ཚད་མ་རྣམ་འགྲེལ་གྱི་རྒྱན

Sanskrit title (Tibetan script, as in the text) པྲ་མཱ་ཎ་བརྟི་ཀ་ཨཱ་ལཾ་ཀཱ་ར

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 178 · folio 83b

ངེས་པ་ཉིད་དེ། རྗེས་སུ་གྲུབ་པར་དེ་དག་རྣམས། །དེ་ཡིན་མེད་པར་རྟོགས་པ་ཡིན། །དེ་དག་འགྲོ་བ་ལ་སོགས་ཀྱི། །གེགས་མིན་དེ་ལ་གྲུབ་པ་ཉིད། །འགྲོ་བ་ལ་སོགས་པ་གེགས་མེད་པར་གྲུབ་པ་ཉིད་ཀྱིས་བྱ་བའི་སྒོ་ནས། གཙོ་བོའི་མེད་པ་ཉིད་རྟོགས་པས་རྣམ་པར་རྟོག་པས་

བསྒྲུབ་པར་བྱ་བ་གཞན་གྱིས་ཅི་ཞིག་བྱ། རྣམ་པར་རྟོག་པ་ནི་བདེན་པ་ལ་ཡང་མི་བདེན་པ་ཉིད་དུ་རྟོགས་པར་བྱེད་དོ། །དེ་ལྟ་མ་ཡིན་ན་ཕན་ཚུན་འགལ་བ་རྣམ་པར་རྟོག་པར་མི་འགྱུར་རོ། །དེའི་ཕྱིར་མོད་ལ་འཇིག་པའི་ཕྱིར་དང་། སད་པའི་གནས་སྐབས་ན་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རྨི་ལམ་

དུ་མཐོང་བ་དག་པ་ལ་མི་བདེན་པར་མངོན་པའི་རློམ་པ་ཡིན་གྱི། དེ་ཙམ་གྱིས་དེ་བདེན་པར་འགྱུར་བ་ཡང་མ་ཡིན་ནོ། །དེའི་ཕྱིར་རྨི་ལམ་གྱི་ཡུལ་ལ་འགྲོ་བ་དང་འོང་བ་གཞན་གྱིས་མ་མཐོང་བ་དེ་ལྟ་ན་ཡང་དེ་དག་ཡོད་པ་ཉིད་པས་དེ་མ་མཐོང་བ་ནི་མ་ངེས་པ་ཉིད་དོ། །དེས་ན་འགྲོ་འོང་མེད་པར་

ངེས་པར་མི་ནུས་སོ། །ཡང་ན་ནི་མེད་པ་ཉིད་ཅེས་བསྟན་པ་ཡིན་ནོ། །གཞན་ཡང་གལ་ཏེ། རིག་པ་ལུས་ལས་ཐ་མི་དད་པ་དང་ལུས་ཀྱང་རྡུལ་ཕྲ་རབ་འདུས་པ་ཙམ་ཡིན་ན་དེའི་ཚེ་རྡུལ་ཕྲ་རབ་མཐའ་དག་སོ་སོར་རིག་པར་ཐལ་བར་འགྱུར་རོ། །འོན་ཏེ། ཡན་ལག་ཅན་རགས་པ་གཅིག་ཉིད་དེ་ལྟར་

དམིགས་པ་ཡིན་ན། དེ་ལྟ་ན་ཡང་དེ་རྡུལ་ཕྲ་རབ་དག་ལ་གནས་པའི་ཕྱིར། རྡུལ་ཕྲ་རབ་ལ་རེག་པས་རྡུལ་ཕྲ་རབ་དམིགས་པར་འགྱུར་རོ། །འོན་ཏེ་དེ་དག་ལས་རེག་པ་སྐྱེ་བ་ཡིན་གྱི་དེ་དག་ལ་གནས་པ་ནི་མ་ཡིན་ན། དེ་ལྟ་ཡིན་ན་དེ་དག་ལས་ཞེས་གང་ལས་རྟོགས། རང་རིག་པ་ནི་གཞན་རིག་

པ་མ་ཡིན་ནོ། །འོན་ཏེ་གཞན་རིག་པ་ཉིད་ཡིན་གྱི། རང་རིག་པ་ནི་མ་ཡིན་ན། འོ་ན་ཇི་ལྟར་བདེ་བ་རིག །གཞན་དུ་འགྱུར་བ་ཉིད་དེ་ལྟར་རིག་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། གཞན་དུ་འགྱུར་བ་རིག་ན་ནི། །རིག་པ་གཞན་གང་ཡིན་པར་འགྱུར། །གང་ལ་རིག་པ་ཞེས་གནས་པ། །དེ་

ཉིད་རིག་པ་ཉིད་ཡིན་ནོ། །གཞན་དུ་འགྱུར་བ། བདེ་བ་ལ་སོགས་པ་དང་། སྔོན་པོ་ལ་སོགས་པ་ཉིད་རིག་པ་ཡིན་པའི་ཕྱིར། གཞན་ཅི་ཞིག་ཡོད་ན་གང་ཞིག་རིག་པར་བྱེད་པ་ཡིན། ལུས་ཉིད་དོ་ཞེ་ན། མ་ཡིན་ཏེ། བདེ་དང་སྔོ་སོགས་མ་གཏོགས་པ། །ལུས་ཀྱང་གང་ཞིག་ཡིན་པར་འདོད། །

Vol. 178 · folio 84a

དེ་ནི་དམིགས་བྱ་ཉིད་ཡིན་པས། །གང་ཕྱིར་དམིགས་བྱེད་ཉིད་མ་ཡིན། །མིག་སོགས་དེ་ལྟ་ཉིད་ཡིན་ན། །བོང་རྭ་ཅིས་ན་དེ་ལྟ་མིན། །དེ་ནུས་དངོས་ན་མ་རྟོགས་པར། །དེ་ནི་ཅི་ལྟ་དེ་ལྟར་འགྱུར། །མིག་ལ་སོགས་པ་བོང་བུའི་རྭ་བཞིན་དམིགས་པ་མེད་པ་ནི་

དམིགས་པ་ཡོད་པའི་དམིགས་པར་བྱེད་པ་མ་ཡིན་ནོ། །མིག་ལ་སོགས་པ་ནི་ནུས་པའི་རང་བཞིན་ཡིན་ཏེ། དེས་ན་མེད་པའི་རྭ་བཞིན་ནི་མ་ཡིན་ནོ་ཞེ་ན། ནུས་པ་ཡང་མ་དམིགས་པར་ཡོད་དོ་ཞེས་གང་ལས་ཡིན། འབྲས་བུའི་སྒོ་ནས་དེ་དམིགས་པ་ཡིན་ནོ་ཞེ་ན། དེ་དག་གི་འབྲས་བུ་གང་

ཡིན། བདེ་བ་ལ་སོགས་པ་དང་གཟུགས་ལ་སོགས་པ་དམིགས་པའོ། །དེ་ཡང་ནུས་པ་ཉིད་ཡིན་པའི་ཕྱིར་མ་དམིགས་པ་ཉིད་མ་ཡིན་ནམ། ལྷག་མར་འགྱུར་བ་གཟུགས་ལ་སོགས་པ་དེ་དག་ཉིད་ཡིན་པར་འགྱུར་ན། དེ་དག་ནི་རྣམ་པར་ཤེས་པའི་ནུས་པའི་འབྲས་བུ་མ་ཡིན་ནོ། །མིག་

ལ་སོགས་པ་འབྲས་བུ་ཉིད་ཡིན་ན་ནི་སྔར་མེད་པར་ཐལ་བར་འགྱུར་རོ། །དམིགས་པའི་གནས་སྐབས་འབྲས་བུ་ཡིན་ནོ་ཞེ་ན། རྡུལ་ཕྲ་རབ་སོ་སོར་དམིགས་པར་ཐལ་ལོ། །ཁྱད་པར་མེད་པར་ནི་གནས་སྐབས་ཐ་དད་པར་ཡང་མི་འགྱུར་རོ། །ཁྱད་པར་ཡོད་ན་ནི་རང་ཉིད་རིག་པར་ཐལ་ལོ། །ནུས་

པ་དང་ལྷན་ཅིག་སྐྱེས་པ་ཉིད་ཁྱད་པར་ཡིན་ནོ་ཞེ་ན། དེ་ནི་མི་རིགས་ཏེ། འདི་ལྟར། ལྷན་ཅིག་ཉིད་ན་ནུས་དཔོག་ཅིང་། །རྗེས་དཔག་ལས་ཀྱང་དེར་འདོད་པས། །ཕན་ཚུན་བརྟེན་པའི་ཉེས་པ་ནི། །ཅི་ལྟར་སྤོང་བར་འགྱུར་བ་ཡིན། །དམིགས་པ་ཉིད་ནི་གཟུགས་ལ་སོགས་པ་དག་གི་ཁྱད་

པར་ཡིན་ནོ། །གལ་ཏེ་དམིགས་པ་དེ་ནུས་པ་དང་ལྷན་ཅིག་པ་ཉིད་ཡིན་ན་ཅི་ལྟར་ནུས་པ་མ་གྲུབ་པར་ལྷན་ཅིག་པ་ཉིད་གྲུབ། དེ་མ་གྲུབ་ན་ཅི་ལྟར་ནུས་པ་རྗེས་སུ་དཔག །དེའི་ཕྱིར་རྣམ་པར་ཤེས་པ་ནི་གཟུགས་ལ་སོགས་པ་དང་བདེ་བ་ལ་སོགས་པ་ཙམ་རང་རིག་པ་ཉིད་ཡིན་ཏེ། རྣམ་པར་ཤེས་

པ་བདེ་བ་ལ་སོགས་པ་ཞེས་གཞི་མཐུན་པར་རྟོགས་པ་སྐྱེ་བའི་ཕྱིར་རོ། །གཞི་མཐུན་པ་ནི་གཙོ་བོ་དང་། བརྟགས་པའི་དབྱེ་བ་ལས་གཞན་མེད། །སྐྱེས་བུ་དབྱུག་པ་དེ་བཞིན་དུ། །སྐྱེས་བུ་སེམས་པ་ཞེས་བྱ་བཞིན། །གལ་ཏེ་གཙོ་བོ་མ་ཡིན་ན། །འཁྲིའུ་འབོད་དོ། །སྐྱེས་བུ་དབྱིག་པའོ་ཞེས་

Vol. 178 · folio 84b

བྱ་བ་དེ་ལྟར་འགྱུར་ན། དེ་ནི་འདིར་རབ་ཏུ་མ་གྲུབ་པ་ཉིད་དེ། གཟུགས་ལ་སོགས་པའི་རང་བཞིན་ལས་ཐ་དད་པའི་རྣམ་པར་ཤེས་པ་དམིགས་པ་མེད་པའི་ཕྱིར་རོ། །དཔེ་འདི་ཉིད་ཀྱིས་རྗེས་སུ་དཔོག་གོ་ཞེ་ན། མ་ཡིན་ཏེ་རྗེས་སུ་དཔག་པ་མེད་པའི་ཕྱིར་རོ། །གྲངས་ཅན་པ་རྣམས་སེམས་

པ་སྐྱེས་བུ་ཞེས་གཙོ་བོའི་གཞི་མཐུན་པ་ཁས་ལེན་པའི་ཕྱིར་རོ། །དེའི་ཕྱིར་གང་ཇི་ལྟར་རིག་པ་དེ་དེ་ལྟ་བུ་ཉིད་དུ་ཁས་བླང་བར་བྱའོ། །གོམས་ལས་དེ་ལྟ་བུར་འགྱུར་བའི། །གཟུགས་སོགས་ལ་གནས་རིག་པ་ནི། །གཟུགས་སོགས་གཞན་དང་གཞན་དག་ཏུ། །འཕོ་བ་ཉིད་དུ་ཡོད་པར་

འགྱུར། །རྣམ་པར་ཤེས་པ་དམིགས་པ་མ་གཏོགས་པ་གཞན་དང་འདྲེ་བ་ནི་མ་ཡིན་ནོ། །དེས་ན་བདེ་བ་དང་འདྲེས་པར་བྱས་པ་ནི། །གཟུགས་ལ་སོགས་པ་དང་འདྲེས་པར་འགྱུར་རོ། །གཟུགས་ལ་སོགས་པ་དང་འདྲེས་པར་འགྱུར་བ་ནི་གོམས་པ་ལས་རྟགས་ཀྱི་རྣམ་པ་ཐམས་ཅད་བཟུང་བས་དེའི་རྣམ་པ་

མཐའ་དག་རྟོགས་ན་གཞན་གྱི་བདེ་བ་ལ་སོགས་པ་དང་འདྲེ་བར་འགྱུར་བ་ཡིན་ནོ། །འོ་ན་ཇི་ལྟར་གཟུགས་ལ་སོགས་པ་དང་གཞན་གྱི་བདེ་བ་ལ་སོགས་པ་དག་ལོགས་ཤིག་ཏུ་གནས་པ་དག་ཏུ་དམིགས་ཤེ་ན། དེ་ནི་མ་ཡིན་ཏེ། རང་གི་ངོ་བོར་རིག་པ་ལ། །ལོགས་གནས་མི་གནས་ཡོད་མིན་ཏེ། །འདི་

ནི་རྟེན་ལ་ལྟོས་པའི་ཐ་སྙད་འབའ་ཞིག་ཡིན་པར་ཟད། རང་གི་ངོ་བོ་རིག་པ་ལས་མ་གཏོགས་པ་བདེ་བ་ལ་སོགས་པ་དང་གཟུགས་ལ་སོགས་པའི་རིག་པ་རྣམ་པ་གཞན་ནི་ཡོད་པ་མ་ཡིན་ནོ། །དེས་ན་འདིས་ནི་ལོགས་ཤིག་ན་གནས་པ་འམ་གཞན་ཡིན་ནོ་ཞེས་བྱ་བའི་རྣམ་པར་དབྱེ་བ་འདི་ག་ལ་ཡོད་དེ།

ལུས་ཀྱི་རྟེན་ལ་ལྟོས་ནས་འདི་ནི་ལོགས་ཤིག་པའམ་གཞན་ཡིན་ནོ་ཞེས་ཐ་སྙད་པའི་རྣམ་པར་དབྱེ་བ་འབའ་ཞིག་ཏུ་ཟད་དོ། །གལ་ཏེ་ལྟོས་པ་མེད་པར་ནི། །དེ་ཡི་རང་བཞིན་རིག་མིན་ནོ། །དེ་ཡི་རང་བཞིན་རིག་པ་ལ། །ལྟོས་པ་གཞན་ནི་ཡོད་མིན་ན། །དེ་བརྟེན་དེ་ཕྱིར་དོན་དམ་དུ། །རྣམ་

པར་དབྱེ་བ་ཡོད་མ་ཡིན། །དབྱེ་ནི་ཀུན་རྫོབ་འབའ་ཞིག་སྟེ། །ཀུན་རྫོབ་དཔྱད་བཟོད་ཉིད་མ་ཡིན། །འདི་ཉིད་ནི་ཀུན་རྫོབ་ཅེས་བརྗོད་དེ། །རྣམ་པར་དཔྱད་ན་མི་གནས་པ་གང་ཡིན་པའོ། །དེ་ལྟ་མ་ཡིན་ན་དོན་དམ་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་ཇི་ལྟར་གཟུགས་ལ་སོགས་པ་དང་། གཞན་གྱི་

Vol. 178 · folio 85a

ནུས་པ་ལ་སོགས་པ་རྣམ་པར་ཤེས་པ་དེའི་བདག་ཉིད་ཀྱིས་འཕོ་བ་དེ་བཞིན་དུ་གཞན་གྱི་ཁུ་ཁྲག་གིས་ལུས་ལ་ཡང་ཡིན་ནོ། །དེའི་ཕྱིར། གང་ལ་རྣམ་པར་ཤེས་པའི་རྟེན་བྱ་བ་དང་བཅས་པར་འགྱུར་བ་ཞེས་བྱ་བར་ནུས་པ་ཞེས་བྱ་བ་རྣམ་པར་ཤེས་པའི་རང་བཞིན་གཞན་ནི་

ཡོད་པ་མ་ཡིན་ཏེ། འོན་ཀྱང་དེ་ལྟ་བུར་གྱུར་པ་དེ་ཉིད་རང་རིག་པ་ནི། རྣམ་པར་ཤེས་པ་ཡིན་ནོ། །འོ་ན་ཇི་ལྟར་དེའི་བདག་ཉིད་ཀྱིས་འཕོས་པའི་རྣམ་པར་ཤེས་པའི་བདག་ཉིད་ཡིན་ན། ཀ་བ་ལ་སོགས་པ་མི་གཡོ། རང་གི་ལུས་བཞིན་དུ་དེ་ཡང་གཡོ་བར་འགྱུར་རོ་ཞེ་ན། དེ་ཡང་མ་ཡིན་ཏེ། དེ་

བདག་སྐྱེས་པ་ཙམ་གྱིས་ནི། །གཡོ་བར་འགྱུར་བ་མ་ཡིན་ཏེ། །རེག་པའི་རྣམ་ཤེས་ཁྱད་པར་ཅན། །རང་བཞིན་སྐྱེས་ན་དེ་འགྱུར་རོ། །གང་གི་ཚེ་རེག་པའི་རྣམ་པར་ཤེས་པ་རྩོལ་བའི་རྣམ་པར་ཤེས་པའི་རང་བཞིན་སྐྱེས་ན་དེའི་ཚེ་ལུས་ལ་སོགས་པ་གཡོ་བར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །

དེའི་ཕྱིར་རྣམ་པར་ཤེས་པ་ནི་གཟུགས་ལ་སོགས་པའི་རང་བཞིན་ཉིད་དོ། །དེས་ན་རྡུལ་ཕྲ་རབ་སོ་སོར་རིག་པར་ཐལ་བར་འགྱུར་རོ། །ཁྱེད་ལ་ཡང་ཅིའི་ཕྱིར་དེ་ལྟར་མི་འགྱུར་ཞེ་ན། དེའི་རྣམ་པ་ཅན་གྱི་རྣམ་པར་ཤེས་པ་གཞན་སྐྱེ་བའི་ཕྱིར་རོ། །ཁོ་བོ་ཅག་གི་ཡན་ལག་ཅན་རྣམ་པར་

ཤེས་པའི་རང་བཞིན་ཡིན་གྱི། རྡུལ་ཕྲ་རབ་དག་ནི་མ་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། རྡུལ་ཕྲ་རབ་དག་ཀྱང་དེའི་རང་བཞིན་དུ་འགྱུར་བའི་ཕྱིར་རོ། །རྡུལ་ཕྲ་རབ་དག་ནི་ཐ་དད་པར་འགྱུར་བ་ཉིད་དོ་ཞེ་ན། འོ་ན་ནི་མེད་པ་ཉིད་དུ་འགྱུར་རོ། །འདི་ལྟར། ཕྲ་རབ་རྡུལ་རྣམས་ལུས་ཀྱི་ནི། །ངོ་

བོ་ཉིད་དུ་རྣམ་པར་གནས། །ལུས་ནི་ཕྲ་རབ་རྡུལ་རྣམས་ཀྱི། །ངོ་བོ་ཉིད་དུ་རྣམ་པར་གནས། །འོན་ཏེ་ལུས་ཀྱི་རྡུལ་ཕྲ་རབ་དག་རྣམ་པར་ཤེས་པའི་རང་བཞིན་མ་ཡིན་ཏེ། དེ་ལྟ་ཡིན་ན། རྡུལ་ཕྲ་རབ་དག་ནི་ལུས་ཀྱི་ངོ་བོ་ཉིད་དུ་མི་འགྱུར་རོ། །རིག་པར་བྱ་བ་ཉིད་མ་ཡིན་པས་ཡུལ་གྱི་ངོ་བོ་ཡང་མ་

ཡིན་པའི་ཕྱིར། རྡུལ་ཕྲ་རབ་དག་ནི་མེད་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་ཡན་ལག་ཅན་འབའ་ཞིག་ཏུ་འགྱུར་རོ། །དེ་ཡང་མ་ཡིན་ཏེ། ལག་སོགས་གཡོ་ན་ཐམས་ཅད་དག །གཡོ་བར་འགྱུར་ཕྱིར་འགལ་བ་ཅན། །ལས་ནི་གཅིག་ལ་མི་རུང་ཕྱིར། །གཞན་དུ་ཐ་དད་གྲུབ་པར་འགྱུར། །

Vol. 178 · folio 85b

གཅིག་བསྒྲིབས་ན་ནི་ཐམས་ཅད་དག །བསྒྲིབས་པར་འགྱུར་བའམ་མ་བསྒྲིབས་ན། །མཐོང་འགྱུར་གཅིག་ཚོན་གྱིས་བསྒྱུར་ན། །བསྒྱུར་བའམ་མ་བསྒྱུར་རྟོགས་པར་འགྱུར། །ཡན་ལག་ཅན་གྱི་རང་བཞིན་གྱི་རྫས་ཞེས་བྱ་བ་ནི་བྱ་བ་ཅན་ཡོན་ཏན་ཅན་ལྡན་པ་ལ་སོགས་པའི་རྒྱུ་ཡིན་ནོ། །དེ་

ལ་གལ་ཏེ་བྱ་བ་ཡོད་ན་དེའི་ཚེ་དེའི་དུ་བ་ཅན་གྱི་རྒྱུ་ཡིན་པའི་ཕྱིར་ཐམས་ཅད་གཡོ་བ་ཅན་ཉིད་དུ་འགྱུར་རོ། །ཡན་ལག་ཅན་ནི་གཡོ་བ་དང་། མི་གཡོ་བ་སྣ་ཚོགས་པའི་རང་བཞིན་ཡིན་ནོ་ཞེ་ན། ལྷ་སྦྱིན་དང་མཆོད་སྦྱིན་ལ་སོགས་པའི་གཟུགས་གཡོ་བ་ལ་སོགས་པའི་རང་བཞིན་ཡན་

ལག་ཅན་གཅིག་ཡིན་པར་འགྱུར་རོ། །འོན་ཏེ་གཅིག་ཉིད་དང་གཡོ་བ་དང་མི་གཡོ་བ་ཉིད་དུ་མཐོང་བའི་ཕྱིར་འགལ་བ་ཅི་ཡོད་ཅེ་ན། གཅིག་ཅེས་བྱ་བ་འདི་ཅི་ཡིན། གལ་ཏེ་སྣང་བ་ཐ་དད་པ་མ་ཡིན་ན། དེ་ནི་མེད་དོ། །འོན་ཏེ་འབྲས་བུ་གཅིག་པ་ཉིད་ཡིན་ན། གལ་ཏེ་འབྲས་བུ་

གཅིག་ཉིད་ཡིན་མོད། རྒྱུ་ཡང་གཅིག་ཡིན་ནོ་ཞེས་བྱ་བ་ག་ལས། ཡན་ལག་ཅན་བསྒྲིབས་ན་ཐམས་ཅད་བསྒྲིབས་པར་འགྱུར་ཏེ། ལྡན་པ་ཁྱད་པར་མེད་པའི་ཕྱིར་རོ། །ཡན་ལག་བསྒྲིབས་པ་ཡིན་ན་ཡན་ལག་ཅན་བསྒྲིབས་པ་མ་ཡིན་པས་ཐམས་ཅད་མཐོང་བར་འགྱུར་རོ། །ཡན་

ལག་གི་སྒོ་ནས་བསྒྲིབས་ན། ཅུང་ཟད་མི་མཐོའ་བའམ་རིལ་བར་མཐོང་བར་འགྱུར་རོ། །གཅིག་ཡིན་ཡང་རིལ་བ་ལྟ་བར་མི་ནུས་པའི་ཕྱིར་རོ་ཞེ་ན། མཐོང་བ་དང་མ་མཐོང་བ་དག་ཅི་ལྟར་གཅིག་ཉིད་ཡིན། ཚོན་གྱིས་བསྒྱུར་བ་ལ་ཡང་ཐལ་བ་འདི་ཉིད་ཡིན་ནོ། །དེའི་ཕྱིར་ཚོགས་པ་གཅིག་

ཡོད་མིན། །དུ་མ་ཉིད་ན་སྔ་མ་བཞིན། །ཁྱད་མེད་ཕྱིར་དང་ཕྲ་རབ་ཕྱིར། རྟོགས་མིན་ཞེ་ན་ཁྱད་མེད་པར། །མ་གྲུབ་ཁྱད་པར་ཅན་རྣམས་ནི། །དབང་ཡུལ་དེ་ཕྱིར་ཕྲ་རབ་མིན། །གལ་ཏེ་ལུས་དུ་མ་ཡིན་ནོ་ཞེ་ན། དུ་མ་ཉིད་ཡིན་ན་ཡང་སྔ་མ་བཞིན་དུ་སྐྱོན་ཡོད་དེ། རྡུལ་ཕྲ་རབ་སོ་སོར་

རང་རིག་པར་ཐལ་ལོ། །ཁྱད་པར་མེད་པའི་ཕྱིར་མི་རྟོགས་སོ་ཞེ་ན། དེ་ནི་མ་ཡིན་ཏེ། ཁྱད་པར་མེད་པ་ཉིད་དུ་མ་གྲུབ་བོ། །རིག་པ་ནི་གནས་སྐབས་ན་དམིགས་པ་ཡིན་པའི་ཕྱིར་རོ། །དེས་ན་ཁྱད་པར་མེད་པ་མི་དམིགས་པ་ཉིད་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རང་ཉིད་རིག་པའི་

Vol. 178 · folio 86a

གནས་སྐབས་ན་ཕྲ་རབ་ཉིད་ཀྱང་གེགས་བྱེད་པ་མ་ཡིན་པའི་ཕྱིར་ཡོད་ཀྱང་མེད་པ་དང་ཁྱད་པར་མེད་པས་རྡུལ་ཕྲན་མ་ཡིན་ནོ། །ཁྱེད་ཅག་གི་ཡང་ཇི་ལྟར་ཡུལ་དམིགས་ཤེ་ན། རང་རིག་པའི་རང་བཞིན་གྱིས་ཡུལ་དམིགས་པ་ནི་མ་ཡིན་གྱི་འོན་ཀྱང་དེ་རྣམ་པ་ཅན་གྱི་

རྣམ་པར་ཤེས་པ་དམིགས་པ་ཉིད་ཡུལ་དམིགས་པ་ཉིད་ཡིན་ནོ། །ཇི་ལྟར་རྡུལ་ཕྲ་རབ་ཀྱི་རྣམ་པ་མེད་ཅེ་ན། འདི་ནི་འོག་ནས་བསྟན་པར་བྱའོ། །གལ་ཏེ་རྡུལ་ཕྲ་རབ་ཙམ་ཡིན་ན་ཇི་ལྟར་བསྒྲིབས་པ་དང་ཐོགས་པ་ལ་སོགས་པ་ཡིན་ཞེ་ན། འདིས་ནི་སྒྲིབ་བྱེད་ལ་སོགས་པ། །མེད་པ་དག་ཀྱང་

བསལ་བ་ཡིན། །དངུལ་ཆུ་གསེར་སོགས་དང་འདྲེས་པའམ། །རྡོ་ཚན་ལ་སོགས་ཇི་ལྟར་སྣང་། །དབང་སོགས་སོ་སོར་ནུས་མེད་ཀྱི། །རྟོགས་པ་དག་ནི་ཇི་ལྟར་ཡིན། །ལྡན་ལས་ཤེ་ན་འདིར་ཐལ་མཚུངས། །གལ་ཏེ་གསེར་དང་དངུལ་ཆུ་ཡི། །ལྡན་པ་སྣང་བ་ཡིན་ཞེ་ན། །རྟེན་མཐོང་

མེད་པར་ག་ལ་རྟོགས། །རོ་གཟུགས་ལ་སོགས་ལྡན་པར་འགལ། །གལ་ཏེ་ཉེ་བར་བརྟགས་པ་ལས། །འདོད་ན་བློ་ཐ་དད་པར་འགྱུར། །ཇི་ལྟར་ཕྲེང་རིང་ཞེས་བྱར་འགྱུར། །དེ་ལྡན་རང་གི་ངོ་བོ་དང་། །བརྗོད་པ་དག་ལས་ཐ་དད་པ། །གྲངས་ལྡན་ལས་ལ་སོགས་པ་ཡི། །ངོ་བོའང་

བློ་ལ་མི་སྣང་ངོ་། །རྡུལ་ཕྲ་རབ་རྣམས་འབྱར་བ་མེད་པའི་ཕྱིར་ཇི་ལྟར་སྒྲིབ་པར་བྱེད་པ་ཡིན་ཞེས་བྱ་བ་ནི་འཐད་པ་མ་ཡིན་ཏེ། གང་གིས་དེ་མེད་པས་རྡུལ་ཕྲ་རབ་རྣམས་ལ་དེ་མི་འགྱུར་བ་ཡན་ལག་ཅན་དང་འབྲེལ་བའི་སྒྲིབ་པ་ནི་གར་ཡང་དམིགས་པ་མེད་དོ། །དེ་བཞིན་དུ་ཐོགས་པ་ལ་སོགས་

པ་ཡང་ངོ་། །འོན་ཏེ་འདི་སྐད་བརྗོད་དེ། གསེར་དང་བཅས་ཕྱིར་རྡུལ་ཕྲན་ནི། །ཚོགས་པ་སྣམ་བུ་ལ་སོགས་པའམ། །ཆུ་དང་ཉི་མ་ལ་སོགས་པའི། །སྐབས་སུ་དེ་ནི་ཇི་ལྟར་འགྱུར། །ཕན་ཚུན་ནང་དུ་འཇུག་པ་ལ་གེགས་མེད་པའི་རྡུལ་ཕྲ་རབ་རྣམས་ཉིད་འབའ་ཞིག་ཡན་ལག་ལྡན་པ་མེད་

པར་ཇི་ལྟར་སྒྲིབ་པར་བྱེད་པ་ལ་བརྟེན་ཞེ་ན། འདིར་བཤད་པ་རེག་པ་མེད་པར་ཇི་ལྟར་ཡན་ལག་ཅན་སྐྱེད་པར་བྱེད། རེག་པ་ཡང་ཕྱོགས་གཅིག་གི་ནི་མ་ཡིན་ཏེ། དེ་མེད་པའི་ཕྱིར་རོ། །བདག་ཉིད་ཐམས་ཅད་ཀྱིས་ཀྱང་མ་ཡིན་ཏེ། གོང་དུ་རྡུལ་ཕྲ་རབ་ཙམ་དུ་འགྱུར་བའི་ཕྱིར་རོ། །ལྡན་པའི་

Vol. 178 · folio 86b

དོན་གཞན་སྐྱེད་པས་སོ་ཞེ་ན། མ་ཡིན་ཏེ། ལྡན་པ་དེ་ཉིད་བར་དང་བཅས་པ་དག་གིས་ཅི་ལྟར་སྐྱེད་པར་བྱེད་ཅེས་ཐལ་བ་མཚུངས་སོ། །རེག་ན་གོང་བུ་རྡུལ་ཕྲ་རབ་ཙམ་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་རེག་པ་ཡིན་ན་ལྡན་པ་གཞན་ནམ་དེ་བཞིན་དུ་ཡན་ལག་ཅན་གྱིས་ཅི་ཞིག་བྱ། འོན་ཏེ་བར་

དང་བཅས་པ་ཉིད་ལྡན་པ་དང་། ཡན་ལག་ཅན་སྐྱེད་པར་བྱེད་ན། དེ་ལྟ་ཡིན་ན་སྒྲིབ་པ་ལ་སོགས་པའི་འབྲས་བུ་ཡང་ཅི་སྟེ་སྐྱེད་པར་མི་བྱེད། གང་ལ་བརྡེགས་ཀྱང་སོ་སོར་ནི། །འགྱེས་པར་མི་འགྱུར་བ་དེ་ནི། །རེག་པ་མེད་ཀྱང་ཕྲ་རབ་ཀྱི། །རྡུལ་རྣམས་ཚོགས་པ་འབའ་ཞིག་ཡིན། །

སྐྲ་དང་སྦྲང་མ་ཤ་ལ་སོགས་པ་ཡུལ་བར་དང་བཅས་པར་གནས་པ་ཡིན་ཡང་ལིངས་པོ་གཅིག་གི་རྣམ་པ་ཅན་གྱི་ཤེས་པ་སྐྱེད་པར་བྱེད་པ་དེ་བཞིན་དུ། འབྲས་བུ་གཞན་ཡང་ཅི་སྟེ་སྐྱེད་པར་མི་བྱེད། དེར་གནོད་པར་བྱེད་པ་མཐོང་བའི་ཕྱིར་དེ་ལྟ་མ་ཡིན་ནོ་ཞེ་ན། འདི་ཡང་གལ་ཏེ་རྣལ་འབྱོར་པ་ཡོད་ན་དབང་

པོ་ལས་འདས་པའི་དོན་མཐོང་བ་རྣལ་འབྱོར་པའི་ཤེས་པ་གནོད་པར་བྱེད་པ་ཡོད་པར་འགྱུར་རོ། །དཔེར་ན་བུ་ག་དང་བཅས་པའི་སྣོད་སྟེང་བཀག་ན་ཆུ་མི་འཛག་པ་བཞིན་དུ་རྡུལ་ཕྲ་རབ་འདུས་པ་ཡང་ཡིན་ནོ། །ཡང་ན། དངུལ་ཆུ་གསེར་དང་ལྡན་པ་འམ། །རྡོ་ཚན་ལ་སོགས་པ་དག །ཡན་ལག་

ཅན་མེད་པར་སྒྲིབ་པ་དང་ཐོགས་པ་ལ་སོགས་པའམ། སོ་སོར་གྱེས་པ་ལ་སོགས་པ་འབྲས་བུ་གཞན་བྱེད་པར་ཇི་ལྟར་ནུས། དེ་ནི་ཁྱད་པར་ཅན་གྱི་འདུས་པའི་མཚན་ཉིད་ཀྱི་རྒྱུ་ཁྱད་པར་ཅན་ལས་སྐྱེས་པ་ཡིན་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་ནི་བསམ་གྱིས་མི་ཁྱབ་བོ། །འདི་ལྟར་གཟུགས་

ལ་སོགས་པ་སོ་སོར་རྣམ་པར་ཤེས་པ་སྐྱེད་པར་མི་ནུས་པ་དེ་ལྟ་ན་ཡང་། ཚོགས་པའི་གནས་སྐབས་ན་སྐྱེད་པར་བྱེད་དོ། །ལྡན་པ་ལས་ཡིན་ནོ་ཞེ་ན། ལྡན་པ་ཡང་འབྲས་བུ་ཉིད་མ་ཡིན་ནམ། དེ་ཉིད་ཇི་ལྟར་སྐྱེད་པར་བྱེད། ལྡན་པ་ནི་སྣང་བ་ཡང་མ་ཡིན་ཏེ། རྟེན་མ་མཐོང་བར་རྟོགས་

པ་མེད་པའི་ཕྱིར་རོ། །རྟེན་མཐོང་བ་མེད་པར་ཡང་རྟོགས་ན་ནི། དབང་པོ་དང་དོན་ཕྲད་པ་ལས་མངོན་སུམ་དུ་སྐྱེའོ་ཞེས་བྱ་བ་ནི་གཞུང་ལུགས་ཡིན་ནོ། །ཕྲད་པ་ཡང་ལྡན་པ་ཉིད་དོ། །དེའི་ཚེ་ལྡན་པའི་རྒྱུ་ཡིན་པའི་ཕྱིར། ལྡན་པ་དང་རྣམ་པར་དབྱེ་བའི་རྒྱུ་མ་ཡིན་པ་ནི་ཡོན་ཏན་ཡིན་ནོ་ཞེས་བྱ་བ་

Vol. 178 · folio 87a

ཡོན་ཏན་གྱི་མཚན་ཉིད་ཉམས་པར་འགྱུར་རོ། །འོན་ཏེ་འབྱོར་བ་དང་འཕྲོད་པས་འདུས་པའི་ཕྱིར་རྟོགས་པར་བྱ་བ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་འོ་ན་རྡུལ་ཕྲ་རབ་ལ་ལྡན་པ་ཡོད་པར་རྡུལ་ཕྲ་རབ་རྟོགས་པར་འགྱུར་བའི་ཕྱིར། ཡན་ལག་ཅན་བརྟགས་པ་དོན་མེད་དོ། །ལྡན་

པ་ཐམས་ཅད་ཀྱང་མཐོང་བར་འགྱུར་ཏེ། དེས་ན་རྒྱང་རིང་པོ་ནས་མི་འཛིན་པར་མི་འགྱུར་རོ། །དེར་ནི་དབང་པོའི་ལྡན་པ་ཉིད་མེད་དོ་ཞེ་ན། རགས་པ་རྣམས་ཀྱང་མི་རྟོགས་པར་འགྱུར་རོ། །འོན་ཏེ་ལྡན་པ་ལས་སྐྱེས་པའི་ལྡན་པ་ཡང་འདོད་པ་ཡིན་ནོ། །ལྡན་པ་དང་རྣམ་པར་དབྱེ་བའི་རྒྱུ་མ་ཡིན་པ་

ཞེས་བྱ་བ་ནི་འདུ་བ་ཅན་གྱི་རྒྱུ་བཀག་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། འདུ་བ་ནི་འདི་ལའོ་སྙམ་པའི་བློའི་རྒྱུ་ཡིན་པའི་ཕྱིར་རོ། །ལྡན་པ་ཡང་གལ་ཏེ་བརྟགས་ན་གོར་མ་ཆག་པར་འདི་ལའོ་སྙམ་པའི་བློ་སྐྱེད་པར་བྱེད་དོ། །དེས་ན་ཕྲད་པ་འདུ་བ་ཅན་གྱི་རྒྱུ་ཡང་འཐོབ་བོ། །གཞན་ཡང་། གལ་ཏེ་

འབྱོར་པ་དང་འདུ་བ། །འཛིན་པའི་རྒྱུ་ནི་ཡིན་འགྱུར་ན། །རྡུལ་ཕྲན་རྣམས་ལ་ལྡན་ཡོད་པས། །རྫས་ནི་འཛིན་པར་འགྱུར་བ་ཡིན། །གལ་ཏེ་འབྱོར་པ་དང་འདུ་བ་ཡང་འཛིན་པའི་རྒྱུ་ཡིན་ན། དེའི་ཚེ་འབྲས་བུའི་རྫས་ཀྱི་ལྡན་པ་དོན་མེད་དོ། །རྡུལ་ཕྲ་རབ་ཀྱི་ལྡན་པ་ཉིད་ཀྱིས་འབྲས་བུའི་རྫས་

མཐོང་བའི་ཕྱིར་རོ་ཞེ་ན། འོན་ཏེ་འབྲས་བུའི་རྫས་སྲིད་པས། རྡུལ་ཕྲ་རབ་ཀྱི་ལྡན་པ་བརྟག་པར་བྱ་བ་མ་ཡིན་ན། རྡུལ་ཕྲ་རབ་ཀྱི་ལྡན་པ་ཉིད་ལས་བུམ་པ་ལ་སོགས་པ་མཐོང་བས་ཡན་ལག་ཅན་རྟོག་པ་དོན་མེད་པའི་ཕྱིར་ཉེས་པ་དེ་ཉིད་ཡིན་ནོ། །འོན་ཏེ་ཡན་ལག་ཅན་ཡོད་ན་རྡུལ་ཕྲ་རབ་ཀྱི་

ལྡན་པ་རྟོག་གི་གཞན་དུ་ནི་མ་ཡིན་ནོ་ཞེ་ན། འདི་ནི་བཟློག་པ་ལ་ཡང་མཚུངས་སོ། །ཡན་ལག་ཅན་ལྡན་ན་རྡུལ་ཕྲ་རབ་ལྡན་པ་མ་ཡིན་ན་ནི་མ་ཡིན་ཏེ། །ཡུལ་དང་དུས་མཚུངས་པ་ཉིད་ཀྱིས་རྣམ་པར་དབྱེར་མེད་པའི་ཕྱིར་རོ། །ཡང་ན་རྟོགས་པའི་ཡན་ལག་ཅན་ལ་ཡང་ལྡན་པ་ཡིན་པས་མཐོང་

བའི་ལྡན་པ་ལ་ཡང་ལྡན་པ་ཡོད་པར་འགྱུར་རོ། །གཞན་ཡང་འབྱོར་པ་དང་འཕྲོད་པས་འདུ་བ་ལས་མཐོང་བའི་ཕྱིར། གཟུགས་དང་རོ་ལ་སོགས་པ་ཡང་དག་པར་ལྡན་པར། བཏུང་བ་ལ་སོགས་པ་མཐོང་བར་མི་འགྱུར་ཏེ། ཡོན་ཏན་ལ་ཡོན་ཏན་མེད་པའི་ཕྱིར་རོ། །དེ་ལ་གཟུགས་སམ་

Vol. 178 · folio 87b

རོ་དེ་ཡན་ལག་རྣམས་ནི་མ་ཡིན་ནོ། །ཉེ་བར་བརྟགས་པ་ལས་དེ་ལྟར་བསྙད་པ་ཡིན་ནོ་ཞེ་ན། བློ་ཐ་དད་པར་ཐལ་ལོ། །ཞོ་ལ་སོགས་པ་ཡན་ལག་རྣམས་ཀྱི་གཟུགས་སམ་རོ་གང་ཡིན་པ་དེ་ཉིད་དོན་གཅིག་ལ་འདུ་བ་ལས་ཉེ་བར་བརྟགས་པ་ཡིན་གྱི་གཟུགས་དང་རོ་གཞན་དམིགས་པར་མི་འགྱུར་

རོ། །ལྡན་པ་ཅན་རྣམས་ཀྱི་གཟུགས་གང་ཡིན་པ་དེ་ཉིད་ལྟ་བའི་ཡང་ཡིན་པར་འགྱུར་ཏེ། ཉེ་བར་བརྟགས་པ་ལས་དེར་གཟུགས་དང་རོ་གཞན་དུ་ག་ལ་འགྱུར། འོན་ཏེ་གཟུགས་དང་རོ་དེ་དག་ཉིད། ཕྲད་པ་ལས་དེ་ལྟར་སྣང་བ་ཡིན་ཏེ། དེ་དག་ཤིན་ཏུ་འདྲེས་པ་ལ་ནི་གཅིག་ཏུ་རྟོགས་

པའི་རྒྱུ་ཡིན་པའི་ཕྱིར་རོ། །རོ་དང་གཟུགས་གཞན་དུ་མངོན་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་འོ་ན་ཡན་ལག་ཅན་གཞན་གྱིས་ཅི་ཡང་བྱར་མེད་དེ། རྡུལ་ཕྲ་རབ་སྣང་བ་ཉིད་ལ་དེ་ལྟར་རགས་པ་ལ་སོགས་པའི་ཐ་སྙད་དང་ལྡན་པ་ཡིན་ནོ། །གཞན་ཡང་གལ་ཏེ་རྡུལ་ཕྲ་རབ་ཉིད་རགས་པ་ལ་སོགས་

པའི་རྟོགས་པ་མ་ཡིན་ན། དེའི་ཕྲེང་རིང་ངོ་ཞེས་བྱ་བར་མི་འགྱུར་རོ། །ཕྲེང་ཞེས་བྱ་བ་ནི་འགའ་ཡང་ཡོད་པ་མ་ཡིན་ཏེ། འདི་ལྟར། ལྡན་པ་མེད་ཕྱིར་ལྡན་པ་མིན། །དེ་ཉིད་ཕྱིར་དེ་རྫས་མ་ཡིན། །རིགས་སོགས་ལ་ནི་རིང་ཉིད་མེད། །དེ་ནི་རིགས་སོགས་འདོད་པའང་མིན། །བཀོད་པ་ཡི་ནི་ཁྱད་

པར་གྱིས། །ཇི་ལྟར་རིང་སོགས་བློར་འགྱུར་བ། །དེས་ན་དེ་བཞིན་བློ་དེས་ནི། །རྡུལ་ཕྲན་རྣམས་ལ་ཡིན་པར་རིགས། །དཔེར་ན་ཕྲེང་བ་ལ་སོགས་པའི་རིང་པོ་ལ་སོགས་པའི་བཀོད་པ་ཉིད་ཡིན་པ་དེ་བཞིན་དུ་རྩོད་པའི་གནས་ཡན་ལག་ཅན་གྱི་ཡུལ་དུ་མངོན་པར་འདོད་པ་ཡང་ཡིན་པའི་ཕྱིར་ཡན་ལག་ཅན་མེད་དོ། །

གང་ཡང་དབང་པོ་ལ་སོགས་པ་ནི། ལྡན་པ་ལས་ཡན་ལག་ཅན་ནམ་གཞན་ལ་བློ་སྐྱེད་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་བརྗོད་པ་དེ་ལ་སྨྲས་པ་ནི། ལྡན་པ་ལ་སོགས་པའི་རང་གི་ངོ་བོ་ནི་དམིགས་པ་མེད་དོ། །གཟུགས་ལ་སོགས་པ་དང་ལྡན་པ་ཅན་འབའ་ཞིག་ཏུ་ཟད་དོ། །དེ་ལ་ལྡན་པ་

གཞན་དམིགས་པའི་སྤྱོད་ཡུལ་དུ་འགྱུར་བ་མེད་དོ། །འབྱོར་པ་ཡིན་ནོ་ཞེས་བློས་བཟུང་བའི་ཇི་ལྟར་དེ་བཞིན་དུ་མ་ཡིན་ནོ་ཞེ་ན། འབྱོར་པ་ཞེས་བྱ་བ་ནི་ལྡན་པ་ཅན་ཉིད་ཀྱི་རྟོགས་པ་ཡིན་ནོ། །འབྱོར་པའི་སྒྲ་ལ་འདིར་དམིགས་པ་གཞན་ནི་ཡོད་པ་མ་ཡིན་ནོ། །དེར་ནི་ཉེ་བར་སྐྱེས་གྱུར་པ། །ལྡན་པ་

Vol. 178 · folio 88a

ཅན་དག་འབའ་ཞིག་ནི། །འབྱོར་པ་རྟོགས་པའི་ཡུལ་ཡིན་ཏེ། །དེ་ལས་འབྱོར་གཞན་ཡོད་མ་ཡིན། །ཇི་ལྟར་དོན་དེ་མདུན་གནས་པ། །ལྡན་པ་དེ་བཞིན་གནས་སམ་ཅི། །རྗེས་འགྲོ་ལྡོག་པ་དག་ལས་ནི། །ལྡན་པ་ལ་སོགས་རྟོགས་པ་ཡིན། །ལྡན་པ་ཅན་

ལས་ཐ་དད་པའི་ལྡན་པ་གཞན་ནི་སྣང་བ་མེད་དེ། འབའ་ཞིག་པ་མ་འབྱོར་པ་དག་ལ་ནི་གནས་སྐབས་དེ་མ་དམིགས་ལ། དེ་ལ་ནི་དམིགས་པ་དེས་ན་འདི་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་བརྟགས་པ་འབའ་ཞིག་ཏུ་ཟད་དོ་ཞེས་བྱ་བར་ཡིད་ཆེས་སོ། །མངོན་སུམ་གྱིས་དེ་ལྟ་བུར་གྱུར་པ་འདི་འདྲ་

བར་འགྱུར་རོ་ཞེས་རྟོགས་པ་ཡིན་ནོ། །དེས་ན་གནས་སྐབས་དེ་ཉིད་ལྡན་པ་ཞེས་ལོགས་ཤིག་ཏུ་རྣམ་པར་འཇོག་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། སྒྲ་ཤེས་དངོས་པོ་ཐ་དད་པའི། །རྗེས་འབྲང་རྣམ་རྟོག་བཏགས་དོན་ཅན། །དཔེར་ན་ཡོན་ཏན་ལ་སོགས་པའམ། །ཞིག་དང་མ་སྐྱེས་དག་ལ་བཞིན། །སྒྲའི་

ཤེས་པ་མི་མཐུན་པ་ཙམ་གྱིས་ནི། །དོན་ཐ་དད་པ་མ་ཡིན་ཏེ། འོན་ཀྱང་མངོན་སུམ་གྱི་མཚན་ཉིད་ཀྱི་ཤེས་པ་ཐ་དད་པ་ཡིན་ནོ། །རྣམ་པར་རྟོག་པ་ཙམ་གྱི་བློ་ནི་ཐོག་མ་མེད་པའི་བག་ཆགས་ཀྱི་སྟོབས་ལས་སྐྱེ་བ་ན། དེ་ལྟ་དེ་ལྟར་བསླད་པར་འགྱུར་བ་ཡིན་པས་དེ་ལས་དོན་གྱི་དེ་ཉིད་གནས་པར་

འགྱུར་བ་མ་ཡིན་ནོ། །དེ་ལ་ལྡན་པ་ལ་སོགས་པའི་བློ་ནི་རྗེས་སུ་འགྲོ་བ་དང་ལྡོག་པས་བརྟགས་པའི་ཐ་དད་པ་ལ་བརྟེན་ནས་འགྱུར་བ་ཡིན་ཏེ། །དེས་ན་བརྟགས་པ་ཉིད་ཐ་དད་པ་ཡིན་གྱི་དོན་གྱི་དེ་ཁོ་ན་ཉིད་ནི་མ་ཡིན་ནོ། །རྣམ་པར་བརྟགས་པའི་དོན་ཐ་དད་པ་ནི་མུ་སྟེགས་བྱེད་གཞན་གྱི་ལྟ་བ་

ལས་ཀྱང་སྐྱེའོ། །དེ་ལས་ཀྱང་དོན་གྱི་དེ་ཉིད་རྣམ་པར་གནས་ན་ཐུག་པ་མེད་དོ། །དེ་ལྟར་ཁས་ལེན་ན་ནི་ཕན་ཚུན་རྩོད་པར་ཡང་མི་འགྱུར་རོ། །དེའི་ཕྱིར་སྒྲ་དང་ཤེས་པ་ཐ་དད་པ་ནི་བག་ཆགས་ཀྱི་རྗེས་སུ་འགྲོ་བ་དང་ལྡོག་པས་རྣམ་པར་རྟོག་པས་བརྟགས་པའི་དོན་ལ་འཇུག་པ་ཡིན་ནོ། །རྣམ་

པར་བརྟགས་པ་དེ་ཅི་འདྲ་བ་ཞིག་ཅེ་ན། དངོས་པོ་ཐ་དད་རྗེས་འབྲང་བ་ཅན་ཏེ་དངོས་པོ་རྣམས་ཀྱི་ཐ་དད་པ་ནི་དེ་ལྟ་བུ་མ་ཡིན་པ་དག་ལས་ལྡོག་པའོ། །ལྡོག་པ་ཡང་ལྡོག་པ་ཅན་ལས་གཞན་མ་ཡིན་ཏེ། དེའི་ཕྱིར་དེ་ཉིད་རྒྱུན་ལ་ལྟོས་ཏེ་ནང་གི་དབྱེ་བ་ཐ་དད་པར་སྣང་བ་ཡིན་ནོ། །ཅི་སྟེ་དངོས་

Vol. 178 · folio 88b

པོ་ཐ་དད་པ་མེད་པར་རྟོགས་པ་ཐ་དད་པ་མ་མཐོང་ངོ་ཞེ་ན། །འཇུག་པ་ཁོ་ན་སྟེ། འདི་ནི་མཐོང་བ་ཡིན་ནོ། །དཔེར་ན་ཡོན་ཏན་དག་ལ་ཡོན་ཏན་གཅིག་གོ། །འདུ་བ་གཅིག་གོ་ཡོན་ཏན་ཉི་ཤུ་རྩ་བཞིའོ་ཞེས་བྱ་བ་ལྟ་བུའོ། །དེ་ལ་གྲངས་ནི་མེད་དེ། གྲངས་ནི་རྫས་ལ་བརྟེན་པའི་ཕྱིར་རོ། །རྟེན་ནི་

གྲངས་ཉེ་བར་བརྟགས་པ་ལ་མ་ཡིན་ཏེ། རྟེན་ཐ་དད་ཀྱང་སྤྱི་ལ་སོགས་པ་གཅིག་ཉིད་ཡིན་ནོ། །ཞིག་པ་དང་མ་སྐྱེས་པ་དག་ལ་ཡང་ཇི་ལྟར་གཅིག་ལ་སོགས་པ་ཡིན། གལ་ཏེ་འདི་ལྟར་བརྟགས་འདོད་ན། །རྒྱུ་མཚན་གང་གིས་དེ་འདོད་པ། །དེ་ཉིད་དངོས་པོ་ཐམས་ཅད་ལ་དེ་དག་གི་རྒྱུར་ཅིས་མི་

འདོད། གལ་ཏེ་ཞིག་པ་དང་མ་སྐྱེས་པ་དག་ལ་གཅིག་ཉིད་ལ་སོགས་པ་ཉེ་བར་བརྟགས་པ་ལས་དེ་ལྟར་བརྗོད་པ་དང་རྟོགས་པ་ཡིན་ནོ་ཞེ་ན། ཉེ་བར་བརྟགས་པ་དེ་ཉིད་ཐམས་ཅད་དུ་འདི་དག་གི་རྒྱུ་མཚན་དུ་ཅི་སྟེ་མི་འདོད། ཐོག་མ་མེད་པའི་རྟོགས་པས་སྒྲོ་བཏགས་པ་ཉིད་རྒྱུ་མཚན་ཡིན་

པར་འགྱུར་ཏེ། དངོས་པོ་བརྟགས་པའི་སྐབས་ཡོད་པ་མ་ཡིན་ནོ། །གལ་ཏེ་ཀུན་ལ་ཉེར་བརྟགས་མིན། །ཐ་དད་ཁྱད་པར་གཙོ་བོ་ཞེས། །བྱ་ཉིད་ག་ལས་ཐ་དད་པ། །མེད་པ་ཐ་དད་དོན་མེད་ན། །དོན་གཞན་རྒྱུ་མཚན་ཙམ་མིན་ཡང་། །དཀར་ལ་སོགས་ལ་གྲངས་སོགས་དང་། །ལྡན་པའི་

སྒྲ་ནི་རྣམ་གྲངས་མིན། །གལ་ཏེ་དེར་ཡང་དོན་གཞན་ན། །ཡོན་ཏན་རྫས་ནི་ཁྱད་མེད་འགྱུར། །དོན་གཞན་མིན་ཡང་ལྡོག་པ་ཡི། །དབྱེ་བས་ཐ་དད་པ་ཡིན་ཏེ། །ལས་རྫས་མིན་པའི་སྒྲ་བཞིན་ནོ། །གལ་ཏེ་ཉེ་བར་བརྟགས་པ་ཞེས་བྱ་བར་གཙོ་བོའི་རྒྱུ་མཚན་ཅན་མ་ཡིན་ནམ། དེ་ཇི་ལྟར་གཙོ་

བོ་མེད་པར་འགྱུར། གཙོ་བོ་ཡང་ཁྱད་པར་ཐ་དད་པ་ཡིན་ཏེ། དབྱུག་པ་ཅན་ལ་སོགས་པ་བཞིན་ནོ། །ཁྱད་པར་ཐ་དད་པ་མེད་པ་ན་ནི་ཕལ་པར་གྲགས་པ་ཡིན་ནོ། །ཁྱེད་ལ་ནི་སྔ་མ་སྔ་མའི་རྟོགས་པས་བྱས་པའི་ཁྱད་པར་དང་ལྡན་པས་ཁྱད་པར་མེད་པའི་ཕྱིར་གང་ཡང་དངོས་མེད་པས་ཉེ་བར་

བརྟགས་པ་མི་སྲིད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། ཐ་དད་པའི་ཁྱད་པར་གཙོ་བོ་ཡིན་ནོ་ཞེས་བྱ་བ་ཉིད་ག་ལས་ཡིན་ཏེ། ཁྱད་པར་ཐ་དད་པ་མེད་ཀྱང་རྟོགས་པས་བྱས་པའི་ཁྱད་པར་ཐ་དད་པ་ཤིན་ཏུ་གོམས་པས་བསྟན་པར་ཆགས་པར་འགྱུར་བ་ནི་གཙོ་བོ་ཉིད་དོ། །འཁྲུལ་པ་མེད་པ་རྟོགས་པའི་

Vol. 178 · folio 89a

ཡུལ་ནི་དངོས་ཡིན་ལ། དེ་ལས་གཞན་ནི་ཕལ་པ་ཡིན་པས་མ་ཆོག་པ་ཅི་ཡོད་གཞན་ཡང་། གལ་ཏེ་ཁྱད་པར་ཐ་དད་པ་ནི་དངོས་ཡིན་ལ། གཞན་དུ་བརྟགས་པར་འགྱུར་ན་རྣམ་པ་འདི་ལྟ་བུ་མཐའ་དག་དངོས་མ་ཡིན་པར་འགྱུར་ཏེ། ཐ་དད་པའི་ཁྱད་པར་མེད་པའི་

ཕྱིར་རོ། །གང་ཞིག་པ་དང་མ་སྐྱེས་པ་ལ་ནི་ཁྱད་པར་ཅན་ཡང་བཏགས་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་ཡིན་ནོ། །གལ་ཏེ་ཁྱད་པར་གཞན་མེད་ན་འོ་ན་ནི་ཐམས་ཅད་དུ་ཁྱད་པར་ཅན་ཉིད་བརྗོད་པར་བྱ་བ་ཡིན་པས་དོན་ཐ་དད་པ་མེད་པའི་ཕྱིར་རྣམ་གྲངས་པ་ཉིད་དུ་འགྱུར་རོ། །གཞི་མཐུན་པ་ཡང་མེད་པར་

འགྱུར་ཏེ། དེ་ནི་འཇུག་པའི་རྒྱུ་མཚན་ཐ་དད་པ་ཉིད་ཡིན་ན་འགྱུར་བ་ཡིན་ནོ་ཞེ་ན། དེ་ཡང་བརྗོད་པར་མི་བྱ་བ་ཉིད་ཡིན་ཏེ། འདི་ལྟར། འཇུག་པའི་རྒྱུ་མཚན་ཐ་དད་ན། །དེ་ཡི་ངོ་བོར་སྣང་བས་ན། །ཅི་ལྟར་དོན་དང་སྒྲ་དག་ནི། །གཞི་མཐུན་པར་ནི་འགྱུར་བ་ཡིན། །གཞི་མཐུན་པ་འདི་དོན་དག་གམ་སྒྲ་དག་

གི་ཡིན་གྲང་ན། རེ་ཞིག་སྒྲ་དག་གཞི་མ་ཡིན་ཏེ། སོ་སོར་ངེས་པའི་དོན་བརྗོད་པའི་ཕྱིར་རོ། །མཚོན་ཟིན་པས་མཚེན་པས་གཞི་མཐུན་པ་ཡིན་ནོ་ཞེ་ན། །གཅིག་ཉིད་དང་ནི་འབྲེལ་བས་ན། །དེ་ནི་ཐམས་ཅད་མཚོན་པ་ཉིད། །སྒྲ་གཉིས་པ་ཡི་སྦྱོར་བ་ནི། །མེད་པའི་ཕྱིར་ན་དེ་མེད་དོ། །དོན་རྣམས་གཞི་

མཐུན་པ་ཉིད་ཀྱང་། །འདི་ཉིད་ཀྱིས་ནི་བསལ་བ་ཡིན། །འབྲེལ་པ་ཡོད་པ་ཡིན་ན་ཡང་། །གང་ལས་ཇི་ལྟར་འཇལ་བ་ཡིན། །གལ་ཏེ་འདུ་བའི་སྟོབས་ཀྱི་དོན། །ཐ་མི་དད་པར་འཇལ་བྱེད་ན། །གཅིག་ཉིད་ཀྱིས་ནི་དེ་རྟོགས་ཕྱིར། །སྒྲ་གཞན་དག་ནི་དོན་མེད་འགྱུར། །གལ་ཏེ་གཞན་གྱིས་

དོན་དེ་ཉིད། །ཤེས་པ་ཡིན་པར་འདོད་ན་ནི། །ཅི་ལྟར་ཁྱེད་ཀྱིས་འདོད་པས་ཀྱང་། །རྣམ་གྲངས་པ་དེ་ཉིད་མི་འགྱུར། །འོན་ཏེ་སྔོན་སོགས་འབྲེལ་པ་ཙམ། །སྒྲ་གཅིག་ལས་ནི་རྟོགས་ཤེ་ན། །འདུ་བ་ཅན་ནི་རྟོགས་པ་ན། །མ་རྟོགས་པ་ནི་གཞན་ཡོད་མིན། །ཅི་ལྟར་སྔོན་པོ་མངོན་སུམ་

གྱིས། །རྟོགས་ན་ཨུཏྤལ་རྟོགས་འགྱུར་བ། །དེ་བཞིན་སྒྲས་ཀྱང་རྟོགས་ན་ནི། །དེ་བཞིན་སྒྲ་གཞན་དོན་མེད་དོ། །སྒྲ་ནི་ངེས་པ་ཉིད་ཀྱི་དོན། །ཡིན་ཕྱིར་གཞན་དག་རྟོགས་མིན་ན། །ཁྱད་པར་ཅན་དང་བྲལ་བའི་དོན། །འགའ་མེད་བརྗོད་པ་དོན་མེད་དོ། །མཐོན་མཐིང་ཨུཏྤལ་ལ་སོགས་

Vol. 178 · folio 89b

དག །སྔོ་ཉིད་འབའ་ཞིག་ཉིད་མིན་ཏེ། །དེ་ལྟར་མངོན་སུམ་གྱིས་བཟུང་མིན། །སྒྲ་འཇུག་གཞན་དུ་ཇི་ལྟར་ཡིན། །གལ་ཏེ་སྔོ་ཉིད་ཨུཏྤལ་ཡིན། །ཨུཏྤལ་ལ་ཚིག་དོན་མེད། །གལ་ཏེ་སྔོ་ཉིད་གཞན་དུ་ན། །དེ་བཞིན་ཨུཏྤལ་ཚིག་དོན་མེད། །དེ་ཕྱིར་རང་གི་བག་ཆགས་ཀྱི་དབང་གིས་

སྐྱེས་པའི་བློ་ཉིད་ཀྱིས་གཞི་མཐུན་པ་ལ་སོགས་པའི་ཐ་སྙད་ཐ་དད་པ་ཐ་དད་པ་མ་ཡིན་པ་ཉེ་བར་འཇོག་པ་ཡིན་ནོ། །རྣམ་གྲངས་ལ་སོགས་པར་ཐལ་བ་མ་ཡིན་ཏེ། འདི་ལྟར་དོན་གཞན་མེད་ཀྱང་དཀར་པོ་ལ་སོགས་པ་དག་ལ་རྣམ་གྲངས་པ་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །དེར་ཡང་དོན་གཞན་

ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་ཡོན་ཏན་དང་རྫས་དག་ཁྱད་པར་མེད་པར་འགྱུར་རོ། །འདི་ལྟར་བྱ་བ་དང་ལྡན་པ་ཡོན་ཏན་དང་ལྡན་པ། འཕྲོད་པ་འདུ་བ་ཅན་གྱི་རྒྱུ་ནི་རྫས་ཡིན་ནོ། །འཕྲོད་པ་འདུ་བ་ཅན་གྱི་རྒྱུ་ཉིད་ནི་ཡོན་ཏན་དང་ལྡན་ན་འགྱུར་རོ། །ལྕི་བ་ཉིད་ཡོད་པས་ན་ལྟུང་བ་ལ་སོགས་པ་འོག་ཏུ་

ལྟུང་བའི་ཕྱིར་བྱ་བ་དང་ལྡན་པ་ཉིད་དོ། །དེས་ན་ཡོན་ཏན་ལ་ཡང་ལྡན་པ་ཡོད་པས་རྫས་ཀྱི་མཚན་ཉིད་དང་ལྡན་པ་ནི་རྫས་སུ་འགྱུར་བས། ཡོན་ཏན་དང་རྫས་ཁྱད་མེད་པར་འགྱུར་རོ། །དེའི་ཕྱིར་ལྡོག་པའི་ཁྱད་པར་གྱིས་ཀུན་བརྟགས་པ་བརྗོད་པར་བྱ་བ་ཐ་དད་པས་ཐ་དད་པ་སྟེ། སྒྲ་དང་རྟོགས་

པ་ཐ་དད་པ་ཡིན་ཏེ། དཔེར་ན་ལས་རྫས་མ་ཡིན་པ་དང་། རྫས་ལས་མ་ཡིན་པ་བཞིན་ནོ། །འདིར་དོན་གཞན་ནི་དོན་མ་ཡིན་ཏེ། དེ་ལྟ་ན་ཡང་རྫས་ལས་མ་ཡིན་པ་ལ་སོགས་པའི་སྒྲ་རྣམས་རྣམ་གྲངས་པ་ནི་མ་ཡིན་ནོ། །དེར་ནི་ལོག་པའི་ཁྱད་པར་ཉིད་རྒྱུ་མཚན་ཡིན་གྱི་འཇུག་པའི་རྒྱུ་མཚན་

ཐ་དད་པ་གཞན་ནི་མེད་དོ། །འོ་ན་ཇི་ལྟར་བ་ལང་དཀར་པོ་ལ་བ་ལང་གི་དཀར་པོ་ཉིད་ཅེས་གཞི་མཐུན་པ་དང་། གཞི་ཐ་དད་པའི་དབྱེ་བར་འགྱུར་ཞེ་ན། དངོས་པོ་བརྗོད་པའི་སྒྲ་རྣམས་ཀྱིས། །གྲངས་སོགས་དེ་དང་ལྡན་པ་ལས། །ཐ་དད་བཞིན་དུ་བསྟན་གང་དེའང་། །ཆོས་བཞིན་ཁྱད་པར་

བྱེད་པ་ཡིན། །དེ་ཙམ་ཤེས་པར་འདོད་པ་ལ། །གཞན་ཀུན་འཕངས་པ་མེད་པར་ནི། །ལ་ལར་སོར་མོའི་ལྡན་པ་ཞེས། །ཐ་དད་ཆོས་བཞིན་སྒྲ་རྗོད་བྱེད། །དོན་གཅིག་བརྗོད་ཀྱང་ཐམས་ཅད་ནི། །འཕེན་ཕྱིར་སོར་མོ་ལྡན་འགྱུར་ཞེས། །ཆོས་ཅན་བརྗོད་པར་གྲགས་ཡིན་ཏེ། །དེ་ལྟར་

Vol. 178 · folio 90a

བརྡར་ནི་བྱས་པ་ཡིན། །ཇི་ལྟར་བརྟགས་པའི་བརྗོད་བྱ་ཐ་དད་པས་རྣམ་གྲངས་པ་མ་ཡིན་པར་བསྟན་པ་དེ་བཞིན་དུ། བརྗོད་པར་བྱ་བའི་དོན་ཐ་མི་དད་ཀྱང་ཐ་དད་པའི་རྣམ་པར་དབྱེ་བ་ནི་བརྟགས་པའི་ཐ་དད་པ་ཡོད་པའི་ཕྱིར་ཏེ། དཔེར་ན་མཆི་གུའི་ལུས་དང་། སྒྲ་

གཅན་གྱི་མགོ་ཞེས་བྱ་བ་དེ་བཞིན་དུ་བ་ལང་གི་དཀར་པོ་ཞེས་བྱ་བ་ཡིན་ནོ། །བ་ལང་ཞེས་བྱ་བས་ནི་རྣམ་པ་གཅིག་ཏུ་འཛིན་པ་ཅན་གྱི་དོན་དེ་རིལ་བརྗོད་པ་ཡིན་ལ། དཀར་པོ་ཞེས་བྱ་བས་ནི་དེའི་ཕྱོགས་གཅིག་འཛིན་པ་གཞན་དང་ལྡན་པའི་ཡོད་པ་ཡིན་ནོ། །ཐ་དད་པ་ནི་རྗེས་སུ་འགྲོ་བ་དང་

ལྡོག་པ་དག་གིས་ངེས་པར་བྱས་པ་ཡིན་ཏེ། དེས་ན་དེའི་ཡོན་ཏན་དཀར་པོ་དེ་ནི་བ་ལང་གི་ཡོན་ཏན་ཡིན་ནོ་ཞེས་ཐ་དད་པའི་རྣམ་པར་དབྱེ་བར་འགྱུར་རོ། །གང་གི་ཚེ་བ་ལང་གི་རྣམ་པར་གཟུང་བ་མེད་པར་འབྲེལ་པ་ཅན་གྱི་ཁྱད་པར་དང་བྲལ་བའི་དཀར་པོ་ཉིད་འབའ་ཞིག་དམིགས་པ་དེའི་ཚེ། དཀར་པོ་ཉིད་འདི་

གང་གི་ཡིན་ཞེས་འདྲི་བ་དེའི་ཚེ་ནི། བ་ལང་དག་གི་ཞེས་སྔར་མཐོང་བ་ལས་ངེས་པའི་བ་ལང་གི་རང་བཞིན་ཉིད་སྟོན་ཏེ། འདི་དེའི་བདག་ཉིད་ཀྱི་འབྲེལ་པ་ཉིད་བརྗོད་པར་འདོད་པ་ཡིན་ནོ། །ཐ་དད་པ་ནི་སྔར་འབའ་ཞིག་ངེས་པའི་ཕྱིར་རོ། །གང་གི་ཚེ་གལ་ཏེ་མཐོང་བ་དམན་པ་རྣམས་ཁྱད་པར་མཚོན་པ་

ལ་མི་གསལ་བ་ཉིད་ཡིན་པ་དེ་ལྟ་ན་ནི་ཡང་འདི་འབའ་ཞིག་ཏུ་གྱུར་པ་ནི་མི་སྲིད་དེ། བ་ལང་དཀར་པོའམ་གཞན་དུ་འགྱུར་བ་ཡིན་སྙམ་པས་དཀར་པོ་འདིའི་གང་ཡིན་བ་ལང་ངམ་འོན་ཏེ་གཞན་ཞེས་འདྲི་བ་དེའི་ཚེ་ནི་ལན་དུ་གཞི་མཐུན་པ་ཉིད་ཀྱིས་བ་ལང་ངོ་ཞེས་སོ། །དེ་ནང་དུ་བསྡུས་པ་ཉིད་ཀྱིས་

འདྲི་བ་ཡིན་པའི་ཕྱིར་རོ། །ལན་ཡང་དེ་དང་རྗེས་སུ་མཐུན་པ་ཁོ་ནར་རིགས་སོ། །དེ་ཁོ་ནའི་དོན་འདི་ཡིན་ཏེ། རྗེས་སུ་འགྲོ་དང་ལྡོག་པ་ལས། །ཐ་དད་པར་ནི་རྣམ་ངེས་ཤིང་། །རྒྱུ་འགའ་ཞིག་ལས་ཁྱད་པར་ཉིད། །མཚོན་པ་ཡང་ནི་མེད་པ་ནི། །མཁས་པ་ཡོན་ཏན་དཀར་པོ་འདི། །རྟ་ཡི་

ཡིན་ཞེས་ལན་འདེབས་ཏེ། །ཐ་དད་ལྡན་པ་འདྲི་བའི་ཕྱིར། །འདིར་ནི་དེ་ལྟ་ཉིད་དུ་ངེས། །གང་ཚེ་ཚད་མའི་འཇུག་པ་ལ། །ལྟོས་ཏེ་ཐ་དད་མེད་པར་ནི། །ཁྱད་པར་ནང་དུ་བསྡུས་གྱུར་ཏེ། །འདྲི་པོ་འདྲི་བར་བྱེད་འགྱུར་བ། །དེ་ཚེ་དེ་དངོས་རིག་པ་དེ། །དེ་འདྲི་ཉིད་ཀྱིས་ལན་འདེབས་ཏེ། །

Vol. 178 · folio 90b

གཞུང་ལུགས་གཞན་གྱི་གོ་སྐབས་ནི། །དེ་ལ་སྲིད་པ་མ་ཡིན་ནོ། །མངོན་སུམ་ཉིད་དམ་དེ་གཞི་ཅན། །རྗེས་དཔག་འཇུག་པ་ལ་ལྟོས་ནས། །ཐ་དད་མ་ངེས་ཡོད་མིན་ལ། །དེས་ན་ཐ་དད་སྲིད་མ་ཡིན། །གང་ཚེ་རྗེས་འགྲོ་ལྡོག་པ་དག །ཐོག་མ་མེད་པར་རྣམ་གནས་པ། །དེ་ཚེ་ཐ་དད་སྲིད་

པའི་ཕྱིར། །ཐ་སྙད་དེ་ནི་དེ་ལྟ་ཉིད། །འགྲོ་བའི་རྟོགས་པ་འདི་ལྟ་བུ། །འདི་ནི་ཐོག་མེད་ཐ་སྙད་ཡིན། །དངོས་པོ་སེམས་པ་འཇིག་རྟེན་ལ། །མེད་ཕྱིར་ཐ་དད་གནོད་མ་ཡིན། །དེའི་ཕྱིར་ཡན་ལག་ཉིད་ལས་ཡན་ལག་ཅན་ནི་མེད་དོ་ཞེ་ན། །གལ་ཏེ་ཡན་ལག་ཅན་ནི་མེད་ཀྱི་འོན་ཀྱང་རོ་

ལ་སོགས་པ་ཉིད་ཡིན་ན། འོན་ཏེ་དེའི་ཚེ་བུམ་པའི་གཟུགས་ལ་སོགས་པ་ཞེས་བྱ་བར་མི་འགྱུར་ཏེ། གཟུགས་ལ་སོགས་པ་རྣམས་ཀྱི་གཟུགས་སོ། །བུམ་པའི་བུམ་པའོ་ཞེས་བྱ་བར་འགྱུར་བ་ནི་མ་ཡིན་ནོ་ཞེས་གཞན་གྱི་རྒོལ་བའི་དོགས་པ་བསུ་ནས། བཤད་པ་ནི། གཟུགས་སོགས་

ནུས་པའི་ཁྱད་པར་ནི། །སྤོང་བས་དེ་འབྲས་མཚུངས་པ་ཡི། །རྒྱུ་མིན་པ་ནི་རྣམ་གཅོད་ལ། །བུམ་པའི་སྒྲ་ནི་འཇུག་པར་འགྱུར། །དེས་ན་བུམ་པའི་གཟུགས་སོ་ཞེས། །གཞི་གཅིག་པ་ཅན་སྒྲ་མ་ཡིན། །དེས་ན་འདི་ནི་རིགས་དང་ནི། །ཚོགས་པ་བརྗོད་པའི་ཁྱད་པར་ཡིན། །དེ་སྤྱི་ཡན་

ལག་ཏུ་བྱས་ཏེ། །བུམ་པ་ཡི་ནི་གཟུགས་སོགས་ཞེས། །དེ་ནུས་ཁྱད་པར་སྟོན་པར་བྱེད། །ཕྱོགས་འདིས་གཞན་ལའང་བརྗོད་པར་བྱའོ། །གཟུགས་ལ་སོགས་པ་རྣམས་ཀྱི་ནུས་པའི་ཁྱད་པར་སོ་སོར་ངེས་པ་མ་འཕགས་པར། ཐུན་མོང་གི་ཆུ་འཛིན་པའི་ནུས་པ་འཕེན་པའི་སྒོ་ནས་དེ་དག་ལ་བུམ་

པའི་སྒྲ་འཇུག་པ་ཡིན་ནོ། །དེས་ན་བུམ་པ་ལ་སོགས་པའོ་ཞེས་གཞི་མཐུན་པ་ཉིད་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཚོགས་པའི་སྒྲ་འདི་ནི་ཚོགས་པ་བརྗོད་པར་འདོད་པ་ན་ཡིན་ལ། རིགས་ཀྱི་སྒྲ་ནི་སོ་སོར་འབྲས་བུ་གཅིག་པ་ཉིད་ལ་ཡིན་ཏེ། དཔེར་ན་ནགས་ཞེས་བྱ་བ་བཞིན་དང་། དཔེར་ན་ཤིང་

ཞེས་བྱ་བ་བཞིན་ནོ། །འོ་ན་ཇི་ལྟར་བུམ་པའི་གཟུགས་ལ་སོགས་པ་ཞེས་ཐ་སྙད་ཅེ་ན། སོ་སོར་གཟུགས་ལ་སོགས་པའི་ཤེས་པ་སྐྱེད་པར་ནུས་པ་དག་ནི་ཆུ་འཛིན་པའི་འབྲས་བུ་ཐུན་མོང་བ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་ཇི་ལྟར་ཤིང་རྣམས་ཀྱི་ནགས་ཤེའམ། ནགས་རྣམས་ནི་ཤིང་ངོ་ཞེས་

Vol. 178 · folio 91a

བྱ་བ་དེ་བཞིན་དུ། གཟུགས་ལ་སོགས་པའི་བུམ་པ་ཞེའམ། བུམ་པ་ལ་སོགས་པ་དག་ནི་གཟུགས་སོ་ཞེས་ཅིའི་ཕྱིར་མི་འགྱུར་ཞེ་ན། གལ་ཏེ་བསྟན་བཅོས་གཞན་གྱི་འདུ་བྱེད་པ་མེད་ན་འགྱུར་བ་ཉིད་དོ། །འཇིག་རྟེན་ནི་ཕལ་ཆེར་དེའི་འདུ་བྱེད་པའི་རྗེས་སུ་

འབྲངས་པ་ཡིན་ཏེ། དེས་ན་མི་འགྱུར་བ་ཡིན་ནོ། །དངོས་པོ་ཡང་དག་པར་རྟོགས་པ་དང་ལྡན་པ་ནི་ཡིད་ཆེས་པར་འགྱུར་བ་ཉིད་དོ། །གཟུགས་ལ་སོགས་པ་ཉིད་འགའ་ཞིག་བུམ་པའི་འབྲས་བུའི་ཁྱད་པར་ནུས་པ་ཡིན་ལ། འབྲས་བུའི་ཁྱད་པར་ཡང་ཆུ་འཛིན་པ་ཡིན་ནོ། །ཡང་ན་དབྱིབས་ཀྱི་

ཁྱད་པར་གྱིས་རྣམ་པར་གནས་པ་སྟེ། དབྱིབས་ཀྱི་ཁྱད་པར་གང་ལས་ཆུ་འཛིན་པའི་ཁྱད་པར་གྱི་གཟུགས་ལ་གཟུགས་ཀྱི་བུམ་པ་ཞེས་བརྗོད་པ་ཡིན་ནོ། །དེས་ན་ཡན་ལག་དང་ཡན་ལག་ཅན་གྱི་ཁྱད་པར་ལ་ནི་གཞི་མཐུན་པར་མི་འགྱུར་བ་ཉིད་དེ། ཕན་ཚུན་ཁྱབ་པ་མེད་པའི་ཕྱིར་རོ། །གལ་

ཏེ་ཤིང་དང་ཤ་པ་དག་ལ་ཡང་ཕན་ཚུན་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་མེད་པའི་ཕྱིར་ཇི་ལྟར་གཞི་མཐུན་པ་ཡིན་ཞེ་ན། དེ་ནི་མེད་དེ་འདི་ལྟར། ཤིང་བློ་བསལ་བ་གཅིག་ལ་ནི། །སོ་སོར་རྗེས་སུ་འཇུག་པ་ཡིན། །བུམ་པའི་བློ་ནི་གཟུགས་སོགས་ལ། །སོ་སོར་རྗེས་སུ་འཇུག་པ་ཡིན། །

བུམ་པའི་བློ་ནི་ཤིང་ཤ་པ་ལ་སོགས་པ་ལ་ཤིང་བློ་ལྟར་གཟུགས་ལ་སོགས་པ་རེ་རེ་ལ་རྗེས་སུ་འཇུག་པ་མ་ཡིན་ནོ། །བུམ་པའི་སྒྲས་ནུས་པའི་ཁྱད་པར་འཕེན་པ་ཡང་མ་ཡིན་ཏེ། སྔོན་གྱི་ཐ་སྙད་ཞེན་པས་ནུས་པ་ངེས་པའི་ཕྱིར་རོ། །ཤིང་གི་སྒྲས་ནི་ཁྱད་པར་ཅན་གྱི་ནུས་པ་དང་ལྡན་པ་ཡང་འཕེན་

པ་ཡིན་པའི་ཕྱིར་སྐྱོན་མེད་དོ། །འདིར་ཡང་ཐ་སྙད་ཞེན་པའམ། །ནུས་པའི་བྱེ་བྲག་རྒྱུ་ཡིན་པས། །ཐམས་ཅད་ལེགས་པར་གནས་སོ། །གལ་ཏེ་བ་ལང་དག་ནི་ཉི་ཤུའོ་ཞེས་བྱ་བ་དང་། ཉི་ཤུ་དག་གི་བ་ལང་ཞེས་བྱ་བ་འདི་ལ་ནུས་པའི་ཁྱད་པར་འགའ་ཡང་ཡོད་པ་མ་ཡིན་ནོ། །འདིར་

ཉི་ཤུའི་སྒྲ་ནུས་པ་གཞན་བརྗོད་པ་ནི་མ་ཡིན་གྱི། འོན་ཀྱང་འདིར་བཞོ་བ་དང་དགལ་བ་ལ་སོགས་པའི་ནུས་པ་ཉིད་རྟོགས་པ་ཡིན་ནོ་ཞེ་ན། དེར་ནི་མང་པོ་ཉིད་ཀྱིས་ནི། །བསྟན་པའི་འདུས་པ་གསལ་བར་ཡོད། །དེ་བརྗོད་ཕྱོགས་འདིར་གཞན་དག་ལའང་། །ཉེ་བར་བསྟན་པར་བརྗོད་

Vol. 178 · folio 91b

པར་བྱ། །འདིར་ནི་བཅུ་པོ་གཉིས་ཀྱི་རང་བཞིན་འདུས་པ་བརྗོད་པར་འདོད་པ་ཡིན་ནོ། །དེས་ནི་བཞོ་བ་དང་དགལ་བའི་ནུས་པ་འཕེན་པ་མ་ཡིན་ལ་དེས་ཀྱང་འདུས་པའི་ཁྱད་པར་འཕེན་པ་མ་ཡིན་པའི་ཕྱིར་ཐམས་ཅད་ལེགས་པར་གནས་སོ། །ཡང་ན། ཐོག་མ་མེད་པའི་ཐ་སྙད་ཀྱིས། །འདུས་

བྱས་བག་ཆགས་བདག་ཅན་གྱི། །སྒྲ་ལས་བྱུང་བའི་རྟོགས་པ་འདི། །ཐོག་མ་མེད་པའི་ཐ་སྙད་ཡིན། །དེས་ན་གང་ལའང་མི་བརྩད་དེ། །གང་གིས་ཀྱང་ནི་བརྩད་བྱ་མིན། །གལ་ཏེ་སྒྲ་དོན་དེ་ལྟ་བུ། །ཡིན་ཡང་ཆད་པ་འགའ་མེད་ན། །གང་གིས་དེ་ལ་རྩོད་བྱེད་འདིར། །དེ་ལྟར་མི་

རིགས་ཇི་ཞིག་ཡོད། །ཐ་མལ་སྒྲ་ཡི་འདུས་བྱས་ལ། །མ་འཆོལ་བ་ནི་མཐོང་བ་མེད། །དེར་ནི་རྟགས་དང་ཚིག་གི་དོན། །ཐ་དད་པ་ནི་གསལ་བར་རྟོགས། །དེ་ལ་མི་རིགས་ཡོད་མ་ཡིན། །ལེགས་པར་སྦྱར་ལ་དེ་འགྱུར་ན། །མཚན་ཉིད་དེ་ནི་ལེགས་བསྒྲུབས་པ། །ཐ་མལ་ལེགས་པར་

སྦྱར་བར་འདོད། །ལེགས་པར་སྦྱར་དང་ལེགས་སྦྱར་མིན། །ཚད་མས་རྟོགས་པ་ཡོད་མ་ཡིན། །འདིས་ནི་བྱིས་རྩེད་དོན་ཕྱིར་ན། །རྣམ་པར་གཞག་པ་ཙམ་དུ་ཟད། །ཇི་ལྟར་དོན་ཡོད་མ་ཡིན་ཡང་། །བྱིས་པ་ཐ་སྙད་པ་དག་གིས། །ཅི་ཞིག་ལྟར་འདི་བསྟན་བཅོས་སུ། །བྱས་པ་དེ་

ལྟར་བྱིས་གཞན་ཉིད། །རྗེས་འཇུག་དེས་ན་དེ་དག་འདིར། །ཅི་ཞིག་བརྗོད་པ་མི་ཤེས་སོ། །མ་མཐོང་བ་ཡི་དོན་བརྗོད་ནི། །གར་གྱི་བསྟན་བཅོས་དག་ལའང་མཐོང་། །དེ་ལ་ཡིད་ཆེས་ཡོད་མིན་ཏེ། །འདིས་ནི་དམུས་ལོང་བརྒྱུད་པ་ཡིན། །གལ་ཏེ་ལུས་ཀྱི་འབྱུང་བ་ཆེན་པོ་ལས་སྐྱེས་པ་ཡིན་

ན། དེའི་ཚེ་ཆ་ཤས་མཐའ་དག་རྣམ་པར་ཤེས་པ་སྐྱེད་པའི་རྒྱུ་ཡིན་ཏེ། དཔེར་ན་མྱུ་གུ་ལ་ས་སོགས་ལྟ་བུའམ། ཡང་ན་སོ་སོར་དེ་དཔེར་ན་མེ་ལ་བསྲེག་པར་བྱ་བ་རྩྭ་ལ་སོགས་པ་ལྟ་བུ་ཞིག་ཡིན་གྲང་ན། དེ་ལ་མ་ལུས་རྒྱུ་ཉིད་ཡིན་ན་ནི། །ཡན་ལག་གཅིག་དང་བྲལ་ནའང་མིན། །རེ་རེ་

ནུས་པ་ཉིད་ཡིན་ནའང་། །ཅིག་ཅར་མང་པོ་འབྱུང་བར་འགྱུར། །དུ་མ་ཉིད་དུ་མཚུངས་པའི་ཕྱིར། །འབྱུང་རྔུབ་དག་ནི་ངེས་བྱེད་མིན། །འབྲས་བུ་གང་ལ་མང་པོ་དག་ཕན་ཚུན་ལྷན་ཅིག་བྱེད་པས། བྱ་བ་བྱེད་པ་དེར་ནི་གཅིག་མེད་ཀྱང་འབྲས་བུ་སྲིད་པ་མ་ཡིན་ནོ། །དེ་མེད་ཀྱང་འབྲས་བུ་ཡོད་པ་

Vol. 178 · folio 92a

ཡིན་ན་ནི། དེ་རྒྱུ་ཉིད་དུ་མི་འགྱུར་རོ། །འོན་ཏེ་ཡན་ལག་རྣམས་ཕན་ཚུན་ལྟོས་པ་མེད་པ་ཁོ་ནར་སྐྱེད་པར་བྱེད་པ་ཡིན་པ་དེས་ན། རྣ་བ་དང་སྣ་ཆད་ཀྱང་དེ་དག་ཉིད་ལ་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་བ་ཡིན་ན། དེ་ལྟ་ན་ནི་འོ་ན་སོ་སོར་ནུས་པ་ཞེས་བྱ་བར་འགྱུར་ཏེ། དེའི་

ཕྱིར་རྣམ་པར་ཤེས་པ་མང་པོ་འབྱུང་བར་འགྱུར་རོ། །སོ་སོར་ནུས་པའི་ས་བོན་དུ་མ་ཡོད་ན། མྱུ་གུ་དུ་མ་མི་སྐྱེ་བ་ནི་མ་ཡིན་ནོ། །དེ་སྐྱེད་པར་བྱེད་པ་ནི་དབུགས་འབྱུང་བ་དང་རྔུབ་པ་དག་ཡིན་ལ། ཆ་ཤས་གཅིག་འབའ་ཞིག་གང་ཡིན་པ་དེ་ནི་ལྷན་ཅིག་བྱེད་པ་ཡིན་ནོ། །ལྷན་ཅིག་བྱེད་པ་ཐ་དད་པས་ནི་

འབྲས་བུ་ཐ་དད་པར་མི་འགྱུར་ཏེ། ཐག་བཟངས་གཞན་དང་གཞན་ཡོད་ཀྱང་སྣམ་བུ་ཐ་དད་པ་ནི་མ་ཡིན་ནོ་ཞེ་ན། འདིར་བརྗོད་པ་དབུགས་འབྱུང་རྔུབ་དག་ཀྱང་དུ་མ་ཡིན་པའི་ཕྱིར་ཐལ་བ་ཉིད་དུ་འགྱུར་རོ། །ཡན་ལག་གཅིག་མ་ཚང་ཡང་མི་འགྱུར་བའམ་དུ་མ་འབྱུང་བར་འགྱུར་རོ། །ལུས་བཞིན་དུ་

འབྱུང་བ་དང་རྔུབ་པ་དག་ཀྱང་གཅིག་ཉིད་དུ་མི་འགྲུབ་བོ། །འོན་ཏེ་གཅིག་ཉིད་དུ་འདོད་ན། །དེ་ལ་ཡང་བརྗོད་པ་ནི། གཅིག་ཉིད་ཡིན་ནའང་མང་གསལ་འགྱུར། །དེ་རྒྱུ་རྟག་ཏུ་ཉེ་ཕྱིར་རོ། །གལ་ཏེ་དུ་མ་རྒྱུ་མིན་ན། །རིམ་གྱིས་ཀྱང་མིན་ཁྱད་མེད་ཕྱིར། །དབུགས་འབྱུང་བ་ལ་སོགས་པ་

རྣམས་གཅིག་ཉིད་ཡིན་ཡང་། དུ་མ་གསལ་བ་ཉིད་དེ་དེས་ན་འདོད་ཆགས་ལ་སོགས་པའི་ཡིད་དུ་མར་ཐལ་བར་འགྱུར་ཏེ། དེའི་རྒྱུ་རྟག་ཏུ་ཉེ་བ་ཉིད་ཡིན་པའི་ཕྱིར་རོ། །རྒྱུ་ཉེ་བ་ཡང་མི་འབྱུང་ན་དེ་དེའི་རྒྱུ་ཅན་ཞེས་བྱ་བར་མི་འཐད་དོ། །འོན་ཏེ་དུ་མའི་རྒྱུར་ནི་མི་འགྱུར་བ་ཉིད་དོ། །རྒྱུ་དང་འབྲས་

བུ་ཉིད་ནི་སོ་སོར་ངེས་པའི་ཕྱིར་རོ། །རྒྱུ་དང་འབྲས་བུའི་ངེས་པ་ལ་ནི་བརྒལ་ཞིང་བརྟགས་པར་འོས་པ་མ་ཡིན་ཏེ། མེ་ནི་དུ་བ་གཅིག་ཉིད་སྐྱེད་པར་བྱེད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །མེ་ལས་ནི་རང་བཞིན་དེ་ཉིད་ལས་དུ་བ་གཞན་དང་གཞན་དམིགས་པ་མ་ཡིན་གྱི།

འདིར་ནི་དབུགས་འབྱུང་བ་ལ་སོགས་པའི་རང་བཞིན་དེ་ཉིད་སད་པར་བྱེད་པའི་རྐྱེན་གཞན་དང་། གཞན་གྱི་རྗེས་སུ་འགྲོ་བ་ལས། འདོད་ཆགས་ལ་སོགས་པའི་སེམས་གཞན་དང་གཞན་འབྱུང་བ་ཡིན་ནོ། །སད་པར་བྱེད་པའི་རྐྱེན་ཀྱང་ངེས་པ་མ་ཡིན་ཏེ། སྔོན་གྱི་འདུ་བྱེད་པ་སྟོབས་དང་ལྡན་

Vol. 178 · folio 92b

པ་དང་། མི་ལྡན་པ་ཉིད་རྒྱུ་ཡིན་པའི་ཕྱིར་རོ། །དེས་ན་གལ་ཏེ་དབུགས་འབྱུང་བ་ལ་སོགས་པ་འདི་སེམས་ཀྱི་རྒྱུ་མ་ཡིན་ན་ནི། ཕྱིས་ཀྱང་དེ་དང་ཁྱད་པར་མེད་པས་མི་འབྱུང་བའི་ཕྱིར་རིམ་གྱིས་ཀྱང་དུ་མའི་རྒྱུ་མ་ཡིན་ཏེ། སྔོན་གྱི་འདུ་བྱེད་པ་ཉིད་རྒྱུར་ཐལ་བར་འགྱུར་རོ། །དབུགས་འབྱུང་བ་ལ་

སོགས་པ་གཅིག་ཉིད་དུ་ཁས་བླངས་ནས་ཀྱང་བརྗོད་པ་ཡིན་ཏེ། འཐད་པ་མ་ཡིན་ནོ། །འདི་ལྟར། དབུགས་གཅིག་ལ་ཡང་དོན་དུ་མ། །འཛིན་ཕྱིར་དེ་ལས་ངེས་མ་ཡིན། །དུ་མ་བློ་གཅིག་གིས་ཤེས་ན། །དེ་ནི་ཅིག་ཅར་ཉིད་འགྱུར་ཏེ། །འགལ་བ་མེད་ཕྱིར་རིམ་གྱིས་ཀྱང་། །མི་

འགྱུར་ཁྱད་པར་མེད་ཕྱིར་རོ། །རིང་དུ་ཕྱིར་འབྱུང་བ་ལ་སོགས་པ་དབུགས་འབྱུང་བ་གཅིག་ལ་ཡང་བློ་དུ་མ་འབྱུང་བའི་ཕྱིར་དབུགས་ལ་སོགས་པ་ནི་ངེས་པར་བྱེད་པ་མ་ཡིན་ནོ། །འོ་ན་ག་ལས་ངེས་པ་ཡིན་ཞེ་ན། འཛིན་པ་དེ་ལས་ཏེ། འཛིན་པ་སྔ་མ་སྔ་མ་ཉིད་སེམས་ཕྱི་མ་ཕྱི་མ་

ངེས་པའི་རྒྱུ་ཡིན་ནོ། །འོན་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་གཅིག་ཉིད་རིམ་གྱིས་དོན་དུ་མ་འཛིན་པའི་རང་བཞིན་ཡིན་པ་དེས་ན་བློ་དུ་མ་མ་ཡིན་ནོ་ཞེས་བརྗོད་ན། དེ་ཡང་མ་ཡིན་ཏེ། གཟུགས་ལ་སོགས་པའི་རྣམ་པ་ལས་ཐ་དད་པའི་ཡིད་གཞན་ནི་ཡོད་པ་མ་ཡིན་ནོ། །གལ་ཏེ་ཡིད་ནི་མེ་ལོང་

ཤིན་ཏུ་གསལ་བ་ལྟ་བུ་ཁྱབ་པར་བྱེད་པ་གཅིག་ཉིད་ཡིན་ནོ། །དེ་ནི་དོན་གྱི་གཟུགས་བརྙན་དང་འབྲེལ་བ་ཡིན་ན། དེ་ལ་བརྗོད་པ། གལ་ཏེ་རྣམ་པར་ཤེས་པ་བྱ་བ་མེད་པ་ཉིད་ལ་ཐོབ་པར་བྱ་བའི་དོན་གྱི་གཟུགས་བརྙན་སྐྱེ་བ་ཡིན་ན། དོན་རྣམས་ལ་ཉེ་བའི་རིམ་པ་ཁྱད་པར་ཅན་མེད་པའི་ཕྱིར་དོན་

ཅིག་ཅར་འཛིན་པར་ཐལ་བར་འགྱུར་རོ། །འོན་ཏེ་གོམས་པའི་ཁྱད་པར་གྱི་རིམ་པ་ལས་དེ་ལྟ་མ་ཡིན་ནོ་ཞེ་ན། འོ་ན་དེ་ཉིད་དོན་གྱི་རྣམ་པའི་རྒྱུ་ཡིན་གྱི། དབུགས་དབྱུང་བ་ལ་སོགས་པ་ནི་མ་ཡིན་ནོ། །མེ་ལོང་བཞིན་དུ་རྣམ་པར་གནས་པའི་རྣམ་པར་ཤེས་པ་ནི་ཅིག་ཅར་དོན་འཛིན་པར་འགྱུར་

ཏེ་འགལ་བ་མེད་པའི་ཕྱིར་རོ། །འོན་ཏེ་དེའི་ཚེ་ནུས་པ་མེད་ན་རིམ་གྱིས་ཀྱང་དོན་དེ་འཛིན་པར་མི་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །འོན་ཏེ་འདི་སྙམ་དུ་དེ་ལ་ཡང་སྐད་ཅིག་གི་དབྱེ་བ་ཡོད་པ་ཉིད་དེ། དེས་ན་སྐད་ཅིག་གི་དབྱེ་བས་རིམ་གྱིས་དོན་དུ་མ་འཛིན་པ་ཡིན་ནོ་ཞེ་ན། འདི་ཡང་ལན་

Vol. 178 · folio 93a

མ་ཡིན་ཏེ། འདི་ལྟར། རང་རིགས་མིན་པའི་དུས་ཅན་གྱི། །དབུགས་ཀྱི་སྐད་ཅིག་མང་པོ་དག །གལ་ཏེ་དེ་འདྲའི་སེམས་ཉིད་ཀྱི། །རྒྱུ་ཡིན་པར་ནི་རྟོག་བྱེད་ན། །གོ་རིམས་ལྡན་པའི་རྒྱུ་མེད་པར། །དེ་དག་རིམ་ལྡན་ཅི་ལྟར་འགྱུར། །རང་རིགས་སྔ་མ་རྒྱུ་

ཉིད་ན། །དང་པོ་འབྱུང་བར་མི་འགྱུར་ཏེ། །གང་གི་ཕྱིར། དེ་རྒྱུ་དེ་འདྲ་ཡོད་མ་ཡིན། །དབུགས་འབྱུང་ཐ་དད་ཡུལ་ཅན་ཕྱིར། །ཡོད་ཀྱང་དུ་མ་ཉིད་དེ་དེས། །དེ་ཕྱིར་བློ་ནི་ཅིག་ཅར་སྐྱེ། །དབུགས་སྐད་ཅིག་མ་ཞེས་ངེད་ལ་ནི་གྲུབ་པ་ཉིད་ཡིན་མོད་ཀྱི། ཁྱེད་ལ་ནི་དེ་གྲུབ་པ་མ་ཡིན་ནོ། །འོན་ཏེ་

ཚད་མས་མཐོང་བའི་ཕྱིར། དེ་ནི་གྲུབ་པ་ཉིད་དོ། །རིམ་གྱིས་འབྱུང་བ་ན་དོན་གཅིག་ཏུ་རིགས་པ་མ་ཡིན་ཏེ། དེས་ན་རྒྱུ་རིམ་ཅན་ཡིན་པའི་ཕྱིར། འབྲས་བུ་ཡང་རིམ་པ་དང་ལྡན་པ་ཡིན་པས་རྣམ་པར་ཤེས་པ་རིམ་པ་དང་ལྡན་པ་ཡིན་ནོ་ཞེ་ན། དབུགས་འབྱུང་བ་ལ་སོགས་པ་དེ་ཉིད་གོ་རིམས་དང་

ལྡན་པའི་རྒྱུ་མེད་པར་ཇི་ལྟར་རིམ་པ་དང་ལྡན་པ་ཡིན། སྔ་མ་སྔ་མའི་དབུགས་འབྱུང་བ་ལ་སོགས་པའི་རྒྱུའི་གོ་རིམས་ལས་སོ་ཞེ་ན། མ་ཡིན་ཏེ། རང་གི་རིགས་སྔ་མ་རྒྱུ་ཉིད་ཡིན་ན། དང་པོའི་དབུགས་འབྱུང་བ་ལ་སོགས་པ་མི་སྲིད་པར་འགྱུར་ཏེ། དེ་འདྲ་བ་དང་པོ་མེད་པའི་ཕྱིར་རོ། །འཇིག་རྟེན་ཕ་

རོལ་ཁས་ལེན་ན་ནི་སྐྱེ་བ་སྔ་མའི་དབུགས་རྒྱུ་ཡིན་པར་འགྱུར་རོ། །ཕ་མའི་དབུགས་རྒྱུ་ཡིན་ནོ་ཞེ་ན། དེ་ལྟ་བུའི་བདག་ཉིད་དུ་འགྱུར་བ་ཐམས་ཅད་ཀྱི་ཚེ་འབྱུང་བར་ཐལ་བའི་ཕྱིར་རོ། །དེ་ལྟ་ཡིན་ན་ནི་བློ་ཡང་ཕ་མས་བསྐྱེད་པ་ཡིན་པའི་ཕྱིར། ཐལ་བ་སྔ་མ་ཡིན་ནོ། །ཁས་བླངས་ནས་བརྗོད་དེ།

དབུགས་རྣམས་ནི་དུ་མ་ཉིད་དེ་ཡུལ་ཐ་དད་པ་དང་འབྲེལ་པའི་ཕྱིར་རོ། །ཡུལ་དུ་མ་དང་འབྲེལ་བ་འགལ་བའི་ཆོས་གནས་པ་ཅན་ནི། དུ་མའི་སྒྲུབ་པར་བྱེད་པ་མ་ཡིན་ནོ། །དབུགས་དུ་མ་ཡིན་པའི་ཕྱིར་མིང་རྣམ་པར་ཤེས་པ་དུ་མ་སྐྱེ་བར་ཐལ་བར་འགྱུར་ལ། རིགས་མཐུན་པའི་ཡིད་ནི་རིམ་གྱིས་

འབྱུང་བ་ཡིན་ནོ། །སྐད་ཅིག་ཐ་དད་པ་ཉིད་ཀྱིས་འབྲས་བུ་ཐ་དད་པར་ནི་མ་ཟད་དེ། ཇི་ལྟར་རིགས་མཐུན་པའི་རྒྱུ་དུ་མ་ཡིན་པ་དེ་བཞིན་དུ། འབྲས་བུ་ཡང་ཡིན་ནོ། །གལ་ཏེ་ཚོགས་པ་ལས་སྐྱེ་བ་ཅན་དུ་མ་ལས་གཅིག་ཉིད་སྐྱེ་བ་མ་ཡིན་ནམ་ཞེ་ན། འདི་ནི་ལན་མ་ཡིན་ཏེ། གལ་ཏེ་དུ་མའང་

Vol. 178 · folio 93b

གཅིག་དུས་ཅན། །སེམས་གཅིག་གི་ནི་རྒྱུ་ཡིན་ན། །དབུགས་རྒྱུ་ཞེན་པ་ལ་སོགས་སུ། །གཅིག་མ་ཚང་ནའང་མི་འབྱུང་འགྱུར། །ཅི་སྟེ་ཇི་ལྟར་ཡོད་རྒྱུ་ཡིན། །ཤེས་པ་ལ་ཡང་ཁྱད་ཡོད་འགྱུར། །གང་ཕྱིར་གང་གི་ཐ་དད་ལས། །ཐ་དད་མིན་ཏེ་དེ་འབྲས་མིན། །དུ་མས་གཅིག་སྐྱེད་ན་

རྣམ་པ་གཉིས་སུ་འགྱུར་ཏེ། ཚོགས་པའི་རང་བཞིན་གྱིས་སམ། འོན་ཏེ་གཞན་དུ་ཡིན། ཚོགས་པའི་རང་བཞིན་གྱིས་ཡིན་ན་དབུགས་ཞན་པ་དང་དབུགས་མི་རྒྱུ་བ་ལ་སོགས་པ་ལ་འབྱུང་བར་མི་འགྱུར་ཏེ་ཚོགས་པ་མེད་པའི་ཕྱིར་རོ། །ཚོགས་པ་ལས་སྐྱེ་བའི་འབྲས་བུའི་ཆོས་ནི་འདི་ཡིན་ཏེ། ཚོགས་

པ་ཉམས་པ་དང་མ་ཚང་བ་དག་ཏུ་མི་འགྱུར་བ་གང་ཡིན་པའོ། །དེ་མེད་པར་འབྱུང་ན་ནི་དེའི་འབྲས་བུ་ཉིད་མ་ཡིན་ནོ། །འོན་ཏེ་ཇི་ལྟར་ཉེ་བར་གནས་པ་ཉིད་རྒྱུ་ཡིན་གྱི། ཚོགས་པ་ཉིད་ནི་མ་ཡིན་ནོ་སྙམ་ན། དེ་ལྟ་ན་འོ་ན་ཉེ་བར་གནས་པ་ཉིད་རྒྱུ་མ་ཡིན་ཏེ། ཉེ་བར་གནས་པ་མ་ཡིན་པ་

ཡང་ཡིན་ནོ་ཞེས་བརྗོད་པར་བྱའོ། །དེ་ལྟར་ནི་མ་ཡིན་ཏེ། རྒྱུ་དང་འབྲས་བུ་ཉིད་ནི་རྗེས་སུ་འགྲོ་བ་དང་ལྡོག་པའི་ངོ་བོ་ཅན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཚོགས་པ་ལས་ནི་འབྲས་བུ་ཚོགས་པ་ཉིད་ཡིན་ལ། ཉམས་པ་ལས་ནི་མེད་པ་གཞན་དུ་འགྱུར་བ་ལས་ནི་གཞན་དུ་གྱུར་པ་ཉིད་དོ་ཞེས་

ངེས་པ་ཡིན་ནོ། །གང་གི་ཁྱད་པར་ལས་ཁྱད་པར་དུ་མི་འགྱུར་བ་དེ་ནི་དེའི་འབྲས་བུ་མ་ཡིན་ནོ། །དེ་ཡོད་ན་ཡོད་པ་ཉིད་རྒྱུ་མཚན་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་ཡོད་ན་ཡོད་པ་ཉིད་ནི་དེ་འགྱུར་ན་འགྱུར་བ་ཉིད་ལས་རྟོགས་པ་ཡིན་ནོ། །དེ་ཡོད་ན་ནི་ཡོད་ཙམ་གྱིས། །གལ་ཏེ་རྒྱུ་འབྲས་ཉིད་ཡིན་ན། །

རྣམ་འགྱུར་རྒྱུ་མེད་ཅན་འགྱུར་ཏེ། །དེ་ལྟར་ཐམས་ཅད་རྒྱུ་མེད་འགྱུར། །གལ་ཏེ་དེ་ཡོད་ན་དེ་ཡོད་པ་ཙམ་འབའ་ཞིག་རྒྱུ་དང་འབྲས་བུ་ཉིད་ཀྱི་རྒྱུ་མཚན་དུ་ཁས་ལེན་ན་རྣམ་པར་འགྱུར་བ་རྒྱུ་མེད་པ་ཅན་ཉིད་དུ་ཐལ་ལོ། །འོན་ཏེ་རྣམ་པར་འགྱུར་བ་དེ་ཡང་དེ་ཙམ་ཉིད་ལས་ཡིན་ན། དང་པོ་ཉིད་ཅིའི་

ཕྱིར་མ་སྐྱེས། །དེ་འགྱུར་བ་མེད་པ་ཉིད་ན་སྐྱེ་བ་ཡིན་ན། དང་པོ་ཉིད་འགྱུར་རོ། །གང་ཁྱད་པར་མེད་པར་ཁྱད་པར་དུ་འགྱུར་བ་དེ་དེའི་འབྲས་བུ་མ་ཡིན་ནོ་ཞེས་བཤད་ཟིན་ཏེ། དེས་ན་ཅི་ལྟར་རྣམ་པར་འགྱུར་བའི་ཁྱད་པར་རྒྱུ་མེད་པ་དེ་བཞིན་དུ། དངོས་པོ་དེ་ཡང་ཡིན་ཏེ། དེས་ན་དེ་ཡོད་

Vol. 178 · folio 94a

ན་ཡོད་པ་ཉིད་ཀྱང་ཇི་ལྟར་རྟོགས་པ་ཡིན། འདིས་ནི་ཡོངས་སུ་འགྱུར་བ་ཡང་བསལ་བ་ཡིན་ནོ། །རིམ་གྱིས་འགྱུར་བ་ཡོངས་སུ་འགྱུར་བའི་ཕྱིར་ཁྱད་པར་ལ་ལྟོས་པའི་ལུས་ཉིད་ལས་རྣམ་པར་ཤེས་པ་སྐྱེ་བ་ཡིན་ནོ་ཞེས་བརྗོད་པ་དེ་ནི་མ་ཡིན་ཏེ། ཡོངས་

སུ་འགྱུར་བའི་རིམ་པ་དེ། །ལུས་ཉིད་ལས་ནི་འབྱུང་མིན་ཏེ། །ལུས་ཁྱད་མེད་ཕྱིར་དེ་ཡི་ཡང་། །ཁྱད་པར་གང་ནས་འབྱུང་བ་ཡིན། །ཇི་ལྟར་ཡོངས་སུ་འགྱུར་བ་ཁྱད་པར་མེད་པ་ལས་རྣམ་པར་ཤེས་པ་ཁྱད་པར་མེད་པར་འགྱུར་བ་དེ་བཞིན་དུ། ལུས་ཁྱད་པར་མེད་པ་ལས་ཡོངས་སུ་

འགྱུར་བ་ཡང་མ་ཡིན་ནོ། །གལ་ཏེ་འོ་མ་ལ་སོགས་པའི་ཡོངས་སུ་འགྱུར་བའི་ཁྱད་པར་དེ་ཁྱད་པར་མེད་པར་ཡང་དུས་ཀྱི་མཐར་ཐུག་པ་ཙམ་ལས་མཐོང་བ་མ་ཡིན་ནམ། དེ་བཞིན་དུ་ལུས་ཀྱང་ཡིན་ནོ་ཞེ་ན། འདི་ནི་སྙིང་པོ་མེད་དེ། འདི་ལྟར། འོ་མ་མཚུངས་པ་ལས་བྱུང་

བ། །ཞོ་ལ་སོགས་ཀྱི་རྣམ་འགྱུར་ནི། །མཚུངས་ཉིད་ལུས་ཀྱི་རྣམ་འགྱུར་ནི། །ཁྱད་པར་ཅན་དུ་འགྱུར་བ་ཉིད། །འོ་མ་མཚུངས་པ་ཉེ་བར་གནས་ཤིང་དྲོད་མཚུངས་པ་ཉིད་ཡིན་ན་ནི་ཞོ་ལ་སོགས་པའི་ཡོངས་སུ་འགྱུར་བ་མཚུངས་པ་ཉིད་དོ། །ལུས་ནི་མཚུངས་པ་དང་མི་མཚུངས་པ་

དག་ལ་རྗེས་སུ་མཐུན་པ་གོམས་པའི་བག་ཆགས་རྣམ་པར་རྟོག་པ་ལ་སོགས་པའི་ཤེས་པ་ཐ་དད་པ་དང་ཐ་མི་དད་པ་དག་གི་རྒྱུ་ཡིན་ནོ། །དེས་ན་ཡིད་རྣམ་པར་ཤེས་པ་དག་ནི་རིམ་པ་དང་ལྡན་པའི་ལུས་ཡོངས་སུ་གྱུར་པ་ལས་མ་ཡིན་ནོ་ཞེས་རྟོགས་སོ། །དེའི་ཕྱིར་ཚོགས་པ་རྒྱུ་ཉིད་ཡིན་ན་ཁྱད་

པར་སྲིད་པར་འགྱུར་ལ། དེ་ལྟ་མ་ཡིན་ན་དུ་མ་ཉིད་དོ་ཞེས་བྱ་བ་ནི་འདི་གནས་པ་ཡིན་ནོ། །དེ་ལྟར་ནི་མཐོང་བ་མ་ཡིན་ནོ། །གང་གི་རྣམ་པར་ཤེས་པ་ཉིད་ལས་རྣམ་པར་ཤེས་པ་ཡིན་པ་དེ་ཡང་ཇི་ལྟར་རྣམ་པར་ཤེས་པ་དུ་མ་སྐྱེ་བར་མི་འགྱུར་ཞེ་ན། འདིར་ལན་དུ། རྣམ་ཤེས་ནུས་པ་ངེས་

པའི་ཕྱིར། །གཅིག་ནི་གཅིག་གི་རྒྱུ་ཡིན་ཏེ། །རྣམ་ཤེས་དོན་གཞན་ཆགས་པ་ཡིས། །ནུས་མེད་དོན་གཞན་མི་འཛིན་ཕྱིར། །མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་རང་བཞིན་གྱི་རྣམ་པར་ཤེས་པ་གཅིག་གི་རྒྱུ་ཡིན་ནོ། །ནུས་པ་ངེས་པ་ནི་རྗེས་སུ་མཐུན་པའི་འདུ་བྱེད་ཀྱི་བག་ཆགས་

Vol. 178 · folio 94b

སམ། ཆགས་པའི་ཁྱད་པར་ཏེ། བག་ཆགས་བརྟེན་པའི་རྣམ་པར་ཤེས་པ་ནི་བར་དུ་ཆོད་ཀྱང་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་ནུས་པའི་ཁྱད་པར་བསྒྲུབ་པས་རྣམ་པར་ཤེས་པ་འགའ་ཞིག་ཉིད་སྐྱེད་པར་བྱེད་པ་ཡིན་ནོ། །འགའ་ཞིག་གམ། ཡང་ན་མཚུངས་པ་དེ་མ་ཐག་པའི་རྐྱེན། རྗེས་

སུ་མཐུན་པ་སད་པར་བྱེད་པ་ལ་སྟེ། འདི་ལྟར། བག་ཆགས་བརྟན་པ་ལ་བརྟེན་ནས། །མཚུངས་པ་དེ་མ་ཐག་མེད་པར། །རྣམ་ཤེས་སྔ་མ་ཉིད་ལས་ནི། །རྣམ་པར་རྟོག་པ་འབྱུང་བ་ཡིན། །རྣམ་པར་རྟོག་པ་འགའ་ཞིག་ནི། །མཚུངས་པ་དེ་མ་ཐག་རྐྱེན་ལས། །ཉེ་བ་ཉིད་དུ་སྐྱེ་བ་

མཐོང་། །གཞན་ནི་བར་དུ་གཅད་ཕྱིར་མིན། །རྣམ་པར་ཤེས་པའི་བག་ཆགས་བར་དུ་ཆོད་པའི་རྣམ་པར་རྟོག་པ་རྣམས་ནི་ནུས་པའི་ཡུལ་གྱི་ཁྱད་པར་སྐབས་སུ་བར་དུ་ཞུགས་པ་གཞན་གྱིས་བསྐྱེད་པར་མ་མཐོང་ངོ་། །དེ་བས་ན་རྣམ་པར་ཤེས་པ་ལས་རྣམ་པར་ཤེས་པ་གཅིག་གམ།

དུ་མ་ཡིན་ནོ་ཞེས་རྣམ་པར་གཞག་པ་འཐད་པ་ཡིན་ནོ། །གལ་ཏེ་ལུས་ཉིད་ལས་རྣམ་པར་ཤེས་པ་དུ་མ་སྐྱེ་བ་ཡིན་ཡང་རྣམ་པར་ཤེས་པ་དེ་ཉིད་ལས་ངེས་པར་འགྱུར་བ་ཡིན་ཏེ། དཔེར་ན་དབང་པོའི་རྣམ་པར་ཤེས་པ་དུ་མ་སྐྱེ་བ་ཡིན་ཡང་། རེས་འགའ་ཆགས་པའི་ཡུལ་ལ་ཆགས་པའི་

ཁྱད་པར་དེ་ཉིད་ལས་རྣམ་པར་ཤེས་པ་གཅིག་ཉིད་ཡིན་པ་བཞིན་ནོ་ཞེ་ན། དེ་ལ་བརྗོད་པ། གལ་ཏེ་ལུས་ལས་ཅིག་ཅར་བློ། །སྐྱེས་ཤིང་ཕྱིས་ནི་རང་རིགས་ལས། །ངེས་ན་ལུས་ཀྱི་ནུས་པ་ནི། །ཅི་ཡི་ཕྱིར་ན་ལྡོག་པ་ཡིན། །གལ་ཏེ་ལུས་ལས་རྣམ་པར་ཤེས་པ་སྐྱེ་ན། དེ་ལས་

ཕྱིས་ཀྱང་དེ་སྲིད་ཉིད་འགྱུར་ཏེ། ལུས་ཀྱི་ནུས་པ་དེ་ལྟ་བུ་ཉིད་དུ་ཡོད་པའི་ཕྱིར་རོ། །གལ་ཏེ་རྣམ་པར་ཤེས་པ་རང་གི་ནུས་པ་ངེས་པའི་ཕྱིར་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་ཡིན་མོད། ལུས་ནི་དེ་བཞིན་ཉིད་དུ་གནས་པའི་ཕྱིར་རྣམ་པར་ཤེས་པ་གཞན་དང་གཞན་སྐྱེད་པར་འགྱུར་རོ། །འོན་

ཏེ། རྣམ་པར་ཤེས་པ་དེས་ལུས་ཀྱི་རྣམ་པར་ཤེས་པ་གཞན་སྐྱེད་པའི་ནུས་པ་བཅོམ་པའི་ཕྱིར། ལུས་ལས་རྣམ་པར་ཤེས་པ་གཞན་སྐྱེ་བ་མ་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། དོན་འདི་ཚད་མ་འགའ་ཡིས་ཀྱང་། །སྤྱོད་ཡུལ་དུ་ནི་བྱས་མ་ཡིན། །རྣམ་ཤེས་ཉིད་ལས་རྣམ་ཤེས་ནི། །སྐྱེ་

Vol. 178 · folio 95a

བར་ཚད་མས་ངེས་ཕྱིར་རོ། །རྣམ་པར་ཤེས་པ་དང་བྲལ་བའི་ལུས་ཉིད་ལས་རྣམ་པར་ཤེས་པ་དུ་མ་སྐྱེ་ཞིང་། ཕྱིས་ནི་རྣམ་པར་ཤེས་པ་ཉིད་ཀྱིས་རྣམ་པར་ཤེས་པ་དུ་མ་སྐྱེད་པའི་ནུས་པ་འཇོམས་པ་ནི་མ་ཡིན་ནོ། །དེས་ན་གལ་ཏེ། ལུས་ལས་སྐྱེ་བ་ཡིན་ན། རྣམ་པར་ཤེས་

པས་རྣམ་པར་ཤེས་པ་གཅིག་དང་གཅིག་ཉིད་སྐྱེ་བར་བྱེད་པ་ཡིན་ཡང་ལུས་ཀྱི་ནུས་པ་མ་ཉམས་པའི་ཕྱིར་རྣམ་པར་ཤེས་པ་གཞན་དང་གཞན་དུ་མ་སྐྱེད་པར་འགྱུར་རོ། །གང་གིས་ད་ནི་རྣམ་པར་ཤེས་པ་ཉིད་ལས་རྣམ་པར་ཤེས་པ་སྐྱེ་བའི་ཕྱིར་ངས་རྣམ་པར་ཤེས་པ་གཞན་མི་སྐྱེད་དོ་ཞེས་ལུས་

སྐྱེད་པར་བྱེད་པ་མ་ཡིན་པར་འགྱུར་བ། རྒྱུ་རྣམས་རྟོག་པ་དང་ལྡན་པ་ནི་འགའ་ཡང་མེད་དོ། །འོན་ཏེ། བརྒྱ་ལ་འདི་ལྟར་ཡང་འགྱུར་བ་ཡིན་ཏེ། འདི་ལྟ་སྟེ། འབྲས་བུ་ཉིད་ཀྱིས་རྒྱུའི་རང་གི་འབྲས་བུ་བསྐྱེད་པའི་ནུས་པ་འཇོམས་པའོ་ཞེ་ན། ལུས་ལས་རྣམ་ཤེས་དུ་མ་ནི། །འབྱུང་ཞིང་

དེ་ཡི་རྗེས་ཐོགས་ལ། །ཤེས་པས་འཇོམས་པ་མཐོང་ནས་ནི། །ལ་ལར་ཤེས་པས་མཐོང་ནས་ནི། །འཇོམས་དོགས་པར་ནི་འགྱུར་བ་ཡིན། །ལ་ལར་དོགས་པར་འགྱུར་བ་ཡིན། །དོན་འདི་ལ་ནི་དོགས་པའི་རྒྱུ་ཅུང་ཟད་ཀྱང་མ་དམིགས་ལ། རྒྱུ་མཚན་མེད་པར་དོགས་པ་ཡང་མ་ཡིན་ནོ། །དེ་

ཡི་ཕྱོགས་སུ་ལྷུང་བ་ཡི། །ནུས་པ་གོམས་པ་ལས་འགྱུར་ཏེ། །རྣམ་པར་ཤེས་པའི་ངེས་བྱེད་ཉིད། །གོམས་པ་ལས་ནི་སྐྱེས་པ་ཡིན། །དེའི་རིགས་ཅན་གྱི་རྣམ་པར་ཤེས་པ་ནི། དེའི་རིགས་ཅན་ཉིད་ལས་ཡིན་པའི་ཕྱིར་རྒྱུ་དང་འབྲས་བུའི་དངོས་པོར་གྲུབ་པ་ན་རྣམ་པར་ཤེས་པ་ཉིད་ལས་རྣམ་པར་ཤེས་

པ་ཡིན་པས་འདི་ལུས་ལ་སྐྱེ་བ་མ་ཡིན་ནོ། །གལ་ཏེ་དབང་པོའི་རྣམ་པར་ཤེས་པ་དུ་མ་འབྱུང་བ་ལས་རྣམ་པར་ཤེས་པ་གཅིག་པོ་དེ་ལས་རྣམ་པར་ཤེས་པ་གཅིག་ཡིན་ནོ་ཞེས་བརྗོད་པ་མ་ཡིན་ནམ་ཞེ་ན། བརྗོད་པ་བདེན་ཏེ། བརྗོད་པ་ཙམ་གྱིས་ནི་ལན་ཐེབས་པ་མ་ཡིན་ནོ། །འོན་ཀྱང་རིགས་པས་

བརྗོད་པས་སོ། །དེའི་རིགས་པ་མ་ཡིན་ནོ། །ཆགས་པའི་རང་བཞིན་མ་ཡིན་པའི་རྣམ་པར་ཤེས་པ་ནི་དེ་ལས་གཞན་པའི་རྣམ་པར་ཤེས་པ་མི་སྐྱེད་པའི་ཕྱིར། བྱེད་པ་འཇུག་པ་མ་ཡིན་ནོ། །སྔོན་གོམས་པ་མེད་པར་ནི་ཆགས་པར་ཡང་མི་འགྱུར་རོ། །དེས་ན་རང་བཞིན་གང་ལ་རྣམ་པར་ཤེས་པ་

Vol. 178 · folio 95b

སྔོན་གོམས་པ་དེ་འདྲ་བ་ཉིད་ལ་ཕྱིས་ཆགས་པར་འགྱུར་བ་ཡིན་ཏེ། དེས་ན་སྔོན་གོམས་པ་ཉིད་ལས་རྣམ་པར་ཤེས་པ་གཞན་མི་སྐྱེ་བ་ཡིན་ནོ། །གང་ལ་འཇིག་རྟེན་གཞན་མེད་པ། །དེ་ལ་སྔོན་གོམས་སྲིད་མ་ཡིན། །སྔོན་གོམས་པ་ནི་ཡོད་མིན་ན། །རྣམ་ཤེས་གཞན་དག་བཟློག་མི་འགྱུར། །དེས་

ན་ལུས་དེ་ཡིན་པ་ན། །ལུས་ལས་བྱུང་བའི་རྣམ་ཤེས་ཀྱི། །ཚོགས་ནི་ཡང་དང་ཡང་འབྱུང་བར། །འགྱུར་བ་དེ་ནི་མཐོང་བ་མེད། །འོན་ཏེ་ལུས་དེའི་སྐད་ཅིག་མ། །དང་པོ་ཉིད་ནི་རིགས་པ་ཡི། །སྐྱེད་བྱེད་ཕྱི་མར་འགྱུར་བ་ནི། །མི་མཐུན་ཕྱིར་ན་རྒྱུ་ཉིད་མིན། །ནུར་ནུར་པོ་ལ་ཕྱི་མར་གྱུར་པ་

དེ་དང་མཚན་ཉིད་མི་མཐུན་པ་ནི་རྣམ་པར་ཤེས་པ་རྣམས་ཀྱི་སྐྱེད་བྱེད་མ་ཡིན་ཏེ། སྐྱེད་པར་བྱེད་པ་དང་། མི་མཐུན་པའི་ཡང་སྐྱེད་པར་བྱེད་པ་ནི་མི་འགྱུར་རོ་ཞེ་ན། དེ་ཡང་མ་ཡིན་ཏེ། གལ་ཏེ་རིག་པ་དང་པོ་ཉིད། །ལུས་ཀྱི་མཚན་ཉིད་ལས་འབྱུང་ན། །དེ་ནས་ལུས་ནི་རྟེན་མིན་པས། །རིག་པ་

འབའ་ཞིག་ཁོ་ནར་གྱུར། །ཕན་གདགས་པར་བྱ་བ་དང་ཕན་འདོགས་པར་བྱེད་པ་མ་ཡིན་པ་དག་ནི། །རྟེན་དང་བརྟེན་པའི་དངོས་པོ་མ་ཡིན་ནོ། །དེ་ལྟ་ཡིན་ན་རྣམ་པར་ཤེས་པ་འབའ་ཞིག་པ་འབྱུང་བར་འགྱུར་རོ། །འོན་ཀྱང་ལུས་ལྷན་ཅིག་བྱེད་པ་ཅན་གྱི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་དེས་ན་འབའ་

ཞིག་གནས་པ་མ་ཡིན་ནོ་ཞེ་ན། དེ་ལྟ་ན་རྣམ་པར་ཤེས་པ་ཉིད་ལས། རྣམ་པར་ཤེས་པ་ཡིན་ལ་ལུས་ནི་ལྷན་ཅིག་བྱེད་པ་ཡིན་པས་ངེད་ཀྱི་གཞུང་ཉིད་བཙུགས་པར་འགྱུར་རོ། །འོན་ཏེ་དང་པོ་ལུས་ཉེ་བར་ལེན་པའི་རྒྱུ་ཡིན་ཏེ། དཔེར་ན་ཨུཏྤལ་ལ་ལྕི་བའི་རྫས་བཞིན་ཏེ། ཕྱི་ནས་ནི་ཨུཏྤལ་

ཉིད་ལས་ཨུཏྤ་ལ་སྐྱེ་བ་བཞིན་ནོ་ཞེ་ན། དེ་ལྟ་ན་ནི་འོ་ན་བ་ལང་གི་ལྕི་བ་མེད་ཀྱང་ཕྱིས་ཀྱང་ཨུཏྤ་ལ་ལས་ཀྱང་ཨུཏྤ་ལ་འབྱུང་བ་དེ་བཞིན་དུ། རྣམ་པར་ཤེས་པ་ཉིད་ལས་རྣམ་པར་ཤེས་པ་ཡིན་པའི་ཕྱིར་འབའ་ཞིག་གནས་པར་ཐལ་ལོ། །འོན་ཏེ་ལུས་ཀྱང་རྒྱུ་ཉིད་དུ་དམིགས་སོ་ཞེ་ན། བདེན་

མོད་ཀྱི། ཉེ་བར་ལེན་པའི་རྒྱུ་ཉིད་ནི་མ་ཡིན་ཏེ། འོན་ཀྱང་ལྷན་ཅིག་བྱེད་པ་ཉིད་དུའོ་ཞེས་བཤད་ཟིན་ཏོ། །འོན་ཏེ་སྔར་ཉེ་བར་ལེན་པའི་ཡིན་ལ་ཕྱིས་ལྷན་ཅིག་བྱེད་པ་ཡིན་ནོ་ཞེ་ན། ཉེ་བར་ལེན་པ་ནི་ཕྱིས་ལྷན་ཅིག་བྱེད་པར་འགྱུར་བ་མ་ཡིན་ནོ། །གལ་ཏེ་ལུས་ནི་ཉེ་བར་ལེན་ན། ཅི་ལྟར་

Vol. 178 · folio 96a

ལྷན་ཅིག་བྱེད་པར་འགྱུར། །དེ་ལྟ་ཉིད་དུ་མཐོང་ཕྱིར་ན། །འདིར་ནི་མཐོང་བར་རྟོགས་པ་མེད། །བ་ལང་གི་ལྕི་བ་དང་ཨུཏྤ་ལ་ལས་ཀྱང་དེ་ལྟ་བུར་འགྱུར་བ་ཉིད་འབྱུང་བ་ནི་མ་ཡིན་ཏེ། དེ་གཉིས་ལ་ནི་ཁྱད་པར་ཆེན་པོ་ཡོད་པའི་ཕྱིར་རོ་ཞེས་བསྟན་ཟིན་ཏོ། །གསལ་

བ་ལ་སོགས་སྐྱེས་པ་ཡི། །ཤེས་ལས་ལ་ལ་མཐོང་གང་ཡིན། །དེ་ཉིད་དང་པོར་མཐོང་བས་ན། །རྣམ་ཤེས་གཞན་གྱི་སྒྲུབ་བྱེད་ཡིན། །དེའི་ཕྱིར་ལུས་ལས་རྣམ་པར་ཤེས་པ་མ་ཡིན་ནོ། །འོན་ཏེ་ཁྱོད་ཀྱི་ལྟར་ན་ཡང་གལ་ཏེ། ལུས་རྣམ་པར་ཤེས་པའི་རྟེན་མ་ཡིན་ན་དེའི་ཚེ་ལུས་

ལོག་ཀྱང་རྣམ་པར་ཤེས་པ་འབའ་ཞིག་གནས་པར་ཐལ་བར་འགྱུར་ཏེ། རྒྱུ་མཚན་མེད་པར་ལྷན་ཅིག་གནས་པ་ངེས་པ་ནི་མ་ཡིན་ནོ་ཞེས་འདིར་གཞན་དག་གི་དོགས་པ་བསུ་ནས་ལན་འདེབས་པ་ནི། གལ་ཏེ་ལུས་ནི་ལོག་པ་ན། །རྟེན་མིན་ཕྱིར་ན་སེམས་འབའ་ཞིག །གནས་གྱུར་ཞེ་ན་

གལ་ཏེ་དེའི། །རྒྱུ་འཇུག་ཐོབ་ཕྱིར་སེམས་ཀྱི་རྒྱུན། །གནས་རྒྱུ་ཡན་ལག་མི་འགྱུར་ན། །དེའི་ཚེ་འབའ་ཞིག་གནས་པར་འགྱུར་བ་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །གང་གི་ཚེ། ཚེ་འདི་ཉིད་ཀྱི་སྐྱེ་མཆེད་ལྔ། །ལུས་གཞན་བསྐྱེད་པའི་རྒྱུ་ཉིད་ཡིན། །དེའི་ཚེ་ནི་འགའ་ཞིག་གནས་

པ་ག་ལ་ཡིན་ཏེ། འདི་ལྟར་སེམས་ཀྱི་རྒྱུན་གནས་པའི་རྒྱུས། དེའི་རྒྱུ་འཇུག་སྟེ། ལུས་ཀྱི་རྒྱུ་མེར་མེར་པོ་ལ་སོགས་པའི་མིང་ཅན་དེའི་འཇུག་པ་ནི་ལུས་བསྐྱེད་པ་ལ་མངོན་དུ་ཕྱོགས་པ་ཡིན་ནོ། །དེ་ཐོབ་པ་ནི་ལུས་ཀྱི་རྒྱུ་འབའ་ཞིག་ལ་ཡོད་པ་མ་ཡིན་ཏེ། འོན་ཀྱང་སེམས་ཀྱི་རྒྱུན་གནས་

པའི་རྒྱུན་སྔར་གྱི་སེམས་ལས་ཀྱི་མིང་ཅན་དེ་གང་གི་ཚེ་ཡན་ལག་ལྷན་ཅིག་བྱེད་པའི་རྒྱུ་ཉིད་ཡིན་ནའོ། །དེའི་ཡན་ལག་ཉིད་ནི་ལུས་ཀྱི་སྲེད་པ་དང་བཅས་པ་མ་ཡིན་ནོ། །གལ་ཏེ་དེ་ཡན་ལག་ཏུ་མི་འགྱུར་ན་ནི་དེའི་ཚེ་འབའ་ཞིག་གནས་པར་འདོད་པ་ཉིད་དོ། །ལུས་གཞན་སྐྱེ་བ་ལ།

ཚེ་འདིའི་སྐྱེ་མཆེད་ལྔ་ཡིན་ཏེ། གཟུགས་མེད་པའི་ཁམས་ནས་ཤི་འཕོས་པ་རྣམས་ཀྱི་ལུས་སྐྱེས་པ་ལ་ཡང་། དེ་ཉིད་འདུ་བྱེད་པ་པོ་ཉིད་ཀྱིས་རྒྱུ་ཡིན་ནོ། །གལ་ཏེ་ཤི་བའི་འོག་ཏུ་ལུས་སྐྱེ་བ་མ་མཐོང་བའི་ཕྱིར། དེ་ཡན་ལག་གི་དངོས་པོར་མ་དམིགས་པ་མ་ཡིན་ནམ། གཟུགས་མེད་

Vol. 178 · folio 96b

པའི་ཁམས་སུ་ནི་ཤིན་ཏུ་ཡང་མཐོང་བ་མ་ཡིན་པའི་ཕྱིར་རོ་ཞེ་ན། འདི་ལ་བཤད་པ་ནི། དེ་ཡི་ཡན་ལག་དངོས་པོ་དང་། །རྒྱུ་ཉིད་འགོག་ལ་མི་དམིགས་པ། །ངེས་བྱེད་མིན་པར་རབ་ཏུ་བཤད། །དབང་སོགས་ཀྱང་ནི་ལྷག་ལྡན་ཡིན། །གལ་ཏེ་ཡང་ཚེ་འདིའི་སྐྱེ་མཆེད་ལྔ་སྐྱེ་བ་གཞན་གྱི་ལུས་

སྐྱེད་པ་ལ་ཡན་ལག་གི་དངོས་པོ་མ་དམིགས་པ་དེ་ལྟ་ན་ཡང་སེམས་ཀྱི་རྒྱུན་གྱི་ལས་ཀྱི་མིང་ཅན་དེ་ལྟར་མེད་དོ་ཞེས་མ་དམིགས་པ་ཙམ་གྱིས་དེ་མེད་པར་ངེས་པ་མ་ཡིན་ཏེ། མ་དམིགས་པ་ངེས་པར་བྱེད་པ་མ་ཡིན་ནོ་ཞེས་སྔར་བསྟན་ཟིན་པའི་ཕྱིར་འདི་ལོག་པར་རྟོགས་པ་ཅི་ཡོད། འོན་ཏེ་ཡང་།

འདིར་མི་དམིགས་པ་ཙམ་ཞིག་བརྗོད་པ་མ་ཡིན་ཏེ། འོན་ཀྱང་ཁྱབ་པ་སྔོན་དུ་འགྲོ་བ་ཅན་གྱི་རྗེས་སུ་དཔག་པའོ། །འདི་ལྟ་སྟེ་དབང་པོ་གང་ཡིན་པ་དེ་ནི་དབང་པོ་གཞན་དང་མཚམས་སྦྱོར་བར་བྱེད་པ་མ་ཡིན་ཏེ། དཔེར་ན་ལྷ་སྦྱིན་གྱི་མིག་ལ་སོགས་པ་ལྡན་པ་དང་། མཆོད་སྦྱིན་གྱི་མིག་

ལ་སོགས་པ་བཞིན་ནོ། །སྐྱེ་བ་འདིའི་ལུས་དང་འབྲེལ་པ་ཡང་དབང་པོ་ཡིན་ནོ་ཞེས་བྱ་བ་ནི། འགལ་བས་ཁྱབ་པ་དམིགས་པའོ་ཞེ་ན། འདི་ནི་མེད་དེ། འདི་ནི་ལྷག་མ་དང་ལྡན་པའི་ཕྱིར་རོ། །འདི་ནི་ལྷག་མ་དང་ལྡན་པ་ལས་ནི་དོན་ཅི་ལྟ་བ་བཞིན་རྟོགས་པ་ཡོད་པ་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །

སྐྱེ་བ་གཞན་གྱི་དབང་པོ་དང་མཚམས་མི་སྦྱོར་བ་ནི། མ་དམིགས་པ་ཙམ་གྱིས་གོ་བར་བྱ་བ་ཡིན་ན། མ་མཐོང་བ་ཙམ་གྱིས་ནི་མི་མཐུན་པའི་ཕྱོགས་ལ་ལྡོག་པ་གྲུབ་པ་ཡང་མ་ཡིན་ནོ། །འོན་ཏེ་ཚེ་འདི་པའི་ལུས་སུ་འགྱུར་བའི་དབང་པོ་དང་མཚམས་སྦྱོར་བ་དམིགས་པའི་ཕྱིར་གཞན་དུ་

ཡང་དེ་དང་མཚམས་སྦྱོར་བ་རྗེས་སུ་དཔོག་ན། དེ་ལ་ཡང་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། དེ་ཡང་དེའི་ཚེ་ན་ཚེ་འདི་པ་ཡིན་པའི་ཕྱིར། ཚུ་རོལ་དང་ཕ་རོལ་བཞིན་ནོ། །འོན་ཀྱང་ཁུ་ཁྲག་གཞན་གྱིས་བསྐྱེད་པའི་དབང་པོ་ཞེས་ཁྱད་པར་དུ་བྱེད་པ་ཡིན་ན། དེ་ཡང་མ་ཡིན་ཏེ། དེ་ཡང་མི་

དམིགས་པ་ཙམ་མེད་པར་མི་མཐུན་པའི་ཕྱོགས་ལ་མེད་པར་རྟོགས་པ་མ་ཡིན་ནོ། །ཁུ་ཁྲག་གཞན་ཉིད་ཀྱིས་ཁྱད་པར་དུ་བྱས་པ་ནི་ཡུལ་གྱི་ཁྱད་པར་བཞིན་དང་། བུམ་པ་དང་སྒྲའི་ཁྱད་པར་བཞིན་སྐྱོབ་པར་བྱེད་པ་མ་ཡིན་ནོ། །འདི་ལྟར། དབང་པོ་སྔ་མ་རང་རིགས་ལ། །ནུས་པ་དག་ནི་མཐོང་

Vol. 178 · folio 97a

བ་ཡིན། །འགྱུར་བ་མཐོང་ཕྱིར་གཞན་དང་གཞན། །སྐྱེ་བ་དག་ཀྱང་གྲུབ་པ་ཉིད། །གསལ་བའི་ཁྱད་པར་ལ་ལྟོས་པ་ཉིད་ལ་འབྲེལ་པ་རྟོགས་པ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་ནི་འགས་ཀྱང་འགར་ཡང་ཐ་སྙད་མི་བྱ་བ་ཉིད་དེ། ཐ་སྙད་ནི་ནུས་པ་ངེས་པ་སྔོན་

དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །ཐ་སྙད་ནི་སྤྱིའི་ཡུལ་ཅན་ཡིན་ཏེ། དེས་ན་འབྲེལ་པ་ནི་གསལ་བ་ཙམ་ལ་བརྟེན་པ་མ་ཡིན་ནོ། །དེ་ལྟར་ན། གཡོ་བག་ལ་སོགས་པའི་རྗེས་སུ་འགྲོ་བ་ཅན་གྱི་མིག་ལ་སོགས་པ་གོམས་པའི་ཁྱད་པར་ལས་དེ་ལྟར་སྐྱེས་པ་ན། དེ་ལྟ་བུར་གྱུར་པ་མཐོང་བ་ལས་

གཞན་དུ་དེ་ལྟ་བུར་འགྱུར་བ་ཉིད་རྗེས་སུ་དཔོག་པར་བྱེད་པ་ཡིན་ནོ། །སྐྱེ་བ་དང་པོར་ནི་དེ་འདྲ་བའི་རྒྱུ་དབང་པོ་མ་དམིགས་ཏེ། དེས་ན་སྐྱེ་བ་གཞན་གྱི་དབང་པོ་ལས་སྐྱེས་པ་ཡིན་པའི་ཕྱིར། ཚེ་འདི་པ་ཉིད་དམ་གཞན་གྱི་ཁྱད་པར་ནི་རིགས་པ་མ་ཡིན་ནོ། །འོན་ཏེ་དབང་པོ་དེ་ནི་གཅིག་ཉིད་དེ། དེས་

ན་དབང་པོ་ཕྱི་མ་ཕྱི་མ་སྔ་མ་སྔ་མས་བསྐྱེད་པར་མ་གྲུབ་བོ་ཞེ་ན། གལ་ཏེ་དེ་ལྟ་ཡིན་དུ་ཆུག་པ་དེ་ལྟ་ན་ཡང་། གཡོ་བ་ལ་སོགས་པ་ལ་གོམས་པ་སྔོན་དུ་འགྲོ་བ་ཅན་ཉིད་མཐོང་བའི་ཕྱིར་ན། གོམས་པ་སྔོན་འགྲོ་ཅན་ཉིད་ནི། །གཡོ་སོགས་རྣམས་ལ་མཐོང་བའི་ཕྱིར། །དེ་ལྟ་བུར་གྱུར་པ་རྗེས་སུ་

དཔོག་པ་གྲུབ་པའི་ཕྱིར་གཞན་ནི་དོན་བྱེད་པ་མེད་དོ། །དེ་གཅིག་གམ་མི་གཅིག་ཅེས་བྱ་བ་འདི་ནི་དགོས་པ་མེད་དེ། ཐམས་ཅད་དུ་དེའི་རིགས་ཅན་གྱི་འབྲས་བུ་མཐོང་བ་ལས་རྒྱུ་དེ་ལྟ་བུ་ཉིད་ཡིན་ནོ་ཞེས་རྗེས་སུ་དཔོག་པ་ཡིན་ནོ། །གོམས་པ་ལས་སྐྱེས་པའི་ཡོན་ཏན་རྨི་ལམ་དུ་ལུས་གཞན་ལ་

མཐོང་བ་ཡིན་ནོ་ཞེས་བསྟན་ཟིན་པ་ཉིད་དོ། །གཞན་ཡང་འགྱུར་བ་གཞན་དང་གཞན་མཐོང་བའི་ཕྱིར་གཞན་དང་གཞན་སྐྱེ་བ་ཉིད་གྲུབ་པ་ཁོ་ནའོ། །དེས་ན་དབུས་ཀྱི་གནས་སྐབས་སུ་དབང་པོ་གཞན་གྱིས་དབང་པོ་གཞན་སྐྱེད་པའི་ཕྱིར། དེ་ལྟར་སྐྱེ་བ་གཞན་གྱི་དབང་པོ་མི་སྐྱེད། རང་གི་

ངོ་བོར་འགྱུར་བའི་རྣམ་པར་འགྱུར་བ་ཐ་དད་ན་ནི་གཅིག་ཉིད་མ་ཡིན་ཏེ། ས་ལ་སོགས་པ་བཞིན་ནོ། །འོན་ཏེ་ཡང་། འདིར་ནི་རྒྱུད་གཅིག་ཏུ་རྟོགས་པ་ཡིན་པའི་ཕྱིར་ཤིན་ཏུ་ཐ་དད་པ་མ་ཡིན་ནོ་ཞེ་ན། དེ་ནི་སྐྱེ་བ་གཞན་ལ་ཡང་མཚུངས་ཏེ་སྐྱེ་བ་གཞན་ཡང་གཉིད་ལོག་པ་དང་སད་པ་

Vol. 178 · folio 97b

བཞིན་དུ་རྒྱུད་གཅིག་གི་ཁོངས་སུ་གཏོགས་པ་ཉིད་ཡིན་ཏེ། དྲན་པ་བར་ཆོད་པས་ན་དེ་ཐག་རིང་པོ་བཞིན་དུ་རྟོགས་པ་ཡིན་ནོ། །གལ་ཏེ་དབང་པོ་རྣམས་དབང་པོ་ཉིད་ལས་སྐྱེ་བ་ནི་མ་ཡིན་གྱི། འོན་ཀྱང་དང་པོ་ནི་ལུས་ཉིད་ལས་སྐྱེད་ལ་ཕྱིས་ནི་དབང་པོ་ཉིད་ལས་ཡིན་ཏེ། ནུས་པ་ངེས་

པའི་ཕྱིར་རོ་ཞེ་ན། འདི་ལ་བཤད་པ། གལ་ཏེ་ལུས་ལས་དེ་སྐྱེ་ན། །སྔ་མ་བཞིན་དུ་ཐལ་བར་འགྱུར། །སེམས་ལས་ཤེ་ན་ལུས་གཞན་ཡང་། །དེ་ཉིད་ལས་ནི་སྐྱེ་བར་འགྱུར། །གལ་ཏེ་དངོས་པོ་ལུས་ལས་སྐྱེ་བ་དེའི་ཚེ་དབང་པོ་དང་བཅས་པ་ལས་སམ། དབང་པོ་མེད་པ་ལས།

དབང་པོ་དང་བཅས་པ་ལས་སྐྱེ་ན། དབང་པོ་ཉིད་ལས་སྐྱེ་བའི་ཕྱིར། དང་པོ་ཡང་དབང་པོ་ལས་སྐྱེ་བས་འཇིག་རྟེན་གཞན་རབ་ཏུ་འགྲུབ་བོ། །དབང་པོ་མེད་པ་ལས་སྐྱེ་ན་སྐྲ་དང་སེན་མོའི་རྩེ་མོ་དང་། ཤི་བའི་ལུས་ལས་ཀྱང་སྐྱེ་བར་འགྱུར་རོ། །དུ་མ་ཉིད་ཡིན་ན་དབང་པོ་དུ་མ་འབྱུང་བར་

ཡང་ཐལ་ལོ། །དེ་ལྟ་ཡིན་དང་། ཚད་མེད་པར་འགྱུར་རོ། །དེ་བཞིན་དུ་ལུས་ཀྱི་ནུས་པ་ཡང་ཅིའི་ཕྱིར་ན་ལྡོག་པར་འགྱུར་བ་ཡིན། འོན་ཏེ་དབང་པོ་དག་ལུས་ཀྱི་རྣམ་པར་འགྱུར་བའི་ཁྱད་པར་ཉིད་ཡིན་ན། དེའི་ཚེ་ཡང་འཇིག་པ་མེད་པར་ཐལ་བ་ཉིད་དུ་འགྱུར་ཏེ། དབང་རྣམས་ལུས་

ལས་འབྱུང་ཡིན་ན། །ཞེས་བྱ་བ་ལ་སོགས་པར་ཐལ་བ་ཡིན་ནོ། །འོན་ཏེ་སེམས་མེད་པའི་ཕྱིར་ཤི་བའི་ལུས་ལ་དབང་པོ་མི་འབྱུང་ན། གལ་ཏེ་འོ་ན་ནི་སེམས་ལས་སྐྱེ་བ་ཡིན་པས། སེམས་དེ་ཉིད་ལས་ལུས་གཞན་དང་། སྐྱེ་བ་གཞན་དུ་འབྱུང་བའི་སེམས་སྐྱེ་བར་འགྱུར་ཏེ། སྔར་གྱི་

དབང་པོའི་རྒྱུ་ཉིད་དུ་རྟོག་པའི་ཞེན་པས་ཅི་བྱ། དེས་ན་ལུས་གཞན་ནི་རྣམ་པར་ཤེས་པའི་རྒྱུ་མ་ཡིན་ནོ། །དེས་ན་རྒྱུ་མ་ཡིན་པའི་ལུས་མ་ཚང་བས་སྐྱེ་བ་གཞན་མེད་པ་མ་ཡིན་པའི་ཕྱིར་མཚམས་སྦྱོར་བ་མེད་པ་མ་ཡིན་ནོ་ཞེས་བཤད་པ་ནི། དེས་ན་རྒྱུ་དང་བྲལ་བའི་ཕྱིར། །ཐ་མ་ཡི་ནི་

སེམས་རྣམས་ཀུན། །མཚམས་སྦྱོར་མེད་མིན་དེ་ཡི་ཕྱིར། །འདི་འདྲ་སྒྲུབ་བྱེད་ལྷག་ལྡན་འདོད། །ཅེས་བྱ་བ་ནི་མཇུག་བསྡུ་བའོ། །སྐྱེ་བ་གཞན་དང་འབྲེལ་བའི་རྒྱུ་ནི་སྲེད་པ་དང་བཅས་པའི་ལས་ཀྱིས་མངོན་པར་འདུས་བྱས་པའི་སེམས་ཡིན་ལ། དེ་ནི་མ་ཚང་བ་མ་ཡིན་ནོ། །གལ་ཏེ་ལུས་

Vol. 178 · folio 98a

རྒྱུ་ཡིན་ན་ནི་དེས་ན་དེ་མ་ཚང་ན་རྒྱུ་དང་བྲལ་བས་མཚམས་སྦྱོར་བ་མེད་པར་འགྱུར་ན། དེ་ལྟར་ནི་མ་ཡིན་ནོ། །དེས་ན་བྲལ་བ་མ་ཡིན་པའི་ཕྱིར། གཏན་ཚིགས་མ་གྲུབ་བོ། །འཆི་བའི་སེམས་ཡིན་པའི་ཕྱིར་ཞེས་བྱ་བ་ཉིད་ལུས་པ་ཡིན་ན། དེ་ཡང་ལྷག་མ་

དང་ལྡན་པ་ཡིན་ཏེ། མ་མཐོང་བ་ཙམ་གྱིས་ལྡོག་པ་ཉེ་བར་བསྟན་པའི་ཕྱིར་རོ། །གང་ཡང་ཚེ་འདིའི་སེམས་ནི་སེམས་གཞན་དང་མཚམས་སྦྱོར་བ་མ་ཡིན་ཏེ། ལུས་ཐ་དད་པ་ལ་གནས་པའི་ཕྱིར། ལྷ་སྦྱིན་གྱི་སེམས་བཞིན་ནོ་ཞེས་བརྗོད་པ་དེ་ཡང་མི་རུང་སྟེ། རྟེན་བཀག་པ་ཡིས་གནས་

པ་ཡི། །དགག་པ་སྔར་ནི་བཤད་ཟིན་ཕྱིར། །རྣམ་ཤེས་དམིགས་པ་ཉིད་ཡིན་པས། །སྐད་ཅིག་གིས་ནི་གཞན་དམིགས་འགྱུར། །གལ་ཏེ་དེ་ལ་གནས་པ་ཡིན་ན་གཞན་ལ་གནས་པའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ཚད་མའི་དོན་ཡིན་ལ་རྟེན་དང་བརྟེན་པའི་དངོས་

པོ་དེ་ནི་དགག་པ་ཡིན་ནོ། །རྣམ་པར་ཤེས་པ་ནི་ཡུལ་ན་གནས་པ་ཡང་མ་ཡིན་ནོ། །དམིགས་པར་བྱ་བའི་ལུས་ནི་རྣམ་པར་ཤེས་པའི་རྟེན་མ་ཡིན་ཏེ། ནང་གི་རེག་པའི་ཁྱད་པར་གྱིས། བདེ་བ་ལ་སོགས་པའི་རྣམ་པར་ཤེས་པའི་དམིགས་པ་ཡིན་པའི་ཕྱིར་རོ། །དམིགས་པ་ནི་རང་གི་

ལུས་ལ་དམིགས་པས། གཞན་གྱི་ལུས་ལ་དམིགས་པའི་རྣམ་པར་ཤེས་པ་བསྐྱེད་པ་ཡིན་པའི་ཕྱིར། དེས་ན་མ་ངེས་པ་ཉིད་ཡིན་ནོ། །ལུས་གཞན་པ་ཉིད་ཀྱང་མ་ཡིན་ཏེ། རྒྱུད་གཅིག་ཏུ་རྟོགས་པའི་ཕྱིར་རོ། །དོན་དམ་པར་ནི་བྱིས་པ་ལ་སོགས་པའི་གནས་སྐབས་ཀྱི་ཁྱད་

པར་གྱིས། སྐྱེ་བ་གཅིག་གི་ལུས་ཀྱང་ཐ་དད་པ་ཉིད་དོ། །དེའི་ཕྱིར་ཡིད་ཀྱི་རྒྱུན་ལ་ལུས་ཕན་འདོགས་པ་ཡིན་གྱི། སྐྱེ་བ་ནི་སེམས་ཉིད་མ་ཡིན་ཏེ། འབྲས་བུའི་རྒྱུ་བཞིན་ནོ། །དེས་ན་སེམས་ཀྱི་རྒྱུན་ཐོག་མ་མེད་པར་འགྱུར་བ་ཡིན་པས། སྐྱེ་བ་དང་འཆི་བའི་རྒྱུན་རྗེས་སུ་

འབྲེལ་པ་གྲུབ་པའི་ཕྱིར་རོ། །གོམས་པ་གྲུབ་པས་གོམས་པ་ལས་བྱུང་བའི་ཡོན་ཏན་མཐའ་དག་གི་སྐབས་ཡོད་པར་བྱས་པས་ཐམས་ཅད་མཁྱེན་པ་ཉིད་དམ། གཞན་པའི་ཡོན་ཏན་སྲིད་པ་ཡིན་ནོ། །ཚད་མ་རྣམ་འགྲེལ་གྱི་རྒྱན་ལས་འཇིག་རྟེན་ཕ་རོལ་བསྒྲུབ་པ་རྣམ་པར་འགྲེལ་

Vol. 178 · folio 98b

པའོ།། །།གལ་ཏེ་གོམས་པ་ཡོད་མོད། དེ་རབ་ཀྱི་མཐར་ཕྱིན་པར་གོ་ཇི་ལྟར་འགྱུར་ཏེ། ཁྱད་པར་ཅུང་ཟད་ཙམ་དང་ལྡན་པ་ཉིད་དུ་མཐོང་བའི་ཕྱིར་ཏེ། མཆོངས་པ་བཞིན་དང་ཆུ་བསྐོལ་བ་བཞིན་ནོ་ཞེ་ན། འདིར་ལན་དུ། གོམས་པས་ཁྱད་པར་འགྱུར་ན་ཡང་། །མཆོངས་

དང་ཆུ་ཡི་དྲོད་བཞིན་དུ། །རང་བཞིན་ལས་འདའ་མིན་ཞེ་ན། །བྱས་ཏེ་གལ་ཏེ་སླར་ཡང་ནི། །འབད་རྩོལ་ལ་ནི་ལྟོས་འགྱུར་རམ། །རྟེན་མི་བརྟེན་པ་ཉིད་འགྱུར་ན། །ཁྱད་པར་དག་ནི་མི་འཕེལ་ཞིང་། །རང་བཞིན་དེ་འདྲའང་མ་ཡིན་ཏེ། །ཅིའི་ཕྱིར་ཞེ་ན། དེ་ལ་ཕན་འདོགས་ནུས་

པ་རྣམས། །ཁྱད་པར་ཕྱི་མ་དག་ལ་ནི། །བསྒྲུབ་པའི་ནུས་པ་མེད་ཕྱིར་དང་། །རྟག་ཏུ་རྟེན་གནས་མ་ཡིན་ཕྱིར། །ཁྱད་པར་ཡིན་ནོ་ཅོག་ནི་བོགས་འབྱུང་བ་རྣམ་པར་གནས་པ་ལ་བརྟེན་པར་འགྱུར་བ་མ་ཡིན་ནོ། །མཆོངས་པ་དང་ཆུ་བསྐོལ་བའི་ཁྱད་པར་ནི་རང་གི་རྒྱུད་འགྱུར་བ་ཙམ་གྱིས་དེ་ལྟར་

འགྱུར་བ་མ་ཡིན་གྱི། འོན་ཀྱང་བྱས་ཟིན་པའི་མཆོངས་པ་ཡང་། ཡང་རྩོལ་བ་ལ་ལྟོས་པའི་ཕྱིར་རོ། །མཆོངས་པ་ནི་སྔར་གྱི་རྩོལ་བ་དང་། མཆོངས་པ་དག་ལས་གཞན་པའི་རྩོལ་བ་ལ་ལྟོས་པ་མེད་པ་མ་ཡིན་ནོ། །འོན་ཀྱང་སྔར་གྱི་ཡུལ་ཉིད་དུ་ཡང་རྩོལ་བ་ལ་ལྟོས་པ་ཡིན་ནོ། །ཆུ་

བསྐོལ་བའི་རྟེན་བརྟེན་པ་མ་ཡིན་པ་དང་། ཡང་རྩོལ་བ་ལ་ལྟོས་པ་དང་བཅས་པ་ཡང་ཡིན་ཏེ། མེ་དང་འབྲེལ་པ་ལོག་ཀྱང་དེ་ཡོད་པ་ནི་མ་ཡིན་ནོ། །དེའི་ཕྱིར་འཕེལ་བ་མཐར་ཐུག་པ་མི་འགྱུར་བ་ཉིད་དོ། །གང་གི་ཕྱིར་འཕེལ་བ་མཐར་ཐུག་པ་མ་ཡིན་པ་ཉིད་ནི། ཡང་རྩོལ་བ་ལ་

ལྟོས་པ་དང་། རྟེན་མི་བརྟེན་པ་ཉིད་ཀྱི་ཁྱབ་པ་ཡིན་ནོ། །དེ་མེད་པའི་ཕྱིར་དང་། བཟློག་པ་སྲིད་པའི་ཕྱིར་སྙིང་རྗེ་ལ་སོགས་པ་ཡིད་ཀྱི་ཡོན་ཏན་རྣམས་ནི་བོགས་འབྱུང་བ་གནས་པ་མེད་པ་ཉིད་དོ། །ཡང་རྩོལ་བ་ལ་ལྟོས་པ་གང་ཡིན་པ་དེ་ནི་རང་བཞིན་དུ་འགྱུར་བ་ཉིད་མ་ཡིན་པ་ཉིད་དོ། །

གཏན་ཚིགས་འདི་ནི་ཁྱད་པར་དང་བཅས་པ་ཡིན་ཏེ། གང་ཞིག་རྟེན་བརྟན་པ་དང་ངོ་བོ་ཉིད་དུ་འགྱུར་བ་དེ་ནི་བོགས་འབྱུང་བ་ལ་གནས་པ་ཅན་ཉིད་མ་ཡིན་ཏེ། དཔེར་ན་བྲམ་ཟེ་དང་ཐོད་པ་ཅན་གྱི་ཡིད་ལོག་པ་བཞིན་ནོ། །གང་ཞིག་ཡང་རྩོལ་བ་ལ་ལྟོས་པ་དང་ལྡན་པ་དེ་ནི། ཁྱད་པར་འཕེལ་

Vol. 178 · folio 99a

ཡང་རང་བཞིན་ཉིད། །མིན་ཕྱིར་གང་ཚེ་བྱས་འགྱུར་བ། །ཡང་རྩོལ་ལ་ལྟོས་མི་འགྱུར་ན། །རྩོལ་གཞན་ཁྱད་པར་བྱེད་པར་འགྱུར། །ཡང་རྩོལ་བ་ལ་ལྟོས་པ་གང་ཡིན་པ་དེ་ནི། གལ་ཏེ་མངོན་པར་འཕེལ་བ་ཐོབ་པ་དེ་ལྟར་ན་ཡང་དེའི་ངོ་བོ་ཉིད་ནི་མ་ཡིན་

ནོ། །རྒྱུ་ཉེ་བ་ལ་ལྟོས་པ་ནི་ངོ་བོ་ཉིད་ཡིན་པར་མི་འཐད་དེ། རང་གི་ངང་གིས་འཇུག་པ་ལ་དེ་སྐད་བརྗོད་པའི་ཕྱིར་རོ། །དེ་ན་འདི་འཕེལ་ཡང་ཤིན་ཏུ་འཕེལ་བར་འགྱུར་བ་མ་ཡིན་ཏེ། མཆོངས་པ་དང་ཆུ་བསྐོལ་བ་བཞིན་ནོ། །བརྩེ་བ་ལ་སོགས་པ་ཡིད་ཀྱི་ཡོན་ཏན་རྣམས་དང་། རང་

གི་ངང་གིས་འཇུག་པའི་ཕྱི་རོལ་གྱི་ཡོན་ཏན་འགའ་ཞིག་ནི་དེ་ལྟ་མ་ཡིན་ནོ་ཞེས་བཤད་པ་ནི། སེམས་ལ་བརྩེ་སེམས་གོམས་སྐྱེས་པ། རང་གི་ངང་གིས་འཇུག་འགྱུར་ཏེ། །མེ་ལ་སོགས་ནས་ཤིང་དག་དང་། །དངུལ་ཆུ་དང་ནི་གསེར་སོགས་བཞིན། །ཤིང་ལ་མེས་བྱས་པ་ཁྱད་པར་

བསྲེགས་པ་ལ་སོགས་པའི་མཚན་ཉིད་དེ་ནི་ཡང་རྩོལ་བ་ལ་མི་ལྟོས་པའི་ཕྱིར་རང་གི་ངང་གིས་འཇུག་པ་མ་ཡིན་ནོ། །དངུལ་ཆུ་ལ་དུལ་བ་དང་ཐིམ་པ་ལ་སོགས་པའི་མཚན་ཉིད་དང་། གསེར་བཙོ་མ་ལ་སོགས་པར་བྱས་པ་ཡང་ངོ་། །དེ་བཞིན་དུ་སེམས་ལ་བརྩེ་བ་ལ་སོགས་པ་ཡིན་ཏེ།

ཡང་ནས་ཡང་དུ་དེ་གོམས་པས་བྱས་པའི་ཁྱད་པར་ནི་ལྡོག་པ་ལ་བརྟེན་པ་མ་ཡིན་ནོ། །དེ་བཞིན་དུ་གང་གི་ཚེ་སྙིང་རྗེ་ལ་སོགས་པའི་ཁྱད་པར་བྱས་ཟིན་པ་ཡང་རྩོལ་བ་ལ་ལྟོས་པ་མ་ཡིན་པ་དེའི་ཚེ། སྔ་མ་ལ་མི་ལྟོས་པའི་ནུས་པ་ཅན་གྱི་རྩོལ་བ་གཞན་ནི་ཁྱད་པར་ཕྱི་མ་དང་། ཕྱི་མ་ཉིད་བྱེད་

པའི་ཕྱིར་འཕེལ་བ་རབ་ཀྱི་མཐར་ཕྱིན་པར་འགྱུར་བ་ཡིན་ནོ། །གལ་ཏེ་མཆོངས་པ་ཡང་རྩོལ་བ་ལ་ལྟོས་པ་ལ་བརྩེ་བ་ལ་སོགས་པ་ཡང་ལྟོས་པ་མ་ཡིན་ནམ། དེས་ན་གཅིག་ནི་རང་གི་ངང་གིས་འཇུག་ལ། གཞན་ནི་མ་ཡིན་ནོ་ཞེས་བྱ་བ་ག་ལས་ཤེ་ན་འདི་ལ་བཤད་ཟིན་ཏེ་མཆོངས་

པ་དང་ཆུ་བསྐོལ་བ་ལ་སོགས་པ་ལ་ཡང་རྩོལ་བ་ལ་ལྟོས་པས་རང་གི་ངང་གིས་འཇུག་པ་མ་ཡིན་ནོ། །བརྩེ་བ་ལ་སོགས་པ་ནི་ཤིང་ལ་མེས་བྱས་པའི་ཁྱད་པར་བཞིན་དུ་རང་གི་ངང་གིས་འཇུག་པ་ཡིན་ནོ། །དེའི་ཕྱིར་དེ་དག་ལས་སྐྱེས་ཏེ། །ངོ་བོ་ཉིད་སྐྱེས་ཡོན་ཏན་ཡིན། །དེས་ན་རྩོལ་བ་

Vol. 178 · folio 99b

ཕྱི་མ་དང་། །ཕྱི་མ་ཁྱད་པར་བྱེད་པ་ཡིན། །གང་ཕྱིར་རིགས་མཐུན་སྔ་མ་ཡི། །ས་བོན་ལ་ནི་འཇུག་འགྱུར་བ། །བརྩེ་བ་ལ་སོགས་བློ་དེ་དག །གོམས་པར་འགྱུར་ན་ག་ལ་གནས། །བརྩེ་བ་ལ་སོགས་པ་ནི་བརྩེ་བ་ལ་སོགས་པའི་བློ་རིགས་མཐུན་པ་སྔ་མ་ལས་བྱུང་བ་ཉིད་དེ། ཡུལ་ཉེ་བ་ལ་

སོགས་པ་ལ་ལྟོས་པ་དང་བཅས་པ་ནི་མ་ཡིན་ནོ། །འདི་ལྟར། བརྩེ་བ་ལ་སོགས་དྲན་པ་དང་། །ཐོས་སོགས་ཀྱིས་ཀྱང་འཇུག་འགྱུར་ཏེ། །བརྩེ་སོགས་ལན་དུ་ཕན་འདོགས་ལ། །སོགས་པ་དག་ལ་ལྟོས་མ་ཡིན། །རྒྱུད་དེའི་ཞིང་དུ་བྱས་པ་དག་ནི་བདུན་ན་གཏན་དུ་གནོད་པར་བྱེད་པར་

གནས་པ་དག་ལ་ཡང་བརྩེ་བ་ལ་སོགས་པ་ཆུང་བར་འགྱུར་བ་མ་ཡིན་ནོ། །དེས་ན་དེ་དག་གོམས་པ་དང་འབྲེལ་པའི་དགའ་སྟོན་ཆེན་པོའི་དུས་ན་རྒྱས་པར་མི་འགྱུར་བའམ། གཞན་པར་ལྟ་ག་ལ་འགྱུར། ཅི་སྟེ་མངོན་པར་འཕེལ་བ་མཐར་ཐུག་པ་མེད་པའི་རྒྱུ་གོམས་པ་དེ་ནི་མཆོངས་པ་ལ་ཡང་

ཡོད་པ་ཉིད་དོ། །དེས་ན་དེ་ཡང་དེའི་ཆོས་འཐོབ་པར་འགྱུར་ན་དེ་ལྟ་ན་ཡང་མ་ཡིན་ཏེ། དེས་ན་བཟློག་པ་ཡིན་ནོ་ཞེས་བྱ་བར་སེམས་ན་བཤད་པ། དེ་ལྟར་མཆོངས་ཉིད་ལས་མཆོངས་མིན། །དེ་རྒྱུ་སྟོབས་དང་འབད་རྩོལ་དག །ནུས་པ་ངེས་པ་ཉིད་ཀྱི་ཕྱིར། །མཆོངས་པ་ངེས་པའི་བདག་

ཉིད་ཡིན། །བརྩེ་བ་ལ་སོགས་པ་རིགས་མཐུན་པ་ཉིད་ལས་བརྩེ་བ་ལ་སོགས་པ་ཡིན་པ་བཞིན་དུ་མཆོངས་པ་ནི་མཆོངས་པ་ཉིད་ལས་མ་ཡིན་ཏེ། འོན་ཀྱང་སྟོབས་དང་རྩོལ་བ་དག་ལས་ཡིན་ནོ། །རང་གི་མཆོངས་པ་གོམས་པར་བྱས་པ་ལ་ཡང་སྟོབས་དང་རྩོལ་བ་དང་བྲལ་བ་ན་མཆོངས་ནུས་པ་

ཡིན་ནོ། །སྟོབས་དང་རྩོལ་བར་རྣམ་པར་གནས་པའི་བདག་ཉིད་ནི། རང་གི་རྒྱུའི་ནུས་པ་ལས་ཡིན་ནོ། །དེས་ན་མཆོངས་པ་ཡང་གནས་པའི་བདག་ཉིད་དུ་འགྱུར་གྱི། གཞན་དུ་མ་ཡིན་ནོ། །ཅི་སྟེ་ཡང་མཆོངས་པ་ལ་ཡུལ་ཅན་གྱི་གོམས་པ་ཉིད་ལས་མཆོངས་པ་ཡིན་ཏེ། དེ་ལྟ་མ་

ཡིན་ན། སྟོབས་ནི་སྔོན་ཡང་ཡོད་པའི་ཕྱིར། །མཆོངས་པར་ཐལ་ལོ། །སྔར་ནི་སྟོབས་ཉིད་ཡོད་པ་ཉིད་ཡིན་ཏེ། དེ་ནི་གོམས་པ་ཉིད་ལས་འཕེལ་བའི་ཕྱིར་རོ་སྙམ་ན། དེ་ལྟ་ན་མཆོངས་པ། རིགས་མཐུན་པའི་མཆོངས་པ་ལས་སྐྱེས་པ་ཡིན་ཡང་མཐར་ཐུག་པ་མེད་པ་མ་ཡིན་པའི་ཕྱིར།

Vol. 178 · folio 100a

བརྩེ་བ་ལ་སོགས་པ་ཡང་དེ་ཉིད་དུ་ཐལ་བར་འགྱུར་རོ་ཞེ་ན། འདིར་བཤད་པ། དེ་ནི་དང་པོ་ཕྱི་བཞིན་དུ། །མཆོངས་མིན་ལུས་མི་མཐུན་པའི་ཕྱིར། །རྩོལ་བ་རིམ་གྱིས་མི་མཐུན་པ། །གསལ་ན་རང་སྟོབས་ཉིད་དུ་གནས། །གོམས་པ་ལས་ནི་སྟོབས་མ་ཡིན་ཏེ། འོན་

ཀྱང་སྟོབས་ཡོད་པ་ཉིད་བད་ཀན་ལ་སོགས་པས་མཆོངས་པར་མི་ནུས་པ་ཡིན་ནོ། །དེས་ན་མཆོངས་པ་གོམས་པས་མི་མཐུན་པ་སེལ་བ་ཡིན་ཏེ། དེའི་ཕྱིར་ཟས་དང་གནས་ལ་སོགས་པས་འདིའི་སྔར་གྱི་སྟོབས་དེ་རང་ཉིད་དུ་གནས་པ་ཡིན་ནོ། །དེས་ན་ཕྱིས་མཆོངས་ཀྱི་སྔར་ནི་མ་ཡིན་ནོ། །ཅི་

སྟེ་བཅུད་ཀྱིས་ལེན་དང་འབྲེལ་པ་ལས་སྟོབས་སྐྱེ་ན། དེ་ཡང་བཅུད་ཀྱིས་ལེན་གྱི་ནུས་པ་ངེས་པའི་ཕྱིར་གནས་པ་ཡིན་ནོ། །མི་དང་ནམ་མཁའ་ལྡིང་གི་ཕྲུ་གུ་དག་མཆོངས་པ་གོམས་པ་མཚུངས་པ་ཡིན་ཡང་མཆོངས་པ་ནི་མཚུངས་པ་མ་ཡིན་ནོ། །འདི་ལྟར། བྱ་ཁྱུང་དང་ནི་སྤྲེའུ་དག །

མཆོངས་པ་གོམས་པ་དང་འབྲེལ་པར། །མཚུངས་པ་ཡིན་ཡང་མཆོངས་པ་ཉིད། །མཚུངས་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་གོམས་པ་ཡོད་ཀྱང་སྐྱེ་གནས་དང་རིགས་དང་སྟོབས་ལ་ལྟོས་པ་ཉིད་ཀྱིས་མཆོངས་པ་ཡིན་གྱི། མཆོངས་པ་ཙམ་ལ་ལྟོས་པ་ནི་མ་ཡིན་ནོ། །བརྩེ་བ་ལ་སོགས་

པ་དག་ནི་གཞན་ལ་མི་ལྟོས་པ་ཉིད་དོ། །གལ་ཏེ་གོམས་པ་ལས་སྟོབས་ཡིན་ལ། སྟོབས་ལས་ནི་མཆོངས་པ་ཡིན་པའི་ཕྱིར་བརྩེ་བ་ལ་སོགས་པ་ལྟར་གོམས་པ་སྔོན་དུ་སོང་བ་ཅན་དེ་ཉིད་དུ་འགྱུར་རོ་ཞེ་ན། མ་ཡིན་ཏེ། ཤིན་ཏུ་གོམས་པར་བྱས་པ་ལས་སྟོབས་ཉམས་པ་ཡང་འགྱུར་བའི་ཕྱིར་

སྐྱོན་མེད་དོ། །གལ་ཏེ་བརྩེ་བ་ལ་སོགས་པ་རིགས་མཐུན་པའི་ས་བོན་ཙམ་ལ་ལྟོས་པ་ཡིན་ན། འོ་ན་ནི་དེའི་ཚེ་ཐོག་མ་མེད་པ་ཅན་ཡིན་པའི་ཕྱིར་ཤིན་ཏུ་དེའི་བདག་ཉིད་དུ་འགྱུར་ན་ཡོད་པ་ཡང་མ་ཡིན་ནོ། །དེས་ན་ས་བོན་ལས་བྱུང་བ་མ་ཡིན་ནོ་ཞེས་རྟོགས་སོ་ཞེ་ན། འདི་ལ་བཤད་

པ། བརྩེ་དང་ས་བོན་ལས་བྱུང་བ། །གལ་ཏེ་ས་བོན་རང་བྱུང་ཅན། །མི་མཐུན་ཕྱོགས་ཀྱི་གནོད་མེད་ན། །སེམས་ལ་དེ་བདག་ཉིད་དུ་འགྱུར། །གལ་ཏེ་ཡང་བརྩེ་བ་རང་གི་ས་བོན་ལས་བྱུང་བ་དང་ཐོག་མ་མེད་པ་ཅན་ཡིན་པ་དེ་ལྟ་ན་ཡང་དེའི་བདག་ཉིད་དུ་འགྱུར་བ་ནི་མ་ཡིན་ཏེ། ཞེ་

Vol. 178 · folio 100b

སྡང་ལ་སོགས་པ་ནང་གི་ས་བོན་ལས་བྱུང་བ་ཅན་དག་གིས་གནོད་པའི་ཕྱིར་རོ། །གལ་ཏེ་རྟེན་བརྟན་པ་ཡང་ཡིན་ལ། འདི་དག་བར་མ་ཆད་པ་ཉིད་དུ་ཡང་འགྱུར་ན་དེའི་ཚེ་དེའི་བདག་ཉིད་དུ་འགྱུར་བ་ཡིན་ནོ། །དེ་ལ་འབད་པ་ཆེན་པོས་ཞེ་སྡང་ལ་སོགས་པ་མི་མཐུན་པའི་ཕྱོགས་

བསལ་ན་བརྩེ་བའི་བདག་ཉིད་དུ་འགྱུར་བ་ཡིན་ནོ། །འདི་གདོན་མི་ཟ་བར་ཁས་བླངས་པ་ཡིན་ཏེ། འདི་ལྟར་གོམས་པ་སྔ་མ་དང་། །སྔ་མས་སེམས་ཆོས་བརྩེ་བ་དང་། །ཆགས་བྲལ་རྟོགས་སོགས་ཕྱི་མ་དག །གསལ་བ་ཡི་ནི་རྩ་བ་ཡིན། །བརྩེ་བ་ལ་སོགས་པའི་གོམས་པ་སྔ་མ་

སྔ་མ་ནི་སེམས་ཀྱི་ཆོས་ཕྱི་མ་ཕྱི་མ་གསལ་བའི་རྒྱུ་ཡིན་གྱི། སྐྱེ་བ་ཡིན་ན་ནི་མ་ཡིན་ནོ། །སྐྱེ་བ་སྔར་གྱི་རྒྱུ་ལས་ཡིན་པས་གོམས་པས་ནི་གསལ་བ་འབའ་ཞིག་བསྒྲུབ་པར་བྱ་བ་ཡིན་ནོ། །སྐྱེ་བ་ནི་ཡོད་པའི་ཕྱིར་རོ། །དེས་ན། རང་གི་དོན་ལ་བརྩོན་མེད་པར། །གཞན་དོན་ལ་

དགའ་བདག་ཉིད་ཅན། །གོམས་ལས་བརྩེ་བའི་བདག་ཉིད་དེ། །ཆགས་བྲལ་ཆགས་དང་ཡིད་ལོག་བཞིན། །ལས་གཞན་མེད་པར་གོམས་པར་བྱས་པས་ནི་བརྩེ་བ་བདག་ཉིད་དུ་སྒྲུབ་པར་བྱེད་པ་ཡིན་ཏེ། དཔེར་ན་ཡིད་ལོག་པ་དང་ཆགས་པ་དང་ཆགས་པ་མེད་པ་བཞིན་ནོ། །ཇི་

ལྟར་མི་མཐུན་པའི་ཕྱོགས་ཀྱིས་གནོད་པ་མེད་པའི་ཡིད་བྱུང་བ་ནི། གང་ཡོད་པས་འགའ་བླང་བར་བྱ་བ་ཉིད་མ་ཡིན་པར་སྣང་བར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་ཆགས་པ་དང་ཆགས་པ་དང་བྲལ་པ་ཉིད་ལ་ཡང་བལྟ་བར་བྱའོ། །དེ་ལྟ་ན་ནི་སྙིང་རྗེ་དང་ལྡན་པ། གཞན་གྱི་སྡུག་བསྔལ་

བསལ་བར་འདོད་པས་རང་དང་གཞན་གྱི་སྡུག་བསྔལ་གཞོམ་པའི་ཕྱིར་ཐབས་ལ་མངོན་པར་སྦྱོར་བར་འགྱུར་རོ་ཞེས་བཤད་པ་ནི། ཐུགས་རྗེ་ཕུལ་བྱུང་གྲུབ་འགྱུར་ཏེ། །གཞན་སྡུག་མི་བཟོད་པས་བསྐུལ་བའི། །བརྩེ་ལྡན་སྡུག་བསྔལ་གཞོམ་པའི་ཕྱིར། །ཐབས་རྣམས་ལ་ནི་

མངོན་སྦྱོར་མཛད། །བརྩེ་བ་དང་ལྡན་པ་ནི་རང་དང་གཞན་གྱི་སྡུག་བསྔལ་གཞོམ་པའི་ཕྱིར་རྩོལ་བའི་ཕྱིར་སྐྱེད་པ་ཡིན་ཏེ། རང་གི་སྡུག་བསྔལ་མ་བསལ་བར་གཞན་གྱི་སྡུག་བསྔལ་བསལ་མི་ནུས་པའི་ཕྱིར་རོ། །དེས་ན་རང་ཉིད་སྡུག་བསྔལ་དང་བྲལ་བ་སྔོན་དུ་བྱ་བ་དང་། དངོས་པོ་མཐའ་

Vol. 178 · folio 101a

དག་མངོན་དུ་བྱེད་པ་ལ་མངོན་པར་སྦྱོར་བ་ཡིན་ནོ། །གང་གི་ཕྱིར། ཐབས་འབྱུང་དེ་རྒྱུ་ལྐོག་གྱུར་པ། །དེ་འཆད་པ་ནི་དཀའ་བ་ཡིན། །མཐོ་རིས་དང་བྱང་གྲོལ་གྱི་རྒྱུ་དང་། འབྲས་བུ་མངོན་དུ་བྱས་པ་མེད་པ་གང་ཡིན་པ་དེས་ནི་གཞན་དག་ལ་བསྟན་པར་དཀའ་

བ་ཡིན་ཏེ། དེ་ལ་ནི་དེས་ནུས་པ་ཡོད་པ་མ་ཡིན་ནོ། །གལ་ཏེ་བདེན་པ་རྣམས་རྗེས་སུ་དཔག་པས། ཡོངས་སུ་བཅད་པ་ན། འཕགས་པའི་བདེན་པ་བཞི་སྟོན་པར་སྲིད་པ་དེ་ལྟ་ན་ཡང་། ཐམས་ཅད་ཀྱི་ཚེ་ནི་མ་ཡིན། རང་གི་དོན་འདོད་པ་དང་དམྱལ་བ་ལ་སོགས་པར་སྐྱེས་པའི་དུས་ན་

མེད་པའི་ཕྱིར་རོ། །འཇིག་རྟེན་གྱི་ཁམས་འོད་ཟེར་ཅན་ལ་སོགས་པར་སྤྱོད་པ་ལས་དང་འབྲས་བུ་སོ་སོར་ངེས་པ་སྟོན་པ་ཡང་མི་སྲིད་པ་ཉིད་དོ། །དེ་བས་ན་ཐམས་ཅད་མངོན་དུ་བྱ་བ་ཉིད་དོ། །དེ་ལ་མངོན་དུ་བྱེད་པ་ན་རྒྱུ་རྟོགས་པ་ཡིན་པས་དེ་ཉིད་བཤད་པ་ནི། ལུང་དང་རིགས་པས་རྣམ་

དཔྱོད་པ། །སྡུག་བསྔལ་ཉིད་ཀྱི་ཁྱད་པར་གྱིས། །སྡུག་བསྔལ་རྒྱུ་དང་དེ་མི་རྟག །ལ་སོགས་རང་བཞིན་རྟོགས་པར་མཛད། །རིགས་པ་ནི་རྗེས་སུ་དཔག་པའོ། །རྗེས་སུ་དཔག་པའི་སྤྱོད་ཡུལ་མ་ཡིན་པ་ལ་ནི། དབང་པོ་ལས་འདས་པའི་དོན་ཤེས་པའི་རྒྱུ་ལུང་ཡིན་ནོ། །ཡང་ན་དང་པོ་ནི་

ལུང་རྟོགས་པར་བྱེད་པ་ཡིན་ལ། དེ་ནས་ནི་དོན་ངེས་པའི་འབྲས་བུ་ཅན་རིགས་པ་ལ་འཇུག་པ་ཡིན་ནོ། །ལུང་ཙམ་ལས་ནི་དོན་ངེས་པ་མ་ཡིན་ཏེ། བརྗོད་པར་འདོད་པ་ཙམ་གྱིས་འཇུག་པའི་ཕྱིར་དང་། དོན་དང་འབྲེལ་པ་མེད་པའི་ཕྱིར་རོ། །འདི་ཐམས་ཅད་ཀྱང་དཔྱོད་པ་ལ་མངོན་དུ་ཕྱོགས་

པ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །དེས་ན་ཇེ་དང་པོ་ཉིད་ནི་དཔྱོད་པ་ཡིན་ལ། དེའི་འོག་ཏུ་ནི་གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་རང་བཞིན་ཅན་གྱི་ལུང་དུ་དོན་དེ་ལྟ་སྟེ། བཀའ་ལུང་ཙམ་ལ་ནི་མ་ཡིན་ནོ། །རྟོགས་པ་དང་ལྡན་པ་མ་རྨོངས་པ་ནི་ཚད་མ་དང་ལྡན་པའི་དོན་ལ་བཀའ་ལུང་

ཙམ་བསྒོམས་པ་མ་ཡིན་ནོ། །དེས་ན་དོན་དེ་རིགས་པས་བརྟན་པར་བྱས་ནས་སྒོམ་པར་བྱེད་པ་མངོན་དུ་བྱེད་པར་འགྱུར་རོ་ཞེས་བྱ་བ་ནི་རིམ་པའོ། །དེ་ལ་རེ་ཞིག་སྡུག་བསྔལ་གྱི་རྒྱུ་ཉིད་དང་པོར་རྟོགས་ཏེ། རྒྱུ་བཟློག་པའི་སྒོ་ནས་འབྲས་བུ་བཟློག་པར་བྱས་པའི་ཕྱིར་རོ། །སྡུག་བསྔལ་གྱི་རྒྱུ་བརྟག་པ་ཡང་

Vol. 178 · folio 101b

དེའི་མི་རྟག་པ་ཉིད་ལ་སོགས་པའི་རང་བཞིན་རྟོགས་ཏེ། དེ་བརྟགས་པས་བཟློག་པར་རུང་བ་ཉིད་དུ་རྟོགས་པའི་ཕྱིར་རོ། །བཟློག་པར་རུང་བ་ཉིད་དུ་མ་རྟོགས་པར་ནི་བཟློག་པའི་ཕྱིར་བརྩོན་པ་ཉིད་དུ་མི་འགྱུར་རོ། །རྒྱུ་མེད་པ་ཉིད་དམ་རྒྱུ་རྟག་པ་ཉིད་ཡིན་ན་ནི་བཟློག་པར་བྱ་བ་ནུས་པ་མ་ཡིན་ནོ། །འདི།

རྒྱུ་མེད་རྟག་ཏུ་ཡོད་པ་ཉིད། །རྟག་པའི་རྒྱུ་ཅན་ག་ལ་ལྡོག །རྒྱུ་དང་འབྲལ་བ་མེད་པར་ནི། །དངོས་པོ་ལྡོག་པར་ཇི་ལྟར་འགྱུར། །རྒྱུ་ཡིས་བྱས་པའི་དངོས་གང་ཡིན། །དེ་ནི་དེ་མེད་ན་མེད་འགྱུར། །གལ་ཏེ་དེ་མེད་ཀྱང་ཡོད་ན། །འདི་ནི་གང་ལས་མེད་པར་འགྱུར། །མི་རྟག་རྒྱུ་

ཅན་དངོས་པོ་ནི། །རྒྱུ་མེད་པས་ནི་ལྡོག་པར་འགྱུར། །རྟག་རྒྱུ་ཅན་ལ་རྒྱུ་མེད་པར། །མེད་པས་ལྡོག་པ་ཡོད་མ་ཡིན། །དེའི་ཕྱིར་མི་རྟག་པ་ལ་སོགས་པའི་ཁྱད་པར་ཉིད་ཀྱི་སྡུག་བསྔལ་དང་དེའི་རྒྱུ་མི་རྟག་པ་ཉིད་དུ་རྟག་པར་མཛད་དེ། གང་ཕྱིར་དེ་ལྟར་རྒྱུ་གནས་ན། །འབྲས་ལྡོག་གཟིགས་པ་

མེད་ཕྱིར་རོ། །དེའི་རྒྱུ་གཞོམ་ཕྱིར་དེ་ཡི་ནི། །མི་མཐུན་ཕྱོགས་ལ་བརྟག་པ་མཛད། །གལ་ཏེ་དབང་ཕྱུག་ལ་སོགས་པ་རྟག་པ་འགའ་ཞིག་སྡུག་བསྔལ་གྱི་རྒྱུ་ཡིན་ན་དེའི་ཕྱིར་དེ་མེད་པར་མི་འགྱུར་བས་སྡུག་བསྔལ་བཟློག་པར་མི་འགྱུར་རོ་སྙམ་དུ་དགོངས་པར་འགྱུར་ཏེ། དེས་ན་འབྲས་བུ་ལྡོག་

པའི་ཕྱིར་འཇུག་པར་མི་འགྱུར་རོ། །ནུས་པ་མེད་པ་ལ་ནི་སུ་ཡང་མི་འཇུག་ལ། ཞུགས་ན་ཡང་བསླུས་པར་མི་འགྱུར་བ་མ་ཡིན་ནོ། །འབྲས་བུའི་རྒྱུ་གང་ཡིན་པ་དེའི་མི་མཐུན་པའི་ཕྱོགས་ལ་བརྟག་པ་མཛད་དེ་རྒྱུ་སྤང་བའི་ཕྱིར་རོ། །བྱུང་བ་ནི་གཉེན་པོ་དང་འབྲེལ་པ་མེད་པར་མི་ལྡོག་སྟེ།

གཉེན་པོ་མེད་པར་ནི་རྒྱུ་མེད་པར་མི་འགྱུར་རོ། །གལ་ཏེ་རྒྱུ་མེད་པ་ཉིད་ལས་ལྡོག་སྟེ། ལས་ཟད་པ་ཉིད་ལས་ལྡོག་པ་ཡིན་ནོ་ཞེས་གཞན་དག་འདོད་དོ་ཞེ་ན། མ་ཡིན་ཏེ། མ་རིག་པས་ལས་ལས་གཞན་དང་གཞན་འགྱུར་བའི་ཕྱིར་ཟད་པ་མ་ཡིན་ནོ། །ལས་དང་སྡུག་བསྔལ་གྱི་རྒྱུ་ནི་མ་

རིག་པ་ཡིན་པར་སྟོན་པར་འགྱུར་ཏེ། དེས་ན་སྐྱོན་མེད་དོ། །གལ་ཏེ་སྡུག་བསྔལ་གྱི་རྒྱུའི་རང་བཞིན་ངེས་པ་མེད་པ་ཡིན་ཏེ། སྡུག་པ་དང་བྲལ་བ་ལ་སོགས་པ་དུ་མ་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེས་ན་བཟློག་པར་མི་ནུས་སོ་ཞེ་ན། འདི་ལ་བརྗོད་པ་ནི། བདག་དང་བདག་གིར་

Vol. 178 · folio 102a

འཛིན་བྱས་པ། །འདུས་བྱས་སྤྱོད་ཡུལ་ཅན་ཆགས་ནི། །རྒྱུ་ཡིན་དེ་ཡི་གནོད་བྱེད་ནི། །བདག་མེད་མཐོང་བ་འགལ་བ་ཡིན། །སྡུག་བསྔལ་གྱི་རྒྱུ་ནི་བདག་དང་བདག་གིར་མངོན་པར་ཞེན་པས་བྱས་པའི་ཆགས་པ་ཡིན་ནོ། །ཆགས་པ་ལྡོག་ན་ནི་

བདག་གི་བ་ཉམས་པ་ལ་ཡིད་སྡུག་བསྔལ་བར་མི་འགྱུར་རོ། །གལ་ཏེ་ཆགས་པ་དང་བྲལ་ན་བདག་གི་བ་ཉམས་པ་ལ་ཡིད་སྡུག་བསྔལ་བ་མ་ཡིན་མོད། བདག་ཉིད་ལ་ལུས་ལས་བྱུང་བའི་སྡུག་བསྔལ་བར་ཇི་ལྟར་མི་འགྱུར་ཞེ་ན། འདི་ལ་བཤད་པ། གཞན་སྡུག་བསྔལ་

བས་སྡུག་བསྔལ་གང་། །དེ་ལ་བདག་བདེ་སོགས་ཡོད་མིན། །བདག་གི་བ་ལ་མངོན་ཞེན་པས། །བདག་ལ་ཆགས་པ་ལྡོག་པར་འགྱུར། །བུ་ལ་ཆགས་པས་བདག་ལ་ཆགས་པ་དང་བྲལ་བ་དག་ནི། མཚོན་ལ་སོགས་པ་དང་འབྲེལ་པ་ལས་སྐྱེས་པའི་ལུས་ཀྱི་སྡུག་བསྔལ་ཡང་

དམིགས་པར་མི་འགྱུར་རོ། །བདག་དང་བདག་གི་བ་ལ་ཆགས་པ་ཡང་འཇིག་ཚོགས་སུ་ལྟ་བ་ལས་ཡིན་ཏེ། དེས་ན་སྡུག་བསྔལ་གྱི་རྒྱུ་ནི་འཇིག་ཚོགས་སུ་ལྟ་བ་ཡིན་ནོ། །དེའི་ཕྱིར་བདག་མེད་པ་མཐོང་བ་གནོད་པར་བྱེད་པ་ཡིན་ཏེ་འགལ་བའི་ཕྱིར་རོ། །དེ་དང་རྣམ་པར་འགལ་

བའི་ཆོས་ནི་དེའི་གནོད་པར་བྱེད་པ་ཡིན་ཏེ། རླུང་ལ་དྲོ་བ་དང་སྣུམ་པ་ལ་སོགས་པ་བཞིན་ནོ། །དེས་ན་བདག་མེད་པ་དེའི་བདག་ཏུ་འགྱུར་ན། དེ་ལས་བཟློག་པའི་རྣམ་པ་ཅན་འཇིག་ཚོགས་ལ་ལྟ་བ་མི་རྟག་པ་ཡིན་པས་ན་ལྡོག་པ་ཡིན་ནོ། །དེས་ན་བདག་གིར་འཛིན་པ་ལྡོག་པས་

ལུས་དང་ཡིད་ཀྱི་སྡུག་བསྔལ་མཐའ་དག་ལྡོག་གོ། །གལ་ཏེ་ལུས་བཅད་པ་དང་བསྲེགས་པ་ལ་སོགས་པས་འཆི་བ་ལ་སོགས་པའི་སྡུག་བསྔལ་དུ་ཅི་ལྟར་མི་འགྱུར་ཞེ་ན། དེ་ནི་མེད་དེ། ལུས་དེ་དང་ནི་བྲལ་བ་ལས། །འཆི་བ་གཞན་ཡོད་མ་ཡིན་ལ། །ལུས་གཞན་གྲུབ་པ་སྐྱེ་བ་

ཡིན། །དེ་ལ་སྡུག་བསྔལ་ཅི་ཞིག་ཡོད། །གང་གི་ཚེ་ལུས་གཅིག་དང་བྲལ་ཞིང་། ལུས་གཞན་དང་ལྡན་པ་དང་། སྔ་མ་ཕྱི་མའི་གནས་སྐབས་དག །གོམས་པ་ལས་སྐྱེས་པའི་དྲན་པ་གསལ་བས་དྲན་པ་དེའི་ཚེ་ཕྱིས་པ་དང་རྒན་པོའི་གནས་སྐབས་འདོར་ཞིང་ལེན་པ་ལྟར་རམ།

Vol. 178 · folio 102b

གོས་ལེན་པ་དང་འདོར་བ་ལྟ་བུ་ཡིན་པས། དེ་ལ་གནོད་པ་ཅི་ཞིག་ཡོད། མཚམས་སྦྱོར་བ་འཛིན་པ་མེད་པར་ནི་གདུང་བར་འགྱུར་བ་མ་ཡིན་ནོ། །གང་ལ་གོམས་པ་དེ་ཉིད་མངོན་པར་དགའ་བའི་རྒྱུ་ཡིན་ཏེ། ཐ་མལ་པར་གོམས་པར་བྱས་པས་ནི། བདེ་བ་དང་སྡུག་བསྔལ་བར་མི་འགྱུར་རོ། །

ཤིན་ཏུ་བཏང་སྙོམས་གོམས་པ་ལ་ནི་ལུས་དང་ལོངས་སྤྱོད་ལ་གནོད་པ་བྱས་ཀྱང་གདུང་བར་མི་འགྱུར་ཏེ། སེམས་ཅན་དུ་ལྟ་བ་ལྡོག་པ་ཡིན་ནོ། །དེ་བཤད་པ་ནི། རྣམ་པ་དུ་མར་ཐབས་མང་པོ། །ཡུན་རིང་དུས་སུ་གོམས་པ་ལས། །དེ་ལ་སྐྱོན་དང་ཡོན་ཏན་དག །རབ་ཏུ་གསལ་བ་

ཉིད་དུ་འགྱུར། །བདག་མེད་པ་མཐོང་བས་འདོད་ཆགས་ལ་སོགས་པ་ཡོངས་སུ་འཁྲུག་པའི་རྒྱུ་མཐའ་དག་དང་བྲལ་ཞིང་རྟོགས་པ་རྒྱས་ཏེ། ཐབས་རྣམ་པ་མང་པོ་གཞན་དང་གཞན་གོམས་པ་ན་སྐྱོན་དང་ཡོན་ཏན་རྣམས་གསལ་བར་འགྱུར་ཏེ། བསྟན་བཅོས་གོམས་ན་བསྟན་བཅོས་ཀྱི་སྐྱོན་

ཡོན་རྣམ་པ་དུ་མ་གསལ་བ་བཞིན་ནོ། །ཡོན་ཏན་དང་སྐྱོན་གསལ་བ་ནི་བློ་གསལ་བ་ཡིན་ཏེ། དེས་ན་ཐུགས་ཀྱང་གསལ་བའི་ཕྱིར། །རྒྱུ་ཡི་བག་ཆགས་སྤངས་པ་ནི། །ཐུབ་ཆེན་གཞན་དོན་འཇུག་ཅན་གྱི། །བསེ་རུ་ལ་སོགས་ཁྱད་འདི་ཡིན། གང་གི་ཚེ་སྐྱོན་དང་ཡོན་ཏན་བྱེ་བྲག་ཏུ་ཕྱེ་

བས་རྟོགས་པ་བསལ་བར་གྱུར་པ་དེའི་ཚེ། ཉེས་པ་ཕྲ་མོ་དང་རགས་པའི་ནང་ན་གནས་པའི་ཉེས་པའི་རིགས་སྐད་ཅིག་མ་ཙམ་ཡང་ཐམས་ཅད་ཤེས་པར་འགྱུར་རོ། །དེས་ན་ངག་མ་བྱང་བ་ལ་སོགས་པ་ཡང་བཟློག་པའི་ཕྱིར་འབད་པར་འགྱུར་རོ། །དེའི་ཕྱིར་བག་ཆགས་སྤོང་བ་ཡིན་ནོ། །འདི་

ཉིད་ནི་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་དང་མུ་སྟེགས་པ་ཡང་དག་ལས་བཅོམ་ལྡན་འདས་བདེ་བར་གཤེགས་པའི་ཁྱད་པར་ཡིན་ནོ། །ཡང་ན་གལ་ཏེ་སྡུག་བསྔལ་བ་སྤངས་པ་ཡིན་མོད། དེ་ལྟ་ན་ཡང་ཐམས་ཅད་མཁྱེན་པ་ཉིད་ནི་སྲིད་པ་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་འདོད་

ཆགས་དང་བྲལ་བ་མཐའ་དག་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་རོ་ཞེ་ན། འདི་བཤད་པ་ནི། རྣམ་པ་དུ་མར་ཐབས་མང་པོ། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཐབས་ཀྱིས་དབྱེ་བ་ནི། རྣམ་པ་མང་པོ་ཡིན་ཏེ། དུས་ཡུན་རིང་པོར་གོམས་པས་ནི་འཁོར་བའི་སྐྱོན་ཡོན་མཐའ་དག་

Vol. 178 · folio 103a

བསལ་ལོ། །གང་ཚེ་དྲན་པ་གསལ་འགྱུར་བས། །སྔོན་གྱི་སྐྱེ་བ་དྲན་གྱུར་པ། །དེ་ལ་དེ་ཡི་རྗེས་འབྲངས་པས། །དེ་དག་ཐམས་ཅད་རྟོགས་པར་འགྱུར། །ཇི་ལྟར་གྲོང་གཞན་ནས་འོངས་པ། །དེ་ཡི་འདུ་བྱེད་རྗེས་འགྲེལ་ཅན། །དེ་རིག་པ་ཡིས་ཤེས་འགྱུར་

བ། །དེ་བཞིན་སྐྱེ་གཞན་ནས་འོངས་པ། །དཔེར་ན་གྲོང་གཞན་ནས་འོངས་པ་ལ་དེ་དང་བརྟེན་པས་སྐྱེས་པའི་ཁྱད་པར་མཐོང་བ་ན། དེ་རིག་པས་དེ་ནས་འོངས་པར་ཤེས་པ་དེས་ན་གྲོང་གཞན་ཡང་དེའི་ཁྱད་པར་ཉིད་དུ་ཤེས་པ་དེ་བཞིན་དུ། སྐྱེ་བ་གཞན་ཡང་ངེས་པ་སྐྱེད་པའི་འདུ་བྱེད་ཀྱི་རྒྱུ་ཡིན་

པ་ཉིད་ཀྱིས་རྗེས་སུ་དཔོག་པ་ཡིན་ནོ། །ལྐོག་ཏུ་འགྱུར་བའི་དོན་སྐྱེ་བ་གཞན་ཡོད་པར་སྦྱིན་པ་ལ་སོགས་པའི་རྣམ་པ་འདིས་ཅི་སྟེ་རྗེས་སུ་མི་དཔོག །དེས་ན་རྒྱུ་དང་འབྲས་བུ་དག་ངེས་པར་རིག་པ་ཡིན་ཏེ། འདི་ནི་སྔོན་ལས་འདི་དང་ཡུལ་འདི་དང་འབྲེལ་པར་འགྱུར་བ་ཡིན་ཏེ། འདི་ལྟ་བུའི་

ངོ་བོའི་རྣམ་པ་དང་འབྲེལ་པའི་ཕྱིར་རོ། །སོ་སོར་ངེས་པའི་ཡུལ་ལ་སོགས་པ་དང་འབྲེལ་པ། དེའི་འབྲས་བུ་དང་རང་བཞིན་གྱི་བྱེ་བྲག་གི་རང་བཞིན་ངེས་པར་རྟོགས་པ་ནི་རྒྱུའི་རང་བཞིན་དང་དེའི་འབྲས་བུའི་རང་བཞིན་གྱི་བྱེ་བྲག་དང་འབྲེལ་པ་མཐའ་དག་རིག་པའི་ཕྱིར་སོ་སོར་ངེས་པའི་རང་

བཞིན་ཐམས་ཅད་རིག་པས་ན། ལས་དང་འབྲས་བུ་ལ་སོགས་པའི་འབྲེལ་པ་ཐམས་ཅད་ཡོངས་སུ་ཤེས་པ་ཡིན་ནོ། །མཐོ་རིས་དང་ནི་བྱང་གྲོལ་ལམ། །ཇི་བཞིན་དུ་ནི་མཁྱེན་པ་ན། །སྐྱེས་བུའི་དོན་མཁྱེན་ཙམ་གྱིས་ནི། །སྟོན་པ་ཡོངས་སུ་རྫོགས་པར་འདོད། །འགྲོ་བ་མཐའ་དག་

ཀྱང་ཕན་ཚུན་རྒྱུ་དང་འབྲས་བུའི་དངོས་པོ་ལས་འདས་པར་འགྱུར་བ་མ་ཡིན་ཏེ། དེས་ན་རྒྱུ་འབྲས་ཀྱི་དངོས་པོ་རྣམ་པ་དུ་མ་བསྒོམས་པ་དང་རྗེས་སུ་འབྲེལ་པས་འགྲོ་བ་མཐའ་དག་རིག་པར་འགྱུར་བ་ནི་ཁ་ན་མ་ཐོ་བ་མེད་པ་ཡིན་པ་དེས་ན་ཐམས་ཅད་མཁྱེན་པ་ཉིད་ཡིན་ནོ། །འོན་ཏེ་རྗེས་སུ་

དཔག་པས་རིག་ན་འདི་ཇི་ལྟར་དངོས་སུ་གཟིགས་པ་ཅན་ཡིན། བཅོམ་ལྡན་འདས་ནི་མངོན་དུ་གཟིགས་པ་པོར་འདོད་པ་ཡིན་ནོ་ཞེ་ན། དེ་ཡང་གྱི་ན་ཉིད་དེ། རྣམ་ཀུན་རྗེས་དཔོག་གང་ཡིན་ཏེ། །མངོན་སུམ་ལས་ནི་དབྱེར་ཡོད་མིན། །དབང་པོ་དང་ནི་འབྲེལ་པས་ཀྱང་། །དེ་ལས་ཁྱད་

Vol. 178 · folio 103b

པར་ལྷག་བྱེད་མིན། །དོན་གྱི་རང་བཞིན་རྣམ་པ་ཐམས་ཅད་དུ་རིག་པ་གང་ཡིན་པ་དེ་ཉིད་མངོན་སུམ་ཡིན་ཏེ། མངོན་སུམ་གྱི་དོན་ནི་མངོན་དུ་བྱེད་པའི་དོན་ཡིན་པའི་ཕྱིར་རོ། །གལ་ཏེ་དབང་པོ་ལ་བརྟེན་པའི་དོན་མངོན་སུམ་གྱི་དོན་ཡིན་ནམ་ཞེ་ན། འདི་ནི་མངོན་སུམ་གྱི་མཚན་ཉིད་

མ་ཡིན་ཏེ། འོན་ཀྱང་ཡང་དག་པའི་མངོན་སུམ་རིག་པའོ། །དབང་པོ་ཉེ་བར་མཚོན་པ་ཙམ་དུ་ཟད་དོ། །གཞན་ཡང་གང་ཞིག་དབང་པོ་དང་འབྲེལ་པ་ཡིན་ཡང་། མངོན་དུ་མཐོང་བ་མེད་པ་དེ། ཅི་མངོན་སུམ་ཡིན་ནམ། དེ་ནི་དབང་པོ་ཉིད་མ་ཡིན་ཏེ་ཉམས་པའི་ཕྱིར་རོ་ཞེ་ན། བརྗོད་པ།

མངོན་དུ་བྱེད་རྒྱུ་མིན་ཕྱིར་ཏེ། །གལ་ཏེ་མངོན་སུམ་མིན་འདོད་ན། །མངོན་དུ་བྱེད་པའི་རྒྱུ་ཡིན་ཕྱིར། །དབང་པོ་ཞེས་ནི་ངེས་པར་གཟུང་། །དབྱིབས་ལ་སོགས་པ་ཙམ་གྱིས་ནི། །དབང་པོར་འཐད་པ་མ་ཡིན་ཏེ། །ཉམས་པ་ཡང་དེ་ཉིད་དུ་ཐལ་བའི་ཕྱིར་རོ། །མངོན་དུ་བྱེད་པའི་རྒྱུ་ཉིད་

དབང་པོ་ཡིན་ན་ནི། ཡིད་ཀྱང་དེ་ལྟ་ཉིད་དུ་འགལ་བ་མེད་དོ། །གཞན་ཡང་། ཡིད་ནི་གསལ་བ་ཉིད་ལས་ནི། །རྣམ་པ་གསལ་པོར་མཐོང་བ་ཡིན། །ཡིད་ནི་རྣམ་པར་འཁྲུག་པ་ལ། །དབང་ཤེས་གསལ་བ་ག་ལ་ཡོད། །མངོན་དུ་ཕྱོགས་པ་དང་འབྲེལ་པའི་ཡིད་ལས་དབང་པོའི་ཤེས་པ་

ཡང་མངོན་དུ་བྱེད་པར་འགྱུར་བ་ཡིན་ནོ། །དེས་ན་དབང་པོས་བསྐྱེད་པ་ཉིད་ནི་རྒྱུ་མ་ཡིན་པ་ཁོ་ནའོ། །དེའི་རྣམ་པ་ཐམས་ཅད་མངོན་དུ་བྱེད་པས་འཇུག་པའི་རྗེས་སུ་དཔག་པ་ཡང་མངོན་སུམ་ཉིད་ཡིན་ནོ། །གལ་ཏེ་འདས་པ་ལ་སོགས་པ་ལྐོག་ཏུ་གྱུར་པའི་དོན་ལ་འཇུག་པ་ཇི་ལྟར་མངོན་སུམ་

ཡིན་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། མངོན་དུ་བྱེད་པ་ཡོད་པས་ན། །འདི་ནི་ཇི་ལྟར་ལྐོག་གྱུར་ཉིད། །མངོན་དུ་བྱས་པ་ལྐོག་ཉིད་ན། །ལྐོག་འགྱུར་མ་ཡིན་མེད་པར་འགྱུར། །འོན་ཏེ་དབང་པོའི་བྱེད་པ་ལས་ལྐོག་ཏུ་གྱུར་པ་མ་ཡིན་པ་ཉིད་དོ་ཞེ་ན། དབང་པོའི་བྱེད་པ་དེ་ཉིད་མངོན་

དུ་བྱེད་པ་མེད་པར་ཇི་ལྟར་རྟོགས་པར་འགྱུར་བ་ཡིན། མངོན་དུ་བྱེད་པས་རྟོགས་ན་ནི། །རྣམ་པ་ཐམས་ཅད་རྗེས་སུ་དཔོག་པ་ལ་ཡང་དབང་པོའི་བྱེད་པ་ཡོད་པར་འགྱུར་རོ། །རྗེས་སུ་དཔག་པ་འཇུག་པ་ནི་ཐམས་ཅད་ལ་ཡོད་པའི་ཕྱིར། །མིག་ལ་སོགས་པའི་བྱེད་པ་ཡང་རྗེས་སུ་དཔོག་པ་

Vol. 178 · folio 104a

ཉིད་ལས་རྟོགས་པ་ཡིན་ནོ། །གཞན་ཡང་། གང་ཚེ་སྔོན་གྱི་རྣམ་པ་ནི། །ཐམས་ཅད་རྗེས་སུ་དཔོག་འགྱུར་བ། །དེ་ཚེ་བདག་གི་མིག་སོགས་ཀྱི། །བྱེད་པ་ཡང་ནི་རྟོགས་པར་བྱེད། །འགར་བྱུང་འགར་ནི་བྱུང་འགྱུར་བ། །དབང་པོའི་བྱེད་དེ་རྗེས་དཔག་གིས། །

རྟོགས་འགྱུར་དེ་ཕྱིར་དབང་པོ་ཡི། །བྱེད་དེ་དེ་ལ་ཅི་ཕྱིར་མེད། །གང་གི་ཚེ་དེ་ཉིད་སྐྱེས་པའམ་འབྱུང་བར་འགྱུར་བ་རྗེས་སུ་དཔོག་པར་བྱེད་པ་དེའི་ཚེ་དེ་ལ་འབྱུང་བར་འགྱུར་བའི་དབང་པོའི་བྱེད་པ་རྗེས་སུ་དཔག་པས་རྟོགས་སོ། །གང་གི་ཚེ་འབྱུང་བར་འགྱུར་བ་དེའི་ཚེ་ནི་འབྱུང་བར་འགྱུར་བ་ཉིད་དོ། །

དེ་ནི་རྣམ་པ་ཐམས་ཅད་དུ་རྗེས་སུ་དཔོག་པས་རྟོགས་པ་ལ་ཡོད་པ་ཡིན་པའི་ཕྱིར་ཇི་ལྟར་དབང་པོའི་བྱེད་པ་མེད་པ་ཡིན། གལ་ཏེ་བྱུང་བ་དང་འབྱུང་བར་འགྱུར་བ་ཡང་ཇི་ལྟར་ཡོད་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། མངོན་དུ་བྱ་ཉིད་དངོས་པོ་དེའི། །ཡོད་པ་ཉིད་དུ་བརྗོད་མ་ཡིན། །

ཐམས་ཅད་དུ་ནི་དངོས་པོ་ཡི། །ཡོད་ཉིད་དོན་བྱེད་པ་ལ་རྟོགས། །ད་ལྟར་བ་མངོན་པར་འདོད་པའི་བྱ་བ་ལ་སོགས་པའི་དོན་གྱི་བདག་ཉིད་ལ་ཡང་མངོན་དུ་བྱེད་པ་ཉིད་ལས་དེ་ཡོད་པར་རྟོགས་པ་ཡིན་གྱི། གཞན་ལས་ནི་མ་ཡིན་ནོ། །གལ་ཏེ་མེ་ལ་སོགས་པ་མངོན་དུ་བྱས་པ་ལ་ཡང་

རྗེས་སུ་དཔག་པས་ཡོད་པར་རྟོགས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེ་ཡང་དེ་ལྟ་བུ་ཉིད་རྗེས་སུ་དཔོག་གོ། །མངོན་སུམ་བྱས་པའམ། བྱེད་པའམ་བྱེད་པར་འགྱུར་བ་རྗེས་སུ་དཔོག་པ་ཡིན་ཏེ། གཞན་དུ་ན་རྗེས་སུ་དཔག་པ་མི་འཇུག་པའི་ཕྱིར་རོ། །མཐོང་བའི་རྗེས་སུ་འབྲང་

བ་ན་མཐོང་བར་བྱ་བ་ཉིད་རྗེས་སུ་དཔོག་པར་བྱེད་དེ། དེ་ལྟ་བུ་མ་ཡིན་ན་མི་འཐད་པའི་ཕྱིར་རོ། །གལ་ཏེ་འགས་ཀྱང་མ་མཐོང་མི་མཐོང་མཐོང་བར་མི་འགྱུར་བ་ནི། དེའི་ཚེ་རི་བོང་གི་རྭ་དང་མཚུངས་པར་མེད་པ་ཉིད་དོ། །ནུས་པ་ཉེ་བར་བརྗོད་པ་ཐམས་ཅད་དང་བྲལ་བ་ནི་ཉེ་བར་བརྗོད་པ་

མེད་པ་ཉིད་ཡིན་ནོ། །གལ་ཏེ་ད་ལྟར་བའི་དུས་དང་འབྲེལ་པས་ཡོད་པ་ཉིད་ཡིན་གྱི། མངོན་དུ་བྱེད་པ་མ་ཡིན་ནོ། །དེ་ལྟ་ཡིན་དང་རྣལ་འབྱོར་པ་རྣམས་འདས་པ་དང་མ་འོངས་པ་མངོན་སུམ་དུ་བྱེད་པ་ཉིད་དུ་ཁྱེད་འདོད་པ་ཡིན་ཏེ། ད་ལྟར་བྱུང་བ་ཙམ་མཐོང་བ་ཡིན་ན་ནི། འདི་འདས་

Vol. 178 · folio 104b

པ་ལ་སོགས་པ་མཐོང་བར་མི་འགྱུར་རོ། །དེས་ན་སྐྱེ་བོ་ཐམས་ཅད་དང་མཉམ་པ་ཉིད་པས་འདི་ལྟ་བུ་མངོན་དུ་བྱེད་པ་ཉིད་དམ་རྣལ་འབྱོར་པ་ཉིད་ཡིན་ཞེས་གཞན་དག་འཛེར་ཏོ། །དེ་ལ་འདི་སྐད་བརྗོད་དེ། དུས་ནི་ཚད་མ་གང་གིས་ཀྱང་། །རྟོགས་པ་ཡོད་པ་མ་ཡིན་ཏེ། །མངོན་སུམ་

གྱིས་ནི་གཟུགས་སོགས་ཙམ། །རྟོགས་འགྱུར་རྗེས་སུ་དཔག་པ་ཡང་། །མངོན་སུམ་འཇུག་པ་ལས་འདས་ནས། །འཇུག་པ་ཡང་ནི་དམིགས་མ་ཡིན། །མངོན་སུམ་གྱི་ནི་གཟུགས་སོགས་པའི། །རང་བཞིན་ཉིད་འབའ་ཞིག་དམིགས་ཀྱི། དུས་ལ་སོགས་པ་དང་འབྲེལ་པ་ནི་མ་

ཡིན་ཏེ། མངོན་སུམ་ནི་དེའི་རྣམ་པ་ཙམ་དང་འབྲེལ་པའི་ཕྱིར་རོ། །མདུན་ན་གནས་པའི་རྣམ་པ་འཛིན་པ་ལས་གཞན་དུ་ནི་མངོན་སུམ་རྟོགས་པ་མེད་དོ། །དེ་ལྟ་མ་ཡིན་ན་ཐམས་ཅད་མཐོང་བར་འགྱུར་རོ། །དུས་ནི་ཀ་བ་ལ་སོགས་པ་ལྟར་མདུན་ན་གནས་པའི་རྣམ་པ་ཉིད་དུ་དམིགས་པ་

མ་ཡིན་ནོ། །རྗེས་སུ་དཔག་པ་ཡང་མངོན་སུམ་མེད་པར་མི་འགྱུར་རོ། །འོན་ཏེ་འབྱུང་བ་དང་ཡུན་རིང་བ་ལ་སོགས་པར་ནི་གཟུང་བར་བྱ་བའམ། རྗེས་སུ་དཔག་པར་བྱ་བ་ཡིན་ནོ་ཞེ་ན། དེ་ཡང་ཡང་དག་པ་མ་ཡིན་ཏེ། དུས་ནི་ཡུན་རིང་མཉམ་སོགས་པའི། །བློ་ཡི་མདུན་ན་གནས་པ་

ཡིན། །དེ་ལྟའི་རྣམ་པ་དང་བྲལ་ན། །བློ་ནི་མངོན་སུམ་ཡིན་མི་འདོད། །ཡུན་རིང་པོར་བྱས་སོ་ཞེས་བྱ་བ་ལ་སོགས་པ་ནི་བུམ་པ་ལ་སོགས་པ་ཉིད་སྣང་བ་ཡིན་གྱི། དེས་ན་དུས་གཞན་ནི་སྣང་བ་མེད་དོ། །འོན་ཏེ་ཡང་བུམ་པ་ལ་སོགས་པ་ཉིད་ཀྱི་འབྲས་བུ་རྟེན་པ་སྣང་བ་ཡིན་ན། འོ་

ན་ཡུན་རིང་པོ་ལ་སོགས་པའི་དོན་ཅི་ཡིན་ཞེ་ན། འདིར་སྨྲས་པ། རྒྱུ་རྣམས་ཉེ་བར་མི་གནས་ཕྱིར། །དུས་མེད་ན་ཡང་བུམ་སོགས་ཀྱི། །ཆ་སོགས་དལ་བུས་རིམ་གྱིས་ནི། །རྫོགས་པ་ཡུན་རིང་དོན་ཡིན་ནོ། །བུམ་པ་ལ་སོགས་པ་ཆ་ཤས་དལ་བུས་རིམ་གྱིས་ཡོངས་སུ་རྫོགས་པར་

གྲུབ་པ་གང་ཡིན་པ་དེ་ཉིད་ཡུན་རིང་པོའི་སྒྲའི་དོན་ཏོ། །གལ་ཏེ་དུས་མེད་ན་དལ་བུས་དང་རིམ་པ་དེ་ཉིད་མི་འཐད་དོ་ཞེ་ན། མ་ཡིན་ཏེ། སྒྲུབ་པར་བྱེད་པ་ཉེ་བར་མི་གནས་པ་ཙམ་གྱིས་དེ་འཐད་པའི་ཕྱིར་རོ། །སྒྲུབ་པར་བྱེད་པ་ཉེ་བར་མི་གནས་པ་ཡང་ཉེ་བར་གནས་པའི་རྒྱུ་མེད་པའི་ཕྱིར་རོ། །

Vol. 178 · folio 105a

ཉེ་བའི་རྒྱུ་མེད་པ་ཡང་དེའི་རྒྱུ་མེད་པའི་ཕྱིར་ཏེ། དེ་ལྟར་ན་རྒྱུའི་རྩོམ་པ་འདི་ནི་ཐོག་མ་མེད་པ་ཡིན་ནོ། །དེའི་ཕྱིར་དུས་ཞེས་བྱ་བ་འགའ་ཡང་ཡོད་པ་མ་ཡིན་ནོ། །འོན་ཏེ་འབྲས་བུའི་བུལ་བ་དང་། །མྱུར་བ་དུས་ཀྱི་སྟོབས་ཀྱིས་ནི། །འཇུག་ན་དེ་ལ་རྒྱུ་

ཡིས་ནི། །ཅི་ཞིག་བྱས་པར་གྱུར་པ་སོམས། །འབྲས་བུ་རྣམས་ཀྱིས་འཇུག་པར་བྱེད་པ་དུས་ཡིན་ན། དེ་ལ་རྒྱུ་རྣམས་ཀྱི་བྱེད་པའི་འབྲས་བུ་གང་ཡིན། རྒྱུ་མེད་པར་དུས་ཀྱིས་མི་ནུས་སོ་ཞེ་ན། འོ་ན་ནི་རྒྱུ་ཡོད་པ་དང་མེད་པ་ཉིད་ལས་འབྲས་བུ་སྐྱེས་པ་ཡིན་གྱི་དུས་ནི་ནུས་པ་མ་

ཡིན་ནོ། །གལ་ཏེ་དུས་མེད་པར་རྒྱུ་རྣམས་ཀྱིས་མི་ནུས་པ་ཡིན་ན་དུས་རྒྱུའི་དངོས་པོར་རིགས་པ་ཡིན་ན། དུས་ནི་མེད་པ་མ་ཡིན་ཏེ། ཁྱབ་པ་དང་རྟག་པ་ཡིན་པའི་ཕྱིར་རོ། །འོན་ཏེ་དུས་གཞན་དང་གཞན་ཉེ་བར་གནས་པ་ལ་ལྟོས་པའི་རྒྱུ་ལས་སྐྱེ་བ་ཡིན་ན། དུས་གཞན་དང་

གཞན་ཉེ་བར་གནས་པ་དེ་ཉིད་ག་ལས། རྒྱུ་གཞན་ལས་སོ་ཞེ་ན། དེ་ཉིད་ལས་འབྲས་བུའི་རིམ་པ་ཡིན་ལ་རག་མོད། དུས་ཀྱིས་ཅི་བྱ། རིམ་པ་ཉིད་དུས་ཡིན་ནོ་ཞེ་ན། མ་ཡིན་ཏེ། རིམ་པ་ནི་འདི་ལྷན་ཅིག་པ་དང་ལྷན་ཅིག་པ་མ་ཡིན་པའི་དངོས་པོ་ཡིན་པའི་ཕྱིར་ལ། དེ་ཡང་དངོས་

པོའི་རང་བཞིན་ཉིད་ཡིན་པས་དུས་གཞན་མེད་དོ། །ཇི་སྟེ་ཉི་མ་ལ་སོགས་པའི་རྒྱུ་བ་ཉིད་དུས་ཡིན་ན། མ་ཡིན་ཏེ། ཉི་མ་ལ་སོགས་པའི་རང་གི་ངོ་བོ་ལས་ཐ་དད་པའི་རྒྱུ་བ་མེད་པའི་ཕྱིར་རོ། །དེའི་རང་གི་ངོ་བོ་ཡང་མངོན་སུམ་གྱིས་རྟོགས་པར་བྱ་བ་ཉིད་དོ། །མཐོང་འགྱུར་འདས་པའི་

དུས་ཉིད་དོ། །མཐོང་བཞིན་པ་ནི་ད་ལྟར་བ། །མཐོང་འགྱུར་འབྱུང་བ་ཉིད་དོ་ཞེས། །དེ་ལྟར་དུས་ནི་རྣམ་པར་གནས། །འོ་ན་ཅི་ལྟར་དངོས་པོ་འདིའི་དུས་ནི་འདི་ཡིན་ནོ་ཞེས་ཐ་དད་པར་རྟོགས་པ་ཡིན་ནོ་ཞེ་ན། འདི་ནི་མཆི་གུའི་ལུས་ཡིན་ཞེས། །ལྡོག་པར་རྟོགས་པ་ཅི་ལྟ་བ། །དེ་བཞིན་

དུས་ནི་ཐ་དད་དུ། །རྟོགས་པ་ཚད་མས་འཐད་པ་ཡིན། །དེ་བཞིན་དུ་ཡང་འཇིག་རྟེན་དག་བརྗོད་དེ། ཁྱོད་ཀྱི་སྐྱེས་པའི་དུས་གང་ཡིན། །ཁྱོད་ཅི་བདེ་སོགས་གནས་སམ་ཞེས། །དེ་ཡི་རང་བཞིན་ཁྱད་པར་ཉིད། །འདྲི་ན་ཚིག་འདི་འཐད་པ་ཡིན། །དེས་ན་ད་ལྟར་མི་མཐོང་བ་ནི་འདས་

Vol. 178 · folio 105b

པ་དང་མ་འོངས་པ་ཡིན་ནོ་ཞེས་བྱ་བའི་དོན་གྱི་དེ་ཁོ་ནའོ། །གལ་ཏེ་དེ་ལྟ་ན་རྣལ་འབྱོར་པ་རྣམས་ལ་འདས་པ་ལ་སོགས་པ་མཐོང་ངོ་ཞེས་བྱ་བ་མི་མཐོང་བ་མཐོང་བ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །དེ་ལ་གལ་ཏེ་རང་གིས་མི་མཐོང་བ་མཐོང་བ་ཡིན་ནོ་ཞེས་བརྗོད་ན་ནི། དེའི་ཚེ་མ་ཡིན་ལ་མོ་

གཤམ་ཡང་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །དེའི་ཕྱིར་འདས་པ་ལ་སོགས་པ་མཐོང་ངོ་ཞེས་བྱ་བའི་དོན་ཅི་ཡིན་ཞེ་ན། གཞན་གྱིས་མཐོང་བར་བྱ་བ་མ་ཡིན་པ་མཐོང་བ་སྟེ། དེས་མཐོང་བ་ཉིད་ཀྱིས་ན་དེ་ཙམ་དུ་ནི་དེ་ད་ལྟར་བ་ཉིད་ཡིན་པས་སྐྱོན་མེད་དོ། །གཞན་ལ་ལྟོས་ནས་ནི་དེ་འདས་པ་

ཉིད་ལ་སོགས་པ་ཡིན་ནོ། །དེའི་ཕྱིར་མངོན་དུ་བྱས་པ་གང་ཡིན་པ་དེ་ཉིད་ཡོད་པ་ཡིན་པའི་ཕྱིར། འདས་པ་ལ་སོགས་པ་ལ་དབང་པོའི་བྱེད་པ་མ་ཡིན་ཏེ། མངོན་དུ་བྱས་པ་དེ་ཡོད་པ་ཉིད་ཡིན་པའི་ཕྱིར་རོ། །གཞན་ཡང་དུས་དེ་དང་འབྲེལ་པར། །གང་ཚེ་དེ་མངོན་བྱས་འགྱུར་བ། །དེ་ཚེ་ད་ལྟར་

ཡོད་མིན་ཡང་། །དེ་ཡི་ཡོད་ཉིད་འཐད་མི་དཀའ། །གལ་ཏེ་ད་ལྟར་བའི་དུས་དང་འབྲེལ་པ་མེད་ཀྱང་། དེའི་ཚེ་དུས་དང་འབྲེལ་པ་དེ་ལྟར་བྱུང་བའི་དངོས་པོ་མངོན་དུ་བྱས་པ་ནི་ཡོད་པ་ཉིད་དོ། །དེས་ན་ད་ལྟར་བྱུང་བའི་དོན་འཛིན་པའི་ཕྱིར། འདས་པ་ལ་སོགས་པའི་ཤེས་པ་ལ་རྣམ་པ་ཐམས་

ཅད་ཡོངས་སུ་གཅོད་པ་དང་ལྡན་པའི་མངོན་སུམ་ཡོད་པ་ཉིད་དོ། །འོ་ན་དེ་ཇི་ལྟར་འདས་པ་ཉིད་ཡིན་ཞེ་ན། ལྟ་བ་པོའི་ད་ལྟར་བྱུང་བའི་དུས་དང་འབྲེལ་པར་མི་འཛིན་པའི་ཕྱིར་དང་། གཞན་གྱིས་ནི་དེའི་དུས་དང་འབྲེལ་པ་ཡང་མི་འཛིན་པའི་ཕྱིར་དང་། རྣལ་འབྱོར་པས་ཀྱང་མཉམ་པར་བཞག་པ་

ལས་ལངས་ནས། འདས་པ་ཉིད་དུ་ཐ་སྙད་བྱེད་པའི་ཕྱིར་རོ། །དེ་ཉིད་རྣལ་འབྱོར་པས་ད་ལྟར་མཐོང་བ་ཇི་ལྟར་འདས་པ་ཡིན་ཞེ་ན། དེ་ནི་མེད་དེ། འདི་ལྟར་ད་ལྟར་བའི་དུས་ཉིད་ནི། ལྟ་པོ་ཉིད་ཀྱིས་ཡིན་ཞེས་རྟོགས། །གཞན་གྱི་དུས་ནི་ཇི་ལྟར་གཞན། །ཁྱད་པར་བྱེད་

ཡིན་པར་འགྱུར། །བྱེད་པ་པོའི་དུས་གང་ཡིན་པ་དེ་ཇི་ལྟར་གཞལ་བར་བྱ་བའི་དོན་གྱི་ཡིན་པར་འགྱུར། རྟའི་ངང་པ་ཉིད་ནི་བ་ལང་གི་ཡིན་པར་མི་རིགས་སོ། །འོན་ཏེ་དེའི་ཚེ་རྟོགས་པ་ཇི་ལྟར་གཞན་དུས་ཡིན་ཞེ་ན་གཞན་གྱི་དུས་རྟོགས་པའི་ཕྱིར་རོ། །འདི་ལྟར། དེ་ནི་དེ་ཚེའམ་

Vol. 178 · folio 106a

གཞན་གྱི་ཚེ། །གང་ཞིག་གང་གི་ངོ་བོར་རིག །དངོས་པོ་དེ་ཡི་ངོ་བོ་ཉིད། །བྱེད་པོའི་དུས་ནི་དེ་ཡི་མིན། །དུས་ནི་བྱེད་པ་པོའི་ཡིན་གྱི་དོན་གྱི་ནི་མ་ཡིན་ནོ། །དུས་གཞན་གྱི་ཁྱད་པར་ཅན་ཉིད་དུ་རྟོགས་པ་ཇི་ལྟར་བྱེད་པ་པོའི་དུས་གཞན་གྱི་རྗེས་སུ་འཇུག །

བྱེད་པ་པོ་ནི་ཕྱིས་དུས་གཞན་ཉིད་རྟོགས་པར་བྱེད་དེ། བདག་ཉིད་རྟོགས་པ་ན་དུས་གཞན་དང་འབྲེལ་པར་རྟོགས་པས་དེ་ཇི་ལྟར་གཞན་དུ་རྣམ་པར་འཇོག །གཞན་ཡང་དེའི་ཚེ་ནི་བྱེད་པ་པོ་ཡང་དེའི་དུས་ཉིད་དུ་རྟོགས་པར་བྱེད་དོ། །གཞན་གྱིས་སམ་ཕྱིས་ནི་བྱེད་པ་པོ་དེ་དུས་གཞན་ཉིད་དུ་

རྟོགས་པ་ཡིན་ནོ་ཞེས་བཤད་ཟིན་ཏོ། །དེའི་ཕྱིར་དེ་ནི་དེའི་དུས་ཉིད་དུ་རྟོགས་པའི་ཕྱིར་དེ་ལྟར་ཡོད་པ་ཉིད་ཡིན་ནོ། །དེ་ངས་དེར་རྟོགས་སོ་ཞེས་བྱ་བ་ནི་དྲན་པའི་ཐ་སྙད་ཙམ་དུ་ཟད་ཀྱི། དོན་དམ་པ་ནི་མ་ཡིན་ཏེ། དེ་ལ་མངོན་སུམ་མི་འཇུག་པའི་ཕྱིར་རོ། །དེས་ན་རྣམ་པ་ཐམས་

ཅད་དུ་རྟོགས་པ་ནི་མངོན་སུམ་དུ་འགྱུར་བ་ཉིད་དོ། །འོན་ཏེ་ཡང་གལ་ཏེ་མངོན་སུམ་ཡིན་ན་ཇི་ལྟར་གཞན་གྱིས་མི་རྟོགས། གང་ལ་དེས་ཉམས་སུ་མྱོང་བ་ཉིད་དུ་མཐོང་བའི་བུ་འབྱུང་བ་དེས་མ་རྟོགས་པ་ཇི་ལྟར་འཁྲུལ་པ་མ་ཡིན། རྣལ་འབྱོར་པས་ནི་ད་ལྟར་རྟོགས་ལ། དེ་དང་ལྡན་པས་ནི་མ་ཡིན་ནོ་

ཞེ་ན། དེ་ཡང་མ་ཡིན་ཏེ། ཅི་ལྟར་དེ་ནི་སྟོན་སོགས་དུས་ལྡན་པར། །མཐོང་བ་དེ་ལྟར་དེ་ལ་གནོད་པ་མེད། །དུས་དེར་ལྡན་ནི་དེ་ཡང་མཐོང་མེད་པས། །དེ་ལྟར་མ་རྟོགས་ན་ཡང་སྐྱོན་ཡོད་མིན། །དེས་ནི་དེའི་བུ་དེ་སྟོན་ལ་རྟོགས་པར་འབྱུང་བར་འགྱུར་བ་དུས་དང་འབྲེལ་བར་མཐོང་

བས་དེ་ནི་དེ་ལྟར་མ་རྟོགས་ཀྱང་གནོད་པ་མེད་དོ། །གལ་ཏེ་དེའི་ཚེ་ཡང་མ་རྟོགས་ན་ནི་དེས་ན་གནོད་པར་འགྱུར་བ་ཡིན་ནོ། །འོན་ཏེ་ཇི་ལྟར་དེས་དེ་མཐོང་བ་བཞིན་དུ་རྣལ་འབྱོར་པ་ལས་ཐ་དད་པ་གཞན་གྱིས་ཀྱང་དེའི་ཕྱིར་མ་མཐོང་སྟེ། དེའི་ཕྱིར་དེ་མ་མཐོང་བས་གནོད་པ་ཡིན་ནོ་ཞེ་ན། དེ་

ལ་ཡང་སྙིང་པོ་མེད་དེ། ཇི་ལྟར་གཞན་གྱིས་རིང་མཐོང་བ། །དེ་བཞིན་གཞན་ཡང་མཐོང་ངམ་ཅི། །ཕྲ་མོ་ལ་སོགས་ཡོད་ན་ཡང་། །ཐམས་ཅད་ཀྱིས་ནི་མཐོང་བ་ཡིན། །གང་ལ་གཅིག་གི་ནུས་ཡོད་པ། །དེ་ལ་ཀུན་གྱི་དེ་ཡོད་མིན། །རྣལ་འབྱོར་མིན་པས་མི་མཐོང་ཕྱིར། །མ་འོངས་

Vol. 178 · folio 106b

པ་ཞེས་བྱ་བར་གནས། །འོན་ཏེ་ཡང་། གལ་ཏེ་གཞན་གྱིས་མི་མཐོང་བ་དེ་ལྟ་ན་ཡང་། དེའི་ཚེ་དེ་རང་གི་ངོ་བོས་རྟོགས་པ་ཡིན་ན་ཇི་ལྟར་མ་འོངས་པ་ཉིད་ཡིན། གང་ཕྱིར་དམིགས་པ་ཡོད་པ་ཉིད། །མེད་ཉིད་མི་དམིགས་པ་ལས་མིན། །དམིགས་ཀྱང་ཡོད་པ་མ་ཡིན་ན། །

འགའ་ཡང་ཡོད་པ་ཉིད་མི་འགྱུར། །དམིགས་བཞིན་པ་ནི་མེད་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཅི་སྟེ་དེ་དུས་གང་དུ་དམིགས་པ་དེ་ཉིད་ཀྱི་ཚེ་ན་དེ་ཡོད་པ་ཡིན་ནོ་ཞེ་ན། དེ་ཡང་མི་རིགས་ཏེ། དངོས་པོ་ལས་ནི་ཐ་དད་པའི། །དུས་ནི་འགའ་ཡང་མཐོང་བ་མེད། །

སྟོན་ལ་སོགས་པའི་དངོས་པོ་ནི། །ཡུལ་དུ་འགྱུར་བ་འགའ་ཞིག་ཉིད། །ཡུལ་གྱི་ཁྱད་པར་ལས་ཐ་དད་པའི་དུས་ནི་འགའ་ཡང་དམིགས་པ་མེད་དོ། །གྲང་བ་ལ་སོགས་པ་དང་། ཉི་མ་རྒྱུ་བ་ལ་སོགས་པའི་ཁྱད་པར་རྣམས་ནི་སྟོན་ལ་སོགས་པའི་དུས་ཡིན་པའི་ཕྱིར་རོ། །དེ་དག་ནི་དམིགས་

པ་ཉིད་ཡིན་ན་ད་ལྟར་བྱུང་བ་ཉིད་ཡིན་པས་ཇི་ལྟར་འདས་པ་དང་འབྱུང་བ་ཡིན། སྟོན་སོགས་ལ་ནི་འདས་སོགས་ཀྱི། །རྣམ་དབྱེ་ཇི་ལྟར་རྟོགས་པར་འགྱུར། །གལ་ཏེ་གཞན་གྱིས་དམིགས་མེད་ན། །གཉིས་པོ་རྣམ་དབྱེ་མེད་པར་འགྱུར། །གལ་ཏེ་ཡང་དེའི་ཚེ་མ་དམིགས་པ་དེའི་ཚེ་

ཡང་ད་ལྟར་འབྱུང་བ་མ་ཡིན་པར་འགྱུར་མོད། ད་ལྟར་བྱུང་བ་མ་ཡིན་པ་དེ་ཅི་འདས་པ་ཡིན་ནམ། འོན་ཏེ་མ་འོངས་པ་ཡིན་ཞེས་རྣམ་པར་དབྱེ་བ་གོ་གང་ལས་ཡིན་ཞེ་ན། འདིར་བརྗོད་པ། ཇི་ལྟར་རྗེས་སུ་དཔག་པ་ནི། །འཇུག་པ་དེ་བཞིན་དེ་ཞེས་ཟུང་། །མངོན་སུམ་ཡང་ནི་དངོས་པོ་དེ། །

དེ་བཞིན་ཉིད་དུ་རྟོགས་པར་བྱེད། །ཇི་ལྟར་རྗེས་སུ་དཔག་པས་དེ་འདས་པ་དང་མ་འོངས་པ་ལ་སོགས་པ་ཉིད་དུ་རྟོགས་པ་དེ་བཞིན་རྗེས་སུ་དཔག་པ་དེས་སྐྱེད་པའི་རྣལ་འབྱོར་པའི་མངོན་སུམ་ཡང་ཡིན་ནོ། །རྗེས་སུ་དཔག་པ་དེས་བསྐྱེད་པའི་མངོན་སུམ་ཉིད་གཞན་དུ་ནི་རྟོགས་པ་མ་ཡིན་ནོ། །དེས་ན་གང་ཇི་ལྟར་

རྟོགས་པ་དེ་ནི་དེ་བཞིན་དུ་ཡོད་དོ་ཞེས་རྟོགས་པར་བྱའོ། །གལ་ཏེ་མངོན་སུམ་རྗེས་སུ་དཔག་པ་ལས་བསྐྱེད་པ་ཉིད་ཡིན་ན་རིམ་གྱིས་རྟོགས་པར་འགྱུར་རོ། །དེ་ལྟ་ན་ཡང་ཐོག་མ་དང་ཐ་མ་མེད་པའི་དངོས་པོའི་ཚོགས་ཀྱིས་རྟོགས་པ་ཡོངས་སུ་རྫོགས་པ་མེད་པའི་ཕྱིར་ཇི་ལྟར་ཐམས་ཅད་མཁྱེན་པ་

Vol. 178 · folio 107a

ཡིན་ནོ་ཞེ་ན། དེ་ནི་མེད་དེ། དེ་ནི་ཤིན་ཏུ་གོམས་པ་ལས། །དོན་དེ་ཡུད་ལ་རིག་འགྱུར་ཏེ། །གློ་བུར་བ་ཡི་དུ་བ་ལས། །ལུས་ཅན་མེ་ནི་རྟོགས་པ་བཞིན། །རྒྱུད་གོམས་པ་དང་འབྲེལ་པ་རྣམས་དུ་བ་ལས་མེ་རྟོགས་པ་ནི་རིམ་པ་ལ་ལྟོས་པ་དང་ལྡན་པ་མ་ཡིན་ནོ། །དེས་

ན་རིམ་པ་མ་ཡིན་པར་རྟོགས་པས་སྐྱོན་མེད་དོ། །གལ་ཏེ་ཐོག་མ་མེད་པའི་དངོས་པོའི་རྟོགས་པ་ཡོངས་སུ་རྫོགས་པར་ཇི་ལྟར་འགྱུར། ཡོངས་སུ་རྫོགས་ནས་ཡང་ཇི་ལྟར་ཐོག་མ་མེད་པ་ཡིན་ཞེ་ན། དེ་ནི་མེད་དེ། ཐོག་མེད་གལ་ཏེ་རིག་བྱེད་ཀྱང་། །ཡིན་ན་དེ་ལས་ཅི་ལྟར་རྟོགས། །ཐོག་མ་

མེད་པར་རྟོགས་པ་ནི། །ཡོངས་སུ་རྫོགས་པ་ཡོད་མ་ཡིན། །གལ་ཏེ་རིག་བྱེད་ཐོག་མ་དང་ཐ་མ་མེད་པ་ཡིན་ན། ཅི་ལྟར་དེ་ལས་རྟོགས་པ་ཡི། །ཐོག་མ་དང་ཐ་མ་མེད་པ་ཉིད་དུའོ་ཞེ་ན། ཡོངས་སུ་རྫོགས་པ་མེད་པའི་ཕྱིར་ཅི་ཡང་བྱར་མེད་དོ། །གལ་ཏེ་རིག་བྱེད་ལས་གཞན་གྱིས་རྟོགས་

པར་མི་འགྱུར་རམ། མི་འགྱུར་ན་ནི་རིག་བྱེད་ཚད་མ་མ་ཡིན་ནོ། །གལ་ཏེ་ད་ལྟར་ནི་རེ་ཞིག་རྟོགས་པ་ཡོད་པ་ཉིད་དོ། །བདག་ནི་རིག་བྱེད་འདིས་ངེས་པར་སྦྱར་རོ་སྙམ་དུ་རྟོགས་པའི་ཕྱིར་རོ། །གཞན་གྱི་ཚེ་ནི་ཡོད་དམ་མེད་ཀྱང་བླ་སྟེ། དེ་ལྟ་ན་ཡང་འདི་འཇུག་པར་བྱེད་པའི་ཕྱིར་ཚད་མ་ཉིད་དེ།

འཇུག་པར་བྱེད་པ་བརྗོད་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། གལ་ཏེ་འདི་གཞན་གྱི་ཚེ་འདིའི་དོན་མ་ཡིན་ན། ད་ལྟ་ག་ལས་ཡིན། གལ་ཏེ་གཞན་གྱི་ཚེ་རིག་བྱེད་དོན་འདི་དང་ལྡན་པ་མཆོག་ཡིན་ནོ་ཞེས་དོགས་ན་ད་ལྟ་ན་ཡང་ཚད་མར་མི་འགྱུར་ཏེ་སྔོན་བཞིན་ནོ། །གལ་ཏེ་སྔོན་ཡང་དེ་ལྟ་བུ་

ཡིན་ནོ། །དེའི་ཕ་རོལ་དང་དེའི་ཡང་ཕ་རོལ་ཞེས་ཡོངས་སུ་རྫོགས་པར་མི་འགྱུར་རོ། །དེས་ན་གཅིག་ལ་ཐེ་ཚོམ་ཟ་ན་གཞན་ལ་ཡང་ཡིད་བརྟན་དུ་མེད་པས་ཚད་མ་མ་ཡིན་པ་ཉིད་དོ། །ཅི་སྟེ་སྔ་མ་སྤྱིར་གཅིག་ཉིད་རྟོགས་སོ་ཞེ་ན། དེ་ལྟ་ཡིན་ན་འདི་རྗེས་སུ་དཔག་པར་འགྱུར་ཏེ། དེས་

ན་རྣམ་པ་ཐམས་ཅད་རྗེས་སུ་དཔོག་པ་ན་མངོན་སུམ་ཉིད་ཀྱིས་ཉམས་པ་མེད་པ་ཉིད་དོ། །དེས་ན་མངོན་སུམ་གྱིས་ཀྱང་ཐོག་མ་དང་ཐ་མ་མེད་པ་ཉིད་མི་རིག་པ་མ་ཡིན་ན། དེའི་ཕྱིར། རང་རྒྱུད་ཡོངས་སུ་བཅད་པ་ན། །དེ་དང་འབྲེལ་པ་ཅན་རྟོགས་འགྱུར། །དེ་དང་འབྲེལ་པར་རྟོགས་ན་ནི། །

Vol. 178 · folio 107b

གཞན་དག་པས་ཀྱང་རྟོགས་པ་ཉིད། །དེ་ལྟ་ཡིན་ན་མཐའ་མེད་པའི། །དངོས་པོ་རིག་པ་འཐད་མི་དཀའ། །དེའི་ཕྱིར་ཚད་ལས་ཤིན་ཏུ་འདས་པའི་རྒྱུ་འབྲས་ཀྱི་དངོས་པོའི་བྱེ་བྲག་གོམས་ན། འབྲས་བུའི་བྱེ་བྲག་ཐམས་ཅད་སྣང་བ་ཡིན་ལ། དེའི་མཐུ་ལས་ཀྱང་རྒྱུའི་དབྱེ་བ་ཡང་ཡིན་པའི་ཕྱིར།

ཐབས་གོམས་པ་འདི་ནི། ཐབས་ཡོངས་སུ་གཅོད་པའི་ཐབས་ཡིན་ནོ། །དེའི་ཕྱིར་བརྩེ་བ་དང་ལྡན་པའི་གདོན་མི་ཟ་བར་ཐབས་མངོན་པར་སྦྱོར་རོ། །རིག་བྱེད་ནི་ཡོངས་སུ་ཤེས་ཟིན་ཀྱང་། མཐོ་རིས་དང་བྱང་གྲོལ་གྱི་ལམ་རིག་པའི་ཐབས་མ་ཡིན་ནོ་ཞེས་སྔར་བསྟན་པ་ཉིད་དོ། །གལ་ཏེ་ཐབས་

གོམས་པ་ལས་དེ་འདོད་པ་ཐམས་ཅད་རིག་པ་དང་། འདོད་ཆགས་དང་བྲལ་བར་འགྱུར་མོད། དེ་ལྟ་ན་ཡང་བག་ཆགས་ཀྱི་གནས་ངན་ལེན་གྱིས་མཉམ་པར་མ་བཞག་པའི་གནས་སྐབས་སུ་གཞན་དུ་ཡང་ཉེ་བར་སྟོན་པར་འགྱུར་ལ། བཀྲེས་པ་ལ་སོགས་པ་དང་ལྡན་པས་ཀྱང་གཞན་གྱི་དོན་ཉམས་

པར་བྱེད་པའི་ཕྱིར་རིག་བྱེད་ལས་འདི་ཁྱད་པར་མེད་དོ་ཞེ་ན། དེ་ནི་མེད་དེ། རིག་བྱེད་ལ་ནི་གཞི་མེད་ཕྱིར། །དོན་དམ་དུ་ན་ཚད་མ་མིན། །དོན་དང་འབྲེལ་པ་མེད་པས་དེའི། །ཐ་སྙད་ཀྱང་ནི་གཞི་མེད་ཉིད། །རིག་བྱེད་ཐོག་མ་མེད་པ་ཉིད་ཡིན་ན། དང་པོ་དོན་དང་འབྲེལ་པ་འཛིན་པ་མེད་དོ། །མཆོད་སྦྱིན་

བྱེད་པ་རྣམས་ཀྱི་ཐ་སྙད་ཀྱང་གཞི་མེད་པ་ཉིད་དོ། །དེས་ན་དམུས་ལོང་བ་བརྒྱུད་པ་ཁོ་ནར་ཟད་དོ། །རྣམ་པར་རྟོག་པའི་དོན་བརྡའི་སྟོབས་ཀྱིས་སྣང་བ་ཡིན་ཡང་། དེ་ཙམ་གྱིས་ནི་དོན་ཐོབ་པ་མ་ཡིན་ཏེ། གཞན་ལ་ཡང་མཐོང་བའི་ཕྱིར་རོ་ཞེས་བསྟན་ཟིན་ཏོ། །འདི་ལ་ནི་གཞི་རྗེས་སུ་དཔག་པ་

ཉིད་ཡིན་ཏེ། དེས་ན་བག་ཆགས་ཡོད་ཀྱང་སྐྱོན་མེད་དོ། །གཞན་ཡང་། དེས་ན་ཐུགས་ཀྱང་གསལ་བའི་ཕྱིར། །རྒྱུ་ཡི་བག་ཆགས་སྤངས་པ་ནི། །ཐུབ་ཆེན་གཞན་དོན་འཇུག་ཅན་གྱི། །བསེ་རུ་ལ་སོགས་ཁྱད་འདི་ཡིན། །རྟོགས་པ་གསལ་བ་ལ་ནི་སྐྱོན་ཡོན་གྱི་རིགས་ཕྲ་མོ་མཐའ་དག་ཀྱང་

སྣང་བ་ཡིན་ལ། སེམས་ཅན་གྱི་དོན་ལ་དགའ་བ་ལ་ནི་ཉེས་པ་ཅུང་ཟད་ཙམ་ཡང་གནོད་པ་བྱེད་པ་ཡིན་པ་དེའི་ཕྱིར་དེ་གོམས་པས་སེལ་བར་བྱེད་དོ། །ཟས་ལ་སོགས་པ་ཡང་ཕྱིན་ཅི་ལོག་གོམས་པར་བྱེད་པ་ཉིད་ལ་འབྱུང་གི་གཞན་དུ་ནི་མ་ཡིན་ནོ། །འདི་ལྟར། ལན་གསུམ་ཟ་བ་གོམས་པ་ལས། །

Vol. 178 · folio 108a

གཉིས་ཟ་དེ་ཡི་བདག་ཏུ་འགྱུར། །གཉིས་ཟ་ལན་ཅིག་ཉིད་འགྱུར་བ། །དེས་ན་བཀྲེས་པ་གཏན་མེད་འགྱུར། །གལ་ཏེ་འདི་དངོས་པོ་ལ་ཡོད་པ་ཡིན་པ་ན་ནི་གོམས་པས་བསྒྲུབ་པར་མི་འགྱུར་རོ། །དེའི་ཕྱིར། ལུས་ཅན་རྣམས་ཀྱི་སྐྱོན་ཡོན་ནི། །ཐམས་ཅད་

གོམས་པའི་རྩ་བ་ཅན། །གོམས་ཏེ་བདག་ལ་རག་ལས་པས། །ཡོན་ཏན་ཉིད་ལ་བྱས་པ་མཆོག །གོམས་པ་གསལ་བ་དང་འབྲེལ་པ་དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་བདེ་བར་གཤེགས་པ་ཉན་ཐོས་དང་རང་སངས་རྒྱས་དག་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །གཞན་ཡང་གང་ཚེ་སྐྱེ་

བ་དྲན་པ་ཡིས། །སྔོན་གྱི་སྟོན་པ་དང་འབྲེལ་པ། །དེ་ཚེ་ལྷ་སོགས་ངོ་བོ་ཡི། །བཀྲེས་པ་ལ་སོགས་ཡོད་མ་ཡིན། །གལ་ཏེ་སློབ་དཔོན་གྱིས་སྟོན་པ་སྡུག་བསྔལ་རབ་ཏུ་ཞི་བའི་ཐབས་ཉིད་དུ་བསྟན་པ་མ་ཡིན་ནམ། དེ་སྐད་དུ་ཡང་སྦྱོར་བ་ནི་འགྲོ་བ་ལ་སྟོན་པའི་ཕྱིར་སྟོན་པ་ཉིད་དོ་ཞེས་

གསུངས་སོ། །དེ་ཅི་ལྟར་ན་ཐབས་གོམས་པ་ཡིན་པར་འགྱུར་ཞེ་ན། དེ་ནི་བདེན་ཏེ། འོན་ཀྱང་ཐབས་གོམས་པ་ཉིད་སྟོན་པ་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་བྱ་བ་བཤད་པ་ནི། དེ་དོན་ཕྱིར་ན་ཐབས་གོམས་པ། །དེ་ཉིད་སྟོན་པ་ཡིན་པར་འདོད། །གྲུབ་ལས་དང་པོ་འབྱུང་བའི་

ཕྱིར། །གཉིས་པོ་འདི་ནི་རྒྱུ་རུ་བཤད། །དེར་སྟོན་པ་ཉིད་དངོས་སུ་འདོད་པ་ནི་མ་ཡིན་གྱི། འོན་ཀྱང་ཐབས་གོམས་པ་ཉིད་ཡིན་ནོ། །ཅི་ལྟར་ཞེ་ན། དེ་དོན་ཕྱིར་དེའི་དོན་ལ་ནི་དེའི་སྒྲས་འགྱུར་བ་ཉིད་དེ། དབང་པོའི་དོན་གྱི་མཆོད་སྡོང་ལ་དབང་པོའི་སྒྲས་བརྗོད་པ་བཞིན་ནོ། །དེའི་

དོན་ཉིད་ག་ལས་ཤེ་ན། དེ་ལས་འབྱུང་བའི་ཕྱིར་རོ། །ཐབས་གོམས་པ་དང་། བློ་གསལ་བ་དག་ལས་སྟོན་པ་གྲུབ་པ་ཡིན་ནོ། །དེ་ཅི་མངོན་ཞེ་ན། དེ་བཤད་པ་ནི། གཉིས་པོ་འདི་ཡི་རྒྱུ་རུ་བཤད། །དེ་ལ་རྒྱུ་ནི་བསམ་པ་དང་། །སྦྱོར་བ་ཕུན་སུམ་ཚོགས་པའོ། །བསམ་པ་ནི་འགྲོ་

བ་ལ་ཕན་པར་བཞེད་པའོ། །སྦྱོར་བ་ནི་འགྲོ་བ་ལ་སྟོན་པ་ཉིད་དོ་ཞེས་སོ། །འདི་རྒྱུར་བཤད་དོ་ཞེས་བྱ་བ་ཡང་ག་ལས་ཤེ་ན། དང་པོ་བརྗོད་པ་ཉིད་ཀྱི་ཕྱིར་རོ། །དངོས་ཀྱི་སྟོན་པ་ཉིད་ནི་བདེ་བར་གཤེགས་པ་ཉིད་ཀྱི་རྒྱུ་མ་ཡིན་ནོ། །དེའི་ཕྱིར་ཐབས་གོམས་པ་ཉིད་སྟོན་པ་ཡིན་གྱི་གཞན་ནི་མ་

Vol. 178 · folio 108b

ཡིན་ནོ་ཞེས་རྟོགས་པར་བྱའོ། །དེ་ལྟར་ན་བཅོམ་ལྡན་འདས་ནི་ཐབས་གོམས་པ་ལས་བདེ་བར་གཤེགས་པ་ཉིད་ཡིན་ནོ། །བདེ་བར་གཤེགས་པ་ཉིད་དེ་གང་ཡིན་ཞེ་ན། བཤད་པ། རྒྱུ་སྤངས་ཡོན་ཏན་གསུམ་བདེ་གཤེགས། །ཉིད་ཡིན་སྡུག་བསྔལ་རྟེན་མིན་ཕྱིར། །ལེགས་ཡིན་དེ་ནི་

བདག་མེད་པ། །མཐོང་བའམ་སྦྱོར་བ་ལས་ཡིན་ནོ། །བདག་དང་བདག་གིར་འཛིན་པས་བྱས་པ་འདུས་བྱས་ཀྱི་སྤྱོད་ཡུལ་ཅན་གྱི་ཆགས་པ་ནི་རྒྱུ་ཡིན་ལ། རྒྱུ་དེ་སྤངས་པའི་ཡོན་ཏན་གསུམ་སྟེ། ལེགས་པའི་ཕྱིར་དང་། ཕྱིར་མི་ལྡོག་པའི་ཕྱིར་དང་། མ་ལུས་པར་སྤངས་པའི་ཕྱིར་རོ། །སྤངས་

པའི་ནི་བདག་དང་བདག་གིར་འཛིན་པ་ལ་སོགས་པ་མེད་པ་ཡིན་ལ། དེ་མེད་པས་ནི་སྡུག་བསྔལ་གྱི་རྟེན་མེད་པའི་ཕྱིར་ལེགས་པ་ཉིད་དོ། །བདག་དང་བདག་གིར་འཛིན་ན་ནི། མུ་སྟེགས་པ་རྣམས་ཀྱི་སྡུག་བསྔལ་སྤངས་པ་རྒྱུ་ལས་སྡུག་བསྔལ་དང་འབྲེལ་པར་འགྱུར་རོ། །བདག་གི་བར་འཛིན་

པ་ལ་ནི། བྲལ་བའི་སྡུག་བསྔལ་བ་ཡོད་དོ། །སྤངས་པ་དེ་ཉིད་ག་ལས་ཤེ་ན། བདག་མེད་པ་མཐོང་བ་ཉིད་ལས་སོ། །མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ནི་མཐོང་བ་ཉིད་ལས་སྤོང་བ་ཡིན་ནོ། །སྦྱོར་བ་ལས་ཀྱང་ཡིན་ནོ། །སྦྱོར་བ་ནི་གོམས་པ་སྟེ། བསྒོམ་པས་སྤང་བར་བྱ་བའི་

ཉོན་མོངས་པ་འཇིག་པའོ། །ཡང་ན་སྦྱོར་བ་ནི་ལྡན་པ་སྟེ། ཕན་ཚུན་འབྲེལ་པ་ཉིད་དོ། །གཉིས་སུ་མེད་པ་ཉིད་དམ། གཉིས་སུ་མེད་པ་མཐོང་བའོ། །གང་གི་ཚེ་གང་ཟག་བདག་མེད་པ་ལས་སམ། འོན་ཏེ་ཆོས་བདག་མེད་པ་ལས་ཀྱང་རུང་སྟེ། རྣམ་པ་ཐམས་ཅད་བདག་མེད་པ། མཐོང་

བ་ལས་སྡུག་བསྔལ་གྱི་རྟེན་མ་ཡིན་ནོ། །དེ་ལྟར་རེ་ཞིག་ལེགས་པ་ཉིད་ཀྱི་ཡོན་ཏན་གཅིག་ཡིན་ནོ། །ཡོན་ཏན་གཉིས་པ་ནི་ཕྱིར་མི་ལྡོག་པ་གང་ཞེ་ན། བཤད་པ། སྐྱེ་དང་སྐྱོན་ནི་ཀུན་འབྱུང་དག །སླར་ཡང་ལྡོག་ཅེས་བཤད་པ་ཡིན། །བདག་ལྟའི་ས་བོན་སྤངས་པའི་ཕྱིར། །སླར་

མི་གཤེགས་པ་ཉིད་ཡིན་ནོ། །སྐྱེ་བ་དང་སྐྱོན་ཀུན་ཏུ་འབྱུང་བ་ནི། ཕྱིར་ལྡོག་པ་ཡིན་ནོ། །འདོད་ཆགས་ལ་སོགས་པ་མེད་པའི་ཕྱིར་སྐྱོན་མེད་པའི་གནས་སྐབས་དང་། ཡང་སྐྱེ་བ་མེད་པའི་ཕྱིར་སྐྱེ་བ་མེད་པ་ནི་ཐར་པའི་གྲོང་ཁྱེར་དུ་སོན་པ་ཡིན་ནོ། །ཉེས་པ་དང་སྐྱེ་བ་ཡོད་པ་ནི་ཕྱིར་ལྡོག་པ་

Vol. 178 · folio 109a

ཞེས་བརྗོད་པ་ཡིན་ནོ། །དེས་ན་བདག་ཏུ་ལྟ་བ་མེད་པའི་ཕྱིར་ན་ཉེས་པ་སླར་སྐྱེ་བ་མ་ཡིན་ཏེ། བདག་ཏུ་ལྟ་བའི་ས་བོན་དྲུངས་ཕྱུང་བའི་ཕྱིར་རོ། །ཉོན་མོངས་པ་མེད་པའི་ཕྱིར་ན་སྐྱེ་བ་ཡང་སྲིད་པ་མ་ཡིན་ཏེ། དེས་ན་སླར་མི་གཤེགས་པ་ཉིད་ཡིན་ནོ། །སྐྱེ་བ་

ལས་དང་ཉོན་མོངས་པ་ལས་བྱུང་བ་ཡིན་ནོ་ཞེས་ནི་ཕྱིས་བསྟན་པར་བྱའོ། །བདག་ཏུ་ལྟ་བ་མེད་པའི་ཕྱིར་ཉོན་མོངས་པ་ཡོད་པ་ག་ལ་འགྱུར་ཞེས་བརྗོད་དེ། བདག་ལ་ཕན་འདོགས་དྲན་པ་ལས། །ཕན་འདོགས་པ་ལ་ཆགས་པ་ཉིད། །གནོད་བྱེད་དྲན་ན་ཞེ་སྡང་སྟེ། །བདག་སོགས་

ལྟ་བ་གཏི་མུག་ཡིན། །བདག་ལ་ཕན་འདོགས་པ་དང་གནོད་པ་བྱེད་པ་ལ་ཆགས་པ་དང་སྡང་བ་ཡིན་ན་དེ་དག་ནི་བདག་མེད་པའི་ཕྱིར་མེད་པ་ཡིན་ནོ། །བདག་ཏུ་ལྟ་བ་ནི་གཏི་མུག་ཡིན་ལ། དེ་ནི་བདག་མེད་པའི་ངོ་བོས་གཏན་དུ་བཟློག་པ་ཉིད་དོ། །གཉིས་སུ་མེད་པ་མཐོང་ན་ནི་འདོད་

ཆགས་ལ་སོགས་པ་ཤིན་ཏུ་གསལ་བ་ཉིད་ལྡོག་པ་ཡིན་ཏེ། ཡུལ་མེད་པའི་ཕྱིར་རོ། །གལ་ཏེ་བདག་མེད་པ་མཐོང་བ་ཇི་ལྟར་བདག་ཏུ་ལྟ་བའི་ཟློག་པར་བྱེད་པ་ཡིན། ཕྱིན་ཅི་ལོག་ཏུ་འགྱུར་བ་ཡིན་པའི་ཕྱིར་ཞེ་ན། ཕྱིན་ཅི་ལོག་ཉིད་ནི་ཕན་ཚུན་དུ་མཚུངས་པ་ཉིད་དོ། །དེས་ན་བདག་

མེད་པ་མཐོང་བའི་བཟློག་པའི་བདག་ཏུ་ལྟ་བ་ཟློག་པར་བྱེད་པར་ཡང་འགྱུར་བས་ན་ཕྱིར་མི་ལྡོག་པ་མ་ཡིན་ནོ། །དེས་ན་མ་ལུས་པར་ལྡོག་པ་ཡང་མེད་པ་ཁོ་ནའོ། །སླར་ལྡོག་པ་ལས་ལུས་པ་གཞན་ནི་ཡོད་པ་ཡང་མ་ཡིན་ནོ་ཞེ་ན། འདིར་འདི་སྐད་བརྗོད་དེ། དེ་བདེན་ཐ་དད་བདག་ཉིད་ཀྱིས། །

ལུས་ངག་སེམས་ཀྱིས་གནས་ངན་ལེན། །ཉོན་མོངས་མེད་དང་ནད་མེད་དང་། །ལམ་བཤད་མི་གསལ་ཉིད་ལུས་ཡིན། །བདག་མེད་པ་མཐོང་བ་དེ་ནི་བདེན་པ་ཉིད་ཡིན་པའི་ཕྱིར་དང་། ཕྱིན་ཅི་ལོག་ཏུ་འགྱུར་བ་ཡིན་པའི་ཕྱིར་ལ། བདག་ཏུ་ལྟ་བ་ནི་དེ་ལས་ཟློག་པ་ཡིན་པའི་ཕྱིར་རོ། །

ཕྱིན་ཅི་ལོག་པར་འགྱུར་བ་ཡིན་ཡང་། ཕྱིན་ཅི་ལོག་ཏུ་གྱུར་པ་ཙམ་གྱིས་ནི་མ་ཡིན་ནོ། །ཐ་དད་པའི་བདག་ཉིད་ཀྱང་ཡིན་ནོ། །བདག་ཏུ་ལྟ་བ་ནི་ཐ་དད་པའི་བདག་ཉིད་མ་ཡིན་ཏེ། དོན་དམ་པར་བདག་མེད་པའི་ཕྱིར་ཏེ། བདག་ནི་བདེན་པ་མ་ཡིན་པའི་ཕྱིར་རོ། །འོ་ན་ཕྱིན་ཅི་ལོག་ལས་

Vol. 178 · folio 109b

གཞན་པའི་ལུས་པ་གང་ཡིན་ཞེ་ན། འདིར་བཤད་པ། ལུས་ངག་སེམས་ཀྱི་གནས་ངན་ལེན། །གལ་ཏེ་ཉོན་མོངས་པ་མེད་པས་ཉོན་མོངས་པས་བྱས་པ་ག་ལས་སྲིད་ཅེ་ན། མ་ཡིན་ཏེ། ཉོན་མོངས་པ་མེད་པ་དང་ནད་མེད་པ་ཡིན་ཡང་། བག་ཆགས་ཙམ་དང་འབྲེལ་པ་ལས་ཏེ།

དམངས་སོ་ཞེས་བརྗོད་པ་བཞིན་ནོ། །ལམ་གྱི་རྣམ་པ་དུ་མ་བརྗོད་པ་ལ་མི་གསལ་བ་ཡང་ཡིན་ནོ། །འོ་ན་ལྷག་མ་དེ་གང་ལས་སྤོང་བ་ཡིན། བདག་མེད་པས་མ་སྤངས་པ་ནི་སྤོང་བའི་རྒྱུ་གཞན་ཡོད་པ་མ་ཡིན་ནོ། །ཇི་སྲིད་སྨྲ་བ་དེ་སྲིད་དུ་ནི་ཉེས་པ་དང་བྲལ་བ་ཡང་མ་ཡིན་ཏེ། སྨྲ་བ་ནི་

རྟོག་དཔྱོད་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་ཐམས་ཅད་མཁྱེན་པ་ནི་འཁྲུལ་པ་ཉིད་ཡིན་པར་འགྱུར་རོ་ཞེ་ན། བཤད་པ། གོམས་ཕྱིར་མ་ལུས་སྤངས་པ་ཉིད། །ཁ་ཅིག་སྨྲ་སོགས་ཕྱིར་ན་སྐྱོན། །ཟད་མིན་ཞེས་ཟེར་འདི་ལྡོག་ལ། །ཐེ་ཚོམ་ཟ་བ་དེ་ཕྱིར་འཁྲུལ། །གང་གི་ཕྱིར་གོམས་

པས་བློ་གསལ་བར་བྱས་པ་དེའི་ཕྱིར་བག་ཆགས་སྤངས་པ་ཡིན་ནོ་ཞེས་བཤད་ཟིན་ཏོ། །སྨྲ་བ་ཙམ་གྱིས་ནི་ཉེས་པ་དང་ལྡན་པར་འགྱུར་བ་ཡང་མ་ཡིན་ཏེ། འདོད་ཆགས་ལ་སོགས་པ། བསྒྲུབ་པ་ལ་སྨྲ་བ་ནི་མི་མཐུན་པའི་ཕྱོགས་ལ་མེད་པའི་མཚན་ཉིད་ལྡོག་པ་ལ་ཐེ་ཚོམ་ཟ་བའི་ཕྱིར་རོ། །

དེས་ན་འདི་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡིན་པའི་ཕྱིར་གོ་བར་བྱེད་པ་མ་ཡིན་པ་ཉིད་དོ། །ཚིག་ནི་རྣམ་པར་རྟོག་པ་བསྒྲུབ་པ་ལ་ཡང་འཁྲུལ་པ་ཅན་ཡིན་ཏེ་ཤིན་ཏུ་གོམས་པ་ལས་རྣམ་པར་རྟོག་པ་མེད་ཀྱང་ཚིག་འཇུག་པའི་ཕྱིར། འཕེན་པའི་ཤུགས་ཀྱིས་ཚིག་འཇུག་པ་ཁོ་ནའོ། །བཤད་ཟིན་པའི།

རྣམ་པ་ཐམས་ཅད་རྣམ་རྟོག་ནི། །མངོན་སུམ་ལས་དབྱེར་ཡོད་མ་ཡིན། །གསལ་བར་མི་སྣང་བ་ཉིད་ལས། །སྒྲ་འཇུག་པ་ཡང་མ་ཡིན་ཏེ། །མངོན་སུམ་གྱིས་མཐོང་ཀ་སོགས་ལས། །འདི་ནི་ཀ་བ་ཡིན་ནོ་ཞེས། །སྒྲ་འཇུག་ཕྱིར་རོ་གཞན་དུ་ན། །འདི་འཇུག་པ་ནི་མེད་པར་འགྱུར། །

འདིར་ནི་ཤེས་པ་མི་གསལ་བར། །སྣང་བ་རྟོགས་པ་ཡོད་མ་ཡིན། །དེ་བཞིན་དུ་ནི་གཞན་ལ་ཡང་། །སྒྲ་འཇུག་པ་བཟློག་པ་མེད་པ་དེའི་ཕྱིར་སྨྲ་ཡང་ཉེས་པ་ཡོད་པ་མ་ཡིན་ནོ་ཞེས་འགྲུབ་བོ། །གལ་ཏེ་གཞན་ལས་ཉེས་པ་རྣམས་ཟད་པ་ཡོད་པ་མ་ཡིན་པའི་ཕྱིར་ཇི་ལྟར་ཉེས་པ་མེད་པར་འགྱུར།

Vol. 178 · folio 110a

ཉེས་པ་ཟད་པ་མེད་པའི་རྒྱུ་མཐོང་བ་ཉིད་ལས་སོ། །ཉེས་པ་ཟད་པ་མེད་པའི་རྒྱུ་མ་མཐོང་བ་ཙམ་གྱིས་ནི། ཉེས་པ་ཟད་པ་མེད་པ་ཉིད་མ་ཡིན་ནོ་ཞེ་ན། འདིར་བཤད་པ། མཐོང་བར་ཇི་ལྟར་རྟོགས་པར་བྱེད་དེ། །རྟག་ཉིད་ཕྱིར་རམ་ཐབས་མེད་ཕྱིར། །ཡང་ན་ཐབས་

ནི་མི་ཤེས་ཕྱིར། །སྐྱོན་རྣམས་མི་ཟད་པ་ཉིད་ཅེས། །བྱ་བར་ཡོངས་སུ་རྟོགས་གྲང་ན། །ཇི་ལྟར་ཡང་རུང་བ་རྟོགས་པར་འཇུག་པ་ཞེས་བྱ་བ་ནི་མ་ཡིན་ཏེ། འོན་ཀྱང་རྒྱུ་མཐོང་བའི་ཐེམ་སྐས་ཀྱི་ལམ་ཡོད་པ་ལས་ཡིན་ནོ། །གལ་ཏེ་ཉེས་པ་འདི་དག་རྟག་པ་ཡིན་ན་ནི། འབད་ཀྱང་ཟད་པར་མི་

འགྱུར་ཏེ། རྟག་པ་ནི་འབད་པ་བྱས་ཀྱང་ཟད་པར་བྱ་ནུས་པ་མ་ཡིན་ནོ། །ཡང་ཟད་པ་ལ་ཐབས་མེད་དམ། །མི་དམིགས་པ་ཡིན་ན་དེ་ལྟ་ན་ཡང་མི་ཟད་པར་འགྱུར་བ་ཞིག་ན། འདི་གསུམ་ཀ་ཡང་ཡོད་པ་མ་ཡིན་ཏེ། །རྒྱུ་ཡོད་ཕྱིར་དང་རྒྱུ་ཡིས་ནི། །གཉེན་པོ་གོམས་པས་ཟད་ཕྱིར་དང་། །

རྒྱུ་ཡི་རང་བཞིན་ཤེས་པ་ཡིས། །དེ་ཤེས་པ་ཡང་གྲུབ་པ་ཡིན། །རྒྱུ་དང་ལྡན་པ་ནི་སྔ་ན་མེད་པ་ཡིན་པའི་ཕྱིར་རྟག་པ་མ་ཡིན་ནོ། །གང་གི་ཚེ་རྒྱུའི་གཉེན་པོ་གོམས་པར་བྱས་པ་དེའི་ཚེ་ཟད་པར་འགྱུར་བས་ན་ཐབས་མེད་པ་མ་ཡིན་ཏེ། རྒྱུའི་གཉེན་པོ་གོམས་པ་ནི་ཉེས་པ་ཟད་པའི་རྒྱུ་ཡིན་པའི་

ཕྱིར་རོ། །དེ་ཡོངས་སུ་མི་ཤེས་པའང་མ་ཡིན་ཏེ། རྒྱུའི་རང་བཞིན་བདག་དང་བདག་གིར་ལྟ་བའི་རྣམ་པ་ཉིད་ཤེས་པས་དེ་ལས་བཟློག་པའི་གཉེན་པོ་ཤེས་པའི་ཕྱིར་རོ། །གང་ཞིག་གང་ལས་ཕྱིན་ཅི་ལོག་ཏུ་གྱུར་པ་དེ་ནི་དེའི་གཉེན་པོ་ཡིན་ཏེ། གྲང་བ་དང་རྩུབ་པའི་རང་བཞིན་གྱི་རླུང་ལ་དྲོ་བ་

དང་སྣུམ་པ་ཉིད་ཀྱིས་ཏིལ་མར་བཞིན་ནོ། །མཐུ་ལ་སོགས་པའི་ཁྱད་པར་མེད་པས་ཕྱི་རོལ་གྱི་གཉེན་པོ་མ་ཡིན་ཡང་། བདག་མེད་པ་ནི་བདག་ཏུ་ལྟ་བ་དང་འགལ་བ་ཡིན་ཞེས་བྱ་བ་ལ་ལོག་རྟོགས་མེད་པ་ཉིད་དོ། །གལ་ཏེ་ཡང་བཅོམ་ལྡན་འདས་བདེ་བར་གཤེགས་པ་ཉིད་ཡིན་པ་དེ་ལྟ་ན་

ཡང་འདི་རང་གི་དོན་ཕུན་སུམ་ཚོགས་པ་ཉིད་ཡིན་པས་ཇི་ལྟར་གཞན་དག་ལ་ཚད་མ་ཡིན། ཚད་མ་ནི་ཕྱིན་ཅི་མ་ལོག་པའི་དོན་སྟོན་པས་ཡིན་ཏེ། ཕྱིན་ཅི་ལོག་སྟོན་པའམ། མི་སྟོན་པ་ནི་མ་ཡིན་ནོ་ཞེ་ན། དེ་ནི་མེད་དེ། བཅོམ་ལྡན་འདས་ཐུགས་རྗེའི་དབང་གིས་དང་། ཐབས་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words