྲ་རབ་དེ་ལྟར་
བརྗོད་པ་ཡིན་ནོ། །དེ་ལྟ་ན་ནི་འོ་ན། གལ་ཏེ་རྡུལ་ཕྲན་དངོས་སུ་ན། །ངོ་བོ་ཉིད་ཀྱིས་སྣང་ན་ནི། །དབང་ཕྱུག་ལ་ནི་ང་ཡི་དབྱིབས། །བྱེད་པའི་བློ་ནི་ཅི་ལྟར་འགྱུར། །གལ་ཏེ་ངེས་པར་བརྟགས་ནས་ནི། །བྱེད་པ་དེ་ལ་ཡོད་མིན་ན། །བརྟགས་ནས་བྱེད་པ་མིན་ན་ནི། །དེ་ནི་ཅི་ལྟར་ཀུན་ཤེས་
ཡིན། །འོན་ཏེ་དབྱིབས་ནི་གཞན་དག་གིས། །ཁས་བླངས་པར་ནི་རྟོག་ཅེ་ན། །རང་གི་རྟོགས་པ་མ་ཡིན་པ། །གཞན་གྱིས་ཁས་བླངས་ག་ལ་ཡིན། །འོན་ཏེ་ཡན་ལག་ཅན་ཡོད་པས། །དེ་ནི་ལན་དུ་རྗོད་བྱེད་ན། །འདི་ནི་ཕྱིས་ནས་བརྟག་བྱ་སྟེ། །ཤིན་ཏུ་འཐད་པར་དཀའ་བ་ཡིན། །ཡང་
ན་དཔེ་ལ་ཐེ་ཚོམ་ཟ་བ་ཡིན་ཏེ་དབང་ཕྱུག་ཉིད་ཀྱི་ཐེ་ཚོམ་ཟ་བ་སྟེ་མ་ངེས་པ་ཉིད་དོ། །དབྱིབས་མ་གྲུབ་པའི་ཕྱིར་དོན་བྱ་བ་བྱེད་པའི་རང་བཞིན་ཉིད་གཏན་ཚིགས་སུ་བཀོད་པ་ཡིན་ནོ། །དེ་ལྟ་བུའི་རང་བཞིན་དེ་ནི་དབང་ཕྱུག་ཀྱང་ཡིན་པའི་ཕྱིར་དེ་ཉིད་ཀྱིས་མ་ངེས་སོ། །དབང་ཕྱུག་དེ་ནི་བསྡད་ཅིང་
Vol. 178 · folio 36a
བསྡད་ཅིང་འཇུག་པ་དང་དོན་བྱ་བ་བྱེད་པ་ཡིན་ཡང་། གཞན་གྱིས་བསྐུལ་བ་ནི་མ་ཡིན་ནོ། །འོན་ཏེ་འདི་ནི་རང་ཉིད་ནུས་པ་ཡིན་པ་དེས་ན་གཞན་གྱིས་བསྐུལ་བ་མ་ཡིན་ནོ། །རྫ་མཁན་ལ་སོགས་པ་ཡང་གང་དུ་ནུས་པ་དེར་གཞན་གྱིས་བསྐུལ་ལོ་ཞེས་མི་རིགས་
པ་ཉིད་དོ། །དེ་དག་གི་ནུས་པ་མེད་པ་ཉིད་དོ་ཞེ་ན། ནུས་པ་ཉིད་དུ་མཐོང་བ་ཇི་ལྟར་མི་ནུས་པ་ཡིན། འོན་ཏེ་དེ་ཡང་རྗེས་སུ་དཔག་པས་མཐོང་ངོ་། །རྗེས་སུ་དཔག་པས་གཞན་རྗེས་སུ་དཔོག་ན་ནུས་པ་ཡོད་པ་མ་ཡིན་ནོ། །རྫ་མཁན་འབའ་ཞིག་ལ་ནུས་པ་མེད་དོ་ཞེ་ན། དབང་ཕྱུག་ལ་
ཡང་དབང་ཕྱུག་གཞན་དཔོག་པས་ཐུག་པ་མེད་དོ། །གཞན་ཡང་། རྡུལ་ཕྲན་དག་ལ་དབྱིབས་མེད་ཅེས། །བྱ་བ་འདི་ནི་ག་ལས་འདོད། །དེ་ཉིད་ཕྱིར་ན་དེ་ཉིད་དུ། །རྟོགས་པ་འདི་ནི་ག་ལས་ཡིན། །གང་གིས་དབྱིབས་མེད་པར་འགྱུར་བ། །རྡུལ་ཕྲན་རྣམས་ཀྱི་རྡུལ་ཕྲ་རབ་ཉིད་རྣམ་པ་དེ་
ལྟར་རྟོགས་པ་ནི་མེད་དོ། །འོན་ཏེ་འདི་སྐད་དུ། རགས་པ་གང་ཡིན་པ་དེ་ནི་ཆ་ཤས་བསགས་པ་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། དཔེར་ན་རྒྱ་མཚོའི་ཐིགས་པ་དུ་མ་བསགས་པའི་རང་བཞིན་ཡོད་པ་དེ་ལ་ནི་རང་བཞིན་ནོ། །རྡུལ་གཉིས་པོ་ཅན་གྱི་མཐར་ཐུག་པའི་རགས་པ་ཡིན་ནོ། །
དེས་དུ་མ་ཚོགས་པའི་རང་བཞིན་ཡིན་ཏེ། དེའི་ཕྱིར་རྡུལ་ཕྲ་རབ་གྲུབ་བོ་ཞེས་བརྗོད་ན། དེ་ཡང་མ་ཡིན་ཏེ། རྡུལ་བརྒྱད་པ་ལས་ཕ་རོལ་གྱི། །རང་བཞིན་ཡོད་ཅེས་གང་ལས་རྟོགས། །གལ་ཏེ་རྗེས་དཔག་ལས་ཡིན་ནོ། །དེ་ལས་གཞན་ཡང་ག་ལས་རྟོགས། །འདི་རྡུལ་བརྒྱད་པའི་རང་
བཞིན་ནམ། །གཞན་དུ་ཞེས་བྱའི་ཚད་མ་གང་། །རྡུལ་ཕྲན་མཐོང་བ་ཡིན་ན་ནི། །དེ་ཡི་གྲངས་ནི་གྲུབ་པར་ངེས། །འོན་ཏེ་ཤིན་ཏུ་དེ་རགས་དེས། །རྡུལ་ཕྲན་གཉིས་ཅན་ཡིན་ཞེ་ན། །གང་ཚེ་རྡུལ་གཉིས་ཅན་སོགས་པ། །མི་མཐོང་འདི་རགས་གང་ལ་ལྟོས། །རྗེས་སུ་དཔག་པ་ལ་
ལྟོས་ན། །ཐུག་པ་མེད་པར་ཐལ་བར་འགྱུར། །རྗེས་སུ་དཔག་ལ་ལྟོས་བཅས་པས། །ཐམས་ཅད་རགས་པ་ཉིད་དུ་འགྱུར། །འོན་ཏེ་མཐོང་བའི་དངོས་གང་དེ། །ཐ་མར་རྡུལ་ཕྲན་ཡིན་འདོད་ན། །ཟླུམ་པོ་ལ་སོགས་པ་ཡི་དབྱིབས། །ཅི་ཡི་ཕྱིར་ན་དམིགས་མ་ཡིན། །གལ་ཏེ་རྡུལ་
Vol. 178 · folio 36b
ཕྲན་གྲུབ་མིན་ན། །ཡན་ལག་ཅན་ནི་ག་ལ་སྲིད། །རྡུལ་ཕྲན་རྣམས་ནི་གྲུབ་ཅེ་ན། །ཡན་ལག་ཅན་ནི་ག་ལ་སྲིད། །ཕྱོགས་གཅིག་གིས་ནི་རེག་ན་དེ། །ཇི་ལྟར་རྡུལ་ཕྲན་ཡིན་པར་འགྱུར། །ཐམས་ཅད་ཕྱོགས་ནི་གཅིག་ཉིད་ཀྱིས། །འབྱར་བ་ཉིད་དུ་དམིགས་པ་ཡིན། །དེས་
ན་འབྱར་བ་ཡོད་པའི་ཕྱིར། །རགས་པའི་དོན་བཞིན་རྡུལ་ཕྲན་མིན། །འོན་ཏེ་ཡང་རྡུལ་ཕྲ་རབ་གཉིས་ཀྱིས་ནི་ལྡན་པ་དོན་གཞན་སྐྱེད་པར་བྱེད་ཀྱི་བདག་ཉིད་ཐམས་ཅད་དམ་ཕྱོགས་གཅིག་གིས་རེག་པ་ནི་མ་ཡིན་ནོ་སྙམ་ན་དེ་ཡང་མ་ཡིན་ཏེ། གལ་ཏེ་མ་རེག་པར་ཡང་ནི། །ལྡན་པར་སྐྱེས་ན་
དེ་དེ་ཉིད། །ཇི་ལྟར་སོམས་ཤིག་རྣམ་པ་ནི། །རྡུལ་ཕྲན་རྣམས་ལ་རིག་པར་འགྱུར། །འོན་ཏེ་ཡན་ལག་ཅན་གཅིག་དེར། །དེ་ལ་རྣམ་གཅིག་བློ་ཡིན་ན། །རྡུལ་ཕྲན་རབ་དང་བཅས་པ་རྣམས། །རྟག་པའི་ཕྱིར་ན་མཐོང་བར་འགྱུར། །གལ་ཏེ་ཁོ་བོ་ཅག་སོགས་ཀྱིས། །རྡུལ་ཕྲན་
མཐོང་བ་མ་ཡིན་ཡང་། །དབང་ཕྱུག་དབང་པོས་བལྟ་བྱ་བ། །དེ་དག་ལ་ནི་མེད་མ་ཡིན། །འོན་ཏེ་དེ་དག་གཉི་ག་ནི། །མཐོང་བ་ཕྲོད་དུ་ཇི་ལྟར་ཡིན། །དེ་ལྟ་ཡིན་ན་གཞན་དུ་ནི། །མཐོང་བ་འཁྲུལ་པ་ཉིད་དུ་འགྱུར། །རགས་པ་ཆ་ཤས་ལྡན་པ་སྔོན་དུ་འགྲོ་བ་ཅན་ཡིན་ནོ་ཞེས་བྱ་བ་
འདི་ག་ལས་ཡིན་གལ་ཏེ་འཇིམ་གོང་ལ་སོགས་པ་ལ། དམིགས་སུ་ཆུག་ཀྱང་། མྱུ་གུ་ལ་སོགས་པ་ནི་མ་དམིགས་པ་ཉིད་དོ། །འདི་ལྟར། ཝ་ཊའི་ས་བོན་ཤིན་ཏུ་ཆུང་། །དེ་ཡི་འབྲས་བུ་ཤིན་ཏུ་རྩོམ། །དེ་ལ་ཡན་ལག་ལྡན་པ་ནི། །སྔོན་ཡོད་མིན་ན་ཇི་ལྟར་འགྱུར། །ཡན་ལག་
ཡོད་པ་རྣམས་ཉིད་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་གཞུང་ཡིན་ནོ། །རགས་པའི་རང་བཞིན་འདི་ལྟ་བུ་ལ་སོགས་པའི་ཡན་ལག་རྣམས་ནི་དེའི་སྔོན་རོལ་དུ་མ་དམིགས་པ་དེས་ན་ཇི་ལྟར་ལྡན་པ་ཡིན་ཞིང་ཡན་ལག་ཅན་ཡང་ག་ལ་ཡིན་ཏེ། དེ་བས་ན་ཐམས་ཅད་མུན་ཁུང་གི་གར་ཡིན་
ནོ། །འོན་ཏེ་ནམ་མཁའི་ཕྱོགས་ཁྱབ་པའི་རྡུལ་ཕྲ་རབ་རྣམས་ཉིད་མ་མཐོང་བ་ལྷན་ཅིག་པས་རྩོམ་པར་བྱེད་དོ་ཞེ་ན། དེ་ནི་མི་རིགས་ཏེ། ཡོད་པ། གནས་པ་བསགས་པར་བྱེད་དམ་ཅི། །རྒྱུ་དེ་ལས་ནི་སྔོན་མེད་པ། །སྐྱེ་ཞེས་དེ་ལ་ཁོ་བོ་ཅག །ཐེ་ཚོམ་ཟ་བ་ཐམས་ཅད་ཉིད། །
Vol. 178 · folio 37a
འོན་ཏེ་མ་མཐོང་དཔེ་ལས་ནི། །ཡོད་དོ་ཞེས་ནི་རྟོགས་འགྱུར་ཏེ། །སྒྲོན་མ་དཔེ་ཡི་སྟོབས་ཀྱིས་ནི། །གྲངས་ཅན་ལྟ་བ་འོངས་པ་ཡིན། །དེ་ཕྱིར་དབང་ཕྱུག་བྱེད་པོ་ཞེས། །བྱ་འདི་ཤིན་ཏུ་ཐག་རིང་འགྱུར། །སྒྲོན་མ་ལ་སོགས་གསལ་བྱེད་དག །སེམས་པ་དང་ནི་
ལྡན་མ་ཡིན། །སེམས་པ་མེད་པས་གསལ་བའི་ཕྱིར། །ཇི་ལྟར་དབང་ཕྱུག་སྒྲུབ་བྱེད་ཡིན། །དེ་ཡང་སེམས་པ་བྱིན་བརླབས་ན། །འདི་ལ་ལན་ནི་སྔར་བཏབ་བོ། །དེས་ན་གང་གང་གང་གང་ལས། །དེ་དེ་དེ་དང་དེ་ལས་ཡིན། །ལ་ལ་སེམས་པ་ཅན་ལས་དང་། །ལ་ལ་གཞན་ལས་ཞེས་
བྱར་ངེས། །དེ་ལྟ་མིན་ན་དངོས་ཉིད་ཕྱིར། །སེར་པོ་དཀར་འགྱུར་དཀར་གཞན་བཞིན། །མངོན་སུམ་གནོད་པ་མིན་ཞེ་ན། །དེ་འདིར་མེད་ཅེས་ག་ལས་རྟོགས། །ང་ལ་མེད་ཕྱིར་དེ་མིན་ན། །ཁྱོད་ཀྱིས་མ་མཐོང་ཚད་མ་མིན། །ཁྱོད་ཀྱིས་མ་མཐོང་ཚད་ཅེ་ན། །དབང་ཕྱུག་མེད་ཅེས་རྟོགས་པར་
གྱིས། །ཁྱོད་ཀྱིས་མ་མཐོང་དེ་ཚད་མ། །མིན་ན་དབང་ཕྱུག་མེད་ཤེས་ཀྱིས། །གཞན་ཡང་འབྲས་བུ་ཞེས་བྱ་བ་ཙམ་མམ། དབྱིབས་ཞེས་བྱ་བ་ཙམ་མམ། དངོས་པོ་ཞེས་བྱ་བ་ཙམ་གྱིས་ནི། མངོན་པར་འདོད་པའི་རྒྱུའི་རྗེས་སུ་དཔོག་པར་བྱེད་པ་མ་ཡིན་ནོ། །སྐྱེས་བུའི་འདོད་པས་ནི་གཏན་
ཚིགས་བསྒྲུབ་བྱ་སྒྲུབ་པའི་ཕྱིར་འཇུག་པ་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་དབང་ཕྱུག་ལ་བཟློག་པར་ཡང་འགྱུར་ཏེ། དེ་ཡང་གྲུབ་པ་ཐལ་བའི་ཕྱིར་རོ། །དེས་ན་འགའི་ཡང་འགའ་ཡང་མི་འགྲུབ་པར་འགྱུར་རོ། །འོན་ཏེ་ཇི་འདྲ་བ་ལས་ཅི་ལྟ་བུ་དམིགས་པ་དེ་འདྲ་བ་ཉིད་རྗེས་སུ་དཔག་པར་བྱེད་དོ་
ཞེས་བཤད་པ་ནི། དབྱིབས་སོགས་ཅི་འདྲ་བྱིན་རློབ་བོ། །ཡོད་མེད་རྗེས་འཇུག་ཅན་གྲུབ་པ། །དེ་ལས་རྗེས་སུ་དཔོག་གང་ཡིན། །དེ་ནི་རིགས་པ་ཉིད་ཡིན་ནོ། །དབྱིབས་ལ་སོགས་པ་ཅི་འདྲ་བ་ཞིག །བྱིན་གྱིས་རློབ་པར་བྱེད་པ་པོ་ཡོད་པ་དང་མེད་པའི་རྗེས་སུ་འཇུག་པར་བྱེད་པར་
མཐོང་བའམ། ཅི་འདྲ་བའི་བྱིན་གྱིས་རློབ་པར་བྱེད་པ་པོ་ཡོད་པ་དང་མེད་པའི་རྗེས་སུ་འཇུག་པར་དམིགས་པ། གང་ཡིན་པ་དེ་འདྲ་བ་ལས་དེ་ཉིད་དུ་རྗེས་སུ་དཔག་པ་ཞེས་བྱ་བ་ནི་རིགས་པ་ཡིན་ནོ། །དབྱིབས་སམ་དངོས་པོ་ཉིད་དམ། སྡོད་ནས་འཇུག་པ་ཅི་འདྲ་བ་ཞིག །ཅི་འདྲ་
Vol. 178 · folio 37b
བ་ལས་དམིགས་པ་དེ་འདྲ་བ་ལས་དེ་འདྲ་བའི་བྱིན་གྱིས་རློབ་པ་པོ་རྗེས་སུ་དཔོག་པར་རིགས་ཀྱི། གཞན་དུ་ནི་མ་ཡིན་ནོ་ཞེས་བཤད་པ་ནི། ཐ་དད་དངོས་ལ་རབ་གྲུབ་པ། །སྒྲ་མཚུངས་པས་ཐ་དད་མེད་ཕྱིར། །རྗེས་དཔོག་རིགས་པ་མ་ཡིན་ཏེ། །སྐྱ་བོའི་རྫས་ལ་མེ་བཞིན་ནོ། །གལ་
ཏེ་དབྱིབས་ཀྱི་ཁྱད་པར་དང་། །བྱེད་པ་པོའི་ཁྱད་པར་གྱི་རྗེས་སུ་འགྲོ་བ་བཏང་ནས། །དབྱིབས་ཀྱི་སྒྲ་ཙམ་གྱིས་བརྗོད་པར་བྱ་བའམ། དངོས་པོ་ཙམ་གཏན་ཚིགས་སུ་ལེན་ན་ནི་དེའི་ཚེ་རྗེས་སུ་དཔག་པ་མི་རིགས་པར་འགྱུར་ཏེ། སྐྱ་བོའི་རྫས་ལས་མེ་བཞིན་ནོ། །དེ་ལས་སྐྱ་བོའི་ཁྱད་པར་
དུ་བར་རྟོགས་པ་གང་ཡིན་པ་ངེས་པར་བཟུང་བ་ཡིན་ནོ། །འོ་ན་དུ་བ་ཉིད་ལ་རྗེས་སུ་དཔོག་པ་མ་ཡིན་ནམ། སྐྱ་བོ་ཉིད་ཀྱིས་ཅི་བྱ་ཞེ་ན་འདིར་སྨྲས་པ། ཁྱད་པར་ཅན་གྱི་སྐྱ་བོ་ཉིད། །དུ་བ་ཞེས་ནི་བརྗོད་པ་ཡིན། །དུ་བ་ཐ་དད་པ་ཉིད་ནི། །སྐྱ་བོ་ཉིད་ཀྱི་ཁྱད་པར་མིན། །དུ་བར་རྟོགས་
པའི་སྐྱ་བོ་ལས། །ཞེས་བྱ་བའི་དོན་ཅི་ཡིན་ཞེ་ན། མེའི་རྗེས་སུ་འགྲོ་བ་ལྡོག་པའི་རྗེས་སུ་བྱེད་པའི་སྐྱ་བོ་ལས་སོ་ཞེས་བྱ་བ་ཡིན་ནོ། །གལ་ཏེ་དེའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཉིད་ཇི་ལྟར་རྟོགས་པར་བྱ་ཞེ་ན། འདི་ལ་ཡང་དུ་བ་ཉིད་མེ་མེད་ན་མི་འབྱུང་བ་ཡིན་ནོ་ཞེས་རྒྱུ་དང་
འབྲས་བུའི་དངོས་པོ་མ་བཟུང་བ་ན། རྗེས་སུ་དཔག་པར་མི་འགྱུར་རོ། །དེ་ལྟ་ཡིན་དང་ཤིན་ཏུ་ཆེར། །དབང་ཕྱུག་མི་འགྲུབ་པར་འགྱུར་བའི་ཕྱིར། སྐྱེད་འདོད་པས་དངོས་ཀྱང་ཉམས་སོ། །དེའི་ཕྱིར་དབྱིབས་ཀྱི་ཁྱད་པར་ཅན་བུམ་པ་ལ་སོགས་པའི་དཔེ་ཐ་དད་པའི་དངོས་པོ་ལ་མཐོང་
བའི་ཁྱད་པར་སྐྱེས་བུས་བྱིན་གྱིས་བརླབས་པའི་བྱེ་བྲག་གང་ཡིན་པ་དེ། སྒྲ་མཚུངས་པས་ཐ་དད་པའི་ཕྱིར་རྗེས་སུ་དཔག་པར་ནི་རིགས་པ་མ་ཡིན་ལ། དེ་བཞིན་དུ་དབང་ཕྱུག་ཀྱང་ངོ་ཞེས་བྱ་བ་འདི་ནི་གཅིག་ཏུ་ངེས་པ་ཡིན་ནོ། །འོན་ཏེ་ཡང་ཁྱད་པར་དང་བྲལ་བའི་སྐྱ་བོ་ཉིད་ལས་
རྗེས་སུ་དཔག་པར་འཇུག་པ་དེས་ན་མངོན་སུམ་གྱིས་གནོད་པར་འགྱུར་རོ། །ཐམས་ཅད་དུ་སྐྱ་བོ་ཉིད་ཡོད་པར་མེ་དང་ལྡན་པ་ནི་མ་ཡིན་ཏེ། མངོན་སུམ་གྱིས་བཟློག་པར་མཐོང་བའི་ཕྱིར་རོ། །དབང་ཕྱུག་རྗེས་སུ་དཔོག་པ་ལ་ནི་གནོད་པ་མེད་པའི་ཕྱིར་དེ་རྗེས་སུ་དཔག་གོ་ཞེ་ན། དེ་
Vol. 178 · folio 38a
ནི་མེད་དེ། གནོད་པ་མེད་པ་ཙམ་གྱིས་ནི། །རྗེས་སུ་དཔག་པ་འཇུག་མ་ཡིན། །དེ་ནི་འབྲེལ་པ་མཐོང་བ་ལས། །འཇུག་པ་ཡིན་ཞེས་བརྗོད་པ་ཡིན། །དེ་ལྟ་མིན་ན་རྫ་མཁན་གྱིས། །བུམ་པ་ལ་སོགས་འཇིམ་པ་ཡིས། །རྣམ་འགྱུར་འགའ་ཞིག་བྱེད་པའི་
ཕྱིར། །གྲོག་མཁར་ཡང་དེས་བྱས་གྲུབ་འགྱུར། །གྲོག་མཁར་རྫ་མཁན་གྱིས་བྱས་པ་ལས་ནི་གནོད་པར་བྱེད་པ་ཡོད་པ་མ་ཡིན་ནོ། །གལ་ཏེ་མ་མཐོང་བ་ཉིད་གནོད་པར་བྱེད་པ་མ་ཡིན་ནམ། གལ་ཏེ་བྱེད་པ་པོ་རྫ་མཁན་ཡིན་ན་ནི་དམིགས་པ་ཉིད་དུ་འགྱུར་རོ་ཞེ་ན། ཅི་དབང་ཕྱུག་
ཀྱང་དམིགས་སམ། གལ་ཏེ་དེ་ལྟར་ན་མ་མཐོང་བའི་ལས་ཀྱང་བརྟག་པར་མི་བྱའོ་ཞེ་ན། དེ་ཅི་ད་ནི་བུ་ག་ཡིན་པ་ཙམ་གྱིས་པུས་མོས་བཙང་ངམ། འོན་ཏེ་ལས་བརྟགས་ནས་ཀྱང་དབང་ཕྱུག་གཞན་རྟོགས་ན། དེས་ན་དེ་ལས་ཀྱང་གཞན་ཡིན་པའི་ཕྱིར་ཐུག་པ་མེད་པར་འགྱུར་རོ། །གཞན་
ཡང་། འབྲས་བུ་དེ་ལས་མ་མཐོང་བའི། །རྫ་མཁན་ཡང་ནི་བརྟགས་པར་གྱིས། །བརྟགས་པ་ཉིད་དུ་དཀའ་བ་སྟེ། །དབང་ཕྱུག་ལ་ཡང་མེད་དམ་ཅི། །འོན་ཏེ་གྲོག་མཁར་ལ་དབྱུག་གུ་དང་། འཁོར་ལོ་དང་། ལག་པའི་བྱ་བའི་རྗེས་སུ་འགྲོ་བ་མ་དམིགས་སོ་ཞེ་ན། གལ་ཏེ་འོ་ན་ནི་
ཁྱེད་ཀྱི་འདི་ཆེར་ཞིབ་ཏུ་རྟོགས་པ་ཡིན་ཏེ། དེའི་ཚེ་རི་ལ་སོགས་པ་དབྱིབས་ངེས་པ་མེད་པ་རྣམས་ལ་ཡང་རྟོགས་པ་དང་ལྡན་པའི་འཇུག་པ་མ་དམིགས་པས་འདི་ཡང་བྱས་པ་མ་ཡིན་ཏེ། ཕྱེད་རྒས་པ་འཛིན་ཏམ་ཅི། འོན་ཏེ་རི་ལ་སོགས་པ་ནི་ས་འཛིན་པ་ཙམ་བྱེད་པ་ལ་ཉེ་བར་མཁོ་བས། རི་
ལ་སོགས་པ་དེ་ཡང་དབྱིབས་ལེགས་པར་བསྒྲུབ་པས་ཅི་བྱ་ཞེ་ན། དེ་ལྟ་ན་ནི་འོ་ན། ས་འཛིན་ཉེར་མཁོ་མེད་པས་དབྱིབས། །རྣམ་པ་གཞན་དུ་བྱེད་དམ་ཅི། །འོན་ཏེ་དེ་ལ་སྐྱེས་བུ་རྒྱུ། །མིན་པ་དེས་ན་མི་མཛེས་ཉིད། །ཅི་སྐྱེས་བུ་བྱེད་པ་པོ་ཡིན་ཡང་ཉེ་བར་མཁོ་བ་མེད་པས་ན།
དབྱིབས་ཤིན་ཏུ་ལེགས་པ་མི་སྐྱེད་པ་ཡིན་ནམ། འོན་ཏེ་སྐྱེས་བུ་བྱེད་པ་པོ་མ་ཡིན་ཞེས་ཐེ་ཚོམ་ཟ་བ་ཉིད་དོ། །གལ་ཏེ་སྐྱོན་འདི་འབྲས་བུ་དང་མཚུངས་པ་མ་ཡིན་ནམ། །འདི་ལྟར་རྩོལ་བའི་འབྲས་བུ་དུ་མའི་ཕྱིར་ན་འབྲས་བུ་མཚུངས་སོ། །བཙལ་མ་ཐག་པ་ཡིན་པའི་ཕྱིར་ན་སྒྲ་ནི་འབྲས་བུ་
Vol. 178 · folio 38b
ཡིན་ནོ་ཞེས་བྱ་བ་ལ་བཙལ་མ་ཐག་ཏུ་གསལ་བ་ཡང་མཐོང་བའི་ཕྱིར་སྒྲ་འབྲས་བུ་མ་ཡིན་ནོ་ཞེས་བྱ་བ་སྟེ། དེ་བཞིན་དུ་འདིར་ཡང་དབྱིབས་གཞན་གྱི་འབྲས་བུ་ཡང་མ་མཐོང་ངོ་ཞེས་བྱ་བ་ཡིན་ནོ་ཞེ་ན། བསྒྲུབ་བྱས་རྗེས་འགྲོ་ཕྱིར་འབྲས་བུ། །སྤྱིས་ཀྱང་སྒྲུབ་པར་བྱེད་པ་ལ། །འབྲེལ་པ་
ཅན་ནི་ཐ་དད་བྱེར་། །ཐ་དད་བརྗོད་སྐྱོན་འབྲས་མཚུངས་འདོད། །བསྒྲུབ་པར་བྱ་བ་འབྲས་བུ་ཉིད་ལ་སོགས་པའི་སྤྱིས་ཀྱང་སྒྲུབ་པར་བྱེད་པ་ལ་སྟེ། སྒྲུབ་པར་བྱེད་པའི་ཡུལ་ལ་བརྗོད་པའི་སྐྱོན་གང་ཡིན་པ་དེ་འབྲས་བུ་མཚུངས་པ་འདོད་དོ། །འབྲས་བུ་མཚུངས་ཀྱི་ལྟག་ཆོད་ཀྱི་རང་བཞིན་ནོ་ཞེ་ན།
ཅི་འདྲ་བའི་སྐྱོན་ཞེ་ན། །ཐ་དད་བརྗོད་པ་སྐྱོན་ནོ། །ཐ་དད་པ་བརྗོད་པ་ནི་ཉེ་བར་བཀོད་པ་སྟེ། ཅི་འབྲས་བུ་ཉིད་མངོན་པར་གསལ་བར་འགྱུར་བ་གཟུང་ངམ། ཅི་སྟེ་སྐྱེ་བར་འགྱུར་བ་གཟུང་ཞེས་འབྲེལ་པ་ཅན་ཐ་དད་པ་ལས་ཐ་དད་པར་བརྗོད་པའི་སྐྱོན་གང་ཡིན་པ་དེ་ནི་འབྲས་མཚུངས་སོ། །དེ་ལ་
ཡང་གལ་ཏེ་མ་ངེས་པ་རྗོད་པར་བྱེད་པ་རྩོལ་བས་བསྒྲིབས་པ་བསལ་བའི་ཕྱིར་ཞེས་དེ་ལྟར་ཡང་མི་འགལ་ན་ལྟག་ཆོད་མ་ཡིན་ནོ། །འོན་ཀྱང་སྤྱིས་ཀྱང་སྒྲུབ་པར་བྱེད་པར་འགྱུར་བ་ཡིན་ཏེ། གང་གི་ཕྱིར་རྟག་པ་ལ་ནི་མངོན་པར་གསལ་བ་ཡང་འགལ་བ་ཉིད་དེ་དེས་ན་ལྟག་ཆོད་ཡིན་ནོ། །དེ་
ལྟ་མ་ཡིན་ན་ནི་མ་ངེས་པར་བརྗོད་པའི་བདེན་པ་ཉིད་དོ། །འོན་ཏེ་འདིར་ལན་ནི། འབྲས་བུ་གཞན་ཉིད་ཡིན་ན་རྩོལ་བ་རྒྱུ་ཉིད་མ་ཡིན་པ་ནི་མི་དམིགས་པའི་རྒྱུ་འཐད་པ་ལས་ཡིན་ནོ། །འབྲས་བུ་གཞན་ཉིད་ཡིན་ན་ནི། །སྒྲ་ལ་བརྩལ་བ་རྒྱུ་མ་ཡིན་པར་འགྱུར་བ་ནི་བར་ཆད་ལ་སོགས་པ་མི་དམིགས་པའི་རྒྱུ་འཐད་
པ་ལས་ཡིན་ནོ། །སྒྲ་ལ་ནི་བར་ཆད་ལ་སོགས་པའི་རྒྱུ་འཐད་པ་མ་ཡིན་ཏེ། དེས་ན་དེ་ནི་བརྩལ་མ་ཐག་ཏུ་མངོན་པར་གསལ་བ་མ་ཡིན་ནོ། །གང་ཞིག་བརྩལ་མ་ཐག་ཏུ་མངོན་པར་གསལ་བ་དེ་ལ་མི་དམིགས་པའི་རྒྱུར་བར་ཆད་འཐད་པ་ཡིན་ལ། བར་ཆད་བསལ་བ་ལ་དོན་དམིགས་པ་ནི་བརྩལ་མ་ཐག་ཏུ་འབྱུང་
བ་ཡིན་ཏེ། དེས་ན་དམིགས་པའི་མཚན་ཉིད་མངོན་པར་གསལ་བར་འགྱུར་བ་ཡིན་ནོ་ཞེའོ། །འདི་ལ་བརྗོད་པ་ནི། གལ་ཏེ་མངོན་པར་གསལ་བ་དད། །འབྲེལ་པ་རྟག་ལའང་འཐད་ལྡན་ན། །སྒྲ་ལའང་དེ་ནི་ཡོད་མིན་ཞེས། །འདི་ནི་གང་ལས་ཅི་ལྟར་ཤེས། །འོན་ཏེའང་། སྒྲ་མི་དམིགས་
Vol. 178 · folio 39a
ལ་བུམ་སོགས་བཞིན། །བར་ཆོད་ལ་སོགས་པ་ཡེ་སྒྲ། །གསལ་བར་རྟོགས་པ་ཡིད་མིན་པ། །རྩོལ་བ་ལས་སྐྱེས་དེ་མ་མཐོང་། །སྙམ་ན་དེ་ཡང་མི་བདེན་ཏེ། །སྒྲ་ལ་བར་ཆོད་ལ་སོགས་པ། །ཡོད་དོ་ཞེས་ནི་བརྟག་པར་གྱིས། །ངོ་ཤེས་པ་ནི་ཡིན་པའི་
ཕྱིར། །སྒྲ་ནི་འཇིགས་པ་མ་ཡིན་ཉིད། །བུམ་པ་ལ་སོགས་པ་ཡང་སྔར་དམིགས་པ་བར་དུ་ཆོད་པའི་གནས་སྐབས་ན་མ་ཞིག་གོ་ཞེས། བར་ཆད་དང་བྲལ་བ་ན་ངོ་ཤེས་པ་ཉིད་ལས་རྟོགས་པ་ཡིན་ནོ། །སྒྲ་ཡང་ངོ་ཤེས་པའི་ཕྱིར་དེ་བཞིན་དུ་རིགས་སོ། །འོན་ཏེ་གཞན་གྱིས་དམིགས་པའི་ཕྱིར་
དེ་ལྟར་རྟོགས་པ་ཡིན་གྱི། ངོ་ཤེས་པ་ནི་མ་ཡིན་ན། གཞན་གྱིས་དམིགས་པ་ལས་བརྒྱུད་ནས་དེ་ལྟར་རྟོགས་ཀྱི་རང་ཉིད་ངོ་ཤེས་པ་ལས་དངོས་སུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དེ་ཁོ་ན་མཐོང་བ་ཆེན་པོ་ཡིན་ནོ། །གཞན་ཡང་། གཞན་གྱིས་ཀྱང་ནི་ངོ་ཤེས་ལས། །གཞན་པ་ལས་ནི་ཤེས་མིན་
ན། །གཞན་ལས་ཀྱང་ནི་ཇི་ལྟར་དེ། །རྟག་པ་ཉིད་དུ་འགྱུར་བ་ཡིན། །དེའི་ཕྱིར་འདིར། སྤྱིས་ཀྱང་སྒྲུབ་པར་བྱེད་པ་ལ། །ཞེས་བྱ་བ་ལ་སོགས་པ་སྔར་བརྗོད་པ་ཉིད་ལན་ཡིན་ནོ། །ཡང་ན། འབྲས་ཉིད་གཞན་གྱི་ཆ་ཡིས་ནི། །བསྒྲུབ་བྱ་གྲུབ་པར་སྟོན་པ་གང་། །དེ་ནི་འབྲས་མཚུངས་
སྨྲ་བ་པོའི། །བསམ་པ་ལས་དེའི་རྣམ་གསུམ་མོ། །ཞེས་སློབ་དཔོན་གྱིས་བསྟན་པའི་འབྲས་མཚུངས་ཀྱི་མཚན་ཉིད་ལས་བསྟན་ནས་དེ་སྐད་བཤད་པ་ཡིན་ནོ། །རྐང་མིག་གི་མཚན་ཉིད་ནི་མི་འཐད་དོ་ཞེས་བསྟན་ཟིན་ཏོ། །འདིའི་དོན་ནི་འདི་ཡིན་ཏེ། གལ་ཏེ་བྱས་པའི་ཕྱིར་སྒྲ་མི་རྟག་སྟེ་
བུམ་པ་བཞིན་ནོ་ཞེས་བྱས་པ་ན་འབྲས་བུ་གཞན་གྱིས་བུམ་པས་མི་རྟག་པ་ཡིན་པས། འདིར་སྒྲ་ལ་ཅིར་འགྱུར་ཞེས་བྱ་བ་ནི་འབྲས་མཚུངས་ཡིན་ནོ། །འདི་ནི་སྨྲ་བ་པོའི་བསམ་པ་ལས་རྣམ་པ་གསུམ་སྟེ། གལ་ཏེ་སྨྲ་བ་པོ་བུམ་པའི་འབྲས་བུ་ཉིད་སྒྲ་ལ་མེད་དོ་ཞེས་རྩོད་པར་བྱེད་ན་ནི་མ་གྲུབ་པ་
ལྟ་བུ། འོན་ཏེ་སྒྲའི་འབྲས་བུ་ཉིད་བུམ་པ་ལ་སོགས་པ་མི་རྟག་པ་དག་ལ་མེད་དོ་ཞེས་བྱ་བ་ཡིན་ན་ནི། དེ་ལས་འགལ་བ་ལྟར་སྣང་བའོ། །འོན་ཏེ་དེ་རྟག་པ་དག་ལ་ཡང་མེད་དོ་ཞེས་བྱ་བ་ཡིན་ན་ནི་ཐུན་མོང་མ་ཡིན་པའི་ཕྱིར་མ་ངེས་པ་ལྟར་སྣང་བའོ། །རྣམ་པར་རྟོག་པ་དང་མཚུངས་པ་ནི་ཆོས་
Vol. 178 · folio 39b
མཐུན་ན་ཡང་ཁྱད་པར་བརྗོད་པ་རྟོག་པ་དང་མཚུངས་པ་ཡིན་ནོ། །དཔེར་ན་སྔ་མ་བཞིན་དུ་བུམ་པ་དང་ཆོས་མཐུན་པས་མི་རྟག་པར་བྱས་ན། ཆོས་མཐུན་པ་དེ་ཡོད་ཀྱང་ཆོས་པར་བྱ་བ་ཉིད་དང་། མིག་གིས་གཟུང་བ་ཉིད་ལ་སོགས་པས་བུམ་པ་ཉིད་མི་རྟག་པ་ཡིན་གྱི། གཞན་ནི་མ་ཡིན་ནོ་
ཞེས་བརྗོད་པ་ལྟ་བུའོ། །གལ་ཏེ་འདིར་ཡང་དབྱིབས་ཉིད་ལ་སོགས་པའི་འབྲས་བུ་སྤྱིས་སྒྲུབ་པར་བྱེད་པ་མ་ཡིན་ནམ། རི་དང་བུམ་པ་ལ་སོགས་པའི་དབྱིབས་ཡོངས་སུ་བརྟགས་པས། འབྲེལ་པ་ཅན་གྱི་སྒོ་ནས་ཁྱད་པར་ཡོངས་སུ་རྟོག་ན་ནི་འབྲས་མཚུངས་བརྗོད་པ་ཉིད་དོ་ཞེ་ན། དེ་ནི་མི་
བདེན་ཏེ། དབྱིབས་ལ་སོགས་པ་དག་གི་སྤྱི། །བློ་སྔོན་བྱེད་པ་ལས་བྱུང་མིན། །དེ་ནི་ཤིང་སོགས་གཞན་ལ་ཡང་། །མཐོང་བའི་ཕྱིར་ཞེས་བརྗོད་ཟིན་ཏེ། །འབྲེལ་པ་ཡི་ནི་ཁྱད་པར་དག །སྤངས་ནས་འགར་ནི་སྒྲུབ་བྱེད་གང་། །དེ་ནི་ཤིན་ཏུ་འབྲེལ་མེད་དེ། །མི་རྟག་བྱ་རོག་ནག་པོས་
བཞིན། །འདིར་གཞན་དག་སྨྲ་བ་ནི། གལ་ཏེ་སློ་སྔོན་དུ་བྱེད་པ་རྗེས་སུ་འགྲོ་བར་མ་མཐོང་བས་དབྱིབས་ལ་སོགས་པ་དེ་ཉིད་སྒྲུབ་བྱེད་དུ་མི་འགྱུར་མོད། དབྱིབས་དབྱིབས་ཞེས་བྱ་བ་ལ་སོགས་པའི་སྒྲས་བརྗོད་པར་བྱ་བ་ནི་རྗེས་སུ་འགྲོ་བ་ཡིན་ཏེ། དེས་ན་དེས་མཚན་ཉིད་གཅིག་པའི་ཕྱིར་གཅིག་
གི་འབྲས་བུར་གྲུབ་པོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། རྟོག་པ་ཙམ་གྱིས་བཀོད་པའི་ཆོས། །དོན་ཉེ་བ་དང་བྲལ་བ་ལས། །དོན་དེ་ཡོད་པར་གྱུར་ན་ནི། །གང་དུ་འདོད་པ་དེར་འགྱུར་རོ། །རིགས་གཞན་ལས་ནི་རབ་གྲུབ་པ། །སྒྲ་ཡི་སྤྱི་ནི་མཐོང་བ་ལས། །སྒྲུབ་བྱེད་མི་རིགས་ངག་
ལ་སོགས། །གཽ་ཡིན་ཕྱིར་རྭ་ཅན་བཞིན། །ངག་ལ་སོགས་པ་དང་མཚན་ཉིད་མི་མཐུན་པ་རིགས་གཞན་ལ་རབ་ཏུ་གྲུབ་པའི་རྭ་དང་འབྲེལ་པ་དེ། ཅི་གོ་ཞེས་ཚིག་ཐ་མི་དད་པ་ཙམ་གྱིས་རྗེས་སུ་དཔག་པར་བྱ་བའམ། དོན་གཅིག་ན་ཡང་སྐྱ་བོ་ལས། །རྗེས་སུ་དཔོག་པ་མིན་ཞེས་བརྗོད། །
གང་ལ་དོན་ཀྱང་ཡོད་མིན་ན། །སྒྲ་ཙམ་མཚུངས་པར་སྨོས་ཅི་དགོས། །རེ་ཞིག་དོན་ནི་མངོན་པར་འདོད་པའི་བསྒྲུབ་བྱ་དང་འབྲེལ་པ་སྲིད་པ་ཉིད་དོ། །དེ་ལ་ཡང་རྟོགས་པ་ཞིབ་མོ་དང་ལྡན་པ་དག་གིས་སྒྲུབ་པར་བྱེད་པ་མ་ཡིན་པར་བརྗོད་ན་གང་ལ་བསྒྲུབ་བྱ་དང་འབྲེལ་པ་འདི་ཙམ་ཡང་རིང་དུ་
Vol. 178 · folio 40a
བྱས་པས་སྒྲ་མཚུངས་པ་ལྟ་ཅི་སྨོས། འདི་ལྟར། བརྗོད་པར་འདོད་པའི་གཞན་དབང་ཕྱིར། །སྒྲ་རྣམས་གང་ལའང་མེད་མ་ཡིན། །དེ་ཡོད་པས་ན་དོན་འགྲུབ་ན། །ཐམས་ཅད་ཀྱིས་ནི་ཐམས་ཅད་འགྲུབ། །སྒྲ་འདི་དག་ནི་འགའ་ལ་ཡང་མེད་པ་མ་ཡིན་ཏེ། བརྗོད་པར་
འདོད་པ་ཐམས་ཅད་ལ་བཀག་པ་མེད་པའི་ཕྱིར་རོ། །གལ་ཏེ་དེ་ལས་དོན་གྲུབ་ན་ནི་འགའ་ཡང་དོན་གྲུབ་པ་དང་བྲལ་བར་མི་འགྱུར་རོ། །དེས་ན་གཞན་གྱིས་ཁས་བླངས་པ་ནི་མ་ཡིན་ནོ། །འདིས་ནི་སེར་སྐྱ་ལ་སོགས་ཀྱིས། །མི་རྟག་སོགས་ཕྱིར་སེམས་མེད་ལ། །སྲོག་དང་ཤུན་པ་བཤུས་
ན་ནི། །ཅི་ཕྱིར་སེམས་ལྡན་དཔྱད་པ་ཡིན། །སེར་སྐྱ་བ་ལ་སོགས་པའི་སེམས་པ་མེད་པ་ཅན་ནམ་གཞན་དག་གང་ལས་གྲུབ་པའི་ཁང་བཟངས་ཀྱི་རྩེར་འཛེག་པར་འགྱུར་བ་དེ་ནི་དོན་གྱི་དེ་ཁོ་ན་ཉིད་དུ་མེད་པའི་ཕྱིར་སྒྲ་ཙམ་མཚུངས་པ་ཉེ་བར་བཀོད་པ་ཡིན་ནོ། །འདི་ལྟར། མི་རྟག་པ་ཉིད་
གྲངས་ཅན་ལ། །དངོས་པོར་གྲུབ་པ་ཡོད་མ་ཡིན། །དེ་ནི་དོན་རྣམས་མི་གསལ་བ། །ཡིན་གྱིས་རྗེས་འགྲོ་མེད་འཇིག་མིན། །མངོན་པར་མི་གསལ་བའི་མི་རྟག་པ་དེ་ཉིད་ནི་སངས་རྒྱས་པ་ལ་མ་གྲུབ་བོ། །འོ་ན་གང་ཡིན་ཞེ་ན། རྗེས་སུ་འགྲོ་བ་མེད་པར་འཇིག་པ་ཉིད་དོ། །གལ་ཏེ་
ཞིག་པ་དང་མངོན་པར་མི་གསལ་བ་དག་བསྐལ་པར་མཚུངས་པ་མ་ཡིན་ནམ་ཞེ་ན། བསྐལ་པ་ཞེས་བྱ་བ་འདི་ནི་ཅི་ཞིག །མི་མངོན་པ་ཉིད་དོ་ཞེ་ན། འོ་ན་རི་བོང་གི་རྭ་ལ་སོགས་པ་དང་གཙོ་བོ་ལ་སོགས་པ་ཡང་མི་རྟག་པར་འགྱུར་རོ། །ཡོད་པ་མི་མངོན་པའི་བདག་ཉིད་ཡིན་ན་ཡང་གཙོ་
བོ་ལ་སོགས་པ་ཡང་འགྱུར་རོ། །སྣང་བ་མི་མངོན་པར་འགྱུར་བ་ཡིན་ནོ་ཞེ་ན། །སྣང་བ་ཞེས་བྱ་བ་འདི་ཅི་ཞིག་གལ་ཏེ་དོན་གྱི་ངོ་བོ་ཉིད་ཡིན་ན་ཅི་ལྟར་སྣང་བ་མི་སྣང་བར་འགྱུར་ཏེ། དེ་སྤངས་ན་དངོས་པོའི་རང་བཞིན་ཉིད་མེད་པར་འགྱུར་རོ། །འོན་ཏེ་སྣང་བའི་བདག་ཉིད་དངོས་པོ་ལས་གཞན་ཡིན་ན།
འོ་ན་དེ་མེད་པ་ཉིད་ཇི་ལྟར་རྗེས་སུ་འགྲོ་བ་མེད་པར་ཞིག་པ་མ་ཡིན། གཞན་མེད་ན་གཞན་བསྐལ་པར་ཡང་མི་འགྱུར་རོ། །དེ་ཡང་ཐམས་ཅད་ཀྱི་ཚེ་གཙོ་བོ་དང་མཚུངས་པའི་ཕྱིར་མི་རྟག་པ་ཉིད་མ་ཡིན་པར་འགྱུར་རོ། །དེའི་ཕྱིར་སྒྲས་བརྟགས་པ་ཙམ་ཉིད་སྒྲུབ་བྱེད་དུ་ཁས་བླངས་པ་ཡིན་ནོ། །
Vol. 178 · folio 40b
ཤུན་པ་བཤུས་ན་འཆི་བའི་ཕྱིར་ཞེས་བྱ་བ་ཡང་དེ་བཞིན་ཏེ། ཤུན་པ་ཐམས་ཅད་བཤུས་ན་འཆི་བའི་ཕྱིར་ཞེས་བྱ་བ་ནི་འཆི་བའི་སྒྲ་འཇུག་པ་ཚད་མ་ཉིད་དོ། །རྣམ་ཤེས་ལ་སོགས་འགགས་པ་ནི། །འཆི་བར་སངས་རྒྱས་པས་རྟོགས་ཕྱིར། །གང་ལ་ཤིང་ལ་རྣམ་ཤེས་ནི། །མ་གྲུབ་དེ་ཡང་འཆི་དེ་བཞིན། །
སངས་རྒྱས་པ་གང་ཤིང་དག་ལ་རྣམ་པར་ཤེས་པ་ཡོད་པར་ཐེ་ཚོམ་ཟ་བ་སྟེ། དེ་སྔོན་དུ་སོང་བ་འགགས་པའི་རང་བཞིན་འཆི་བ་ལ་ཐེ་ཚོམ་མི་ཟའོ་ཞེས་ཡིད་ཆེས་པ་ཅི་ཡོད། རྣམ་པར་ཤེས་པ་འགགས་པ་ནི་རྣམ་པར་ཤེས་པ་མེད་པ་ལས་ཡོད་པ་མ་ཡིན་ནོ། །ཚེ་ཡང་དེ་བཞིན་ཏེ། ཚེ་ནི་
སྲོག་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ། །ཞེས་བཤད་པའི་ཕྱིར་རོ། །འཆི་བ་ཁས་ལེན་ན་ཇི་ལྟར་སེམས་པ་ཅན་དུ་ཁས་མི་ལེན། དེས་ན་འདི་ཤིང་དག་ལ་བསྐམས་པ་འཆི་བར་བརྗོད་པ་ཡིན་ནོ། །དེ་ཡང་རྣམ་པར་ཤེས་པའི་སྒྲུབ་པར་བྱེད་པ་མ་ངེས་པ་ཡིན་ཏེ། འདམ་ལ་
སོགས་པ་ལ་ཡང་མཐོང་བའི་ཕྱིར་རོ། །འཆི་བའི་སྒྲ་འཇུག་པའི་ཕྱིར་དེ་ལ་ཡང་གྲུབ་པ་ཡིན་ནོ་ཞེ་ན། འདི་ལ་བརྗོད་པར་འདོད་པའི་གཞན་དབང་ཕྱིར། །ཞེས་བཤད་ཟིན་ཏོ། །འོན་ཏེ་དོན་མཐོང་བས་དེར་བརྗོད་པར་འདོད་པ་ཡིན་པ་དེས་ན་སྐྱོན་འདི་མེད་དོ་ཞེ་ན། འཆི་བ་གྲུབ་ན་
དེ་ཡི་སྒྲ། །འབྲེལ་བ་ཡིན་པར་གྲུབ་པར་འགྱུར། །སྒྲ་ནི་འབྲེལ་པ་ཡིན་པས་ན། །དེ་ལས་འཆི་བ་གྲུབ་པ་ཉིད། །དེ་ལྟ་བུའི་འཆི་བ་མཐོང་བ་ལས་བྱུང་བ་ཡིན་ན། སྒྲ་ལས་རྣམ་པར་ཤེས་པ་ལ་སོགས་པ་འགགས་པའི་མཚན་ཉིད་འཆི་བར་འགྲུབ་ལ་དེ་ལྟ་བུའི་འཆི་བ་མཐོང་བ་ལས་
བྱུང་བ་ཡང་འཆི་བ་གྲུབ་ན་ཡིན་པའི་ཕྱིར་ཕན་ཚུན་རྟེན་པའི་སྐྱོན་ཡིན་ནོ། །འོན་ཏེ་སྒྲ་དོན་གྱི་འབྲེལ་པ་རྟག་པ་ཉིད་ཡིན་ན། དེ་ལྟ་ན་ངག་ལ་སོགས་པ་ཡང་རྭ་ཅན་ཉིད་དོ། །འོན་ཏེ་ངག་ལ་སོགས་པ་ལ་ཡོད་པའི་གོའི་སྒྲའི་གཞན་ཉིད་ཡིན་པས་དེ་ནི་རྭ་ཅན་ལ་འབྲེལ་པར་མི་འགྱུར་རོ་
ཞེ་ན། འོ་ན་འཆི་བའི་སྒྲ་ཡང་གཞན་མ་ཡིན་ནོ་ཞེས་བྱ་བ་འདི་ལ་ཁྱེད་ལ་ཚད་མ་ཅི་ཡོད། དེས་ན་མི་རྟག་པ་ཉིད་ལ་སོགས་པའི་སྒྲུབ་པར་བྱེད་པ་ནི་སྒྲུབ་པར་བྱེད་པ་ཉིད་མ་ཡིན་ནོ། །དེ་བཞིན་དུ་ཡོད་པ་ཉིད་དང་དབྱིབས་ལ་སོགས་པ་ཡང་ཡིན་པས་བསྒྲུབ་བྱ་མི་འགྲུབ་བོ། །གལ་ཏེ་
Vol. 178 · folio 41a
ཁྱད་པར་ཡོངས་སུ་བརྟགས་པས་དབྱིབས་ལ་སོགས་པ་དང་མི་རྟག་པ་ལ་སོགས་པ་སྒྲུབ་པར་བྱེད་པ་ཉིད་མ་ཡིན་ན། འོ་ན་བྱས་པ་ཉིད་ལ་སོགས་པ་གཞན་ཡང་སྒྲུབ་པར་བྱེད་པ་མ་ཡིན་པ་ཉིད་དོ། །རྒོལ་བ་གཞན་ལ་ལྟོས་པས་སམ། །རྣམ་པར་བརྟགས་པས་ནི་
ཐམས་ཅད་མ་གྲུབ་པ་ཉིད་དོ། །འདི་ལྟར། ནམ་མཁའི་ཡོན་ཏན་སྒྲ་ཡི་ཆོས། །གཞན་ལ་རབ་ཏུ་སྒྲུབ་མ་ཡིན། །བསྒྲུབ་བྱ་དཔེ་ཡི་ཆོས་དག་ནི། །ཕན་ཚུན་དུ་ནི་མ་གྲུབ་ཉིད། །ཅེ་ན་དེ་ནི་མ་ཡིན་ཏེ། །ལུང་གི་ནམ་མཁའི་ཆོས་ཉིད་ནི། །འགའ་ལ་ཡང་ནི་གནོད་པ་མེད། །ཁྱད་པར་
རྟོགས་པར་བྱེད་ན་ནི། གཏན་ཚིགས་ཉིད་ནི་ཉམས་པར་འགྱུར། །དེའི་ཕྱིར། དངོས་པོའི་ངོ་བོར་མ་གྲུབ་ལ། །ཚུལ་འདི་གྲུབ་ན་མ་གྲུབ་ཀྱང་། །ཁྱད་པར་གནོད་བྱེད་མ་ཡིན་ཏེ། །སྒྲ་ནི་ནམ་མཁའ་ལ་བརྟེན་བཞིན། །ལུང་ལས་གྲགས་པའི་ནམ་མཁའི་ཡོན་ཏན་ཉིད། སྒྲ་ལས་མ་གྲུབ་ཀྱང་།
སྒྲའི་རང་གི་ངོ་བོ་ནི་ཆོས་ཅན་དུ་འགྲུབ་པ་ཉིད་པས་ཆོས་ཅན་མ་གྲུབ་པ་ཉིད་མ་ཡིན་ནོ། །དེ་བཞིན་དུ་ཁྱད་པར་ཡོངས་སུ་རྟོགས་པ་ལ་ཡང་གཏན་ཚིགས་ཆོས་ཅན་དང་འབྲེལ་པ་མ་གྲུབ་པའམ། ཐུན་མོང་མ་ཡིན་པ་ཉིད་ཀྱིས་མ་ངེས་པ་མ་ཡིན་ནོ། །ཆོས་ཅན་ཉིད་ནི་ཚད་མས་གྲུབ་པ་ཡིན་པའི་
ཕྱིར་རོ། །ཁྱད་པར་མ་གྲུབ་ན་མ་གྲུབ་པར་འགྱུར་བ་མ་ཡིན་ལ་ཁྱད་པར་ཡོངས་སུ་རྟོགས་པ་ཡང་འགར་ཡང་ཉེ་བར་མཁོ་བ་མ་ཡིན་པས། དེ་ལ་གདོན་མི་ཟ་བར་ཁྱད་པར་ཡོངས་སུ་གཟུང་བ་མ་ཡིན་ནོ། །འདི་ལྟར། མི་རྟག་པ་དང་འབྲས་ཉིད་ཀྱི། །སྤྱི་ནི་ཉེ་བར་མཁོ་བ་ཡིན། །ཁྱད་པར་
རབ་ཏུ་གྲུབ་པར་ནི། །འགས་ཀྱང་འདོད་པ་མ་ཡིན་ནོ། །རྒྱུ་ཡི་དེ་མ་ཐག་བྱུང་དང་། །དེ་ཡི་མོད་ལ་འཇིག་ཉིད་ནི། །བུམ་པ་དང་ནི་སྒྲ་དག་ལ། །ཁྱད་པར་དུ་ནི་རྗེས་འབྲེལ་མིན། །སྔ་མ་དང་ཕྱི་མའི་རང་བཞིན་གྱིས། དབེན་པ་ཉིད་ནི་འགར་ཡང་ཁྱད་པར་ཡོད་པ་མ་ཡིན་ནོ། །ཕྱོགས་དེ་ནི་དེ་
ཁྱད་པར་དུ་བྱེད་པ་མ་ཡིན་ཏེ། དེ་ནི་གཅིག་ཏུ་འཛིན་པའི་ཡུལ་ཡིན་པའི་ཕྱིར་རོ། །དེས་ན་འདི་ལ་རྣམ་པར་རྟོག་པ་མེད་དོ། །དབྱིབས་ལ་སོགས་པ་ལ་ནི་དེ་དང་འབྲེལ་བ་མ་གྲུབ་པ་ཉིད་དོ། །ལྷག་མ་ནི་སྔར་བཤད་པ་ཉིད་དོ། །དབྱིབས་ཀྱི་སྒྲ་ཙམ་ནི་སྒྲུབ་པར་བྱེད་པ་མ་ཡིན་པ་ཉིད་དེ།
Vol. 178 · folio 41b
འདི་ལྟར། སྒྲ་མ་གྲུབ་ཀྱང་དངོས་པོ་ནི། །གྲུབ་ན་འགྲུབ་པར་འགྱུར་ཏེ་དཔེར། འུག་པ་པ་ལ་སངས་རྒྱས་པས། །ལུས་སོགས་སྒྲུབ་བྱེད་བཤད་པ་བཞིན། །རྡུལ་ཕྲན་དག་ནི་མི་རྟག་པ་ཡིན་ཏེ་ལུས་ཅན་ཡིན་པའི་ཕྱིར་རོ་ཞེས་བྱེ་བྲག་པ་ལ་སངས་རྒྱས་པས་སྒྲུབ་པར་བྱེད་པ་བརྗོད་དོ། །དེ་ལ་
སྒྲ་ནི་ཕན་ཚུན་མངོན་པར་འདོད་པའི་ཡུལ་ལ་གྲུབ་པ་མ་ཡིན་ཏེ། རྫས་ཐམས་ཅད་དུ་སོང་བ་མ་ཡིན་པའི་ཚད་ནི་དེའི་ལུས་ཅན་གྱི་སྒྲས་བརྗོད་པར་བྱ་བ་ཡིན་པའི་ཕྱིར་དང་། བདེ་བར་གཤེགས་པ་པ་རྣམས་ལ་ནི་རིག་པ་དང་ལྡན་པ་ལུས་ཅན་ཡིན་པའི་ཕྱིར་རོ། །གལ་ཏེ་སྒྲ་དེ་ཉིད་ཕན་
ཚུན་དུ་མངོན་པར་འདོད་པའི་ཡུལ་ལ་མ་གྲུབ་པ་དེ་ལྟ་ན་ཡང་དེས་མངོན་པར་འདོད་པའི་དོན་ནི་གཉི་ག་ལ་གྲུབ་པའི་ཕྱིར་སྒྲ་མ་གྲུབ་ཀྱང་སངས་རྒྱས་པའི་མངོན་པར་འདོད་པའི་དངོས་པོ་གཉི་ག་ལ་གྲུབ་པས་མངོན་པར་འདོད་པའི་བསྒྲུབ་པར་བྱ་བའི་དོན་འགྲུབ་བོ། །གལ་ཏེ་ཅི་ལྟར་དངོས་པོ་མི་
འཁྲུལ་པའམ། གྲུབ་པ་ཉིད་ཡིན་ན། བསྒྲུབ་བྱ་འགྲུབ་པ་དེ་བཞིན་དུ་སྒྲ་ལ་ཡང་དེ་ལྟ་བུ་ཉིད་མ་ཡིན་ནམ། འདི་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། མ་ཡིན་ཏེ། དེ་ཉིད་འཁྲུལ་ལ་སོགས་ཡིན་ན། །སྒྲ་ནི་འཁྲུལ་པ་མེད་ན་ཡང་། །སྒྲུབ་བྱེད་སྐྱོན་ལྡན་ཤེས་བྱ་སྟེ། །དངོས་ལས་དངོས་
ནི་འགྲུབ་ཕྱིར་རོ། །ཅི་ལྟར་སྒྲ་མ་གྲུབ་ཀྱང་དངོས་པོའི་དབང་གིས་བསྒྲུབ་བྱ་འགྲུབ་པ་དེ་བཞིན་དུ་དངོས་པོ་མ་གྲུབ་ཀྱང་སྒྲའི་དབང་གིས་བསྒྲུབ་བྱ་འགྲུབ་པ་ནི་མ་ཡིན་གྱི། འོན་ཀྱང་སྒྲ་འཁྲུལ་པ་མེད་ཀྱང་དངོས་པོའི་དེ་ཉིད་འཁྲུལ་པ་དང་མ་གྲུབ་པ་དང་འགལ་བ་ཡིན་ན་སྒྲུབ་པར་བྱེད་པ་སྐྱོན་
དང་ལྡན་པ་ཤེས་པར་བྱའོ། །སྒྲ་འཁྲུལ་པ་མེད་ན་ཡང་ངོ་། །རེ་ཞིག་དངོས་པོ་འཁྲུལ་པ་ལ་སོགས་པར་གྱུར་ན་སྒྲ་མ་འཁྲུལ་པ་ཉིད་དུ་མི་འགྱུར་བ་ཉིད་དོ། །ཁས་བླངས་ནས་ཀྱང་བཤད་པ་ནི་སྒྲ་འཁྲུལ་པ་མེད་དུ་ཆུག་མོད། དེ་ལྟ་ན་ཡང་སྒྲུབ་བྱེད་སྐྱོན་དང་ལྡན་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན།
དངོས་པོ་ལས་དངོས་པོ་འགྲུབ་ཀྱི་སྒྲ་ལས་ནི་མ་ཡིན་ནོ། །གལ་ཏེ་སྒྲ་མི་འཁྲུལ་བ་བསྒྲུབ་བྱ་ལ་མ་ཡིན་ནམ། དེ་ལྟ་ཡིན་ན་སྒྲ་ལས་བསྒྲུབ་བྱ་འགྲུབ་པར་འགྱུར་རོ། །འོན་ཏེ་དེ་ལས་བསྒྲུབ་བྱ་མི་འགྲུབ་ན། ཅི་ལྟ་སྒྲ་མི་འཁྲུལ་པ་ཡིན་ཞེ་ན། འདིས་ནི་འདི་སྐད་དུ་སྟོན་པ་ཡིན་ཏེ། སྒྲ་
Vol. 178 · folio 42a
ནི་དངོས་པོ་སྒྲུབ་པར་བྱེད་པའི་སྒོ་ནས་བསྒྲུབ་བྱ་འགྲུབ་པའམ། ཉེ་བར་སྦྱོར་བ་ཡིན་གྱི། དངོས་སུ་ནི་མ་ཡིན་ནོ། །དེས་ན་སྒྲ་མི་འཁྲུལ་བར་འདོད་ཀྱང་དོན་སྤངས་ནས་ནི་བསྒྲུབ་བྱ་བསྒྲུབ་པར་ནུས་པ་མ་ཡིན་ནོ། །དེས་ན་དོན་ལ་བརྟེན་པའི་དཔྱད་པ་ཉིད་ཉེ་བར་མཁོ་
བ་ཡིན་ནོ། །དངོས་པོ་འཁྲུལ་བ་དང་ཅིག་ཤོས་ངེས་པར་བརྟག་པ་ནི་ཕྱིས་བཤད་པར་བྱའོ། །དེའི་ཕྱིར་གང་ལས་དབང་ཕྱུག་འགྲུབ་པར་འགྱུར་བ་དོན་གྱི་རང་བཞིན་གྱི་གཏན་ཚིགས་ནི་ཡོད་པ་མ་ཡིན་ནོ། །དེས་ན་མི་རྟག་ན་ཡང་ཚད་མེད་ཉིད། །ཅེས་བྱ་བར་འགྲུབ་བོ། །དེ་བཞིན་
དུ་རྟག་པ་ཡང་ངོ་། །རྟག་པ་ཉིད་ཀྱིས་ནི་ནམ་མཁའ་ལ་སོགས་པ་དང་དབང་ཕྱུག་ལ་རྒྱུ་དང་རྒྱུ་མ་ཡིན་པ་ཉིད་ཀྱི་རྣམ་པར་དབྱེ་བ་ནི་ཡོད་པ་མ་ཡིན་ཏེ། འདི་ལྟར། ཇི་ལྟར་དངོས་དེ་རྒྱུ་ཡིན་པ། །དེ་ལྟར་ཉིད་དེ་གང་གི་ཚེ། །རྒྱུ་མིན་གང་གིས་དེ་ནི་རྒྱུ། །འདོད་ལ་རྒྱུ་མ་ཡིན་མི་འདོད། །
ཇི་ལྟར་དབང་ཕྱུག་ཁྱབ་པ་དང་རྟག་པ་ཉིད་ལ་སོགས་པའི་ཆོས་ཅན་ཡིན་པ་དེ་བཞིན་དུ་ནམ་མཁའ་ལ་སོགས་པའི་ཡང་ཡིན་པ་དེས་ན་མཚུངས་པ་ཉིད་ཡིན་ཡང་དབང་ཕྱུག་ནི་རྒྱུ་ཡིན་ལ། ནམ་མཁའ་ལ་སོགས་པ་ནི་རྒྱུ་མ་ཡིན་ནོ་ཞེས་བྱ་བའི་རྣམ་པར་དབྱེ་བ་ག་ལས་ཡིན། འོན་ཏེ་
དེ་ན་བྱེད་པར་འདོད་པའི་མཚན་ཉིད་ཀྱི་ཤེས་པ་དང་འབྲེལ་པས་ཏེ་དེ་སྐད་བརྗོད་དོ་ཞེ་ན། དེ་ཡང་མ་ཡིན་ཏེ་དེ་ཡང་མཚུངས་པའི་ཕྱིར་རོ། །གཞན་ཡང་། བྱེད་པར་འདོད་པ་ཙམ་གྱིས་ནི། །རྒྱུ་ཞེས་བྱ་བར་རྟོགས་མ་ཡིན། །འདི་ནི་བྱ་རོག་ཏ་ལ་འམ། །དེ་བཞིན་འོན་ཏེ་རྒྱུ་ཡིན་ཅི། །གལ་ཏེ་
ལ་སོགས་བསལ་ནས་ནི། །བྱེད་པ་ཡིན་ན་རྒྱུ་ཉིད་ཡིན། །དེ་ལྟ་མིན་ན་ཀུན་གྱི་རྒྱུ། །ཐམས་ཅད་ཡིན་པར་ཅིས་མི་འདོད། །ཡང་ན་ཇི་ལྟར་སྐྱེད་པ་ལས་སྔར་དེ་རྒྱུ་མ་ཡིན་པ་དེ་བཞིན་དུ། བསྐྱེད་པའི་གནས་སྐབས་ན་ཡང་ཁྱད་པར་མེད་པའི་ཕྱིར་རྒྱུ་མ་ཡིན་པ་ཉིད་དེ། འདོད་
ཆགས་ལ་སོགས་པ་ཐམས་ཅད་ལས་ངེས་པར་གྲོལ་བ་ནི་བྱ་བ་མེད་པར་འདུག་པ་ཉིད་རིགས་སོ། །འཇིག་རྟེན་གྱི་ལས་བདག་པོར་གྱུར་པས་བྱ་བ་མེད་པར་འདུག་པའི་དབང་མེད་དོ་ཞེ་ན། མ་ཡིན་ཏེ། ཕ་རོལ་ལས་ཀྱི་གཞན་དབང་གྱུར་པས་འདི། །ཇི་ལྟར་དབང་ཕྱུག་དབང་ཕྱུག་མིན་པ་ཉིད། །
Vol. 178 · folio 42b
འོན་ཏེ་དེ་ལ་བརྩེ་ཚུལ་ཁྱད་ཡིན་ནམ། །དམྱལ་སོགས་བསྒྲུབ་ཕྱིར་བརྩེ་བ་མེད་པ་ཅིས། །འཇིག་རྟེན་ལས་ཉིད་དེ་འདྲ་ཕྱིར་དེ་ལ། །དེ་བྱེད་ནུས་མེད་ན་འདི་དམ་པ་མིན། །དམ་པ་གལ་ཏེ་ལེགས་བྱེད་ནུས་མེད་ཀྱང་། །ལེགས་མིན་བྱ་ལ་དེ་ནི་འཇུག་གམ་ཅི། །དམ་པ་མིན་པའི་བྱ་བ་ནི། །
དམ་པས་ཡལ་བར་དོར་བའི་རིགས། །རྨ་ལ་རྒྱ་ཚ་འདེབས་པ་ནི། །དམ་པ་དམ་པའི་སྤྱོད་པ་མིན། །འོན་ཏེ་ཚུལ་འདི་ནི་འདི་ལྟ་བུ་ཉིད་ཡིན་ལ། འདི་ནི་དེ་ཉིད་གསལ་བར་བྱེད་པ་དང་། དེ་བྱ་བའི་ཕྱིར་སྤྱོད་པ་ཡིན་ནོ། །ངའི་རང་བཞིན་འདི་ལྟ་བུ་ཡིན་ཏེ། ངས་བཟློག་པར་ནི་མི་ནུས་སོ། །
དེ་ལ་འཇིག་རྟེན་གྱིས་ཅི་རིགས་པར་སྤང་བར་བྱ་བ་ཡིན་ནོ་ཞེ་ན། འདི་བདག་ཉིད་ལ་ཡང་དབང་མེད་པའི་ཕྱིར། འདི་གསལ་བར་དབང་ཕྱུག་ཡིན་ནོ། །རང་ལས་འཚམ་པའི་སྤྱོད་པ་ལ། །འཇིག་རྟེན་དབང་ཕྱུག་ཅིས་མ་ཡིན། །གལ་ཏེ་དེ་ཡང་དབང་ཕྱུག་གིས། །བསྐུལ་ན་ཕན་ཚུན་རྟེན་དེ་
ཉིད། །དེ་ལྟ་ཡིན་ན་གཅིག་ཀྱང་ནི། །སྲིད་པར་འཐད་པ་མ་ཡིན་ནོ། །གལ་ཏེ་དབང་ཕྱུག་ལ་ནི་ནུས་མེད་ན། །ལེགས་ཏེ་འགྲོ་བ་ལས་ཀྱིས་བསྒྲུབ་པར་འགྱུར། །གལ་ཏེ་འཇིག་རྟེན་རང་དབང་སྐྱེས་ན་འདིར། །ལས་སྨྲ་བ་ཉིད་དགེ་བར་བརྗོད་པ་ཡིན། །ཅི་སྟེ་ཡང་གལ་ཏེ་བདག་ཅག་
ལྟ་བུ་དེ་ཁོ་ན་ཉིད་མ་མཐོང་བ་དག་གིས་མ་ཤེས་ན་ཡང་དེ་དབང་ཕྱུག་གིས་ཀྱང་བརྒྱ་ཞིག་ལ་རྒྱུ་ཉིད་དུ་འགྱུར་རོ་ཞེ་ན། དེ་ལྟ་ན་ནི་འོ་ན། དེ་འགྲུབ་བྱ་ཕྱིར་དེ་ཉིད་མཐོང་བ་ཉིད། །ཤེས་བྱ་དེ་ཡིས་ཤེས་པར་བྱེད་པ་ནི། །གཞན་ཡིན་ཐུག་པ་མེད་པར་འགྱུར་བའི་ཕྱིར། །དབང་ཕྱུག་དུ་མ་དག་ཏུ་འགྱུར་བ་ཡིན། །བདག་
ཅག་ལ་སོགས་པ་ནི། མཚོན་དང་སྨན་སོགས་དང་འབྲེལ་བས། །ནག་པའི་རྨ་དང་འདྲུབས་ཡིན་ན། །འབྲེལ་མེད་སྡོང་དུམ་ཅི་ཡི་ཕྱིར། །རྒྱུ་ཉིད་དུ་ནི་རྟོགས་མི་བྱེད། འོན་ཏེ་འབྲེལ་པ་མེད་པའི་ཕྱིར་དེ་ནི་སྡོང་དུམ་གྱི་བྱེད་པ་མེད་པས་རྒྱུ་ཉིད་མ་ཡིན་ནོ་ཞེ་ན། སྡོང་དུམ་གྱི་བྱེད་པ་ཡང་བརྒྱ་
ཞིག་ལ་ཡོད་པ་ཡིན་ཏེ། དེ་ནི་དེ་ཁོ་ན་ཉིད་མ་མཐོང་བ་བདག་ཅག་ལྟ་བུ་མ་དམིགས་པ་ཡིན་ནོ། །འོ་ན་མི་དམིགས་པ་ཉིད་ཀྱིས་སྡོང་དུམ་གྱི་བྱེད་པ་མེད་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་འོ་ན། རང་བཞིན་ཁྱད་པར་མེད་པར་ནི། །བྱེད་པ་ཡང་ནི་མི་རུང་ངོ་། །རྟག་ལ་ལྡོག་པ་མེད་པའི་ཕྱིར། །ནུས་པ་
Vol. 178 · folio 43a
ཡང་ནི་རྟོགས་པར་དཀའ། །རྒྱུན་གྱིས་སམ་རྣམ་པ་གཞན་དུ་རྟག་པའི་དབང་ཕྱུག་རྟག་པ་ལ་ནི་རང་བཞིན་གྱི་ཁྱད་པར་མེད་པར་འབྲས་བུའི་བྱེད་པ་ཡང་ཉེ་བར་མཚོན་པར་མི་འཐད་དོ། །དབང་ཕྱུག་ལ་ཡང་ཞེས་ཡང་གི་སྒྲ་རིམ་པ་གཞན་དུ་བྱའོ། །ཅི་ལྟར་རྫ་མཁན་ལ་
སོགས་པས་བྱས་པའི་ཁྱད་པར་ཡོད་པ་དེ་བཞིན་དུ། གལ་ཏེ་དབང་ཕྱུག་གིས་བྱས་པ་ཡང་འགྱུར་ན་ནི་ནུས་པར་རྟོགས་པ་ཡིན་ནོ། །རྟག་ལ་ལྡོག་པ་མེད་པའི་ཕྱིར། །ནུས་པ་ཡང་ནི་རྟོགས་པར་དཀའ། །རྟག་ཏུ་གནས་དང་ཁྱབ་པས་ན། །ལྡོག་པ་ཉིད་ནི་མེད་ཕྱིར་རོ། །གང་དག་ཡོད་ན་གང་
འགྱུར་ཉིད། །དེ་དག་ལས་གཞན་དེ་ཡི་རྒྱུར། །རྟོགས་པ་ཡིན་ན་ཐམས་ཅད་ལ། །རྒྱུ་རྣམས་ཐུག་པ་མེད་པར་འགྱུར། །མཐོང་བའི་རྫ་མཁན་ལ་སོགས་པ་རྣམས་དང་། ལས་ཡོད་ན་མངོན་པར་འདོད་པ་འབྱུང་བ་ཉིད་དོ། །དེ་ལྟ་ན་ཡང་གཞན་རྟོགས་པ་ཡིན་ན་ནི། འབྲས་བུ་
ཐམས་ཅད་ལ་རྒྱུ་རྣམས་ཐུག་པ་མེད་པར་འགྱུར་ཏེ། མཐར་ཐུག་པར་མི་འགྱུར་རོ། །རྗེས་སུ་འཇུག་པ་མེད་པའི་རྟོག་པ་འཇུག་པའི་རྗེས་སུ་འགྲོ་ན་དེ་ལས་གཞན་ལ་གེགས་ཡོད་པ་མ་ཡིན་ནོ། །ཡང་ན་གསར་པ་མ་ཡིན་པ་གནའ་མ་དེ་ཉིད་གནས་པ་ཡིན་ནོ། །རྒྱུ་རྣམས་ཀྱི་རྒྱུ་ཡང་དེ་ཉིད་
ཡིན་པའི་ཕྱིར་དང་། ལས་གཞན་ནི་དོན་མེད་པ་ཉིད་དོ་ཞེས་བྱ་བར་འགྱུར་རོ། །འོ་ན་ཇི་ལྟར་རྟག་ཏུ་གནས་པའི་ས་མྱུ་གུ་ལ་སོགས་པའི་རྒྱུ་ཡིན་པ་དེ་བཞིན་དུ་དབང་ཕྱུག་ཀྱང་ཡིན་ནོ། །ས་ལ་སོགས་པ་ལ་ནི་ཐོག་མ་དམིགས་པ་མེད་དོ་ཞེ་ན། །འདི་ལ་ལན་དུ། མྱུ་གུ་སྐྱེད་ལ་
ས་ལ་སོགས། །རང་བཞིན་ཡོངས་སུ་འགྱུར་ནས་ནི། །རྒྱུ་ཡིན་དེ་ལེགས་བྱས་པ་ན། །དེ་ཡི་ཁྱད་པར་མཐོང་ཕྱིར་རོ། །ནས་ཀྱི་མྱུ་གུ་ལ་སོགས་པ་ནི་གཤོལ་གྱི་བྱེད་པ་ལ་སོགས་པ་རྣམ་པར་འགྱུར་བའི་ཁྱད་པར་གྱི་རྗེས་སུ་འགྲོ་བ་དང་འབྲེལ་པ་མཐོང་བའི་ཕྱིར་རོ། །ས་ལ་སོགས་
པ་རྒྱུ་ཉིད་དུ་རྟོགས་པ་ཡིན་ནོ། །ཡང་རྩོད་པ་དང་ལན་བཏབ་པ་ནི། གལ་ཏེ་ཇི་ལྟར་ཡུལ་དབང་པོ། །ཚོགས་པ་ཁྱད་མེད་བློ་རྒྱུ་ཡིན། །དེ་ལྟར་འདི་ཡིན་ཞེ་ན་མིན། །དེ་ལའང་ཁྱད་པར་ཡོད་ཕྱིར་རོ། །རྒྱུན་གྱི་ཁྱད་པར་མེད་པར་ནི། །སོ་སོ་སོ་སོར་ནུས་མེད་རྣམས། །ཚོགས་ཀྱང་
Vol. 178 · folio 43b
ནུས་པ་མེད་འགྱུར་བ། །དེ་ཕྱིར་ཁྱད་པར་གྲུབ་པ་ཡིན། །མིག་ལ་སོགས་པ་རྣམས་ལ་ནི། །འབྲས་བུའི་རང་བཞིན་གྱི་ཁྱད་པར་ཉིད་ལས་རྒྱུ་ཉིད་དུ་ངེས་པར་བྱེད་དོ། །འབྲས་བུ་རྣམ་པར་ཤེས་པ་ནི་གཟུགས་སོ་སོར་ངེས་པ་དང་། གཟུགས་ཀྱི་རྣམ་པ་ཅན་དང་། རྟོགས་པའི་རང་
བཞིན་ཅན་ཡིན་ནོ། །དེའི་ཕྱིར་འདི་དག་ཕན་ཚུན་སྤངས་པས་ཉེ་བར་སྦྱར་བ་ལས་ཁྱད་པར་ཡོད་པའི་ཕྱིར་མིག་ལ་སོགས་པ་འབྲས་བུ་རྣམ་པར་ཤེས་པའི་རྒྱུ་ཡིན་ནོ། །གང་གི་ཕྱིར་འདི་དག་ནི་སོ་སོ་སོ་སོར་རྣམ་པར་ཤེས་པའི་ཚོགས་ལ་ནུས་པ་མེད་པ་ཡིན་ནོ། །མིག་ལས་ནི་
རྟོགས་པའི་རང་བཞིན་མ་ཡིན། གཟུགས་ལས་ནི་གཟུགས་འཛིན་པར་སོ་སོར་ངེས་པ་མ་ཡིན། ཡིད་ལ་བྱེད་པ་ལས་ནི་གཞན་མ་ཡིན་ཏེ། །རེ་རེ་ལས་མཐོང་བ་མེད་པའི་ཕྱིར་རོ། །འོན་ཏེ་མིག་ཕྱེ་བ་ན་གཟུགས་གཞན་དང་གཞན་ཉེ་བར་གནས་པར་འགྱུར་བ་ན་གཟུགས་གཞན་
དང་གཞན་མཐོང་ན་དེའི་ཚེ་མིག་ལ་ཁྱད་པར་ཡོད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་གཟུགས་གནས་པ་ཉིད་ལ་མིག་གི་རྣམ་པར་ཤེས་པ་གཞན་དང་གཞན་འབྱུང་བ་ཡིན་ནོ། །དེ་བཞིན་དུ། དབང་ཕྱུག་ཀྱང་རྟག་ཏུ་མཚུངས་པ་ཉིད་ཀྱིས་རྣམ་པར་གནས་པ་ན་སྲིད་པ་གཞན་དང་གཞན་སྐྱེ་
བའི་ཕྱིར་རྒྱུའི་དངོས་པོ་མ་ཡིན་པ་མ་ཡིན་ནོ་ཞེ་ན། འདི་ལ་ནམ་མཁའ་ལ་སོགས་པ་རྣམས་ཀྱང་རྒྱུའི་དངོས་པོར་ཐལ་བར་འགྱུར་རོ་ཞེས་བརྗོད་ཟིན་ཏོ། །མིག་དང་གཟུགས་ཀྱི་ཁྱད་པར་ལས། །རྣམ་པར་ཤེས་པ་ཁྱད་པར་ཅན། །ཡོད་པར་འགྱུར་བ་དེ་ཡི་ཕྱིར། །གཟུགས་ལ་སོགས་
པ་རྒྱུ་ཉིད་ཡིན། །ཡོངས་སུ་གསལ་བ་དང་མི་གསལ་བ་ལ་སོགས་པའི་མཚན་ཉིད་གཟུགས་ཀྱི་ཁྱད་པར་ལས། རྣམ་པར་ཤེས་པ་ཡིད་བདེ་བ་ལ་སོགས་པ་དང་ལྡན་པ་སྐྱེ་ལ། དེ་བཞིན་དུ་ཕྱེད་བཙུམས་པ་ལ་སོགས་པའི་མིག་གི་ཁྱད་པར་ལས་མི་གསལ་བ་ཉིད་ལ་སོགས་
པའི་ཁྱད་པར་དུ་འགྱུར་རོ། །དེ་ནི་དེ་དང་འབྲེལ་པས་རྒྱུ་དེའི་འབྲས་བུར་རྟོགས་པར་བྱེད་ཀྱི། དེ་བཞིན་དུ་དབང་ཕྱུག་རྒྱུར་རྟོགས་པའི་རྒྱུ་ནི་མེད་དོ། །དེས་ན། རྒྱུན་གྱི་ཁྱད་པར་མེད་ན་ནི། །ཞེས་བྱ་བ་རྒྱུན་གྱི་ཁྱད་པར་ཡོད་པ་མ་ཡིན་ནོ། །སོ་སོ་སོ་སོར་ནུས་མེད་རྣམས། །ཚོགས་ཀྱང་
Vol. 178 · folio 44a
ནུས་པ་མེད་འགྱུར་བ། །ཡིན་ཏེ། རྒྱུ་ལས་བཟློག་པའི་རང་བཞིན་དེ་ཉིད་ཅི་ལྟར་རྒྱུར་འགྱུར་ཞེས་བྱ་བ་འདི་ལ་ལན་ཅི་ཡོད། གཟུགས་ལ་སོགས་པ་རྒྱུ་ཉིད་དུ་རྟོགས་པ་ཡིན་ན། རྒྱུ་བརྗོད་པའི་ཕྱིར་སྐྱོན་མེད་དོ། །དེའི་ཕྱིར་སོ་སོར་གང་ནུས་མེད། །ཚོགས་ན་ཡོན་
ཏན་སྲིད་འགྱུར་བ། །དེ་དག་རྒྱུ་ཡིན་དབང་ཕྱུག་སོགས། །མ་ཡིན་ཁྱད་པར་མེད་ཕྱིར་རོ། །དབང་ཕྱུག་དགག་པའི་རྣམ་འགྲེལ་ལོ། །གལ་ཏེ་དབང་ཕྱུག་ཡོངས་སུ་ཤེས་པ་ལ་སོགས་པའི་རྒྱུ་ཤེས་པར་བྱེད་པའམ། སྐྱེད་པར་བྱེད་པ་མེད་ན་འོ་ན་ནི་དེ་གཞན་ལ་ཡང་མི་འགྱུར་ཏེ། འདི་
ལྟར། ཚད་མ་ལྐོག་གྱུར་དོན་ཤེས་ཡིན། །དེ་གྲུབ་བྱེད་ཀྱང་མེད་པའི་ཕྱིར། །ནན་ཏན་བྱེད་པ་ཡོད་མ་ཡིན། །ཞེས་ནི་ཁ་ཅིག་རབ་ཏུ་བརྗོད། །རེ་ཞིག་ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་ཐམས་ཅད་མཁྱེན་པར་འགྱུར་བ་གང་ཡིན་དེའི་ལྐོག་ཏུ་གྱུར་པའི་དོན་ཤེས་པ་ལ་རྒྱུ་ཅི་ཡོད།
གང་རྗེས་སུ་བསྒྲུབས་པས་ཐམས་ཅད་རིག་པར་འགྱུར་བ་དེ་འདྲ་བའི་རྒྱུ་ནི་འགའ་ཡང་རྟོགས་པ་མེད་དོ། །སྔགས་དང་རྒྱུད་ལ་སོགས་པ་ནི་ཕལ་ཆེར་གཞུང་ཐམས་ཅད་ལ་ཡོད་པ་ཡིན་ནོ། །དེ་ངེས་པའི་རྒྱུ་ཡང་ཡོད་པ་མ་ཡིན་ནོ། །ཕྱོགས་གཅིག་མི་སླུ་བ་ནི་ཚིག་ཐམས་ཅད་ཀྱང་ཡིན་པ་
ཉིད་དོ། །ལྐོག་ཏུ་གྱུར་པའི་དོན་ཐམས་ཅད་མངོན་དུ་བྱེད་པ་སྲིད་པ་ཡང་མ་ཡིན་ཏེ། དབང་པོའི་ཤེས་པ་ནི་ཉེ་བར་གནས་པའི་ཡུལ་ཅན་ཉིད་དུ་མཐོང་བའི་ཕྱིར་རོ། །དོན་དང་དབང་པོ་ཁྱད་མེད་ཀྱང་། །གལ་ཏེ་ཀུན་རིག་འབྱུང་འགྱུར་ན། །དབང་དོན་ཁྱད་པར་མེད་པའི་ཕྱིར། །ཐམས་
ཅད་ཐམས་ཅད་ཤེས་པར་འགྱུར། །མི་གཙང་ལ་སོགས་རོ་མྱང་དང་། །འབྲེལ་པ་བཟློག་པར་དཀའ་བ་ཡིན། །དབང་པོ་ཕྲད་ནས་འཛིན་པ་ན། །ཐམས་ཅད་རིག་པ་ཅི་ལྟར་བརྗོད། །དེ་ཡི་ཡིད་ཀྱི་རྣམ་ཤེས་ཀྱང་། །དབང་པོའི་རྗེས་སུ་མི་འཇུག་མིན། །ཡིད་ཀྱི་ཤེས་པ་རང་དབང་ནི། །
འགས་ཀྱང་མཐོང་བ་ཡོད་མ་ཡིན། །གོམས་པས་གསལ་ཡིན་དེ་ཡིས་ནི། །ཡུལ་དུ་ཐམས་ཅད་འགྱུར་མ་ཡིན། །ལུང་ལ་བརྟེན་པ་ཡིན་ན་འདི། །འཁྲུལ་བ་ཉིད་དུ་ཐལ་བར་འགྱུར། །དངོས་པོ་ཐམས་ཅད་རྗེས་དཔག་གིས། །གྲུབ་པར་རྟོགས་པ་ཡོད་མ་ཡིན། །དེས་ན་ཡུལ་ཀུན་སྒོམ་
Vol. 178 · folio 44b
མེད་པས། །ཇི་ལྟར་ཐམས་ཅད་མཁྱེན་པར་འགྱུར། །བསྟན་བཅོས་ལ་སོགས་གོམས་པ་ལས། །བསྟན་བཅོས་སོགས་ཉིད་རྟོགས་ལ་རག །དེ་ཡི་ཐམས་ཅད་རིག་པ་གོ། །ག་ལས་འབྱུང་བར་འགྱུར་བ་ཡི། །དེ་ཡི་ཤེས་བྱ་ཤེས་མེད་པར། །ཀུན་ཤེས་ཞེས་བྱའི་རྣམ་ཤེས་ནི། །གང་
ལས་དེ་ཡི་ཤེས་བྱ་བ། །ཤེས་ནའང་དེ་ཉིད་ཀུན་རིག་འགྱུར། །གང་ཞིག་ཆགས་སོགས་དང་བྲལ་ཞིང་། །དེ་བཞིན་རྣམ་རྟོག་དང་བྲལ་དེས། །བསྟན་པར་བྱས་ཞེས་བྱ་བ་དེ། །དེ་ནི་གཡར་པོའི་རྒྱན་དང་འདྲ། །བྱུང་གྱུར་བྱུང་དང་འབྱུང་འགྱུར་དངོས། །ཐོག་མཐའ་མེད་པར་རིམ་གྱིས་ནི། །
སོ་སོ་རེ་རེར་རྟོགས་པར་ནི། །བསྐལ་པའི་བར་དུའང་ནུས་མ་ཡིན། །ཕྱོགས་གཅིག་ཡོངས་སུ་ཤེས་པ་ནི། །སུ་ལ་མེད་ཅེས་བྱ་བ་ཡིན། །སྐྱེས་བུ་མང་དུ་རྟོག་པ་ལ། །བདེན་དོན་ཅན་ཅིག་མེད་མ་ཡིན། །ཁྱད་པར་དང་ལྡན་མཐོང་བ་གང་། །དེ་ནི་དེ་ཙམ་ཉིད་གནས་པས། །ཁྱད་
པར་ཅུང་ཟད་ཤེས་འགྱུར་གྱི། །ཤིན་ཏུ་དབང་འདས་དོན་རིག་མིན། །ཕྱོགས་གཅིག་དེ་ཉིད་ཤེས་པ་ནི། །ཐམས་ཅད་མཁྱེན་པར་འཐད་མིན་ཏེ། །འདི་ནི་ཕ་རོལ་འཁྲུལ་པའི་རྒྱུ། །བྱ་རོག་ཏ་ལའི་ཚུལ་དུ་འགྱུར། །ཅིག་ཅར་ཐམས་ཅད་རྣམ་ཤེས་ན། །ཇི་ལྟར་འཁོར་བ་ཐོག་མེད་ཉིད། །
ཤེས་པ་གང་དུ་ཡོངས་རྫོགས་པ། །དེ་ཉིད་འདིར་ནི་ཐོག་མར་བརྗོད། །འདི་ལ་བརྗོད་པ་ཐམས་ཅད་རིག་པ་ཞེས་བྱ་བ་ཚད་མ་གཞན་ནི་འདོད་པ་མ་ཡིན་གྱི། །འོན་ཀྱང་སླུ་བར་བྱེད་པ་མ་ཡིན་པ་མངོན་པར་འདོད་པ་བསྒྲུབ་པ་ནུས་པར་གྱུར་པའོ། །ཅིའི་ཕྱིར་ཞེ་ན། མི་ཤེས་སྟོན་པར་བྱེད་པ་
ལ། །འཁྲུལ་པར་དོགས་པ་ཅན་རྣམས་ཀྱི། །དེ་བཤད་ནན་ཏན་བྱ་བའི་ཕྱིར། །ཤེས་ལྡན་འགའ་ཞིག་ཚོལ་བར་བྱེད། །གཞན་རྗེས་སུ་སྒྲུབ་པར་འདོད་པས་གཞན་ཤེས་པའི་ཉེ་བར་སྟོན་པ་པོ་ཚོལ་བར་མི་བྱེད་དོ། །དེ་ངེས་ཀྱང་མངོན་པར་འདོད་པ་ལ་སླུ་བ་སྲིད་པའི་ཕྱིར་རོ། །འོན་
ཏེ་དེར་ཡང་དེའི་ཤེས་པ་ཡོད་པ་ཉིད་དོ་ཞེས་ངེས་པ་ཉིད་དོ་ཞེ་ན། མ་ཡིན་ཏེ། ཐམས་ཅད་དུ་ཤེས་པ་ལ་ཤེས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་དེ་ཉིད་དེས་ཤེས་པར་བྱ་བ་ཡིན་ནོ། །གལ་ཏེ་དེས་ཤེས་སོ་ཞེས་ཤེས་ན་ནི་དེའི་ཕྱིར། མི་ཤེས་པ་ཉེ་བར་སྟོན་པར་བྱེད་པ་ལ་སླུ་བར་དོགས་པ་
Vol. 178 · folio 45a
ཅན་གྱི་མི་ཤེས་པ་དག་གིས། དེའི་ཡུལ་ཅན་གྱི་ཤེས་པ་ཤེས་པས་ན་འདི་ཚད་མ་ཉིད་དོ། །གཞན་ལ་ཡང་དེའི་ཡེ་ཤེས་སྲིད་པར་བྱ་བ་ཡིན་ནོ། །སྐྱེས་བུའི་དོན་གྱི་གཙོ་བོ་ཤེས་པ་དང་ཚད་མས་ཡོངས་སུ་དག་པའི་ཐམས་ཅད་ཀྱི་དེ་ཁོ་ན་ཤེས་པ་གང་ཡིན་
པ་དེ་ཉིད་ཚད་མ་ཡིན་པས་འདི་དེ་ཙམ་གྱིས་ཉེ་བར་བསྟན་པར་བྱ་བ་ཡིན་ནོ། །ལྷག་མ་ཐམས་ཅད་ནི་ཉེ་བར་བསྟན་པར་བྱ་བ་ཐམས་ཅད་ལ་མཚུངས་པ་ཉིད་དོ། །དེ་ཡང་གང་ལ་སྲེད་ཅེ་ན། །གང་གིས་ཉེ་བར་བསྟན་པའོ། །གང་ཞིག་ཚད་མས་མཐོང་བའི་སྐྱེས་བུའི་དོན་གྱི་གཙོ་བོ་མི་
སྨྲ་བའི་གཞན་ཉིད་སྨྲ་བ་གང་ཡིན་པ་དེ་དག་ནི་ཚད་མ་མ་ཡིན་ཏེ། དེ་ལ་ཡང་མི་ཤེས་པ་སྲིད་པའི་ཕྱིར་རོ། །ཇི་ལྟར་ཉེ་བར་སྟོན་ཅེ་ན། གཅིག་ནས་གཅིག་ཏུ་བརྒྱུད་པ་ཐོག་མ་མེད་པ་ལས་ཏེ། །མེད་པ་པའི་ཉེ་བར་བསྟན་པ་བཞིན་ནོ། །འོ་ན་ཐམས་ཅད་ཡོངས་སུ་མི་ཤེས་ན།
ཐམས་ཅད་ལ་དོགས་པ་སྐྱེ་བའི་ཕྱིར། །གཞན་ཡང་ཡོངས་སུ་མི་ཤེས་སོ་ཞེས་དོགས་པར་བྱ་བ་ཡིན་ནོ། །དེས་ན་ཐམས་ཅད་ཤེས་པ་མེད་ན་ཇི་ལྟར་འདི་ལ་ཡང་ཡོངས་སུ་ཤེས་པ་ཡོད་པར་འགྱུར། ཉེ་བར་བསྟན་པ་ནི་ཉེ་བར་བསྟན་པ་བརྒྱུད་པ་ལས་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་
ཏེ། ཚད་མ་མེད་པའི་དངོས་པོ་ལ། །ཉེ་བར་བསྟན་པ་བརྒྱུད་པར་གསལ། །ཉེ་བར་བསྟན་པ་བརྒྱུད་པ་དེ། །ཚད་མ་ཅན་ལ་ཡོད་མ་ཡིན། །ཚད་མ་མེད་པ་རྟག་པ་ཉིད་ལ་སོགས་པ་ལ་ཉེ་བར་བསྟན་པ་བརྒྱུད་པ་ལས་རྟེན་གཞན་ཡོད་པ་མ་ཡིན་ནོ། །ཚད་མས་དངོས་པོ་ཡོངས་
སུ་བཅད་པ་ཡིན་ན། ཅི་ལྟར་དེ་ལ་མ་ཤེས་པ་ཡིན་པར་དོགས། །དོགས་སུ་ཆུད་པ་དེ་ལྟ་ན་ཡང་དེ་ལ་གདོན་མི་ཟ་བར་འཇུག་པར་འགྱུར་བ་ཡིན་ཏེ། ཚད་མས་ངེས་པའི་ཕྱིར་རོ། །འོན་ཏེ་ཚད་མས་མཐོང་བ་ཡིན་ཡང་། མངོན་དུ་བྱེད་པར་མ་ངེས་སོ་ཞེ་ན། དེ་ནི་འདིར་འགྱུར་
ཏེ། གང་གིས་ཚད་མཐོང་སྟོན་པ་ཡང་། །དོགས་འགྱུར་ཞིབ་ལྟ་འདི་འདྲ་བ། །སྐྱེས་ན་མུ་སྟེགས་དག་ལ་ནི། །བརྗོད་པ་ཉིད་ཀྱང་ཅི་ཞིག་ཡོད། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི་ཚད་མས་མཐོང་བ་གསུང་བ་ཡིན་ནོ། །དེ་ལ་ཡང་དོགས་པ་གང་ཡིན་པ་དེ་གང་དག་ལ་ཡོངས་
Vol. 178 · folio 45b
སུ་ཤེས་པ་རྗེས་སུ་འཇུག་པ་མེད་པའི་མུ་སྟེགས་པ་དག་ལ་རྩིར་ཡང་ཅི་ཡོད། དེའི་ཕྱིར་ཚད་མས་མཐོང་བའི་དོན་གསུང་བའི་ཕྱིར་ན། བཅོམ་ལྡན་འདས་ནི་ཚད་མ་ཉིད་དོ། །མཐོ་རིས་དང་ནི་བྱང་གྲོལ་ལམ། །རིག་བྱེད་མི་ཡི་ཚད་མ་ཡིན། །ཡོངས་སུ་ཤེས་མེད་གཞན་ལ་ཡང་། །
དེ་ཡི་དེ་ནི་སྲིད་པ་ཡིན། །དེ་ཕྱིར་དེ་ཡི་ཡེ་ཤེས་ནི། །ནན་ཏན་བྱ་རྟོགས་རྣམ་དཔྱད་བྱའི། །དེ་ཡི་སྲིན་བུའི་གྲངས་མཁྱེན་པ། །ངེད་ལ་འགར་ཡང་ཉེར་མཁོ་མེད། །འདི་ལྟར། འདི་ནི་ཆོས་མཁྱེན་འགོག་པ་ཉིད། །འབའ་ཞིག་དགག་པར་བྱ་བ་ཡིན། །ཕ་རོལ་པོས་བཀག་གཞན་
ཀུན་ནི། །གང་གིས་ཟློག་པར་བྱེད་པ་ཡིན། །གལ་ཏེ་ཕྱོགས་གཅིག་མཁྱེན་པའི་ཕྱིར། །དེ་བཞིན་གཤེགས་པ་ཐམས་ཅད་རིག་པ་ཡིན་ནོ་ཞེས་བརྟག་པར་བྱ་བ་ཡིན་ནོ། །མེ་ནི་ཁ་བའི་གཉེན་པོ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་མི་སླུ་བ་ལས་གཞན་ཡང་འགྱུར་བའི་ཕྱིར་ཐུག་པ་མེད་པ་ཉིད་
དུ་འགྱུར་རོ། །དེ་ལྟར་གྱུར་པ་ཡང་མ་ཡིན་ཏེ། །ཕན་ཚུན་འགལ་བས་རྗེས་སུ་སྒྲུབ་པར་མི་སྲིད་པའི་ཕྱིར་རོ་ཞེ་ན། དེ་ཡང་མི་བདེན་ཏེ། །བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་དང་བཅས་པར་རིག་མཛད་པ། །གང་ཚེ་ཚད་མ་ཉིད་འདོད་ཀྱི། །ཐམས་ཅད་རིག་མཛད་མ་ཡིན་ནོ། །གང་གི་
ཕྱིར་སྐྱེས་བུའི་དོན་ནི་མཚན་ཉིད་ཕྱོགས་གཅིག་རིག་པར་བྱེད་པ་ཡིན་ཞེས་ཏེ། དེ་ཙམ་གྱིས་ནི་དེ་ཐམས་ཅད་ཐམས་ཅད་རིག་པར་འགྱུར་བ་མ་ཡིན་ཏེ། སྐྱེས་བུའི་དོན་གྱི་ཆ་རིག་པ་ནི་འགའ་ལ་མང་མི་སྲིད་པ་མ་ཡིན་ནོ། །དེ་ལ་བླང་བྱ་དང་དོར་བྱའི་དེ་ཉིད་སྡུག་བསྔལ་དང་། འགོག་
པའི་བདེན་པའོ། །ཐབས་ཀྱི་དེ་ཉིད་ནི་སྡུག་བསྔལ་དང་འགོག་པའི་བདེན་པ་དེ་དག་ཉིད་ཀྱི་རྒྱུ་ཀུན་འབྱུང་དང་ལམ་གྱི་བདེན་པའོ། །དེས་ན་འཕགས་པའི་བདེན་པ་བཞིའི་མཚན་ཉིད་དེ་ཁོ་ན་ཉིད་རིག་པར་མཛད་པ་དང་། །ཚད་མས་གྲུབ་པ་རིག་པར་མཛད་པ་གང་ཡིན་པ་དེ་ནི་ཚད་མ་ཡིན་ནོ་ཞེས་
བྱ་བའི་དོན་ཏོ། །མཐོ་རིས་ཀྱི་ལམ་ཡང་ཚད་མས་གཅོད་པར་སྲིད་པ་ཡིན་ནོ། །བུད་མེད་དང་དམངས་རིགས་ངོ་མཚར་སྐྱེད་པ་གཞན་ཡང་བདེ་བར་གཤེགས་པའི་གསུང་ལ་མེད་པ་མ་ཡིན་ནོ། དེའི་ཕྱིར་སྐྱེས་བུའི་དོན་གྱི་གཙོ་བོ་རིག་པར་མཛད་པ་ཉིད་ཚད་མ་ཡིན་ཏེ། །གཞན་མི་འཐད་པའི་ཕྱིར་
Vol. 178 · folio 46a
རོ། །དེའི་ཕྱིར། རིང་པོ་མཐོང་ངམ་མིན་ཡང་རུང་། །འདོད་པའི་དེ་ཉིད་མཐོང་བ་ཡིན། །གལ་ཏེ་རིང་མཐོང་ཚད་ཡིན་ན། །ཚུར་ཤོག་བྱ་རྒོད་བསྟན་པར་གྱིས། །རིང་པོར་མཐོང་བ་ཡོད་དོ་ཞེས་བྱ་བ་ཙམ་གྱིས་ནི་ཐམས་ཅད་རིག་པར་འགྱུར་བ་མ་ཡིན་ནོ། །གལ་ཏེ་
དེ་ལྟ་ཡིན་ན་ནི་བྱ་རྒོད་ལ་སོགས་པ་ཡང་དེ་ཡིན་པས་ན་ཚུར་ཤོག་བྱ་རྒོད་དང་རིང་པོར་ཐོས་པའི་ཕག་བསྟེན་པ་བདག་གིར་གྱིས་ཤིག །དེ་ལྟ་ན་རིགས་པའི་ལམ་ཐམས་ཅད་དོར་བ་ཉིད་དུ་འགྱུར་རོ། །འོན་ཏེ་འདིའི་སྐྱེས་བུའི་དོན་གྱི་མཁྱེན་པ་བཙལ་བར་བྱ་བ་ཅི་དོན་མཐའ་དག་མཁྱེན་པ་མི་
སྲིད་པའམ། གཅིག་ཏུ་དོན་མེད་པ་ཉིད་ཡིན་ནམ་ཞེ་ན། དེ་ནི་ཡོད་པ་མ་ཡིན་ཏེ། ཐམས་ཅད་རིག་པར་མཛད་པ་ཡི། །ཐམས་ཅད་མཁྱེན་པ་འགོག་པ་མིན། །ངེད་ཀྱིས་ཤེས་པར་མི་ནུས་པས། །ཆོག་ཤེས་པར་ནི་འདོད་པ་ཡིན། །ཐམས་ཅད་ཤེས་པ་མ་ཡིན་པས་ནི་
ཐམས་ཅད་མཁྱེན་པ་ཤེས་པ་མ་ཡིན་ཏེ། ཐབས་མེད་པའི་ཕྱིར་རོ། །འདི་ལྟར། ཐམས་ཅད་ཤེས་སོ་ཞེས་བྱ་འདི། །དེ་ཡི་ཤེས་བྱའི་ཤེས་ལས་འདོད། །དེ་ཡི་ཕྱོགས་གཅིག་རྣམ་ཤེས་པ། །དེ་ཤེས་ཉིད་ལས་འགྲུབ་པ་ཡིན། །བུད་མེད་དང་དམངས་རིགས་དང་ཐུན་མོང་བ་ཤིང་ལ་སོགས་པ་ཤེས་པ་
ཡང་གཞན་གྱིས་ཤེས་པའམ་མ་ཡིན་ཞེས་དེ་ཤེས་པ་ཉིད་ལས་འདོད་པ་ཡིན་ཏེ། རང་ཉིད་ཀྱིས་མ་ཤེས་ན་ནི་དེ་འདིས་ཤེས་སོ་ཞེས་བྱ་བའི་ཐབས་ཡོད་པ་མ་ཡིན་ནོ། །གཟིགས་པ་རིང་དུ་སོང་བའི་ཆེན་པོ་གང་ཡིན་པ་དེ་དག་ནི། མཐའ་དག་མཁྱེན་པ་སྲིད་པ་ནི་ཕྱོགས་གཅིག་ཡོངས་སུ་ཤེས་པ་
སྔོན་དུ་འགྲོ་བ་ཅན་ཉིད་དོ། །དེ་དག་གི་དེ་ཉིད་སྲིད་པ་དེ་ཡང་དེ་ལས་གཞན་གྱིས་ཡིན་ནོ། །འོན་ཏེ་གཉི་གའི་མཚན་ཉིད་ཀྱི་ཚད་མ་ལ་ཡང་སྒྲུབ་པ་གང་ལས་ཡིན་ཞིང་རྒྱུ་ཡང་གང་ཡིན་ཞེ་ན། བཤད་པ། སྒྲུབ་བྱེད་ཐུགས་རྗེ་གོམས་ལས་ཏེ། །བློ་ལུས་ལ་ནི་བརྟེན་པའི་ཕྱིར། །ཚད་
མ་དེའི་སྒྲུབ་བྱེད་གང་ལས་ཡིན་ཞེ་ན། །ཐུགས་རྗེ་གོམས་པ་ལས་ཡིན་ན། །ཐུགས་རྗེ་དེ་ཡང་བློའི་ལུས་ལ་བརྟེན་པའི་ཕྱིར་རོ། །ཐུགས་རྗེ་དེ་ནི་གོམས་པའི་ཡན་ལག་དང་བཅས་པར་བློའི་ལུས་གང་ཡིན་པ་དེ་ལ་བསྟེན་པའི་ཕྱིར་རྟོགས་པ་རབ་ཀྱི་མཐར་སྒྲུབ་པར་བྱེད་པ་ཡིན་ནོ། །གལ་
Vol. 178 · folio 46b
ཏེ་ཐུགས་རྗེ་ཡོད་དུ་ཆུག་པ་དེ་ལྟ་ན་ཡང་དེ་ལས་ཚད་མ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་སྲིད་པ་ཡིན་ཞེ་ན། སྲིད་པ་ཡོད་པ་ཉིད་དོ། །གང་གི་ཕྱིར། ཕ་རོལ་སྡུག་བསྔལ་དེ་བཞིན་དུ། །སྡུག་བསྔལ་རྒྱུ་དང་བྲལ་འདོད་གང་། །དེ་བརྩེ་དེས་ན་དེས་ལྡན་པ། །དེ་ཡི་ཐབས་ནི་སྒྲུབ་པར་
འདོད། །གཞན་ཡང་སྡུག་བསྔལ་དང་བྲལ་བར་འདོད་པ་ནི་གདོན་མི་ཟ་བར་དེའི་ཐབས་ཚོལ་བ་ཡིན་ནོ་ཞེས་ཕྱིས་སྟོན་པར་འགྱུར་རོ། །ཡང་ན་སྒྲུབ་བྱེད་ཐུགས་རྗེ། ཐུགས་རྗེ་དང་ལྡན་པ་ནི་གཞན་ལ་ཕན་འདོགས་པ་དང་བྲལ་བར་མི་འགྱུར་རོ། །དེས་ན་གཞན་གྱི་དོན་སྟོན་པས་ཚད་མ་
ཡིན་ཏེ། ཐུགས་བརྩེ་བ་དང་ལྡན་པ་ནི་ཐབས་ལ་འཇུག་པ་ཡིན་ལ། ཐབས་དེ་ཡང་རང་ཉིད་ཚད་མར་སྒྲུབ་པ་ཡིན་ནོ། །ཐམས་ཅད་སྐྱོབ་པར་འདོད་པའི་མཚན་ཉིད་ཀྱིས་ཐུགས་རྗེ་དེ་ཉིད་གང་ལས་འབྱུང་བ་ཡིན་ཞེ་ན། བཤད་པ། གོམས་ལས་དེ། སྙིང་རྗེ་ནི་བདག་གི་བ་རྣམས་ལ་
སྡུག་བསྔལ་མཐོང་བས་བག་ཆགས་སད་པ་ལས་སྐྱེ་ལ། གོམས་པ་ལས་ནི་ཐ་མལ་པ་དང་དགྲ་བོའི་ཕྱོགས་དག་ལ་འཇུག་པ་ཡིན་ནོ། །དེས་ན་ཐམས་ཅད་ཤེས་པ་མ་ཡིན་ན་ཐམས་ཅད་སྐྱོབ་པ་མི་སྲིད་པའི་ཕྱིར་དེའི་ཐབས་གོམས་པ་སྒྲུབ་པར་བྱེད་དོ། །གལ་ཏེ་བློ་དང་ལྡན་པའི་བློ་ནི་
ལུས་ལ་བརྟེན་པ་ཡིན་ནོ། །ཐུགས་རྗེ་ཡང་བློ་ཉིད་ཡིན་ཏེ། དེས་ན་དེ་ཡང་ལུས་ལ་བརྟེན་པ་ཉིད་དེ། །དེའི་ཕྱིར་ལུས་ཐལ་བར་གྱུར་པ་ལ་སོགས་པ་ན་གོམས་པ་མི་འགྲུབ་བོ། །གལ་ཏེ་སྐྱེ་བ་གཞན་ཡོད་ན་ནི་དེའི་ཚེ་སྐྱེ་བ་དུ་མར་གོམས་པ་བསགས་པ་ལས་མངོན་པར་འདོད་པ་འགྲུབ་པ་
ཡིན་ནོ། །འདི་ལྟར། བློ་ནི་ལུས་ཀྱི་བདག་ཉིད་དང་། །ལུས་འབྲས་ལུས་ཀྱི་ཡོན་ཏན་ཡིན། །འདིར་ནི་ལུགས་གསུམ་ལ་བརྟེན་ཏེ། །གོམས་པ་སྲིད་པ་ཡོད་མ་ཡིན། །དེ་བཤད་པ་ནི། བློ་ནི་ལུས་ལ་བརྟེན་པའི་ཕྱིར། །གོམས་པ་གྲུབ་པ་མེད་ཅེ་ན། །མ་ཡིན་རྟེན་ནི་བཀག་ཕྱིར་རོ། །
སྔ་མའི་རྗེས་སུ་འགྲོ་བའི་བློ་དང་བྲལ་བའི་ལུས་འབའ་ཞིག་བློའི་རྟེན་ཡིན་པ་བཀག་པའི་ཕྱིར་རོ། །འབྲས་བུ་ཉིད་དམ་ཡོན་ཏན་ཉིད་དམ་གཞན་དུ་ཡིན་ཡང་རུང་སྟེ། ལུས་འབའ་ཞིག་ནི་རྟེན་དུ་འགྱུར་བ་མ་ཡིན་ནོ། །གལ་ཏེ་ཕ་མའི་ལུས་ལ་བརྟེན་པ་མཐོང་བའི་ཕྱིར་བློ་ལུས་ལ་བརྟེན་པ་
Vol. 178 · folio 47a
དང་ལུས་ཀྱི་འབྲས་བུར་དམིགས་པ་ཡིན་ནམ། འདི་ལྟར་བསྐྱེད་པར་བྱ་བའི་ལུས་ཀྱི་འབྱུང་བ་ཆེན་པོ་ལ་བརྟེན་པ། དེའི་རང་བཞིན་གྱི་ཀུན་ཏུ་སྤྱོད་པ་དང་། སེམས་གསལ་བ་ལ་སོགས་པ་ཕ་མའི་རྗེས་སུ་འགྲོ་བ་ཡིན་ཏེ། རི་མོ་ལ་སོགས་པ་བཞིན་ནོ། །
རི་མོ་བྱེད་པའི་གཟུགས་ཤེས་པ་ལ་སོགས་པའི་རྗེས་སུ་འགྲོ་བ་ཅན་རྩིག་པ་ལ་བརྟེན་པ་དང་རི་མོ་ནི་རི་མོ་བྱེད་པའི་འབྲས་བུའི་ངོ་བོ་ཉིད་དོ། །དེས་ན་རི་མོ་ནི་རྩིག་པ་མེད་པར་མི་གནས་ལ། རྩིག་པ་གཞན་དུ་ཡང་མི་འཕོ། རྩིག་པ་གཞན་ལས་འོངས་པ་ཡང་མ་ཡིན་ནོ། །ཡང་ན་
ཨ་མྲའི་འབྲས་བུ་ལ་སོགས་པ་སྨིན་པ་ལས་བྱུང་བའི་གཟུགས་བཞིན་ནོ། །འབྲས་བུ་ཡང་དུ་བ་མེ་གཞན་ལས་མ་འོངས་མེ་གཞན་དུ་འགྲོ་བ་ཡང་མ་ཡིན་ནོ། །ཆང་ལ་བརྟེན་པའི་མྱོས་པའི་ནུས་པ་ནི་བསྐ་བ་ལ་སོགས་པའི་རོ་དང་འབྲེལ་པ་ལས་སྔ་ན་མེད་པ་འབྱུང་བ་ཡིན་ལ་ཁ་ཅིག་
པ་ན་ཡང་ཆང་གཞན་ལ་བརྟེན་པ་མ་ཡིན་ནོ། །དེ་བཞིན་དུ་དབང་པོ་དང་སེམས་པའི་ཁྱད་པར་ཡང་ཡིན་ནོ། །དེ་སྐད་དུ་བཤད་པ་ཡང་། ས་དང་ཆུ་དང་མེ་དང་རླུང་། །ཞེས་བྱ་བ་ནི་དེ་ཉིད་ཡིན་ནོ། །ས་ལ་སོགས་པ་ཉིད་དེ་ཉིད་ཡིན་པ་དང་ས་ལ་སོགས་པ་ནི་དེ་ཉིད་ཡིན་པ་ཉིད་དོ། །ནམ་མཁའ་ལ་སོགས་པ་
ནི་མ་ཡིན་ལ། སྐད་ཅིག་ཉིད་ལ་སོགས་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་དེ་ཉིད་ཡིན་གྱི། །རྣམ་པར་ཤེས་པ་ཙམ་མ་ཡིན་ལ། ཐམས་ཅད་སྟོང་པ་ཉིད་ཀྱང་མ་ཡིན་ཏེ། ཐམས་ཅད་ལ་ཚད་མ་མེད་པའི་ཕྱིར་རོ་ཞེས་སོ། །དེའི་ཚོགས་ལ་ལུས་དང་དབང་པོ་དང་ཡུལ་གྱི་མིང་དུ་
འདོགས་སོ། །ཚད་མེད་པ་ཡོངས་སུ་འགྱུར་བའི་ཁྱད་པར་འབྱུང་བ་ཆེན་པོ་ཉིད་ཀྱི་ཚོགས་ནི་ལུས་ལ་སོགས་པའི་ཐ་སྙད་ཀྱི་ཡུལ་ཡིན་ནོ། །ལུས་དང་དབང་པོ་དང་བློ་དེ་དག་ལས་ནི་སེམས་པ་ཡིན་ཏེ། དཔེར་ན་ཕབས་ལ་སོགས་པ་ལས་མྱོས་པའི་ནུས་པ་བཞིན་ནོ། །དེས་ན་རྣམ་པར་
ཤེས་པ་ནི་མྱོས་པའི་ནུས་པ་བཞིན་ཏེ། འཇིག་རྟེན་ཕ་རོལ་ནས་འོངས་ནས་མཚམས་སྦྱོར་བ་ནི་མ་ཡིན་ནོ། །མྱོས་པའི་ནུས་པ་བཞིན་ནོ་ཞེས་བྱ་བ་ཡང་ཉེ་བར་མཚོན་པ་ཡིན་ཏེ། རི་མོ་བཞིན་དང་དུ་བ་བཞིན་ནོ་ཞེས་བྱ་བ་ཡིན་ཏེ། དེ་དག་ནི་འཕོ་བར་མཐོང་བ་མེད་དོ་ཞེ་ན་དེ་ནི་མ་ཡིན་ཏེ།
Vol. 178 · folio 47b
གཟུགས་སོགས་ལས་ནི་ཐ་དད་བར། །འབྱུང་བ་དམིགས་པར་ག་ལ་ཡོད། །དེ་དག་ཀྱང་ལྔ་དེ་ཡི་ཕྱིར། །གྲངས་ངེས་གཟུང་བ་རིགས་མ་ཡིན། །གཟུགས་དང་རོ་དང་དྲི་དང་སྒྲ་དང་རེག་པ་སྟེ། འབྱུང་བ་ཆེན་པོ་ནི་ལྔ་ཡིན་ནོ། །ས་ལ་སོགས་པའི་མིང་ནི་དེའི་ཚོགས་ལ་ཡིན་ཏེ། ས་ལ་
སོགས་པ་གཞན་དུ་དམིགས་པ་མེད་པའི་ཕྱིར་རོ། །འོན་ཏེ་རོ་ནི་རེག་པ་ཡིན་པའི་ཕྱིར་རོ། །ཡོངས་སུ་གྱུར་པ་བཞི་ཡིན་ན། དེ་ལྟ་ན་ཡང་ས་ལ་སོགས་པ་ཞེས་མི་འཐད་དེ། གཟུགས་ལ་སོགས་པ་ཞེས་བརྗོད་པར་བྱ་བར་འགྱུར་རོ། །སྐད་ཅིག་མ་ཉིད་ལ་སོགས་པའི་སྒྲུབ་པ་ནི་ཕྱིས་
འབྱུང་བར་འགྱུར་བས་དེ་མི་དགོད་དོ། །གཞན་ཡང་། ཐམས་ཅད་བལྟ་བྱ་བལྟ་བྱ་ཞེས། །གཅིག་ཉིད་དུ་ནི་ཐལ་བར་འགྱུར། །རྣམ་པ་དག་གིས་དབྱེ་བས་ནི། །མཐའ་ཡས་པར་ནི་ཐལ་བ་ཡིན། །དེ་ཕྱིར་རྟེན་ལྔའི་གཟུང་བ་ནི། །རྣམ་པ་ལྔར་ནི་བསྙད་པར་བྱ། །དེ་ཡི་ནང་གི་བྱེ་བྲག་ནི། །
ལྔ་ལ་གནོད་པ་མེད་པ་ཉིད། །ཐམས་ཅད་སྟོང་ལ་གང་བརྗོད་པ། །ཚད་མ་ཡོད་ན་སྟོང་ཉིད་མིན། །གལ་ཏེ་སྟོང་ཉིད་ཆད་པ་མེད། །དེ་ཕྱིར་འདི་གཉིས་འགལ་བ་ཡིན། །ཐམས་ཅད་སྟོང་ཉིད་ཅི་འདྲ་དང་། །དེ་ལ་ཚད་མ་ཅི་འདྲ་བའང་། །ཕྱི་ནས་བསྟན་པར་བྱ་བ་སྟེ། །མྱུར་བ་ཉིད་ནི་
གང་དུ་དགོས། །གལ་ཏེ་དབང་པོ་ལ་སོགས་པ་ནི་ཕ་མའི་ལུས་ཀྱི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཡིན་ལ་ལུས་ནི་འབྱུང་བ་ཆེན་པོའི་རང་བཞིན་ཡིན་པའི་ཕྱིར་དེ་ལ་བརྟེན་པ་ཉིད་མ་ཡིན་ནམ། གཞན་དུ་འཇིག་རྟེན་ཕ་རོལ་ནས་འོངས་པ་ཉིད་དུ་དམིགས་པ་ནི་མ་ཡིན་ན། དེ་ཇི་ལྟར་
འཇིག་རྟེན་ཕ་རོལ་ཡོད་པར་སྨྲ་བ་ལ་སོགས་པ་ཡིན་ཞེ་ན། དེ་ནི་མི་བདེན་ཏེ། སྐྱེ་བ་ཡོངས་སུ་ལེན་པ་ན། །འབྱུང་རྔུབ་དབང་པོ་བློ་དག་ནི། །རང་གི་རིགས་ལ་ལྟོས་མེད་ཅན། །ལུས་མེད་འབའ་ཞིག་ལས་སྐྱེས་མིན། །ཧ་ཅང་ཐལ་ཕྱིར། འབྱུང་རྔུབ་ལ་སོགས་པ་ནི་གཡོ་བ་ལ་
སོགས་པས་བྱས་པའི་རང་བཞིན་གྱི་ཁྱད་པར་ལས་རང་གི་རིགས་ལ་ལྟོས་པ་མེད་པར་མི་འཐད་དོ། །གཡོ་བ་ལ་སོགས་པ་ཡང་བདག་ཉིད་ཀྱི་གོམས་པའི་རྗེས་སུ་འགྲོ་བ་ཅན་ཡིན་གྱི། ཕ་མའི་གོམས་པའི་རྗེས་སུ་འགྲོ་བ་ནི་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་དམ་པ་མ་ཡིན་དང་འབྲེལ་པ་ལ་
Vol. 178 · folio 48a
སོགས་པས་ཕ་མའི་རང་བཞིན་མེད་པར་མི་འགྱུར་རོ། །དེའི་ཕྱིར་རང་གི་རིགས་ལ་ལྟོས་པ་མེད་པར་ཕ་མའི་ལུས་ཙམ་ལས་འབྱུང་བ་མ་ཡིན་ནོ། །གལ་ཏེ་འདོད་པ་ལ་སོགས་པ་ཕ་མའི་རང་བཞིན་སྔར་ཡོད་པ་དེའི་ཚེ་ཕ་མའི་ལུས་ལ་སོགས་པ་ཡང་རྒྱུ་ཡིན་ནོ་ཞེས་མི་འཐད་དོ། །
འོན་ཏེ་འཇིག་རྟེན་གཞན་ལ་ལྟོས་པ་མེད་པ་ཁོ་ནར་སྐྱེ་བ་འཛིན་པར་ཁས་ལེན་ན་དེའི་ཚེ་སྐྱེ་བ་ཡོངས་སུ་འཛིན་པར་ཁས་ལེན་པ་ལ་ཧ་ཅང་ཐལ་བར་འགྱུར་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་ཐམས་ཅད་འཇིག་པ་ཉིད་དུ་འགྱུར་རོ། །དེ་ཡང་ཚད་མས་ཡོངས་སུ་བཅད་པས་ངེས་པར་གཟུང་བ་ཡིན་ནོ། །
གལ་ཏེ་འབྱུང་རྔུབ་ལ་སོགས་པ། །ཐམས་ཅད་གོམས་པ་སྔོན་འགྲོ་ན། །རང་གི་གོམས་པ་དང་བྲལ་བར། །རྟེན་མེད་པར་ནི་ཅི་ལྟར་འགྱུར། །འབྲས་བུའི་ཆོས་ནི་འདི་ཡིན་ཏེ། །རྒྱུ་སྤངས་ནས་གཞན་དུ་འབྱུང་བ་མ་ཡིན་པ་གང་ཡིན་པའོ། །དེ་ལྟ་མ་ཡིན་ན། དེ་དེའི་བསྐྱེད་བྱ་མ་ཡིན་ཏེ།
བསྐྱེད་བྱ་སྐྱེད་བྱེད་ཀྱི་དངོས་པོ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་ཡིན་པའི་ཕྱིར་རོ། །དེའི་ཕྱིར་མིག་ལ་སོགས་པ་ནི་རིགས་མཐུན་པ་གོམས་པ་ལས་བྱུང་བའི་མིག་ལ་སོགས་པ་སྔོན་དུ་འགྲོ་བ་ཅན་ཡིན་ནོ། །གལ་ཏེ་དུ་བ་ལས་སྐྱེ་བ། །རྣམ་ཀུན་དུ་བ་ཉིད་ལས་མིན། །ཨུཏྤལ་ལས་བྱུང་
ཨུཏྤལ་ཡང་། །ཇི་ལྟར་བ་ལང་ལྕི་བ་ལས། །དེ་བཞིན་དུ། རི་མཁན་ལས་སྐྱེས་རི་མོ་ནི། །བྱ་ལའང་དེ་བཞིན་ཅི་ལྟར་ཡིན། །དེ་བཞིན་གོམས་ལས་ཁྱད་འགྱུར་གང་། །དེ་ནི་གཞན་དུའང་འགྱུར་བ་ཡིན། །དེ་ནི་མ་ཡིན་ཏེ། དུ་བ་ལས་བྱུང་དུ་ཅི་འདྲ། །དེ་གཞན་ལས་ཀྱང་སྐྱེ་བ་མིན། །
གོམས་ལས་ཁྱད་འགྱུར་གང་ཡིན་ཏེ། །སྐྱེ་བ་དང་པོར་གང་ཡིན་གནས། །ཁྱད་པར་གང་ཞིག་ཐོས་པ་གོམས་པ་ལ་སོགས་པ་དག་ལས་སྐྱེ་བ་ཅན་དེ་ལྟ་བུར་འགྱུར་བ་དེ་ཉིད་སྐྱེ་བ་འདིའི་གོམས་པ་མེད་ཀྱང་མཐོང་བ་ཡིན་ནོ། །དེ་གོམས་པ་དང་འབྲེལ་པ་ལ་གནོད་པ་ཡང་ཡོད་པ་མ་ཡིན་ཏེ། གཞན་
དུ་ཡང་འདས་པར་གོམས་པ་དེའི་ཚེ། དམིགས་པར་མི་ནུས་པའི་ཕྱིར་གྲོང་གཞན་ནས་འོངས་པའི་གོམས་པ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་འཇིག་རྟེན་གཞན་པ་མ་ཡིན་པའི་གོམས་པ་སྔོན་དུ་སོང་བ་ཅན་དུ་ཡང་འགྲུབ་པར་བྱེད་པ་མ་ཡིན་ནོ། །འབྲས་བུ་ནི་རྒྱུ་དང་ལྷན་ཅིག་འབྲེལ་པའི་ཕྱིར་རོ། །
Vol. 178 · folio 48b
རྒྱུ་མ་མཐོང་ཡང་དེའི་འབྲས་བུ་ཡིན་པའི་ཕྱིར་ཏེ། ཡུལ་གཞན་དུ་གོམས་པ་སྔོན་དུ་སོང་བ་ཅན་གྱི་བཤེས་གཉེན་བཞིན་ནོ། །དེའི་ཕྱིར་འདིར་གླེན་པའི་གཏམ་འོངས་པ་ཡིན་ཏེ། གླེན་པ་འགའ་ལ་གཞན་དག་གིས། །ཁྱུ་མཆོག་རྭ་རིང་མ་ལྟོ་ན། །གནས་པ་ཅི་ལྟར་སྲིད་པ་གང་། །སྨྲོས་ཤིག་
ཅི་ནི་དྲིས་པ་ན། །དེ་སྨྲས་མ་ཧེ་འདི་དག་ནི། །མ་ཡི་ལྟོ་ལས་སྐྱེས་མིན་གྱི། །འདི་དག་ཚོང་དུས་ནས་འོངས་པའི། །རིན་གྱིས་ཉོས་པ་ཙམ་དུ་ཟད། །འཇིག་རྟེན་རྒྱང་འཕེན་པའི་གནོད་པ་ཡང་དེ་ལྟ་བུར་འགྱུར་རོ། །ཡང་ན་ཧ་ཅང་ཐལ་ཕྱིར་ན་ཞེས་བྱ་བ་ནི། གལ་ཏེ་སྐྱེ་བ་གཞན་ནས་འོངས་པ་
མེད་པར་འབྱུང་བ་ཆེན་པོ་དེ་དག་ཉིད་ལས་འབྲས་བུ་སེམས་པ་འབྱུང་བ་ཡིན་ན་མཐའ་དག་སྲོག་ཆགས་ཀྱི་རང་བཞིན་དུ་ཅི་སྟེ་མི་འགྱུར། ཡོངས་སུ་འགྱུར་བའི་རྣམ་པའི་བྱེ་བྲག་སྲིད་པའི་ཕྱིར་རོ་ཞེ་ན། ཡོངས་སུ་གྱུར་བའི་བྱེ་བྲག་དེ་ཉིད་ཅི་སྟེ་མེད་ཅེས་བརྒལ་བརྟག་མཚུངས་སོ། །འོན་ཏེ་
གང་ལས་འགའ་ཞིག་སྲོག་ཆགས་སུ་གྱུར་ལ་གཞན་མ་ཡིན་པ། ཡོངས་སུ་འགྱུར་བ་ཐོག་མ་མེད་པ་ཅན་ཕན་ཚུན་ཁྱད་པར་དུ་གྱུར་པ་མཚོན་པར་བྱ་བ་མ་ཡིན་པ་འགའ་ཞིག་ཡོད་པ་ཡིན་ནོ་ཞེ་ན། དེ་ཡང་མི་རུང་སྟེ། གལ་ཏེ་ཡོངས་སུ་གྱུར་པའི་ཁྱད་པར་བལྟར་རུང་བ་མ་ཡིན་ན་ནི།
རྟོག་པ་འདི་ཇི་ལྟར་ཡིན། བལྟར་རུང་བ་མ་མཐོང་བ་ནི་ཡོད་པའི་ཐ་སྙད་ཀྱི་ཡུལ་མ་ཡིན་ནོ། །གལ་ཏེ་ཡོངས་སུ་འགྱུར་བའི་ཁྱད་པར་དེ་ཡོད་ན་དམིགས་པ་ཉིད་དུ་འགྱུར་རོ། །འོན་ཏེ་འབྲས་བུ་མཐོང་བ་ཉིད་ལ་རྟོག་ན། དེ་ལྟ་ཡིན་ན་མཐོང་བའི་གོམས་པ་ཉིད་བརྟག་པར་བྱ་བ་ཡིན་ཏེ། མ་
མཐོང་བ་རྟོག་ན་ནི་དཀའ་བའི་ཕྱིར་རོ། །དེས་ན་འབྱུང་རྔུབ་ལ་སོགས་པ་ནི་རིགས་མཚུངས་པ་གོམས་པ་སྔོན་དུ་འགྲོ་བ་ཅན་ཡིན་ནོ་ཞེས་བྱ་བ་ལེགས་པར་བརྗོད་པ་ཡིན་ནོ། །གལ་ཏེ་འབྲས་བུ་ལས་སྐྱེ་བ། །སྔར་མ་བྱུང་བའི་རྒྱུ་གྲུབ་མོད། །སྐྱེ་བ་ཕྱི་མར་འབྱུང་བ་རྣམས་གོ་ཅི་ལྟར་རྗེས་སུ་དཔོག་
ཅེ་ན། དེ་བཤད་པ་ནི། མཚམས་སྦྱོར་བར། ནུས་ལྡན་མཐོང་བ་གང་དེ་ལ། །ཅི་ཞིག་ཡོད་འགྱུར་གང་མེད་པ། །གང་ཞིག་ཕྱི་ནས་མཚམས་སྦྱོར་མེད། །སྔ་མ་སྔ་མ་ནི་རྗེས་སུ་དཔག་པས་རྗེས་སུ་དཔག་པའི་རྗེས་དཔག་ལ་སོགས་པས་མཚམས་སྦྱོར་བར་ངེས་པ་ཡིན་ནོ། །གལ་ཏེ་གཡེར་
Vol. 178 · folio 49a
བག་ལ་སོགས་པ་ནི་དེ་གོམས་པས་མི་འགུལ་བ་དང་གཞན་པ་ལ་སོགས་པའི་མཚན་ཉིད་གཡེར་བག་མེད་པ་ལས་བྱུང་བ་ཡིན་པ་དེ་ནི་འབྱུང་བ་ཆེན་པོ་ཙམ་ཉིད་ལས་ཡིན་ཏེ། དེས་ན་དེ་ལས་ཀྱང་སྐྱེ་བ་སྔ་མ་མི་འགྲུབ་བོ། །དེའི་ཕྱིར་ཐོག་མ་མེད་པའི་སྐྱེ་བ་བརྒྱུད་པ་
མི་འགྲུབ་བོ། །ཐོག་མ་མེད་པ་ཉིད་མ་ཡིན་ན་ནི་དུ་བ་ལས་དུ་བ་གཞན་འབྱུང་ཡང་གཏན་དུ་རྗེས་སུ་རྒྱུན་འབྲེལ་བ་ཉིད་མ་ཡིན་ནོ། །དེས་ན་དུ་བ་བཞིན་རྒྱུན་འཆད་པར་ཡང་འགྱུར་བའི་ཕྱིར་སྲོག་ཆགས་ཐ་མ་མེད་པ་ཡང་མ་ཡིན་ལ་སྔ་ན་མེད་པའི་སེམས་ཅན་སྐྱེ་བ་ཞེས་བྱ་བའི་ཉེས་པར་འགྱུར་
རོ་ཞེ་ན་དེ་ཡང་མ་ཡིན་ཏེ། སྐྱེ་བོ་རྣམས་ཀྱི་ཞེན་པ་ཡང་། །ཞན་འཇུག་གོམས་པས་ཡིན་དེའི་ཕྱིར། །དེ་ཡང་དེ་སྔོན་འགྲོ་ཅན་ཕྱིར། །སྲིད་པའི་འཁོར་ལོ་ཐོག་མ་མེད། །ཞན་པ་སོགས་པའི་རྣམ་པ་ནི་སྲོག་ཆགས་རྣམས་ཀྱི་རང་བཞིན་གྱིས་མ་ཡིན་གྱི། འོན་ཀྱང་རིགས་མཐུན་པ་གོམས་པ་ལས་ཡིན་ནོ། །ཇི་
ལྟར་གཡེར་བག་ལ་སོགས་པ་དེ་གོམས་པ་ལས་ཡིན་པ་དེ་བཞིན་དུ་ཞན་པ་ལ་སོགས་པ་ཡང་སྙོམ་ལས་ལ་སོགས་པ་གོམས་པ་ལས་ཡིན་པའི་ཕྱིར་འཁོར་བ་ཐོག་མ་མེད་པ་གྲུབ་པ་ཡིན་ནོ། །མིག་གཞན་པ་ལ་སོགས་པ་ནི་གཉིད་ལ་སོགས་པ་གོམས་པ་ལས་ཡིན་ནོ། །དེ་བས་ན་གཉིད་སད་པའི་
མིག་གཡེར་བག་ཅན་ལ་སོགས་པ་མིག་གཡེར་བག་ཅན། གཞན་དང་གཞན་གྱིས་ཡིན་པར་འཐད་པ་ཡིན་ནོ། །དེས་ན་སྐྱེ་བ་དང་པོར་ཡང་གཉིད་ལོག་པ་སད་པ་བཞིན་དུ་མངོན་དུ་ཕྱོགས་པའི་བག་ཆགས་སད་པས་མིག་ལ་སོགས་པ་དང་ལྡན་པ་ཡིན་ནོ། །ཅི་ལྟར་ལུས་གཞན་ལ་བརྟེན་པའི་
མིག་ལུས་གཞན་ལ་མཚམས་སྦྱོར་ཏེ་ཞེ་ན། རྫས་གཞན་ལ་བརྟེན་པའི་ནུས་པ་གཞན་ལ་འཕོ་བར་ཇི་ལྟར་འགྱུར་ཞེ་ན། སྔགས་དང་རྒྱུད་ལ་སོགས་པའི་མཐུས། །དུག་ནུས་བུ་རམ་སོགས་ལ་འགྱུར། །དེ་བཞིན་ལས་ཀྱི་ནུས་པ་ཡིས། །དབང་པོའི་ནུས་པ་ལུས་གཞན་ལ། །དཔེར་ན་རྨི་
ལམ་ལུས་ལ་ནི། །སྐྲག་དང་མཆོངས་པས་གནོད་པས་ན། །སད་པའི་ལུས་ནི་རྣམ་འགྱུར་བ། །དེ་བཞིན་སྐྱེ་བ་གཞན་དུ་ཡང་། །འོན་ཏེ་དེ་བདེན་མིན་ཞེ་ན། །ཤིན་ཏུ་ཏེ་པོར་ལེགས་པ་ཉིད། །གང་ཞིག་བདེན་མིན་གྱིས་འགྱུར་ན། །བདེན་པ་ལས་ནི་སྨོས་ཅི་དགོས། །བདེན་པ་བདེན་མིན་ཞེས་
Vol. 178 · folio 49b
བྱ་བ། །འདི་ཡང་ཐ་སྙད་ཙམ་དུ་ཟད། །རང་བཞིན་མངོན་དུ་བྱེད་པ་ལ། །བདེན་སོགས་ཞེས་བྱ་འཐད་པར་དཀའ། །དེའི་ཕྱིར་སྔ་མ་དང་ཕྱི་མ་མཚམས་སྦྱོར་ནུས་པ་དང་ལྡན་པ་མཐོང་བ་གང་ཡིན་པ་དེ་ལ་བླ་ལྷག་པ་ཅི་ཞིག་ཡོད་པར་འགྱུར་ན་གང་ཕྱིས་མེད་ཅིང་དེ་མེད་པས་ཕྱིས་མཚམས་
སྦྱོར་བ་དང་མི་ལྡན་པར་འགྱུར། རྒྱུ་མ་ཚང་ན་འབྲས་བུ་མེད་པར་འགྱུར་གྱི་རྒྱུ་ནུས་པ་དང་ལྡན་པ་ཚང་བ་ལ་འབྲས་བུ་མི་སྐྱེའོ་ཞེས་བྱ་བ་འདི་ནི་འགལ་ལོ། །འོན་ཏེ་འདི་ལ་འགལ་བ་ཅི་ཡོད་ཅེ་ན། རྒྱུ་དང་འབྲས་བུའི་དངོས་པོ་མེད་པ་གང་ཡིན་པ་འདི་ཉིད་འགལ་བ་མ་ཡིན་ནམ། རྒྱུ་ཡི་
རང་བཞིན་ཐམས་ཅད་ནི། །མཚུངས་ཀྱང་གལ་ཏེ་འབྲས་མེད་ན། །འོ་ན་འབྲས་བུ་རང་དབང་ཉིད། །དེ་ལྟ་ཡིན་ན་འབྲས་ཉིད་མིན། །འབྲས་བུ་ནི་རྒྱུའི་གཞན་གྱི་དབང་ཡིན་པས་རྒྱུ་དེ་ནུས་པ་ཡིན་ན་ནན་གྱིས་སྐྱེད་པར་བྱེད་དོ། །དེ་ལྟ་ན་ཡང་མི་འབྱུང་ན་ནི་འབྲས་བུར་མི་འགྱུར་རོ། །འོན་ཏེ་དེ་
མེད་ན་མེད་པའི་ཕྱིར་འབྲས་བུ་ཡིན་ནོ་ཞེ་ན། དེ་མེད་ན་མེད་དོ་ཞེས་ག་ལས་ཡིན། གལ་ཏེ་དེ་ཡོད་ན་གདོན་མི་ཟ་བར་ཡོད་དོ་ཞེས་བྱ་བ་དེ་ཡང་ག་ལས་ཤེ་ན། དེ་ལྟར་ཡོངས་སུ་བཅད་པའི་ཕྱིར་རོ། །དེ་མེད་ན་མེད་དོ་ཞེས་བྱ་བ་འདི་ཡང་ཡོངས་སུ་བཅད་པ་ཉིད་ལས་སོ། །ཐམས་ཅད་
ཀྱི་ཚེའོ་ཞེས་ག་ལས་ཤེ་ན། གཉི་ག་ཡང་མཚུངས་སོ། །དེའི་ཕྱིར་ཇི་ལྟར་མཐོང་བ་དེ་ལྟར་ཁས་བླངས་པ་ཡིན་ལ། གཉི་ག་ཡང་མཐོང་བ་ཡིན་ནོ། །དེ་ཡོད་ན་གདོན་མི་ཟ་བར་ཡོད་ལ། །མ་ཚང་ན་མི་འགྱུར་བ་ཉིད་དོ་ཞེས་དེ་གཉི་ག་ཡང་ཁས་བླང་བར་བྱའོ། །དེ་ལྟར་མཐོང་བ་
མེད་པའི་ཕྱིར་རྒྱུ་དང་འབྲས་བུའི་དངོས་པོ་མ་ཡིན་ནོ། །རྗེས་སུ་འགྲོ་དང་ལྡོག་པ་དང་། །ཁྱབ་པར་མཐོང་བ་ཡོད་མ་ཡིན། །དེ་ལྟར་རྒྱུ་དང་འབྲས་བུ་ཡི། །དངོས་པོ་ཉིད་ནི་ཇི་ལྟར་ངེས། །ཤེ་ན། གལ་ཏེ་ཁྱབ་པར་མ་མཐོང་བའི་ཕྱིར་རྒྱུ་དང་འབྲས་བུའི་དངོས་པོ་མི་འགྲུབ་ན། འོ་ན་
གཉིས་སུ་མེད་པ་ལས་མ་གཏོགས་པ་འགའ་ཡང་མཐོང་བ་མེད་དོ་ཞེས་བྱ་བ་འདི། རང་ལས་རང་གི་ངོ་བོར་རྟོགས་ཞེས་བྱ་བར་བསྟན་ཟིན་ཏོ། །འཇིག་རྟེན་གཞན་མ་ཡིན་འཇིག་རྟེན་འདི་མ་ཡིན། འཇིག་རྟེན་གཞན་གྱི་སྒྲུབ་པར་བྱེད་པ་མ་ཡིན། ཐེ་ཚོམ་མ་ཡིན། འབྱུང་བ་ཆེན་པོའི་
Vol. 178 · folio 50a
ཡོངས་སུ་འགྱུར་བ་མ་ཡིན་ཞེས་བྱ་བ་ལ་སོགས་པ་རྣམ་པར་རིག་པ་ཙམ་ཉིད་དོ། །འོན་ཏེ་འདི་ཐ་སྙད་དུ་ཡིན་ནོ་ཞེ་ན། འཇིག་རྟེན་ཕ་རོལ་ཡང་དེ་བཞིན་ནོ། །གལ་ཏེ་གཉིས་མེད་ཀྱིས་ཆོག་ན། །ཁྱེད་ཅག་རྣམ་ཀུན་གྲོལ་བ་ཉིད། །ཐ་སྙད་འཇུག་པ་
བྱེད་ན་ནི། །འཇིག་རྟེན་གཞན་ཡང་བསམ་པར་གྱིས། །འཁྲུལ་པ་ཡིན་གྱི་འོག་ཏུ་འཁྲུལ་པ་འདི་ཉིད་བླ་སྟེ། རབ་ཏུ་ཞི་བ་དང་མཐོ་རིས་ལ་སོགས་པ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །འདོད་ཆགས་ལ་སོགས་པའི་ནོར་པ་ནི་ཕན་པ་དང་། སྐྱེ་བོ་དམ་པ་ལ་སོགས་པ་ཉམས་པར་བྱེད་
པ་ཡིན་ནོ། །འདི་ལྟར་མིག་ལ་སོགས་པ་དང་འདོད་ཆགས་ལ་སོགས་པའི་དབྱེ་བ་མཐའ་དག་ནི་ཐོག་མ་མེད་པའི་བག་ཆགས་ཀྱི་སྟོབས་ལ་བརྟེན་པ་རྣམ་པར་རིག་པ་ཙམ་ལས་ཐ་དད་པ་མ་ཡིན་ནོ། །དེས་ན་མིག་ལ་སོགས་པ་དང་མི་ལྡན་པ་ཡང་སྐྱེ་བ་གཞན་དུ་ཡང་མིག་ལ་སོགས་
པ་དང་ལྡན་པར་འགྱུར་རོ། །དེ་བས་ནི་སྐྱེ་བ་བརྒྱུད་པ་རྣམས་སུ་རྣམ་པ་འདི་ཉིད་ཡིན་པ་དང་ཐོག་མ་མེད་པ་ཡང་ཡིན་ནོ། །ཅི་སྲིད་ནོར་པ་རབ་ཏུ་ཞི་བར་མ་གྱུར་པ་དེ་སྲིད་དུ་ནི་དེ་ཐ་མ་མེད་པ་ཡང་ཡིན་ནོ། །མིག་ལ་སོགས་པ་བདེན་པ་ཉིད་དམ། ཕྱི་རོལ་གྱི་དོན་ཡིན་པ་དེ་ལྟ་ན་
ཡང་རང་བཞིན་འདི་ཐོག་མ་མེད་པ་ཡིན་པའི་ཕྱིར་འཁོར་བ་ཐོག་མཐའ་མེད་པ་ཉིད་དོ། །གལ་ཏེ་འབྱུང་བ་ཆེན་པོའི་ཁྱད་པར་སྲ་བ་ཉིད་ལ་སོགས་པ་ནི་དམིགས་པ་ཉིད་དོ། །དེས་ན་དེ་ལ་ཁྱད་པར་ཡོད་པས་འབྱུང་བ་ཆེན་པོ་ལས་བྱུང་བ་ཡིན་ཡང་ཧ་ཅང་ཐལ་བ་མ་ཡིན་ནོ། །དེའི་ཕྱིར་
སྲ་བ་ལ་སོགས་པའི་ཁྱད་པར་ཉིད་ས་བོན་གྱི་བདག་ཉིད་ཡིན་པས་དེ་ཉིད་ལས་སྲོག་ཆགས་འབྱུང་བ་ཡིན་ནོ་ཞེ་ན། འདི་ལ་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་མེད་པར་འགྱུར་རོ་ཞེས་བཤད་ཟིན་ཏོ། །གཞན་ཡང་། གོང་དུ་དྲོད་གཤེར་ལ་སོགས་པའི། །སྐྱེ་བོ་སྐྱེ་བར་མི་འགྱུར་
བའི། །ས་སོགས་ཆ་དེ་འགའ་ཡང་མེད། །དེ་ཕྱིར་ཐམས་ཅད་ས་བོན་བདག །སྲ་བ་ཉིད་ལ་སོགས་པའི་ཁྱད་པར་གྱི་རྣམ་པར་དབྱེ་བས་ནི། སྲོག་ཆགས་ཀྱི་རྣམ་པར་དབྱེ་བ་སྐྱེད་པར་བྱེད་པ་མ་ཡིན་ཏེ། ཐམས་ཅད་དུ་སྲོག་ཆགས་མཐོང་བའི་ཕྱིར་རོ། །དྲོད་གཤེར་ལ་
Vol. 178 · folio 50b
སོགས་པ་ལས་སྐྱེས་པའི་སྲོག་ཆགས་ནི། རྣམ་པར་དབྱེ་བ་མེད་པར་མ་མཐོང་བ་མ་ཡིན་ནོ། །དེས་ན་རྣམ་པར་དབྱེ་བ་ནི་སྲ་བ་ལ་སོགས་པས་བྱས་པ་མ་ཡིན་པས་སེམས་པའི་མཚན་ཉིད་ཀྱི་ལས་ཙམ་འབའ་ཞིག་ལུས་པ་ཡིན་ནོ། །འོན་ཏེ་སྲོག་ཆགས་ཀྱི་རིགས་སྲ་བ་ལ་
སོགས་པའི་རྗེས་སུ་འགྲོ་བ་ཅན་དམིགས་སོ་ཞེས་བརྗོད་ན། དེའི་རིགས་མཚུངས་པ་ཐམས་ཅད་དེའི་རང་བཞིན་གྱི་སྲོག་ཆགས་ཀྱི་བདག་ཉིད་དུ་འགྱུར་རོ། །བཅགས་ནས་བཞག་པའི་ཆུ་འགྱུར་བ་གང་ཡིན་པ་དེ་མཐའ་དག །དེའི་རང་བཞིན་སྲོག་ཆགས་ཀྱི་བདག་ཉིད་དུ་འགྱུར་བས་
སྲོག་ཆགས་རྣམས་ཀྱི་མདོག་དབྱིབས་མི་འདྲ་བ་ག་ལས་ཡིན། འདི་ལྟ་མགོ་དམར་བ་དང་ལུས་པོ་སེར་བ་ལ་སོགས་པའི་ཆུའི་སྲོག་ཆགས་གཞན་མཐོང་བའི་རྣམ་པ་དེ་དག་གང་ལས་ཡིན། ནམ་ཡང་པད་སོགས་དབྱེ་བ་ངེས་མེད་པར། །དེ་དངོས་ས་བོན་ལས་མཐོང་འདོད་དམ་ཅི། །སྲོག་
ཆགས་དབྱེ་བ་ཀུན་དུ་ས་བོན་ལས། །དེས་མེད་ལས་འདི་ངེས་པར་བྱེད་པ་ཡིན། །དེའི་ཕྱིར་དབང་སོགས་རང་རིགས་ལ། །ལྟོས་མེད་པར་ནི་འབྱུང་ཡིན་ན། །ཅི་ལྟར་གཅིག་ནི་ཡོངས་གྱུར་བཞིན། །ཀུན་འགྱུར་ཁྱད་པར་མེད་ཕྱིར་རོ། །བསྡུ་བའོ། །གཞན་ཡང་ཡིད་ཀྱི་རྣམ་
པར་ཤེས་པ་ལ་བརྟེན་པའི་དབང་པོ་རྣམས། རང་གི་འབྲས་བུ་བྱེད་པ་ཡིན་གྱི། ཡིད་ཀྱི་རྣམ་པར་ཤེས་པ་ཉིད་ནི་དེ་ལ་བརྟེན་པ་མ་ཡིན་ནོ། །དེས་ན་ཡིད་ཀྱི་རྣམ་པར་ཤེས་པ་ཉིད་ལས། དབང་པོ་རྣམས་འབྱུང་བ་ཡིན་གྱི། ས་དང་ཆུ་ལ་སོགས་པ་དག་ལས་ནི་མ་ཡིན་ནོ་ཞེས་བྱ་བ་སྟོན་པ་ནི་
དབང་རྣམས་རེ་རེ་ལ་གནོད་ན་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཡང་ན་རེ་ཞིག་ཡིད་ཀྱི་རྣམ་པར་ཤེས་པ་ནི་དེ་ཆོགས་པའི་རང་བཞིན་ལུས་ལ་སྐྱེ་བ་མ་ཡིན་ནོ། །དབུགས་འབྱུང་རྔུབ་ལ་སོགས་པ་ནི་འབྱུང་བ་ཆེན་པོ་ཡོངས་སུ་གྱུར་པའི་རང་བཞིན་ཉིད་ཡིན་ཏེ། ཕ་མའི་ས་བོན་ཙམ་ལས་ཡིན་པའི་ཕྱིར་རོ། །
འཁོར་བ་པ་ཡང་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་གྱི་དབང་པོ་ལ་སོགས་པ་ནི་མ་ཡིན་ཏེ། འདི་ལྟར། ཆང་དང་མཚམས་སྦྱོར་འདོད་ཆགས་བྲལ། །ཉམས་དང་འཆི་འཕོ་སྐྱེ་བ་རྣམས། །ཡིད་ཀྱི་རྣམ་ཤེས་ཁོ་ནར་འདོད། །སྐྱེ་དང་འཆི་འཕོ་བཏང་སྙོམས་ཏེ། །ཞེས་བཤད་དོ། །དེས་
Vol. 178 · folio 51a
ན་ཡིད་འཁོར་བ་པ་ཡིན་གྱི། །འབྱུང་བ་ལ་བརྟེན་པ་ནི་མ་ཡིན་ཏེ། །གང་གི་ཕྱིར། དབང་རྣམས་རེ་རེ་ལ་གནོད་ན། །ཡིད་བློ་ལ་གནོད་ཡོད་མ་ཡིན། །འདི་འགྱུར་ན་ནི་དེ་དག་ཀྱང་། །འགྱུར་བ་རྟག་ཏུ་མཐོང་བ་ཡིན། །འཇིགས་པ་དང་མྱ་ངན་དང་དགའ་
བ་དང་། ཁྲོ་བ་ལ་སོགས་པ་ཡིད་ཀྱི་བློར་འགྱུར་ན། མིག་ལ་སོགས་པ་འགྱུར་བར་མཐོང་བའི་ཕྱིར་མིག་ལ་སོགས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལ་བརྟེན་པ་ཡིན་ནོ། །དེས་ན་དང་པོའི་སྐྱེ་བར་ཡང་དེ་ལ་བརྟེན་པ་ཉིད་ཡིན་པའི་ཕྱིར་སྲིད་པ་གཞན་འགྲུབ་བོ། །དེ་བཞིན་དུ་ཡིད་ཀྱི་རྣམ་པར་ཤེས་
པ་ནི་ལུས་ལ་བརྟེན་པ་མ་ཡིན་ཏེ། ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་འགྱུར་བ་དབང་པོ་ལྔའི་ཚོགས་ཀྱི་འབྲས་བུ་ལ་བརྟེན་པའི་ཕྱིར་རོ། །གལ་ཏེ་མིག་ལ་སོགས་པ་ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་འགྱུར་བ་ཡིན་མོད་ཀྱི་དེ་ཉིད་ལས་སྐྱེས་སོ་ཞེས་བྱ་བ་ག་ལས། བུམ་པ་ལ་སོགས་པའི་དངོས་པོ་མེ་ལས་རྣམ་པར་
འགྱུར་བར་གྱུར་པ་དག །མེ་ཉིད་ལས་སྐྱེ་བ་ནི་མ་ཡིན་ནོ་ཞེ་ན། བུམ་སོགས་གཞན་དུ་མཐོང་ཡིན་པ། །དེས་ན་དེ་ཉིད་ལས་དེ་མིན། །དབང་པོ་དེ་ཡི་འགྱུར་བ་ལས། །རྣམ་པ་གཞན་དུ་མཐོང་བ་མེད། །དབང་པོ་ལ་སོགས་པ་ཐམས་ཅད་ནི། །གསལ་བ་ལ་སོགས་པའི་མཚན་
ཉིད་ཀྱིས་མཚོན་པར་དམིགས་པ་ཡིན་གྱི། བུམ་པ་ལ་སོགས་པ་ནི་མེས་བྱས་པའི་རྣམ་པར་འགྱུར་བ་ཅན་ཉིད་མ་ཡིན་ནོ། །དེས་ན་བུམ་པ་ལ་སོགས་པ་ནི་དཔེ་མ་ཡིན་ནོ། །འོན་ཏེ་གལ་ཏེ་ཡང་ད་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་ལ་བརྟེན་པར་མཐོང་དུ་ཆུག་པ་དེ་ལྟ་ན་ཡང་གཞན་གྱི་ཚེ་ཡང་
དེ་ལྟ་བུ་ཉིད་དོ་ཞེས་ག་ལས་ཤེ་ན། དེ་ནི་མ་ཡིན་ཏེ། གལ་ཏེ་མེ་ལས་དེ་དུ་བ། །མཐོང་ཡང་དེ་དེ་ཉིད་ལས་ནི། །གཞན་ཚེའང་ཡིན་ཞེས་བྱ་འདི་ལ། །མངོན་སུམ་ཚད་མ་འགའ་ལས་མེད། །དེའི་ཕྱིར། དཔེར་ན་དེ་ནི་ངོ་ཤེས་པས། །དུ་བ་མེ་སྔོན་ཅན་རྟོགས་པ། །དེ་བཞིན་
དང་པོ་སྐྱེ་བ་ནི། འབྱུང་བ་ཡིད་ཀྱི་འགྱུར་བ་རྟོགས། །སྐྱེ་བ་དང་པོའི་མིག་ལ་སོགས་པ་གཡེར་བག་ལ་སོགས་པ་དང་ལྡན་པ་ཡིན་གྱི་རང་བཞིན་གྱིས་རྣམ་པར་འགྱུར་བ་ཉིད་དུ་ངོ་ཤེས་པ་དེ་དག་ནི་དེ་ལྟ་བུ་ཉིད་ཡིན་ནོ་ཞེས་རྟོགས་པར་རིགས་ཏེ། དཔེར་ན་དེའི་འབྲས་བུ་ལན་ཅིག་འགའ་
Vol. 178 · folio 51b
ཞིག་ཏུ་མེ་སྔོན་དུ་འགྲོ་བ་ཅན་དུ་མཐོང་བས། ཕྱོགས་གཞན་དུ་དེ་སྔོན་དུ་འགྲོ་བ་ཅན་ཉིད་ངོ་ཤེས་པ་དག །གཞན་དུ་མ་ཡིན་ནོ་ཞེས་རྟོགས་པ་བཞིན་ནོ། །དེའི་ཕྱིར། དབང་པོ་ཡིད་ཀྱི་ཤེས་པ་ལས། །ཡིད་ཀྱི་ཤེས་པའང་དེ་ལས་ཡིན། །དེ་ལས་ཀྱང་ཡང་དེར་འགྱུར་
ཕྱིར། །སྲིད་པ་ཐོག་མཐའ་མེད་པར་གནས། །གལ་ཏེ་ཡིད་ཀྱི་བློ་ཡང་དབང་པོ་རྣམ་པར་འགྱུར་བས་རྣམ་པར་བསྒྱུར་བར་བྱ་བ་མ་ཡིན་ནམ། འདི་ལྟར། མིག་སོགས་ཉམས་པར་འགྱུར་ན་ཡིད། །དམན་པ་ལ་སོགས་དག་ཏུ་མཐོང་། །དེས་ན་ཅི་ཕྱིར་དེར་བརྟེན་པ། །ཚུ་རོལ་མཛེས་
མིན་ཅིས་མི་རྟོགས། །འདི་ནི་མེད་དེ། བུ་སོགས་དབང་པོ་བྲལ་བས་ཀྱང་། །ཡིད་འགྱུར་བ་ནི་ཡོད་པས་ན། །ཡིད་དེ་ལ་བརྟེན་ཐོབ་འགྱུར་ཏེ། །ངེས་པ་གཉི་ག་ལ་ཡང་མེད། །གལ་ཏེ་ཐམས་ཅད་དུ་བུ་ལ་སོགས་པའི་མིག་ལ་སོགས་པ་འགྱུར་བས་འགྱུར་བ་མ་ཡིན་པས།
ངེས་པ་མེད་པའི་ཕྱིར་བུ་ལ་སོགས་པའི་མིག་ལ་སོགས་པ་ནི་རྟེན་མ་ཡིན། ངེས་པ་མེད་པའི་དེ་ནི་གཉི་གར་ཡང་མཐོང་ངོ་། །ཁ་ཅིག་བདག་ཉིད་མིག་ལ་སོགས་པ་གྱུར་ཀྱང་ཡིད་མི་འགྱུར་རོ། །དེ་ཡང་རྟེན་མ་ཡིན་པའི་ཕྱིར་དབང་པོ་དག་ནི་རྟེན་མ་ཡིན་པ་ཉིད་དོ། །དེ་ལྟ་ན་འོ་ན་ཡིད་
ཀྱི་རྣམ་པར་ཤེས་པ་དབང་པོ་རྣམས་ཀྱི་རྟེན་ཡིན་གྱི། དབང་པོ་རྣམས་ནི་ཡིད་ཀྱི་མ་ཡིན་པའི་ཕྱིར་ཡིད་རྟེན་མེད་པར་ཐལ་ལོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་ཅར་ཡང་། རྟེན་འགའ་ཞིག་དང་ནི་ལྡན་པར་འགྱུར་བར་དགོངས་སོ་ཞེ་ན། དེ་ནི་མེད་དོ་ཐམས་ཅད་ལ་
གདོན་མི་ཟ་བར་རྟེན་འགའ་ཞིག་ཡོད་དོ་ཞེས་བྱ་བའི་ངེས་པ་ནི་མེད་དོ། །འོན་ཏེ་མངོན་པར་ཞེན་ན་དེ་ཡང་བརྗོད་པ་ནི། །དེ་ཕྱིར་བློ་གནས་པ་ཡི་རྟེན། །བློ་ཉིད་ལ་ནི་བརྟེན་པ་འགའ། །དབང་པོ་རྣམས་ཀྱི་རྒྱུ་མཚན་ཡིན། །དེ་ཕྱིར་བློ་ལས་དབང་པོ་ཡིན། །དེའི་ཕྱིར་བློ་གནས་
པའི་རྟེན་སེམས་པའི་མཚན་ཉིད་ལས་ཀྱི་མིང་ཅན་གང་ཡིན་པ་དེ་ཉིད་དབང་པོ་རྣམས་ཀྱི་རྒྱུ་མཚན་ཡིན་ནོ། །འོ་ན་དེ་ཉིད་མིག་ལ་སོགས་པའི་དབང་པོ་ལ་བརྟེན་པ་ཡིན་ནོ་ཞེ་ན། དེའི་ཕྱིར་བཤད་པ་ནི། དེ་ཡང་བློ་ཉིད་ལ་ནི་བརྟེན་པ་ཡིན་གྱི། དབང་པོ་ལ་ནི་མ་ཡིན་ནོ། །དབང་པོ་དག་ནི་དེའི་
Vol. 178 · folio 52a
རྟེན་མ་ཡིན་ཏེ། སེམས་པའི་ལས་དང་བསམ་པའི་ལས་ཞེས་གསུངས་པའི་ཕྱིར་རོ། །སེམས་པ་ནི་འདི་དང་འདིའོ་ཞེས་བྱ་བའི་བདག་ཉིད་ཅན་ཡིན་ལ། དེ་ཡང་མཚམས་སྦྱོར་བའི་རང་བཞིན། བློ་སྔ་མ་ཉིད་ལ་བརྟེན་ནས་འབྱུང་བ་ཡིན་གྱི། ལུས་ལ་བརྟེན་པ་ནི་
མ་ཡིན་ནོ། །དེ་ཡང་འགའ་ཞིག་ཉིད་དབང་པོ་རྣམས་ཀྱི་རྟེན་ཡིན་གྱི། ཐམས་ཅད་ནི་མ་ཡིན་ཏེ། གཟུགས་མེད་པའི་ཁམས་ན་དབང་པོ་མེད་པའི་ཕྱིར་རོ། །ལུས་ལ་སྲིད་པ་དང་བཅས་པའི་ལས་ཀྱིས་དབང་པོ་རྣམས་སྐྱེད་པ་ཡིན་ཏེ། དེ་ལ་མངོན་པར་དགའ་བ་དང་ལྡན་པའི་ཕྱིར་རོ། །མངོན་པར་
དགའ་བ་ནི་སྲིད་པའི་ཡུལ་ཐོབ་ན་སྐྱེ་བ་ཡིན་ནོ། །དེས་ན་བློ་ལས་དབང་པོ་ཡིན་གྱི་དབང་པོ་རྣམས་ལས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བའོ། །དེའི་ཕྱིར། ཡིད་ཉིད་རྒྱུ་ཡིན་པས། སྔ་མ་སྔ་མའི་སྐྱེ་བ་ནི་ཡིད་ཀྱིས་འཕངས་པ་ཡིན་ནོ། །གལ་ཏེ་ངའོ་ཞེས་དེ་ལྟར་བདག་ཏུ་རྟོག་པའི་
རང་བཞིན་ཡིད་ཀྱི་བློ་ལས་ད་ལྟར་བའི་སྐྱེ་བ་ཡིན་ན། དེ་ལྟ་ན་འོ་ན་སྐྱེ་བ་ཕྱི་མ་ཡིད་ཆེས་པའི་རྒྱུ་ཅི་ཡོད། ཡིད་ནི་ལུས་ལ་བརྟེན་པའོ་ཞེས་ཀྱང་ཅི་ལྟར་བཤད་ཅེ་ན། སྨྲས་པ། དེ་འདྲ་བ་ཞིག་འཕན་བྱེད་འགྱུར། །དེ་འདྲ་ཕྱིས་ཀྱང་འགྱུར་བ་ཡིན། །དེ་ཡི་ཤེས་པ་ཕན་འདོགས་ཕྱིར། །ཡིད་
ནི་ལུས་ལ་བརྟེན་པར་བཤད། །ཡིད་ཀྱི་བློ་དེ་བདག་ཏུ་འཛིན་པས་ཟིན་པ། ཅི་འདྲ་བ་ཞིག་འཁོར་བའི་ཆུ་བོར་ལྟུང་བ་རྣམས་ཀྱི་ཐོག་མ་མེད་པ་ཅན་གྱི་སྐྱེ་བའི་རྒྱུན་གྱི་འཕན་བྱེད་དུ་གྱུར་པ། དེ་འདྲ་བ་ནི་ཕྱིས་ཀྱང་འཕན་བྱེད་དུ་འགྱུར་བ་ཡིན་གྱི། དེ་བཞིན་དུ་འགྱུར་བ་ནི་མི་རུང་བའི་ཕྱིར། དེ་ཉིད་
ཕྱིས་ཀྱང་སྐྱེ་བ་དང་འབྲེལ་བར་འགྱུར་རོ། །གང་ཞིག་གང་བྱེད་པ་ཉིད་རང་བཞིན་དང་། ཁྱད་པར་མེད་པའི་རང་བཞིན་དེ་ནི། །དེ་བྱེད་པ་ཉིད་དེ་དཔེར་ན་བུད་ཤིང་རློན་པ་ལ་སོགས་པ་དང་འབྲེལ་པ། དུ་བ་སྐྱེད་པའི་རང་བཞིན་དུ་ཁྱད་པར་མེད་པའི་མེ་གཞན་བཞིན་ནོ། །དེ་ལྟ་མ་ཡིན་ན་
རྒྱུ་དང་འབྲས་བུའི་དངོས་པོར་མི་འགྱུར་ཞིང་། ཐ་སྙད་མེད་པར་འགྱུར་བའི་ཕྱིར། འགྲོ་བ་སྤྱོད་པ་མེད་པར་འགྱུར་རོ། །འོན་ཏེ་ལུས་དང་སེམས་ནི། ཕན་ཚུན་རྗེས་སུ་བྱེད་པ་ཡིན་ནོ་ཞེས་གསུངས་པས་ན། བཅོམ་ལྡན་འདས་ཀྱིས་ཡིད་ཀྱང་ལུས་ལ་བརྟེན་པར་བསྟན་པ་མ་ཡིན་ནམ་ཞེ་ན།
Vol. 178 · folio 52b
འདི་ལ་ལན་ནི་ལུས་ཀྱི་རྣམ་པར་ཤེས་པས་ཕན་གདགས་པར་བྱ་བ་ཡིན་པའི་ཕྱིར། ཡིད་ལུས་ལ་བརྟེན་པར་བཅོམ་ལྡན་འདས་ཀྱིས་བཤད་ཀྱི། མིག་ལ་སོགས་པའི་རྣམ་པར་ཤེས་པ་ལ། མིག་ལ་སོགས་པ་ལྟར་དངོས་སུ་ན་ལུས་དེའི་རྟེན་མ་ཡིན་ནོ། །དེའི་ཕྱིར་རང་འཛིན་པའི་མཚན་
ཉིད་ཀྱི། ཡིད་ནི་མིག་ལ་སོགས་པའི་དབང་པོ་ལ་བརྟེན་པ་མ་ཡིན། ལུས་ལ་བརྟེན་པ་མ་ཡིན་ཏེ། འདི་ནི་རིགས་མཚུངས་པའི་ཡིད་ལ་བརྟེན་པ་ཉིད་ཡིན་པར་རིགས་ཏེ། གཟུགས་མེད་པའི་ཁམས་ནའང་དེ་ཡོད་པའི་ཕྱིར་དང་། དེ་སྲིད་པར་ཡང་སྟོན་པའི་ཕྱིར་རོ། །ཡང་ན་དབང་
པོ་མེད་པར་བློ་མི་འབྱུང་མོད། །དེ་ལྟ་ན་ཡང་འཇིག་རྟེན་ཕ་རོལ་མེད་པ་ནི་མ་ཡིན་ཏེ། ཕན་ཚུན་རྟེན་པ་ཉིད་ཡོད་པའི་ཕྱིར་རོ། །དེ་བཤད་པ་ནི། གལ་ཏེའང་དབང་པོ་མེད་པའི་བློ། །མ་ཡིན་དེ་ཡང་དེ་མེད་ཕྱིར། །དེ་ལྟའང་ཕན་ཚུན་རྒྱུ་མཚན་ཉིད། །དེས་ཀྱང་ཕན་ཚུན་རྒྱུ་ཅན་
ཡིན། །ཅི་ལྟར་ཁྱོད་ཀྱིས་དེ་ལྟར་མཐོང་བའི་ཕྱིར། །དབང་པོའི་བདག་ཉིད་ཅན་གྱི་ལུས་མེད་པར་བློ་མི་འགྱུར་རོ་ཞེས་ཁས་བླངས་པ་དེ་བཞིན་དུ་དབང་དེ་དག་ཀྱང་། ཡིད་ཀྱི་བློ་མེད་པར་མ་ཡིན་ནོ་ཞེས་ཁས་བླང་བར་བྱ་སྟེ། ཁས་ལེན་པའི་རྒྱུ་དེ་ལྟར་མཐོང་བ་ཉིད་ནི་མཚུངས་པའི་
ཕྱིར་རོ། །དེ་ལྟ་ཡིན་དང་ཕན་ཚུན་རྒྱུ་ཉིད་ཡིན་པར་ཐལ་བར་འགྱུར་ཏེ། གཉི་ག་རྒྱུ་མཚན་ཕན་ཚུན་ཕན་འདོགས་པའི་ཕྱིར་རོ། །ཕན་ཚུན་གྱི་རྒྱུ་ཅན་དག་གི་ཚོགས་པ་ཡང་། ཚོགས་པ་གཞན་ལས་སྐྱེ་བ་ཅན་ཡིན་ནོ། །ཚོགས་པ་དེས་ཀྱང་སྔ་མ་དང་ཕྱི་མའི་ལུས་དང་སེམས་
དག་དབུས་ཀྱི་གནས་སྐབས་བཞིན་དུ། ཕན་ཚུན་གྱི་རྒྱུ་ཅན་ཡིན་པར་ཤེས་པར་བྱའོ། གལ་ཏེ་ལུས་ཉིད་ཡིད་ཀྱི་བློའི་རྟེན་ཡིན་གྱི་དེ་ནི་ལུས་ཀྱི་མ་ཡིན་ན། དེའི་ཕྱིར་རིམ་པ་དང་ལྡན་པའི་ལུས་ལས་བློ་འབྱུང་ངམ། འོན་ཏེ་རིམ་པ་ཅན་མ་ཡིན་པ་ལས་འགྱུར་ཏེ། རྣམ་པ་གཞན་
མེད་པའི་ཕྱིར་རོ། །དེ་ལ་རེ་ཞིག་རིམ་ཅན་མ་ཡིན་པ་ལས་ནི་མ་ཡིན་ཏེ། འདི་ལྟར། རིམ་ཅན་མིན་ལས་རིམ་ཅན་མིན། །ཁྱད་པར་ཅན་མིན་ལྟོས་པའང་མེད། །ལུས་ལས་རིམ་གྱིས་བློ་འབྱུང་ན། །དེ་ཡི་རིམ་པ་གསལ་བར་བྱེད། །ཡིད་ཀྱི་བློ་འདི་ནི་རིམ་པ་དང་ལྡན་པ་ཡིན་ཏེ།
Vol. 178 · folio 53a
དེ་ལྟ་མ་ཡིན་ན་ངའོ་ཞེས་རང་གི་རྣམ་པ་འཛིན་པ་ན། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་རང་ཉིད་ཀྱི་རང་བཞིན་མཐའ་དག་འཛིན་པའི་ཕྱིར་སྐྱེ་བ་རིལ་འཛིན་པར་ཐལ་ལོ། །འོན་ཏེ་གནས་སྐབས་མི་འཛིན་པས་སྔ་ཕྱི་ཁྱབ་པ་རྟོགས་པ་མ་ཡིན་ནོ། །གནས་
སྐབས་གཟུང་བ་མ་ཡིན་ན། །ཇི་ལྟར་གནས་སྐབས་ཅན་རྟོགས་འགྱུར། །ཁྱབ་བྱ་གཞན་བཟུང་མེད་པར་ནི། །ཁྱབ་བྱེད་རྟོགས་པ་མེད་ཕྱིར་རོ། །གལ་ཏེ་བྱུང་བ་དང་འབྱུང་བར་འགྱུར་བའི་ཕྱིར་གནས་སྐབས་མ་རྟོགས་ན། ཁྱབ་བྱ་མ་རྟོགས་པའི་ཕྱིར་རོ། །ཇི་ལྟར་ཁྱབ་པར་བྱེད་
པ་དེ་བཞིན་དུ་རྟོགས་པར་འགྱུར། དེའི་རང་བཞིན་དུ་མ་རྟོགས་ཀྱང་དེ་ལྟར་འགྱུར་བ་ནི་མ་ཡིན་ཏེ། དེ་ཉིད་དམ་གཞན་ཉིད་དུ་རྣམ་པར་འཇོག་པར་བྱེད་པ་ནི་རྟོགས་པ་ཉིད་ཡིན་ནོ། །གལ་ཏེ་འདི་ཁྱབ་བྱེད་ཉིད་དུ་མ་རྟོགས་ན་དེའི་ཚེ། དེ་རང་བཞིན་གཞན་དུ་རྟོགས་སོ་ཞེས་བྱ་
བར་འགྱུར་རོ། །དེས་ན་དེ་ལ་དུས་གཞན་དུ་གནས་པ་མེད་པའི་ཕྱིར། དུས་གཞན་དང་ལྡན་པར་སྐྱེ་བར་རྟོགས་པ་གཞན་མེད་པ་ཡིན་ནོ། །དེས་ན་རིམ་པ་དང་ལྡན་པར་རྟོགས་པ་ཡིན་ཏེ། དེའི་ཕྱིར་རིམ་ཅན་མ་ཡིན་པ་ལས་རིམ་ཅན་འབྱུང་བ་མ་ཡིན་ནོ། །གལ་ཏེ་རྒྱུ་རིམ་པ་ཅན་མ་
ཡིན་མོད། འབྲས་བུ་དེ་ལྟ་བུ་ཉིད་དུ་འགྱུར་བར་བྱའོ་ཞེས་བྱ་བ་ག་ལས། རྒྱུ་ལས་ཐ་མི་དད་པ་ཁོ་ན་ནི་འབྲས་བུ་མ་ཡིན་ཏེ། མི་འདྲ་བ་ཡང་མཐོང་བའི་ཕྱིར་རོ་ཞེ་ན། འདིར་སྨྲས་པ། གལ་ཏེ་རིམ་མིན་ལས་འབྲས་ན། །དེ་ཡི་ཚེ་ཉིད་མཐའ་དག་འགྱུར། །དེའི་ཚེ་ཡོངས་སུ་རྫོགས་པའི་
ཕྱིར། །གཞན་གྱི་ཚེ་ནི་དེ་མེད་ཉིད། །གལ་ཏེ་འབྲས་བུའི་དུས་སུ་བཟུང་ན། དེ་ལྟ་ན་དེ་འབྲས་བུ་མེད་པར་འགྱུར་རོ། །དེའི་ཚེ་མ་རྟོགས་པ་ནི་དེའི་རྒྱུ་མ་ཡིན་ནོ། །གལ་ཏེ་དེ་རྟོགས་ན་ནི། གཅིག་ཡིན་པའི་ཕྱིར་འཇིག་པའི་མཐར་ཐུག་པ་རྟོགས་པའི་ཕྱིར། དེ་ཉིད་ཀྱི་ཚེ་ཞིག་པར་འགྱུར་ཏེ།
དེ་ལྟ་ན་དེ་རིམ་པ་ཅན་མ་ཡིན་པར་འགྱུར་རོ། །དེས་ན་ཞིག་པའི་འོག་ཏུ་འབྲས་བུ་མི་འབྱུང་བ་ཉིད་དམ་བྱུང་བ་ན་ཡང་འབྲས་བུ་མ་ཡིན་ནོ། །འོན་ཏེ་རིམ་གྱིས་རྟོགས་པས་རྒྱུ་རིམ་པ་ཅན་ཡིན་ནོ་ཞེ་ན། ད་ལྟ་ན་རིམ་པ་མེད་པ་མ་ཡིན་ནོ། །སྔོན་པོ་ཉིད་དུ་རྟོགས་པ་ནི་སྔོན་པོ་མ་ཡིན་པ་མ་
Vol. 178 · folio 53b
ཡིན་ནོ། །ཡང་ན། རྒྱུ་ལས་འབྲས་བུ་དེ་ཡི་ནི། །རང་བཞིན་སྐྱེ་བར་མི་བརྗོད་ཀྱི། །འོན་ཏེ་རྒྱུ་དང་འབྲས་ཉིད་ནི། །རྗེས་འགྲོ་ལྡོག་པ་ལས་ཞེའོ། །འབྲས་བུ་རྒྱུ་དང་མི་འདྲ་བ་ཡང་འབྲས་བུ་ཁོ་ན་ཡིན་ཏེ། རྒྱུ་དང་འབྲས་བུ་ཉིད་ནི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པའི་མཚན་ཉིད་ཡིན་
པའི་ཕྱིར་རོ། །གང་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་མེད་པ་དེ་ནི་རྒྱུ་མ་ཡིན་ཞིང་འབྲས་བུ་མ་ཡིན་ན། གང་ཡང་དེ་ལྟ་བུ་ཉིད་ཀྱི་རྒྱུ་ཡོད་པ་ན་མི་འབྱུང་བ། དེ་ནི་རྒྱུའི་དུས་སུ་བྱེད་པ་མ་ཡིན་པ་ཉིད་དོ། །གལ་ཏེ་དེ་མེད་ན་མི་འབྱུང་བ་ཞེས་བྱ་བ་ཙམ་གྱིས་འབྲས་བུར་འགྱུར་བ་མ་ཡིན་ནོ། །དེ་ཡང་གདོན་
མི་ཟ་བར་འགྱུར་རོ་ཞེས་བྱ་བ་འདི་གར་དགོས་ཤེ་ན། གལ་ཏེ་དེ་ཡོད་ཀྱང་མེད་ན། །མེད་ན་མེད་པ་ཉིད་གང་ལས། །དེ་མེད་པ་འདི་དེ་མེད་པས་བྱས་སོ་ཞེས་པ་དེ་གང་ལས། གལ་ཏེ་འདི་རྒྱུ་ནུས་པ་ཉིད་ཡོད་པས་ན་ཡང་མི་འགྱུར་ན་ནི། དེའི་རྒྱུ་ཉིད་དུ་མི་འགྱུར་རོ། །དེ་མེད་པ་འདི་དེ་མེད་པས་
བྱས་སོ་ཞེས་བྱ་བ་འདི་ཡང་ག་ལས་རྟོགས། ཇི་ལྟར་དེའི་གནས་སྐབས་ཉིད་ཀྱི་རྒྱུ་ཡོད་པ་ན་རང་ཉིད་མི་འབྱུང་བ་དེ་བཞིན་དུ་དེ་མེད་ན་ཡང་རང་ཉིད་མི་འབྱུང་བ་ཡིན་པར་འགྱུར་ཏེ། རང་དབང་ཡིན་པའི་ཕྱིར་རོ། །རྒྱུའི་གཞན་དབང་ཡིན་ན་ནི། ནུས་པ་ཡོད་ན་གདོན་མི་ཟ་བར་འབྱུང་བའི་ཕྱིར་
རོ། །དོན་རྣམས་དངོས་པོ་མེད་པ་ནི། །རང་ཉིད་འགྱུར་བ་ཡིན་ན་ཡང་། །དངོས་པོ་གཞན་གྱི་དབང་ཡིན་ཕྱིར། །ཅི་ལྟར་རྒྱུ་ལས་འབྱུང་མ་ཡིན། །དངོས་པོ་མེད་པ་ནི་རྒྱུ་མེད་པ་ཅན་ཡིན་པའི་ཕྱིར་རང་ཉིད་འགྱུར་རོ་ཞེས་རིགས་ཀྱི། དངོས་པོ་ནི་རྒྱུའི་གཞན་གྱི་དབང་ཡིན་པའི་ཕྱིར། རྒྱུ་
ནུས་པ་ཡོད་ན་མི་འགྱུར་རོ་ཞེས་བྱ་བ་འདི་མི་རིགས་སོ། །གལ་ཏེ་འབྲས་བུ་མེད་པ་རང་དབང་ཡིན་པའི་ཕྱིར། རྒྱུ་ཡོད་པ་ཉིད་ན་མེད་པར་རིགས་སོ་ཞེ་ན། དེ་ལྟ་ན་འོ་ན་དེ་མེད་ན་མེད་དོ་ཞེས་དེ་མེད་པ་རྒྱུ་མེད་པས་བྱས་པ་མ་ཡིན་པའི་ཕྱིར། །དེ་ཅི་ལྟར་འདིའི་འབྲས་བུར་འགྱུར། དེས་ན་རང་ཉིད་
མི་འབྱུང་བ་ཡིན་ནོ། །གང་ཞིག་གང་གིས་ཟློག་པར་བྱེད་པ་མ་ཡིན་པ་དེ་ནི། དེས་ངེས་པར་བྱ་བ་མ་ཡིན་པ་དེས་ན་ཇི་ལྟར་རང་ཉིད་མི་འབྱུང་བ་དེ་བཞིན་དུ་འབྱུང་བ་ཡིན་ཏེ། དེས་ན་འབྲས་བུ་མ་ཡིན་ནོ། །གང་གི་ཚེ་རྒྱུ་ཡོད་ན་འབྱུང་བ་ཉིད་ཡིན་པ་དེའི་ཚེ་ནི། རང་གི་ངང་གིས་འགགས་པ་ཡིན་
Vol. 178 · folio 54a
ཡང་། སྐད་ཅིག་གཞན་དང་གཞན་སྐྱེད་པའི་ཕྱིར། དེ་མེད་པ་ཡིན་ན་རྒྱུན་ཆད་པ་ཡིན་པས། རྒྱུ་དང་འབྲེལ་པ་ཉིད་དོ། །དེའི་ཕྱིར་རིམ་ཅན་མ་ཡིན་པ་ལས་རིམ་ཅན་འབྱུང་བ་མ་ཡིན་ནོ། །འོན་ཏེ་རིམ་པ་དང་ལྡན་པའི་ལྷན་ཅིག་བྱེད་པ་ལྟོས་པའི་རིམ་ཅན་མ་ཡིན་
པ་ལས་ཀྱང་། འབྲས་བུ་རིམ་པ་ཅན་དུ་འགྱུར་རོ་ཞེ་ན། དེ་ཡང་མེད་དེ། ཁྱད་པར་ཅན་མིན་ལྟོས་པའང་མེད། །ཁྱད་པར་བསྒྲུབ་ཏུ་མེད་པ་ནི། །ཁྱད་པར་ཐོབ་པར་བྱ་བའི་ཕྱིར། །འགའ་ལའང་ལྟོས་པ་མ་ཡིན་ནོ། །དེ་ལ་ནི་ཁྱད་པར་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཁྱད་པར་
ཡོད་ན་ཡང་མི་རྟག་པ་ཉིད་དོ། །ཁྱད་པར་ཐ་དད་པར་ཁས་ལེན་ན་ཡང་ཁྱད་པར་དེ་ལ་ལྟོས་པའི། འབྲས་བུ་དེ་ཉིད་ལས་འབྱུང་བར་འགྱུར་གྱི། རྟག་པ་དེ་ལས་ནི་མ་ཡིན་ནོ། །ཁྱད་པར་དེ་དེའི་ཡིན་ནོ་ཞེ་ན་མ་ཡིན་ཏེ། ཁྱད་པར་ཞེས་བྱ་བ་ཁྱད་པར་དུ་བྱེད་པའམ། ཁྱད་པར་
གྱི་རྟོགས་པར་བྱེད་པ་ཡིན། །ཁྱད་པར་བྱེད་པ་ནི་མ་ཡིན་ཏེ། དེ་ལ་ཁྱད་པར་མེད་པའི་ཕྱིར་རོ། །ཁྱད་པར་ལས་ཁྱད་པར་དུ་འགྱུར་བའི་ཕྱིར་དེ་ཉིད་མི་རྟག་པ་ཡིན་ནོ། །ཐ་དད་པ་ནི་ཐལ་བ་སྔ་མ་ཡིན་ནོ། །འོན་ཏེ་ཁྱད་པར་དུ་རྟོགས་པའི་རྒྱུ་ཉིད་ཡིན་ནོ་ཞེ་ན། དེ་ཡང་མི་འཐད་དེ། ཁྱད་པར་མེད་
ལ་ཁྱད་པར་གྱི། །རྟོགས་པ་སྐྱེ་བར་འགྱུར་མ་ཡིན། །གལ་ཏེ་དེ་ལྟར་ཡིན་ན་ནི། །འཁྲུལ་ཕྱིར་འབད་པ་དོན་མེད་དོ། །ཁྱད་པར་མེད་པར་རྟོགས་ན་ནི། །རྟག་ཅེས་དེ་ནི་ཁོང་དུ་ཆུད། །ཁྱད་པར་ལ་འཁྲུལ་མིན་ན་ཡང་། །རྟག་ལ་ཚད་མ་ག་ལ་ཞིག །གལ་ཏེ་ཁྱད་མེད་རྟོགས་ན་ནི། །
དེ་ལྟ་ན་ལྟོས་ཅི་ལྟར་འགྱུར། །གང་ཕྱིར་བྱ་མེད་དེ་ལ་ནི། །ཁྱད་པར་ཡང་ནི་ཡོད་མ་ཡིན། །དེ་ལ་ཁྱད་པར་ཡོད་ན་ནི། །དེ་ལ་ལྟོས་ཞེས་འཐད་པ་ཡིན། །འདི་ཡི་དོན་དུ་ལྟོས་སོ་ཞེས། །འཇིག་རྟེན་པ་ཡི་ཐ་སྙད་ཡོད། །དེའི་ཕྱིར་ཁྱད་པར་མེད་པ་ལ་ལྟོས་པ་ཡོད་པ་མ་ཡིན་ནོ་ཞེས་རིགས་
སོ། །ལུས་ལས་རིམ་གྱིས་བློ་འབྱུང་ན། །ལུས་ཀྱི་རིམ་པ་རྟོགས་པར་བྱེད། །དེ་ལྟ་མིན་ན་གང་གིས་དེའི། །རིམ་པ་བྱས་པ་དེ་རྒྱུར་གསལ། །ཉམས་མྱོང་སྔ་མ་སྔ་མ་ལས། །ཡིད་ཀྱི་བློ་དེ་འཇུག་པར་འགྱུར། །དེ་ལས་གཞན་ལས་དེ་ཡང་ཞེས། །ཐོག་མ་མེད་པར་གནས་པ་
Vol. 178 · folio 54b
ཡིན། །འོན་ཏེ་བློ་སྔ་མ་ལ་ལྟོས་པའི་ལུས་རིམ་གྱིས་བློ་སྐྱེད་པར་བྱེད་ན་དེ་ལྟ་ཡིན་ན། ལུས་ཁྱད་པར་དུ་འགྱུར་དགོས་སོ། །དེས་ན་བློ་དང་ལྷན་ཅིག་པའི་ལུས་ཀྱི་རྒྱུ་ནི། དེ་ལྟ་བུར་གྱུར་པ་ཉིད་ཀྱི་ལུས་སྔ་མ་སྔ་མ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །དེ་ལྟ་ཡིན་དང་། སྐད་ཅིག་སྔ་མ་སྔ་མ་ནི། །
སྐད་ཅིག་རེ་རེར་སྔོན་མེད་དེའི། །རྒྱུ་ཡིན་དེ་ཡི་ཕྱིར་ན་རྒྱུ། །ཐམས་ཅད་ཚེ་ན་མཐོང་བ་ཉིད། །བློའི་ལྷན་ཅིག་བྱེད་པ་ཅན་གྱི་ལུས་སྔ་མ་སྔ་མ་ཕྱི་མ་ཕྱི་མའི་རྒྱུ་ཡིན་པར་དམིགས་པ་གང་ཡིན་པ་དེ་ཉིད་དབུས་ཀྱི་གནས་སྐབས་བཞིན་དུ་སྐྱེ་བ་དང་འཆི་བ་དག་ཏུ་ཡང་ཐམས་ཅད་ཀྱི་ཚེ་རྒྱུ་ཡིན་ནོ་ཞེས་བྱ་བར་འགྲུབ་
པོ། །གཞན་དུ་ན་ཁྱབ་པ་མི་རྟོགས་པའི་ཕྱིར་འགའ་ཡང་གང་གི་ཡང་རྒྱུ་ཉིད་དུ་མི་འགྱུར་ཏེ། ཐབས་གཞན་མེད་པའི་ཕྱིར་རོ། །དེའི་ཕྱིར་ལན་ཅིག་དེ་ལས་ནི། །མཐོང་དེ་གཞན་ཚེའང་དེ་ཉིད་ལས། །རྒྱུ་དང་འབྲས་བུའི་དངོས་པོ་འདི། །དེ་འདྲ་ཉིད་དུ་རབ་ཏུ་གྲུབ། །ཐ་སྙད་པ་དག་གིས་རྒྱུ་
དང་འབྲས་བུ་ཁས་བླང་བར་མི་བྱ་བ་ཡང་མ་ཡིན་ནོ་ཞེས་བྱ་བ་འདི་ནི་སྔར་བཤད་ཟིན་པའི་ཕྱིར་བཤོལ་ལོ། །གལ་ཏེ་ཇི་ལྟར་དབུས་ཀྱི་གནས་སྐབས་ཀྱི་ལུས་རྣམ་པར་ཤེས་པ་དང་བཅས་པའི་ལུས་སྔོན་དུ་འགྲོ་བ་ཅན་ཉིད་དུ་དམིགས་པའི་ཕྱིར་སྐྱེ་བ་དང་པོའི་ལུས་སྔ་མ་ཡང་རྣམ་པར་ཤེས་པ་དང་
བཅས་པའི་ལུས་སྔ་མ་སྔོན་དུ་སོང་བ་ཅན་ཡིན་པས། སྐྱེ་བ་གཞན་གྱི་རྣམ་པར་ཤེས་པ་ཉིད་ལས་འདིའི་རྣམ་པར་ཤེས་པ་ཡིན་ལ། འདིའི་རྣམ་པར་ཤེས་པ་ལས་ཀྱང་འབྱུང་བར་འགྱུར་བའི་སྐྱེ་བའི་རྣམ་པར་ཤེས་པ་ཡིན་པའི་ཕྱིར་འཇིག་རྟེན་ཕ་རོལ་རབ་ཏུ་གྲུབ་པ་དེ་བཞིན་དུ་གཏན་ཚིགས་
གཞན་ལས་བཟློག་པ་ཡིན་པའི་ཕྱིར། གཞན་གྱི་ཕྱོགས་གྲུབ་བོ། །འདི་ལྟར། གང་གང་འཆི་སེམས་དེ་དང་དེ། །སྐྱེ་བ་གཞན་དུ་རྗེས་འགྲོ་མིན། །དེ་སེམས་ཡིན་པའི་ཕྱིར་ན་དཔེར། །ཉེས་བྲལ་འཆི་བའི་རིག་པ་བཞིན། །འཆི་བའི་སེམས་གང་ཡིན་པ་དེ་ནི་སེམས་གཞན་
མཚམས་སྦྱོར་བར་བྱེད་པ་མ་ཡིན་ཏེ། དཔེར་ན་འདོད་ཆགས་དང་བྲལ་བ་འཆི་བའི་སེམས་བཞིན་ནོ། །སྐྱེ་བ་གཞན་དུ་མཚམས་སྦྱོར་བར་འདོད་པ་སོ་སོར་སྐྱེ་བའི་སེམས་ཀྱང་། འཆི་བའི་སེམས་ཡིན་ནོ། །དེས་ན་མཚམས་སྦྱོར་བ་མེད་དོ། །འོན་ཏེ་བཟློག་པས་གནོད་པའི་ཕྱིར། འོན་ཏེ་
Vol. 178 · folio 55a
གཏན་ཚིགས་ཉིད་མ་ཡིན་ནོ་ཞེ་ན། འོ་ན་ནི་བཟློག་པ་ཡང་གཏན་ཚིགས་མ་ཡིན་པ་ཉིད་དོ། །འདིས་གནོད་པའི་ཕྱིར་མཚུངས་སོ་ཞེ་ན་མཚུངས་པ་མ་ཡིན་ཏེ། གང་གི་ཕྱིར། གང་ཞིག་གང་དང་འགལ་བ་དེ་ནི་དེ་མེད་པ་སྒྲུབ་པར་བྱེད་པ་ཡིན་ལ་གང་ཞིག་གང་
དང་འབྲེལ་པ་དེ་ནི། དེ་ཡོད་པ་སྒྲུབ་པ་ཡིན་ནོ། །འཆི་བའི་སེམས་ནི་མཚམས་སྦྱོར་བ་དང་འགལ་བ་མ་ཡིན་ཏེ། འདི་ལྟར། ཐ་མའི་སེམས་ནི་སེམས་གཞན་དང་། །མཚམས་སྦྱོར་བ་ལ་འགལ་ཅི་ཡོད། །དགྲ་བཅོམ་སེམས་གང་ཡིན་དེ་ཡང་། །གང་ལས་མཚམས་སྦྱོར་མེད་པར་
འདོད། །ཐ་མའི་སེམས་སེམས་གཞན་དང་མཚམས་སྦྱོར་བ་མེད་པ་གྲུབ་པར་བྱ་བ་ལ་དེའམ་དེའི་ཡུལ་དང་ལྷན་ཅིག་འགལ་བ་ཅི་ཞིག་ཡོད་ན། གང་གིས་དེ་མེད་པར་གྲུབ་འགལ་བ་ཅི་ཞིག་ཡོད་དེ། ཅི་ཡང་མེད་པ་ཉིད་དོ། །ལྷན་ཅིག་མི་གནས་པའི་མཚན་ཉིད་དམ་ཕན་ཚུན་སྤངས་ཏེ་
གནས་པའི་མཚན་ཉིད་ནི་ཡོད་པ་མ་ཡིན་ཏེ། འཆི་བའི་སེམས་ཉིད་འོངས་པས་མཚམས་སྦྱོར་བ་ལས་བཟློག་པའི་མཐོང་བ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་ཡོངས་སུ་སྤངས་ཏེ་གནས་པར་མཐོང་བ་མ་ཡིན་ཏེ། སྐྱེ་བ་གཞན་མཚམས་སྦྱོར་བ་ནི་སྣང་དུ་རུང་བ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་
འཆི་བའི་སེམས་ཉིད་ནི་མཚམས་སྦྱོར་བ་དང་འགལ་བ་མ་ཡིན་ཏེ། འགལ་བའི་རང་བཞིན་རྣམ་པ་གཉི་ག་ཡང་མ་མཐོང་བའི་ཕྱིར་རོ། །དེའི་ཕྱིར་མཚམས་སྦྱོར་བ་མེད་པ་བསྒྲུབ་པ་མ་ཡིན་ནོ། །འབྲས་བུ་ཉིད་ནི་མཚམས་སྦྱོར་བ་མེད་པ་དང་འགལ་བ་ཡིན་ཏེ། དེས་ན་དེ་མེད་པ་སྒྲུབ་པར་
ནུས་པའི་ཕྱིར་བཟློག་པས་མཚམས་སྦྱོར་བ་གྲུབ་བོ། །ཕན་ཚུན་འགལ་བའི་དོན་ལ་མི་འཁྲུལ་པ་དག་ནི་གཅིག་ལ་མི་སྲིད་དོ་ཞེས་སྟོན་པར་འགྱུར་རོ། །གལ་ཏེ་འདིར་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱི་འགལ་བ་ཡོད་པ་ཉིད་མ་ཡིན་ནམ། ཅི་ལྟར་འགལ་བ་མེད་པ་ཡིན། འདི་
ལྟར། དགྲ་བཅོམ་འཆི་བའི་སེམས་ལ་ནི། །མཚམས་སྦྱོར་ཡོད་པ་མ་ཡིན་ཏེ། །མར་མེ་ཞི་བར་གྱུར་པ་ལྟར། །དེ་ཡི་སེམས་ནི་རྣམ་པར་གྲོལ། །དགྲ་བཅོམ་པར་འདོད་པའི་སྐྱེས་བུ་འཆི་བའི་སེམས་ནི་མར་མེ་བཞིན་དུ་ཞི་བ་ཡིན་ནོ། །དེས་ན་འཆི་བའི་སེམས་ནི་དེ་ཡོངས་སུ་སྤངས་
Vol. 178 · folio 55b
ཏེ། རྣམ་པར་གནས་པར་རྟོགས་པའི་ཕྱིར། འགལ་བ་གྲུབ་པས་འགལ་བ་མེད་པར་མ་གྲུབ་བོ་ཞེ་ན། དེ་ཡང་འབྲེལ་པ་ཡོད་པ་མ་ཡིན་ཏེ། དགྲ་བཅོམ་པའི་སེམས་གང་ཡིན་པ་དེ་ཡང་ཚད་མ་གང་ལས་མཚམས་སྦྱོར་བ་མེད་པར་ཁྱེད་འདོད་དེ། དེར་ཁྱེད་ལ་ཚད་
མ་ཡོད་པ་མ་ཡིན་ཏེ། ཁྱེད་ཀྱིས་དེ་དགག་པ་ཉིད་ལ་བརྩོན་པའི་ཕྱིར་རོ། །གལ་ཏེ་དགྲ་བཅོམ་པ་ཁས་ལེན་ན་ནི་དེའི་ཕྱིར་དེ་ལ་ཉོན་མོངས་པ་དང་བྲལ་བར་བྱས་པ་མཚམས་སྦྱོར་བ་མེད་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །ཉོན་མོངས་པ་དང་བྲལ་བ་དེ་ཡང་སོ་སོའི་སྐྱེ་བོ་རྣམས་ལ་
མེད་པའི་ཕྱིར། འཆི་བའི་སེམས་ཉིད་ཡིན་ཡང་མཚམས་སྦྱོར་བ་མེད་པར་ག་ལ་འགྱུར། འཆི་བའི་སེམས་ཉིད་ནི་མཚམས་སྦྱོར་བ་དང་འགལ་བ་མ་ཡིན་ཏེ། ཉོན་མོངས་པ་དང་བྲལ་བ་མཚམས་སྦྱོར་བ་མེད་པར་ཁས་བླངས་པའི་ཕྱིར་རོ། །དེ་ཡང་ཁས་ལེན་པ་མ་ཡིན་ནོ། །
གལ་ཏེ་གྲུབ་མཐའ་ཉིད་ལས་འགའ་བར་རྟོགས་སོ་ཞེ་ན། མ་ཡིན་ཏེ། གྲུབ་པའི་མཐའ་ནི་དགྲ་བཅོམ་པ་འཆི་བའི་སེམས་ཉིད་འགལ་བར་སྒྲུབ་པའི་དོན་དུ་འཇུག་པའི་ཕྱིར་རོ། །གྲུབ་མཐའ་ཐམས་ཅད་འགལ་བར་ནི། །སྒྲུབ་པར་བྱེད་པ་མ་ཡིན་ཏེ། །འཆི་བའི་སེམས་ནི་མཚམས་
སྦྱོར་བར། །ལ་ལར་དེས་ནི་སྟོན་པ་ཡིན། །འོན་ཏེ་མཚམས་སྦྱོར་མེད་པ་ན། །ཚད་མས་རབ་ཏུ་གྲུབ་ཡིན་པ། །དེས་ན་དེ་ལ་ཚོད་མིན་ཕྱིར། །འགལ་བ་ཡོད་པར་སྲིད་ཅེ་ན། །དེ་ཡང་མ་ཡིན་ཏེ། གལ་ཏེ་གྲུབ་པའི་མཐའ་ཚད་མས་གནོད་པ་ཡིན་ནོ། །དེའི་ཚེ་ཚད་མ་མ་ཡིན་པས་
དེ་ལས་འདོད་པ་གྲུབ་པར་ག་ལ་འགྱུར། དེ་བཤད་པ་ནི། ཚད་མས་མ་གྲུབ་དོན་ཅན་གྱི། །གྲུབ་མཐའི་རྗེས་སུ་འབྲང་ངམ་ཅི། །གལ་ཏེ་དེ་རྒྱུ་འབྲལ་ཕྱིར་ན། །དེ་ཉིད་འདིར་ནི་ཅིས་མ་བརྗོད། །གལ་ཏེ་གྲུབ་མཐའ་ཚད་མ་མ་ཡིན་པ་ཉིད་ཡིན་པ་དེའི་ཚེ་དེ་ལ་མཚམས་སྦྱོར་བ་དེ་འཆི་བའི་
སེམས་འགལ་བར་མི་འགྲུབ་བོ། །རྗེས་སུ་འབྲང་ངམ་ཅི་སྟེ་རྗེས་སུ་འཇུག་གམ་ཅི་བ། །ཚད་མ་མ་ཡིན་པ་ནི་རྗེས་སུ་འབྲངས་ཀྱང་ཚད་མར་འགྱུར་བ་མ་ཡིན་ནོ། །གལ་ཏེ་ཚད་མ་ཡིན་ན་ནི། ཐམས་ཅད་ཚད་མ་ཡིན་པའི་ཕྱིར་བཟློག་པ་གྲུབ་བོ། །ལ་ལར་ནི་ཚད་མ་ཡིན། ལ་ལར་ནི་
Vol. 178 · folio 56a
མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། འདོད་པ་ནི་རྒོལ་བ་དང་ཕྱིར་རྒོལ་གཉི་ག་ལ་ཡང་མཚུངས་པའི་ཕྱིར་རོ། །གལ་ཏེ་རྒྱུ་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་འགལ་བའི་སྒྲུབ་པར་བྱེད་པ་ཡིན་གྱི། གྲུབ་པའི་མཐའ་ནི་མ་ཡིན་ནོ་ཞེ་ན། གལ་ཏེ་རྒྱུ་དང་
བྲལ་བའི་ཕྱིར་དེ་མཚམས་སྦྱོར་བར་བྱེད་པ་མ་ཡིན་ན། རྒྱུ་དང་བྲལ་བ་དེ་ཉིད་ཅིའི་ཕྱིར་མ་བརྗོད། གཏན་ཚིགས་ཉིད་དུ་མ་བཤད་དེ་འཆི་བའི་སེམས་ཡིན་པའི་ཕྱིར་ཞེས་མ་ངེས་པའི་གཏན་ཚིགས་བཀོད་པས་ཅི་བྱ། ཡང་ན་གལ་ཏེ་དེ་རྒྱུ་བྲལ་ཕྱིར་ན། གལ་ཏེ་རྒྱུ་ལུས་ལ་སོགས་
པའི་མཚན་ཉིད་འཆི་བའི་གནས་སྐབས་ན་བྲལ་བ་གཏན་ཚིགས་ཡིན་ན་འདིར་ལྷག་པ་ཅི་ཞིག་བརྗོད་དེ། འདི་ཡང་གཏན་ཚིགས་ལྟར་སྣང་བ་ཉིད་དོ། །སྔ་མ་ནི་མ་ངེས་པ་ཡིན་ལ། འདི་ནི་མ་གྲུབ་པ་ཡིན་ཏེ། གང་གི་ཕྱིར་རྒྱུ་དང་བྲལ་བ་དེ་ཉིད་འདི་ལ་ཡོད་པ་མ་ཡིན་ནོ། །ཡང་
དེ་ཉིད་འདིར་ནི་ནོ་ཏི་ཏམ་ཞེས་བྱ་བ་ལ་ནོ་ཞེས་བྱ་བ་ནི་དགག་པ་ཡིན་ནོ། །ཨ་དང་མ་དང་ནོ་དང་ན་རྣམས་ནི་དགག་པའི་སྒྲ་རྗོད་པར་བྱེད་པའི་ཕྱིར་རོ། །དེས་ན་དོན་འདི་ཡིན་ཏེ། ཅི་ནོ་ཏི་ཏམ་སྟེ། མ་ཉམས་སམ། ཉམས་པ་ཉིད་དོ་ཞེས་བྱ་བའི་དོན་ཏེ། བྲལ་བ་ཉིད་མ་གྲུབ་སྟེ། མ་ཚང་
བ་མེད་པའི་ཡིད་སྔ་མ་རྒྱུ་ཡིན་པའི་ཕྱིར་རོ། །དེ་ཅི་ལྟར་ཡིན་པ་དེ་ལྟར་ཡང་བསྟན་ཟིན་ཏོ། །འོན་ཏེ་ཡང་རྒྱུ་དང་བྲལ་བའི་མཚན་ཉིད་ཀྱི་གཏན་ཚིགས་འདི་ནི་མ་གྲུབ་པ་མ་ཡིན་ཏེ་འདི་ལྟར་དབང་པོ་དང་བཅས་པའི་ལུས་སམ། དབང་པོ་མེད་པ་སྐྲ་དང་སེན་མོའི་རྩེ་མོ་ལ་སོགས་པའི་མཚན་
ཉིད་ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་ཡིན་ཏེ། འདི་ལྟར་སྙིང་གི་མཚན་ཉིད་ཀྱི་ལུས་ཉིད་རྒྱུ་ལས་སམ། གཞན་ལས་སྐྱེ་བ་ཡིན་ནོ་ཞེ་ན། དེ་ནི་མི་རིགས་ཏེ། ལུས་ནི་རྣམ་པ་གཉིས་པོ་དབང་པོ་དང་བཅས་པ་དང་། དབང་པོ་མེད་པ་སོ་སོའམ་གཞན་དུ་རྒྱུ་ཡིན་པར་འགྱུར་ལ། རེ་ཞིག་
དབང་པོ་དང་བཅས་པ་ནི་མ་ཡིན་ཏེ། དེ་བློ་བཞིན་དུ་འཛིན་འགྱུར་ཕྱིར། །དབང་པོ་བཅས་ལ་ཡིད་ཤེས་མིན། །ཤེས་སྐྱེད་ནུས་པ་ཐ་དད་ཕྱིར། །ཀུན་ལས་ཀྱང་ནི་མ་ཡིན་ནོ། །སེམས་མེད་ཉིད་ཕྱིར་གཞན་ལས་མིན། །རྒྱུ་གཅིག་ཕྱིར་ན་ལྷན་ཅིག་གནས། །དབང་བཞིན་གཟུགས་ད་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words