ཚད་མ་རྣམ་འགྲེལ་གྱི་རྒྱན
Sanskrit title (Tibetan script, as in the text) པྲ་མཱ་ཎ་བརྟི་ཀ་ཨཱ་ལཾ་ཀཱ་ར
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 178 · folio 56b
རོ་བཞིན་ནོ། །དོན་གྱི་སྒོ་ནས་འགྱུར་བ་ཡིན། །རེ་ཞིག་སོ་སོར་དབང་པོ་དང་བཅས་པའི་ལུས་རྒྱུ་མ་ཡིན་ནོ། །དབང་པོ་ནུས་པ་དག་དང་ལྷན་ཅིག་འཇུག་པའི་ཕྱིར་དབང་པོ་དང་བཅས་པ་སྟེ། དབང་པོ་རང་བཞིན་ཉིད་དོ། །ནུས་པ་ནི་ནུས་པ་ཅན་ལས་གཞན་མ་ཡིན་པའི་ཕྱིར་རོ། །དེས་ན་སོ་
སོ་བའི་དབང་པོ་དག་ཉིད་ལས་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བ་ཡིན་ནོ་ཞེས་བྱ་བའི་ཕྱོགས་སུ་འགྱུར་རོ། །དེ་བཤད་པ་ནི། དབང་པོར་བཅས་ལ་ཡིད་ཤེས་མིན། །དབང་པོ་དག་ལས་སོ་སོར་འབྱུང་བ་མ་ཡིན་ཏེ། དེ་བློ་བཞིན་དུ་དབང་པོའི་བློ་བཞིན་དུ་ཡུལ་སོ་སོར་འཛིན་པར་འགྱུར་བའི་
ཕྱིར་རོ། །མིག་ལ་སོགས་པ་དབང་པོའི་རྗེས་སུ་འབྲང་བ་ཡོད་ན། ངེས་པར་དབང་པོའི་རྗེས་སུ་འབྲང་བའི་ཕྱིར་རོ། །ཡིད་གཞན་གྱི་རང་བཞིན་དུ་འགྱུར་བ་ཡིན་ཏེ། དེ་ལྟ་མ་ཡིན་ན། དེའི་རྒྱུ་ལས་དེའི་རང་བཞིན་མ་ཡིན་པ་འབྱུང་ན། དེའི་རང་བཞིན་དེ་གང་ལས་འབྱུང་བ་ཡིན་ཏེ།
དེའི་ཕྱིར་རྒྱུ་མེད་པར་འགྱུར་རོ། །གལ་ཏེ་རྒྱུ་གཅིག་ཡིན་ཡང་དེ་དང་དེ་མ་ཡིན་པའི་རང་བཞིན་གྱི་འབྲས་བུ་སྐྱེད་པར་མཐོང་བ་མ་ཡིན་ནམ། དཔེར་ན་མེ་དུ་བ་དང་ཐལ་བ་སྐྱེད་པའི་རང་བཞིན་ཡིན་པ་བཞིན་ནོ། །ཚོགས་པ་ཐ་དད་པ་ནི་ཡོད་པ་ཡིན་ཏེ། གཟུགས་ཀྱི་ཚོགས་པ་ཉེ་བར་གནས་
པའི་མིག་ནི་མིག་གི་རྣམ་པར་ཤེས་པ་སྐྱེད་ལ་གཟུགས་དང་བྲལ་བ་ནི་ཡིད་ཀྱི་རྣམ་ཤེས་སྐྱེད་དོ། །དེ་བཞིན་དུ་རྣ་བ་ལ་སོགས་པ་ཡང་བརྗོད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། དབང་པོའི་བྱ་བ་ལ་བརྟེན་ནས། །འབྱུང་བ་དབང་པོའི་ལས་སྐྱེ་འདོད། །བྱ་དེ་དེ་ལ་མེད་པའི་ཕྱིར། །ཇི་ལྟར་དབང་
པོ་ལས་འབྱུང་འགྱུར། །དེ་བློ་བཞིན་དུ་འཛིན་འགྱུར་ཕྱིར། །ཞེས་བྱ་བ་འདིའི་དོན་ནི་འདི་ཡིན་ཏེ། དབང་པོའི་བློ་ནི་དེའི་བྱ་བའི་རྗེས་སུ་འབྲངས་ནས་དོན་འཛིན་པར་བྱེད་པའི་ཕྱིར་དེ་ལྟར་བརྗོད་པ་ཡིན་ནོ། །གལ་ཏེ་ཡིད་ཀྱི་བློ་ཡང་དེ་ཡིན་ན་དེ་ཡང་དེའི་བྱ་བའི་རྗེས་སུ་འབྲངས་ནས། དེའི་
བློ་བཞིན་དུ་འཛིན་པ་ཉིད་དུ་འགྱུར་རོ། །གཞན་དུ་ཇི་ལྟ་དེ་ལྟར་བསྙད་པར་འགྱུར། དེའི་བྱ་བའི་རྗེས་སུ་འབྲངས་པ་ཡང་དམིགས་པ་མེད་ལ་དེ་ལས་སྐྱེས་པ་ཉིད་དུ་ཡང་རྟོགས་སོ་ཞེས་བྱ་བ་འདི་ནི་ཉམས་སོ། །དབང་པོ་ལས་ནི་དོན་ཉེ་བར་མེད་པར་ཡང་མདུན་ན་གནས་པའི་དོན་ངེས་པར་
Vol. 178 · folio 57a
རྟོགས་པའི་རྣམ་པ་ཅན་དང་། རབ་རིབ་གྱིས་ཉམས་པ་ལས་སྐྲ་ཤད་ཀྱི་ཚོགས་མཐོང་བའི་རྣམ་པ་ལྟ་བུ་ནི། ཡིད་ཀྱི་རྣམ་པར་ཤེས་པ་ནི་མིག་བཙུམས་ཀྱང་སྐྱེ་བ་ནི་ཡིན་ན། ཇི་ལྟར་དེ་ལས་དབང་པའི་བྱེད་པ་ཡོད། གང་རྣམ་པར་འགྱུར་ཡང་གང་རྣམ་
པར་འགྱུར་བ་མ་ཡིན་པ་དེ་ཇི་ལྟར་དབང་པོ་ལས་སྐྱེས་པ་ཡིན། དེ་ལ། དེ་བློ་བཞིན་དུ་འཛིན་འགྱུར་ཕྱིར། །ཞེས་བྱ་བ་ནི་དེ་འགྱུར་བས་རྣམ་པར་ཤེས་པ་འགྱུར་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འཛིན་པ་ནི་རྣམ་པར་ཤེས་པ་ཉིད་དོ། །ཅི་སྟེ་དེ་འགྱུར་བས་འགྱུར་བ་མ་ཡིན་ན། དེ་
ལྟ་ན་དེ་ལས་སྐྱེས་པ་མ་ཡིན་ནོ། །ཀུན་ལས་ཀྱང་ནི་མ་ཡིན་ནོ་ཞེས་བྱ་བ་ལ་ཡང་ལན་འདི་ཉིད་ཡིན་ནོ། །ལན་གཞན་བཤད་པ་ནི། ཤེས་སྐྱེད་ནུས་པ་ཐ་དད་ཕྱིར། །ཤེས་པ་སྐྱེད་པ་ལ་ནུས་པ་ཐ་དད་པ་ཉིད་དེ། སོ་སོར་གཞན་ལ་མི་ལྟོས་པ་ཉིད་དུ་མཐོང་གི །ཕན་ཚུན་ལྟོས་པ་
ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་གཅིག་མེད་ཀྱང་ཚོགས་པ་མེད་པར་འགྱུར་བའི་ཕྱིར། །ས་ལ་སོགས་པ་མ་ཚང་བས་མྱུ་གུ་བཞིན་དུ་མི་འགྱུར་རོ། །མིག་ལ་སོགས་པ་མ་ཚང་བ་ལ་ཡང་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་བ་ཡང་ཡིན་ནོ། །དེའི་ཕྱིར་ཡིད་ཀྱི་ཚོགས་པ་དང་འབྲེལ་པ་མ་ཡིན་
ནོ། །ཀྱང་གི་སྒྲས་ནི་གཏན་ཚིགས་སྔ་མ་སྡུད་པའོ། །སེམས་ཉིད་མེད་པའི་ཕྱིར་གཞན་དབང་པོ་མེད་པ་ལས་ཀྱང་མཐོང་བ་མ་ཡིན་ནོ། །གལ་ཏེ་སེམས་ཉིད་མེད་ཕྱིར་ཞེས་བྱ་བའི་དོན་ཅི་ཡིན། གལ་ཏེ་དབང་པོའི་ཤེས་པ་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེ་ནི་འདོད་པ་
ཉིད་ཡིན་ན་ཇི་ལྟར་འདིར་གཏན་ཚིགས་ཡིན། གལ་ཏེ་དེ་ལས་དབང་པོའི་རྣམ་པར་ཤེས་པ་མི་འབྱུང་དུ་ཟད་མོད། ཡིད་ཀྱི་རྣམ་པར་ཤེས་པ་གོ་ཅིའི་ཕྱིར་མི་འབྱུང་། གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་མེད་པའི་ཕྱིར་སེམས་མེད་པ་ཉིད་ཡིན་ན། དེ་ཉིད་དཔྱོད་པའི་ཕྱིར་དམ་བཅའ་
བའི་དོན་གྱི་ཕྱོགས་གཅིག་གཏན་ཚིགས་ཡིན་ནོ་ཞེ་ན། འདིར་སྨྲས་པ། གང་ཚེ་སྐྲ་དང་སེན་མོ་སོགས། །ཚོར་བྱེད་ཉིད་དུ་མ་མཐོང་བ། །དེ་ཚེ་དེ་ལས་ཡིད་ཀྱིས་ཤེས། །སྐྱེ་བོ་ཞེས་ནི་ཇི་ལྟར་རྟོགས། །ཇི་ལྟར་རེག་པ་ལ་སོགས་པ་དག །ཚོར་བར་བྱེད་ཅིང་ཅིའི་རྣམ་པར་ཤེས་
Vol. 178 · folio 57b
པའི་སྒོ་ནས་དམིགས་པར་བྱེད་པ། དེ་བཞིན་དུ་སྐྲ་དང་སེན་མོ་ལ་སོགས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་སྒོ་ནས་ཚོར་བར་བྱེད་པ་མ་ཡིན་ནོ། །དེ་དང་འབྲེལ་བ་ཉིད་ཡིན་ན་དེ་མེད་པར་ཡིད་ཀྱི་རྣམ་པར་ཤེས་པ་མི་འགྱུར་ཞིང་། དེ་ཉམས་པས་ཉམས་པར་ཡང་འགྱུར་རོ། །གལ་ཏེ་
ལུས་རྟེན་མ་ཡིན་པ་དེའི་ཚེ་ཇི་ལྟར་ལྷན་ཅིག་གནས་ཤེ་ན། དེའི་ཕྱིར་བཤད་པ། ལྷན་ཅིག་གནས་པར་ངེས་པར་བྱེད་པའི་ལས་ཀྱི་མིང་ཅན་གྱི་རྒྱུ་ཐ་མི་དད་པའི་ཕྱིར་ནུས་པ་དེ་ལྟར་གནས་པའི་ཕྱིར་དབང་པོ་བཞིན་དང་གཟུགས་དང་རོ་བཞིན་ནོ། །དཔེར་ན་དབང་པོ་རྣམས་དང་། གཟུགས་དང་རོ་དག་ཕན་ཚུན་
རྟེན་མ་ཡིན་ཡང་དུས་ཅུང་ཟད་ལྷན་ཅིག་གནས་པར་ངེས་པ་བཞིན་ནོ། །རྟེན་དང་བརྟེན་པའི་དངོས་པོ་ཉིད་ནི་ལྷན་ཅིག་གནས་པའི་རྒྱུ་མ་ཡིན་ནོ། །གལ་ཏེ་དེ་འགྱུར་ན་འགྱུར་བའི་ཕྱིར། མིག་ལ་སོགས་པ་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་རྟེན་ཡིན་པ་དེ་བཞིན་དུ། བད་ཀན་དང་དུག་
ལ་སོགས་པས་ལུས་འགྱུར་ན་ཡིད་བློང་བ་ལ་སོགས་པའི་མཚན་ཉིད་དུ་འགྱུར་བའི་ཕྱིར་རྟེན་དང་བརྟེན་པའི་དངོས་པོ་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། དོན་དེ་གཟུང་བར་བྱ་བའི་སྒོ་ནས་འགྱུར་བ་ཡིན། དེ་གོམས་པས་གདུང་བ་མི་བཟོད་པ་དེ་ཡིད་ལ་གནོད་པས་ན། རྣམ་པར་འགྱུར་བ་དེར་
འགྱུར་རོ། །མཚོན་གྱིས་བརྡེགས་པ་ལ་སོགས་པ་ཡིད་ཀྱིས་དམིགས་པས་ཡིད་གདུང་བར་བྱེད་པ་ཡིན་གྱི། རྟེན་དུ་འགྱུར་བ་ནི་མ་ཡིན་ནོ། །དམིགས་པས་ནི་ཕྱི་རོལ་ལས་རྣམ་པར་འགྱུར་བར་བྱེད་པ་ཡིན་ན་དེ་རྟེན་གྱི་དངོས་པོ་ནི་མ་ཡིན་ཏེ། དེ་མེད་ཀྱང་སྒྲོ་བཏགས་པ་ཙམ་གྱིས་
གདུང་བ་སྐྱེད་པའི་ཕྱིར་རོ། །དེ་ཕྱིར་ཡིད་ཀྱི་སྒྲོ་བཏགས་པས། །ཕྱི་དང་ནང་གི་རྣམ་པ་ཡོད། །དེ་ཡི་འགྱུར་བའི་ཡིད་ཀྱིས་ནི། །རྣམ་པར་འགྱུར་བ་དེར་འགྱུར་རོ། །རྟེན་དང་དམིགས་པ་དག་ནི་གཅིག་ཉིད་མ་ཡིན་ཏེ། དེས་ན་ལུས་དེའི་རྟེན་མ་ཡིན་ནོ། །དེས་ན་ཉོན་མོངས་པ་ཅན་གྱི་
ཡིད་ནི་ལུས་ལ་བརྟེན་པ་མ་ཡིན་ནོ། །དེའི་རྟེན་གང་ཡིན་པ་དེ་ནི་ཕྱིས་སྟོན་པར་འགྱུར་རོ། །སྔ་ཕྱི་སྒྲོ་བཏགས་པ་ཙམ་དམིགས་པར་ཟད་ཀྱི། གཞན་ནི་མེད་པའི་ཕྱིར་ཡིད་ནི་དམིགས་པ་མེད་ཅིང་རྟེན་མེད་པ་ཡིན་ནོ། །གཞན་ཡང་། ཕན་འདོགས་བྱེད་པ་ཙམ་གྱིས་ནི། །དེ་ཡི་ཟློག་བྱེད་རྒྱུ་མ་ཡིན། །
Vol. 178 · folio 58a
ཁྱད་པར་ཅན་གྱི་རྒྱུ་ཉིད་ནི། །འབྲས་བུ་ཟློག་པར་བྱེད་པ་ཡིན། །གང་གི་ཟློག་པར་བྱེད་པ་ཉིད་ཡིན་པ་ཁྱད་པར་ཅན་གྱི་རྒྱུ་དེ་གང་ཡིན་ཞེ་ན། དེ་བཤད་པ་ནི། རྟག་ཏུ་དེ་ཡི་རྗེས་འཇུག་པས། །གང་ཞིག་ཡོད་པས་ཕན་འདོགས་བྱེད། །དེ་རྒྱུ་དེ་ཕྱིར་བདུན་པ་དང་། །
སྐྱེས་ཕྱིར་ཞེས་ནི་བཤད་པ་ཡིན། །གང་ཞིག་ཡོད་པས་ཕན་འདོགས་པར་བྱེད་པའོ། །རྒྱུ་འདི་ནི་ལོག་པས་ཟློག་པར་བྱེད་པའི་འབྲས་བུ་ཟློག་པར་བྱེད་པ་ཡིན་ནོ། །ཇི་ལྟར་ཕན་འདོགས་པར་བྱེད་པ་ཞིག་ཅེ་ན། རྟག་ཏུ་དེའི་རྗེས་སུ་འཇུག་པས་ཏེ། དེའི་རྗེས་སུ་འཇུག་པའི་སྒོ་ནས་སོ། །རྗེས་
སུ་འཇུག་པ་ནི། རྗེས་སུ་འབྲེལ་པས་ཏེ། གང་ཞིག་ཡོད་པས་ཐམས་ཅད་ཀྱི་ཚེ་རྗེས་སུ་འབྲེལ་པས་ཕན་འདོགས་པར་བྱེད་པའོ། །གང་ཞིག་རེས་འགའ་ཕན་འདོགས་པར་བྱེད་ནུས་པ་དེ་མེད་ཀྱང་རེས་འགའ་ཁྱད་པར་གྱི་མཚན་ཉིད་ཀྱི་ཕན་པ་གཞན་ལས་ཀྱང་འབྱུང་བ་དེ་ནི་རྟག་ཏུ་རྗེས་སུ་འཇུག་པ་མ་
ཡིན་ནོ་ཞེས་རིགས་སོ། །དེ་ནི་ལྡོག་ཀྱང་དེ་ལྡོག་པ་མ་ཡིན་ནོ། །ལུས་ཡོད་པ་ནི་རྟག་ཏུ་ཕན་འདོགས་པར་བྱེད་པ་མ་ཡིན་ཏེ། སེམས་སྔ་མ་རྣམ་པར་འགྱུར་ན་ཡང་རེས་འགའ་རྣམ་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་སེམས་ཀྱི་རྣམ་པར་འགྱུར་བར་བྱས་པས་རྣམ་པར་འགྱུར་བའི་ཕྱིར་དེས་ཉེ་
བར་བརྟན་པ་ལས་རེས་འགའ་ལུས་མེད་པར་ཡང་སེམས་ཀྱི་རྒྱུན་ཡོད་པ་ཡིན་ནོ་ཞེས་བྱ་བར་སྲིད་པ་ཡིན་ནོ། །ལུས་ནི་གཏེན་དུ་ཕན་འདོགས་པ་ཉིད་ཀྱི་རྒྱུ་ཡིན་པར་གྲུབ་པ་ཡང་མ་ཡིན་ཏེ། འདི་ལྟར། རིགས་པ་རང་ངམ་གཞན་ནམ་ནི། །སྐྱེས་པའམ་རྣམ་པ་གཞན་གྱིས་ཀྱང་། །འགའ་
ཡིས་ལུས་རྒྱུ་ཡིན་པར་ནི། །རྟོགས་ཞེས་རྣམ་པར་རྟོགས་པ་ཡིན། །དེ་ལ་རེ་ཞིག་རིག་པ་མ་སྐྱེས་པས་ནི་བདག་འདི་ལས་འབྱུང་ངོ་ཞེ་འམ་བྱུང་བར་གྱུར་ཏོ་ཞེས་ཤེས་པ་མ་ཡིན་ནོ། །སྐྱེས་པའི་རིག་པ་ཡང་ངའོ་ཞེས་རང་གི་ངོ་བོ་ལ་དམིགས་སམ་གཞན་ལ་ཡང་རུང་སྟེ། དེ་རྟོགས་པ་ཉིད་ཡིན་
པས་བདག་ནི་འདི་ལས་རྟོགས་སོ་ཞེས་ཇི་ལྟར་གཞན་རྟོགས་པ་ཡིན། གཞན་དམིགས་པས་གཞན་རྟོགས་པ་ནི་མ་ཡིན་ནོ། །འོ་ན་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ལ་ཡང་རྟོགས་པ་དེ་ཉིད་ཡིན་པའི་ཕྱིར་མིག་ལ་སོགས་པ་རྒྱུ་ཉིད་དུ་ག་ལས་རྟོགས་ཤེ་ན། མ་ཡིན་ཏེ། དེ་དག་ལ་རྗེས་
Vol. 178 · folio 58b
སུ་འགྲོ་བ་དང་ལྡོག་པ་རྟོགས་པ་ཡོད་པའི་ཕྱིར་རོ། །འདི་ལྟར། སྐྱེས་བུས་མིག་ཕྱེ་བ་ཉིད་ནི་རྟོགས་པར་འགྱུར་བ་ཉིད་ཡིན་ཞིང་། དེ་མ་ཐག་ཏུ་གཟུགས་མཐོང་བ། །ཉིད་དུ་རྟོགས་པར་འགྱུར་བ་ཡིན། །སྐྱེས་པ་དང་པོར་ཕྱོགས་པའི་ལུས། །རྒྱུ་ཉིད་དུ་ནི་རྟོགས་པ་མེད། །ཤེས་
པ་སྔ་ན་མེད་པ་ནི། །ཤེས་བྱེད་ཉིད་དུ་འགལ་བ་ཡིན། །གལ་ཏེ་གཞན་གྱིས་རྟོགས་ཤེ་ན། །སྔ་ན་མེད་པ་ག་ལས་རྟོགས། །བལྟ་རུང་མ་ཡིན་དམིགས་མེད་པ། །མེད་པ་རབ་སྒྲུབ་བྱེད་མ་ཡིན། །གཉིད་ལོག་པ་ལས་སད་པ་ཡོད། །སྔར་ཤེས་དམིགས་སུ་མེད་པ་ན། །དེ་ལ་རྨི་ལམ་
རྣམ་པར་ཤེས། །སྔར་མེད་རྟོགས་པ་ཡོད་མ་ཡིན། །འོན་ཏེ་གལ་ཏེ་དེ་ལ་སྔོན། །བློ་ཡོད་རང་རིག་ཉིད་འགྱུར་ཏེ། །གང་ཕྱིར་སད་པས་རྨི་ལམ་གྱི། །མྱོང་བ་དྲན་པར་མཐོང་བ་ཡིན། །དེ་ནི་མ་ཡིན་ཏེ། རྟོགས་པ་མེད་པ་ཡིན་ནམ་ཅི། །ཅིག་ཡོད་ཀྱང་བརྗེད་པར་འགྱུར། །སད་པས་བྱས་པ་རྨི་ལམ་དུ། །
འགས་ཀྱང་དྲན་པ་ཡོད་མ་ཡིན། །རྨི་ལམ་གྱི་རིག་པ་ནི་སད་པའི་ཤེས་པའི་དེ་མ་ཐག་པ་ཡིན་ནོ་ཞེས་འགས་ཀྱང་རྟོགས་པ་མ་ཡིན་ན། དེ་ལྟ་ན་ཡང་དེ་ནི་དེ་ལྟ་བུ་ཉིད་དོ། །འོན་ཏེ་སད་ན་དེ་རྟོགས་སོ་ཞེ་ན། འདི་ཡང་སད་ན་མི་རྟོགས་སོ་ཞེས་བྱ་བ་དེ་ག་ལས་ཡིན། དེའི་ཕྱིར་ལུས་ནི་རྟག་ཏུ་ཕན་
འདོགས་པར་བྱེད་པ་ཉིད་དུ་མ་རྟོགས་པ་ཉིད་དོ། །དེས་ན་འདི་ལོག་ན་རྣམ་པར་ཤེས་པ་ལྡོག་གོ་ཞེས་རྟོགས་པ་མ་ཡིན་ནོ། །འོན་ཏེ་ལྕི་བ་ལས་ཨུཏྤ་ལ་སྐྱེ་བ་ཡིན་ལ། དེ་ཡོད་པ་རྟག་ཏུ་རྗེས་སུ་འཇུག་པས་ཕན་འདོགས་པ་ཡིན་པ་དེ་ལྟ་ན་ཡང་། ལྕི་བ་མེད་ན་དང་པོའི་ཨུཏྤ་ལ་ནི་མེད་པར་
འགྱུར་བ་ཉིད་དོ་ཞེ་ན། དེ་ཡང་གྱི་ན་སྟེ། གང་གི་ཕྱིར། དང་པོ་ལྕི་བ་ལས་སྐྱེ་བ། །ཅི་འདྲར་འགྱུར་བ་དེ་འདྲར་ནི། །དེ་མེད་པར་ནི་མ་མཐོང་ཉིད། །ཤེས་པ་དེ་ལས་བཟློག་པ་ཡིན། །ཅི་འདྲ་བའི་ཨུཏྤ་ལ་ལྕི་བ་ལས་སྐྱེ་བར་མཐོང་བ་ཅི་འདྲ་བ་ཉིད་གཞན་གྱི་ཚེ་ཡང་དམིགས་སམ་ཅི།
ཡིད་ཀྱི་རྣམ་པར་ཤེས་པ་དང་པོ་དང་ཕྱིས་ཀྱང་དེ་དང་འདྲ་བར་གྱུར་པ་ཉིད་ཡིན་པའི་ཕྱིར་དེས་མ་ངེས་པ་ནི་མ་ཡིན་ནོ། །གལ་ཏེ་འདི་ཡོད་ན་འདི་འབྱུང་འདི་སྐྱེས་པའི་ཕྱིར་འདི་སྐྱེས་ཞེས་བྱ་བ་འདི་ཉིད་བཅོམ་ལྡན་འདས་ཀྱིས་རྒྱུའི་མཚན་ཉིད་དུ་གསུངས་པ་མ་ཡིན་ནམ། གཞན་གཏན་དུ་རྗེས་སུ་འཇུག་
Vol. 178 · folio 59a
པ་ནི་དཔྱད་པ་མ་མཛད་དོ། །དོན་དམ་པ་རྒྱུ་དང་འབྲས་བུའི་དངོས་པོ་ལ་བཅོམ་ལྡན་འདས་ཉིད་དོན་དམ་པའི་ཚད་མ་ཡིན་ཏེ། ཁྱད་པར་རྗེས་སུ་འགྲོ་བ་དང་ལྡོག་པ་འཛིན་པའི་ཕྱིར་ཞེས་བསྟན་པ་ཡིན་ནོ། །ཡོད་ཅིང་མཁོ་བ་དང་ལྡན་པའི་དོན་ནི་བཅོམ་ལྡན་
འདས་མི་གསུང་བ་མ་ཡིན་ན། དེའི་ཕྱིར་འདི་ཇི་ལྟར་ཡིན་ཞེ་ན། ཉེས་པ་འདི་ནི་མེད་དེ། གཏན་དུ་ཕན་འདོགས་པར་བྱེད་པ་ཉིད་དུ་ཁོ་བོ་ཅག་གིས་བཤད་པ་དེ་ཉིད་ཀྱི་ཕྱིར་ན་བདུན་པ་དང་། དེ་ཉིད་ལས་ལྔ་པ་སྐྱེས་ཕྱིར་ཞེས་ཀྱང་གསུངས་པ་ཡིན། འདི་ཡོད་ན་འདི་འབྱུང་ཞེས་བྱ་བས་ན་
གཏན་དུ་རྗེས་སུ་འཇུག་པ་ཉིད་བཤད་པ་ཡིན་ཏེ། ཡོད་ན་ཞེས་བྱ་བ་ནི་རྒྱུ་མཚན་གྱིས་བདུན་པ་ཡིན་ནོ། །གཞན་དུ་ནི་དེ་མེད་ཀྱང་འབྱུང་བ་ཡིན་ན་ནི་འདིའི་དངོས་པོ་དེའི་རྒྱུ་མཚན་དུ་མི་འགྱུར་རོ། །ལྔ་པ་ཡང་འབྱུང་ཁུངས་ལ་ཡིན་ཏེ། འབྱུང་ཁུངས་ཉིད་ཀྱང་སྐྱེ་བ་པོ་འབྱུང་བ་ཞེས་བྱ་
བས་སོ། །འབྱུང་བ་ནི་རྒྱུ་མཚན་ཉིད་དོ། །ཡང་ན་བདག་ཅག་གིས་གཞན་དུ་བཤད་པར་བྱ་སྟེ། གལ་ཏེ་རྣམ་པར་ཤེས་པ་སྔོན་དུ་འགྲོ་བ་ཅན་ཡིན་པ་དེ་ལྟ་ན་ཡང་། སྐྱེ་བ་དང་པོའི་རྣམ་པར་ཤེས་པ་ལས་སྐྱེ་བ་སྔ་མའི་རྣམ་པར་ཤེས་པ་ཞེས་ཤེས་པར་འགྱུར་ཏེ། དེ་ནི་དེའི་འབྲས་བུ་
ཡིན་པའི་ཕྱིར་རོ། །འབྱུང་བར་འགྱུར་བའི་སྐྱེ་བའི་རྣམ་པར་ཤེས་པ་གོ་གང་ལས་རྗེས་སུ་དཔག །འོན་ཏེ་རྒྱུ་ནུས་པ་མཐོང་བ་ལས་འབྲས་བུ་རྗེས་སུ་དཔོག་ན། དེ་ལྟ་ན་འོ་ན་དེ་རྒྱུའི་མཚན་ཉིད་ཀྱི་གཏན་ཚིགས་གཞན་དུ་ཐལ་ལོ། །འོན་ཏེ་འབྲས་བུ་ལ་ཐེ་ཚོམ་ཟ་བས་རུང་བ་ཉིད་རྗེས་སུ་
དཔོག་གོ་ཞེ་ན། མ་ཡིན་ཏེ། འབྱུང་བར་འགྱུར་བའི་འཇིག་རྟེན་ཕ་རོལ་མ་ངེས་ན་རུང་བ་ཉིད་རྗེས་སུ་དཔག་པ་དོན་མེད་པ་ཉིད་དོ། །འབྱུང་བར་འགྱུར་བའི་འཇིག་རྟེན་ཕ་རོལ་རྗེས་སུ་དཔོག་ན་ནི། ཆོས་ལ་སོགས་པ་ལ་འཇུག་པའི་འབྲས་བུ་བཅས་པར་འགྱུར་རོ་ཞེ་ན། འདི་བཤད་པ་ནི།
འབྱུང་བར་འགྱུར་བའི་སྐྱེ་བའི་རྣམ་པར་ཤེས་པ་ནི་རྒྱུ་ཉིད་ཡིན་ལ་དེ་ཉིད་ནི་འབྲས་བུ་ཡང་ཡིན་ནོ། །འདི་ལྟར། རྟག་ཏུ་དེའི་རྗེས་སུ་འཇུག་པས། །གང་ཞིག་ཡོད་པ་ཕན་འདོགས་བྱེད། །དེ་རྒྱུ་གང་ཞིག་ཡོད་པ་ལས། །རྟག་ཏུ་རྗེས་སུ་འཇུག་པ་ན། །དེ་ཁྱབ་པར་ཕན་འདོགས་པར་བྱེད་
Vol. 178 · folio 59b
པའོ། །ཐ་དད་པ་ཡིན་ན་ཁྱབ་པར་བྱེད་པ་ནི་རྒྱུ་ཡིན་ནོ། །དོན་གཞན་གོ་བར་བྱ་བ་ལ་ནི་འབྲས་བུ་ཉིད་གཏན་ཚིགས་ཡིན་ནོ། །གང་ཞིག་དོན་གཞན་གྱི་གོ་བར་བྱེད་པ་ཡིན་པ་དེ་ནི་ཁྱབ་པར་བྱེད་པ་ཉིད་ཡིན་ཏེ། དེ་ལྟ་མ་ཡིན་ན་འཁྲུལ་པའི་ཕྱིར་གོ་བར་བྱེད་པ་ཉིད་དུ་མི་འགྱུར་རོ། །གང་ཞིག་
གང་མེད་པར་མི་འགྱུར་བ་དེ་ནི་དེའི་རྒྱུ་ཡིན་ན། རྒྱུ་ཇི་ལྟར་འབྲས་བུ་ཡིན་ཞེ་ན། མ་ཡིན་ཏེ། དེའི་འབྲས་བུ་ཡིན་པའི་ཕྱིར་རོ། །འདི་ལྟར། སེམས་སོགས་རྣམ་པར་འགྱུར་བ་ནི། །དགེ་ལེགས་ལ་སོགས་སྒྲུབ་བྱེད་ཡིན། །དེ་ཡིས་རྣམ་འགྱུར་དེ་མཐོང་སྟེ། །དེ་ཡང་འབྲས་བུ་ཉིད་དུ་བརྗོད། །
གལ་ཏེ་དགེ་ལེགས་སུ་མི་འགྱུར་ན་ནི་རྣམ་པར་འགྱུར་བ་འདིར་མི་འགྱུར་ཏེ། རྣམ་པར་འགྱུར་བ་འདི་ནི་དེས་བྱས་པ་ཡིན་ནོ་ཞེས་བྱ་བ་ནི་འཇིག་རྟེན་ཐམས་ཅད་ཀྱི་ཐ་སྙད་ཡིན་ནོ། །གཞན་དུ་ཡང་འདི་ཙམ་ཉིད་ཀྱི་འབྲས་བུ་ཉིད་ཡིན་ནོ། །འབྱུང་བ་ཅི་ལྟར་རྒྱུ་ཡིན་ཞེ་ན། དེ་ལ་མི་འཁྲུལ་བའི་
ཕྱིར་རོ། །གལ་ཏེ་གང་ཕན་འདོགས་པ་དེ་རྒྱུ་ཡིན་ན། འབྱུང་བར་འགྱུར་བ་ཡོད་པ་མ་ཡིན་པ་ཇི་ལྟར་ཕན་འདོགས་པ་ཡིན་ཞེ་ན། འོ་ན་འདས་པ་ཡང་རྒྱུར་མི་འགྱུར་ཏེ། དེ་ཡང་མེད་པས་ཕན་འདོགས་པ་མེད་པའི་ཕྱིར་རོ། །མ་ཡིན་ཏེ། དེ་སྐྱེ་བའི་དུས་ན་ནི་ཡོད་པའི་ཕྱིར་རོ་ཞེ་ན། དེ་
སྐྱེ་བའི་དུས་དེ་གང་ཡིན། གལ་ཏེ་འབྲས་བུ་ལས་སྔར་རོ་ཞེ་ན། ཇི་ལྟར་མེད་པ་ལ་ཕན་འདོགས་པ་དེ་ཉིད་ཀྱི་ཕྱིར་རྒྱུ་ཡིན་ཏེ་མེད་པ་བྱེད་པའི་ཕྱིར་རོ་ཞེ་ན། མེད་པ་བྱེད་དོ་ཞེས་བྱ་བའི་དོན་ཅི་ཡིན། དེའི་དེ་མ་ཐག་ཏུ་དེ་ཡོད་པའོ་ཞེ་ན། དེ་མ་ཐག་པ་དེ་ནི་གཉི་ག་ལ་ལྟོས་ནས་ཀྱང་མཚུངས་
ཏེ། ཇི་ལྟར་འབྱུང་བར་གྱུར་པ་ལ་ལྟོས་ནས་ཡིན་པ་དེ་བཞིན་དུ་འབྱུང་བར་འགྱུར་བ་ལ་ལྟོས་ནས་ཀྱང་ཡིན་ནོ། །དེ་མ་ཐག་པ་ཉིད་ནི་དེ་ཉིད་ཀྱི་རྒྱུ་མཚན་ཡང་མ་ཡིན་ཏེ། ཆོད་པ་ཡང་རྒྱུ་ཡིན་པའི་ཕྱིར་རོ། །འདི་ལྟར། གཉིད་སྟུག་ལོག་པ་སད་པ་ན། །རྣམ་ཤེས་སྔོན་གྱི་རིམ་པ་ལས། །དུས་
ཀྱིས་བར་དུ་ཆོད་ཀྱང་ནི། །སྐྱེ་བོ་ཞེས་ནི་རྣམ་པར་ངེས། །དེ་ལ་ལུས་ནི་རྒྱུ་མ་ཡིན་ཏེ། དེ་ནི་སྔོན་གྱི་འདུ་བྱེད་ཀྱི་རྗེས་སུ་འཇུག་པར་མཐོང་བའི་ཕྱིར་རོ། །ལུས་དེ་འདྲ་བ་ཉིད་ན་སྔོན་གྱི་རྣམ་པར་ཤེས་པ་དང་རྗེས་སུ་མཐུན་པར་གཞན་དང་གཞན་དུ་སྐྱེ་པའི་ཕྱིར་རོ། །དེའི་ཕྱིར་རྒྱུ་དང་འབྲས་བུའི་
Vol. 178 · folio 60a
དངོས་པོ་ཉིད་ཀྱི་རྒྱུ་མཚན་ནི་རྗེས་སུ་འགྲོ་བ་ལྡོག་པའི་རྗེས་སུ་བྱེད་པ་ཡིན་ལ། དེ་ནི་འབྱུང་བར་འགྱུར་བ་ལ་ཡང་ཡོད་པ་ཡིན་ནོ། །གང་ཞིག་གང་གི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་དེ་ཉིད་དེའི་རྒྱུ་ཡིན་ཏེ། ཁྱད་པར་གཞན་ནི་དོན་མེད་དོ། །འོན་ཏེ་ཡང་འདི་ཡོད་
ན་འདི་འབྱུང་། འདི་སྐྱེས་པའི་ཕྱིར་འདི་སྐྱེ་ཞེས་བྱ་བ་རྒྱུ་དང་འབྲས་བུའི་དངོས་པོའི་མཚན་ཉིད་ཡིན་ནོ། །འདིར་འདིས་རྗེས་སུ་འགྲོ་བ་དང་ལྡོག་པ་ཙམ་ཞིག་བརྗོད་པ་ནི་མ་ཡིན་ཏེ། འདི་ལྟར། བདུན་པ་དང་ནི་ལྔ་པ་ཡིས། །སྔ་མའི་དངོས་པོར་བསྟན་པ་ཡིན། །ཕྱི་མའི་དངོས་པོ་
དང་པོ་ཡིས། །དེ་ནས་ཀྱང་ནི་བསྟན་པ་ཡིན། །འདིར་དེ་རྗེས་སུ་འགྲོ་ལྡོག་གི་རྗེས་སུ་བྱེད་པ་ཙམ་ཞིག་བསྟན་པ་ནི་མ་ཡིན་ཏེ། སྔ་མ་དང་ཕྱི་མའི་དངོས་པོ་ཉིད་དུ་སྟོན་པར་གསལ་བའི་ཕྱིར་རོ་ཞེ་ན། དེ་ཡང་མི་བདེན་ཏེ། དེ་ཕྱིར་བདུན་པ་དང་དེ་ལས། །སྐྱེས་ཕྱིར་ཞེས་ཀྱང་
བརྗོད་པ་ཡིན། །བདུན་པའམ་ལྔ་པས་སྔ་མའི་དངོས་པོ་ཉེ་བར་བསྟན་པ་ནི་མ་ཡིན་ཏེ། རྒྱུ་མཚན་ཙམ་ཞིག་ཉེ་བར་བསྟན་པའི་ཕྱིར་ཏེ། འདི་འདིའི་རྒྱུ་མཚན་ཅན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་ཞིག་ཡོད་པས་གང་འབྱུང་བ་དེ་ཉིད་ཡོད་ན། དེའི་རྒྱུ་མཚན་ཅན་འགྱུར་བ་
ཉིད་དོ། །གལ་ཏེ་འབྱུང་བར་འགྱུར་བ་ཡིན་ན་ཞེས་ཅི་ལྟར་བསྙད་པར་བྱ་སྟེ། དེ་ནི་མེད་པའི་ཕྱིར་དེ་ལྟར་བསྟན་པར་མི་འཐད་པའི་ཕྱིར་རོ། །དེ་བཞིན་དུ་མ་སྐྱེས་པ་ལ་སྐྱེས་པ་ཡང་ངོ་ཞེ་ན། འོ་ན་དེ་ཡོད་ན་ཞེས་བསྟན་པར་བྱ་བ་འདས་པ་ཡང་ཇི་ལྟར་ཡོད་པ་ཡིན། ཞིག་པ་སྐྱེས་
པ་ཡང་ཅི་ལྟར་འགྱུར་བ་ཡིན་ནོ་ཞེ་ན། འདི་ཡང་འབྱུང་ངོ་། །སྔ་ན་མེད་པ་དང་ཞིག་ནས་མེད་པ་དག་ལས་ཁྱད་པར་ཅི་ཞིག་ཡོད། ཡང་ན་འདི་ཡོད་ན་འདི་འབྱུང་ངོ་ཞེས་བྱ་བ་གང་གིས་དངོས་པོས་དངོས་པོ་མཚོན་པ་ཞེས་བྱ་བ་འདིས་བདུན་པ་ཡིན་ནོ། །དེས་ན་ཡོད་པ་ཞེས་བྱ་
བ་འདིས་ནི་རྒྱུ་མཚན་གྱི་དངོས་པོ་ཙམ་ཞིག་མཚོན་པ་ཡིན་གྱི་དེའི་ཚེ་ཡོད་པ་ཉིད་ནི་མ་ཡིན་ནོ། །དེ་ཡོད་པས་ཡོད་པར་མཚོན་པ་ནི། འབྱུང་བ་ཡོད་པས་ཀྱང་། ཡོད་པ་མཚོན་པ་ཉིད་དེ། འཆི་ལྟས་ནི་འཆི་བས་བྱས་སོ་ཞེས་འཇིག་རྟེན་པའི་ཐ་སྙད་ཡིན་ནོ། །གལ་ཏེ་འཆི་བར་མི་འགྱུར་
Vol. 178 · folio 60b
ན་འདི་ལྟ་བུའི་འཆི་ལྟས་སུ་མི་འགྱུར་རོ་ཞེས་སོ། །སྐྱེས་པའི་ཕྱིར་ཞེས་བྱ་བས་ཀྱང་དུས་ཀྱི་རྣམ་པར་དབྱེ་བར་ནི་མི་འགྱུར་རོ། །རྣམ་པར་དབྱེ་བས་ནི་དུས་ཀྱི་ཁྱད་པར་བརྗོད་པ་མ་ཡིན་ཏེ། བྱེད་པ་པོ་ཙམ་ཞིག་སྟོན་པར་ནུས་པའི་ཕྱིར་རོ། །བྱེད་པ་པོ་ཉིད་མེད་པ་ལ་ཅི་ལྟར་ཞེ་ན། ཅི་
ལྟར་མྱུ་གུ་སྐྱེའོ། །བུམ་པར་བྱའོ་ཞེས་བྱེད་པ་དང་ལས་ཀྱི་དངོས་པོར་འགྱུར། བློ་ལ་གནས་པས་བྱེད་པ་པོ་ཉིད་དོ་ཞེ་ན། འདིར་ནི་དེ་བྱ་རོག་གིས་མ་ཟོས་སོ། །འོན་ཏེ་གང་ཞིག་གང་དམིགས་པ་སྔོན་དུ་འགྲོ་བ་ཅན་དུ་དམིགས་པ་དེ་རྒྱུ་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། གང་གི་དང་པོར་
དམིགས་འགྱུར་བ། །གལ་ཏེ་དེ་དེའི་རྒྱུ་ཡིན་ན། །གཏིང་དུ་ཆུད་པའི་ས་བོན་ནི། །མྱུ་གུ་སོགས་ཀྱི་རྒྱུར་མི་འགྱུར། །འོན་ཏེ་དེའི་རིགས་ཅན་དང་པོར་མཐོང་བའི་ཕྱིར་དེ་ལྟར་བརྗོད་ན། མ་དམིགས་པ་ཇི་ལྟར་རྒྱུར་འགྱུར་བ་གཞན་དམིགས་པས་གཞན་དམིགས་པར་བྱ་བ་ཉིད་དུ་འགྱུར་
བ་ནི་མ་ཡིན་ཏེ། ཉེ་བར་བརྟགས་པ་ཙམ་དུ་ནི་འགྱུར་རོ། །དེས་ན་དམིགས་པ་ནི་ཡོད་པ་མཚོན་པ་ཡིན་ནོ། །དེ་ལྟ་ན་ཡང་དོན་དེ་ཉིད་དོ། །འདི་ཡོད་ན་ཞེས་བྱ་བ་ནི་རྒྱུ་མཚན་གྱི་དངོས་པོ་ཡོད་པ་ཉིད་ལ་དེ་ཡང་མི་འཁྲུལ་བའི་ཡུལ་ཅན་ཉིད་དོ། །གང་གི་སྔར་དམིགས་པ་ཞེས་བྱ་བ་ཡིན་ན་
ནི་སྔར་ཡོད་པ་ཐམས་ཅད་རྒྱུ་ཉིད་དུ་ཐལ་བར་འགྱུར་རོ། །མི་འཁྲུལ་བ་ཡུལ་ཅན་ཡིན་ན། དེ་ཉིད་རྒྱུ་ཡིན་ནོ། །འོན་ཏེ་མི་འཁྲུལ་བའི་ཡུལ་ཅན་དུ་འགྱུར་བ་ན་སྔར་ཡོད་པའོ་ཞེ་ན། དེ་ཡང་གྱི་ན་སྟེ། དེ་ཡོད་ཡོད་པ་ཉིད་ཙམ་གྱིས། །གལ་ཏེ་རྒྱུ་འབྲས་ཉིད་ཡིན་ན། །ཅི་འགལ་དེ་ཚེ་སྔ་མ་དང་། །ཕྱི་མའི་
དངོས་པོ་དོན་ཅི་ཡོད། །སྔ་མ་དང་ཕྱི་མའི་དངོས་པོ་གང་དུ་ཉེ་བར་མཁོ་སྟེ། ཉེ་བར་མཁོ་བ་མེད་པ་ལ་ནི་ལྟོས་པ་མ་ཡིན་ནོ། །འོན་ཏེ། དང་པོ་ཉིད་ནི་འགྱུར་འདོད་ན། །དེ་དོན་གཉེར་རྣམས་ལེན་པ་ཡིན། །ཕྱི་མ་ཉིད་ནི་རྗེས་དཔོག་གང་། །དེ་ནི་ནུས་པ་ལས་འགྱུར་རོ། །རྒྱུ་སྔ་མ་ནི་འབྲས་བུ་དོན་དུ་གཉེར་བས་བླང་བར་
ནུས་པ་ཡིན་ཏེ། དེས་རྒྱུ་ནི་སྔ་མའི་དངོས་པོར་འདོད་པ་ཡིན་ནོ། །དཔེར་ན་འབྱུང་བར་འགྱུར་བའི་འཇིག་རྟེན་ཕ་རོལ་བསྒྲུབ་པའི་ཕྱིར་དེའི་སྔར་ཡོད་པ་ད་ལྟར་བ་འཇིག་རྟེན་འདི་ལེན་པ་ཡིན་ནོ་ཞེ་ན། དེ་ཡང་མི་འཐད་དེ། དེ་ལ་རྒྱུ་ཉིད་ཀྱང་ཡོད་པ་ཡིན་ཏེ། སྔར་ཡོད་པ་ཉིད་ལ་རྒྱུ་ཉིད་མེད་པ་
Vol. 178 · folio 61a
ནི་མ་ཡིན་ནོ། །འོན་ཀྱང་དེ་འབྱུང་བར་འགྱུར་བ་མི་འཁྲུལ་པ་ལ་ལྟོས་ནས་འབྲས་བུ་ཉིད་ཀྱང་ཡིན་ནོ་ཞེས་བརྗོད་དོ། །རྒྱུ་ཉིད་ཡིན་ན་ལེན་པ་གང་ཡིན་པ་དེ་ནི་འབྲས་བུ་ཉིད་ལ་ཡང་འགྱུར་བ་ཡིན་ཏེ། ལེན་པ་ལ་ཁྱད་པར་ཅི་ཡོད། མི་འཁྲུལ་བ་ཙམ་གྱིས་བླང་བར་བྱ་བ་
ཡིན་པས། འདི་ཙམ་གྱིས་མ་ཆོག་པ་ཅི་ཡོད། གང་ཡང་རྒྱུ་ནུས་པ་ཉིད་ལས་རྗེས་སུ་དཔོག་སྟེ། དེ་ལ་འབྲས་བུ་ཉིད་ཀྱིས་ཅི་ཞིག་བྱ་ཞེས་བརྗོད་པ་དེ་ཡང་མ་ཡིན་ཏེ། སུ་ཞིག་ལག་ཏུ་ཐོབ་པའི་རྫས། །རྐང་གིས་བགྲོད་པར་བྱེད་པའམ། །སེན་མོ་ཡིས་ནི་གཅད་བྱ་བ། །སྟ་
རེས་གཅད་པར་སུ་ཞིག་བཟོད། །ལག་ཏུ་ཐོབ་པ་རྐང་གིས་བགྲོད་པར་བྱེད་པའམ་སེན་མོས་གཅོད་པ་སྟ་རེས་གཅོད་པ་ལ་སུ་ཞིག་སྡོད། གཙོ་བོའི་འབྲས་བུ་ཉིད་ཀྱིས་ནི། །དྲང་པོའི་ཚུལ་དུ་གོ་བྱེད་ན། །འབད་པས་བསྒྲུབ་བྱ་རྒྱུ་ཉིད་ཀྱིས། །གོ་བར་བྱེད་པ་དོན་མེད་ཡིན། །དེའི་ཕྱིར་མི་འཁྲུལ་
པས་ན་མ་འོངས་པ་ཡང་རྒྱུ་ཡིན་ནོ་ཞེས་བྱ་བ་འདི་ནི་འཐད་པ་ཡིན་ནོ། །ལུས་ལས་ནི་དོན་གྱི་སྒོ་ནས་འགྱུར་བ་ཡིན་གྱི། མིག་ལ་སོགས་པ་ལྟར་རྟེན་གྱི་སྒོ་ནས་ནི་མ་ཡིན་ནོ་ཞེས་རེ་ཞིག་བཤད་པ་ཡིན་ནོ། །ད་ནི་ཁས་བླངས་ནས་བརྗོད་དེ། བུམ་སོགས་ལ་ནི་མེ་སོགས་བཞིན། །གང་
ཞིག་ཚེ་ན་སེམས་རྒྱུན་གྱི། །ཕན་འདོགས་བྱེད་པའང་ཡིན་བླ་སྟེ། །དེ་ཙམ་གྱིས་ནི་ལྡོག་པ་མིན། །རེས་འགའ་རྟེན་ཉིད་ཀྱིས་ལུས་ཕན་འདོགས་པར་བྱེད་པ་ཡིན་ཡང་དེ་ཙམ་གྱིས་ནི་ལུས་ལོག་ན་སེམས་ཀྱི་རྒྱུན་ལོག་པ་མ་ཡིན་ཏེ། ཕན་འདོགས་པར་བྱེད་པ་ཞེས་བྱ་བ་ཙམ་གྱིས་ནི། ཕན་
གདགས་པར་བྱ་བའི་ཟློག་པར་བྱེད་པ་མ་ཡིན་ཏེ། མེ་ལ་སོགས་པས་ཕན་པའི་བུམ་པ་ལ་སོགས་པ་ནི་མེ་ལ་སོགས་པ་ལོག་ན་ངེས་པར་ལོག་པ་མ་ཡིན་པའམ། གསེར་ལ་སོགས་པའི་ཞུ་བ་ལ་སོགས་པའི་མཚན་ཉིད་ཀྱི་ཁྱད་པར་མེ་ལས་འགྱུར་བ་ཡིན་ན་ཡང་དེ་ལོག་ན་ལྡོག་པ་ནི་མ་
ཡིན་ནོ། །གལ་ཏེ་ཞུ་བ་ལ་སོགས་པའི་མཚན་ཉིད་ཀྱི་ཁྱད་པར་དེ་ཉིད་ལྡོག་ཀྱང་གསེར་ཉིད་དེའི་རང་བཞིན་ཉིད་དོ། །གང་ཞིག་སེམས་ཀྱི་རྒྱུ་ཡིན་པ་དེའི་ལྟར་ན་ལུས་དེའི་གནས་སྐབས་སུ་ཡོད་པ་ཡིན་ཡང་དེ་མ་ཚང་བ་ལས་ལྡོག་པ་ནི། ལུས་འབའ་ཞིག་རྒྱུ་ཡིན་པ་ལ་འགལ་
Vol. 178 · folio 61b
པར་བརྗོད་དོ། །གཞན་ཡང་བརྗོད་པ་ནི། ལུས་ནི་གནས་པ་ཡིན་ན་སེམས། །ལྡོག་པ་མེད་པར་ཐལ་བར་འགྱུར། །དེ་ཡོད་ཡོད་དང་དབང་འགྱུར་ཕྱིར། །དེ་ལས་འབྱུང་རྔུབ་དེ་མ་ཡིན། །ཐལ་བར་འགྱུར་བ་ལ་སོགས་པ་ལུས་མེད་པའི་གནས་སྐབས་སུ་ནི་རྒྱུ་མེད་པའི་ཕྱིར་
ལྡོག་ཏུ་ཆུག་ན་ལུས་དེ་ལྟ་བུ་ཉིད་དུ་གནས་པའམ། གཞན་དུ་འགྱུར་བ་ནི་ལྡོག་པ་མི་འཐད་དེ། གནས་སྐབས་མཐའ་དག་གི་རྗེས་སུ་འགྲོ་བའི་ཕྱིར་རོ། །འོན་ཏེ་དེ་ནི་འབྱུང་བ་རྔུབ་པ་དག་གི་ཡང་འབྲས་བུ་ཡིན་ཏེ། དེས་ན་དེ་མ་ཚང་བའི་ཕྱིར་ལྡོག་པ་ཡིན་ནོ་ཞེ་ན། དེ་ཡང་
མི་འཐད་དེ། འབྱུང་བ་དང་རྔུབ་པ་དག་ནི་སེམས་ཉིད་ལས་ཡིན་གྱི། དེ་ལས་ནི་སེམས་པ་ཡིན་པའི་ཕྱིར་ལན་མ་ཡིན་ནོ། །དེ་ག་ལས་ཤེ་ན། དེ་ཡོད་ཡོད་ཕྱིར་ཏེ། སེམས་ཡོད་ན་ཡོད་པའི་ཕྱིར་རོ། །སེམས་ཡོད་ན་དེ་དག་ཡོད་པའི་ཕྱིར་ཏེ། བཟློག་པ་ནི་མ་ཡིན་ནོ། །
དབང་དུ་འགྱུར་བའི་ཡང་ཕྱིར་ཏེ། འབྱུང་རྔུབ་དག་ལས་ནི་དེ་མ་ཡིན་ནོ། །གལ་ཏེ་འབྱུང་བ་དང་རྔུབ་པ་དག་སེམས་ཀྱི་རྒྱུ་ཡིན་ན། དེའི་ཚེ་དེ་དག་དབང་ཉིད་དུ་མི་འགྱུར་རོ། །དེ་དག་ནི་སེམས་ཀྱི་དབང་དུ་འགྱུར་བར་དམིགས་པ་ཡང་ཡིན་ནོ། །གལ་ཏེ་གཞན་ལས་སྐྱེས་
པ་ཡིན་ན་དེའི་ཚེ་དེ་དག་དེ་ཉིད་ལས་སྐྱེས་པས་སེམས་ཅུང་ཟད་ཀྱང་མི་བྱེད་པ་ཉིད་དུ་འགྱུར་རོ། །གཞན་ལ་རག་ལས་པ་ནི་གཞན་གྱིས་དབང་བསྒྱུར་བའི་ནུས་པ་མ་ཡིན་ཏེ། སེམས་ནི་རང་གི་རྒྱུ་ལ་རག་ལས་པ་དེ་དག་གི་ཡོངས་སུ་གཅོད་པར་བྱེད་པ་ཙམ་འབའ་ཞིག་ཏུ་འགྱུར་རོ། །
འོན་ཏེ་དེ་དག་གི་རྒྱུ་སེམས་ལྷན་ཅིག་བྱེད་པ་ཅན་དེ་དག་སྐྱེད་པར་བྱེད་པ་ཡིན་ནོ་ཞེ་ན། འོ་ན་སེམས་ཀྱང་དེ་དག་གི་རྒྱུ་ཡིན་པའི་ཕྱིར་དེ་དག་ལས་སྐྱེས་པ་མ་ཡིན་ནོ། །འོན་ཏེ་རྩ་བ་གཞན་ལས་སྐྱེས་ཀྱང་སེམས་ཀྱི་ངེས་པར་བྱེད་པ་ཡིན་ཏེ། དཔེར་ན་རྗེ་བོས་བྲན་བཞིན་ནོ་ཞེ་ན། དེ་
ནི་མ་ཡིན་ཏེ། བྲན་ནི་གཞན་ལས་སྐྱེ་ཉིད་དུ། །མཐོང་བ་ཡིན་གྱི་དེ་དག་མིན། །སེམས་མེད་པར་ནི་གཞན་དག་ལས། །དེ་དག་སྐྱེ་བ་ཡོད་མ་ཡིན། །བྲན་བཞིན་དུ་འབྱུང་རྔུབ་དག་ནི་སེམས་མེད་པར་མ་མཐོང་སྟེ། དེས་ན་དེ་དག་རྒྱུ་གཞན་ལས་མ་ཡིན་པར་སེམས་ཉིད་རྒྱུ་
Vol. 178 · folio 62a
ཡིན་ནོ། །དེའི་ཕྱིར་དེ་དག་ལས་དེ་མ་ཡིན་ནོ། །འོན་ཏེ་གཉིད་ལོག་པ་ལ་སོགས་པའི་གནས་སྐབས་སུ་འབྱུང་བ་དང་རྔུབ་པ་ཡོད་པས་དེའི་རྒྱུ་སེམས་མ་ཡིན་ཏེ། དེའི་རྒྱུ་ཅན་ནི་དེ་མེད་པར་འབྱུང་བ་མ་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། ལུས་ཀྱི་སྤྱོད་
པ་ཇི་སྙེད་པ། །དེ་ཀུན་སེམས་ཀྱི་འདུས་བྱས་ཡིན། །གཉིད་ལོག་དབུགས་འབྱུང་རིང་ཐུང་སོགས། །དེ་ནི་སྔར་གྱི་སེམས་ལས་ཡིན། །དབུགས་རིང་དུ་འབྱུང་བ་ལ་སོགས་པའི་རྣམ་པར་འགྱུར་བ་མཐའ་དག་ནི་སྔོན་གྱི་སེམས་ཀྱི་འདུ་བྱེད་རྗེས་སུ་འགྲོ་བ་ཅན་ཡིན་ནོ། །འདི་ལྟར་
དབུགས་བྱུང་དལ་གོམས་པས། །རྨི་ལམ་དུ་ཡང་དལ་བ་ཉིད། །དབུགས་འདྲེན་གཞན་དུ་གྱུར་པ་ལས། །གཞན་ཉིད་དུ་ནི་འགྱུར་བ་ཡིན། །རྒྱུ་གཞན་མ་ཡིན་པ་ཉིད་སྟོན་པར་བྱེད་པ་ནི། རླུང་འབྱིན་པ་དང་འདྲེན་པ་ནི། །འབད་རྩོལ་མེད་པར་གང་ལས་ཡིན། །དེ་དག་ཕུལ་
བྱུང་འགྲིབ་པ་ལས། །ཕུལ་བྱུང་འགྲིབ་པ་ཐོབ་པར་འགྱུར། །གལ་ཏེ་སེམས་འབྱུང་བ་དང་རྔུབ་པའི་འབྲས་བུ་ཡིན་ན་དེའི་ཚེ་རླུང་འབྱིན་པ་དང་འདྲེན་པའི་རྩོལ་བ་མེད་པར་ཡང་འགྱུར་རོ། །དེ་ལྟ་ན་ཡང་མ་ཡིན་ནོ། །དེ་དག་ནི་འབྱིན་པ་དང་འདྲེན་པའི་རང་བཞིན་ཡིན་པའི་ཕྱིར་རོ། །འོན་
ཏེ་དེ་དག་གི་འབྱིན་པ་དང་འདྲེན་པ་ཉིད་སེམས་ལ་རག་ལས་པ་ཡིན་གྱི། རང་གི་ངོ་བོ་ནི་མ་ཡིན་ནོ། །རང་གི་ངོ་བོ་ནི་རྒྱུ་གཞན་ལས་ཡིན་ནོ། །དེའི་ཕྱིར་དེ་ལས་སེམས་ཡིན་ཞིང་དེ་ལས་འབྱིན་པ་དང་འདྲེན་པ་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། གལ་ཏེ་ཤི་ལའང་རླུང་དེ་ནི། །ཡོད་ན་
སེམས་པ་ཇི་ལྟར་ལྡོག །གལ་ཏེ་དེ་ནི་དེ་ཡི་རྒྱུ། །མིན་ན་ལུས་རྒྱུ་ཡིན་པར་འགྱུར། །གལ་ཏེ་གནས་པའི་རླུང་སེམས་པའི་རྒྱུ་མ་ཡིན་ན་སེམས་ལྡོག་པ་ཉིད་དུ་འགྱུར་རོ། །འོན་ཏེ་རྒྱུ་ཡིན་ན་དེ་ལྟ་ན་ཡང་ཤི་བ་ལ་ཡང་གནས་པའི་རླུང་ཡོད་པའི་ཕྱིར་དང་། འབྱུང་བ་དང་རྔུབ་པ་དང་
ཡང་འབྲས་བུའི་རང་བཞིན་ཡིན་པའི་ཕྱིར་དེ་མེད་པས་སེམས་ལྡོག་པ་མ་ཡིན་པའི་ཕྱིར་ན་ལྡོག་པ་མེད་པར་ཐལ་ལོ། །འབྱུང་བ་དང་རྔུབ་པ་འཕེལ་བ་དང་འགྲིབ་པ་དག་གིས་སེམས་འཕེལ་བ་དང་འགྲིབ་པ་ཡང་འཐོབ་པར་འགྱུར་ཏེ། དེ་དེའི་འབྲས་བུ་ཡིན་པའི་ཕྱིར་རོ། །གདོན་མི་ཟ་བར་རྒྱུ་འཕེལ་བ་
Vol. 178 · folio 62b
དང་འགྲིབ་པ་ན་འབྲས་བུ་འཕེལ་བ་དང་འགྲིབ་པར་འགྱུར་བ་ཡིན་ཏེ། གཞན་དུ་ན་དེ་རྒྱུ་ཞེས་བྱ་བར་མི་འགྱུར་རོ། །དེ་དག་ལ་ཡང་ཐལ་བར་མཚུངས། །སེམས་རྒྱུ་ཡིན་ན་མཚུངས་མ་ཡིན། །གནས་པའི་འཕེན་བྱེད་གཞན་དག་ཀྱང་། །གང་ཕྱིར་རྒྱུ་ནི་ཡིན་པར་འདོད། །འབྱུང་བ་དང་རྔུབ་པ་དག་
སེམས་ཀྱི་རྒྱུ་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང་ལུས་ནི་གནས་པ་ཉིད་ན་སེམས་ལྡོག་པ་མེད་པར་ཐལ་བར་འགྱུར་ཏེ། འབྱུང་བ་དང་རྔུབ་པ་དེ་དག་ཀྱང་མི་ལྡོག་པའི་ཕྱིར་རོ། །དེ་དག་ཀྱང་ལུས་ཀྱི་འབྲས་བུ་ཡིན་པའི་ཕྱིར་མི་ལྡོག་པ་ཉིད་དོ། །དེ་མི་ལྡོག་ན་སེམས་ཀྱང་མི་ལྡོག་པར་འགྱུར་རོ། །
འདི་སྙམ་དུ་སེམས་སེམས་ཀྱི་རྒྱུ་ཡིན་པ་ལ་ཡང་ཐལ་བ་འདི་ཉིད་དོ། །སེམས་ནི་གནས་པ་ཉིད་ན་སེམས། །ལྡོག་པ་མེད་པར་ཐལ་བར་འགྱུར། །དེ་ཡི་སྔ་མ་འདོད་ན་ནི། །སྔ་མའི་སེམས་ནི་ལྡོག་མ་ཡིན། །འདིར་བཤད་པ། སེམས་རྒྱུ་ཡིན་ན་མཚུངས་མ་ཡིན། །གནས་པའི་
འཕེན་བྱེད་གཞན་དག་ཀྱང་། །གང་ཕྱིར་རྒྱུ་ནི་ཡིན་པར་འདོད། །ལུས་དེ་ལ་སྲེད་པ་དང་བཅས་པ་ལས་ཀྱི་མིང་ཅན་གྱི་རྒྱུ་གཞན་དག་ཀྱང་འདོད་པ་ཡིན་ནོ། །སྔ་མའི་སེམས་ཀྱི་རྒྱུན་ཡོད་པ་ཙམ་ལས། སེམས་སྐྱེ་བ་མ་ཡིན་ཏེ། མ་རིག་པ་ལ་སོགས་པའི་རང་བཞིན་དུ་བྱེད་ཀྱི་བག་
ཆགས་ཀྱི་མིང་ཅན་གཞན་ཡང་རྒྱུ་ཡིན་པའི་ཕྱིར་རོ། །དེ་སེམས་སྔ་མས་སད་པར་བྱས་པ་ན་དེའམ་གཞན་དུ་སེམས་སྐྱེད་པར་བྱེད་དེ། བག་ཆགས་ཀྱི་ཁྱད་པར་དང་སད་པར་བྱེད་པ་ན་སྣ་ཚོགས་པ་ཡིན་པའི་ཕྱིར་རོ། །དཔེར་ན་གཉིད་དང་འབྲེལ་པ་ཙམ་གྱིས་ནི་རྨི་ལམ་སྣ་ཚོགས་མཐོང་
བ་མ་ཡིན་པ་བཞིན་ནོ། །གཉིད་དང་འབྲེལ་བར་མཚུངས་ཀྱང་རེས་འགའ་ཉིད་རྨི་ལམ་འགའ་ཞིག་མཐོང་བ་ཡིན་ཏེ། བག་ཆགས་སད་པའི་རྐྱེན་སྣ་ཚོགས་པའི་ཕྱིར་རོ། །བག་ཆགས་སད་པ་སྣ་ཚོགས་པའི་ཕྱིར་ལྡོག་པ་ཡིན་གྱི། ལུས་ཙམ་རྒྱུ་ཡིན་ཡང་དེ་ལྟ་བུ་ཉིད་དུ་
མཐོང་བའི་ཕྱིར་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཤེ་ན། དེ་ལྟ་མིན་ན་མི་འཐད་ཕྱིར། །སེམས་ཀྱི་བག་ཆགས་མཐོང་བས་ན། །ཐམས་ཅད་རྨི་ལམ་ཤེས་པ་བཞིན། །བག་ཆགས་སད་པའི་རྒྱུ་ཅན་ཡིན། །གལ་ཏེ་ལུས་དང་གཉིད་ཙམ་རྒྱུ་ཡིན་ན། ཐམས་ཅད་ཐམས་ཅད་
Vol. 178 · folio 63a
ཀྱི་ཚེ་རྨི་ལམ་མཚུངས་པར་མཐོང་བར་ཐལ་ལོ། །འགའ་ཞིག་གིས་ཅུང་ཞིག་དམིགས་པ་ཡང་ཡིན་ཏེ། དེའི་ཕྱིར་དེ་ནི་བག་ཆགས་དང་འབྲེལ་བར་བྱས་སོ་ཞེས་བྱ་བར་རིགས་ཏེ། དེ་ལ་བག་ཆགས་རྣམས་ནི་རྣམ་པ་སྣ་ཚོགས་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་
སེམས་ཐམས་ཅད་དུ་ལུས་དེའམ་གཞན་དུ་བག་ཆགས་སད་པར་བྱས་ཏེ། བྱེད་པ་དང་ལྡན་པར་གནས་པ་ཡིན་གྱི་གཞན་དུ་ནི་བསམ་པར་བྱ་བ་མ་ཡིན་ནོ། །གལ་ཏེ་བག་ཆགས་ཀྱི་སྟོབས་ལས་སྐྱེ་བར་འགྱུར་བ་ནི་མི་བདེན་པ་ཉིད་ཡིན་ཏེ། རྨི་ལམ་བཞིན་ནོ་ཞེ་ན། དེ་ཡང་
མི་བདེན་ཏེ། ཆགས་སྤྱོད་ལ་སོགས་སྤྲོས་པ་ནི། །བག་ཆགས་སྟོབས་ལས་བྱུང་གྱུར་ཀྱང་། །རང་དོན་བསྒྲུབ་ཕྱིར་མི་བདེན་ཡིན། །ཡོད་ཉིད་དོན་བྱེད་པས་བྱས་ཡིན། །བག་ཆགས་ཀྱི་སྟོབས་ལ་བརྟེན་པ། འདོད་པ་སྤྱོད་པ་ལ་སོགས་པའི་ཐ་སྙད་མངོན་པར་འདོད་
པའི་དོན་བྱ་བ་བྱེད་པ་ནུས་པ་འཇུག་པ་དག་ཅི་མི་བདེན་པའི་བྱ་བས་བདག་ཉིད་འདོར་རམ། ཅི་སྟེ་འདོད་པ་སྤྱོད་པ་ལ་སོགས་པ་ཐ་སྙད་དག་བག་ཆགས་ཀྱི་རྗེས་སུ་འགྲོ་བ་ཅན་ཡིན་ཡང་དེ་བདེན་པའི་བུད་མེད་ལ་སོགས་པ་དང་འབྲེལ་པས་མི་བདེན་པ་ཉིད་མ་ཡིན་ནོ། །སྐྱེ་བ་ལ་སོགས་པའི་
ཐ་སྙད་ཀྱང་དེ་ལྟར་ཡིན་པའི་ཕྱིར་མཚུངས་སོ། །དེ་དག་ཀྱང་དེར་བདེན་པའི་ལུས་གཞན་ལེན་པ་དང་། འདོར་བའི་ཕྱིར་མི་བདེན་པ་མ་ཡིན་ནོ། །དེ་བཞིན་དུ་ཁུ་ཁྲག་གིས་བསྐྱེད་པའི་ལུས་གཞན་བླངས་ནས་སྐྱེ་བ་འཇུག་པ་ཡིན་ནོ། །བག་ཆགས་ཀྱི་སྟོབས་ལས་བྱུང་བ་ཡིན་ཡང་དམིགས་
པ་མེད་པར་ལུས་གཞན་དུ་འཕོ་བ་ཅི་ལྟར་ཡིན་ཞེ་ན། རྒན་པོ་ལ་སོགས་པའི་ལུས་ཀྱི་གནས་སྐབས་སུ་འཕོ་བ་བཞིན་ནོ། །གལ་ཏེ། ཉེར་ལེན་གཅིག་གི་དངོས་པོ་ཡིས། །དེ་གཅིག་ཏུ་ནི་གནས་པའི་ཕྱིར། །དེ་འདྲ་བ་ནི་གཞན་ཉིད་དུ། །འཕོ་བར་འགྱུར་བ་མ་ཡིན་ནོ། །
ཁུ་ཁྲག་གཅིག་གི་ཉེ་བར་ལེན་པ་ཅན་དེ་ནི་ལུས་གཅིག་ཉིད་ཡིན་པའི་ཕྱིར་ལུས་གཞན་དུ་འཕོ་བ་མ་ཡིན་ནོ། །ཁུ་ཁྲག་གཞན་གྱིས་བསྐྱེད་པ་ཕྱུགས་ལ་སོགས་པའི་ལུས་ནི་ལུས་གཞན་ཡིན་ནོ། །དེ་ལྟ་བུར་གྱུར་པ་དག་ནི་འཕོ་བ་མ་མཐོང་ན་དེ་ཅི་ལྟར་བརྟག་པར་བྱ་ཞེ་ན། དེ་ལྟ་
Vol. 178 · folio 63b
ན་ཡང་ལུས་གཞན་ཉིད། །ལྡོག་པར་འགྱུར་བ་མ་ཡིན་ཏེ། །མཚན་ཉིད་མི་མཐུན་པ་ཉིད་ནི། །དེ་ཉིད་ཟློག་བྱེད་ཡིན་པར་འདོད། །གཞོན་ནུ་ལ་སོགས་པའི་ལུས་ནི་བྱིས་པ་ལ་སོགས་པ་དང་མཚན་ཉིད་མི་མཐུན་པ་ཡིན་པས་དེ་ནི་གཅིག་ཅེས་བརྗོད་པར་ནུས་པ་མ་ཡིན་ནོ། །དེར་
ནི་འཕོ་བ་མཐོང་བ་ཡིན། །དེ་དང་ལྷན་ཅིག་སྤྱོད་པར་སྐྱེས་པ་ཉིད་དེར་འཕོས་པ་ཡིན་ནོ། །བག་ཆགས་ཀྱི་སྟོབས་ཀྱིས་དེ་ལྟར་སྐྱེ་བ་ཞེས་བྱ་བ་ལ་ཡང་འགལ་བ་མེད་དོ། །འོན་ཏེ་རིགས་མི་འདྲ་བའི་ལུས་གཞན་དུ་འཕོ་བ་ནི་མ་མཐོང་ངོ་ཞེ་ན། རྨི་ལམ་གྱི་ལུས་སུ་འཕོ་བ་མཐོང་བའི་ཕྱིར་དེ་ཡང་མ་ངེས་པ་
ཡིན་ནོ། །དེ་ནི་མེད་པས་དེར་འཕོ་བ་ནི་མེད་པ་ཉིད་དོ་ཞེ་ན་མ་ཡིན་ཏེ། མཐོང་བ་ནི་མེད་པར་མི་རིགས་པའི་ཕྱིར་རོ། །ཇི་ལྟར་དེ་མི་བདེན་པ་བཞིན་དུ་དེར་འཕོ་བ་ཡང་མི་བདེན་པ་ཡིན་ནོ་ཞེ་ན། མི་བདེན་པ་ཞེས་བྱ་བ་འདི་ཅི་ཞིག་སད་པའི་ཤེས་པས་གནོད་པའོ་ཞེ་ན། གང་གི་ཚེ་རྟོགས་པ་དེ་ཡོད་
པའི་ཚེ་ནི་གནོད་པ་མ་ཡིན་ནོ། །གཞན་གྱི་ཚེ་གནོད་དོ་ཞེས་ནི་མི་འཐད་དོ། །དེ་ཉིད་ཀྱི་ཚེ་སད་པས་མི་དམིགས་སོ་ཞེ་ན། དེས་ཀྱང་སད་པའི་ཤེས་པས་དམིགས་པ་མ་དམིགས་པའི་ཕྱིར་གནོད་བྱ་གནོད་བྱེད་ཀྱི་དངོས་པོ་མཚུངས་སོ། །ཇི་སྟེ་སད་ན་མ་དམིགས་སོ་ཞེ་ན། སད་
པ་དང་མ་སད་པ་དག་ཇི་ལྟར་རྣམ་པར་དབྱེ། ང་སད་དོ་སྙམ་དུ་རྟོག་པ་སྐྱེ་བའི་ཕྱིར་རོ་ཞེ་ན། ང་སད་དོ་སྙམ་དུ་རྟོག་པ་ནི་རྨི་ལམ་དུ་ཡང་སྐྱེ་བས་ཇི་ལྟར་དེ་ལས་རྣམ་པར་དབྱེ། དེའི་ཕྱིར་དམིགས་པར་མཚུངས་པ་ལ་མེད་པར་རམ་མི་བདེན་པར་རིགས་པ་མ་ཡིན་ནོ། །འོན་ཏེ་བག་ཆགས་
སྟོབས་ཆུང་བའི་ཕྱིར་རིང་དུ་མི་གནས་པ་དང་། ཐུན་མོང་མ་ཡིན་པར་དམིགས་པ་ཉམ་ཆུང་བའི་མཚན་ཉིད་ནི་མི་བདེན་པ་ཡིན་ནོ་ཞེ་ན། འོ་ན་གང་ལ་བག་ཆགས་བརྟན་པར་ཡོད་པ་ཐུན་མོང་དུ་དམིགས་པ་དེར་བཟློག་པའི་ཕྱིར་འཕོ་བ་བདེན་པ་ཉིད་དོ། །འདི་ལྟར་བག་ཆགས་བརྟེན་པ་
ལས། །བདེན་པའི་སྐྱེ་བ་གཞན་ཡོད་མིན། །བག་ཆགས་བརྟེན་པ་ཙམ་གྱིས་ནི། །སད་པའི་རིག་པ་བདེན་པ་ཡིན། །གང་ལ་བག་ཆགས་བརྟན་པ་ཡོད་པ་དེ་ནི་སད་པའི་ཤེས་པ་ཉིད་དང་། བདེ་བ་དང་ཐུན་མོང་དུ་དམིགས་པ་ཡིན་ལ། དེ་ནི་དེའི་རང་གི་ངོ་བོར་ཡོད་པ་ཉིད་ཀྱང་
Vol. 178 · folio 64a
ཡིན་ཏེ། དེས་ན་འཕོ་བ་གྲུབ་བོ། །བརྟེན་པ་མེད་པ་ནི་མོད་ལ་འཇིག་པ་ཉིད་དོ། །གང་དུ་ལྷས་བསྟན་པས་རྨི་ལམ་མཐོང་བ་གཉི་ག་ལ་སྣང་བ་དེར་ཅི་ལྟར་མི་བདེན་པ་ཡིན། འོན་ཏེ་དེ་ནི་བདེན་པ་ཉིད་དོ་ཞེ་ན། དེ་ལྟ་ཡིན་ན་རྨི་ལམ་གྱི་དོན་ཐམས་ཅད་མི་
བདེན་པ་ཉིད་མ་ཡིན་ནོ། །དེ་ལྟ་ཡིན་ན། འཕོ་བ་རབ་ཏུ་གྲུབ་པས་ནི། །ཁྱད་པར་ཡོངས་སུ་རྟོག་པའི་ཕྱིར། །དེ་ལྟ་འདི་ནི་རྣམ་རྟོག་དང་། །མཚུངས་པའི་ལྟག་ཆོད་ཡིན་པར་གསལ། །ཡང་ན་སྐྱེ་བ་དང་པོར་སེམས་ཀྱི་འདུ་བྱེད་ཀྱི་འབྲས་བུ་གསལ་བ་དམིགས་པའི་ཕྱིར་ཤི་མ་
ཐག་པའི་འཕོས་པ་ཡིན་ནོ་ཞེས་རྟོགས་སོ། །ལུས་ལ་ཀུན་འཛིན་རང་བཞིན་སེམས། །ལུས་ཅན་རྣམས་ཀྱི་དབང་པོ་ཡི། །སྐྱེ་བར་གང་ཚེ་འབྱུང་མཐོང་ན། །ལུས་གཞན་ཇི་ལྟར་རྟོགས་མ་ཡིན། །རེ་ཞིག་དང་པོའི་སྐྱེ་བའམ་གཞན་གྱི་ཚེ། སྐྱེ་བོ་ཐམས་ཅད་ཀྱི་སེམས་ཀྱི་རང་གི་
ངོ་བོ་ལུས་ལ་ཀུན་དུ་འཛིན་པ་ལ་སོགས་པའི་རང་བཞིན་ཅན་ཁྱད་པར་ཅན་གྱི་རིམ་པ་དང་ལྡན་པས་སྔོན་གྱི་གོམས་པའི་ཁྱད་པར་གྱི་རིམ་པའི་འབྲས་བུ་ཉིད་དུ་དམིགས་པ་འདི་ནི། ལུས་ལ་ཀུན་དུ་འཛིན་པ་གོམས་པ་སྔ་མའི་མངོན་པར་འདུས་བྱས་པ། མེད་ན་མེད་པའི་ཕྱིར། དེའི་
ཤུགས་ཀྱིས་ལུས་གཞན་ནས་ལུས་འདི་ལ་འཕོས་པ་ཡིན་ནོ་ཞེས་རྟོགས་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་ནི་རྗེས་སུ་དཔག་པ་མི་འཇུག་གོ། །འོན་ཏེ་འཕོ་བ་ལ་མངོན་སུམ་མེད་པས། དེ་ཇི་ལྟར་རྗེས་སུ་དཔག་པས་རྟོགས་ཤེ་ན། སྐྱོན་འདི་ཡང་མེད་དེ། འདི་ལྟར། རྗེས་དཔག་བྱ་ལའང་
མངོན་སུམ་ནི། །མེད་ཕྱིར་འདི་ལ་སྐྱོན་ཅི་ཡོད། །རྗེས་དཔོག་ཡུལ་གྱི་མངོན་སུམ་གྱི། །ཡུལ་དུ་འགྱུར་བ་ཡོད་མ་ཡིན། །མངོན་སུམ་དང་རྗེས་སུ་དཔག་པ་དག་ནི། ཡུལ་ཕན་ཚུན་སྤངས་ནས་འཇུག་པར་འདོད་པ་ཉིད་པས་དེ་ཉིད་ཅི་ལྟར་སྐྱོན་ཡིན། འོན་ཏེ་དེའི་རིགས་
ལ་མངོན་སུམ་དུ་འཇུག་པ་མེད་པར་ཇི་ལྟར་རྗེས་སུ་དཔོག་ཅེ་ན། སྐྱོན་དེ་ཡང་མེད་དེ། རེ་ཞིག་ལུས་སམ་གཞན་དུའང་རུང་། །ཀུན་འཛིན་གོམས་པ་ལས་འཇུག་པར། །མངོན་སུམ་གྱིས་དམིགས་དེ་ཉིད་ལས། །ཅི་ཡི་ཕྱིར་ན་རྗེས་མི་དཔོག །ཅི་སྐད་དུ་ཇི་ལྟར་དེའི་རིགས་
Vol. 178 · folio 64b
ལ་མངོན་སུམ་མེད་པར་རྗེས་སུ་དཔོག་སྟེ། རྗེས་སུ་དཔག་པ་ནི་མངོན་སུམ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ་ཞེས་བརྗོད་པ་དེ་ལ་ལན་འདི་ཡིན་ཏེ། གལ་ཏེ་མངོན་སུམ་གྱིས་འཕོ་བ་མ་མཐོང་ཡང་འཕོ་བ་དང་རྗེས་སུ་མཐུན་པའི་འབྲས་བུ་ནི་དམིགས་པ་ཉིད་དེ། གྲོང་
གཞན་དུ་འཕོ་བ་བཞིན་ནོ། །དཔེར་ན་གྲོང་གཞན་ནམ་ཡུལ་གཞན་ནས་འོངས་པ་དག །སྔོན་མངོན་པར་དགའ་བའི་ཡུལ་དང་རིགས་མཐུན་པའི་ཉེ་བར་སྤྱོད་པ་ལ་སོགས་པ་ལ་དགའ་བར་དམིགས་པ་བཞིན་ནོ། །གལ་ཏེ་གཞན་དག་གིས་དེ་ལྟ་བུར་འགྱུར་བའི་ཡུལ་ན་
འོངས་པ་མ་དམིགས་པ་དེ་ལྟ་ན་ཡང་འདི་དེ་ལྟ་བུའི་ཡུལ་ནས་འོངས་པར་རྗེས་སུ་དཔག་པ་ལས་དམིགས་པ་ཉིད་དོ། །དེ་བཞིན་དུ་ཉེ་བར་སྤྱོད་པ་ལ་སོགས་པའི་ཁྱད་པར་ལ་མངོན་པར་དགའ་བས་ལྷ་ལ་སོགས་པའི་འཇིག་རྟེན་ནས་འོངས་པ་ཡང་ངེས་པར་བྱ་སྟེ། གྲོང་གཞན་
ལས་འོངས་པ་ལ་མངོན་སུམ་འཇུག་པ་ཙམ་གྱིས་རྗེས་སུ་དཔག་པ་འཇུག་པའི་ཕྱིར་རོ། །དུ་བ་ལས་རྗེས་སུ་དཔག་པར་བྱ་བའི་མེའི་ཁྱད་པར་དང་ལྡན་པ་ལ་ནི་མངོན་སུམ་འཇུག་པ་མ་ཡིན་ནོ། །མེ་ཙམ་ལ་འཇུག་གོ་ཞེ་ན། འདིར་ཡང་ཡུལ་ལ་སོགས་པར་འཕོ་བ་ལ་འཇུག་པའི་
ཕྱིར་མཚུངས་སོ། །འོན་ཏེ་ཡང་། དཔེར་ན་ཡུལ་གཞན་ལ་སོགས་པར་འཕོ་བ་ནི་ལུས་མ་དོར་བར་ལུས་དེ་ཉིད་ཀྱི་ཡིན་པར་མཐོང་བ་དང་། ཡང་ཅི་ལྟར་རྨི་ལམ་གྱི་ལུས་ཀྱི་འཕོ་བ་མི་བདེན་པ་དེ་བཞིན་དུ། འདིར་ཡང་སྐྱེ་བ་དང་པོར་ལུས་མ་དོར་བ་དང་། བརྫུན་པར་
འགྱུར་བའི་ཕྱིར་མ་འབྲེལ་བ་ཡིན་ནོ། །འདི་ལྟར། གལ་ཏེ་ལུས་གཞན་འཕོ་བ་ནི། །དོར་དང་བདེན་པ་དང་འབྲེལ་ན། །དེ་ཕྱིར་འཇིག་རྟེན་ཕ་རོལ་ནི། །བདེན་པར་རབ་བསྒྲུབ་འགྱུར་བ་ཡིན། །ཇི་ལྟར་རྨི་ལམ་དམིགས་མེད་པར། །གཉིད་ལོག་གཏན་དུ་རྣམ་འཆད་པ། །
དེ་བཞིན་གལ་ཏེ་ཤི་བ་ཡི། །སྔ་ཕྱིར་དེར་འགྱུར་ཅི་ཞིག་བྱས། །ཇི་ལྟར་ཡུལ་གཞན་དུ་རྒྱུ་བ་ལུས་མ་བཏང་བར་ཡིན་པ་དེ་བཞིན་དུ་གལ་ཏེ་སྐྱེ་བ་གཞན་དུ་རྒྱུ་བ་ཡང་ཡིན་ན་ནི་ཕྱིན་ཅི་ལོག་ཏུ་བསྒྲུབ་པར་འགྱུར་རོ། །དེ་བཞིན་དུ་རྨི་ལམ་གྱི་རྒྱུ་བ་མི་བདེན་པའི་ལུས་ཀྱི་རྗེས་སུ་
Vol. 178 · folio 65a
འགྲོ་བ་ཅན་དུ་མཐོང་བའི་ཕྱིར་འཇིག་རྟེན་ཕ་རོལ་དུ་རྒྱུ་བ་ཡང་དེ་ལྟ་བུ་ཉིད་ཡིན་ན་ནི་སྔ་མ་དང་ཕྱི་མའི་འཇིག་རྟེན་མི་བདེན་པ་ཉིད་པས་མེད་པ་རྣམས་ཀྱི་འདོད་པ་ཉིད་ཡིན་ནོ། །གཞན་ཡང་ཇི་ལྟར་རྨི་ལམ་མཐོང་བ་མེད་པར་གཉིད་ལོག་པའི་གནས་
སྐབས་ན་རྣམ་པར་ཤེས་པ་རྣམ་པར་ཆད་པ་ཉིད་དམ། རྣམ་པར་ཤེས་པ་མི་གསལ་བ་ཉིད་ཡིན་པ་དེ་བཞིན་དུ། གལ་ཏེ་འཇིག་རྟེན་ཕ་རོལ་ཡང་ཡིན་ན། དེ་འདྲ་བ་དེས་ཅི་ཞིག་བྱ་སྟེ། མེད་པ་པ་རྣམས་ཀྱི་ལྟ་བ་མ་ཉམས་ཤིང་། འཇིག་རྟེན་ཕ་རོལ་སྨྲ་བས་ཀྱང་ཅི་ཞིག་བྱས་པར་
འགྱུར་ཞེ་ན། འདིར་འདི་སྐད་བརྗོད་དོ། །ལུས་དེ་ཉིད་ཀྱིས་འཕོ་བ་ལ། །མངོན་སུམ་གྱིས་ནི་གནོད་པ་ཡིན། །གཞན་མཐོང་བ་ཉིད་སྔོན་གྱི་ནི། །ལུས་པོ་ཡོངས་སུ་འདོར་བ་ཡིན། །རྨི་ལམ་རིག་པ་ཐམས་ཅད་ནི། །བདེན་པའི་རྣམ་ཤེས་རྣམ་འབྲེལ་ཡིན། །རྨི་ལམ་ལས་ཀྱང་
བདེན་པ་ཡི། །རྣམ་ཤེས་ཡིན་ཕྱིར་ཅི་ཞིག་འགལ། །རྣམ་པར་ཆད་པ་ཐམས་ཅད་ནི། །སད་པ་དག་དང་འབྲེལ་པར་དམིགས། །ཤི་ནས་རྣམ་པར་ཆད་པ་ཡང་། །བདེན་པའི་སད་པ་དང་འབྲེལ་ཉིད། །འདིར་ནི་བཤད་ཟིན་ཏོ། །རྣམ་པར་ཤེས་པ་ནི་འདི་ལུས་འདི་ལ། སྔོན་གྱི་
ལུས་དང་འབྲེལ་བའི་རྣམ་པར་ཤེས་པ་གོམས་པའི་འབྲས་བུ་ཉིད་དུ་དམིགས་པས་ངེས་པར་ལུས་བཏང་བ་མེད་པར་མི་འགྱུར་བའི་ཕྱིར་ཇི་ལྟར་ལུས་ཡོངས་སུ་མ་བཏང་། ལུས་མ་མཐོང་བ་ཉིད་འདོར་བ་ཡིན་ཏེ། ལུས་འདི་དམིགས་པ་ཉིད་སྔོན་གྱི་ལུས་མ་དམིགས་པ་ཡིན་ནོ། །སྔོན་གྱི་ལུས་མ་
གྲུབ་པར་ཇི་ལྟར་སྔོན་གྱི་ལུས་ཡོངས་སུ་འདོར་བ་གྲུབ་ཅེ་ན། མ་ཡིན་ཏེ། གང་ཚེ་ལུས་སོགས་མངོན་དགའ་བ། །ལུས་དགའ་སྔོན་འགྲོ་ཅན་ཡིན་པར། །གྲུབ་པ་དེ་ཕྱིར་ཁོ་བོ་ཡི། །སྔོན་གྱི་ལུས་ནི་གྲུབ་པ་ཉིད། །ཁྱད་པར་ཅན་སྔོན་གྱི་མངོན་པར་དགའ་བའི་སྒྲུབ་པར་བྱེད་པ་ཉིད་
ལས་སྔོན་གྱི་ལུས་གྲུབ་བོ། །ལུས་དེ་ད་ལྟར་དམིགས་པ་ནི་མ་ཡིན་ནོ། །འདས་པ་མ་དམིགས་པས་དེའི་ཚེ་ཡང་མེད་པ་ནི་མ་ཡིན་ནོ། །དེས་ན་སྔོན་གྱི་ལུས་མ་འདོར་རོ་ཞེས་བྱ་བ་འདི་ནི་མངོན་སུམ་གྱིས་གསལ་ལོ། །ཅི་སྐད་དུ། ཇི་ལྟར་རྨི་ལམ་མི་བདེན་པ་ལས། འདིར་འོངས་པ་དེ་
Vol. 178 · folio 65b
བཞིན་དུ་འཇིག་རྟེན་ཕ་རོལ་མི་བདེན་པ་ཉིད་ལས་ཡིན་པའམ། ཇི་ལྟར་འདི་ལས་རྨི་ལམ་གྱི་ལུས་མི་བདེན་པར་འགྲོ་བ་དེ་བཞིན་དུ་འཇིག་རྟེན་ཕ་རོལ་དུ་ཡང་ཡིན་པའི་ཕྱིར་འཇིག་རྟེན་ཕ་རོལ་མི་བདེན་པ་ཉིད་དོ་ཞེས་བརྗོད་པ་དེ་ཡང་མི་བདེན་ཏེ། རྨི་ལམ་གྱི་མི་བདེན་པ་ཉིད་ནི་
བདེན་པའི་རྗེས་སུ་འགྲོ་བ་ཅན། བདེན་པ་ཤེས་པའི་རྒྱུ་ཡིན་པས། དེ་ལྟར་གྱུར་བ་དེ་ནི་བར་མ་དོའི་སྲིད་པ་ཡིན་ནོ་ཞེས་འཆད་པར་འགྱུར་རོ། །ཡང་ན་ཤེས་ཀུན་རྨི་ལམ་ལས། །བྱེ་བྲག་མེད་པར་གནས་སོ་ཞེས། །དེ་ལྟར་ཕྱི་ནས་བཤད་བྱ་སྟེ། །འདི་ཡི་སྐབས་ནི་འདི་ཉིད་ཡིན། །
རྨི་ལམ་གྱི་ཤེས་པ་དང་གཞན་ལ་བྱེ་བྲག་ཅི་ཡང་མེད་དོ་ཞེས་འཆད་པར་འགྱུར་རོ། །དེས་ན་རྨི་ལམ་གྱི་ལུས་བཞིན་དུ་འཇིག་རྟེན་ཕ་རོལ་གྱི་ལུས་སུ་ཡང་འཕོའོ་ཞེས་གྲུབ་བོ། །དེའི་ཕྱིར་གཞན་ནས་འོངས་པ་ལ་གལ་ཏེ་བག་ཆགས་ཀྱི་སྟོབས་ཀྱི་བྱེ་བྲག་གིས་ཐོགས་པ་དང་བཅས་པ་དང་ཅིག་
ཤོས་ལ་སོགས་པ་ཙམ་ཞིག་ཁྱད་པར་ཡིན་ཡང་རྒྱུད་ཉམས་པ་མ་མཐོང་བ་ཉིད་དོ། །དེས་ན་སྲོག་ཆགས་རྣམས་ཀྱི་རྒྱུད་ཆད་པ་མེད་པ་ཡིན་པའི་ཕྱིར། འཇིག་རྟེན་ཕ་རོལ་གྲུབ་བོ། །འཆི་བ་ལ་སོགས་པ་ནི་གནས་པའི་འཕེན་པར་བྱེད་པའི་བག་ཆགས་ཀྱི་མཚན་ཉིད་སྣ་ཚོགས་པའི་ཕྱིར་རོ། །
སེམས་གནས་པ་ནི་སེམས་ལྡོག་པ་མེད་པར་ཐལ་བ་ནི་མ་ཡིན་ཏེ། དེ་འདྲ་བའི་སེམས་ཉིད་མེད་པའི་ཕྱིར་རོ། །འོ་ན་ཚུ་རོལ་མཛེས་པ་ལ་ཡང་ལན་ཡོད་པ་ཉིད་དེ་དེ་འདྲ་བའི་ལུས་མེད་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར་བཤད་པ། གལ་ཏེ་སྡོང་བུ་ལ་སོགས་བཞིན། །ཉེས་པས་མི་མཐུན་
ལུས་རྒྱུ་མིན། །ཤི་བ་ཉེས་པས་མཉམ་འགྱུར་ཚེ། །སླར་ཡང་འཚོ་བ་དག་ཏུ་འགྱུར། །རླུང་དང་མཁྲིས་པ་ལ་སོགས་པའི་ཉེས་པས་མི་མཐུན་པར་འགྱུར་བའི་ལུས་ནི་ཇི་འདྲ་བ་ཞིག་ལས་རྣམ་པར་ཤེས་པ་སྐྱེ་བ་དེ་འདྲ་བ་མ་ཡིན་པ་ཉིད་དོ། །དེས་ན་དེ་འདྲ་བའི་ལུས་མེད་པའི་ཕྱིར་
ལྡོག་པ་མེད་པར་ཐལ་བ་མ་ཡིན་ནོ་ཞེ་ན། འདི་ནི་མེད་དེ། གལ་ཏེ་དེ་ལྟར་འགྱུར་ན་ཤི་བར་འགྱུར་བ་ཉེས་པ་མཉམ་པར་འགྱུར་བ་དེས་ན། ལུས་ནད་མེད་པ་ཐོབ་པའི་ཕྱིར། སླར་འཚོ་བར་འགྱུར་ཏེ། དེ་དག་མཉམ་པ་ནད་མེད་དེ། །ཟད་དང་འཕེལ་བ་བཟློག་པ་ཡིན། །ཞེས་བརྗོད་
Vol. 178 · folio 66a
པའི་ཕྱིར་རོ། །འོན་ཏེ་ཉེས་པ་རྣམས་མཉམ་པར་བྱས་པ་ག་ལས་ཤེས་ཤེ་ན། རིམས་ལ་སོགས་པའི་རྣམ་པར་འགྱུར་བ་མ་མཐོང་བའི་ཕྱིར་རོ། །རྣམ་པར་འགྱུར་བ་མི་བྱེད་པའི་ཉེས་པ་ནི་འཆི་བར་བྱེད་པ་མ་ཡིན་ཏེ། ཐམས་ཅད་ཀྱི་ཚེ་འཆི་བར་ཐལ་
བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ནི་ལུས་རྒྱུ་ཡིན་པར་མི་འགྱུར་ཏེ། སེམས་དེ་དེའི་རྣམ་པར་འགྱུར་བ་ཡོད་པ་དང་མེད་པའི་རྗེས་སུ་མི་འཇུག་པའི་ཕྱིར་རོ། །གལ་ཏེ་སླར་འཚོ་བར་འགྱུར་བ་དེ་ལྟ་ན་ནི་ལུས་རྒྱུ་ཉིད་དུ་ཤེས་པར་འགྱུར་བ་ཡིན་ནོ། །སེམས་ཀྱི་རྒྱུ་ནི་སེམས་ཡིན་ན། །
ལྡོག་པར་འགྱུར་བ་མ་ཡིན་ཏེ། །སེམས་མི་མཐུན་པ་མེད་པ་ནི། །ཕྱིར་ཡང་འོང་བར་མཐོང་བ་ཡིན། །ལུས་རྒྱུ་ཡིན་པར་འགྱུར་ན་ནི། །མི་མཐུན་ལྡོག་པར་འགྱུར་བ་ན། །དེ་འདྲ་བ་ཡི་ལུས་དེ་ཉིད། །ཇི་ལྟར་སེམས་ཀྱི་རྒྱུ་མ་ཡིན། །ལུས་རྒྱུ་ཡིན་ན་ནི། དེ་ལྟ་བུར་
འགྱུར་བའི་ལུས་ཉིད་གཞན་གྱི་ཚེ་རྒྱུ་མ་ཡིན་ནོ་ཞེས་མི་འཐད་དོ། །མི་མཐུན་པ་དེ་འདྲ་བ་ཉིད་ཀྱིས་འགའ་ཞིག་ནི་འཆི་ལ་གཞན་ནི་མ་ཡིན་ནོ་ཞེས་བྱ་བས་རྣམ་པར་དབྱེ་བ་འདིར་ཅི་ལྟར་འགྱུར། སེམས་རྒྱུ་ཡིན་ན་ནི་སེམས་མི་མཐུན་པ་མེད་པ་དང་ཡོད་པས་འཆི་བ་དང་ཅིག་ཤོས་
ཀྱི་རྒྱུ་ཡིན་པའི་ཕྱིར་རྣམ་པར་དབྱེ་བ་མི་འཐད་པ་མེད་དོ། །ཉེས་པ་ཉེ་བར་ཞི་གྱུར་ཀྱང་། །འཆི་དང་འགའ་ཞིག་ཉེས་པ་ཡིས། །ཉེས་ཅན་ཡིན་ཡང་འཚོ་འགྱུར་བའི། །རྣམ་གནས་འདིར་ནི་མི་འགྱུར་རོ། །འབྲས་བུ་ཅི་དགའ་འཇུག་པ་ནི་མ་ཡིན་ནོ། །དེས་ན་རྣམ་པར་ཤེས་
པ་ལུས་ཀྱི་འབྲས་བུ་མ་ཡིན་ཏེ། ལུས་ཀྱི་འབྲས་བུ་ཡིན་ན། སླར་འཚོ་བར་ཐལ་བའི་ཕྱིར་རོ། །གལ་ཏེ་མི་མཐུན་པར་བྱེད་པ་ལོག་ཀྱང་དེས་བྱས་པའི་རྗེས་སུ་མི་མཐུན་པ་གདོན་མི་ཟ་བར་མི་ལྡོག་པ་མ་ཡིན་ནམ། མེ་ལོག་ཀྱང་ཤིང་ལ་མེས་བྱས་པའི་རྣམ་པར་འགྱུར་བ་ནི་གང་
དུ་ཡང་ལྡོག་པར་མ་མཐོང་ངོ་། །དེའི་ཕྱིར། གལ་ཏེ་མེ་ནི་ལོག་ན་ཡང་། །ཤིང་གི་འགྱུར་བ་མི་ལྡོག་བཞིན། །དེ་ནི་ལྡོག་པ་མེད་ཅེ་ན། །མ་ཡིན་གསོ་སྦྱོང་ཡོད་ཕྱིར་རོ། །དཔེར་ན་མེ་ལོག་ཀྱང་ཤིང་གི་འགྱུར་བ་མི་ལྡོག་པ་དེ་བཞིན་དུ་ཉེས་པས་བྱས་པའི་རྣམ་པར་འགྱུར་བ་འཆི་
Vol. 178 · folio 66b
བ་ཡང་མི་ལྡོག་པ་དེས་ན་སླར་འཚོ་བར་ཐལ་བ་མ་ཡིན་ཞེ་ན། དེའི་ཕྱིར་སྨྲས་པ། མ་ཡིན་ཏེ་གསོ་བ་འཇུག་པའི་ཕྱིར་རོ། །གལ་ཏེ་ཉེས་པའི་འགྱུར་བ་བཟློག་ཏུ་མེད་པ་ཡིན་ན་གསོ་བའི་ཕྱིར་སྦྱོར་བར་མི་འགྱུར་རོ། །ཉེས་པའི་འགྱུར་བ་བཟློག་ཏུ་ཡོད་པ་ཡིན་ན། དེ་བཟློག་པའི་
ཕྱིར་གསོ་བ་འབྲས་བུ་དང་བཅས་པར་འགྱུར་རོ། །གལ་ཏེ་འཆི་བའི་རྣམ་པར་འགྱུར་བ་ལས་སྔར་ཉེས་པ་བྱས་པའི་རྣམ་པར་འགྱུར་བ་ཆུང་ངུ་ནི་བཟློག་པར་བྱ་བ་ཡིན་གྱི་འཆི་བ་ནི་བཟློག་ཏུ་མེད་པར་འགྱུར་རོ། །དེས་ན་ཉེས་པའི་འགྱུར་བ་བཟློག་ཏུ་ཡོད་པ་དང་མེད་པ་ཡིན་པས་ཉེས་པ་འདི་
མེད་དོ་ཞེ་ན། འདི་ནི་ལེན་མ་ཡིན་ཏེ། འདི་ལྟར། སླར་མི་འགྱུར་བ་འགའ་ཞིག་ནི། །ལ་ལར་འགྱུར་བ་སྐྱེད་པར་བྱེད། །འགའ་ཞིག་བཟློག་པ་ཡིན་ཕྱིར་དཔེར། །ཤིང་དང་གསེར་ལ་མེ་བཞིན་ནོ། །དང་པོ་ཆུང་ཡང་ལྡོག་པ་མིན། །སླར་ལྡོག་རུང་བར་འགྱུར་བྱས་གང་། །
དེ་ནི་སླར་ཡང་འབྱུང་འགྱུར་ཏེ། །གསེར་གྱི་སྲ་བ་ཉིད་བཞིན་ནོ། །དེའི་དོན་ནི་འདི་ཡིན་ཏེ་འགའ་ཞིག་ལ་ལ་མི་འབྱུང་བའི་རྣམ་པར་འབྱུང་བ་རྩོམ་པར་བྱེད་པ་ཉིད་དེ་དཔེར་ན་ཤིང་ལ་མེ་བཞིན་ནོ། །འགའ་ཞིག་བཟློག་པས་ཏེ། དཔེར་ན་གསེར་ལ་དེ་ཉིད་བཞིན་ནོ། །གཅིག་
ཉིད་གཅིག་ཉིད་ལ་ནི། དེ་ལྟ་བུ་དང་དེ་ལྟ་བུ་མ་ཡིན་པའི་རྣམ་པར་འགྱུར་བ་བྱེད་པ་མ་ཡིན་ནོ། །དེ་ལ་རྣམ་པར་འགྱུར་བ་བྱེད་པའམ། རྣམ་པར་འགྱུར་བ་བྱ་བ་དང་པོ་རྣམ་པར་འགྱུར་བ་གང་ཡིན་པ་དེ་ནི་ཆུང་ཡང་ལྡོག་པ་མ་ཡིན་ཏེ། མེས་ནི་ཤིང་ལ་ནག་པོ་ཙམ་བྱས་པ་ཡང་ལྡོག་པ་མ་
ཡིན་ལ། གསེར་ཤིན་ཏུ་ཞུ་ཡང་མེ་ལོག་ནའང་གཞན་དུ་འགྱུར་བ་ཡིན་ནོ། །དེས་ན་ཉེས་པར་བྱས་པའི་རྣམ་པར་འགྱུར་བ་ཆུང་ངུ་ན་ལོག་པའི་ཕྱིར་འཆི་བའི་མཚན་ཉིད་ཆེན་པོ་ཡང་ལྡོག་པར་འགྱུར་བ་དེས་ན་སླར་འཚོ་བར་ཐལ་ལོ། །འདི་ལྟར་གཉིད་ཀྱིས་སེམས་པ་དང་འབྲལ་བའི་
མཚན་ཉིད་ཀྱི་རྣམ་པར་འགྱུར་བ་བྱས་ཀྱང་གཉིད་མེད་ན་ལྡོག་པ་ཡིན་ནོ། །འོན་ཏེ་དེ་ལྡོག་པ་མེད་དོ་ཞེས་བརྗོད་ན། དེ་ལ་སྨྲས་པ། རིག་པ་མེད་པའི་རང་བཞིན་ནི། །རིག་པར་འདོད་པ་མ་ཡིན་ཏེ། །འདི་ལྟར་གལ་ཏེ་དེ་ཡོད་ན། །ཤི་ལའང་རིག་པ་ཡོད་པར་འགྱུར། །ཤི་དང་གཉིད་
Vol. 178 · folio 67a
ལོག་པ་དག་ལ། །རིག་པ་མེད་པར་ཁྱད་པར་མེད། །དབུགས་རྔུབ་ལ་སོགས་ཐམས་ཅད་ནི། །ཅི་ལྟར་དེ་ཡང་བསམ་པ་ཡིས། །ཤི་བ་དང་གཉིད་ལོག་པ་དག་ལ་ནི་རིག་པ་མེད་པ་ཉིད་པས་ཁྱད་པར་གཞན་མེད་དོ། །དེས་ན་གཉིད་ལོག་པ་སད་
པར་འགྱུར་བ་བཞིན་དུ། ཤི་བ་ཡང་བསྣུན་པ་དང་སྨན་ལ་སོགས་པའི་སྦྱོར་བས་འཚོ་བར་ཐལ་ལོ། །འོན་ཏེ་གཉིད་ལོག་པ་ལ་ནི་རིག་པ་མེད་པ་ཉིད་ལ། ཤི་བ་ལ་ནི་དེ་ཡོད་པས་ཁྱད་པར་ཡིན་ནོ་ཞེ་ན། མ་ཡིན་ཏེ་རིག་པ་མེད་པར་ནི་གཉི་གར་ཡང་མཚུངས་པའི་ཕྱིར་རོ། །འོན་ཏེ་
རིག་པ་མེད་ཀྱང་དེ་ནུས་པའི་རང་བཞིན་དུ་ཡོད་དོ་ཞེས་བརྗོད་ན། ནུས་པ་ཞེས་པ་སྙད་པ་དེ་ཅི་ཞིག །གལ་ཏེ་ནུས་པ་མྱོང་བ་ཉིད་ཡིན་ན་ནི་དེའི་ཚེ་རིག་པ་ཉིད་ཡོད་པས་ཇི་ལྟར་རིག་པ་མེད་པ་ཡིན་ཏེ་ཡོད་པ་ཡང་ཡིན་མེད་པ་ཡང་ཡིན་ནོ་ཞེས་འགལ་ལོ། །འོན་ཏེ་ནུས་པ་རིག་པ་ལས་གཞན་ཡིན་ནོ། །
འོན་ཏེ་ལུས་ཉིད་ཡིན་པ་དེས་ན་སེམས་སྐྱེད་པར་བྱེད་པའི་ལུས་གནས་པ་ན་ནུས་པ་ཡོད་པའི་ཕྱིར་དེ་མི་ལྡོག་པ་ཉིད་དོ། །འོན་ཏེ་སྐྱེད་པར་བྱེད་པའི་ལུས་ནི་ཞིག་ལ། །གཞན་སྐྱེད་པར་བྱེད་པ་མ་ཡིན་པ་སྐྱེས་པའི་ཕྱིར་སེམས་པ་མེད་པ་ཡིན་ནོ་ཞེ་ན། སྐྱེད་པར་བྱེད་པ་མ་ཡིན་པ་གང་
ཡིན་པ་དེ་གང་ཡིན། རིག་པ་དང་བྲལ་བའོ་ཞེ་ན། གཉིད་ལོག་པ་ལ་ཡང་དེ་ཡོད་པའི་ཕྱིར་གཉིད་ལོག་པ་ལས་ཀྱང་སད་པའི་གནས་སྐབས་སུ་རིག་པ་ཡོད་པའི་ཕྱིར་དེ་མི་འགྱུར་རོ། །གལ་ཏེ་དེ་ལ་དབུགས་རྔུབ་པ་ལ་སོགས་པ་ཡོད་ན། དེས་ན་ལུས་སྐྱེད་པར་བྱེད་པ་མ་ཡིན་ནོ་ཞེ་ན། འོ་
ན་གཉིད་ལོག་པའི་གནས་སྐབས་དེ་ཉིད་ཀྱི་ཚེ་སྐྱེ་བའི་ཕྱིར་གཉིད་ལོག་པ་ཉིད་དུ་མི་འགྱུར་རོ། །འོན་ཏེ་གཉིད་ཡོངས་སུ་གྱུར་པ་དང་ལྷན་ཅིག་པའི་དབུགས་འབྱུང་བ་ལ་སོགས་པ་དག་ལས་སེམས་པ་སྐྱེའོ་ཞེ་ན། གཉིད་ཅེས་བྱ་བ་འདི་ཅི་ཞིག །རིག་པ་མེད་པའོ་ཞེ་ན། ཤི་བ་ལ་ཡང་དེ་
ཡོད་པའི་ཕྱིར་ཏེ། ཡོངས་སུ་འགྱུར་བ་ན་སླར་རིག་པར་འགྱུར་རོ། །གལ་ཏེ་དབུགས་རྔུབ་པ་མེད་པས་ལྷན་ཅིག་བྱེད་པ་མ་ཚང་བའི་ཕྱིར་ལུས་འབའ་ཞིག་ལས་མི་སྐྱེའོ་ཞེ་ན། བརྒྱལ་བ་ལ་སོགས་པའི་རྣམ་པར་འགྱུར་བ་ལ་ཡང་དབུགས་རྔུབ་པ་ལ་སོགས་པ་མེད་པའི་ཕྱིར། རིག་
Vol. 178 · folio 67b
པ་ཡོད་པར་མི་འགྱུར་རོ། །དེའི་ཕྱིར་དབུགས་རྔུབ་པ་ལ་སོགས་པ་ནི་རིག་པའི་རྒྱུ་མ་ཡིན་པ་ཉིད་དོ། །དབུགས་རྔུབ་པ་ལ་སོགས་པ་ནི་རྒྱུ་མ་ཡིན་ནོ་ཞེས་སྔར་བཤད་ཟིན་ཏོ། །གཞན་ཡང་། གཉིད་དང་བྲལ་བར་འགྱུར་ན་བློ། །ཤེས་པ་སྔ་མའི་འདུ་བྱེད་ལས། །དེ་ལྟའི་རྣམ་
པར་འབྱུང་འགྱུར་བ། །དེ་ཡི་ཕྱིར་ན་ལུས་རྒྱུ་མིན། །ལུང་མཚུངས་པར་ཡོད་པ་ཡིན་ཡང་བློ་ལ་སོགས་པ་ནི་སྔོན་གྱི་འདུ་བྱེད་དང་རྗེས་སུ་མཐུན་པ་ཉིད་དུ་མཐོང་ངོ་། །དེས་ན་ལུས་སམ་དབུགས་རྔུབ་པ་ལ་སོགས་པ་ནི། རྒྱུ་མ་ཡིན་ནོ། །འོན་ཏེ་འདུ་བྱེད་ལྷན་ཅིག་པའི། །ལུས་
ལས་སྐྱེ་བ་བརྗོད་ཅེ་ན། དེ་ནི་མ་ཡིན་ཏེ། འདུ་བྱེད་དེ་ཚེ་མེད་པ་ནི། །ལྷན་ཅིག་བྱེད་འགྱུར་ཕྱིར་འཐད་དཀའ། །མེད་པ་ནི་ཡོད་པའི་ལྷན་ཅིག་བྱེད་པ་མ་ཡིན་ནོ། །སེམས་མེད་པ་ལས། སད་པའི་གནས་སྐབས་ན་ལུས་བཞིན་དུ་སྔོན་གྱི་སེམས་ཀྱང་ཡོད་པ་ནི་མ་ཡིན་པ་ཉིད་
དོ། །མེད་པ་ནི་ལྷན་ཅིག་བྱེད་པ་མ་ཡིན་ཏེ། ལྷན་ཅིག་ཏུ་བྱ་བ་བྱེད་པ་མེད་པའི་ཕྱིར་རོ། །ཡོད་པ་དང་མེད་པ་ནི་ལྷན་ཅིག་འབྱུང་བ་མ་ཡིན་ནོ། །དེའི་ཕྱིར་དེ་ལ་སེམས་སྔ་མ་ཉིད་རྒྱུ་ཡིན་གྱི་ལུས་ནི་མ་ཡིན་ནོ། །འོ་ན་ཇི་ལྟར་བསྣུན་པ་ལ་སོགས་པ་སད་པར་བྱེད་པ་ཡིན་ཞེ་ན། དེ་
ནི་ལམ་མ་ཡིན་ཏེ། སད་པ་གདོན་མི་ཟ་བར་ནི། །བསྣུན་སོགས་ཉིད་ལས་སྐྱེ་བ་མིན། །རབ་ཏུ་བརྡེགས་པ་མེད་པར་ཡང་། །སད་པ་དག་ནི་དམིགས་པ་ཡིན། །བསྣུན་པ་ལ་སོགས་པ་ཉིད་ཀྱིས་ནི། །སད་པ་མ་ཡིན་ཏེ། རང་ཉིད་ཀྱང་སད་པའི་ཕྱིར་རོ། །གལ་ཏེ་
སད་མ་ཐག་ཏུ་མཐོང་བའི་དོན་དང་འབྲེལ་པའི་རྣམ་པར་རྟོག་པ་སྐྱེ་བ་མ་ཡིན་ནམ། དེས་ན་མཐོང་བ་དང་སྔོན་གྱི་རྣམ་པར་ཤེས་པ་དག་ནི་ཅི་ལྟར་ལྷན་ཅིག་པ་ཡིན་ཞེ་ན། དེ་ཡང་ལེགས་པ་མ་ཡིན་ཏེ། འདི་ལྟར། ཉེ་བར་གནས་ལ་སད་གྱུར་པ། །འདི་ལའང་ངེས་པ་ཡོད་མིན་
ཏེ། །དེར་གཏད་པ་ཡིས་གང་འཕངས་ནས། །གཉིད་ལོག་དེ་ལས་སད་ཕྱིར་རོ། །གང་ཞིག་ལྷུར་གཏད་པས་འཕངས་ནས། །གཉིད་ལོག་པ་དེ་དང་མཐུན་པ་ཉིད་དུ་འདིའི་བག་ཆགས་སད་པར་འགྱུར་བ་ཡིན་གྱི་སད་པ་ན། གང་ཞིག་དམིགས་པ་དེ་དང་འབྲེལ་བར་ཉེ་བ་ཉིད་
Vol. 178 · folio 68a
རྟོགས་པ་ནི་མ་ཡིན་ནོ། །གང་ཅི་ལྟར་གོམས་པ་དང་དེ་དེ་ལྟ་བུར་འགྱུར་བ་ཉིད་རྟོགས་པར་མཐོང་བ་ཡིན་ནོ། །སད་པ་ནི་ནང་གི་རེག་པ་ལ་སོགས་པའི་རང་བཞིན་ཉིད་དེ། གང་ཞིག་ཅི་ལྟར་གོམས་པ་དེ་དང་རྗེས་སུ་མཐུན་པ་ཉིད་དུ་ལུས་ཀྱི་རེག་བྱ་
རིག་པ་ཡིན་ནོ། །འདི་ལྟར། འཇིགས་དང་བརྟན་སོགས་འདུ་བྱེད་ལས། །འབྲོས་དང་མཚོན་འཛིན་ལ་སོགས་པ། །བདེ་སོགས་རྟོགས་པའི་རང་བཞིན་ནི། །སྲོག་ཆགས་རྣམས་ལ་སྐྱེ་བར་འགྱུར། །འཇིགས་པ་གོམས་པའི་ཁྱིམ་དུ་ཞུགས་པ་རྣམས་ལ་ནི་སད་པ་ནི་བྲོས་
པ་བདེ་བ་ལ་སོགས་པའི་རང་བཞིན་དུ་རིག་པ་ཉིད་དེ་གཞན་དུ་སྡུག་བསྔལ་བར་གནས་པར་འགྱུར་རོ། །གཞན་ལ་འཚེ་བར་མངོན་པར་དགའ་བ་དྲག་པོའི་བདག་ཉིད་ཅན་རྣམས་ཀྱི་ནི་གཞན་ལ་གནོད་པ་བྱེད་པའི་རྒྱུ་མཚོན་ལ་སོགས་པ་འཛིན་པའི་རང་བཞིན་བདེ་བ་ལ་སོགས་པར་
རིག་པའི་རང་བཞིན་ཡིན་ནོ། །དེས་ན་ལུས་སམ་དབུགས་རྔུབ་པ་ལ་སོགས་པར་ནི་རྣམ་པར་ཤེས་པའི་རྒྱུ་མ་ཡིན་ཏེ། རྣམ་པར་ཤེས་པ་སྔ་མ་ཉིད་རྒྱུ་ཡིན་ནོ། །དེ་ཡང་གལ་ཏེ་ལུས་ལས་སྐྱེས་པ་ཡིན་ན་ནི་དེའི་ཚེ་ལྡོག་པ་མེད་པར་ཐལ་ལོ་ཞེས་བྱ་བའི་སྐྱོན་དེ་ཉིད་ཡིན་ནོ། །དེ་བཞིན་དུ་
རྣམ་པར་ཤེས་པ་སྔ་མའི་རྗེས་སུ་འགྲོ་བ་ཅན་དུ་ཡང་མི་འགྱུར་རོ། །འོན་ཏེ་ཉེས་པས་མི་མཐུན་པར་བྱས་པའི་རྒྱུ་མ་ཡིན་ན་ནི་མི་མཐུན་པ་མེད་ན་ཡང་འབྱུང་བར་འགྱུར་རོ། །ཕྱིར་མི་འབྱུང་བའི་རྣམ་པར་འགྱུར་བའི་ཆོས་རྩོམ་པར་བྱེད་པ་ཉིད་ཡིན་ན་ནི་ཉམ་ཆུང་བ་ལ་སོགས་པ་རྣམ་པར་ཤེས་
པ་ཞན་པར་འཇུག་པའི་མཚན་ཉིད་དམ་བརྒྱལ་བ་ལ་སོགས་པ་རྣམ་པར་ཆད་པའི་མཚན་ཉིད་དེས་བྱས་པའི་རྣམ་པར་འགྱུར་བ་ཆུང་ངུ་ཡང་བཟློག་ཏུ་མེད་པར་འགྱུར་རོ། །ཕྱིར་ལོག་པ་མེད་པའི་རྣམ་པར་འགྱུར་བའི་རྩོམ་པར་བྱེད་པ་ནི་ཆུང་ངུ་ཡང་བཟློག་ཏུ་མེད་པ་ཡིན་ནོ། །ཕྱིར་ལྡོག་
པ་རུང་བར་བྱས་པའི་རྣམ་པར་འགྱུར་བ་གང་ཡིན་པ་དེ་ནི་ཕྱིར་འབྱུང་བར་འགྱུར་ཏེ། གསེར་གྱི་སྲ་བ་ཉིད་བཞིན་ནོ། །གསེར་གྱི་སྲ་བ་ཉིད་ནི་སོང་ཡང་འགྱུར་བའི་རྒྱུ་དང་བྲལ་བ་ནི་སླར་ལྡོག་པ་ཡིན་ནོ། །དེ་བཞིན་དུ་རྣམ་པར་ཤེས་ལ་རྣམ་པར་ཆད་པའི་མཚན་ཉིད་རྣམ་པར་འགྱུར་བ་ཆེན་པོ་
Vol. 178 · folio 68b
ཡང་བཟློག་པར་བྱ་བ་ཡིན་པའི་ཕྱིར། སླར་འཚོ་བར་འགྱུར་རོ། །གལ་ཏེ་གསོ་བའི་སྦྱོར་བ་ཡོད་པའི་ཕྱིར་སླར་ལྡོག་པར་རུང་བ་ཉིད་ཡིན་ལ། བསྒྲུབ་ཏུ་མེད་པའི་ནད་ཀྱི་དངོས་པོ་ཡིན་པའི་ཕྱིར་ནི་སླར་ལྡོག་པར་བྱར་མེད་པའི་རྣམ་པར་འགྱུར་བ་ཡིན་པའི་ཕྱིར་གཉི་ག་ཡང་ཡོད་པས་ན་
སྐྱོན་མེད་དོ་ཞེ་ན། ལན་བཤད་པ་ནི། ཅུང་ཟད་གསོ་བྱ་མིན་བརྗོད་པ། །འཆོས་བྱེད་རྙེད་པར་དཀའ་ཕྱིར་རམ། །ཚེ་ཟད་ཕྱིར་རོ་ཉེས་འབའ་ཞིག །གསོ་ན་གསོ་མིན་མེད་པ་ཉིད་བསྒྲུབ་པར་བྱ་བ་མ་ཡིན་པ་ཉིད་ནི་ཉེས་པས་བྱས་པའི་རྣམ་པར་འགྱུར་བ་སེལ་ནུས་པ་དང་སྨན་དང་སྨན་པ་
རྙེད་པར་དཀའ་བ་ལས་འཐད་པ་ལས་ཡིན་ལ། སེམས་འབྱུང་བ་ཆེན་པོ་ལས་འགྱུར་བར་སྨྲ་བའི་གཞུང་ལས་བསྒྲུབ་པར་བྱ་བ་མ་ཡིན་པ་འགའ་ཡང་མེད་པའི་ཕྱིར་རོ། །འོ་ན་འཆོས་པར་བྱེད་པ་རྙེད་པར་དཀའ་བ་ཉིད་ཀྱི་ཕྱིར་སླར་འཚོ་བ་མ་ཡིན་ནོ་ཞེ་ན། དེ་ནི་མེད་དེ་གང་གི་ཕྱིར། །
རྣམ་འགྱུར་ལྡོག་པ་མིན་ན་ནི། །འཆོས་བྱེད་རྙེད་པར་དཀའ་བ་ཉིད། །སླར་འཚོ་བ་ཡི་རྒྱུ་མ་ཡིན། །ལྡོག་ན་དོན་མེད་འགྱུར་བ་ཡིན། །དེའི་ཕྱིར་རྣམ་པར་འགྱུར་བ་ལོག་ན་སླར་འཚོ་བར་ཐལ་བར་འགྱུར་བ་ཉིད་དོ། །གལ་ཏེ་གཞན་ཡང་བསྒྲུབ་པར་བྱ་བ་ཉིད་མ་ཡིན་པ་ཡོད་པ་ཁོ་ནའོ་
ཞེ་ན། འདི་ལ་ལན་ང་ལ་ནི་བསྒྲུབ་པར་བྱ་བ་མ་ཡིན་པ་ཉིད་འཐད་དོ། །དེ་བཤད་པ་ནི། ཚེ་ཟད་པའི་ཕྱིར་ན་ནད་བསྒྲུབ་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །འདི་ལྟར་ནད་དེ་ལྟ་བུ་ཉིད་ཀྱིས་འགའ་ཞིག་འཚོ་བ་དང་གཞན་ནི་མ་ཡིན་པར་མཐོང་ངོ་། ཚེ་ནི་མཚོན་པ་སྟེ། ལས་ཟད་པ་ལས་
ཀྱང་ཡིན་ནོ། །ཤ་བཀྲ་བ་ལ་སོགས་པ་ལས་སྐྱེས་པའི་ནད་ནི་བསྒྲུབ་པར་བྱ་བ་མ་ཡིན་ཏེ། ལས་དེ་འདྲ་བ་ཡོད་པའི་ཕྱིར་རོ། །དེའི་ཕྱིར་ལས་བདག་པོར་འགྱུར་བ་ཉིད་ལན་གྱི་རྒྱུར་སྨྲའོ། །ཉེས་པ་འབའ་ཞིག་རྣམ་པར་འགྱུར་བར་བྱེད་པ་ཡིན་ན་ནི། གསོ་བར་བྱ་བ་མ་ཡིན་པའི་
ནད་མེད་པ་ཉིད་དོ། །དེའི་ཕྱིར། ཤི་བའི་དུས་སོགས་ལོག་ཕྱིར་རམ། །དེ་ཡི་སོས་ཟིན་བཅད་ལས་ཀྱང་། །འགྱུར་བའི་རྒྱུ་དང་བྲལ་བ་ན། །དེ་ཅིས་སླར་ཡང་འཚོ་མི་འགྱུར། །ཤི་བ་ལ་གང་ཚེ་སྔགས་ལ་སོགས་པས་དུག་ལ་སོགས་པ་ལྡོག་པར་འགྱུར་བའམ། དེའི་སོས་ཟིན་པ་བཅད་
Vol. 178 · folio 69a
པ་ལས་ཏེ། སོས་ཟིན་པ་རང་ཉིད་འདུས་པ་བཅད་པས་ལོག་པ་དང་། འགྱུར་བའི་རྒྱུ་རིམས་ལ་སོགས་པ་དང་། བྲལ་བ་གང་གི་ཚེ་འགྱུར་བ་དེའི་ཚེ་སླར་འཚོ་བར་འགྱུར་རོ་ཞེས་བྱ་བ་འདི་གནས་སོ། །གཞན་ཡང་ཉེ་བར་ལེན་པའི་རྒྱུ་མ་ཡིན་པ་ལྡོག་པའི་
ཕྱིར་མ་ཡིན་ནོ། །ལུས་ཀྱང་ཉེ་བར་ལེན་པའི་རྒྱུ་མ་ཡིན་ཏེ། གལ་ཏེ་ཡིན་ན་དེ་རྣམ་པར་མ་གྱུར་པར་རྣམ་པར་མི་འགྱུར་བར་ཐལ་བར་འགྱུར་རོ། །གང་གི་ཕྱིར། ཉེར་ལེན་འགྱུར་བ་མེད་པ་ནི། །ཉེར་ལེན་ཅན་དག་འགྱུར་བ་ནི། །བྱེད་པར་མི་ནུས་དཔེར་འཇིམ་པ། །འགྱུར་བ་
མེད་པར་བུམ་སོགས་བཞིན། །ཉེ་བར་ལེན་པ་ལུས་འགྱུར་བ་མེད་པར་ཉེ་བར་ལེན་པ་ལས་བྱུང་བ་རྣམ་པར་ཤེས་པ་འགྱུར་བར་བྱར་མི་ནུས་པར་འགྱུར་ཏེ། འཇིམ་པ་འགྱུར་བ་མེད་པར་བུམ་པ་ལ་སོགས་པ་འགྱུར་བ་ནི་མ་དམིགས་སོ། །ཉེ་བར་ལེན་པའི་ཆོས་ཀྱང་འདི་ཉིད་དེ། དེ་
འགྱུར་བ་ཉིད་ཀྱིས་རྣམ་པར་འགྱུར་བ་གང་ཡིན་པའོ། །རྒྱུ་མང་པོ་ཡོད་ཀྱང་ནི་འགའ་ཞིག་གི་ཉེ་བར་ལེན་པར་ཡིན་གྱི་རྒྱུ་ཙམ་ནི་མ་ཡིན་ནོ། །ལུས་ནི་རྒྱུ་ཉིད་ཡིན་ཡང་དེ་འགྱུར་བ་ཉིད་ཀྱིས་རྣམ་པར་འགྱུར་བ་ནི་མ་ཡིན་ནོ། །དེ་མ་འགྱུར་ཡང་འཇིག་པ་དང་མྱ་ངན་ལ་སོགས་པས་སྔ་
མའི་སེམས་རྣམ་པར་འགྱུར་བའི་ཕྱིར་དང་། དེ་འགྱུར་ན་ཡང་གདོན་མི་ཟ་བར་མི་འགྱུར་བའི་ཕྱིར་རོ། །གལ་ཏེ་ཆུ་འགྱུར་ན་མྱུ་གུ་འགྱུར་བ་ཡིན་ཡང་དེ་དེའི་ཉེ་བར་ལེན་པ་ནི་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། རྒྱུན་གྱི་རྒྱུ་ཉེ་བར་ལེན་པའི་རྒྱུ་ཡིན་པའི་ཕྱིར་རོ། །རྒྱུན་གྱི་རྒྱུ་ཡང་ས་བོན་
ཡིན་གྱི་ཆུ་ནི་མ་ཡིན་ཏེ། ཆུ་ནི་གནས་སྐབས་ཀྱི་ཁྱད་པར་གྱི་རྒྱུ་ཡིན་པའི་ཕྱིར་རོ། །ཆུ་ལས་རྒྱུན་འབྱུང་བ་ནི་མ་ཡིན་ཏེ། ཆུ་ནི་ནས་ལ་སོགས་པ་ལ་ཐུན་མོང་བ་ཡིན་པའི་ཕྱིར་རོ། །ཆུ་ལྡོག་ཀྱང་སཱ་ལུའི་རྒྱུན་ལྡོག་པ་ཡང་མ་ཡིན་ཏེ། ཆུ་མེད་ཀྱང་སཱ་ལུའི་རྒྱུན་མི་ལྡོག་པའི་
ཕྱིར་རོ། །མྱུ་གུ་ལ་སོགས་པའི་དེའི་གནས་སྐབས་ཀྱི་ཁྱད་པར་ནི་ཆུ་ཡིན་པས་དེ་ནི་དེ་ལོག་ན་ལྡོག་པ་ཡིན་ནོ། །དེས་ན་ཆུ་དེ་ནི་ཉེ་བར་ལེན་པའི་རྒྱུ་ཉིད་དོ། །ཆུ་ལ་སོགས་པ་ལས་ནི་སཱ་ལུའི་ས་བོན་རྣམ་པར་འགྱུར་བའི་སྒོ་ཉིད་ནས་མྱུ་གུ་ལ་སོགས་པ་གོང་ནས་གོང་དུ་རྣམ་པར་འགྱུར་
Vol. 178 · folio 69b
བ་ཡིན་ནོ། །དེའི་ཕྱིར་འགྱུར་བ་མེད་པར་ཡང་རྣམ་པར་འགྱུར་བའི་ཕྱིར་ལུས་འདི་ནི་རྣམ་པར་ཤེས་པའི་ཉེ་བར་ལེན་པའི་རྒྱུ་མ་ཡིན་ནོ། །དེ་ཉིད་བཤད་པ་ནི། དངོས་གང་འགྱུར་བ་མེད་པར་ནི། །དངོས་པོ་གང་ཞིག་རྣམ་འགྱུར་བ། །དེ་ཡི་ཉེར་ལེན་མི་རིགས་ཏེ། །བ་ལང་བ་
མེན་ལ་སོགས་བཞིན། །ལུས་མ་འགྱུར་ཡང་རྣམ་པར་ཤེས་པ་འགྱུར་བའི་ཕྱིར་ལུས་དེ་ནི་དེའི་ཉེ་བར་ལེན་པའི་རྒྱུ་མ་ཡིན་ནོ། །དེའི་ཕྱིར་ལུས་ལྡོག་ན་དེ་ལྡོག་པ་མ་ཡིན་ཏེ། དེ་འགྱུར་བས་འགྱུར་བ་མ་ཡིན་པའི་ཕྱིར་བ་ལང་དང་བ་མེན་ལ་སོགས་པ་ཉིད་བཞིན་ནོ། །བ་མེན་བ་ལང་གི་
གནས་སྐབས་ཀྱི་ཁྱད་པར་རྣམ་པ་འགའ་ཞིག་གི་རྒྱུ་ཡིན་ཡང་། དེ་ལྡོག་པས་གནས་སྐབས་ཀྱི་ཁྱད་པར་དེ་ཉིད་མི་འགྱུར་མོད། རྒྱུན་ལྡོག་པ་ནི་མ་ཡིན་ནོ། །གལ་ཏེ་བ་ལང་དང་བ་མེན་དག་ཉེ་བར་ལེན་པ་དང་ཉེ་བར་ལེན་པ་ཅན་གྱི་དངོས་པོ་མ་ཡིན་པས་བཟློག་པར་བྱ་བ་དང་ཟློག་
པར་བྱེད་པ་མ་ཡིན་མོད། ལུས་དང་སེམས་དག་ལ་གོ་ཅི་འོང་བར་འགྱུར་ཏེ། གཞན་གྱི་སྐྱོན་ནི་གཞན་གྱི་སྐྱོན་དུ་འགྱུར་བ་མ་ཡིན་ནོ། །ཉེ་བར་ལེན་པ་ཉིད་མ་ཡིན་ན་ནི། ངེས་པར་ལྷན་ཅིག་ཏུ་གནས་པ་ཉིད་དུ་ཡང་མི་འགྱུར་ཏེ། སཱ་ལུ་ལ་སོགས་པའི་རྒྱུ་དང་ཆུ་བཞིན་ནོ་ཞེ་ན།
འདི་ལ་བརྗོད་པ་ནི། སེམས་དང་ལུས་ཀྱང་དེ་བཞིན་ནོ། །དེ་རྒྱུ་ལྷན་ཅིག་བྱེད་པ་ལས། །སྐྱེ་བའི་འབྲས་བུ་ལྷན་ཅིག་གནས། །མེ་དང་ཟངས་མའི་ཞུ་ཉིད་བཞིན། །འདིར་གཞན་དུ་ནི་གྲུབ་པ་མ་ཡིན་ཏེ། གང་གི་ཕྱིར་སེམས་དང་ལུས་དག་ཀྱང་དེ་བཞིན་དུ་ཉེ་བར་ལེན་པ་དང་ཉེ་བར་
ལེན་པ་ཅན་གྱི་དངོས་པོ་མ་ཡིན་ནོ། །བ་ལང་དང་བ་མེན་དག་ཉིད་བཞིན་དུ་རྣམ་པ་ཇི་ཞིག་ལྟར་ཕན་འདོགས་པར་བྱེད་པ་ཙམ་དུ་ཟད་དེ། གདོན་མི་ཟ་བར་ལུས་རྣམ་པར་འགྱུར་བ་ཉིད་ཀྱིས་སེམས་འགྱུར་བ་ནི་མ་ཡིན་ནོ། །དེ་བས་ན་ལུས་ཉེ་བར་ལེན་པའི་རྒྱུ་མ་ཡིན་པའི་ཕྱིར་དེ་
ལྡོག་ཀྱང་སེམས་ལྡོག་པ་ནི་མ་ཡིན་ནོ། །གནས་སྐབས་རྒྱུ་ཡི་དངོས་པོ་ནི། །ཉེ་བར་ལེན་པའི་རྒྱུ་ཡིན་གྱི། །གནས་སྐབས་བྱེད་པ་ལོག་པ་ན། །གནས་སྐབས་དེ་ཉིད་ལྡོག་པར་ཟད། །རྒྱུན་གྱི་རྒྱུ་གང་ཡིན་པ་དེ། །ཉེ་བར་ལེན་པའི་རྒྱུ་ཡིན་པས། །དེ་ནི་ལོག་པར་འགྱུར་བ་འདིའི། །
Vol. 178 · folio 70a
རྒྱུན་ནི་ལྡོག་པར་འགྱུར་བ་ཡིན། །མེ་ལོག་པས་ནི་ཟངས་མ་ཡི། །ཞུ་བ་ཉིད་ནི་ལྡོག་པར་འགྱུར། །སེམས་ནི་ལུས་དང་ལྷན་ཅིག་ཏུ། །དེ་སྲིད་དུས་སུ་རྣམ་གནས་པ། །ཕན་ཚུན་ལྷན་ཅིག་བྱེད་ཕྱིར་ཏེ། །མེ་དང་ཟངས་མའི་ཞུ་ཉིད་བཞིན། །རྒྱུ་
དེ་མིན་ན་གཉིས་འབྲས་ནི། །སེམས་ཉིད་གསེར་བཞིན་གནས་པ་ཡིན། །ཅི་ལྟར་མེ་ལྷན་ཅིག་བྱེད་པའི་ཟངས་མ་ཞུ་བ་ཉིད་ཀྱི་ཉེ་བར་ལེན་པ་ཡིན་པ་དེས་ན། མེ་དང་ཟངས་མའི་ཞུ་བ་དག་ལྷན་ཅིག་གནས་པ་དེ་བཞིན་དུ། ལུས་ལ་གཅེས་པའི་སེམས་ཀྱང་ལྷན་ཅིག་བྱེད་པ་ཅན་
གྱི་སེམས་ལས་སྐྱེ་ལ། ལུས་ཀྱང་སེམས་ལྷན་ཅིག་བྱེད་པ་ཅན་གྱི་ལུས་ཀྱི་རྒྱུ་མེར་མེར་པོ་དག་ལས་འབྱུང་བ་ཡིན་ཏེ། དེས་ན་སྐྱེ་བའི་འབྲས་བུ་ལྷན་ཅིག་ཏུ་གནས་པ་ཡིན་ནོ། །འདི་སྐད་དུ་བརྗོད་པ་ཡིན་ཏེ། ཕན་ཚུན་ལྷན་ཅིག་བྱེད་པའི་ཕྱིར། །ཚོགས་པ་གཅིག་ཏུ་འགྱུར་
བས་ན། །འབྲས་བུ་གཉིས་ནི་ལྷན་ཅིག་ཏུ། །གནས་པ་ལ་ནི་མི་འཐད་མེད། །ལུས་ཀྱི་རྒྱུ་མེར་མེར་པོ་ལ་སོགས་པའི་མིང་ཅན་སེམས་ཀྱི་ལྷན་ཅིག་བྱེད་པ་ཅན་ཡིན་པའི་ཕྱིར་དང་། སེམས་ཀྱང་ཡུལ་ལྷན་ཅིག་བྱེད་པ་ཅན་ཡིན་པས་ལུས་དང་སེམས་ཀྱི་མཚན་ཉིད་ཀྱི་འབྲས་བུ་
སྐྱེ་བ་ལྷན་ཅིག་གནས་པ་ཡིན་ཏེ། མེ་དང་ཟངས་མའི་ཞུ་བ་ཉིད་བཞིན་ནོ། །ལུས་ལོག་ན་ནི་ལུས་གཞན་གྱི་ཁྱད་པར་ཅན་ནམ་ལུས་མེད་པའི་སེམས་ཡིན་པའི་ཕྱིར་དེ་ལོག་པ་མ་ཡིན་ཏེ། གསེར་གྱི་རྒྱུན་བཞིན་ནོ། །འོན་ཏེ་ཡང་ཇི་ལྟར་ཆུ་ལ་སོགས་པ་ལས་འབྲུའི་རྒྱུན་གྱི་ཁྱད་
པར་འབྱུང་བ་དེ་ནི་ཆུ་ལོག་ན་ལོག་པ་ཡིན་ཞིང་། མེ་ལ་སོགས་པས་ཉེ་བར་ལེན་པ་ཉམས་པར་བྱས་ན་ནི། རྒྱུན་ཉིད་ལོག་པར་འགྱུར་རོ། །དེ་བཞིན་དུ་སེམས་ཀྱི་ཉེ་བར་ལེན་པ་འགའ་ཞིག་གིས་ཉམས་པར་བྱས་པ་ཡང་རྒྱུན་གྱི་རྒྱུ་མ་ཡིན་པའི་ཕྱིར་རྒྱུན་ལོག་པར་འགྱུར་རམ། ཡང་
ཇི་ལྟར་ཤ་ལུ་ཀའི་རིགས་མི་མཐུན་པ་བ་ལང་གི་ལྕི་བ་ལས་འབྱུང་བ་དེ་བཞིན་དུ། དང་པོ་ལུས་ཉིད་ལས་སྐྱེ་བར་འགྱུར་རོ་ཞེ་ན། འདིར་བརྗོད་པ། འབྲུ་ལ་སོགས་པའི་ཉེར་ལེན་ནི། །མེ་ལ་སོགས་པས་འཇིག་པ་ཡིན། །རྣམ་པར་ཤེས་པའི་ཉེར་ལེན་ནི། །འགས་ཀྱང་གནོད་པར་བྱེད་
Vol. 178 · folio 70b
མ་ཡིན། །དང་པོར་རྣམ་པར་ཤེས་པ་ནི། །ལུས་ལས་སྐྱེ་བ་མཐོང་མ་ཡིན། །ཉེར་ལེན་གནོད་པ་མེད་པར་ནི། །ཡིད་ནི་ལོག་པར་འགྱུར་མ་ཡིན། །འབྲུའི་རྒྱུན་གྱི་ཉེ་བར་ལེན་པ་ལ་མེ་བཞིན་དུ། རྣམ་པར་ཤེས་པའི་ཉེ་བར་ལེན་པ་ནི་གནོད་པ་མ་ཡིན་ནོ། །རྣམ་པར་ཤེས་
པའི་ཉེ་བར་ལེན་པ་ནི་རྣམ་པར་ཤེས་པ་ཉིད་ཡིན་ལ། དེ་ལ་ནི་ཚིག་པ་ལ་སོགས་པ་ཡོད་པ་མ་ཡིན་ནོ། །གཉིད་ལོག་པ་ལ་སོགས་པས་གནོད་པར་བྱེད་དོ་ཞེ་ན། མ་ཡིན་ཏེ། གཉིད་ལ་སོགས་པ་ནི་དུས་དེ་ཙམ་དུ་གནོད་པའི་རྒྱུ་ཡིན་པའི་ཕྱིར་རོ། །སྔོན་གྱི་འདུ་བྱེད་ལ་ལྟོས་ཅན། །
ཤེས་པ་བར་དུ་ཆོད་པ་ཡི། །རྣམ་ཤེས་ལས་ཀྱང་སྐྱེ་འགྱུར་བས། །གཉིད་ཀྱིས་དེ་ནི་རྣམ་ཆད་མིན། །གཉིད་ཀྱིས་ནི་རྣམ་པར་ཤེས་པའི་ཉེ་བར་ལེན་པ་གཞིག་པར་ནུས་པ་མ་ཡིན་ཏེ། རྣམ་ཤེས་རྣམ་འཆད་དག་ལས་ཀྱང་། །སྐྱེ་བ་ཉེ་བར་དམིགས་ཕྱིར་རོ། །ཤི་དང་གཉིད་
ལོག་པ་དག་ལ། །རྣམ་ཆད་ཁྱད་པར་མེད་པར་གནས། །འོན་ཏེ་རེས་འགའ་རྣམ་པར་ཆད་པ་ཁོ་ནར་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། སད་པ་མེད་པའི་རྣམ་འཆད་ནི། །རང་ངམ་ཡང་ན་གཞན་གྱིས་ཀྱང་། །དམིགས་པ་ཡོད་པ་མ་ཡིན་ན། །རྟོགས་པ་འདི་འདྲ་ག་ལས་
ཡིན། །རེ་ཞིག་རྣམ་པར་ཤེས་པ་རྣམ་པར་ཆད་པ་རང་ཉིད་ཀྱིས་ནི་དམིགས་པ་མ་ཡིན་ནོ། །གཞན་རྣམ་པར་ཆད་པ་ནི་ཤེས་པས་དམིགས་ཀྱི་ཤེས་པ་རྣམ་པར་ཆད་པ་ནི་གང་གིས་ཀྱང་མ་ཡིན་ནོ། །ཤེས་པ་མེད་པས་སོ་ཞེ་ན། ཤེས་པ་མེད་པར་མ་གྲུབ་པ་ཅི་ལྟར་མེད་པ་སྒྲུབ་པར་
བྱེད་པ་ཡིན། གྲུབ་བོ་ཞེ་ན་ནི་དེ་ཉིད་ཤེས་པ་ཡིན་པས་ཅི་ལྟར་ཤེས་པ་རྣམ་པར་ཆད་པ་ཡིན། ཀུན་ཚེ་རྣམ་པར་ཆད་པ་ནི། །ཀུན་ཚེ་ཤེས་པ་ཉིད་གྱུར་པ། །འཇིག་རྟེན་ཕ་རོལ་མེད་པ་ནི། །དེ་ཉིད་ཡིན་ཕྱིར་ལན་གདབ་དཀའ། །དེ་ཡང་མ་ཡིན་ཏེ། སྔོན་གྱི་འདུ་བྱེད་ལ་
ལྟོས་ཅན། །རབ་ཏུ་སད་པ་དམིགས་པའི་ཕྱིར། །རྣམ་ཤེས་དེ་ནི་རྣམ་ཆད་པས། །འབའ་ཞིག་དམིགས་པ་ཡོད་མ་ཡིན། །དང་པོའི་སྐྱེ་བ་དང་། རབ་ཏུ་སད་པ་དག་ཏུ་རྣམ་པར་ཤེས་པ་སྔོན་གྱི་འདུ་བྱེད་དང་རྗེས་སུ་འབྲེལ་པ་ཉིད་དམིགས་པའི་ཕྱིར་སྔོན་དང་ཕྱི་མའི་མཐའ་དག་
Vol. 178 · folio 71a
རྣམ་པར་ཆད་པ་དམིགས་པ་མ་ཡིན་ནོ། །གཞན་གྱིས་ནི་གཞན་གྱི་ཤེས་པ་རྣམ་པར་ཆད་པ་མི་དམིགས་པ་ཉིད་དེ། དམིགས་པའི་མཚན་ཉིད་དུ་གྱུར་པ་མེད་པའི་ཕྱིར་རོ། །འདོད་ཆགས་དང་བྲལ་བས་ཉམས་དམས་པ་སྲིད་པ་ན། རྣམ་པར་ཆད་པ་
ཡང་མ་ཡིན་ཏེ། རང་གི་དོན་ལ་དགའ་མེད་པ། །ཆགས་བྲལ་ཞེས་བྱ་འདོད་མོད་ཀྱང་། །གཞན་གྱི་དོན་ལའང་དགའ་མེད་པར། །ཉེས་མེད་ཅེས་པ་འབྲེལ་མ་ཡིན། །གཞན་གྱི་དོན་ལ་དགའ་བ་མ་ཡིན་པས་ཉེས་པ་དང་བྲལ་བ་ཉིད་དུ་འགྱུར་བ་མ་ཡིན་ཏེ། བརྩེ་བ་མེད་
པ་ཞེས་བྱ་བ་གང་ཡིན་པ་དེ་ཉིད་དེའི་ཉེས་པ་ཡིན་ནོ། །ཡང་ན་འདོད་ཆགས་དང་བྲལ་བ་ཉིད་ཀྱིས་རྣམ་པར་ཆད་པ་ནི་འགའ་ཞིག་འདོད་པ་ཉིད་ཡིན་པའི་ཕྱིར། ཉེས་པ་མ་ཡིན་ནོ། །དེའི་ཕྱིར་ཉེ་བར་ལེན་པ་ཉམས་པ་ཉིད་ཀྱིས་རྣམ་པར་ཤེས་པ་ལྡོག་པ་ནི་མ་ཡིན་ཏེ། ལུས་
ཉེ་བར་ལེན་པ་མ་ཡིན་པའི་ཕྱིར་དང་། སེམས་ཉམས་པར་བྱ་མི་ནུས་པའི་ཕྱིར་རོ། །འདི་སྙམ་དུ་གལ་ཏེ་ཉེ་བར་ལེན་པ་ལྡོག་པས་རྣམ་པར་ཤེས་པ་ལྡོག་པ་མ་ཡིན་དུ་ཆུག་ཀྱང་། རྟེན་ལྡོག་པས་ལྡོག་པ་ནི་བཟློག་ཏུ་མེད་པ་ཉིད་དོ། །ལུས་ཀྱང་རྟེན་ཡིན་པར་རྟོགས་པ་
ཡིན་ཏེ། དེས་ན་རྩིག་པ་ལ་སོགས་པ་ལོག་པ་ལ་རི་མོ་ལ་སོགས་པ་ལྡོག་པ་བཞིན་པས་འཇིག་རྟེན་ཕ་རོལ་མ་གྲུབ་བོ་ཞེ་ན། དེ་ཡང་བདེན་མིན་རི་མོ་ལ། །སོགས་པས་འཕོ་བར་དམིགས་མིན་པ། །དེས་ན་རི་མོ་ལ་སོགས་དངོས། །རྟེན་ཞིག་ན་ནི་འཇིག་པར་འགྱུར། །རི་མོ་
ལ་སོགས་པ་ནི་བུམ་པ་ལ་སོགས་པ་ལྟར་རྟེན་གཞན་ནས་འོངས་སོ་ཞེས་རྟོག་པ་མེད་དོ། །རྣམ་པར་ཤེས་པ་ནི་དང་པོའི་སྐྱེ་བ་དང་རབ་ཏུ་སད་པའི་གནས་སྐབས་དག་ཏུ་སྐྱེ་བ་གཞན་གྱིས་ལུས་དང་ལྷན་ཅིག་སྤྱོད་པའི་འདུ་བྱེད་པ་དང་རྗེས་སུ་འབྲེལ་པའམ། རྨི་ལམ་གྱི་ལུས་ཀྱི་འདུ་
བྱེད་དང་རྗེས་སུ་འབྲེལ་པ་ཡིན་པའི་ཕྱིར། རི་མོ་བཞིན་དུ་རྟེན་སོ་སོར་ངེས་པ་མ་ཡིན་ནོ། །རྟེན་སོ་སོར་ངེས་པ་ཡིན་ན་ནི་རྟེན་དེ་ཞིག་ན་འཇིག་པ་ཡིན་ནོ། །གཞན་ཡང་རྟེན་ཉིད་ནི་ལུས་སམ་གཞན་འགའ་ལ་ཡང་ཡོད་པ་མ་ཡིན་པ་ཉིད་པས་ཇི་ལྟར་དེ་ཞིག་ན་འཇིག །རི་མོ་ལ་
Vol. 178 · folio 71b
སོགས་པ་ནི་རྩིག་པ་ལ་སོགས་པ་དག་ལས་ཐ་དད་པ་མ་ཡིན་པ་ཉིད་དེ། དེས་ན་རང་ཞིག་པ་ཉིད་ཀྱིས་ཞིག་པ་ཡིན་གྱི། རྟེན་ཞིག་པའི་ཕྱིར་ནི་མ་ཡིན་ནོ། །གལ་ཏེ་ཐ་དད་པ་མེད་པའི་ཕྱིར་རྟེན་དང་བརྟེན་པའི་དངོས་པོ་མ་ཡིན་མོད། ལུས་དང་སེམས་ཐ་དད་པ་དག་ནི་ཡིན་པར་འགྱུར་རོ་ཞེ་
ན། འདི་ནི་མེད་དེ། ཡོད་མེད་དག་ལ་རྟེན་མེད་ཕྱིར། །མ་ཡིན་ཡོད་པའི་གནས་རྒྱུ་ནི། །རྟེན་ཡིན་ཞེ་ན་འདི་རྟེན་མེད། །གནས་པ་པོ་ལས་གཞན་མིན་ཕྱིར། །འདི་ནི་རྟེན་ཡོད་མ་ཡིན་མོད། །གཞན་ཡིན་ན་ཡང་དེ་རྒྱུ་ཉིད། །དེས་ནི་དངོས་པོ་ཅི་ཞིག་བྱས། །རེ་ཞིག་
མེད་པ་ལ་ནི་རྟེན་ཡོད་པ་མ་ཡིན་ཏེ། རི་བོང་གི་རྭ་ལ་ནི་རྟེན་འགའ་ཡང་མེད་དོ། །མེད་པ་ནི་རྒྱུ་ལས་སྐྱེ་བར་འདོད་པ་འབའ་ཞིག་ཏུ་ཟད་དེ་དེས་ན་མེད་པ་ནི་རྒྱུ་ཉིད་སྲིད་ཀྱི་རྟེན་ནི་མ་ཡིན་ནོ། །ཡོད་པ་ལ་ཡང་རྟེན་ཡོད་པ་མ་ཡིན་ཏེ། ཡོད་པ་ནི་ལྟོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །
ཡོད་པ་ཡང་གནས་པར་བྱེད་པའི་ཕྱིར་རྟེན་ཡོད་པ་ཡིན་ནོ་ཞེས་བྱ་བ་ཡང་འབྲེལ་པ་མ་ཡིན་ཏེ། གནས་པ་ནི་གནས་པ་པོ་ལས་གཞན་མ་ཡིན་པའི་ཕྱིར་གནས་པར་བྱེད་ན་དེ་ཉིད་བྱས་པར་འགྱུར་རོ། །དེ་ནི་སྐྱེད་པ་མ་ཡིན་ཏེ། སྐྱེས་པ་ཡང་སྐྱེད་པར་མི་རུང་བའི་ཕྱིར་རོ། །འོན་ཏེ་སྐྱེས་
པ་ལ་ཡང་མ་སྐྱེས་པ་ཅུང་ཟད་ཡོད་པས་ན་དེ་བྱེད་པའི་ཕྱིར་རྟེན་ཡིན་ནོ། །བདག་ཉིད་ཐམས་ཅད་སྐྱེད་པ་ནི་རྒྱུ་ཡིན་པར་བརྗོད་ལ། ཆོས་འགའ་ཞིག་བསྐྱེད་པ་ནི་རྟེན་ལ་སོགས་པ་ཡིན་ནོ། །གནས་པ་ནི་རང་གི་ངོ་བོ་ལས་ཐ་དད་པ་མ་ཡིན་ཏེ། ལྟུང་བ་གནས་པ་མེད་པ་ལ་ཡང་རང་གི་ངོ་བོ་
ཡོད་པའི་ཕྱིར་རོ། །གལ་ཏེ་གནས་ཐ་དད་པ་མེད་པ་ཡིན་ན་ནི། དེ་གནས་པ་ལས་ཐ་དད་པ་མེད་པར་འགྱུར་བས་ཐམས་ཅད་ཀྱི་ཚེ་གནས་པར་འགྱུར་རོ། །རང་གི་ངོ་བོ་ཡོད་པ་ན་ལྡོག་པ་ནི་འགལ་བའི་ཆོས་གནས་པའི་ཕྱིར་ཐ་དད་པར་འགྱུར་རོ་ཞེས་རིགས་སོ་ཞེ་ན། དེ་ནི་མ་ཡིན་ཏེ།
གཞན་ཡིན་ན་ནི་འདི་དེའི་རྒྱུ་ཉིད་དེ། འདི་གནས་པའི་རྒྱུ་ཉིད་ཡིན་གྱི་རྟེན་ནི་མ་ཡིན་ནོ་ཞེ་ན། དངོས་པོའི་རྟེན་ཡིན་ནོ་ཞེ་ན། མ་ཡིན་ཏེ། དངོས་པོ་ལ་ནི་ཅི་ཡང་མ་བྱས་པའི་ཕྱིར་རོ། །དངོས་པོའི་གནས་པ་བྱེད་པའི་ཕྱིར་རྟེན་ཡིན་ནོ་ཞེ་ན། ཅི་གནས་པ་ནི་སྐྱེས་པ་ན་གནས་པར་བྱ་བ་
Vol. 178 · folio 72a
ཡིན་ནམ་འོན་ཏེ་གཞན་དུ་ཡིན་ཏེ། དེ་ནི་སྐྱེས་པའི་སྔོན་དུ་ནི་དངོས་པོ་མ་ཡིན་ཏེ་མེད་པ་ཉིད་ཀྱི་ཕྱིར་རོ། །ཐ་དད་པ་གཞན་ལས་སྐྱེས་པ་ཇི་ལྟར་དངོས་པོའི་ཡིན་ཏེ། དེའི་བདག་ཉིད་དང་དེ་ལས་བྱུང་བའི་འབྲེལ་པ་མེད་པའི་ཕྱིར་རོ། །དེ་དང་འདུས་པར་སྐྱེས་པའི་ཕྱིར་རོ་
ཞེ་ན། དེ་དང་འདུས་པ་ཞེས་བྱ་བའི་དོན་ཅི་ཡིན། དེར་གནས་པའོ་ཞེ་ན། གནས་པ་ལ་ཡང་གནས་པ་གཞན་ཡོད་པས་ཐུག་པ་མེད་དོ། །གཞན་ཡིན་ན་ཐ་དད་པ་ཉིད་དུ་ཅི་སྟེ་མི་རྟོགས། འཕྲོད་པ་འདུ་བས་འབྲེལ་པའི་ཕྱིར་རོ་ཞེ་ན། འཕྲོད་པ་འདུ་བ་ཡོད་མོད། དེ་ལྟ་ན་ཡང་གང་གང་གི་རང་
བཞིན་ཡིན་པ་དེ་དེ་ཉིད་དུ་ཇི་སྟེ་མི་རྟོགས་ཏེ། ཇི་ལྟར་གཞན་དུ་རྟོགས། འབྱར་བའི་ཕྱིར་རོ་ཞེ་ན། འབྱར་བ་ཞེས་བྱ་བ་དེ་ཅི་ཡིན། གལ་ཏེ་བདག་ཉིད་ཐམས་ཅད་ཀྱིས་འབྱར་ན་ནི་ཐ་དད་པ་མེད་པར་འགྱུར་རོ། །འོན་ཏེ་ཕྱོགས་གཅིག་གིས་འབྱར་བ་ཡིན་ན་ལྡན་པ་དང་འཕྲོད་པ་འདུ་བ་དག་ལ་
ཁྱད་པར་ཅི་ཡོད། སོ་སོ་བ་དང་སོ་སོ་བ་མ་ཡིན་པར་གྲུབ་པའོ་ཞེ་ན། ཤིང་ལ་སོགས་པའི་ཡན་ལག་རྣམས་ཀྱང་འཕྲོད་པ་འདུ་བར་ཐལ་ལོ། །འདི་ལའོ་སྙམ་པའི་བློའི་རྒྱུ་མཚན་དུ་གྱུར་པའོ་ཞེ་ན། མ་ཡིན་ཏེ། ལྡན་པ་ཉིད་དུ་ཐལ་བའི་ཕྱིར་ཏེ། མགོ་ལ་རྭའོ་ཞེས་རྟོགས་པའི་ཕྱིར་
རོ། །འོན་ཏེ་རང་གི་འདུ་བ་ཅན་གྱི་ཡན་ལག་དང་འདུས་པ་ཉིད་ནི་སོ་སོ་བ་མ་ཡིན་པར་འགྲུབ་པ་ཡིན་ལ་བཟློག་པ་ནི་སོ་སོར་གྲུབ་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་ཐ་དད་པར་རྟོག་པས་འཕྲོད་པ་འདུ་བ་མ་ཡིན་ནོ། །ཡན་ལག་མེད་པའི་དངོས་པོ་ནི་ཡན་ལག་དང་འབྱར་བ་མ་ཡིན་ནོ། །ཡན་ལག་
དང་འབྱར་བ་ན་ནི་ཐ་དད་པར་རྟོགས་པར་ཐལ་བའི་ཕྱིར་རོ། །རྗེས་སུ་ཞུགས་པ་དང་མ་ཞུགས་པས་ཐ་དད་དོ་ཞེས་བྱ་བ་ཡང་འཐད་པ་མ་ཡིན་ཏེ། མངོན་སུམ་གྱིས་རྗེས་སུ་འགྲོ་བ་མ་རྟོགས་པའི་ཕྱིར་རོ། །མངོན་སུམ་མེད་པ་ནི་རྗེས་སུ་དཔག་པ་མེད་པའི་ཕྱིར་རྗེས་སུ་འགྲོ་བ་རྟོགས་པ་མེད་དོ། །
དེའི་ཕྱིར་ལྷན་ཅིག་བྱེད་པའི་རྒྱུ་ཁྱད་པར་ཅན་ལས་དོན་ཁྱད་པར་ཅན་ཉིད་སྐྱེ་བ་ཅན་ཡིན་གྱི། གནས་པ་ཞེས་བྱ་བ་ནི་མེད་དོ་ཞེས་གནས་སོ། །དེ་ལྟ་ན་ཡང་རྒྱུ་དང་འབྲས་བུའི་དངོས་པོའི་ཁྱད་པར་ཉིད་རྟེན་དང་བརྟེན་པའི་དངོས་པོ་ཡིན་ནོ། །ལུས་ནི་ཉེ་བར་ལེན་པའི་རྒྱུ་ཡང་མ་ཡིན་པས་དེ་ལོག་ན་ལྡོག་པ་མ་
Vol. 178 · folio 72b
ཡིན་ནོ། །གལ་ཏེ་གནས་པར་བྱེད་པའི་ཕྱིར་ལུས་རྟེན་ཡིན་ན། དེའི་ཚེ་གང་ལ་གནས་པའི་ཡོད་པ་དེ་མི་འཇིག་པའི་ཕྱིར། འཇིག་པ་མེད་པར་ཐལ་བར་འགྱུར། །གལ་ཏེ་དེ་འཇིག་རྒྱུ་ལས་འདོད། །དེ་ལ་ཐལ་བ་མཚུངས་པ་ཡིན། །གནས་པའི་རྒྱུས་ཀྱང་ཅི་ཞིག་བྱ། །གནས་
པར་བྱེད་པ་ཡོད་པ་ལ་འཇིག་པ་མི་སྲིད་དོ། །འོན་ཏེ་ཡང་གལ་ཏེ་འཇིག་པའི་རྒྱུ་མེད་ན་གནས་པར་བྱེད་པ་ཡོད་པ་ན་འཇིག་པ་མ་ཡིན་པ་ཞིག་ན། འཇིག་པའི་རྒྱུ་ཡོད་པ་ལས་ཞིག་པའི་ཕྱིར་འཇིག་པ་མེད་པར་ཐལ་བར་མི་འགྱུར་རོ་ཞེས་སྨྲས་པ་ནི། གལ་ཏེ་དེ་འཇིག་པའི་རྒྱུ་ལས་འཇིག་
པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་ལའང་ཐལ་བ་མཚུངས་པ་ཡིན། །འཇིག་པ་དེ་ཡང་ཐལ་བར་འགྱུར་བ་མཚུངས་སོ། །འཇིག་པ་ཞེས་བྱ་བ་དངོས་པོ་ལས་གཞན་ནི་འགའ་ཡང་མེད་དོ། །གཞན་ཡིན་ན་དེའི་རྒྱུ་ཡིན་ཏེ། དེ་དངོས་པོ་ཅི་ཞིག་བྱས། འཇིག་པ་གཞན་བྱས་ན་དེ་འཇིག་
ཅེས་བྱ་བ་ནི་མ་ཡིན་ནོ། །དེས་ན་འཇིག་པའི་རྒྱུ་ཅུང་ཟད་ཀྱང་བྱེད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་མི་འཇིག་པས་བདག་ཉིད་གནས་པའི་ཕྱིར་གནས་པའི་རྒྱུས་ཅི་ཞིག་བྱ། གནས་པའི་རྒྱུ་ནི་ཅུང་ཟད་ཀྱང་བྱེད་པ་མ་ཡིན་ནོ། །ཡང་ན་གལ་ཏེ་འཇིག་པའི་རྒྱུ་ལས་འཇིག་པ་ཡིན་ན། ཇི་སྲིད་འཇིག་
པའི་རྒྱུ་ཡོད་པ་མ་ཡིན་པ་དེ་སྲིད་རང་ཉིད་གནས་པའི་ཕྱིར་གནས་པའི་རྒྱུས་ཅི་ཞིག་བྱ། གལ་ཏེ་འཇིག་རྒྱུ་ཕྲད་བར་དུ། །དེས་གནས་འཇིག་པ་དངོས་ཆོས་ཉིད། །ཡོད་ལ་འདི་གནོད་མེད་པའི་ཕྱིར། །གནས་པའི་རྒྱུས་ནི་ཅི་ཞིག་བྱ། །གནས་པར་བྱེད་པ་མེད་ན་འཇིག་བྱེད་མེད་པར་ཡང་འཇིག་
པར་འགྱུར་རོ། །གནས་པར་བྱེད་པ་ཡོད་ན་ནི་འཇིག་པའི་རྒྱུ་མེད་པར་འཇིག་པ་མ་ཡིན་ཏེ། དེས་ན་འཇིག་བྱེད་ཀྱི་སྔར་གནས་པར་བྱེད་པའི་ཕྱིར་གནས་པར་བྱེད་པའི་ཡིན་པས་དོན་མེད་པ་མ་ཡིན་ནོ་ཞེ་ན། དེ་ལྟ་ན་འོ་ན་འཇིག་པའི་རྒྱུ་མེད་པར་ཐལ་བས་རང་གི་རྒྱུ་ཉིད་ལས་དེ་ལྟ་བུར་འགྱུར་
བ་ཡིན་པའི་ཕྱིར་འཇིག་པའི་དངོས་པོའི་ཆོས་ཉིད་ཡིན་པས། ཡོད་པ་ལ་སྟེ་ཡོད་པའི་དོན་ལ་འདི་གནོད་པར་བྱེད་པ་མ་ཡིན་ནོ། །དངོས་པོའི་རང་བཞིན་གང་གིས་ཀྱང་གཞན་དུ་བྱ་བ་མ་ཡིན་པའི་ཕྱིར། གནས་པའི་རྒྱུས་ནི་ཅི་ཞིག་བྱ། འོན་ཏེ་གནས་པའི་རྒྱུ་མེད་ན་འཇིག་པར་འགྱུར་བ་ལས་
Vol. 178 · folio 73a
གནས་པའི་རྒྱུ་ཡོད་ན་འཇིག་པ་ལ་གེགས་བྱེད་དོ་ཞེ་ན། འཇིག་པའི་གེགས་དེ་ཡང་འཇིག་པ་ལས་གཞན་པ་ཡིན་ནམ། དེས་ན་འཇིག་པ་ཅི་ཡང་མ་ཡིན་པའི་ཕྱིར་འཇིག་པར་འགྱུར་བ་ཉིད་པས་ཇི་ལྟར་གནས། འོན་ཏེ་སྐད་ཅིག་སོ་སོར་འཇིག་པའི་ངང་ཅན་གནས་
པར་བྱེད་པ་ལས་གཞན་དུ་འགྱུར་བ་ཡིན་ན། དེའི་རྒྱུ་འཇིག་པ་ཡང་རྒྱུ་མེད་པ་ཡིན་པའི་ཕྱིར་དེ་ཉིད་སྐད་ཅིག་སོ་སོར་འཇིག་པ་ཡིན་ནོ། །དེའང་གནས་པར་བྱེད་པ་ལས་གཞན་དུ་སྐྱེས་པའི་ཕྱིར་འདི་སྐྱེད་པར་བྱེད་པ་ཉིད་ཡིན་གྱི་གནས་པར་བྱེད་པ་ནི་མ་ཡིན་ནོ། །ཡང་ན་གལ་ཏེ་གནས་པར་
བྱེད་པ་ལས་འཇིག་པ་པོ་དང་ཕྲད་ཀྱི་བར་དུ་མི་འཇིག་པ་གནས་པ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་མི་འཇིག་པར་སྐྱེས་པས་འདི་གནོད་པ་མ་ཡིན་པའི་ཕྱིར་གནས་པའི་རྒྱུས་ཅི་ཞིག་བྱ། འོན་ཏེ་གནས་པར་བྱེད་པ་ཡོད་པའི་དུས་ཉིད་དུ་མི་འཇིག་པ་ཡིན་ན། དེ་ལྟ་ན་གནས་པར་བྱེད་པ་ལ་སྐད་
ཅིག་སོ་སོར་མི་འཇིག་པ་གཞན་དང་གཞན་ཡིན་པར་འགྱུར་རོ། །གནས་པ་པོའི་གནས་པ་ཡང་ཅིས་བྱས། རང་གི་རྒྱུས་བྱས་སོ་ཞེ་ན། གནས་པར་བྱ་བ་ཡང་དེ་ལྟར་འགྱུར་བའི་ཕྱིར་གནས་པར་བྱེད་པས་ཅི་བྱ། འོན་ཏེ་འགའ་ཞིག་ནི་གནས་པ་པོས་གནས་ལ། འགའ་ཞིག་ནི་རང་ཉིད་
དུ་ཞེས་བྱ་བ་ནི་རྣམ་པར་དབྱེ་བ་ཡིན་ནོ་ཞེ་ན། དེ་ལྟ་ན་འོ་ན་རྣམ་པར་ཤེས་པ་ཡང་རང་ཉིད་གནས་པར་ཅི་སྟེ་མི་འདོད། ཅི་སྟེ་ཡང་ས་ཕྱོགས་ཆུ་ལ་སོགས་པའི་རྟེན་དུ་མཐོང་བ་ཡིན་ནོ། མཐོང་བ་ནི་རྣམ་པར་རྟོག་པ་རྒྱུས་ཀྱང་གནོད་པ་མ་ཡིན་ནོ། །དེས་ན་ཡོད་མེད་དག་རྟེན་མེད་པའི་ཕྱིར་རོ་ཞེས་
བྱ་བའི་ཚིག་གི་ཚུལ་ནི་དོན་མེད་པ་ཡིན་ཏེ། མཐོང་བ་དང་འགལ་བའི་ཕྱིར་རོ་ཞེ་ན། འདི་ལ་ཡང་བཤད་པ་ནི། གལ་ཏེ་དཔེར་ན་ཆུ་སོགས་ཀྱི། །རྟེན་བཞིན་ཞེ་ན་འདི་ལ་མཚུངས། །དངོས་རྣམས་སྐད་ཅིག་རེ་རེར་ནི། །འཇིག་ན་དངོས་རྒྱུན་དེ་ལྟ་བུར། །སྐྱེ་རྒྱུན་ཡིན་ཕྱིར་དེ་རྟེན་ཡིན། །དེ་
ལྟ་མིན་ན་རིགས་མ་ཡིན། །བོ་བ་ཡི་ནི་གེགས་བྱེད་ཕྱིར། །ཆུ་སོགས་ཀྱི་ནི་རྟེན་འགྱུར་གྱི། །འགྲོ་བ་མེད་ཅན་ཡོན་ཏན་སྤྱི། །ལས་རྣམས་ལ་ནི་རྟེན་ཅི་དགོས། །ཆུ་ལ་སོགས་པ་ལ་ཡང་ས་གཞི་ལ་སོགས་པ་ཡོད་པ་དང་མེད་པའི་ཕྱོགས་དག་གི་རྟེན་དུ་མི་འཐད་པའི་ཕྱིར་དཔེ་མཐོང་བ་མེད་དོ། །
Vol. 178 · folio 73b
གལ་ཏེ་རྟེན་གྱི་དངོས་པོ་མཐོང་བའི་ཕྱིར་ཅི་ལྟར་མ་མཐོང་ཞེ་ན། མ་མཐོང་བ་ཉིད་ལ་ཁྱེད་མཐོང་བར་མངོན་པར་རློམ་པ་ཡིན་ནོ། །བྱེད་པ་པོ་དང་ལས་ཀྱི་བྱ་བ་ལ་གཞིར་འགྱུར་བ་གང་ཡིན་པ་ནི་རྟེན་ཡིན་ནོ་ཞེས་བྱ་བ་ནི་ལུགས་ཡིན་ཏེ། འཛིན་པའི་ཕྱིར་རྟེན་ཡིན་ནོ། །འཛིན་པ་ཡང་ལྟུང་བ་ལ་ཡིན་
ན་གང་ལྟུང་བ་དེ་ནི་མི་འཛིན་ལ། གང་འཛིན་པ་དེ་ནི་ལྟུང་བ་མ་དམིགས་ཏེ། ལྟུང་བ་དང་མི་ལྟུང་བ་དག་ཕན་ཚུན་འགལ་བའི་ཕྱིར་རོ། །སྔར་ལྟུང་བ་ཕྱིས་མི་འབྱུང་བ་ཡིན་ནོ་ཞེ་ན། འོ་ན་གང་ལྟུང་བ་དེ་གཟུང་བ་མ་ཡིན་ཏེ། མངོན་སུམ་གྱིས་གཅིག་ཏུ་མ་རྟོགས་པའི་ཕྱིར་རོ། །ལྟུང་བ་
དང་ཅིག་ཤོས་ཁྱབ་པ་གནས་པ་པོ་གཅིག་ནི་དམིགས་པ་མ་ཡིན་ནོ། །ཁྱབ་པ་མ་ཡིན་ན་ཡང་ཅི་ལྟར་གནས་པ་པོ་ཉིད་ཡིན། ད་ལྟར་ཡང་གནས་སོ་ཞེས་གཟུང་ན་ནི་གནས་པ་པོ་དེ་ལྟར་གཟུང་བར་འགྱུར་རོ། །རིམ་གྱིས་ཁྱབ་པར་འཛིན་ཏོ་ཞེ་ན། རིམ་གྱི་དོན་ཅི་ཡིན་ཞེས་སོམས་
ཤིག །དངོས་པོ་དང་དངོས་པོ་མེད་པ་རིམ་དུ་བརྗོད་པ་ཡིན་ལ་དེ་ཡང་དུས་ཐ་དད་པ་དག་ཡིན་ནོ། །དངོས་པོ་དང་དངོས་པོ་མེད་པ་ལ་གཟུང་བའམ་འཛིན་པའི་ཡིན་གྲང་ན། གཟུང་བའི་དངོས་པོ་དང་དངོས་པོ་མེད་པ་དང་འབྲེལ་ན་ནི་གཅིག་ཉིད་མ་ཡིན་ནོ། །འཛིན་པར་བྱེད་པ་རིམ་དང་
ལྡན་པ་ཡིན་ན་ནི་གཟུང་བ་ལ་ཡང་དེར་འགྱུར་བའི་ཕྱིར་གཟུང་བ་གནས་པ་པོ་གཅིག་མ་ཡིན་ནོ། །དེའི་ཕྱིར་ཅུང་ཞིག་ནི་འདས་པར་གཟུང་ངོ་། །ཅུང་ཞིག་ནི་ད་ལྟར་འཛིན་ཏོ། །ཅུང་ཞིག་ནི་མ་འོངས་པ་ན་འཛིན་པར་འགྱུར་རོ་ཞེས་བྱ་བའི་རྣམ་པར་རྟོག་པའི་སྤྱོད་ཡུལ་ཉིད་རིམ་པ་ཡིན་
པས་ན། གང་གིས་དམིགས་པའི་ཕྱིར་རྟེན་དང་བརྟེན་པའི་དངོས་པོ་ཞེས་བརྗོད་པ་མངོན་སུམ་གྱིས་རིམ་པ་འཛིན་པ་ག་ལ་ཡོད། དེ་ཕྱིར་ཡོད་མེད་དམ་རྟེན་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་འདི་ཉིད་ཡིན་ནོ། །འདི་ལྟར་རྟེན་དང་བརྟེན་པའི་དངོས་པོ་ཉིད་ནི་མཐོང་བ་མེད་པ་ཉིད་དོ། །
དེའི་ཕྱིར་རྟེན་དང་བརྟེན་པ་ཞེས་བྱ་བ་འདི་ནི་རྣམ་པར་རྟོག་པ་ཙམ་དུ་ཟད་དོ། །འོ་ན་ཇི་ལྟར་རྟེན་དང་བརྟེན་པའི་དངོས་པོར་རྟོག་པ་ཡང་དེ་མཐོང་བ་མེད་པར་ཇི་ལྟར་འགྱུར་ཞེ་ན། འོ་ན་ནི་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པར་མི་འགྱུར་རོ་ཞེས་བྱ་བར་འགྱུར་རོ། །གཞན་ཡང་སྐད་ཅིག་སོ་སོར་
Vol. 178 · folio 74a
འཇིག་པ་ཡུལ་གཞན་དང་གཞན་དུ་སྐྱེ་བ་ཅན་རྣམས་ཀྱི་ཉེ་བར་ལེན་པའི་ཡུལ་དུ་སྐྱེ་བ་ནི་རྟེན་དང་འབྲེལ་པས་བྱས་པ་ཡིན་ཏེ། དེ་ལས་དེ་ལྟར་སྐྱེ་བའི་ཕྱིར་ས་གཞི་ལ་སོགས་པ་དེ་རྟེན་ཡིན་ཏེ་རྒྱུ་ཡིན་པའི་ཕྱིར་རོ། །སྔ་མ་དང་ཕྱི་མ་དག་གཅིག་ཏུ་སྒྲོ་བཏགས་
ནས་སྐབས་ཁྱད་པར་ཅན་གྱི་རྒྱུ་ཉིད་ལ་རྟེན་དུ་བརྗོད་པ་ཡིན་ནོ། །གཅིག་ཏུ་སྒྲོ་བཏགས་པ་ཡིན་ན་སྐྱེ་བར་མི་རྟོགས་ཤིང་སྔ་མ་འཛིན་པར་ཡང་སྒྲོ་བཏགས་པའི་ཕྱིར་ཐོག་མ་མེད་པའི་བག་ཆགས་ཀྱི་མཐུ་ལས་ཕྱིན་ཅི་ལོག་ཏུ་རྟོགས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྔ་མ་སྔ་མའི་བག་ཆགས་ཀྱིས་
འཇུག་པའི་ཕྱིར་རྒྱུན་ཐོག་མ་མེད་པ་ཉིད་ཀྱི་འཇིག་རྟེན་ཕ་རོལ་གྲུབ་པའི་ཕྱིར་མི་འདོད་པ་ཐོག་ཏུ་བབ་བོ། །འདི་ལྟར། དམིགས་པ་མེད་པའི་ངོ་བོས་ན། །ཡིད་ཀྱི་རྟོག་པ་ཐམས་ཅད་ནི། །སྔོན་གྱི་ཤེས་པ་ལས་བྱུང་སྟེ། །སྨིག་རྒྱུ་ལ་ནི་ཆུར་རྟོགས་བཞིན། །སྔ་ཕྱི་གཅིག་ཏུ་རྟོགས་པ་
ནི། །དམིགས་པ་མེད་པའི་ངོ་བོ་ཡི། །རྗེས་སུ་འགྲོ་བ་ཡིན་ཏེ་གཅིག་ཉིད་མེད་པའི་ཕྱིར་རོ། །དངོས་པོ་དུ་མ་ཉིད་ལས་འགྱུར་ཏེ། དེའི་འབྲས་བུ་ཉིད་དུ་མཐོང་བའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། སྨིག་རྒྱུ་ལ་ཆུར་རྟོགས་པ་ནི་དེ་ཙམ་གྱི་རྒྱུ་མཚན་ཅན་མ་ཡིན་ཏེ། སྔོན་གྱི་ཆུ་མཐོང་
བའི་འདུ་བྱེད་པས་སྐྱེ་བའི་ཕྱིར་གཅིག་ཉིད་ནི་སྔོན་ཡང་དམིགས་པ་མ་ཡིན་ཏེ། དེས་ན་སྐྱེ་བ་གཞན་དུ་ཡང་གཅིག་ཏུ་རྟོག་སྟེ་སྐྱེ་བ་གཞན་གྱིས་གཅིག་ཏུ་འཛིན་པ་སྔོན་དུ་འགྲོ་བ་ཡིན་ལ་དེ་ཡང་དེ་ལྟ་བུ་ཡིན་པའི་ཕྱིར་ཐོག་མ་མེད་པའི་རྟོག་པ་བརྒྱུད་པ་ཡིན་པས་སྲོག་ཆགས་རྣམས་ཀྱི་རྒྱུན་
ཐོག་མ་མེད་པར་གྲུབ་བོ། །དེ་བཞིན་དུ་བདག་ལ་སོགས་པར་འཛིན་པ་དང་ལྡན་པའི་བློ་རྒྱུན་ཐོག་མ་མེད་པར་དེ་ལྟར་འགྱུར་ཞིང་ཕྱིས་ཀྱང་མི་འཆད་པ་ཡིན་པའི་ཕྱིར་འཁོར་བ་ཐོག་མ་དང་ཐ་མ་མེད་དོ། །གཞན་ཡང་། བོ་བ་ཡི་ནི་གེགས་བྱེད་ཕྱིར། །ཆུ་སོགས་ཀྱི་ནི་རྟེན་འགྱུར་གྱི། །འགྲོ་
བ་སེམས་ཅན་ཡོན་ཏན་སྤྱི། །ལས་རྣམས་ལ་རྟེན་ཅི་ཞིག་དགོས། །ཆུ་ལ་སོགས་པ་ལ་ནི་བོ་བའི་གེགས་བྱེད་པའི་རྒྱུ་རྟེན་ཡིན་ནོ་ཞེས་རིགས་ཀྱི། ཡོན་ཏན་དང་སྤྱི་དང་ལས་བྱ་བ་མེད་པ་འགྲོ་བ་དང་མི་ལྡན་པ་རྣམས་ལ་རྟེན་ཅི་དགོས། སེམས་པ་སྤྱི་དང་ཡོན་ཏན་དང་ལས་ཡིན་ནམ་གཞན་དུ་
Vol. 178 · folio 74b
ཡང་རུང་སྟེ་རྣམ་པ་ཐམས་ཅད་དུ་བྱ་བ་མེད་པ་ཡིན་པའི་ཕྱིར་འདི་ལ་རྟེན་གྱི་དགོས་པ་ཡོད་པ་མ་ཡིན་ནོ། །དེས་ན་བརྟེན་པ་མ་ཡིན་པའི་སེམས་པ་ནི་རྟེན་མ་ཡིན་པ་ཞིག་པས་འཇིག་པ་མ་ཡིན་ནོ། །དེ་ནི་ལྷན་ཅིག་གནས་པ་ཙམ་དུ་ཟད་དེ་ཇི་ལྟར་ལྷན་ཅིག་གནས་པ་དེ་ལྟར་ནི་སྔར་བསྟན་ཟིན་
ཏོ། །གལ་ཏེ་ཇི་ལྟར་འགྲོ་བ་ཅན་ཉིད་མ་ཡིན་ཡང་། ཡོན་ཏན་འཕྲོད་པས་འདུས་པ་ཡིན་པ་དེ་བཞིན་དུ་སེམས་པ་ཡང་འཕྲོད་པས་བསྡུས་པ་ཡིན་ནོ། །འཕྲོད་པས་བསྡུས་པའི་ཡོན་ཏན་ནི་འཕྲོད་པ་འདུ་བ་ཅན་གྱི་རྒྱུ་མེད་པར་གནས་པ་མ་ཡིན་ཏེ། དེ་འཇིག་ན་འཇིག་པ་ཉིད་དོ་ཞེ་ན།
འགྲོ་བ་ལ་སོགས་པའི་གེགས་བྱེད་པ་མེད་པར་ནི་རྟེན་དང་བརྟེན་པའི་དངོས་པོ་མ་ཡིན་ལ། རྟེན་དང་བརྟེན་པའི་དངོས་པོ་མེད་པར་ཡང་འཕྲོད་པར་འདུ་བ་མ་ཡིན་ཏེ། གང་གི་ཕྱིར་སོ་སོར་མ་ཡིན་པར་གྲུབ་པའི་རྟེན་དང་བརྟེན་པ་རྣམས་ཀྱིས་འདི་ལའོ་སྙམ་པའི་བློའི་རྒྱུ་མཚན་ནི་འཕྲོད་པ་
འདུ་བ་ཞེས་བརྗོད་པའི་ཕྱིར་རོ། །འདི་ཉིད་བརྗོད་པ་ནི། འདིས་ནི་འཕྲོད་པ་འདུ་བ་དང་། །འཕྲོད་པ་འདུ་བ་ཅན་རྒྱུ་དང་། །རིགས་ལ་སོགས་པ་རྣམས་གནས་ཉིད། །རྟེན་མེད་ཕྱིར་ན་གསལ་བ་ཡིན། །རིགས་ལ་སོགས་པ་འཕྲོད་པས་འདུས་པ་ཡིན་ཡང་རྟེན་དུ་འགྱུར་བའི་གསལ་བ་མེད་ན་
མེད་པ་ནི་མ་ཡིན་ནོ། །གལ་ཏེ་རིགས་རྟག་པའི་ཕྱིར་རྟེན་མེད་ན་མེད་པ་ཡིན་ནོ་ཞེ་ན། སེམས་ཀྱང་རྒྱུ་གཞན་དང་འབྲེལ་པའི་ཕྱིར་མཚུངས་སོ། །རྟེན་དང་བརྟེན་པའི་དངོས་པོ་ཡང་ཡོད་པ་མ་ཡིན་ནོ། །རྟེན་དང་བརྟེན་པའི་དངོས་པོ་གསལ་བ་འདི་ཉིད་ཀྱིས་སྤངས་པའི་ཕྱིར་འཕྲོད་པས་འདུ་བ་
སྤངས་པ་ཡིན་ལ། འཕྲོད་པ་འདུ་བ་ཅན་གྱི་རྒྱུ་ཡང་སྤངས་པ་ཡིན་ཏེ། གལ་ཏེ་དེ་རྒྱུ་ཡིན་ན་ནི་རྟེན་དང་བརྟེན་པའི་དངོས་པོ་མ་ཡིན་ནོ། །འོན་ཏེ་རྒྱུ་མ་ཡིན་ན་དེའི་ཚེ་འདུ་བ་ཅན་གྱི་རྒྱུ་ཉིད་མེད་དོ། །རིགས་ལ་སོགས་པ་རྒྱུ་མེད་པར་རྣམ་པར་གནས་པར་བརྗོད་པ་གང་ཡིན་པ་དེ་ཡང་སྤངས་པ་ཡིན་ནོ། །ཡང་
ན་རྣམ་པར་གནས་པ་ཉིད་འཕྲོད་པས་འདུ་བ་ཡིན་ཡང་དེ་ཉིད་དུ་འདུས་པ་སྤངས་པ་ཡིན་ནོ། །རིགས་ནི་གསལ་བ་ལ་འཕྲོད་པས་འདུས་པ་ཡིན་ཡང་དེ་ཉིད་དུ་རྣམ་པར་གནས་པ་ནི་མ་ཡིན་ཏེ། གསལ་བ་གཞན་ལ་ཡང་རྗེས་སུ་སོང་བའི་ཕྱིར་རོ། །དེ་བཞིན་དུ་སེམས་པ་འཕྲོད་པས་འདུས་
Vol. 178 · folio 75a
པ་ཡིན་ཡང་ལུས་མེད་པར་ཡང་ལུས་གཞན་དང་རྗེས་སུ་འབྲེལ་པར་འགྱུར་བའི་ཕྱིར་འཇིག་རྟེན་ཕ་རོལ་མ་གྲུབ་པ་མ་ཡིན་ནོ། །ལུས་གཅིག་མེད་ཀྱང་རྣམ་པ་དེ་ལྟ་བུའི་བློ་སྐྱེ་བ་ནི་མི་འགལ་ཏེ་གསལ་བ་གཞན་ལ་ཡང་རྗེས་སུ་འགྲོ་བའི་བློ་བཞིན་ནོ། །དེའི་ཕྱིར་
རྒྱུ་དང་འབྲས་བུའི་དངོས་པོ་མེད་པར་ནི། རྟེན་དང་བརྟེན་པའི་དངོས་པོ་འགའ་ཡང་ཡོད་པ་མ་ཡིན་ནོ། །གལ་ཏེ་གཞན་ལས་དངོས་འཇིག་ན། །དེ་ཡི་གནས་རྒྱུས་ཅི་ཞིག་བྱ། །དེས་གཞན་མེད་པར་འཇིག་ན་ཡང་། །གནས་པའི་རྒྱུ་རྣམས་ནུས་མེད་ཡིན། །རྟེན་བཅས་ཐམས་ཅད་
གནས་ལྡན་དང་། །སྐྱེ་བ་ཅན་ཀུན་རྟེན་བཅས་ཡིན། །དེ་ཕྱིར་དངོས་པོ་ཐམས་ཅད་ནི། །འགའ་ཞིག་ཚེ་ནའང་འཇིག་མི་འགྱུར། །གལ་ཏེ་རང་འཇིག་ངང་ཚུལ་བདག །ཡིན་ན་དེ་གནས་བྱེད་གཞན་གང་། །གལ་ཏེ་རང་འཇིག་ངང་ཚུལ་བདག །མིན་ན་དེ་གནས་བྱེད་གཞན་གང་། །
ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པ་དག་གོ། །གལ་ཏེ་འོད་དང་སྒྲོན་མ་དག་གཞི་དང་གནས་པའི་རྟེན་དང་བརྟེན་པ་མ་ཡིན་ཡང་རྟེན་དང་བརྟེན་པའི་དངོས་པོར་མཐོང་བ་ཡིན་ནོ། །འོད་ནི་ལྟུང་བའི་ཆོས་ཅན་མ་ཡིན་ཡང་སྒྲོན་མ་རྟེན་གྱི་དངོས་པོར་ནི་ཡོད་པ་ཡིན་ནོ། །དེ་ལྡོག་ན་ནི་
འདི་ལྡོག་པར་འགྱུར་ཏེ། འོད་དེ་ནི་སྒྲོན་མའམ་དེ་མ་ཡིན་པ་གཞན་དུ་འཕོ་བ་ནི་མ་ཡིན་ནོ། །དཔེར་ན་མར་མེ་ཞིག་ན་མར་མེའི་འོད་ཡུལ་གཞན་ན་འདུག་པའང་འཇིག་པ་དེ་བཞིན་དུ་ལུས་ཞིག་ན་ལུས་ལ་བརྟེན་པའི་རྣམ་པར་ཤེས་པ་ཡུལ་གཞན་ལ་གནས་པ་ཡང་འཇིག་པར་འགྱུར་རོ། །
དོན་དམ་པར་ནི་ཡུལ་ལ་གནས་པ་ཡང་མ་ཡིན་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་ལ་ནི་དེའི་རྣམ་པ་ཙམ་ཞིག་མཐོང་བ་ཡིན་ནོ་ཞེ་ན། འདིར་སྨྲས་པ། འོད་དང་སྒྲོན་མ་དག་ནི་དེར་འགྱུར་ན་འགྱུར་བའི་ཕྱིར་རྟེན་དང་བརྟེན་པའི་དངོས་པོ་ཡིན་གྱི། ལུས་དང་སེམས་དག་ནི་དེ་ལྟ་མ་ཡིན་ཏེ། འོན་
ཀྱང་ཤེས་རབ་ལ་སོགས་པ་བློ་ཉིད་དོ། །འདི་ལྟར། ལུས་ཀྱི་ཕུལ་འབྱུང་འགྲིབ་མེད་པར། །བློ་ཡི་བྱེད་པའི་ཁྱད་པར་གྱིས། །ཤེས་རབ་ལ་སོགས་ཕུལ་བྱུང་དང་། །འགྲིབ་པ་དག་ཏུ་འགྱུར་བ་ཡིན། །འདི་ནི་མར་མེའི་འོད་ལ་སོགས། །རྟེན་པ་རྣམས་ལ་ཡོད་མ་ཡིན། །དེ་ལས་
Vol. 178 · folio 75b
ཀྱང་ནི་ཁྱད་འགྱུར་ཏེ། །སེམས་ལ་ཕན་འདོགས་མེད་པ་མིན། །ལུས་ཀྱི་འདུ་བྱེད་ཁྱད་པར་མེད་ཀྱང་བློའི་འདུ་བྱེད་པའི་ཁྱད་པར་གྱི་དབང་གིས་ཁྱད་པར་དུ་འགྱུར་བས་ན་ཤེས་རབ་ལ་སོགས་པ་རྟོགས་པའི་ཁྱད་པར་འཇུག་པ་ཡིན་ནོ། །དེའི་ཕྱིར་བློ་སྔ་མ་ཉིད་བློའི་རྟེན་ཡིན་གྱི་ལུས་ནི་མ་
ཡིན་ཏེ། དེས་ན་མར་མེའི་འོད་ནི་དཔེ་མ་ཡིན་ནོ། །གལ་ཏེ་མར་མེའི་འོད་ཀྱང་སྦྲུལ་ལ་སོགས་པས་མར་མེ་མ་འགྱུར་ཡང་འགྱུར་བར་བྱེད་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་དེ་ནི་མར་མེ་ཉིད་དབལ་ཞན་པའི་མཚན་ཉིད་དུ་རྣམ་པར་འགྱུར་བ་ཡིན་ཏེ། དེས་ན་མར་མེའི་འོད་ཡུལ་གཞན་ན་ཡོད་པ་
རྣམ་པ་གཞན་དུ་འགྱུར་བ་ཡིན་ནོ། །བློའི་བྱེད་པ་ཐ་དད་པའི་དུས་ན་ནི་ལུས་རྣམ་པར་འགྱུར་བ་མ་ཡིན་ནོ། །གལ་ཏེ་ལུས་ཀྱི་ཁྱད་པར་ལས་ཀྱང་། ཁྱད་པར་དུ་འགྱུར་བ་མཐོང་བ་ཉིད་མ་ཡིན་ནམ། དེས་ན་ལུས་ནི་རྟེན་གྱི་དངོས་པོའམ། ཉེ་བར་ལེན་པ་ཡིན་ནོ་ཞེ་ན། དེ་ལ་སྨྲས་པ།
དེར་ཡང་སེམས་ལ་ཕན་འདོགས་པ་ཉིད་ཀྱི་སྒོ་ནས་ལུས་རྣམ་པར་འགྱུར་བར་བྱེད་པ་ཉིད་ཡིན་ནོ། །གང་དུ་བཅུད་ཀྱིས་ལེན་ལ་སོགས་པས་ལུས་རྒྱས་པས་ཤེས་རབ་ཁྱད་པར་དུ་འགྱུར་བ་དེར་ནི་ལུས་རེག་བྱ་བདེ་བའི་རང་བཞིན་སྐྱེས་པས་ཡིད་འཆོལ་བ་མེད་པ་ན། ཇི་ལྟ་བ་བཞིན་དུ་འགྱུར་
བའི་འདུ་བྱེད་སད་པའི་ཕྱིར་འགའ་ཞིག་ཏུ་ཤེས་རབ་ཁྱད་པར་དུ་འགྱུར་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཐམས་ཅད་ཐམས་ཅད་ལ་ཤེས་རབ་མཚུངས་པར་ཐལ་ལོ། །དཔེར་ན་བཀྲེས་པས་ཉེན་པས་ན། །བཤད་པ་འཆོལ་བར་བྱེད་པ་དག །དེ་ལོག་ཇི་ལྟར་གོམས་པ་བཞིན། །དེ་ཡི་
བཤད་པ་འཇུག་འགྱུར་བཞིན། །བཅུད་ཀྱིས་ལེན་དང་དྲངས་པ་ནི། །མཚུངས་ཕྱིར་གོམས་པ་ཇི་ལྟ་བར། །རྗེས་འབྲེལ་བར་ཡང་མི་འགྱུར་ཏེ། །དེ་ཕྱིར་ཐམས་ཅད་འཆད་པར་འགྱུར། །དེས་ན་སྐྱེ་བ་གཞན་དག་ཏུ། །གང་གིས་བསྟན་བཅོས་གང་གོམས་པ། །དེ་ནི་ཤེས་རབ་བསྟན་
བཅོས་ནི། །དེ་ཉིད་ལ་ནི་སད་པར་ངེས། །གླ་ལ་ཐམས་ཅད་གོམས་ཡོད་པར། །དེ་ཡི་ཤེས་རབ་ཁྱད་མེད་འགྱུར། །དེ་ལྟ་མིན་ན་བཅུད་ཀྱིས་ལེན། །བསྒྲུབ་པས་ཐམས་ཅད་རིག་པར་འགྱུར། །མངོན་སུམ་དྲན་པ་མ་གཏོགས་པ། །བློ་གཞན་གང་ནའང་ཡོད་མ་ཡིན། །ཤེས་རབ་ཡིད་
Vol. 178 · folio 76a
གཞུངས་ལ་སོགས་ཀྱི། །དབྱེ་བའང་དྲན་པའི་བྱེ་བྲག་ལས། །ཇི་བཞིན་དྲན་པ་ཤེས་རབ་སྟེ། །འཆལ་བའི་ཤེས་རབ་དེ་ལས་བཟློག །ཡིད་གཞུངས་པ་ཡང་དྲན་དེ་ཉིད། །དེར་ནི་དབྱེ་བ་རབ་ཏུ་བསྟན། །སྔོན་གྱི་འདུ་བྱེད་ཙམ་ལས་ནི། །གཏན་དུ་བརྗོད་པའི་
དོན་གང་ཡིན། །གང་ཞིག་དེ་བཞིན་ཉིད་དཔོག་པ། །དེ་ནི་ཤེས་རབ་ཅེས་བརྗོད་དོ། །གང་གིས་དྲན་པའི་རྗེས་འབྲངས་པ། །ཉིད་ཀྱིས་དེ་ནི་རྟོགས་བྱེད་པ། །དེ་ནི་ཡིད་གཞུངས་ཞེས་བརྗོད་དེ། །གོམས་དང་བྲལ་ཕྱིར་ཤེས་རབ་མིན། །དེ་བཞིན་དུ། སོ་སོ་སོ་སོར་གཟུང་བ་རྣམས། །
དེ་བཞིན་དྲན་པ་ཡིད་གཞུངས་ཡིན། །དེ་ཉིད་ཁྱད་པར་ཅན་དུ་ནི། །ཕན་ཚུན་སྦྱོར་བ་ཤེས་རབ་ཡིན། །གོམས་པ་མེད་པར་འགའ་ཡང་ནི། །སྦྱོར་བ་ཉེ་བར་མཐོང་བ་མིན། །དེས་ན་དོན་གྱི་དེ་གོམས་ཅན། །སྔོན་གྱི་གོམས་པའི་རྗེས་དཔོག་བྱེད། །གལ་ཏེ་འདོད་ཆགས་ཀྱང་བློའི་ཁྱད་
པར་ཉིད་ཡིན་ཏེ། བློ་ལས་གཞན་ནི་མ་ཡིན་ནོ། །གཞན་ཉིད་ན་ནི་ཤེས་རབ་ལ་སོགས་པ་ཡང་གཞན་ཡིན་པར་ཐལ་ལོ། །འདོད་ཆགས་ལ་སོགས་པ་ནི་ལུས་རྒྱས་པ་ལ་སོགས་པ་ལས་སྐྱེས་པ་ཡིན་ཏེ། དེས་ན་བློ་ཡང་ལུས་ལས་སྐྱེ་བར་འགྱུར་རོ། །དེ་ལྟ་མ་ཡིན་པ་དེའི་རྗེས་སུ་བྱེད་པར་མི་
འགྱུར་རོ་ཞེ་ན། འདི་ནི་མེད་དེ། འགའ་ཚེ་ཆགས་སོགས་རྒྱས་སོགས་ཀྱི། །འཕེལ་བ་བདེ་སྡུག་ལས་སྐྱེས་ཡིན། །དེ་ཡང་ཁམས་མཉམ་ལ་སོགས་པ། །ནང་གི་དོན་ནི་ཉེ་བ་ལས། །རྒྱས་པ་ལ་སོགས་པས་འདོད་ཆགས་ལ་སོགས་པ་འཕེལ་བ་དེ་ནི་ཐམས་ཅད་ཀྱི་ཚེ་མ་ཡིན་གྱི། འོན་ཀྱང་
འགའི་ཚེ་ཉིད་དེ། གང་གི་ཚེ་གོམས་པ་ལས་སྐྱེས་པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་མངོན་དུ་འགྱུར་བ་ནའོ། །གང་ཞིག་མི་སྡུག་པའི་བག་ཆགས་དང་འབྲེལ་པ་དེ་ལ་ནི། དེ་ཉིད་ཕྱིར་ལ་འདོད་ཆགས་སྲབས་པར་བྱེད་པ་ཡིན་ནོ། །འདོད་ཆགས་ལ་སོགས་པ་འཕེལ་བ་དེ་ཡང་བདེ་བ་དང་
སྡུག་བསྔལ་ལས་སྐྱེས་པ་ཡིན་ཏེ། བདེ་བ་མྱོང་བ་ན་ནི་འདོད་ཆགས་རྗེས་སུ་འབྲེལ་བར་འགྱུར་ལ། སྡུག་བསྔལ་ན་ནི་ཞེ་སྡང་ངོ་། །བདེ་བ་ན་ནི་སྔོན་གྱི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དེ་ཉིད་སད་པར་འགྱུར་བ་ཡིན་ན། སྡུག་བསྔལ་བ་ལ་གོ་ཞེ་སྡང་ཇི་ལྟར་ཞེ་ན། སྡུག་བསྔལ་བ་ནི་
Vol. 178 · folio 76b
ཐམས་ཅད་དུ་མི་བཟོད་པ་དེས་དེ་ཡོངས་སུ་འདོར་བའི་བདག་ཉིད་ནི་སྡང་པ་ཉིད་དོ། །འདིར་ངེས་པ་ནི་ཡོད་པ་མ་ཡིན་ཏེ། ཡིད་སྡུག་བསྔལ་བ་ན་སོ་སོར་རྟོག་པ་དང་ལྡན་པ་དག་རང་གི་སྡུག་བསྔལ་གྱི་རྗེས་སུ་དཔག་ནས་བརྩེ་བ་སྐྱེ་བ་ཉིད་དམ། དེའི་ཕྱིར་གཞིལ་བའི་རྒྱུ་ལ་ཆགས་པར་ཡང་
འགྱུར་རོ། །འོ་ན་གལ་ཏེ་བློའི་རང་བཞིན་བདེ་བ་དང་སྡུག་བསྔལ་དེ་དག་ཉིད་བློ་ལས་སྐྱེས་ན་བློ་ཡང་དེ་བཞིན་དུ་འགྱུར་བའི་ཕྱིར་སྐབས་དང་འགལ་ལོ་ཞེ་ན། འདི་ནི་ཡོད་པ་མ་ཡིན་ཏེ། ཁམས་མཉམ་པའི་མཚན་ཉིད་ནང་གི་དོན་ཉེ་བ་ལས། ཡུལ་གྱི་སྒོ་ནས་བདེ་བ་སྐྱེ་བ་ཡིན་གྱི་རྟེན་གྱི་སྒོ་ནས་ནི་
མ་ཡིན་ནོ། །ལུས་རྟེན་དུ་འགྱུར་བས་བདེ་བ་དང་སྡུག་བསྔལ་བསྐྱེད་པ་ནི་མ་ཡིན་ཏེ། འོན་ཀྱང་ཡུལ་དུ་འགྱུར་བས་མ་ཡིན་ནོ། །ཡུལ་བདེ་བ་ལ་སོགས་པའི་རྒྱུ་ཡིན་ན་ཡང་ལུས་དེ་དག་གི་རྟེན་པ་མ་ཡིན་ཏེ། ཡུལ་ནི་ཕྱི་དང་ནང་མཚུངས་པའི་ཕྱིར་རོ། །དེས་ན་ཕྱི་རོལ་ཡང་རྟེན་དུ་ཐལ་བར་
འགྱུར་ན་འདོད་པ་ནི་མ་ཡིན་ནོ། །གང་གི་ཚེ་སྙིང་དུ་སྡུག་པ་མཐོང་བ་ལ་སོགས་པས་ཁམས་མཉམ་པ་ལ་སོགས་པས་ནང་གི་དོན་གྱི་ཁྱད་པར་ཡང་དམིགས་པ་མ་ཡིན་པ་དེའི་ཚེ་ནི་བདེ་བ་དང་སྡུག་བསྔལ་དག་དེ་ལ་བརྟེན་པ་ཉིད་མ་ཡིན་ནོ། །ཡུལ་ནི་རྟེན་མ་ཡིན་ལ་དེ་ལྡོག་པས་ལྡོག་པ་
ཡང་མ་ཡིན་ནོ། །དཔེར་ན་ནང་གི་ཡུལ་ལ་བདེ་བ་འབྱུང་ཞིང་དེ་ཡོངས་སུ་སྤངས་ནས་ཕྱིའི་ཡུལ་ལ་རྒྱུ་བ་དེ་བཞིན་དུ་འཇིག་རྟེན་ཕ་རོལ་ལ་སོགས་པའི་ལུས་གཞན་ལ་ཡང་ཡིན་ནོ། །དཔེ་ནི་འདུས་པ་ལ་སོགས་པས། །དྲན་པ་ཉམས་སོགས་བཤད་པ་ཡིན། །ནང་དོན་ཁྱད་པར་ལས་སྐྱེས་
པའི། །བློས་ནི་འགྱུར་བར་བྱེད་ཕྱིར་རོ། །དེར་ཡང་བཅུད་ཀྱིས་ལེན་ལ་སོགས་པས་ནང་གི་དོན་ཉེ་བ་ན་བདེ་བ་ལ་སོགས་པའི་བློ་སྐྱེ་བར་འགྱུར་བ་ཡིན་ལ། དེ་ལས་དྲན་པ་ཉམས་པ་ལ་སོགས་པར་འགྱུར་བ་མ་ཡིན་ནོ། །ལུས་ཀྱི་རྣམ་པར་འགྱུར་བ་འདུས་བྱས་པས་བྱས་པ་གང་ཡིན་པ་དེ་རྟེན་དུ་
གྱུར་པ་ལས་ནི་མ་ཡིན་ནོ། །ཇི་ལྟར་མིག་ལ་སོགས་པ་དམིགས་པར་བྱ་བ་མ་ཡིན་པ་ལས་དེའི་ཤེས་པ་སྐྱེ་བ་དང་། དེ་འགྱུར་ན་འགྱུར་བ་དེ་བཞིན་དུ་བཅུད་ཀྱིས་ལེན་ལ་སོགས་པས་རྣམ་པར་འགྱུར་བའི་ལུས་ལས་ནི་མ་ཡིན་ནོ། །རྣམ་པར་ཤེས་པ་མེད་པ་རྒྱུ་ཡིན་ན་ཐམས་ཅད་རྒྱུ་ཡིན་པར་
Vol. 178 · folio 77a
ཐལ་ལོ། །མིག་ལ་སོགས་པ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་དང་དེ་འགྱུར་ན་འགྱུར་བ་ལས་རྟེན་གྱི་དངོས་པོར་འགྱུར་རོ། །ལུས་ནི་དེ་ལྟ་མ་ཡིན་ཏེ། དེ་མེད་ཀྱང་ཕ་རོལ་ཉེ་བར་གནས་པ་ལས་ཀྱང་བདེ་བ་ཡོད་པའི་ཕྱིར་རོ། །དྲན་པ་ཉམས་པ་ཡང་ཕྱི་རོལ་གྱི་སྲིན་པོ་
ལ་སོགས་པ་མཐོང་ན་ཡང་འགྱུར་རོ། །འདི་ཉིད་སྟོན་པ་ནི། དཔེར་རྒྱུད་ཁྱད་པར་ལ་ལ་ལ། །སྟག་ཉིད་དང་ནི་ཁྲག་ལ་སོགས། །ཐོས་པ་དང་ནི་མཐོང་བ་ལས། །རྨོངས་པ་ལ་སོགས་འབྱུང་འགྱུར་བཞིན། །སྟག་ཅེས་ཐོས་པ་ལས་ཀྱང་འགའ་ཞིག་རྨོངས་པའམ་གཞན་དུ་འགྱུར་རོ་
ཞེས་དགོངས་པ་ཡིན་ནོ། །ཁྲག་མཐོང་བ་ལས་ཀྱང་དེ་བཞིན་ནོ། །དེ་ནི་བློ་ནི་རྟེན་ནམ། དེ་ལྡོག་ན་ལྡོག་པ་ཉིད་མ་ཡིན་ནོ། །དེ་བཞིན་དུ་འདུས་པ་ལ་སོགས་པའི་གནས་སྐབས་སུ་དྲན་པ་ཉམས་པ་ལ་སོགས་པར་འགྱུར་བ་ཡང་ནང་གི་དོན་གྱི་དམིགས་པ་ཉེ་བ་ལས་ཡིན་པའི་ཕྱིར་ལུས་ནི་བློའི་
རྟེན་མ་ཡིན་ནོ། །ལུས་ནི་བདེ་བ་ལ་སོགས་པའི་དམིགས་པ་ཉིད་ཡིན་ཏེ། དེས་ན་དེ་དག་ཀྱང་དེ་ལྡོག་པ་ན་ལྡོག་པ་མ་ཡིན་ཏེ། དམིགས་པ་གཞན་ལ་ཡོད་པའི་ཕྱིར་རོ། །དེ་ཕྱིར་ངེས་པར་གང་ཡིད་ཀྱི། །འདུ་བྱེད་ཀྱི་ནི་རྗེས་འཇུག་པ། །སེམས་ནི་དེ་མེད་མི་འབྱུང་བ། །དེ་ཕྱིར་སེམས་
ལ་བརྟེན་པ་ཡིན། །སེམས་ནི་སེམས་ཀྱི་འདུ་བྱེད་ཀྱི་རྗེས་སུ་ངེས་པར་འཇུག་གི་ལུས་ནི་མ་ཡིན་ཏེ། ལུས་ནི་རྟེན་ཉིད་དུ་མ་མཐོང་བའི་ཕྱིར་རོ། །སེམས་གཞན་དང་ལྡན་པ་གཞན་ལ་སེམས་མི་སྐྱེ་བའི་ཕྱིར་སེམས་ནི་སེམས་ཉིད་ལ་བརྟེན་པ་ཡིན་ནོ། །འདི་ལྟར། འདུ་བྱེད་སྟོབས་དང་ལྡན་
པའི་ཕྱིར། །རྣམ་པར་གཡེང་བ་ཟློག་པར་བྱེད། །རྣམ་པར་གཡེང་བའི་སྟོབས་ལྡན་ན། །འདུ་བྱེད་གཞན་དུ་ཕྱོགས་པར་འགྱུར། །གང་གི་ཚེ་འདུ་བྱེད་ཤིན་ཏུ་སྟོབས་དང་ལྡན་པ་དེའི་ཚེ་བུན་ལོང་དག་ཏུ་ཡང་སེམས་གཡེང་བར་མི་འགྱུར་རོ། །གང་གི་ཚེ་རྣམ་པར་གཡེང་བའི་དངོས་པོ་སྟོབས་
དང་ལྡན་པ་དེའི་ཚེ་འདུ་བྱེད་པ་ཡོད་ཀྱང་རང་གི་འབྲས་བུ་རྗེས་སུ་མཐུན་པའི་རིགས་པ་སྐྱེད་པ་མ་ཡིན་ནོ། །དེའི་ཕྱིར་སེམས་ནི་རྣམ་པར་ཤེས་པ་སྔ་ན་མེད་ན་མི་འབྱུང་བ་ཡིན་ནོ། །དེའི་ཕྱིར་ཤེས་པ་ཉིད་ལྡོག་ན་སེམས་ལྡོག་གོ་ཞེས་རིགས་སོ། །གལ་ཏེ་དབང་པོ་ལས་རྣམ་པར་ཤེས་པ་སྐྱེ་བ་ཡིན་ལ།
Vol. 178 · folio 77b
དེ་ལས་ཀྱང་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བ་མ་ཡིན་ནམ། དེས་ན་བརྒྱུད་པས་ཡིད་ཀྱི་རྣམ་པར་ཤེས་པ་ལུས་ཉིད་ལས་འབྱུང་བའི་ཕྱིར་ཇི་ལྟར་ལུས་རྟེན་མ་ཡིན། བརྒྱུད་པས་རྒྱུ་ཡིན་ཡང་མེ་དུ་བའི་རྗེས་ལས་སྐྱེས་པའི་དུ་བ་ཟློག་པར་བྱེད་པ་མ་ཡིན་པ་ནི་མ་ཡིན་ལ། མེ་གཞན་དང་གཞན་
ལས་དེ་སྔ་ན་མེད་པ་མི་འབྱུང་བ་མ་ཡིན་ནོ། །དེ་བཞིན་དུ་རྣམ་པར་ཤེས་པ་ཡང་ལུས་ལས་སྐྱེ་བས་དུ་བ་བཞིན་རྒྱུན་འཆད་པའི་ཆོས་ཅན་དུ་འགྱུར་རོ་ཞེ་ན། མ་ཡིན་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་ནི་དབང་པོའི་ཤེས་པ་མེད་ཀྱང་ཐོག་མ་མེད་པའི་བག་ཆགས་ལས་འགྱུར་རོ་ཞེས་བསྟན་པའི་ཕྱིར་རོ། །
དུ་བ་མེ་ལས་ཅི་འདྲ་བ། །རྣམ་པ་ཅི་འདྲ་དུ་ལས་མིན། །ཡིད་ནི་གོམས་ལས་ཅི་འདྲ་བ། །དེ་འདྲ་ཉིད་ནི་དང་པོ་འབྱུང་། །མེས་བསྐྱེད་པའི་དུ་བ་དང་དུ་བས་བསྐྱེད་པའི་དུ་བ་ནི་མཚན་ཉིད་གཅིག་པ་ནི་མ་ཡིན་ནོ། །བློའི་ཁྱད་པར་ཤེས་རབ་ལ་སོགས་པ་ཐམས་ཅད་ལ་ཁྱབ་པར་བདག་ཏུ་འཛིན་
པ་ལ་སོགས་པ་རྣམས་ནི་གོམས་པའི་དེ་མ་ཐག་པ་དང་སྔོན་ཡང་རང་བཞིན་མཚུངས་པ་ཉིད་ཡིན་པ་དེའི་ཕྱིར་དུ་བ་དཔེ་མ་ཡིན་ནོ། །དུ་བ་ནི་མེའི་ཁྱད་པར་ཉིད་ལས་དུས་ཅུང་ཟད་རྒྱུན་གནས་པ་ཡིན་ལ། ཤེས་རབ་ལ་སོགས་པ་ནི་ཤེས་རབ་ལ་སོགས་པའི་ཁྱད་པར་སྔ་མ་ཉིད་ལས་ཡིན་གྱི་དེ་དག་
ལུས་ཀྱིས་གནས་པར་བྱས་པ་ནི་མ་ཡིན་ནོ། །གཞན་ཡང་། གལ་ཏེ་རྣམ་ཤེས་འགའ་ཞིག་ནི། །སྔོན་གྱི་རྣམ་པ་དང་བྲལ་བ། །དབང་པོ་ཉིད་ལས་སྐྱེས་ན་ནི། །དུ་བ་དཔེར་འགྱུར་སྲིད་པ་ཡིན། །དབང་པོ་ལས་ཀྱང་རྣམ་པར་ཤེས་པ་འབྱུང་བ་ཡིན་ཏེ། སྔོན་གྱི་རྣམ་པར་ཤེས་པ་
ལ་མ་ལྟོས་པ་ལས་ནི་མ་ཡིན་ཏེ། རྣམ་པར་ཤེས་པ་སྔ་མ་ཡེངས་ན་དབང་པོ་དང་ཡུལ་ཕྲད་པ་ཡོད་ཀྱང་མི་སྐྱེད་པའི་ཕྱིར་རོ། །དེས་ན་རྣམ་པར་ཤེས་པ་སྔ་མའི་ལྷན་ཅིག་བྱེད་པ་ཅན་གྱི་དབང་པོ་ལས་སྐྱེའི་འབའ་ཞིག་ལས་ནི་མ་ཡིན་ནོ། །གལ་ཏེ་དབང་པོའི་རྣམ་པར་ཤེས་པ་དེ་ནི་སྐྱེས་མོད་
ཀྱི། དེ་ངེས་པ་མེད་པའི་ཕྱིར་མ་སྐྱེས་སོ་ཞེས་ཐ་སྙད་དུ་བྱེད་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། གལ་ཏེ་རྣམ་ཤེས་སྐྱེས་གྱུར་ཀྱང་། །ངེས་པ་མེད་ཕྱིར་མེད་དོ་ཞེས། །རྟོགས་ན་མེད་པ་ཐམས་ཅད་ནི། །དེ་ཉིད་ཡིན་པར་རྟོགས་པར་གྱིས། །གལ་ཏེ་ངེས་པ་མེད་པའི་ཕྱིར་མེད་པར་
Vol. 178 · folio 78a
རྟོགས་པ་ཡིན་གྱི། རིག་པ་མེད་པའི་ཕྱིར་མ་ཡིན་ན། འོ་ན་ནི་གང་དུ་ཡང་རིག་པ་མེད་པ་ཞེས་བྱ་བ་མེད་པར་འགྱུར་ཏེ། ཐམས་ཅད་དུ་ངེས་པ་མེད་པ་རྒྱུ་ཡིན་པའི་ཕྱིར་རོ། །འོན་ཏེ་དེ་ལས་རིག་པའི་རྒྱུ་ཡོད་པ་ཡིན་ཏེ། དེས་ན་རྒྱུ་ནུས་པ་ཡོད་པ་ལས་རིག་པ་ཡོད་པར་
རྗེས་སུ་དཔག་གོ་ཞེ་ན། འོ་ན་ངེས་པ་ཡང་རྒྱུ་རིག་པ་ཡོད་པས། དེ་ཡང་རྗེས་སུ་དཔོགས་ཤིག །འོན་ཏེ་རྣམ་པར་གཡེང་བས་དེ་ཉམས་པར་བྱས་སོ་ཞེ་ན། རིག་པའི་རྒྱུ་ལ་ཡང་ཅི་སྟེ་མི་འདོད། འོན་ཏེ་དབང་པོ་ཉམས་པ་མེད་པ་དང་། །ཡུལ་ཆོད་པ་མེད་པར་ཅི་ལྟར་ཤེས་པ་མི་སྐྱེད་པ་ཉིད་
ཡིན་ཞེ་ན། སྐྱེད་པར་བྱེད་པའི་རྣམ་པར་ཤེས་པ་སྔ་མ་མེད་པའི་ཕྱིར་རོ། །རྣམ་པར་ཤེས་པ་སྔ་མ་དང་བཅས་པའི་དབང་པོ་ཉིད་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ག་ལ་ཞེ་ན། འདི་ལྟར་བདེ་སོགས་དབང་པོ་ཡི། །ཤེས་ཀུན་སྔར་གྱི་ཤེས་ལས་ཡིན། །འདི་ནི་སྐབས་སུ་བབ་པ་ན། །ཕྱི་
ནས་རབ་ཏུ་བསྟན་པར་བྱ། །བདེ་བ་དང་སྡུག་བསྔལ་དང་དེ་གཉི་ག་མ་ཡིན་པའི་རྣམ་པར་ཤེས་པ་དབང་པོ་ལས་བྱུང་བ་ཉིད་སྔོན་གོམས་པ་ལས་སྐྱེ་བ་ཡིན་ནོ། །ཕྱི་ནས་བཤད་པར་བྱའོ། །དེས་ན་སྔོན་གྱི་འདུ་བྱེད་ལ་ལྟོས་པ་དང་བཅས་པའི་དབང་པོ་ཉིད་ཀྱིས་དབང་པོའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་
པ་ཡིན་ནོ། །དེས་ན་དང་པོའི་རིག་པ་ཡང་དབང་པོ་ལས་སྐྱེ་བ་མ་ཡིན་ནོ། །དེས་ན་སེམས་མཐའ་དག་ནི་སེམས་མེད་ན་མི་འབྱུང་བ་ཡིན་ནོ་ཞེས་གནས་སོ། །གཞན་ཡང་། དབང་པོའི་ཤེས་པ་ཐམས་ཅད་ནི། །གོམས་པའི་སྟོབས་ལས་བྱུང་བ་ཡིན། །དབང་པོའི་ཤེས་པའི་རང་བཞིན་ཕྱིར། །
རྨི་ལམ་རྣམ་ཤེས་རང་བཞིན་བཞིན། །གལ་ཏེ་དབང་པོའི་རྒྱུ་ཡིན་ན་དབང་པོ་མེད་པར་མདུན་ན་གནས་པ་གསལ་བའི་རྣམ་པ་ཅན་གྱི་རྣམ་པར་ཤེས་པར་མི་འགྱུར་བ་ཞིག་ན། འགྱུར་བ་ཡང་ཡིན་ནོ། །དེའི་ཕྱིར་དེ་ནི་རྒྱུ་མ་ཡིན་ཏེ། དེ་མེད་ཀྱང་ཡོད་པའི་ཕྱིར་རོ། །འོན་ཏེ་དེ་ནི་འཁྲུལ་པ་
ཡིན་ཏེ་མ་འཁྲུལ་བ་ནི་དབང་པོ་ཉིད་ལས་སྐྱེས་པ་ཡིན་ནོ་ཞེ་ན། དེ་ནི་མེད་དེ། ཤེས་པ་མཐའ་དག་དབང་པོ་ནི། །མེད་པ་ཉིད་དུ་སྐྱེ་བ་ཡིན། །དོན་ཡོད་པ་དང་མེད་པ་ལས། །འཁྲུལ་དང་འཁྲུལ་པ་མེད་པར་གནས། །དེའི་རྣམ་པ་ཅན་གྱི་ཤེས་པ་མཐའ་དག་ནི་དབང་པོ་ལ་མི་ལྟོས་པར་འགྱུར་
Vol. 178 · folio 78b
བ་ཡིན་ཏེ། རྨི་ལམ་གྱི་ཤེས་པ་བཞིན་ནོ། །འོན་ཏེ་དབང་པོ་མེད་པར་འགྱུར་བ་གང་ཡིན་པ་དེ་ནི་འཁྲུལ་པ་ཡིན་ལ་གཞན་ནི་གཞན་དུ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། རེ་ཞིག་དེའི་རྣམ་པ་ཅན་ཉིད་ནི་རྣམ་པར་ཤེས་པའི་རང་བཞིན་ཡིན་ནོ། །དེ་ཡང་དབང་པོ་མེད་
པ་ཉིད་དུ་དམིགས་པ་དེའི་ཚེ་དེའི་རྒྱུ་མ་ཡིན་ནོ། །མི་སླུ་བ་ནི་དོན་ཡོད་པ་ལས་འགྱུར་བའི་ཕྱིར་དེ་ནི་དོན་གྱིས་བྱས་པ་ཉིད་ཡིན་གྱི་དབང་པོས་བྱས་པ་མ་ཡིན་ཏེ། གཞན་ནི་གཞན་གྱི་འབྲས་བུ་ལ་ནུས་པ་མ་ཡིན་ནོ། །འོན་ཏེ་རྨི་ལམ་ན་ཡང་དབང་པོ་ཡོད་པ་ཉིད་དེ། དེས་ན་མདུན་ན་གནས་པར་
གསལ་བའི་རྣམ་པ་ནི་དེར་ཡང་དབང་པོས་བྱས་པ་ཉིད་དེ། དེ་ན་འཁྲུལ་པ་མེད་དོ་ཞེ་ན། དེ་ཡང་རིགས་པ་དང་མི་ལྡན་པ་ཉིད་དེ། གང་གི་ཕྱིར། སད་དབང་གོམས་པ་ལས་ཡིན་ཏེ། །གང་ཕྱིར་དེ་ལས་གཞན་བཞིན་ནོ། །འབྲས་དངོས་ཐ་དད་མེད་ན་ནི། །རྒྱུ་རྣམས་ཐ་དད་མེད་པ་ཉིད། །
འབྲས་བུ་ཁྱད་པར་མེད་པས་རྒྱུ་ཁྱད་པར་མེད་པ་རྗེས་སུ་དཔག་པ་ཡིན་ནོ། །དབང་པོ་ནི་རྨི་ལམ་གྱི་གནས་སྐབས་དང་གཞན་དུ་ཁྱད་པར་ཡོད་པ་མ་ཡིན་ནོ། །དེས་ན་དབང་པོ་ཉིད་རིགས་མཐུན་པ་གོམས་པ་མེད་པར་མི་འབྱུང་བས། ད་ལྟའི་རྣམ་པར་ཤེས་པ་དབང་པོ་ཉིད་ལས་སྐྱེ་བ་མ་ཡིན་པའི་
ཕྱིར། རྣམ་པར་ཤེས་པ་སྔ་མ་ཉིད་རྣམ་པར་ཤེས་པའི་རྣམ་པའི་རྟེན་ཡིན་ནོ། །འོན་ཏེ་སེམས་སེམས་ཉིད་ཀྱི་རྟེན་ཡིན་ལ་རག་མོད། དེ་ལྟ་ན་ཡང་འདོད་པ་མི་འགྲུབ་བོ། །འཇིག་རྟེན་ཕ་རོལ་པ་མ་ཡིན་པའི་སེམས་རྟེན་ཡིན་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། ཕ་མའི་སེམས་རྟེན་དུ་འདོད་
པའི་ཕྱིར་རོ། །འཇིག་རྟེན་ཕ་རོལ་པོའི་སེམས་རྟེན་ཡིན་ན་ནི་མ་ངེས་པ་ཡིན་ཏེ། ཕ་མའི་རང་བཞིན་གྱི་ཡང་རྗེས་སུ་འཇུག་པའི་ཕྱིར་རོ་ཞེ་ན། འདིར་བརྗོད་པ་ནི། དེ་ཕྱིར་ངེས་པ་གང་ཉིད་ཀྱི། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཕ་དང་མའི་རང་བཞིན་གྱི་རྗེས་སུ་ནི་ངེས་པར་འཛིན་པ་
མ་ཡིན་ཏེ། དེ་རྣམ་པར་འགྱུར་བ་མེད་ཀྱང་འགྱུར་བར་མཐོང་བའི་ཕྱིར་དང་། དེ་འགྱུར་ཡང་མི་འགྱུར་བར་མཐོང་བའི་ཕྱིར་རོ། །གལ་ཏེ་དེའི་འདུ་བྱེད་ལས་འགྱུར་བ་ཡིན་ན། མཁས་པ་ལ་སོགས་པར་འགྱུར་ཏེ། དཔེར་ན་ཤིང་ཝཱ་ཏའི་ས་བོན་ལས་སྐྱེས་པ་ཤིང་ཝཱ་ཏའི་རང་བཞིན་ཉིད་དུ་
Vol. 178 · folio 79a
འགྱུར་བ་བཞིན་ནོ། །འོན་ཏེ་ཇི་ལྟར་ཕ་དང་མ་དག་འདུ་བྱེད་པ་བསྒྲུབ་པའི་འདོན་པ་པོ་ལ་སོགས་པའི་ལྷན་ཅིག་བྱེད་པ་ཅན་དེའི་ངོ་བོ་ཉིད་དུ་འགྱུར་བ་དེ་བཞིན་དུ་བུ་ཡང་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། འདུས་བྱས་ཀྱང་རེས་འགའ་མེད་པའི་ཕྱིར་དང་། དེ་ལྟ་མ་
ཡིན་པར་ཡང་ཡོད་པའི་ཕྱིར་དང་། རང་གི་རྒྱུད་ལ་ཡོད་པའི་རྣམ་པར་ཤེས་པ་སྔ་མའི་འདུ་བྱེད་ཀྱི་རྗེས་སུ་འཇུག་པར་མཐོང་བའི་ཕྱིར་དང་། རྒྱུད་གཞན་གྱི་རྗེས་སུ་འཇུག་པ་མ་མཐོང་བའི་ཕྱིར་རོ། །མཁན་པོའི་འདུ་བྱེད་པའི་རྗེས་སུ་འཇུག་པར་དམིགས་སོ་ཞེ་ན། མ་ཡིན་ཏེ། དེ་མེད་ན་
གཞན་དུ་མ་མཐོང་བའི་ཕྱིར་རང་གི་རྒྱུད་ཀྱི་རྣམ་པར་ཤེས་པ་སྔ་མའི་འདོད་པའི་ཁྱད་པར་ལས་ཡིན་པས། དེ་ཡང་བརྒྱུད་ནས་རང་གི་རྒྱུད་ཉིད་ལས་སྐྱེས་པ་ཡིན་ནོ། །མངོན་པར་འདོད་པ་དང་ལྷན་ཅིག་པ་ལས་སྐྱེས་པ་ཡིན་ནོ་ཞེ་ན། ཡིན་མོད། དེ་ལྟ་ན་ཡང་རང་གི་རིག་པ་མེད་པར་གཞན་གྱི་འདུ་
བྱེད་པའི་རྗེས་སུ་འཇུག་པ་ནི་མ་ཡིན་ནོ། །དེས་ན། འཇིག་རྟེན་ཕ་རོལ་མེད་པར་ནི། །འདུ་བྱེད་རྗེས་འཇུག་འགྱུར་མ་ཡིན། །ཕ་མའི་རང་བཞིན་རྗེས་འཇུག་པ། །འཇིག་རྟེན་གཞན་ལྡན་འགལ་བ་མེད། །གལ་ཏེ་འདི་ལྟར་ངེས་པར་རང་གི་རྒྱུད་ལ་ཡོད་པའི་སེམས་ཀྱི་འདུ་བྱེད་པའི་རྗེས་སུ་འཇུག་
པ་ཡིན་ན་འོ་ན་ཅི་ལྟར་ཕའི་རང་བཞིན་གྱི་རྗེས་སུ་འཇུག་ཅེ་ན་དེ་ལ་ལན་ནི། ཕ་མའི་རང་བཞིན་ཐམས་ཅད་ཀྱི་རྗེས་སུ་འཇུག་པར་ཐལ་བའི་ཕྱིར་རོ། །འོ་ན་འཇིག་རྟེན་གཞན་སྨྲ་བའི་ལུགས་ལ་ཡང་ཐམས་ཅད་རྗེས་སུ་མི་འཇུག་པར་ཐལ་ལོ་ཞེ་ན། མ་ཡིན་ཏེ། དེས་འཇིག་རྟེན་གཞན་དུ་དེའི་རང་
བཞིན་གོམས་པར་བྱ་བའི་ཕྱིར་མཁན་པོའི་རང་བཞིན་གྱི་རྗེས་སུ་འཇུག་པ་བཞིན་ནོ། །གལ་ཏེ་ཇི་ལྟར་ཤིང་གཅིག་ལས་ཤིང་དུ་མ་འབྱུང་བ་དེ་བཞིན་དུ་རྣམ་པར་ཤེས་པ་གཅིག་ལས་རྣམ་པར་ཤེས་པ་དུ་མ་འབྱུང་བ་ཡིན་ནོ། །དེ་ལྟར་ན་གཅིག་ཉིད་ལས་བརྒྱུད་ནས་འགྲོ་བ་མཐའ་དག་སྐྱེས་སོ་ཞེས་བྱ་
བར་འགྱུར་རོ་ཞེ་ན། འདི་ལ་བཤད་ཟིན་ཏེ། མ་ལ་སོགས་པའི་རང་བཞིན་གྱི་རྗེས་སུ་འཇུག་པར་ཐལ་བའི་ཕྱིར་རོ། །འོ་ན་འཇིག་རྟེན་ཕ་རོལ་སྨྲ་བ་ལ་ཡང་སྔོན་གྱི་རང་བཞིན་ཐམས་ཅད་ཀྱི་རྗེས་སུ་འཇུག་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། རྣམ་པར་གཡེངས་པའམ། མངལ་གྱི་གནས་ཀྱི་སྡུག་
Vol. 178 · folio 79b
བསྔལ་གྱིས་འགའ་ཞིག་བརྗེད་པའི་ཕྱིར་རོ། །འདུ་བྱེད་པའི་རྗེས་སུ་འཇུག་པ་འགའ་ཞིག་ནི་ཡོད་པ་ཉིད་དེ་སྐྱེ་བ་དྲན་པ་ཡང་མཐོང་བའི་ཕྱིར་རོ། །སྔོན་མེད་པ་སྐྱེས་པ་ལ་སྡུག་བསྔལ་ཡོད་པ་མ་ཡིན་ཏེ། དེའི་གནས་སྐབས་ནི་དེ་ཉིད་ཡིན་གྱི་གཞན་ནི་མེད་པའི་ཕྱིར་རོ། །གལ་ཏེ་དེ་ཉིད་ཉེ་བར་
ལེན་པ་ཉིད་ཀྱིས་སྐྱེད་པར་བྱེད་པ་ཡིན་ན་ནི། དེ་ཉིད་ཀྱི་ལུས་བཞིན་དུ་བུ་དང་འབྲེལ་བའི་ལུས་གཞན་ལ་ཡང་དྲན་པར་ཐལ་བར་འགྱུར་རོ། །སྡུག་བསྔལ་བས་དེ་མ་དྲན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། དེ་ཉིད་ཀྱི་ཚེ་དེར་སྐྱེས་པ་ལ་ནི་སྡུག་བསྔལ་བ་ཡོད་པ་མ་ཡིན་ཏེ། དུག་གི་སྲིན་བུ་བཞིན་ནོ། །འཇིག་རྟེན་
གཞན་ནས་འོངས་པ་ལ་ནི་དེ་སྡུག་བསྔལ་བ་ཡིན་ཏེ། ཐོག་མ་མེད་པའི་གོམས་པ་ལ་བརྟེན་པའི་ཕྱིར་རོ། །གཞན་ཡང་ཕ་མས་སྡུག་བསྔལ་མྱོང་བར་ཐལ་ཏེ། དཔེར་ན་གཉིད་ལོག་པའི་ལུས་ཀྱི་ནང་དུ་གཏོགས་པའི་རྨི་ལམ་གྱི་ལུས་ཀྱི་སྡུག་བསྔལ་མྱོང་བ་བཞིན་ནོ། །བསྐྱེད་པར་བྱ་བའི་ཤིང་ཚིག་པས་
སྐྱེད་པར་བྱེད་པའི་ཤིང་རྙིང་པ་ཙམ་དུ་ཡང་མི་འགྱུར་བ་བཞིན་དུ་མྱོང་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཤིང་ཕྱི་མའི་འདུ་བྱེད་པ་ནི་ཤིང་སྔ་མ་ལ་མེད་པའི་ཕྱིར་རོ། །འདིར་ནི་རྨི་ལམ་གྱི་ལུས་ཀྱི་འདུ་བྱེད་པ་ལུས་སྔ་མ་ལ་མཐོང་བའི་ཕྱིར་རོ། །དེས་ན་སྔར་བྱས་པ་དྲན་པ་ཉིད་དུ་འགྱུར་རོ། །དྲོད་གཤེར་
ལས་སྐྱེས་པ་ལ་ཡང་བློ་མེད་པར་འགྱུར་ཏེ། མ་ལ་སོགས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་བདག་ཏུ་འཛིན་པ་ལ་སོགས་པའི་བློ་ནི་མ་ལ་སོགས་པའི་བློ་མེད་པར་ཡང་དྲོད་གཤེར་ལས་སྐྱེས་པའི་སྐྱེ་བོ་རྣམས་ལ་མཐོང་བ་ཡིན་ནོ། །དེས་ན་མ་ལ་སོགས་པའི་བློ་ནི་རྒྱུ་མ་ཡིན་ཏེ། དེ་མེད་ཀྱང་ཡོད་པའི་
ཕྱིར་རོ། །དེ་བས་ན་ཡིད་ཀྱི་རྣམ་པར་ཤེས་པ་དང་། གཞན་ལུས་ལ་སོགས་པའི་གཡོ་བ་ནི་རང་གི་རྒྱུད་ལ་ཡོད་པའི་བློ་སྔ་མས་བསྐྱེད་པ་ཡིན་ནོ། །གལ་ཏེ་ལུས་རྗེས་སུ་འགྲོ་བར་དམིགས་པའི་ཕྱིར། མ་ལ་སོགས་པའི་ལུས་ཉིད་རང་གི་རྒྱུ་ཡིན་ལ། རྣམ་པར་ཤེས་པ་དང་གཡོ་བ་ལ་སོགས་པ་
ཡང་དེ་ལས་ཐ་མི་དད་པ་ཡིན་ནོ། །དེས་ན་དེའི་རྗེས་སུ་འགྲོ་བར་བསྒྲུབ་པ་ནི་གྲུབ་པ་ལ་བསྒྲུབ་པ་ཉིད་དོ། །འོན་ཏེ་ཕ་ལ་སོགས་པ་དང་འབྲེལ་བའི་ལུས་ཐ་དད་པ་ཉིད་ཡིན་ན། འཇིག་རྟེན་ཕ་རོལ་གྱི་ལུས་ཀྱང་དེ་བཞིན་དུ་ཡིན་པས་དེའི་རྗེས་སུ་འགྲོ་བ་ཅན་དུ་ཡང་མི་འགྱུར་རོ། །བྱིས་པ་ལ་སོགས་པའི་
Vol. 178 · folio 80a
གནས་སྐབས་སུ་ནི་ཕ་ལ་སོགས་པའི་གཡོ་བག་ལ་སོགས་པའི་རང་བཞིན་དེ་ཉིད་ཡིན་པས། དེའི་རྒྱུན་ཉིད་དོ་ཞེ་ན། དེ་ཡང་མི་འཐད་དེ། ལུས་དང་སེམས་གང་གིས་ཀྱང་མ་ལ་སོགས་པའི་རང་བཞིན་གྱི་རྗེས་སུ་མི་འཇུག་པ་མཐོང་བའི་ཕྱིར་རོ། །དེ་ནི་དེའི་ཕ་མ་
ཡིན་ནོ་ཞེ་ན། མ་ཡིན་ཏེ་མཐོང་བའི་ཕྱིར་རོ། །བདག་ཉིད་ཀྱི་གོམས་པ་མེད་པར་ནི་ཁྱད་པར་དེ་མཐོང་བ་མེད་དོ། །དེས་ན་རང་གི་གོམས་པ་ཉིད་རྗེས་སུ་དཔག་གོ། །སེམས་འབྱུང་བ་ཆེན་པོའི་རྣམ་པར་འགྱུར་བ་ཐ་དད་པ་མེད་པ་ཡིན་ཡང་འཇིག་རྟེན་སྔ་མ་དང་ཕྱི་མའི་འབྱུང་བ་ཆེན་པོ་རྗེས་སུ་དཔག་
པ་ཉིད་དོ། །ཐ་མི་དད་པའི་ནི་འཐད་པ་ཡང་མ་ཡིན་ཏེ། འདི་ལྟར། ཇི་ལྟར་སེམས་ལ་བྱས་པ་ཡིན། །ཐོས་སོགས་འདུ་བྱེད་སེམས་ལ་ནི། །དུས་གསལ་ཐ་དད་མེད་པའི་ཕྱིར། །དེ་ལྟར་ལུས་ལའང་ཡོན་ཏན་འགྱུར། །རང་གིས་མྱོང་བ་སྔོན་དུ་སོང་བ་ཅན་གྱི་ཐོས་པ་ལ་སོགས་པའི་འདུ་བྱེད་
གཉིད་ལོག་པ་ལ་སོགས་པའི་གནས་སྐབས་སུ་མི་གསལ་བསད་པ་ནི་གནས་སྐབས་ཀྱི་དུས་ཀྱིས་གསལ་བ་དེ་བཞིན་དུ་ལུས་ལ་ཡང་མངོན་པར་གསལ་བར་འགྱུར་ཞིང་སེམས་ཅི་ལྟ་བ་བཞིན་དུ་རྟོགས་པར་འགྱུར་ཏེ། ཐ་དད་པ་མེད་པའི་ཕྱིར་རོ། །ཇི་ལྟར་ལུས་ཀྱི་ཡོན་ཏན་ནག་པོ་ལ་སོགས་པ་
གཞན་གྱིས་དམིགས་པ་དེ་བཞིན་དུ་སེམས་ཀྱི་ཡོན་ཏན་བཟོ་བ་ལ་སོགས་པ་ཡང་དམིགས་པར་ཅི་སྟེ་མི་འགྱུར། གང་ཞིག་དམིགས་པའི་རང་བཞིན་གྱི་ནང་དུ་འདུས་པ་དེ་ནི་གཞན་དུ་འགྱུར་བ་མ་ཡིན་ནོ། །ནང་གི་རེག་བྱའི་ཁྱད་པར་གྱི་རང་བཞིན་ཡིན་པའི་ཕྱིར་གཞན་གྱིས་དམིགས་པ་མ་
ཡིན་ནོ་ཞེ་ན་མ་ཡིན་ཏེ། རྨ་ལ་སོགས་པ་ཕྱི་རོལ་གྱི་རེག་པར་བྱ་བ་ཡང་མ་དམིགས་པའི་ཕྱིར་རོ། །རྨ་རེག་པ་རྩུབ་མོའི་རླུང་དམིགས་པ་ནི་གཞན་གྱིས་དམིགས་པ་མ་ཡིན་ནོ། །རྨ་ཉིད་ཀྱི་ནུས་པ་ཡིན་ནོ་ཞེ་ན། དམིགས་པར་བྱེད་པའི་ཁྱད་པར་གྱིས་དམིགས་པར་བྱ་བ་གཞན་དུ་དམིགས་
པར་འགྱུར་རམ་ཅི། དེ་ལྟ་ཡིན་ན་འཁྲུལ་པ་ཉིད་དུ་ཐལ་བར་འགྱུར་རོ། །རེག་པའི་ཁྱད་པར་དེ་ནི་རྨ་ཉིད་ཀྱིས་ཡིན་ནོ་ཞེ་ན། རླུང་དམིགས་པར་བྱེད་པ་ཉིད་དུ་ཐལ་ལོ། །དེ་ལྟ་ན་རྨ་ཅན་གྱིས་ཚོར་བར་མི་འགྱུར་རོ། །འོན་ཏེ་རེག་པ་དེ་ནི་རླུང་གིས་བརྡབས་པའི་རྨ་ཉིད་དེས་དམིགས་པ་ཡིན་ན། རྨ་
Vol. 178 · folio 80b
ལས་རེག་པ་གཞན་ལ་ཡང་འགྱུར་རོ། །རེག་བཞིན་པའི་རང་བཞིན་ནི་གཞན་གྱིས་མི་དམིགས་སོ་ཞེས་མི་འཐད་དེ། གང་གི་ཕྱིར། རེག་པ་ཡི་ནི་རང་བཞིན་གང་། །དེ་ནི་རེག་པས་རེག་མིན་ན། །དེས་གཞན་རང་བཞིན་རིག་པ་ལས། །དེ་རིག་ཅེས་པར་ཅི་ལྟར་འགྱུར། །དེའི་རང་
བཞིན་ནི་དབང་པོ་ཉམས་པ་མེད་པས་མི་རིག་པ་རིག་པ་མ་ཡིན་ནོ། །དེ་ལྟ་ཡིན་ན་ནི་རང་རིག་པ་ཉིད་དེ་རང་རིག་པའི་མཚན་ཉིད་ནི་དེ་ཡིན་པའི་ཕྱིར་རོ། །བདེ་བ་འམ་སྡུག་བསྔལ་དང་འདོད་ཆགས་ལ་སོགས་པ་ནི་རང་རིག་པ་ཉིད་དུ་འགྱུར་བའི་ཕྱིར་རྣམ་པར་ཤེས་པ་འབྱུང་བ་ཆེན་པོ་ལས་
གཞན་ཡིན་ནོ། །དེའི་ཕྱིར་རྣམ་པར་ཤེས་པ་ལུས་དང་ལྷན་ཅིག་རྟེན་དང་བརྟེན་པའི་དངོས་པོར་ཡང་མི་འཐད་དོ། །འོ་ན་ཇི་ལྟར་ངའི་ལག་པར་ཚོར་རོ། །རྐང་པར་ཚོར་རོ་ཞེས་བྱ་བར་འགྱུར་རོ་ཞེ་ན། ལག་པ་རྣམ་པར་འགྱུར་བའི་དུས་ན་དེ་འགྱུར་བའི་ཕྱིར་དེ་ལྟར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །
ལག་པ་ལ་སོགས་པའི་རྣམ་པར་འགྱུར་བ་དང་ལྷན་ཅིག་རྒྱུ་བའི་ཕྱིར་དེ་ལྟར་ཐ་སྙད་བྱེད་དོ། །འདི་ལྟར། རང་རིག་རང་བཞིན་ཙམ་ཉིད་ལས། །རྟེན་དང་བརྟེན་པ་གནས་པ་མེད། །རང་བཞིན་ཙམ་ལ་གནས་པ་ལ། །རྟེན་དང་བརྟེན་ལ་སོགས་རྟོགས་མིན། །རང་བཞིན་ཙམ་རིག་པ་ལ་ཇི་ལྟར་རྟེན་དང་
བརྟེན་པ་རྟོགས་པ་སྲིད། གཉིས་རྟོགས་ན་ནི་དེ་ལྟར་འགྱུར་བ་ཡིན་གྱི་དེར་ཡང་དེ་ལྟར་འགྱུར་བ་ནི་མ་ཡིན་ནོ། །བག་ཆགས་ཙམ་གྱིས་བྱས་པ་ནི། །རྣམ་པར་རྟོག་པ་ཙམ་གྱི་ཡིན། །འབྱུང་བ་ཆེན་པོ་ཉིད་ནི་མ་ཡིན་ནོ། །དེའི་ཕྱིར་བློ་ནི་ལུས་དང་ཐ་མི་དད་པ་མ་ཡིན་ནོ། །དེས་ཕ་མ་ལས་སྐྱེས་
པ་མ་ཡིན་གྱི་རང་གི་རྒྱུད་སྔ་མ་ལས་འབྱུང་བ་ཉིད་དོ། །འོ་ན་གལ་ཏེ་འབྱུང་བ་ཆེན་པོ་ཙམ་ལས་བྱུང་བ་མ་ཡིན་གྱི་སྲོག་ཆགས་རྣམས་སྐྱེ་བ་གཞན་ལས་མངལ་ལ་སོགས་པའི་གནས་སུ་འོངས་པ་ཡིན་ན། དེའི་ཕྱིར་མི་གཙང་བའི་ཡུལ་དུ་འོང་བ་མི་རིགས་སོ། །རྟོག་པ་དང་ལྡན་པ་ནི་དེ་ལྟར་
འགྱུར་བར་རིག་པ་མ་ཡིན་ལ། དབང་ཕྱུག་གིས་བསྐུལ་བ་ཡང་མི་འདོད་དོ་ཞེ་ན། དེ་ལ་བཤད་པ་ནི། བདག་ལ་ཆགས་པ་དང་ལྡན་པ། །སེམས་ཅན་གཞན་གྱིས་བཀྲི་མིན་པར། །བདེ་སྡུག་ངོར་ཐོབ་འདོད་པས་ན། །དམན་པའི་གནས་ནི་ཡོངས་སུ་ལེན། །སྡུག་བསྔལ་ཕྱིན་ཅི་ལོག་བློ་དང་། །
Vol. 178 · folio 81a
སྲིད་པ་ཀུན་ནས་འཆིང་བ་ནི། །སྐྱེ་དགུ་གང་ལ་དེ་མེད་པ། །དེ་ནི་སྐྱེ་བར་མི་འགྱུར་རོ། །འདི་ནི་བཤད་ཟིན་ཏོ། །གལ་ཏེ་རྟོག་པ་དང་ལྡན་པ་ཡིན་ན་ནི། རང་ལས་རང་གི་ངོ་བོ་རྟོགས་ཀྱི། ཐོབ་པར་བྱ་བ་ནི་མ་ཡིན་ནོ། །དེས་ན་འགས་ཀྱང་གྲོང་ལ་སོགས་པ་
འགར་ཡང་འཇུག་པར་བྱ་བར་མི་འགྱུར་རོ། །དེས་ན་གདོད་མ་ནས་ཞི་བའི་ཕྱིར་འཁོར་བ་ཉིད་དུ་མི་འགྱུར་རོ། །འོན་ཏེ་གྲོང་ལ་སོགས་པར་འགྲོ་བ་རྟོགས་པ་དང་མི་ལྡན་པས། རྣམ་པ་ཇི་ཞིག་ལྟར་འགྱུར་བ་ཡིན་ན། དེ་ལྟ་ཡིན་ན་མངལ་ལ་སོགས་པའི་ཡུལ་དུ་མ་ཡིན་ནོ། །བདག་ལ་
ཆགས་པས་བསྐུལ་བ་ནི་དམན་པ་ཡང་ཕྱིན་ཅི་ལོག་པས་བླང་བྱར་འགྱུར་བ་ཡིན་ནོ། །དེ་འདྲ་བ་དེ་ནི་ལས་ཀྱི་ནུས་པ་ཉིད་ཡིན་ཏེ། གང་གི་རང་དབང་དུ་འགྱུར་བ་སེམས་ཅན་གཞན་གྱིས་བཀྲི་བར་བྱ་བ་མ་ཡིན་པ་དེ་ལྟར་འགྲོ་བ་ཡིན་ནོ། །བདེ་བ་དང་སྡུག་བསྔལ་ཐོབ་པ་དང་འདོར་བར་འདོད་པས་ནི་
དམན་པའི་གནས་ཀྱང་ཡོངས་སུ་ལེན་པ་ཡིན་ཏེ། ཐོས་པ་པོ་སྨད་འཚོང་མའི་ཁང་པར་འཇུག་པ་བཞིན་ནོ། །འོན་ཏེ་འདི་དབང་ཕྱུག་གིས་བསྐུལ་བ་ཉིད་དེ་མ་ཡིན་ཞེ་ན། རང་ཉིད་འཁྲུལ་པས་སྲིད་པའི་ཕྱིར་དབང་ཕྱུག་རྟོགས་པ་ནི་ལེགས་པ་མ་ཡིན་ནོ། །དབང་ཕྱུག་གིས་བསྐུལ་བ་ནི་དམིགས་པ་མ་ཡིན་
ནོ། །དབང་ཕྱུག་ཇི་ལྟར་རྟོགས་པ་མ་ཡིན་པ་དེ་ལྟར་ཡང་བསྟན་ཟིན་ཏོ། །བདག་ལ་ཆགས་པ་ཉིད་དབང་ཕྱུག་ཡིན་ཏེ། དེ་ནི་སྐུལ་བར་བྱེད་པ་ཉིད་དུ་དམིགས་པའི་ཕྱིར་རོ། །འོན་ཏེ་ཇི་ལྟར་བྲན་ལ་སོགས་པ་གཞན་གྱིས་བསྐུལ་བ་དེ་བཞིན་དུ་འཇིག་རྟེན་གཞན་དུ་ཡང་ཡིན་ནོ་ཞེ་ན། མ་ཡིན་ཏེ། ངེས་
པ་མེད་པའི་ཕྱིར་རོ། །བདག་ལ་སྲེད་པ་དང་ལྡན་པ་ཉིད་བསྐུལ་བ་ཡིན་གྱི་ཐམས་ཅད་ནི་མ་ཡིན་ལ། དེ་ཡང་སྲེད་པ་དང་ལྡན་པ་གཞན་གྱིས་བསྐུལ་བ་ཡིན་གྱི་འདོད་ཆགས་དང་བྲལ་བ་ལ་སོགས་པས་ནི་མ་ཡིན་ནོ། །དེ་ལ་བསྙེན་པ་བྱས་པས་འགྲོ་བ་ཐོབ་པར་བྱས་པའི་ཕྱིར་དུ་སྐུལ་བྱེད་ཡིན་ནོ་
ཞེ་ན། མུ་སྟེགས་བྱེད་ཐམས་ཅད་དབང་ཕྱུག་ཐལ་བར་འགྱུར་རོ། །དེའི་ཕྱིར་བློ་ཕྱིན་ཅི་ལོག་ཏུ་གྱུར་པ་ཉིད་སྡུག་བསྔལ་བ་ལ་ཡང་བདེ་བར་འདུ་ཤེས་པས་མངལ་གྱི་གནས་སམ། གཞན་དུ་འཇུག་པ་ཡིན་ནོ། །དེས་ན་ཕྱིན་ཅི་ལོག་གི་བློ་དང་སྲེད་པ་དག་ལས་སྐྱེ་བ་ཡིན་པས་གང་ལ་དེ་མེད་
Vol. 178 · folio 81b
པ་དེ་ནི་སྐྱེ་བར་མི་འགྱུར་རོ། །དེ་ལ་ནི་དབང་ཕྱུག་གིས་སྐྱེ་བ་སྦྱིན་པར་མི་ནུས་སོ། །དབང་ཕྱུག་སྨྲ་བས་ཀྱང་། དེ་ལྟར་ཁས་མི་ལེན་ཏེ། གལ་ཏེ་གང་ལ་ནད་མེད་པའི་སྒྲུབ་པར་བྱེད་པའི་ལས་མེད་པ་དེ་ལ་ནི་སྨན་པས་ཅི་ཡང་བྱར་མེད་དོ། །གང་ལ་ནད་མེད་པའི་སྒྲུབ་པའི་ལས་ཉམས་པ་མེད་པ་དེ་ལ་
ཡང་དོན་མེད་པ་ཉིད་པས་མི་ནུས་པ་དང་མི་དགོས་པས་སྨན་པ་མེད་དོ་ཞེས་བྱ་བར་འགྱུར་རོ་ཞེ་ན། ཉེས་པ་འདི་ནི་མེད་དེ། སྨན་ནི་དོན་མེད་པ་ཉིད་དང་། །འགར་ཡང་ནུས་མེད་དེ་བཞིན་ཅི། །དེ་ཉིད་དབང་ཕྱུག་ལ་འདོད་དམ། །དེ་ལྟར་ན་དེ་དབང་ཕྱུག་མིན། །དབང་ཕྱུག་གིས་འགའ་ཞིག་ནི་འཁོར་
བར་བསྐུལ་ལ། འགའ་ཞིག་ནི་མ་ཡིན་ནོ་ཞེས་དབང་ཕྱུག་སྨྲ་བས། ཁས་བླངས་པ་མ་ཡིན་ནོ། །འོན་ཏེ་བསྙེན་པ་ཡང་འགྲོ་བ་ཐོབ་པ་ཉེ་བར་མཁོ་བ་ཡིན་ནོ་ཞེ་ན། དེ་ལྟར་ཡིན་ན་སྦྱིན་པ་པོ་བསྙེན་པས་ཡང་ཡིན་ནོ། །དེ་ནི་མུ་སྟེགས་བྱེད་ཐམས་ཅད་ཡིན་པའི་ཕྱིར་དབང་ཕྱུག་དང་དབང་ཕྱུག་མ་
ཡིན་པ་དག་ལ་རྣམ་པར་དབྱེ་བ་ཅི་ཞིག་ཡོད། དེའི་ཕྱིར་མ་རིག་པ་དང་སྲེད་པ་ཉིད་སྐྱེ་བ་ལ་ནུས་པ་ཉིད་ཡོད་པ་ཡིན་གྱི་དབང་ཕྱུག་ནི་མ་ཡིན་ནོ། །གལ་ཏེ་འོ་ན་སྐྱེ་བ་གཞན་ལ་ལྟོས་ནས་འགྲོ་བ་དང་འོང་བ་ཡིན་ལ། དེའི་ཕྱིར་དེ་དག་དམིགས་པར་འགྱུར་རོ། །དེ་ལྟར་ནི་དམིགས་པ་མ་ཡིན་པའི་
ཕྱིར་རོ། །དེ་དག་ནི་མེད་པ་ཉིད་དོ་ཞེ་ན། བཤད་པ། གལ་ཏེ་འགྲོ་འོང་མ་མཐོང་ན། །དབང་པོ་མི་གསལ་ཕྱིར་མི་མཐོང་། །དཔེར་ན་མིག་མི་གསལ་བ་ཡིས། །དུ་བ་ཆུང་ངུ་མི་མཐོང་བཞིན། །གལ་ཏེ་འགྲོ་བ་དང་འོང་བ་དག་མ་མཐོང་བ་དེ་ལྟ་ན་ཡང་དེ་དག་མེད་པ་ནི་མ་ཡིན་ནོ། །དབང་པོ་
རྣམས་མི་གསལ་བ་ལས་ཀྱང་མི་མཐོང་སྟེ། མེད་པ་འབའ་ཞིག་ལས་ནི་མ་ཡིན་ནོ། །མེད་པ་ཉིད་མི་མཐོང་བ་ནི་མ་ཡིན་ཏེ། མིག་མི་གསལ་བས་དུ་བ་ཕྲ་བ་རྟོགས་པའི་ཡུལ་དུ་འགྱུར་བ་མ་ཡིན་མོད་ཀྱི་དེ་ལྟ་ན་ཡོད་པ་ཉིད་དོ། །སྲིད་པ་བར་མ་དོ་ཡི་ལུས། །ཤིན་ཏུ་དང་ཕྱིར་དམིགས་མ་ཡིན། །
འབྱུང་བའམ་ནི་འཇུག་པ་ཡང་། །མ་མཐོང་བ་ལས་མེད་པའང་མིན། །སྲིད་པ་བར་མ་དོའི་ལུས་ནི་ལས་ཀྱི་ནུས་པ་ལས་ཤིན་ཏུ་དང་བ་ཉིད་དུ་སྐྱེས་པས་རྣལ་འབྱོར་ཙམ་གྱིས་རྟོགས་པར་བྱ་བ་ཡིན་ནོ། །རྨི་ལམ་གྱི་ལུས་གཞན་དུ་དམིགས་པ་མ་ཡིན་ཏེ། དེ་ཙམ་གྱིས་དེ་མེད་པ་མ་ཡིན་ནོ། །རྨི་
Vol. 178 · folio 82a
ལམ་གྱི་ལུས་ནི་ཕྱིན་ཅི་ལོག་ཡིན་ནོ་ཞེ་ན། མ་ཡིན་ཏེ་དོན་བྱ་བ་བྱེད་པའི་ཕྱིར་རོ་ཞེས་བསྟན་ཟིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། ལུས་ཅན་ཡིན་ཡང་པྲ་བའི་ཕྱིར། །འགའ་ཞིག་ལ་ལར་ཐོགས་མེད་དེ། །ཆུ་བཞིན་གསེར་ལ་དངུལ་ཆུ་བཞིན། །མ་ཡིན་མ་མཐོང་
ཕྱིར་མེད་པ། །ལུས་ཅན་མ་ཡིན་པའི་ཕྱིར་རྨི་ལམ་གྱི་ལུས་བཞིན་དུ་ཐོགས་པ་མེད་པ་ཡིན་ནོ། །ལུས་ཅན་ཉིད་ཡིན་ཡང་འགའ་ཞིག་ལ་ལར་ཐོགས་པ་མེད་པ་ཡིན་ཏེ། བུམ་པ་ལ་སོགས་པར་ཆུ་བཞིན་དང་། ཤེལ་ལ་སོགས་པ་ལ་འོད་བཞིན་དང་། གསེར་དང་དངུལ་ཆུ་བཞིན་ནོ། །ཡང་
ན་ཆུ་བཞིན་དང་གསེར་ལ་དངུལ་ཆུ་བཞིན་དུ་ཡོད་པ་ཉིད་མ་མཐོང་བ་ནི་མ་ཡིན་ཏེ། འོན་ཀྱང་མཐོང་བའི་ཕྱིར་སྲིད་པ་བར་མ་དོའི་ལུས་ནི་མེད་པ་ཉིད་ཀྱང་ཡིན་ནོ། །འདི་ལྟར། འབྲུ་ཡི་རྒྱུན་དང་ཆོས་མཐུན་ཕྱིར། །སྲིད་པ་རྒྱུན་མི་འཆད་པར་འབྱུང་། །བར་དུ་ཡོངས་སུ་བརྟགས་པ་ན། །འདིར་ནི་
སྐྱེ་དང་འཆི་བ་ཡི། །བར་དུ་འབྱུང་བ་གང་ཡིན་པ། །དེ་ལྟར་འདིར་ནི་མ་ཡིན་ཏེ། །ཡུལ་དང་དུས་དག་གི་ཆོད་པའི་སྐྱེ་བའི་ཕྱིར་རོ། །འདི་ལྟར་འགའ་ཞིག་ནི་གྲོང་དུ་འགྲོ་བ་ལ་སོགས་པས་རྒྱུན་མ་ཆད་པར་ཀ་ནྱ་ཀུབ་ཛ་ལ་སོགས་པར་འགྲོ་བར་དམིགས་པ་ལ་འགའ་ཞིག་ནི་འདི་ན་འདུག་པ་ཉིད་དུས་
གཅིག་གི་ཚེ་ཁོ་ནར་བདག་ཉིད་ཡུལ་གཞན་ན་གནས་པར་རྨི་ལམ་དུ་དམིགས་པ་ཡིན་ནོ། །དེ་བཞིན་དུ་འགྲོ་བའི་ཡུལ་དུ་ཡང་ཡིན་པས་ཁྱད་པར་མེད་དོ། །རྨི་ལམ་མི་བདེན་ཞེས་ཏེ་བསྒྲུབ་པར་བྱ་བ་གཞན་ཡང་མི་བདེན་པར་ནི་མི་འགྱུར་ཏེ། ཐམས་ཅད་ཀྱིས་མཚུངས་པའི་དཔེ་ནི་མ་མཐོང་ངོ་། །
སྐྱེ་བ་གཞན་ནི་བག་ཆགས་བརྟན་པའི་ཕྱིར་བདེན་པར་འགྱུར་གྱི་རྨི་ལམ་ནི་མ་ཡིན་ཏེ། དེ་མེད་པའི་ཕྱིར་རོ། །གལ་ཏེ་སྣང་བ་གཞན་ཐོབ་པས། །རྨི་ལམ་མི་བདེན་ཉིད་ཡིན་ན། །དེས་ན་སྐྱེ་བ་གཞན་པ་ཡང་། །བདེན་མིན་ཞེས་ནི་མི་འདོད་དམ། །གལ་ཏེ་སད་པའི་ཤེས་པའི་མཚན་ཉིད་
སྣང་བ་གཞན་འབྱུང་བའི་ཕྱིར། རྨི་ལམ་གྱི་རྟོགས་པ་མི་བདེན་པ་ཉིད་ཡིན་ན། སད་པའི་རྟོགས་པ་མི་བདེན་པ་ཉིད་དེ། བཟློག་པའི་རྨི་ལམ་གྱི་ཤེས་པ་སྣང་བ་གཞན་གྱི་མཚན་ཉིད་སྐྱེ་བའི་ཕྱིར་རོ། །བཟློག་པ་ཉིད་དུ་ནི་ཁྱད་པར་ཡོད་པ་མ་ཡིན་ནོ། །འོན་ཏེ་རྨི་ལམ་གྱི་བུམ་པ་ལ་སོགས་པ་ནི། དེའི་
Vol. 178 · folio 82b
ཕྱིར་རྒྱུ་མེད་པར་གློ་བུར་ཉིད་དུ་དམིགས་པ་ཡིན་པ་དེས་ན་ཁྱད་པར་ཡོད་དོ་ཞེ་ན། སད་པའི་བུམ་པ་ལ་སོགས་ཀྱང་། །གློ་བུར་ཉིད་དུ་དམིགས་པ་ཡིན། །རྨི་ལམ་དུ་ཡང་ཤིང་རྟ་སོགས། །ཚོགས་པ་ལས་ནི་འབྱུང་བར་མཐོང་། །སད་པའི་གནས་སྐབས་སུ་ཡང་རྣལ་འབྱོར་པས་སྤྲུལ་པ་དང་།
རི་ལ་སོགས་པའི་རྒྱུ་བ་དག་ནི་གློ་བུར་དུ་དམིགས་པའི་སྤྱོད་ཡུལ་དུ་འགྱུར་བ་ཡིན་ནོ། །དེ་དག་ནི་སྔར་ཡོད་པ་ཉིད་དམིགས་པ་ཡིན་ལ། དེ་ལ་རྒྱུ་བའི་ཁྱད་པར་ནི་ཚོགས་པ་ཡིན་ནོ་ཞེ་ན། དེ་ནི་མི་བདེན་ཏེ། རྨི་ལམ་ལ་ཡང་སྔར་ཡོད་ཉིད། །གང་གི་ཟློག་པར་བྱེད་པ་ཡིན། །གཞན་གྱིས་མི་
དམིགས་ཕྱིར་ཞེ་ན། །རི་ལ་སོགས་ལའང་དེ་མཚུངས་སོ། །གལ་ཏེ་རི་ལ་སོགས་པ་སྔར་ཡོད་པ་ཉིད་སད་པས་འགའ་ཞིག་ཏུ་དམིགས་པ་ཡིན་ན། རྨི་ལམ་དུ་གནས་པས་ཀྱང་དེ་ལྟར་ཡིན་པར་ཇི་སྟེ་ཁས་མི་ལེན་སད་པ་གཞན་གྱིས་དེ་དག་མ་དམིགས་པའི་ཕྱིར་མེད་པ་ཡིན་ནོ་ཞེ་ན། སད་པར་
དམིགས་པ་རྣམས་ཀྱང་རྨི་ལམ་གྱི་རྟོགས་པས་མི་དམིགས་སོ། །ཇི་ལྟར་རྒྱུ་བའི་ཚོགས་པ་ལས་དེ་དག་དམིགས་པ་དེ་བཞིན་དུ་རྨི་ལམ་གྱི་གནས་སྐབས་གཞན་ཡོད་པས་བུམ་པ་ལ་སོགས་པ་གློ་བུར་ཡིན་ནོ། །སད་པའི་གནས་སྐབས་ཞེས་བྱ་བ་ཡང་ཅི་ལྟར་འདོད། སད་པར་རྟོགས་པ་སྐྱེ་བའི་ཕྱིར་རོ་
ཞེ་ན། རྨི་ལམ་དུ་ཡང་སད་པའི་བློ། །འགའ་ལ་ཡོད་པ་མིན་ནམ་ཅི། །མིག་འབྱེད་ལ་སོགས་བྱ་བ་ཀུན། །དེ་ཡང་ཡོད་ཕྱིར་མཚུངས་པ་ཉིད། །འདི་ལྟར་བདག་སད་དོ་ཞེའམ། ང་ནི་གཉིད་མ་ལོག་གོ་སྙམ་པའི་རྟོགས་པ་དང་འགྲོ་བ་ལ་སོགས་པ་ནི་རྨི་ལམ་ངན་ཡང་ཡོད་པ་ཉིད་དོ། །དེས་ན་དེ་
ཡང་ཇི་ལྟར་གཉིད་ལོག་པ་ཡིན། མི་བདེན་པའི་ཕྱིར་རོ་ཞེ་ན། སད་པར་འདོད་པའི་གནས་སྐབས་སུ་ཡང་དེ་ལྟར་ཐལ་བར་འགྱུར་ཏེ། ཕན་ཚུན་དམིགས་པ་མ་ཡིན་པར་ནི་གཉི་ག་ལ་ཡང་མཚུངས་པའི་ཕྱིར་རོ། །འོན་ཏེ་འདི་ནི་མི་བདེན་ནོ་ཞེས་རྟོགས་པའི་ཕྱིར་རྨི་ལམ་མི་བདེན་པ་ཉིད་དོ་ཞེ་ན། སད་
པའི་རྟོགས་པ་ལ་ཡང་དེ་མཚུངས་པའི་ཕྱིར་མི་བདེན་པར་འགྱུར་རོ། །དེ་ལྟར་རྟོགས་པ་ཉིད་ཀྱིས་དེ་ཉིད་བདེན་པ་ནི་མ་ཡིན་ཏེ་དེའི་མཚན་ཉིད་ཀྱིས་ཀྱང་དེ་ཉིད་དུ་འགྱུར་བའི་ཕྱིར་རོ། །གཞན་ཡང་མི་བདེན་ནོ་སྙམ་པའི་རྟོགས་པ་ཡང་ཅི་ལ་དམིགས་པ་ཡིན། བདེན་ལས་གཞན་ནམ་ཅི་སྟེ་ན། །བདེན་མེད་
Vol. 178 · folio 83a
དེ་འདིར་དགག་པ་ཡིན། །དེ་ཡི་རང་བཞིན་དམིགས་པའི་ཕྱིར། །གཉི་ག་ཤིན་ཏུ་འཐད་པ་དཀའ། །དེའི་རང་བཞིན་དུ་དམིགས་པ་ཉིད་ནི། དེ་ལས་གཞན་ནོ་ཞེས་འཐད་པ་མ་ཡིན་ལ། དེ་མ་ཡིན་པ་ཞེས་བྱ་བར་ཡང་མི་འཐད་དེ། དེ་ལས་གཞན་ཉིད་ནི། དེ་
ལས་གཞན་པའི་རང་བཞིན་ཉིད་ཀྱིས་ཡིན་ཏེ། དེ་ལྟ་མ་ཡིན་ན་དེ་ཡང་དེ་ལས་གཞན་དུ་འགྱུར་རོ། །དམིགས་བཞིན་པ་ཉིད་ནི་མེད་པ་ཡང་མ་ཡིན་ཏེ། ཐམས་ཅད་དེ་ལྟར་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་ཏེ་རྟོགས་པ་འདི་ནི་སྐྱེས་པ་ཡིན་ནོ་ཞེ་ན། སྐྱེས་མོད་ཀྱི་འདི་ལ་དམིགས་པ་
མེད་པའི་ཕྱིར་རོ་དོན་མེད་པ་ཉིད་དེ། འདི་ལས་དོན་རྣམ་པར་གནས་པ་མ་ཡིན་ནོ། །གལ་ཏེ་རྨི་ལམ་དུ་དམིགས་པ་བུམ་པ་ལ་སོགས་པ་མེད་པ་ཉིད་དོ་སྙམ་པའི་རྟོགས་པ་འདི་ནི་བརྟེན་པ་དང་མི་སླུ་བ་ཅན་མ་ཡིན་ནམ། དེ་ཇི་ལྟར་འདི་དོགས་པ་མེད་པ་ཡིན། འདི་ལྟར། བཀྲུས་མ་ཐག་ཏུ་
གཉིད་སད་པ། །མོད་ལ་འཁྲུས་མ་བྱས་པར་སྣང་། །དེས་ན་དེ་ལྟར་ཉིད་དུ་ནི། །མི་སླུ་བ་ན་སླུ་མེད་འདོད། །དེ་ནི་མ་ཡིན་ཏེ། འདི་ལྟར། རྨི་ལམ་མཐོང་བ་ཆགས་པ་ཡི། །གནས་སྐབས་མོད་ལ་ལྡོག་པ་ཡིན། །དེ་ལ་སླུ་མེད་རྨི་ལམ་དང་། །སླར་ཡང་དེ་ནི་མཐོང་ཕྱིར་རོ། །རྨི་ལམ་ཅིག་
ཤོས་རྣམ་གཞག་འདི། །དེར་ཡང་གྲུབ་པ་ཡོད་མ་ཡིན། །བསྒྲུབ་བྱ་ཡིན་ཕྱིར་བསླུ་བ་ལས། །གྲུབ་ན་ཕན་ཚུན་བརྟེན་པ་ཡིན། །གཞན་ཡང་། འདི་ནི་མེད་ཅེས་ཤེས་པ་ནི། །གཞན་གྱིས་རྟོགས་པར་འགྱུར་མ་ཡིན། །འདི་ནི་ཐུན་མོང་མ་ཡིན་པའི། །མཚན་ཉིད་རྟོགས་པ་ཙམ་དུ་ཟད། །
རྟོགས་པ་འདི་དག་ནི་དེ་ལྟ་བུར་གྱུར་པ་ཐོག་མ་མེད་པའི་བག་ཆགས་ལས་བྱུང་བའི་ཕྱིར་ཐ་སྙད་པ་རྣམས་ལ་སྐྱེ་བ་ཡིན་ནོ། །ཁྱད་པར་གང་གིས་ཤེ་ན། དེ་ལ་སེམས་གཏད་པས་སད་པའི་བདག་ཉིད་དུ་མངོན་པར་རློམ་པ་ཅན་གྱི་དམིགས་པའི་ངོ་བོར་སད་པར་མངོན་པར་རློམ་པ་ཡང་། བག་ཆགས་ཀྱི་
སྟོབས་ཉིད་ལས་ཉལ་བའི་ལུས་འདོར་བ་ལས་སོ། །འདི་ཡང་ཐ་དད་པ་འབའ་ཞིག་ཏུ་ཟད་དེ། དོན་དམ་པར་ནི་སད་པ་ཞེས་བྱ་བ་ཡོད་པ་མ་ཡིན་ཏེ། རྨི་ལམ་དུ་ཡང་དེ་ལྟར་རྟོགས་པའི་ཕྱིར་རོ། །འོན་ཏེ་རྨི་ལམ་གྱི་ཤེས་པས་སད་པ་དམིགས་པ་དག་ལ་མེད་དོ་ཞེས་རྟོག་པ་མ་ཡིན་ནོ་ཞེ་ན། འདི་ནི་མ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words