ཚད་མ་རྣམ་འགྲེལ་གྱི་རྒྱན
Sanskrit title (Tibetan script, as in the text) པྲ་མཱ་ཎ་བརྟི་ཀ་ཨཱ་ལཾ་ཀཱ་ར
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 178 · folio 110b
གོམས་པ་ལས་སྐྱོབ་པ་ཉིད་ཡིན་ན། སྐྱོབ་པ་ཉིད་གང་ཞེ་ན། བཤད་པ། སྐྱོབ་པ་ཉིད་གཟིགས་ལམ་གསུང་བ། །འབྲས་མེད་ཕྱིར་ན་བརྫུན་མི་གསུང་། །ཐུགས་བརྩེར་ལྡན་ཕྱིར་རྩོམ་ཀུན་ཡང་། །གཞན་གྱི་དོན་དུ་སྦྱོར་ཕྱིར་རོ། །གང་གིས་སྐྱོབ་པ་ཉིད་སྲིད་པ་རིག་བྱེད་ལ་འགས་ཀྱང་
མཐོང་བ་ཡོད་པ་མ་ཡིན་ཏེ། རྩ་བ་མེད་པའི་རྟོགས་པ་ཙམ་ཡིན་ནོ། །གང་བདེ་བར་གཤེགས་པ་ཉིད་ཡིན་པ་དེ་ལ་ནི་མངོན་པར་འདོད་པ་འགའ་ཡང་ཡོད་པ་མ་ཡིན་ཏེ། དེས་ན་འབྲས་བུ་མེད་པའི་ཕྱིར་བརྫུན་མི་གསུང་ངོ་། །བརྩེ་བ་དང་ལྡན་པའི་ཕྱིར་གཞན་གྱི་དོན་དུ་ཐབས་གོམས་
པར་མཛད་པ་ཡིན་ཏེ། དེའི་ཕྱིར་ཕྱིན་ཅི་ལོག་ཏུ་གསུང་བའི་རྒྱུ་མེད་དོ། །དེས་ན་ཐུགས་རྗེ་མངའ་བའི་ཕྱིར་དང་། དགོས་པ་མེད་པའི་ཕྱིར་དེ་ཁོ་ན་ཉིད་མ་ཡིན་པ་མི་གསུང་ངོ་། །ཐུགས་རྗེ་དང་ལྡན་པའི་ཕྱིར་དང་། འཕེན་པའི་ཤུགས་ལས་མི་གསུང་བ་ཡང་མ་ཡིན་ནོ། །དེས་ན་བདེ་
བར་གཤེགས་པ་ཡིན་པས་ཚད་མ་ཉིད་ཡིན་ཏེ། ཉིད་ཀྱིས་གཟིགས་པ་ཐར་པའི་ལམ་སྟོན་པ་ཡིན་པའི་ཕྱིར་རོ། །གལ་ཏེ་རང་གིས་མཐོང་བ་སྟོན་པ་ཞེས་བྱ་བ་དེ་ཙམ་གྱིས་ནི་སྐྱོབ་པ་མ་ཡིན་ཏེ། དེ་ལྟ་ཡིན་ན་མུ་སྟེགས་བྱེད་མཐའ་དག་ཚད་མར་འགྱུར་ཏེ། རང་གིས་མཐོང་བའི་ལམ་སྟོན་
པའི་ཕྱིར་རོ། །འོན་ཏེ་དེ་དག་གིས་དེ་ནི་ལམ་བརྗོད་པ་ཉིད་མ་ཡིན་ཏེ། དེ་ལམ་མ་ཡིན་པའི་ཕྱིར་རོ་ཞེ་ན། འོ་ན་འདི་ལ་ཡང་ཅི་ལྟར་ཡིད་ཅེས་ཞེ་ན། འདི་ལ་བཤད་ཟིན་ཏེ། དེ་ནི་བདག་མེད་པ་མཐོང་བའམ་སྦྱོར་བ་ལས་ཡིན་ནོ། །ལམ་འདི་ནི་རིགས་པས་མཐོང་བ་ཡིན་པའི་ཕྱིར་རོ། །
དེ་དག་གིས་ནི་བདག་མེད་པ་མཐོང་བ་མ་ཡིན་ལ། རིགས་པ་ཡང་མ་ཡིན་པའི་ཕྱིར་དེ་དག་ནི་ཚད་མ་མ་ཡིན་ནོ། །དེ་དག་ནི་རང་གིས་མཐོང་བ་ཉིད་ཀྱང་མ་ཡིན་ཏེ། ཉེ་བར་བསྟན་པ་ཕན་ཚུན་འགལ་བའི་ཕྱིར་རོ། །བཅོམ་ལྡན་འདས་ནི། དེ་ཕྱིར་ཚད་ཡིན་ཡང་ན་སྐྱོབ། །བདེན་པ་
བཞི་ནི་སྟོན་པའོ། །ཡང་ན་བདེན་པ་བཞི་སྟོན་པར་མཛད་པ། སྐྱོབ་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །གལ་ཏེ་ཡང་རིག་བྱེད་ཀྱི་མཐའ་དག་ལ་སྟོང་པ་ཉིད་སྟོན་པར་བྱེད་པ་ཡོད་ན་དེ་ལྟ་ན་ཡང་བདག་ཡོད་པའི་ཕྱིར་དེ་ནི་ལམ་མ་ཡིན་པས། འཕགས་པའི་བདེན་པ་བཞི་སྟོན་པ་ཉིད་སྐྱོབ་པ་
Vol. 178 · folio 111a
ཡིན་ནོ། །དེ་ན་བཅོམ་ལྡན་འདས་ཉག་གཅིག་ཐུན་མོང་མ་ཡིན་པའི་དོན་གསུངས་པ་ཡིན་པ་དེས་ན་བདེན་པ་ཉིད་ཡིན་པས། འདི་ཉིད་སྐྱོབ་པ་ཡིན་ནོ། །ལམ་འདི་ནི་རིགས་པ་དང་བྲལ་ཡང་མའི་འདུ་ཤེས་བཞིན་དུ་ཉེ་བར་ཞི་བའི་རྒྱུ་ཡིན་པའི་ཕྱིར་ན་གཞན་
གྱིས་བསྟན་པ་ནི་ལམ་མ་ཡིན་ནོ། །འཕགས་པའི་བདེན་པ་དེ་དག་ཀྱང་གང་ཞེ་ན། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་མོ། །འདི་དག་ནི་མིང་གིས་ཀྱང་སྐྱོ་བ་འགྱུར་བ་ཡིན་ཏེ་དཔེར་ན་གཅི་བའི་ལམ་ཞེས་བྱ་བས་ཡིན་གྱི་ཡན་ལག་མཆོག་ཅེས་བྱ་བ་ནི་མ་ཡིན་
པ་བཞིན་ནོ། །དེ་ལ། སྡུག་བསྔལ་འཁོར་བ་ཅན་ཕུང་པོ། །གོམས་ལས་འདོད་ཆགས་སོགས་གསལ་བ། །མཐོང་ཕྱིར་འདོད་རྒྱལ་ཉིད་མིན་ཏེ། །རྒྱུ་མེད་སྐྱེ་བ་འགལ་ཕྱིར་རོ། །གལ་ཏེ་འདོད་ཆགས་མངོན་པར་འདོད་པའི་བུད་མེད་མཆོག་ལ་འཁྱུད་པའི་ཡན་ལག་ཉིད་ཀྱིས་
བདེ་བའི་རྒྱུ་ཡིན་པའི་ཕྱིར་བདེ་བ་ཉིད་ཡིན་ཞིང་། ཞེ་སྡང་ཡང་དགྲ་བོ་སེལ་བར་བྱེད་པས་བདེ་བའི་རྒྱུ་ཡིན་ནོ། །འཇིག་ཚོགས་ལ་ལྟ་བའི་མཚན་ཉིད་དང་འཛིན་པའི་གཏི་མུག་ནི། ང་རྒྱལ་དང་རྒྱགས་པ། དྲེགས་པའི་རྒྱུ་ཡིན་པས་བདེ་བ་ཉིད་དོ། །འདོད་ཆགས་དང་ཞེ་སྡང་ལ་སོགས་
པའི་རྟེན་དུ་གྱུར་པ་ལུས་ལ་སོགས་པ་ཡང་དེ་ལྟ་བུ་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་ཞེས་བྱ་བ་མེད་དོ། །བཀྲེས་པ་ལ་སོགས་པའི་སྡུག་བསྔལ་གང་ཡིན་པ་དེ་ཡང་འགྲངས་པ་ནི་བདེ་བའི་རྒྱུ་ཆེན་པོ་ཡིན་ནོ། །དེས་ན་སྡུག་བསྔལ་གྱི་བདེ་བ་ཞེས་བྱ་བ་མེད་པས་བཅོམ་ལྡན་འདས་ཀྱིས་བསྟན་པ་
འབྲས་བུ་མེད་པ་སྐྱོབ་པ་ཉིད་མ་ཡིན་ནོ་ཞེ་ན། འདི་ནི་ཡང་དག་པ་ཉིད་མ་ཡིན་ཏེ། འདི་ལྟར་འཁོར་བའི་ལམ་དུ་ཞུགས་འགྱུར་ཏེ། ཡོངས་སུ་ངལ་བས་བདེ་བ་ཉམས་པ་ཡི། །ཕུང་ཉིད་སྡུག་བསྔལ་ཆེན་པོ་སྟེ། །མ་རིག་པས་ནི་གཞན་དུ་མཐོང་། །འདོད་ཆགས་ལ་སོགས་པའི་བདེ་བ་
རྒྱུ་ཡིན་ནོ་ཞེས་གང་སྨྲས་པ་དེ་ལས་བརྗོད་པ་ནི། འདོད་ཆགས་གོམས་པའི་རྒྱུ་ཅན་ཏེ། །བདེ་བའང་དེ་མེད་མི་འབྱུང་མིན། །གོམས་པ་ཡོད་མེད་རྗེས་འཇུག་ཕྱིར། །ངོ་བོ་ཉིད་དུ་གྲུབ་པ་མིན། །གལ་ཏེ་འདོད་ཆགས་ལ་སོགས་པ་དང་། བདེ་བ་ལ་སོགས་པ་འདོད་རྒྱལ་དུ་སྐྱེས་པའམ་
Vol. 178 · folio 111b
རྟག་པ་ཡིན་ན་དེའི་ཚེ་འཐད་པ་ཞིག་ན། གང་གི་ཚེ་དེ་ཉིད་ལས་གསལ་བ་ལ་སོགས་པར་མཐོང་བའི་ཕྱིར། གོམས་པ་ཉིད་ལས་འགྱུར་བ་ཡིན་པ་དེའི་ཕྱིར་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ཙམ་ཡིན་ནོ། །དེས་ན་གོམས་པ་དོར་བ་ཉིད་དགེ་སྟེ། བྱིས་རྩེད་གོམས་པ་བཞིན་ནོ། །
དེས་ན་དོན་དམ་པར་བདེ་བ་ཡོད་པ་མ་ཡིན་ནོ། །བདེ་བ་ནི་སེམས་མངོན་པར་དག་པའི་མཚན་ཉིད་གོམས་པ་ལས་འབྱུང་བ་ཡིན་པས། འཁོར་བའི་ཆོས་ལྡོག་པར་བྱེད་པ་ཡིན་པས་དེ་ཁོ་ན་གོམས་པར་བྱས་པ་ཉིད་མཆོག་ཡིན་ནོ། །སྡུག་བསྔལ་ཡང་གོམས་པ་ལས་འདོད་པ་ཡིན་ཏེ།
བཏང་སྙོམས་ཉིད་མཆོག་ཡིན་ནོ། །དེ་ལྟ་ཡིན་དང་སྡུག་བསྔལ་གྱིས་གདུངས་པའི་མཐའ་དག་དེ་ལྟར་སྣང་བ་ཅན་ཡིན་ནོ། །དེ་ནས་འདོད་ཆགས་ལ་སོགས་པའི་གདུང་བ་བསལ་བ་ཉིད་མཆོག་ཡིན་གྱི། འདོད་ཆགས་ལ་སོགས་པ་ཡོད་པར་འགྱུར་བ་ན། བུད་མེད་ལ་འཁྱུད་པ་
ནི་མ་ཡིན་ནོ། །བློ་བཟང་འགའ་ཡང་རྨ་བཏོད་དེ། །དེ་ཡི་གདུང་བ་ཞི་བ་ལས། །ཕྱིས་ནས་བདེ་བ་འདོད་པ་མེད། །དེ་ལྟ་ན་ནི་བློ་མེད་ཉིད། །གལ་ཏེ་དེ་ནི་འགྱུར་མེད་ན། །བློ་ནི་དེ་ཉིད་ལ་དགའ་གྱིས། །དེ་ལས་ཉོན་མོངས་མེད་པ་ཡི། །བདེ་བ་རྟག་ཏུ་འཇུག་པར་འགྱུར། །གལ་
ཏེ་དེ་ཉིད་མིན་དགའ་ན། །ལོག་ན་དེ་བདེ་ག་ལ་ཡོད། །དེ་ཉིད་ལོག་པ་མེད་པས་ན། །བདེ་བ་ཡང་ནི་ལོག་མི་བྱེད། །དེའི་ཕྱིར་འཁོར་བའི་བདེ་བ་གང་ཅི་སྙེད་དེ། དེ་མཐའ་དག་ནི་དོན་དམ་པར་སྡུག་བསྔལ་བ་ཉིད་དོ། །འདི་ལྟར། ཇི་ལྟར་འདོད་ཆགས་ལ་སོགས་པའི། །སྡུག་
བསྔལ་བདེ་བའི་རྒྱུར་མཐོང་བ། །དེ་བཞིན་བདེ་བའང་སྡུག་བསྔལ་གྱི། །རྒྱུ་ཉིད་དུ་ནི་རྟོགས་པར་གྱིས། །དཔེར་ན་བཀྲེས་པ་ལ་སོགས་པའི་སྡུག་བསྔལ་དག །འགྲངས་པ་ནི་བདེ་བའི་རྒྱུ་ཡིན་པ་དེ་བཞིན་དུ། བདེ་བ་ཡང་བྲལ་བ་ན་ཤིན་ཏུ་སྡུག་བསྔལ་བའི་རྒྱུ་ཡིན་ནོ། །དེས་ན་བདེ་བ་
ནི་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་དེ་ནི་བདེ་བ་ཉིད་མ་ཡིན་ནོ། །དེ་ལྟ་ཡིན་དང་། སྡུག་བསྔལ་འཁོར་བ་ཅན་ཕུང་པོ་ཞེས་བྱ་བ་དེ་གྲུབ་པ་ཡིན་ཏེ། འདོད་ཆགས་ལ་སོགས་པ་ནི་གོམས་པ་ལས་གསལ་བ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་གོམས་པ་ལས་ཡིན་པ་དེའི་ཕྱིར། རིགས་
Vol. 178 · folio 112a
མཐུན་པ་སྔ་མ་སྔ་མ་དེ་ལྟ་བུ་རྒྱུའི་རྒྱུ་ཅན་ཡིན་པའི་ཕྱིར་འཁོར་བ་པ་ཡང་གྲུབ་བོ། །གལ་ཏེ་འདོད་ཆགས་ལ་སོགས་པ་གོམས་པ་ལས་ནི་མ་ཡིན་གྱི། འོན་ཀྱང་རྣམ་པར་འགའ་ཞིག་ལྟར། གཞན་ལས་སམ་རྒྱུ་མེད་པར་འབྱུང་བ་ཡིན་ནོ། །དེས་ན་བདེ་བ་ལ་
སོགས་པ་འདི་དག་ནི་དོན་དམ་པ་ཉིད་དོ། །དེའི་ཕྱིར་འཁོར་བ་པའི་ཕུང་པོ་ནི་སྡུག་བསྔལ་མ་ཡིན་ནོ། །ཡང་ན་ཇི་ལྟར་བདེ་བ་ལ་སོགས་པ་གོམས་པ་ལས་ཡིན་པ་དེ་བཞིན་དུ་སྡུག་བསྔལ་བ་ལ་སོགས་པ་ཡང་ཡིན་པས་དོན་དམ་པར་མ་ཡིན་པའི་ཕྱིར་འཁོར་བའི་ཕུང་པོ་ནི་བདེ་བ་ཉིད་དོ་ཞེ་ན། འདི་
ཡང་ལེགས་པ་མ་ཡིན་ཏེ། འདོད་རྒྱལ་ནི་མ་ཡིན་ཏེ། གང་གི་ཕྱིར་ནམ་མཁའ་ལ་སོགས་པ་བཞིན་དུ་རྒྱུ་མེད་པར་སྐྱེ་བ་ནི་མི་འཐད་པའི་ཕྱིར་རོ། །བདེ་བ་ལ་སོགས་པ་རྒྱུ་གཞན་དང་ལྡན་པ་ཡང་མ་ཡིན་ཏེ། གོམས་པ་ལས་གསལ་བར་ལྡན་པའི་ཕྱིར་རོ། །གང་གིས་སྡུག་བསྔལ་གོམས་
པ་ལས་སྐྱེས་པར་འགྱུར་བ་སྡུག་བསྔལ་ནི་འགའ་ཡང་གོམས་པར་མི་བྱེད་དེ། འོན་ཀྱང་བདེ་སོགས་འཕེལ་བའི་བདག་ཉིད་ཅན། །གོམས་པ་ལས་འཇུག་གང་ཡིན་པ། །དེ་མེད་སྡུག་བསྔལ་ཉིད་འགྱུར་གྱི། །གང་ན་སྡུག་བསྔལ་གོམས་བྱེད་མེད། །ང་ལ་སྡུག་བསྔལ་ཡོད་པར་གྱུར་
ཅིག་ཅེས་སྡུག་བསྔལ་གོམས་པར་བྱེད་པ་ནི་སུ་ཡང་མེད་དེ། བདེ་བ་དོན་དུ་གཉེར་བ་ཉིད་ཀྱིས་ཐམས་ཅད་ཐམས་ཅད་ལ་འཇུག་པ་ཡིན་པའི་ཕྱིར་རོ། །དེས་ན་བདེ་བ་ནི་འབད་པས་བསྒྲུབ་པར་བྱ་བ་ཡིན་ལ། སྡུག་བསྔལ་ནི་དེ་མེད་པ་ལས་རང་བཞིན་དུ་འགྱུར་བ་ཡིན་གྱི། བཟློག་པ་ནི་མ་
ཡིན་ནོ། །དེས་ན་སྡུག་བསྔལ་ཡང་བདེ་བ་གོམས་པར་བྱས་པ་ཉིད་ཀྱིས་བྱས་པ་ཡིན་ནོ། །དེས་ན་བདེ་བ་ཉིད་བཟློག་པར་བྱས་པ་ཡིན་ནོ། །དོན་དམ་པར་ནི་སྡུག་བསྔལ་ཡང་མེད་པ་ཉིད་དེ། དེ་ཡང་དེ་ལ་སྐྲག་པ་གོམས་པ་ཉིད་ལས་སྡུག་བསྔལ་བ་ཡིན་ནོ། །དེས་ན་དེ་མེད་པའི་ཕྱིར་སྡུག་
བསྔལ་དེ་ཉིད་དམ། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ལ་བདེ་བའི་བློར་འགྱུར་བ་ཡིན་ལ། དེ་མེད་པའི་ཕྱིར་ཡང་བདེ་བའམ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ལ་སྡུག་བསྔལ་གྱི་བློར་འགྱུར་བ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ། །དེའི་ཕྱིར་གོམས་པར་བྱས་
Vol. 178 · folio 112b
པའི་བདེ་བ་ནི་སྡུག་བསྔལ་གྱི་རྒྱུ་ཉིད་དོ། གལ་ཏེ་དེ་མེད་ན་ནི་སྡུག་བསྔལ་ཡང་མེད་པར་འགྱུར་རོ། །བུ་ལ་ཆགས་པ་ལ་བུ་ཤི་ན་སྡུག་བསྔལ་འབྱུང་ན། དེ་ཉིད་བུ་སྐྱེས་ན་བདེ་བར་འགྱུར་བ་ཡིན་གྱི། དོན་དམ་པར་མ་ཡིན་ནོ། །རྟག་ཏུ་འདོད་པ་དག་དང་ནི། །མི་འབྲལ་འགའ་
ཡང་ཡོད་མ་ཡིན། །འཁོར་བ་པ་ཡིས་སྐྱེད་པ་ཡི། །བདེ་ཀུན་སྡུག་བསྔལ་དོན་དུ་འགྱུར། །སྡུག་བསྔལ་བསྐྱེད་ཅིང་བསྐྱེད་པ་ལས། །བདེན་པའི་བློ་ནི་རིགས་ལྡན་མིན། །འདམ་རྫབ་འཁྲུ་བ་བྱེད་པ་པས། །མ་རེག་པར་ནི་བསྲིངས་པ་མཆོག །འོན་ཏེ་བདེ་བ་ཐམས་ཅད་ནི། །འདི་
འདྲ་གཞན་ནི་ཡོད་མིན་ན། །དམྱལ་ལ་སོགས་པའི་གནས་སྐབས་ཀྱི། །སྡུག་བསྔལ་ཅི་ལྟར་སྤོང་བར་འདོད། །དམྱལ་བའི་སྡུག་བསྔལ་ལས་ཀྱང་ཅི། །བདེ་བ་སྐྱེད་པར་མི་འགྱུར་རམ། །གང་ཕྱིར་སྡུག་བསྔལ་ཆེན་པོ་ལས། །སྡུག་བསྔལ་གཞན་ལའང་བདེ་བར་འགྱུར། །ཡང་
ན་སྡུག་བསྔལ་ནི་འདིར་འདུ་བྱེད་ཀྱི་སྡུག་བསྔལ་གྱི་མཚན་ཉིད་ཡིན་ལ། བདེ་བ་ཡང་དེ་ལས་བཟློག་པས་བདག་ལ་སོགས་པའི་མཚན་ཉིད་ཡིན་ནོ། །དེའི་ཕྱིར་དོན་དམ་ནི་མ་ཡིན་གྱི། འོན་ཀྱང་གོམས་པ་ལས་ཡིན་ཏེ། །དེ་ལྟ་དེ་ལྟར་བདག་ལ་སོགས་པ་རྣམ་པར་འཇོག་པའི་ཕྱིར་རོ། །
འདོད་ཆགས་ལ་སོགས་པ་དེའི་རྩ་བ་ཅན་ཡང་གོམས་པ་དེ་ཉིད་ལས་ཡིན་གྱི། གཞན་དུ་མ་ཡིན་ནོ། །དོན་དམ་པའི་རྒྱུ་མེད་པའི་ཕྱིར་རོ། །གལ་ཏེ་གོམས་པ་ཡང་རྒྱུ་མ་ཡིན་ན་ནི། རྒྱུ་མེད་པ་ཉིད་དུ་འགྱུར་རོ། །རྒྱུ་མེད་པར་སྐྱེ་བ་ནི་ཐ་དད་པ་མ་ཡིན་ནོ། །འོན་ཏེ་ཡང་འདོད་ཆགས་ལ་
སོགས་པ་གོམས་པ་ལས་སྐྱེས་པ་ནི་མ་ཡིན་ཏེ། འོན་ཀྱང་རླུང་ལ་སོགས་པ་ལས་སྐྱེས་པ་ཡིན་ནོ། །འདི་ལྟར་རླུང་གི་རང་བཞིན་ལས་ནི་གཏི་མུག །མཁྲིས་པའི་རང་བཞིན་ལས་ནི་ཞེ་སྡང་། བད་ཀན་གྱི་རང་བཞིན་ལས་ནི་འདོད་ཆགས་ཡིན་ནོ། །རྩ་བའི་ཉེས་པ་བཞིན་དུ་ཕྲག་དོག་ལ་སོགས་
པའི་ཉེས་པ་གཞན་ཡང་། རླུང་ལ་སོགས་པ་ལས་སྐྱེས་པ་ཡིན་ནོ། །རླུང་ལ་སོགས་པ་ཡང་དོན་དམ་པ་ཉིད་དུ་ཡོད་པ་མ་ཡིན་ཏེ། རྒྱུ་དེ་ལས་སྐྱེས་པའི་ཕྱིར་འདོད་ཆགས་ལ་སོགས་པ་ནི་དོན་དམ་པ་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། འཁྲུལ་ཕྱིར་རླུང་སོགས་ཆོས་མ་ཡིན། །གལ་ཏེ་
Vol. 178 · folio 113a
རང་བཞིན་འདྲེས་པའི་ཕྱིར། །སྐྱོན་མེད་ཅེ་ན་དེ་ཡི་ཆོས། །དེ་ལས་གཞན་ཡང་ཅིས་མི་མཐོང་། །གང་ཞིག་གང་གི་རྒྱུ་ཅན་ཡིན་པ་དེ་ནི། དེ་ལ་མི་འཁྲུལ་བ་ཡིན་ཏེ། མེ་ལ་དུ་བ་བཞིན་ནོ། །གལ་ཏེ་གཏི་མུག་ལ་སོགས་པ་རླུང་ལ་སོགས་པའི་ཆོས་ཡིན་ན་དེའི་
ཕྱིར་དེ་ལ་འཁྲུལ་པར་མི་འགྱུར་ན་དེ་ལྟ་ཡང་མ་ཡིན་ཏེ། དེས་ན་བཟློག་པ་ཡིན་ནོ། །འོན་ཏེ་རླུང་གི་རང་བཞིན་ལ་འདོད་ཆགས་སྐྱེད་པར་བྱེད་པ་དང་ཞེ་སྡང་སྐྱེད་པར་བྱེད་པའི་རང་བཞིན་གཞན་ཡང་ཡོད་པ་ཡིན་ཏེ། དེ་ལས་འདོད་ཆགས་དང་ཞེ་སྡང་དག་ཡིན་ནོ། །དེས་ན་རང་བཞིན་དང་འདྲེས་པའི་
ཕྱིར་འཁྲུལ་པ་མ་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། རྒྱུ་ཡོད་ན་ནི་དེ་ཡི་ཆོས། །དེ་ལས་གཞན་ཡང་ཅི་ཕྱིར་མེད། །དེ་ཡི་འབྲས་བུ་མེད་ན་ནི། །རྒྱུ་ཡོད་པ་ནི་ག་ལས་རྟོགས། །གལ་ཏེ་དེ་ཉིད་དེ་ཡི་ནི། །འབྲས་ཡིན་འབྲས་གཞན་ག་ལས་ཡིན། །གལ་ཏེ་དེ་ཉིད་ལས་ན་འདིར། །དེ་ཡོད་
ཕྱིར་དེ་ཅི་ཕྱིར་མིན། །གལ་ཏེ་འབྲས་དེ་གཞན་ལས་ནི། །འཁྲུལ་པར་འགྱུར་བ་དེ་ཉིད་ཡིན། །དེའི་ཕྱིར་གལ་ཏེ་རླུང་ལ་སོགས་པའི་ཆོས་ཡིན་ན་འཁྲུལ་པར་མི་འགྱུར་རོ། །རང་བཞིན་དེ་ལ་རང་བཞིན་གཞན་ཡང་རྟོག་ན་ནི་འབྲས་བུ་ཡང་བརྟག་པར་བྱའོ། །འབྲས་བུ་མ་མཐོང་བས་བརྟག་
པ་མ་ཡིན་ན། རང་བཞིན་གཞན་ཡང་མི་བརྟག་གོ། །ཇི་ལྟར་འབྲས་བུ་ལས་རྒྱུ་རྟོག་པ་དེ་བཞིན་དུ་འབྲས་བུ་ཡང་རྒྱུ་ནུས་པ་ཐོགས་པ་མེད་པ་ལས་ཡིན་ནོ། །འོན་ཏེ་ནུས་པ་ཐོགས་པ་མེད་པའི་རྒྱུ་མེད་ན། མཐོང་བའི་འབྲས་བུ་ཡང་རྒྱུ་མེད་པར་མི་འགྱུར་རོ། །ཡང་ན་དེའི་རྒྱུ་ཉིད་དུ་མི་འགྱུར་
རོ། །གཞན་ཡང་། གལ་ཏེ་མཐོང་བའི་རྒྱུ་སྤངས་ནས། །མ་མཐོང་བ་ནི་རྟོག་བྱེད་ན། །བད་ཀན་འདོད་ཆགས་རྒྱུ་ཉིད་དུ། །མི་འགྱུར་གཞན་ནི་བརྟག་པར་གྱིས། །འོན་ཏེ་ཡང་གང་དང་གང་མཐོང་བ་དེ་དང་དེ་ཉིད་འདོད་ཆགས་ལ་སོགས་པའི་རྒྱུ་ཡིན་ན། འོ་ན་འདོད་ཆགས་ལ་སོགས་པ་ཐམས་
ཅད་ལས་མཐོང་བས། ཅི་ཐམས་ཅད་དེའི་རྒྱུ་ཡིན་ནམ། དེ་ནི་དེ་ལྟ་ཡིན་ཏེ། དེ་ལྟ་བུ་ཉིད་དུ་མཐོང་བའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར། ཐམས་ཅད་འདོད་ཆགས་མཚུངས་པ་ནི། །ཐལ་ཕྱིར་ཀུན་གྱི་ཆོས་མ་ཡིན། །གཟུགས་སོགས་བཞིན་སྐྱོན་མེད་ཅེ་ན། །གལ་ཏེ་
Vol. 178 · folio 113b
དེ་ལ་ཁྱད་པར་ཅན། །ལས་རྣམས་བདག་པོ་མ་ཡིན་ན། །དེ་ཡང་རྩོད་པ་མཚུངས་པ་ཡིན། །འདོད་ཆགས་ལ་སོགས་པ་ཐམས་ཅད་ཀྱི་ཆོས་ཡིན་ན་ནི། སྲོག་ཆགས་ཐམས་ཅད་འགའ་ཞིག་ཏུ་འགྱུར་བ་ཡིན་ནོ། །དེས་ན་བད་ཀན་ལ་སོགས་པ་གང་ཡོད་པ་དེ་ཉིད་འདོད་ཆགས་
ལ་སོགས་པའི་རྟེན་ཡིན་པའི་ཕྱིར། འདོད་ཆགས་མཚུངས་པར་ཐལ་བར་འགྱུར་རོ། །འདི་ལྟར། ཆགས་སོགས་རང་བཞིན་ཐམས་ཅད་ཀྱི། །ཆོས་ཡིན་པར་ནི་འདོད་ན་གོ། །ནུས་བྱེད་རང་བཞིན་མེད་པས་ན། །འབྲས་བུ་མི་མཚུངས་ག་ལས་ཡིན། །གང་གི་ཚེ་འདོད་ཆགས་ལ་སོགས་
པ་རང་བཞིན་ཐམས་ཅད་ལས་འབྱུང་བར་འདོད་པ་དེའི་ཚེ། བད་ཀན་ལ་སོགས་པའི་རང་བཞིན་དང་། དེ་འཕེལ་བ་དང་འགྲིབ་པ་ཡང་། འདོད་ཆགས་ལ་སོགས་པའི་རྒྱུ་ཡིན་པའི་ཕྱིར་འདོད་ཆགས་ལ་སོགས་པ་མཚུངས་པ་ཉིད་བཟློག་པར་མི་ནུས་སོ། །འོན་ཏེ་རང་བཞིན་ཐམས་ཅད་ཡིན་ཡང་
ཁྱད་པར་གཞན་ཡོད་པའི་ཕྱིར། འདོད་ཆགས་མཚུངས་པ་ཉིད་མ་ཡིན་ནོ་ཞེ་ན། འོ་ན་ནི་དེའི་ཚེ་ཁྱད་པར་དེ་ཐམས་ཅད་ཀྱི་རྒྱུ་མ་ཡིན་པའི་ཕྱིར། ཐམས་ཅད་ཀྱི་ཆོས་མ་ཡིན་ནོ། །ཅི་སྟེ་ཡང་བད་ཀན་ལ་སོགས་པ་རང་བཞིན་ཐམས་ཅད་རྒྱུ་ཡིན་པའི་ཕྱིར། འདོད་ཆགས་ལ་སོགས་པ་
ཐམས་ཅད་ཀྱི་ཆོས་ཡིན་ལ། དེ་དག་ཉིད་ནང་གི་ཡོངས་སུ་གྱུར་པའི་བྱེ་བྲག་ལས་ནི། འདོད་ཆགས་ལ་སོགས་པ་མཚུངས་པ་ཉིད་མ་ཡིན་ནོ་ཞེ་ན། དེ་ཡང་གྱི་ན་སྟེ། རྣམ་པར་འགྱུར་བའི་ཁྱད་པར་གང་། །ཇི་ལྟར་ཉེ་བར་དམིགས་གྱུར་པ། །དེ་ལ་ཡང་ནི་འཁྲུལ་ཉིད་ཅེས། །ཡང་དག་
པར་ནི་བསྟེན་པ་ཡིན། །རྣམ་པར་འགྱུར་བའི་ཁྱད་པར་གང་ཞིག་རྒྱུ་གང་ལས་འདོད་ཆགས་ལ་སོགས་པའི་རྒྱུར་ཉེ་བར་དམིགས་པ་དེ་ཉིད་གང་གི་ཚེ། ཞེ་སྡང་ལ་སོགས་པའི་ཡང་ཡིན་པས་འཁྲུག་པ་དེའི་ཚེ་ཐམས་ཅད་ཀྱི་ཆོས་ཉིད་དུ་བསྒྲུབ་པ་ན་འདོད་ཆགས་ལ་སོགས་པའི་ཁྱད་པར་ཐམས་ཅད་
ཀྱི་རྒྱུ་ཅན་དུ་ཡང་བསྒྲུབ་པར་འགྱུར་བའི་ཕྱིར་འདོད་ཆགས་ལ་སོགས་པ་མཚུངས་པ་ཉིད་དུ་གསལ་བ་ཡིན་ནོ། །དེས་ན་ཡོངས་སུ་གྱུར་པའི་ཁྱད་པར་ལས་སོ་ཞེས་བྱ་བ་འདི་རྒྱུར་མི་འཐད་དེ། དེ་ཡང་འདོད་ཆགས་ལ་སོགས་པ་ཁྱད་པར་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །འོན་ཏེ་འབྲས་བུའི་
Vol. 178 · folio 114a
ཁྱད་པར་གྱི་དཔག་པར་བྱ་བ་ལ་ཡོངས་སུ་གྱུར་པའི་ཁྱད་པར་མི་མཐོང་བ་ཉིད་འདོད་ཆགས་ལ་སོགས་པ་མི་ཚོལ་བའི་རྒྱུ་ཡིན་ནོ་ཞེ་ན། དེ་ཡང་མི་འཐད་དེ། འདི་ལྟར། མེ་མ་མཐོང་བའི་དུ་བ་གང་། །དེ་ནི་མེ་རྒྱུ་ཅན་མི་འགྱུར། །ས་ཕྱོགས་ཉིད་ཀྱི་ཁྱད་པར་
ནི། །འགའ་དེ་དུ་བའི་རྒྱུ་ཡིན་ནོ། །དུ་བ་མེ་ཡུལ་ན་ཞེ་ན། །གཞན་ལ་ཁྱད་པར་དེ་མེད་པ། །དེས་ན་ཁྱད་པར་དང་བྲལ་བས། །དུ་བ་གཞན་ན་མེད་པ་ཡིན། །གལ་ཏེ་ཐམས་ཅད་ཀྱི་ཚེ་མ་མཐོང་བའི་ཁྱད་པར་ཡང་འབྲས་བུ་མཐོང་བ་ཙམ་ལས་བརྟགས་པ་ཡིན་ན། འོ་ན་ཐམས་ཅད་དུ་རྒྱུ་དང་
འབྲས་བུའི་སོ་སོར་ངེས་པར་ཉམས་པར་འགྱུར་རོ། །འོན་ཏེ་དེར་ནི་ཁྱད་པར་རྟོགས་པར་བྱེད་པ་མ་ཡིན་ཏེ། མཐོང་བའི་མེ་རྟོགས་པས་གནོད་པའི་ཕྱིར་རོ་ཞེ་ན། འོ་ན་དེར་ཡང་མཐོང་བའི་གོམས་པས་བརྟག་པར་བྱ་བ་ཡིན་ཏེ། ཡོངས་སུ་འགྱུར་བའི་ཁྱད་པར་བརྟགས་པར་ནི་མི་འཐད་དོ། །གལ་
ཏེ་གཟུགས་ལ་སོགས་པ་འབྱུང་བའི་རྒྱུ་ཅན་འདོད་པ་མ་ཡིན་ནམ། དེ་ལྟ་ན་ཡང་འབྱུང་བར་ཁྱད་པར་མེད་པར་ཁྱད་པར་དུ་འགྱུར་བ་ཡིན་ནོ་ཞེ་ན། རྩོད་པ་འདི་ཡང་ཁྱེད་ཉིད་ལ་ཡོད་པ་ཡིན་གྱི། བདག་ལ་ནི་མ་ཡིན་ཏེ། ལས་བདག་པོར་འགྱུར་བ་ཁྱད་པར་གྱི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ལྟ་
མ་ཡིན་ན་ནི་དེ་དག་ཀྱང་ཕྱོགས་སུ་བྱེད་པ་ཡིན་པས་དེས་མ་ངེས་པ་མ་ཡིན་ནོ། །སྐྱོན་རྣམས་ཁྱད་པར་ཡོད་ན་ཡང་། །ཁྱད་པར་མེད་ཕྱིར་མ་གྲུབ་ཉིད། །མ་ཡིན་ཐམས་ཅད་འགྱུར་བ་ཡིས། །འགྱུར་ཕྱིར་ཀུན་ལས་སྐྱེས་པའང་མིན། །རྒྱུ་ནི་འཕེལ་བར་འགྱུར་བ་ན། །འབྲས་བུ་འགྲིབ་པ་མི་
རུང་སྟེ། །ཚ་བ་སོགས་བཞིན་ཆགས་སོགས་ཀྱི། །འགྱུར་བ་བདེ་སོགས་ལས་སྐྱེས་ཡིན། །ཇི་སྐད་དུ་རྒྱུ་གཞན་ཡོད་ན་ཡང་འབྲས་བུ་གཞན་མཐོང་བ་གང་ཡིན་པ་དེ་ནི་ཁྱད་པར་ཡོད་པ་ཡིན་པའི་ཕྱིར་མཐོང་བའི་ཁྱད་པར་རྟོགས་པ་ཡིན་ནོ་ཞེས་བྱ་བར་འགྱུར་མོད། གང་གི་ཚེ་བད་
ཀན་འཕེལ་བ་དེའི་ཚེ་རྒྱུ་འཕེལ་བ་ཡིན་པའི་ཕྱིར་འབྲས་བུའི་འཕེལ་བ་ཇི་ལྟར་བཟློག །དེར་ཡང་དེ་ལས་གཞན་བའི་ཁྱད་པར་མེད་པའི་ཕྱིར་རོ་ཞེ་ན། དེ་ལྟ་ན་ནི་འོན་ཏེ་ཁྱད་པར་རྒྱུ་མ་ཡིན་པའི་ཕྱིར་རྒྱུ་དང་འབྲས་བུའི་དངོས་པོར་འཛིན་པར་ག་ལ་འགྱུར། མཐོང་བའི་ཁྱད་པར་ནི་མི་མཐོང་
Vol. 178 · folio 114b
བར་རིགས་པ་ཡང་མ་ཡིན་ནོ། །དེའི་ཕྱིར། དེ་ཡི་ཁྱད་ལས་ཁྱད་པར་དུ། །འཛིན་ན་འབྲས་ཉིད་འཛིན་པར་འགྱུར། །དེ་ལས་ཁྱད་པར་ཡོད་མིན་ན། །འབྲས་སོགས་ཉིད་དུ་ག་ལ་འཛིན། །གལ་ཏེ་ཁྱད་པར་མེད་པའི་ཕྱིར་བྱ་བའི་གཏན་ཚིགས་མ་གྲུབ་སྟེ། མཁྲིས་པ་འཕེལ་
ན་དེ་ནི་སྡུག་བསྔལ་གྱིས་གདུངས་པ་དེའི་ཞེ་སྡང་འཕེལ་བའི་ཕྱིར་རོ་ཞེ་ན། མ་གྲུབ་པ་ཉིད་མ་ཡིན་ཏེ། བད་ཀན་ལ་སོགས་པ་ཐམས་ཅད་ཀྱི་འཕེལ་བས་གནོད་པས་ཞེ་སྡང་སྐྱེ་བའི་ཕྱིར་རོ། །རང་བཞིན་གྱིས་ཞེ་སྡང་ཆུང་བ་ལ་མི་འབྱུང་བ་ཡང་ཡིན་ནོ་ཞེ་ན། འདི་ནི་རང་མཁྲིས་པ་འཕེལ་
བ་ལ་མཚུངས་པའི་ཕྱིར་བརྗོད་པར་བྱ་བ་མ་ཡིན་ནོ། །འོན་ཏེ་ཐམས་ཅད་ལས་སྐྱེ་བ་ཡིན་ནོ་ཞེ་ན། དེ་ཡང་མི་རིགས་ཏེ། ཐམས་ཅད་ལས་སྐྱེས་པ་ཉིད་ཀྱང་མ་ཡིན་ནོ་ཞེས་བཤད་ཟིན་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་ཁྱད་པར་གཞན་ཡོད་དུ་ཆུག་པ་དེ་ལྟ་ན་ཡང་ཁྱད་པར་དེས་བྱས་པའི་
ཁྱད་པར་མེད་མོད། འབྲས་བུ་འགྲིབ་པ་གོ་ག་ལས་ཡིན། གང་གི་ཕྱིར་རྒྱུ་འཕེལ་ན་འབྲས་བུ་འཕེལ་བ་ཉིད་དུ་རིགས་ཀྱི་འགྲིབ་པར་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་ནི་དེ་དེའི་རྒྱུར་མི་འགྱུར་རོ་ཞེས་བཤད་ཟིན་ཏོ། །དཔེར་ན་ཚ་བ་ལ་སོགས་པ་མཁྲིས་པ་འཕེལ་ན་འཕེལ་བ་ཡིན་ནོ། །གལ་
ཏེ་ཟས་བཞུན་པོ་ཟོས་ན་བད་ཀན་དང་འབྲེལ་པ་ལས་འདོད་ཆགས་འཕེལ་བ་མཐོང་བ་མ་ཡིན་ནམ་ཞེ་ན། འདི་ནི་མེད་དེ། ནད་ཀྱིས་གདུངས་པས་ཞེ་སྡང་ཉིད་དུ་འགྱུར་བའི་ཕྱིར་རོ། །འདོད་ཆགས་ལ་སོགས་པ་ནི་བདེ་བ་ལ་སོགས་པ་ལས་སྐྱེས་པ་ཡིན་གྱི། བད་ཀན་ལ་སོགས་པ་ལས་
བྱུང་བ་ནི་མ་ཡིན་ནོ། །བདེ་བ་ལ་ཡང་ནང་གི་བག་ཆགས་སད་པ་ལས་འགའ་ལ་རྣམ་པ་ཇི་ཞིག་ལྟར་དམིགས་པ་ཡིན་ནོ། །དེས་ན་འདོད་ཆགས་ལ་སོགས་པ་ཉེས་པ་དག་ལས་ཡིན་ནོ་ཞེས་མི་རིགས་སོ། །གལ་ཏེ་བད་ཀན་འཕེལ་ན་འདོད་ཆགས་མ་ཡིན་པ་དེ་ལྟ་ན་ཡང་དེ་རྒྱུ་
མ་ཡིན་པ་ནི་མ་ཡིན་ཏེ། ཆ་མ་སྙོམས་པ་ལས་སྐྱེས་པའི་སྡུག་བསྔལ་གྱི་ནུས་པ་གེགས་བྱས་པའི་ཕྱིར་རོ། །གང་གཞན་གྱིས་གེགས་བྱས་ན་སྐྱེད་པར་མི་བྱེད་པ་དེ་རྒྱུ་མ་ཡིན་པ་ནི་མ་ཡིན་ཏེ། ཐམས་ཅད་རྒྱུ་མ་ཡིན་པར་ཐལ་བའི་ཕྱིར་རོ་ཞེ་ན། འདི་ལ་ཡང་བརྗོད་པ། ཆ་མི་སྙོམས་
Vol. 178 · folio 115a
སྐྱེས་སྡུག་བསྔལ་གྱིས། །གལ་ཏེ་འདོད་ཆགས་མི་སྐྱེད་ན། །ཅིས་སྐྱེས་སྨྲོས་ཤིག་ཆ་མཉམ་ལ། །ཁུ་འཕེལ་དེ་ལས་འདོད་ཆགས་ཡིན། །ཆ་མི་མཉམ་ལ་ཆགས་ཅན་མཐོང་། །གཞན་ནི་ཆ་མཉམ་ན་ཡང་མིན། །གཞན་ནི་ཟད་ནས་ཁྲག་
འཛག་ཀྱང་། །བུད་མེད་གཅིག་ལ་ཁུ་ངེས་མེད། །དེས་གཅིག་ལ་ཆགས་དྲག་མི་འགྱུར། །གལ་ཏེ་གཟུགས་སོགས་ཀྱང་ཡན་ལག །མ་ཡིན་ཀུན་མ་ངེས་ཕྱིར་རོ། །ངེས་པ་མེད་པར་འབྱུང་བའང་མིན། །ཡོན་ཏན་མ་བཟུང་བར་ཡང་འགྱུར། །གལ་ཏེ་ཡོན་ཏན་འཛིན་པ་
དེའང་། །ཡན་ལག་ཡིན་ན་ཐམས་ཅད་ནི། །ཡོན་ཏན་འཛིན་པ་ཉིད་འགྱུར་ཏེ། །རྒྱུ་ནི་ཁྱད་པར་མེད་ཕྱིར་རོ། །གནས་སྐབས་གང་ལ་ཆགས་ཅན་འདོད། །དེ་འདྲ་ཞེ་སྡང་ཅན་མི་འགྱུར། །དེ་གཉིས་ངོ་བོ་མི་མཚུངས་ཕྱིར། །འདི་ལ་ངེས་པ་མཐོང་བ་མེད། །གལ་ཏེ་བད་
ཀན་ལ་སོགས་པ་ཆ་མཉམ་པས་འགལ་བའི་ནད་མེད་པ་ན་ཁུ་བ་འཕེལ་བ་ལ། དེ་ལས་འདོད་ཆགས་སྐྱེ་བ་ཡིན་ན། དེ་ལྟ་ཡིན་ན་ཉེས་པ་ཆ་མི་མཉམ་པ་དང་ཤིན་ཏུ་བུད་མེད་བསྟེན་པ་ལ་གཞོལ་བའི་ཁྲག་འཛག་པ་དག་འདོད་ཆགས་ཅན་དུ་མི་འགྱུར་ཏེ་ཁུ་བ་ཟད་པའི་ཕྱིར་རོ། །ཁུ་བ་
ཡང་བུད་མེད་ཐམས་ཅད་ལ་ཐུན་མོང་ཡིན་པའི་ཕྱིར་བུད་མེད་གཅིག་ལ་ཆགས་པ་ངེས་པར་མི་འགྱུར་ཏེ། དེས་ན་ཁུ་བ་མཚུངས་པ་ཡིན་པའི་ཕྱིར། གཅིག་ལ་འདོད་ཆགས་ལྷག་པར་མི་འགྱུར་རོ། །འོན་ཏེ་ཡུལ་བུད་མེད་དང་རྒྱུ་ཉིད་ཡིན་ཏེ། གང་གི་ཕྱིར་གཟུགས་ལ་སོགས་
པའི་ཁྱད་པར་ལས་ཁྱད་དུ་འགྱུར་བའི་ཕྱིར། གཟུགས་ལ་སོགས་པ་ཡང་རྒྱུ་ཉིད་དོ། །འདི་ལྟར། ཁྱད་པར་ཅན་གཟུགས་ཞགས་པ་ཡིས། །དབང་མེད་པར་ནི་འགྱུར་བའི་སེམས། །རང་གི་ཆུང་མ་བོར་ནས་ནི། །བུད་མེད་གཞན་དག་འདོད་པ་ཡིན། །རེས་འགའི་ཚེ་ནི་སྤྱོད་
ཚུལ་དག །འདོད་ཆགས་ཀྱི་ནི་རྒྱུར་འགྱུར་ཏེ། །ཁུ་བ་འབའ་ཞིག་འདོད་ཆགས་ཀྱི། །རྒྱུ་མིན་དེས་ན་ངེས་པ་ཡིན། །དེ་ཕྱིར་ལྷན་ཅིག་བྱེད་པ་ཡོད་པའི་ཕྱིར་གཅིག་ལ་ལྷག་པར་འགྱུར་བ་ཡིན་གྱི། གཞན་ལ་ནི་དེ་ལྟར་མ་ཡིན་པས་སྐྱོན་མེད་དོ་ཞེ་ན། འདི་ཡང་གཤའ་བ་མ་
Vol. 178 · folio 115b
ཡིན་ཏེ། འདི་ལྟར། ཐམས་ཅད་ལ་ནི་འཁྲུལ་པ་ཉིད། །མཐོང་ཕྱིར་གཟུགས་ལ་སོགས་པ་དག །རྒྱུ་མིན་གཟུགས་དང་འབྲལ་བ་ལའང་། །ཆགས་ཕྱིར་གལ་ཏེ་སྤྱོད་ཚུལ་དག །ཡོད་ཕྱིར་ཞེ་ན་འོ་ན་ནི། །གཟུགས་ནི་རྒྱུ་མ་ཡིན་པར་འགྱུར། །སྤྱོད་ཚུལ་དང་ནི་བྲལ་ན་ཡང་། །
གཟུགས་ལ་ཆགས་པ་ཡོད་པའི་ཕྱིར། །སྤྱོད་ཚུལ་དེ་ཡང་འདོད་ཆགས་ཀྱི། །རྒྱུ་ཡིན་པར་ནི་འཐད་མ་ཡིན། །ལ་ལ་གཉི་ག་དང་བྲལ་ཡང་། །ཆགས་པ་དག་ནི་མཐོང་ཕྱིར་རོ། །ཀུན་ལ་འདོད་ཆགས་མཚུངས་པར་ནི། །ཐལ་ཕྱིར་ཐམས་ཅད་རྒྱུ་མ་ཡིན། །འོན་ཏེ་རྒྱུ་ངེས་པ་མེད་པ་
ཉིད་དུ་འདོད་དོ་ཞེ་ན། དེ་ཡང་མི་རིགས་ཏེ། མ་ངེས་པ་ནི་དེ་ལས་འབྱུང་ངོ་ཞེས་བྱ་བར་ཡང་མི་འཐད་དོ། །འདོད་ཆགས་གཅིག་ལ་ངེས་པ་ཡིན་ན་ཡང་། གཟུགས་དང་ཡོན་ཏན་འདོད་པས་མ་བརྟགས་པར་འོངས་པའི་གཟུགས་ངན་པ་ལ་འདོད་ཆགས་ཀྱི་གཟིར་བ་འཇུག་པར་མི་འགྱུར་རོ། །
གཞན་ཡང་ཁུ་བ་འདོད་ཆགས་ཀྱི་རྒྱུ་ཡིན་ན་ཡོན་ཏན་མ་བཟུང་བ་ཡང་ཆགས་པར་འགྱུར་རོ། །འོན་ཏེ་ཡོན་ཏན་འཛིན་པ་ཡང་ཡན་ལག་ཡིན་ན། དེ་ལྟ་ན་ཐམས་ཅད་ཡོན་ཏན་འཛིན་པར་འགྱུར་ཏེ། ཡོན་ཏན་འཛིན་པའི་རྒྱུ་ཐམས་ཅད་ལ་ཡོད་པའི་ཕྱིར་རོ། །འོན་ཏེ་ཡོན་ཏན་ཡོད་པ་ཙམ་
གྱིས་ནི་ཡོན་ཏན་འཛིན་པ་མ་ཡིན་ན། འོ་ན་གང་ལས་ཡོན་ཏན་འཛིན་པ་ཡིན། གལ་ཏེ་ཡོན་ཏན་འཛིན་པ་ཡུལ་མེད་པ་ནི་ཡིན་ན་ནི། ཐོག་མ་མེད་པའི་བག་ཆགས་ལས་ཡིན་པས་གོམས་པ་ཉིད་ལས་འདོད་ཆགས་ལ་སོགས་པ་ཡིན་ཏེ་ཞེས་བྱ་བར་འགྱུར་རོ། །གཞན་ཡང་གནས་སྐབས་
གང་ལ་གནས་པ་ན་འདོད་ཆགས་པའི་གནས་སྐབས་དེར་ཞེ་སྡང་བར་མི་འགྱུར་ཏེ། འདོད་ཆགས་དང་ཞེ་སྡང་དག་ནི་མི་མཚུངས་པ་ཉིད་ཀྱིས་རང་བཞིན་འགལ་བ་ཅན་ཡིན་པའི་ཕྱིར་རོ། །དེ་དང་འགལ་བའི་རང་བཞིན་ལ་གནས་པ་ལ་ནི། དེ་འགྱུར་བ་མ་ཡིན་ནོ། །མི་འགྱུར་བ་ཉིད་དོ་ཞེ་ན། དེ་
ཡང་མི་འཐད་དེ། འདི་ལ་ངེས་པའང་མཐོང་བ་མེད། ཡང་ན་གལ་ཏེ་དེ་གཉི་གའི་རང་བཞིན་ན། དེའི་ཚེ་གཉི་ག་ཡང་དུས་མཚུངས་པ་ཉིད་དུ་ཐལ་བར་འགྱུར་རོ། །དེ་བཞིན་ཉིད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། ངེས་པ་མཐོང་བའི་ཕྱིར་རོ། །འདི་ལ་དུས་མཚུངས་པ་ཉིད་དུ་ངེས་པ་
Vol. 178 · folio 116a
མཐོང་བ་ནི་མེད་དོ། །འོན་ཏེ་མཁྲིས་པའི་རང་བཞིན་ལ་གནས་པ་ལ་རྔུལ་ལ་སོགས་པ་རེས་འགའ་འབྱུང་གི་ཐམས་ཅད་ཀྱི་ཚེ་མ་ཡིན་པ་དེ་བཞིན་དུ་འདོད་ཆགས་ལ་སོགས་པ་ཡང་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། རྔུལ་ནི་མེ་དང་འབྲེལ་པ་ལས། །དེ་མེད་ན་
ནི་དེ་མི་འབྱུང་། །ཆགས་སོགས་དང་ནི་གཟུགས་སོགས་ཀྱི། །རྒྱུ་ལས་དེ་བཞིན་ཡོད་མ་ཡིན། །དེ་ཡོད་ན་ནི་ཚང་བའི་ཕྱིར། །ཆགས་སོགས་ཡོད་མིན་མེད་པ་ཉིད། །འོན་ཏེ་ནང་གི་ཕན་འདོགས་པར་བྱས་པའི་བག་ཆགས་དང་འབྲེལ་པ་ལས་ངེས་པ་ལས་བཟློག་པ་ཡིན་ན། དེ་ལྟ་
ཡིན་ན་བག་ཆགས་ཉིད་འདོད་ཆགས་ལ་སོགས་པའི་རྒྱུ་ཡིན་ནོ། །འདོད་ཆགས་ཀྱི་ཕན་འདོགས་པ་ཡང་གོམས་པ་ཡོད་པ་ལས་ཡོད་པའི་ཕྱིར་རོ། །འོན་ཏེ་ཡང་གང་ཞིག་འདོད་ཆགས་ལ་སོགས་པའི་བག་ཆགས་ཀྱི་ཁྱད་པར་ལས་སྐྱེ་བ་དེ་ལ་ཡང་ཇི་ལྟར་ཉེས་པ་འདིར་མི་འགྱུར་ཞེ་ན། བཤད་
པ། གང་གི་འདོད་ཆགས་ལ་སོགས་པ། །རིགས་མཐུན་བག་ཆགས་ཁྱད་པར་ལ། །རག་ལས་ནས་ནི་འཇུག་འགྱུར་ལ། །དེ་ལ་སྐྱོན་འདིར་ཐལ་བ་མེད། །གང་ཚེ་འདོད་ཆགས་ལ་སོགས་པ་བག་ཆགས་ཀྱི་ཉེས་པ་ཉིད་ལས་འཇུག་པ་དེའི་ཕྱིར། གང་ལ་གང་གིས་སྐྱེ་བ་གཞན་དང་
འབྲེལ་པའི་བག་ཆགས་ཡོད་པ་དེ་ཉིད་ལས་འགའ་ཞིག་གི་ཚེ་རྣམ་པ་འགའ་ཞིག་ལྟར་རྒྱུ་འགའ་ཞིག་གིས་དེ་སད་པ་ཡིན་པའི་ཕྱིར། འདོད་ཆགས་ལ་སོགས་པ་རྣམས་ཀྱི་བག་ཆགས་མ་ངེས་པ་ན། གཟུགས་ལ་སོགས་པ་ལ་ལྟོས་པ་མེད་པའི་ཕྱིར་སྔར་གྱི་ཉེས་པའི་གོ་སྐབས་མེད་དོ། །
གལ་ཏེ་ཆགས་པ་ལ་སོགས་པ་ཉེས་པའི་ཆོས་མ་ཡིན་མོད། འབྱུང་བའི་ཆོས་སུ་ནི་འགྱུར་རོ་ཞེ་ན། བཤད་པ། འདིས་ནི་འབྱུང་བའི་ཆོས་ཉིད་བཀག །རྟེན་ལ་བཀག་པ་ཉིད་ཕྱིར་རོ། །དཀར་པོ་ལ་སོགས་ས་སོགས་ལ། །བརྟེན་པ་ཉིད་ནི་མ་ཡིན་ནོ། །འདི་དག་ནི་ས་ལ་སོགས་
པ་འབྱུང་བ་རྣམས་ཀྱི་ཆོས་ཡིན་ཏེ། འདི་ལྟར་ས་དང་ཆུ་ཤས་ཆེ་ན་ནི་འདོད་ཆགས་སོ། །མེ་དང་རླུང་དག་ལ་ནི་ཞེ་སྡང་ངོ་། །ཆུ་དང་རླུང་དག་ལ་ནི་གཏི་མུག་གོ་ཞེས་གང་སྨྲས་པ་དེ་ཡང་བཀག་པ་ཡིན་ཏེ། ཐམས་ཅད་དུ་མ་ངེས་པའི་ཕྱིར་རོ། །དེ་ལྟར་ཡང་། གནས་སྐབས་གང་ལ་
Vol. 178 · folio 116b
ཆགས་ཅན་འདོད། །ཅེས་བྱ་བ་ལ་སོགས་པ་བཤད་པ་བཞིན་ནོ། །ཡོད་མེད་དག་རྟེན་མེད་ཕྱིར་རོ། །ཞེས་བྱ་བ་ལ་སོགས་པས་རྟེན་ཡང་བཀག་པ་ཡིན་ནོ། །གལ་ཏེ་ཇི་ལྟར་དཀར་པོ་ལ་སོགས་པ་འབྱུང་བ་ཆེན་པོ་ལ་བརྟེན་པ་དེ་བཞིན་དུ་འདོད་ཆགས་ལ་སོགས་པ་ཡང་ཡིན་ནོ་ཞེ་ན་
དེ་ལ་བཤད་པ་ནི། དཀར་པོ་ལ་སོགས་ས་སོགས་ལ། །བརྟེན་པ་ཉིད་ནི་མ་ཡིན་ནོ། །གལ་ཏེ་ས་ལ་སོགས་པ་ལ་བརྟེན་པ་ཡིན་ན་ནི་དེའི་ཚེ་གཟུགས་ལ་སོགས་པ་འབྱུང་བ་དག་ལས་ཐ་དད་པར་ཁས་བླངས་པས་འབྱུང་བ་ཙམ་དུ་ཁས་ལེན་པ་ལ་གནོད་པར་འགྱུར་རོ། །འབྱུང་བ་ཙམ་དུ་
ཁས་ལེན་ན་ནི། རྟེན་དང་བརྟེན་པའི་དངོས་པོར་འགྱུར་བ་མ་ཡིན་ནོ། །གལ་ཏེ་ཤེས་པ་འབྱུང་བ་ལ་བརྟེན་པ་ཡིན་ན་དེའི་ཚེ་དེ་ཁོ་ན་མང་པོར་ཐལ་བར་འགྱུར་རོ། །ཐ་དད་པ་མ་ཡིན་ན་ནི་འབྱུང་བ་རྣམས་གཅིག་ཉིད་དུ་འགྱུར་ཏེ། ཤེས་པ་གཅིག་དང་ཐ་མི་དད་པའི་ཕྱིར་རོ། །གལ་ཏེ་གཟུགས་
ལ་སོགས་པ་འབྱུང་བ་དག་ལ་བརྟེན་ནས་ཞེས་ཁས་ལེན་པ་ན་རྟེན་དང་བརྟེན་པའི་དངོས་པོ་འགོག་པ་འགལ་ལོ་ཞེ་ན། མ་ཡིན་ཏེ། བརྟེན་པའི་དོན་ནི་རྟེན་གྱི་དོན་མ་ཡིན་གྱི། །འོན་ཀྱང་རྒྱུའི་དོན་ཡིན་ནོ། །དེ་བཤད་པ་ནི། དེ་བརྟེན་སྒྲའམ་རྒྱུ་དོན་ནམ། །ཡང་ན་རང་གི་
རྟེན་དག་དང་། །དབྱེར་མེད་པར་ནི་གནས་པའི་ཕྱིར། །རྟེན་ཡིན་གཞན་དུ་འཐད་མ་ཡིན། །རྟེན་པའི་དོན་ནི་རྟེན་གྱི་དོན་མ་ཡིན་ཏེ། འོན་ཀྱང་རྒྱུའི་དོན་མ་ཡིན་ནོ། །འདི་ལྟར། རྒྱུ་ནི་འབྲས་དང་ལྷན་ཅིག་ཏུ། །དུས་མཚུངས་པར་ནི་རྟོགས་མ་ཡིན། །དུས་མཚུངས་དག་ལ་
འབྲས་བུ་ཉིད། །ལ་སོགས་མེད་པར་རྣམ་པར་ངེས། །དེས་ན་རྟེན་དང་བརྟེན་པའི་དངོས་པོ་མ་ཡིན་ནོ། །དུས་མཚུངས་པ་དག་དང་རྟེན་དང་བརྟེན་པའམ་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་དུ་ཆུག་པ་དེ་ལྟ་ན་ཡང་རང་གི་རྟེན་དང་དབྱེར་མེད་པར་འཇུག་པའི་ཕྱིར་རོ། །འདི་ལྟར། གལ་ཏེ་གཟུགས་
སོགས་རྟེན་དང་ནི། །བརྟེན་པའི་ངོ་བོར་ངེས་ན་ནི། །དེ་དག་རྣམ་དབྱེར་མེད་པར་ནི། །འཇུག་ཅེས་བྱ་བར་གཟུང་བར་གྱིས། །གལ་ཏེ་དེ་དག་རྟེན་དང་བརྟེན་པའི་ངོ་བོ་ཡིན་ན། དེའི་ཚེ་བརྟེན་པ་མེད་ན་དེའི་རྟེན་ཀྱང་འཇིག་པར་འགྱུར་རོ། །མི་འཇིག་ན་ནི་ཕྱིས་བཞིན་དུ་སྔར་ཡང་རྟེན་ཉིད་
Vol. 178 · folio 117a
མ་ཡིན་ནོ། །དེས་ན་འདོད་ཆགས་ལ་སོགས་པ་ཡང་དབྱེར་མེད་པར་གནས་པར་འགྱུར་རོ། །གཟུགས་ལ་སོགས་པ་ལ་ཐ་དད་པའི་འབྱུང་བ་ཆེན་པོའི་རང་བཞིན་ནི་ཡོད་པ་མ་ཡིན་ཏེ། གཞན་གྱིས་ཁས་བླངས་པས་དེ་སྐད་བརྗོད་པ་ཡིན་ནོ། །འདོད་ཆགས་ལ་
སོགས་པ་ནི་དབྱེར་མེད་པར་གནས་པར་ཡང་མ་ཡིན་ཏེ། འགའ་ཞིག་རེས་འགའ་འབྱུང་བའི་ཕྱིར་རོ། །གལ་ཏེ་མྱོས་སོགས་ནུས་པ་བཞིན། །དབྱེར་ཡོད་ཅེ་ན་དངོས་པོ་ལས། །ནུས་པ་དོན་གཞན་ཉིད་མ་ཡིན། །དངོས་པོ་འཇིག་འགྱུར་རྟེན་ཚང་བར། །གནས་ན་བརྟེན་པ་འཇིག་
མ་ཡིན། །གལ་ཏེ་དེ་མཚུངས་ཤེ་ན་མིན། །སྣང་བ་ཐ་དད་རྟོགས་པས་ན། །འབྱུང་སེམས་ཐ་དད་ཉིད་ཕྱིར་རོ། །ཆང་དང་བུ་རམ་ཆང་ལ་སོགས་པའི་རྫས་ལ་མྱོས་པའི་ནུས་པ་བརྟེན་པ་ཡིན་ཡང་རྣམ་པ་དབྱེར་ཡོད་པར་གནས་པ་ཡིན་ཏེ། རྫས་ཡོད་པ་ལ་ལྡོག་པའི་ཕྱིར་དང་། ཕྱིས་འབྱུང་
བའི་ཕྱིར་རོ། །འདི་ལྟར། བསྐ་དང་མངར་སོགས་རྫས་ཡོད་ན། །སྔ་ན་མེད་པའི་ནུས་པ་ནི། །མངོན་པར་འབྱུང་འགྱུར་ཉིད་ཡིན་ཞིང་། །སླར་ཡང་མེད་པར་འགྱུར་བ་ཡིན། །འདི་རྟེན་མིན་པའང་མ་ཡིན་ཏེ། །དེ་བཞིན་ཉིད་དུ་རྟོགས་ཕྱིར་རོ། །དེ་བཞིན་ལུས་ཉིད་ལ་བརྟེན་པའི། །
འདོད་ཆགས་སོགས་ཀྱང་འགྱུར་བ་ཡིན། །ཞེ་ན་དེ་ཡང་མི་འཐད་དེ། །ནུས་པའི་དོན་གཞན་ཡང་མ་ཡིན་པའི་ཕྱིར་རོ། །ནུས་པ་ནི་འབྱུང་བ་ལས་དོན་གཞན་མ་ཡིན་པའི་ཕྱིར་རོ། །རྫས་ཀྱི་ནུས་པ་ཞེས་ཐ་དད་པའི་ཐ་སྙད་ནི། ཉེ་བར་བསྟན་པ་ཅན་བཞིན་དུ་འགྱུར་བའི་ཕྱིར་ཏེ། མཆི་
གུའི་ལུས་ཞེས་བྱ་བ་ལ་སོགས་བཞིན་ནོ། །འདི་ཇི་ལྟར་ཡིན་པ་དེ་ལྟ་བུ་ནི་འཆད་པར་འགྱུར་རོ། །གལ་ཏེ་མེ་ལ་སོགས་པ་རྣམས་ཀྱི་ནུས་པ་གཞན་མེད་ན། དེའི་ཚེ་སྔགས་དང་རྒྱུད་ལ་སོགས་པས་གང་གིས་གེགས་བྱེད། རེ་ཞིག་རང་གི་ངོ་བོ་ནི་མ་ཡིན་ཏེ། གཞན་ལ་སྲེག་པའི་ཕྱིར་
རོ། །ནུས་པ་བཀག་པ་ན་ཡང་དེ་མ་བཀག་པའི་ཕྱིར་གཞན་སྲེག་པ་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། ནུས་པ་བཀག་པ་ལ་ཡང་ནི། །རྣམ་དབྱེ་འདི་ནི་ཇི་ལྟར་འགྱུར། །དེ་ཡང་འགར་ནི་ཡོད་པ་དང་། །འགར་མེད་ཅེས་བྱར་ནུས་མ་ཡིན། །ནུས་པ་རྣམས་ནི་མང་བས་ན། །རྣམ་དབྱེ་
Vol. 178 · folio 117b
ཇི་ལྟར་སྲིད་མ་ཡིན། །དེ་སྲེག་བྱེད་པའི་ནུས་མེད་དེ། །དེ་ལས་གཞན་ནི་ལྡོག་མ་ཡིན། །ཡང་ན་སྲེག་བྱ་གཞན་ཉིད་དུ། །བྱེད་པ་དེས་ན་ཚིག་མ་ཡིན། །གཞན་གྱིས་ཚིག་འགྱུར་གཞན་དུ་ནི། །ནུས་པ་བཀག་པ་མེད་ཕྱིར་རོ། །དེ་ནི་མ་ཡིན་ཏེ། དངོས་པོ་དེ་ལ་དེ་སྙེད་ཀྱིས། །
ནུས་པ་ག་ལས་འབྱུང་བ་མིན། །གང་གིས་དེ་དག་ལ་ལྟོས་པ། །དེ་དག་གིས་ནི་ཅི་བྱར་ཡོད། །དངོས་པོ་ལྟོས་པ་ཡོད་མིན་ཏེ། །རྒྱུ་ཉིད་ལས་དེ་དེ་ལྟར་འབྱུང་། །ནུས་པ་དེ་དག་མེད་ན་ནི། །འབྲས་བུ་རྣམ་དབྱེ་འགྱུར་མ་ཡིན། །ནུས་པ་མང་པོར་མེད་ན་ནི། །འབྲས་བུ་སྣ་ཚོགས་སྲིད་
མི་འགྱུར། །མེ་ལ་ཚིག་པ་ལ་སོགས་པ། །རྣམ་པར་དབྱེ་བ་མཐོང་བ་གང་། །དེ་ནི་མེད་འགྱུར་མེད་སོགས་ལ། །རང་བཞིན་གཅིག་པོ་ཡོད་དམ་མེད། །ཡོད་ན་ཐམས་ཅད་སྲེག་པ་ཉིད། །མེད་པ་ཡིན་ན་འགའ་ཡང་མིན། །གཅིག་ནི་ཅིག་ཅར་ཡོད་པ་དང་། །མེད་པ་འགར་
ཡང་སྲིད་མ་ཡིན། །དེ་ཡང་སྤང་བར་བྱ་སྟེ། འདི་ལྟར། ཇི་ལྟར་ནུས་པ་སྣ་ཚོགས་འདི། །རྒྱུ་གཅིག་ཉིད་ལས་འབྱུང་བ་བཞིན། །སྣ་ཚོགས་འབྲས་བུ་ཅིས་མི་འདོད། །མ་མཐོང་བརྟགས་པས་ཅི་ཞིག་བྱ། །གལ་ཏེ་འབྲས་བུ་སྣ་ཚོགས་ནི། །མཐོང་བས་ནུས་པ་སྣ་ཚོགས་པར། །
རྟོགས་ན་འདིར་དེ་ཉིད་ཡིན་མོད། །གང་གིས་སྔགས་སོགས་དང་ལྡན་པས། །འབྲས་བུ་རྣམ་ཕྱེར་བྱེད་ནུས་འདིར། །རང་བཞིན་ངེས་པས་དེ་འདྲ་དེ། །རང་རྒྱུ་ལས་སྐྱེས་ནུས་དོན་མེད། །མེ་ནི་སྔགས་དང་མི་ལྡན་ན། །ཐམས་ཅད་སྲེག་པའི་རྒྱུ་ཡིན་ལ། །དེ་ཉིད་སྔགས་དང་ལྡན་པའི་
ཕྱིར། །འགའ་ཞིག་བསྲེག་པར་ནུས་པ་ཡིན། །བསྲེག་རྫས་རང་བཞིན་དེ་ཡིན་ཏེ། །གང་གིས་དེས་ནི་མེ་ཚིག་ཅིར། །དེ་ནི་གཞན་གྱིས་ཚིག་འགྱུར་བར། །རང་གི་རྒྱུ་ལས་སྐྱེས་ཕྱིར་རོ། །དེ་ལྟར་ནུས་པ་བཀག་པས་ན། །རྟེན་དང་བརྟེན་ལ་སྲིད་མ་ཡིན། །དེས་ན་མཐོང་བའི་དཔེ་དེ་ནི། །
རང་བཞིན་སྒྲུབ་པར་བྱེད་མ་ཡིན། །དེས་ན་དེར་ནི་དངོས་པོ་ཉིད་འཇིག་པར་འགྱུར་བ་ཡིན་ཏེ། རྟེན་མ་ཚང་བ་མེད་པར་གནས་ན་བརྟེན་པ་མེད་པར་འགྱུར་བ་ནི་མ་ཡིན་ནོ། །འོན་ཏེ་ཡང་འདིར་ཡང་འབྱུང་བ་དང་སེམས་དག་དེ་བཞིན་དུ་འགྱུར་བ་ཉིད་དོ་ཞེ་ན། འདིར་ལན་ནི་འབྱུང་བ་དང་སེམས་དག་ནི་ཐ་
Vol. 178 · folio 118a
དད་པའི་ཕྱིར་རོ། །སེམས་པ་དག་ནི་ནུས་པ་ལྟར། །འབྱུང་བ་དང་ཐ་མི་དད་པ་མ་ཡིན་ནོ། །དེ་ཉིད་ག་ལས་ཤེ་ན་སྣང་བ་ཐ་དད་པར་རྟོགས་པའི་ཕྱིར་རོ། །སྣང་བ་ཐ་དད་ཐམས་ཅད་དུ། །དངོས་པོ་ཐ་དད་སྒྲུབ་བྱེད་ཡིན། །ཐ་དད་བསྒྲུབ་པའི་ཐབས་གཞན་
ནི། །འགའ་ཡང་མཐོང་བ་ཡོད་མ་ཡིན། །དབང་པོ་ཐ་དད་པ་དང་རྟོགས་པ་ཐ་དད་པས་གཟུང་བར་བྱ་བ་ཡིན་ཡང་། གལ་ཏེ་ཐ་དད་པ་མེད་པར་སྣང་ན་ནི། དེའི་ཚེ་གཅིག་ཉིད་དེ། །ཐ་དད་པར་བྱེད་པ་ནི་སྣང་བའི་རང་བཞིན་རྟོགས་པ་ཡིན་གྱི་རྟོགས་པའི་རྒྱུ་ཐ་དད་པ་ནི་མ་ཡིན་ནོ། །འོན་
ཏེ་རྟོགས་པའི་རྒྱུ་ཐ་དད་ན། རྟོགས་པ་ཡང་ཐ་དད་དོ་ཞེ་ན། འོ་ན་རྟོགས་པ་ཐ་དད་པ་དེ་ཉིད་ཐ་དད་པར་བྱེད་པ་ཡིན་ཏེ། གཞན་ནི་དོན་མེད་དོ། །དེར་ཡང་སྣང་བ་ནི་ཐ་དད་དེ། རྣམ་པར་ཤེས་པ་ནི་བདེ་བ་ལ་སོགས་པའི་རང་བཞིན་གྱི་ནང་དུ་རིག་ལ་དོན་སྲ་བ་དང་། དྲོ་བ་ལ་སོགས་པའི་རང་
བཞིན་གྱིས་གཟུང་བ་ཉིད་དུ་རིག་པ་མ་ཡིན་ནོ། །འོན་ཏེ་བདེ་བ་ལ་སོགས་པ་ནི་ནང་གི་རིག་བྱའི་ཁྱད་པར་གྱི་རང་བཞིན་ཉིད་ཡིན་ཏེ། དེས་ན་ནང་དུ་རིག་པའི་རང་བཞིན་ཡིན་ནོ། །གང་ཞིག་གང་ན་གནས་པའི་དངོས། །དེ་ནི་དེ་ལྟར་མྱོང་འགྱུར་ཏེ། །ཉེ་དང་རིང་བའི་བྱེ་བྲག་གིས། །ཇི་ལྟར་
ཤིང་སོགས་རིག་པ་བཞིན། །ནང་གི་རེག་བྱའི་ཁྱད་པར་ནི་རིང་བ་མ་ཡིན་ཏེ། དེས་ན་འདི་བདག་དང་ཡུལ་གཅིག་པ་ཉིད་ཀྱིས་ལུས་ཀྱི་ནང་ན་གནས་པའི་ཕྱིར། ཕྱི་རོལ་གྱི་ཤིང་བཞིན་དུ་རིག་པ་མ་ཡིན་ནོ་ཞེ་ན། འདི་ནི་མི་རིགས་ཏེ། གལ་ཏེ་འདི་ནི་རེག་བྱ་ཉིད། །ཡིན་ན་དེ་ནི་གང་གིས་
རིག །གཞན་གྱིས་རིག་ན་རིག་པ་ཉིད། །ཐ་དད་ཡིན་པར་ཐལ་བར་འགྱུར། །འོན་ཏེ་དེ་ནི་རང་རིག་ན། །འབྱུང་བ་ཆེན་པོའི་རང་བཞིན་མིན། །རང་རིག་རང་བཞིན་དེ་བཞིན་ཉིད། །གཞན་གྱིས་ཇི་ཕྱིར་ཤེས་མ་ཡིན། །གལ་ཏེ་ཁོང་ནང་ཆུག་ཕྱིར་ན། །ནང་དུ་རེག་ནི་རིག་པར་འགྱུར། །
གང་ཞིག་ནང་གི་ཆ་ལ་རེག་པ་དེས་རིག་པར་ཐལ་བར་འགྱུར་རོ། །ཕྱིའི་འཁྱུད་པའི་རེག་པ་ཡང་བདེ་བའི་རང་བཞིན་ཉིད་དོ། །གཉིས་པ་ཕན་ཚུན་རེག་པ་ན། །གཉི་གས་ཀྱང་ནི་རིག་པར་འགྱུར། །གཞན་གྱིས་གཞན་གྱི་རང་བཞིན་རིག །གཞན་དག་རང་བཞིན་ཇི་ལྟར་མིན། །འོན་ཏེ་
Vol. 178 · folio 118b
གཞན་གྱིས་རེག་པ་ན། །བདག་གི་རང་བཞིན་དེ་ཉིད་བདེ་བར་འགྱུར་བ་ཡིན་ན། དེ་ལྟ་ཡིན་ན་གཞན་གྱིས་དེ་བཞིན་དུ་རིག་པར་ཐལ་ལོ། །གཞན་གྱིས་རྣམ་པ་ཐམས་ཅད་མ་རྟོགས་པའི་ཕྱིར་རོ་ཞེ་ན། གལ་ཏེ་དོན་དེ་གཅིག་ཡིན་ན་ཇི་ལྟར་རྣམ་པ་ཐམས་ཅད་མ་རྟོགས། དོན་རྡུལ་ཕྲ་རབ་
སོ་སོར་ཐ་དད་པ་དུ་མ་ཡིན་ནོ། །དེ་ལྟ་ཡིན་ན་བདེ་བའི་རྡུལ་ཕྲ་རབ་ཐ་དད་པར་བདེ་བ་མང་པོ་ལས་བདེ་བ་ལ་སོགས་པ་འགའ་ཞིག་རྟོགས་པར་འགྱུར་ན། གཞན་གྱིས་ནི་བདེ་བའི་ཆ་ཙམ་ཡང་རྟོགས་པ་མ་ཡིན་ནོ། །རང་ཉིད་རིག་པ་ཞེས་བྱ་བ་གཅིག་ཉིད་རྟོགས་པའི་ཕྱིར་བུད་མེད་དང་སྐྱེས་
པ་གཉིས་མཚུངས་པར་མྱོང་བར་འགྱུར་རོ། །ཐམས་ཅད་རིག་པ་ཡིན་ན་ནི། རྡུལ་ཕྲ་རབ་ཏུ་མ་རིག་པར་ཐལ་ལོ། །འོན་ཏེ་ཕན་ཚུན་འབྱར་བས་རྣམ་པར་དབྱེ་བ་མེད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ་དེ་ལས་ཐ་དད་པའི་འབྱར་བ་མེད་པའི་ཕྱིར་རོ། །ཡོད་ཀྱང་ཐ་དད་པར་རྟོགས་པ་ལྡོག་པར་མི་
འགྱུར་རོ། །འབྱར་བས་རྣམ་པར་དབྱེ་བ་མི་རྟོགས་སོ་ཞེ་ན། འོ་ན་ནི་དེ་དག་གི་རང་གི་ངོ་བོ་མ་རྟོགས་པའི་ཕྱིར་འབྱུང་བ་དག་ལས་སེམས་ཐ་དད་པར་འགྱུར་ཏེ། ཐ་དད་པར་སྣང་བའི་ཕྱིར་རོ། །འོན་ཏེ་ཡན་ལག་ཅན་ཅིག་ཁོ་ནའོ་ཞེ་ན། དེ་ལྟ་ཡིན་ན་གཞན་ལ་ཡང་དེ་ལྟར་རྟོགས་པར་འགྱུར་རོ། །
འོན་ཏེ་གཞན་བདག་ཉིད་ཐམས་ཅད་ཀྱིས་རྟོགས་པར་མི་ནུས་སོ་ཞེ་ན། འོ་ན་ནི་དེའི་རང་བཞིན་རྟོགས་པ་མ་ཡིན་ནོ། །དེ་ནི་འཁྲུལ་པ་ཉིད་དེ་རྟོགས་པ་ནི་མ་ཡིན་ནོ་ཞེ་ན། འཁྲུལ་པ་ཡང་ནང་གི་རེག་པའི་ཁྱད་པར་གྱི་རང་བཞིན་ཉིད་དོ། །དེས་ན་གཞན་གྱིས་དེ་བཞིན་དུ་རྟོགས་པར་དབེན་པར་འགྱུར་རོ། །འདིར་ནི་རེག་བྱ་
གཅིག་པུ་ཉིད། །བདེ་བ་ལ་སོགས་གཞན་དུ་འགྱུར། །གལ་ཏེ་གཞན་གྱིས་གཅིག་རྟོགས་ན། །དེ་ལྟ་ཡིན་ན་བདེ་སོགས་གཞན། །དེའི་ཕྱིར་འབྱུང་བ་དང་ནི་སེམས་པ་དག །སྣང་བ་ཐ་དད་རྟོགས་པའི་ཕྱིར། །འགལ་བའི་ཆོས་ནི་གནས་པ་ན། །རང་བཞིན་ཐ་དད་ཡོད་པ་ཉིད། །གལ་ཏེ་གཞན་གྱིས་
རེག་པ་ན། །བདེ་བ་འབྱུང་བ་འདོད་ན་ནི། །རེག་པ་དེ་ལ་ཡིད་འོང་བ། །ཉིད་ཀྱིས་དེ་ནི་ཇི་ལྟར་གནས། །ཡིད་དུ་འོང་ཕྱིར་རྒྱུ་ཡིན་ན། །ཡིད་འོང་འདི་གང་ཡིན་པར་འདོད། །རང་སྐལ་འཕྲོ་ཡིས་འགའ་ཞིག་ལ། །གཞན་འགའ་ཞིག་ནི་ཡིད་འོང་ན། །ལས་ཉིད་སྐལ་བའི་སྒྲ་ཡིས་
Vol. 178 · folio 119a
ནི། །ཐ་དད་ཀྱི་ནི་ལམ་དུ་གནས། །ཕན་འདོགས་པ་ཡི་ཁྱད་པར་ནི། །སྐྱེ་བ་འདི་ལ་མཐོང་བ་མེད། །དེ་ལྟ་ཡིན་ན་སེམས་པ་གཞན། །མེད་ཀྱང་འཇིག་རྟེན་གཞན་གནས་འདིར། །མང་དུ་སྨྲ་བ་ཅི་ཞིག་བྱ། །གལ་ཏེ་དེ་ཡི་ཡིད་འོང་ཉིད། །རྒྱུ་
ལས་ཉེ་བར་སྐྱེས་ཡིན་ན། །གཞན་གྱིས་ཀྱང་ནི་རྟོགས་འགྱུར་ཏེ། །མིན་ན་དེ་ནི་རྣམ་ཤེས་ཉིད། །གལ་ཏེ་དེ་ནི་རྟོགས་པ་པོའི། །ལུས་ནང་ཆུད་པར་རྟོགས་ན་ནི། །ཕྱི་རོལ་དུ་ནི་རྟོགས་པ་དེ། །ཇི་ལྟར་ལུས་ཀྱི་ནང་དུ་ཆུད། །གཟུགས་ནི་སྣང་བར་འགྱུར་ན་ཡང་། །གཞན་གྱིས་རྟོགས་
པ་མ་ཡིན་ཕྱིར། །རང་གིས་རིག་པའི་རང་བཞིན་ནི། །འབྱུང་བ་དག་ལས་ཐ་དད་འགྱུར། །རྣམ་པར་རྟོག་པ་དང་བཅས་པའམ་གཞན་ལ་གཟུགས་སྣང་བ་ཡིན་ཡང་། གཞན་གྱིས་རྟོགས་པ་མ་ཡིན་ཏེ། དེས་ན་དེ་ནི་རང་རིག་པའི་ཤེས་པ་ཉིད་དོ། །འོན་ཏེ་གཞན་གྱི་ལུས་ཀྱི་ནང་དུ་ཆུད་
པས་ན་མི་རིག་གོ་ཞེ་ན། གཞན་གྱི་ལུས་ཀྱང་མི་རིག་པར་ཐལ་བར་འགྱུར་རོ། །ལུས་ཀྱི་ནང་དུ་ཆུད་ཉིད་ན། །བསྒྲིབས་པར་གནས་པ་འབའ་ཞིག་ནི། །ཇི་ལྟར་རིག་འགྱུར་ཡུལ་གཞན་དག །རྣམ་པར་རྟོག་པར་བྱེད་པ་ན། །རྣམ་པར་རྟོག་པ་མེད་པར་ནི། །ལུས་རིག་དེ་ཡང་དེ་མེད་
པར། །དེས་ན་གཅིག་གི་སྒྲུབ་བྱེད་པ། །ལྷན་ཅིག་དམིགས་པ་ངེས་པ་མེད། །འོན་ཏེ་ཡང་དེ་ཐ་དད་པར་འགྱུར་མོད། དེ་ལྟ་ན་ཡང་ལུས་ཉིད་དེའི་རྒྱུ་ཡིན་ཏེ། བདེ་བ་ལ་སོགས་པ་བག་ཆགས་དང་འབྲེལ་པ་ཙམ་གྱིས་སྐྱེ་བ་ནི་མ་ཡིན་ནོ། །དེས་ན་དོན་དམ་པ་ཉིད་དོ། །ལུས་ཀྱང་ཁུ་
བ་ལ་སོགས་པ་ལས་ཡིན་ཏེ། དེས་ན་འཇིག་རྟེན་ཕ་རོལ་མེད་དོ། །འཇིག་རྟེན་འདི་འགྱུར་བ་ཉིད་ཀྱི་ལས་ཡོངས་སུ་རྫོགས་པའི་ཕྱིར་རོ། །དེས་ན་འཁོར་བ་ཡོད་པ་མ་ཡིན་ནོ་ཞེ་ན། །བཤད་པ། ཇི་སྲིད་ལུས་འདི་འགྱུར་བར་དུ། །གཟུགས་སོགས་བཞིན་དུ་ཡིད་ངོ་བོ། །མཚུངས་
འགྱུར་རྣམ་པར་རྟོག་པ་ནི། །དོན་གྱི་གཞན་དབང་ཅན་ཉིད་གང་། །གང་གི་ཚེ་འདོད་ཆགས་ལ་སོགས་པ་ལུས་ཀྱི་རྒྱུ་ཅན་ནམ། རང་བཞིན་ཡིན་པ་དེའི་ཚེ། ལུས་མ་གྱུར་པའི་སྔོན་རོལ་དུ་ཡིད་མཚུངས་པ་ཉིད་དུ་འགྱུར་ཏེ། རྒྱུའམ་རང་བཞིན་གྱིས་རྟེན་མཚུངས་པའི་ཕྱིར་རོ། །དེ་ལྟ་མ་
Vol. 178 · folio 119b
ཡིན་ན་ནི། དེ་རྟེན་དང་བརྟེན་པའམ། རྒྱུ་དང་འབྲས་བུའི་དངོས་པོ་ཉིད་དུ་མི་འཐད་པའི་ཕྱིར་རོ། །ལུས་ལ་བརྟེན་པའི་གཟུགས་ལ་སོགས་པ་ནི་ལུས་མཉམ་པ་ཉིད་ན་མི་མཉམ་པ་མ་ཡིན་ནོ། །འོན་ཏེ་ཡུལ་གཞན་དང་གཞན་ཉེ་བ་ལ་རག་ལས་ནས་ཁྱད་པར་དུ་འགྱུར་བ་ལ་སྐྱོན་
མེད་དོ་ཞེ་ན། དེ་ཡང་མི་རིགས་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་དང་བདེ་བ་ལ་སོགས་པ་ལ་དོན་གྱི་གཞན་དབང་ཉིད་ཅི་ཞིག་ཡོད། བག་ཆགས་སད་པ་ཙམ་ལས་སྐྱེ་བའི་ཕྱིར་རོ་ཞེས་བསྟན་ཟིན་ཏོ། །གང་ཚེ་ལུས་ལ་ལྟོས་མེད་པར། །ཤེས་པ་འགའ་ཞིག་འགའ་ཞིག་གི། །བག་
ཆགས་སད་པའི་རྒྱུར་འགྱུར་བ། །དེས་ན་འགའ་ཞིག་ལས་འགའ་ཡིན། །ལུས་རྒྱུ་ཡིན་ན་ནི་སྔར་གྱི་སྐྱོན་དུ་ཐལ་ལོ། །གང་གི་ཚེ་ལུས་ལྟོས་པ་མེད་པར། བག་ཆགས་སད་པའི་རྒྱུའི་ཤེས་པ་འགའ་ཞིག་ལ་ལྟོས་ནས་ཡིད་ཀྱི་རྣམ་པར་ཤེས་པ་འགའ་ཞིག་སྐྱེ་བར་ཁས་ལེན་པ་དེའི་ཚེ་ནི་རྒྱུ་
དེས་ན་ལུས་འགྱུར་བ་མེད་ཀྱང་རྣམ་པར་ཤེས་པ་འགར་འགྱུར་གྱི་ལུས་རྒྱུ་ཉིད་ཡིན་ན་ནི་མ་ཡིན་ནོ། །དེའི་ཕྱིར་རྣམ་པར་ཤེས་པ་ཉིད་ལས་རྣམ་པར་ཤེས་པ་ཡིན་གྱི་ལུས་ལས་ནི་མ་ཡིན་ཏེ། དེས་ན་ཕུང་པོ་ནི་འཁོར་བ་ཡིན་ནོ། །གཏན་ཚིགས་གཞན་ཡང་སྨྲས་པ་ནི། །རྣམ་པར་ཤེས་
མིན་རྣམ་ཤེས་ཀྱི། །ཉེར་ལེན་མེད་པའི་ཕྱིར་ཡང་གྲུབ། །གལ་ཏེ་དངོས་པོ་ཐམས་ཅད་ནི། །རྣམ་ཤེས་ནུས་ལྡན་ཡིན་འདོད་ན། །རྩྭ་མཆོག་རྩེ་ན་གླང་ཆེན་བརྒྱ། །སྔོན་ཚེ་མ་མཐོང་ཡོད་དོ་ཞེས། །དེ་སྐད་གྲངས་ཅན་ཕྱུགས་ལས་གཞན། །ངོ་མཚར་བཅས་པ་སུ་བརྗོད་རྩོལ། །
རྒྱུ་ནི་ལན་བརྒྱར་རྣམ་ཕྱེ་ཡང་། །ངོ་བོ་གང་ཞིག་སྣང་གྱུར་བའི། །ངོ་བོ་དེ་ནི་སྔར་མི་སྣང་། །ཇི་ལྟར་དེ་ནི་ཡོད་པར་འགྱུར། །རྣམ་པར་ཤེས་པ་མཐུན་པ་དང་མི་མཐུན་པ་དག་ལས། རྣམ་པར་ཤེས་པ་ཕྱི་མ་མཐུན་པ་དང་མི་མཐུན་པར་མཐོང་བའི་ཕྱིར། །ངེས་པར་དེ་འགྱུར་བའི་
རྗེས་སུ་བྱེད་པས། རྣམ་པར་ཤེས་པའི་ཉེ་བར་ལེན་པ་དང་བྲལ་བའི་ལུས་ལས་རྣམ་པར་ཤེས་པ་མི་སྐྱེ་བའི་ཕྱིར་འཇིག་རྟེན་ཕ་རོལ་གྲུབ་བོ། །འདོད་ཆགས་ལ་སོགས་པ་ཅིག་ཅར་སྐྱེ་བར་ཐལ་བའི་ཕྱིར་རོ། །འོན་ཏེ་ཡང་གལ་ཏེ་ཤེས་པ་ཉིད་ལས་ཤེས་པ་ཡིན་པ་དེ་ལྟ་ན་ཡང་འཇིག་རྟེན་ཕ་
Vol. 178 · folio 120a
རོལ་མི་འགྲུབ་སྟེ། དངོས་པོ་ཐམས་ཅད་རྣམ་པར་ཤེས་པའི་ནུས་པ་དང་ལྡན་པའི་ཕྱིར་རོ། །དེ་ལྟ་བུའི་ནུས་པའི་འབྲས་བུ་རྩོམ་པ་མེད་པ་ནི་འཇིག་རྟེན་ཕ་རོལ་མ་ཡིན་ནོ་ཞེ་ན། འདི་ནི་གྲངས་ཅན་པའི་རྟོགས་པ་མ་ཡིན་ནམ། གང་ལས་རྟོག་གེ་བ་ཐམས་ཅད་
ཀྱི་གཙུག་གི་ནོར་བུ་བདག་ཉིད་རློམ་པ་ཁྱེད་ཀྱི་ཡིན་པར་འགྱུར། དེ་སྐད་དུ་བརྗོད་པར་རྩོལ་བ་ནི། གང་ཞིག་ལུང་གཅིག་པུ་སྐྱབས་སུ་གྱུར་པ། ངོ་ཚ་མེད་པའི་གྲངས་ཅན་ཕྱུགས་ཉིད་སྨྲ་བར་རྩོལ་བ་ཡིན་གྱི། ངོ་ཚ་དང་བཅས་པ་ནི་དེ་ལྟ་མ་ཡིན་ནོ། །རྩྭ་མཆོག་རྩེ་ན་སྔོན་ཆད་
ནི། །མ་མཐོང་གླང་ཆེན་བརྒྱ་ཡོད་པར། །གྲངས་ཅན་ལས་ནི་གཞན་པ་ཡི། །ངག་གི་སྤྱོད་ཡུལ་འགྱུར་མ་ཡིན། །འདི་ལྟར་རྒྱུ་ནི་རྣམ་བརྒྱར་རྣམ་ཕྱེ་ཡང་། །ཞོ་སྤོགས་རྣམས་ཀྱི་རང་བཞིན་གང་། །དེ་ནི་སྔར་མཐོང་ནུས་མིན་ན། །དེ་ནི་དེ་ལ་ཇི་ལྟར་ཡོད། །རང་བཞིན་གཞན་
གྱིས་གལ་ཏེ་དེ། །དེ་ཉིད་ཡོད་ཅེས་བརྗོད་མི་བྱ། །རྣམ་ཤེས་ལས་གཞན་རང་བཞིན་ནི། །ཡོད་པས་དེ་ཡོད་ཇི་ལྟར་འགྱུར། །གལ་ཏེ་མ་སོགས་ཤེས་པ་ཡི། །ཉེར་ལེན་ལས་ནི་དེ་འདོད་ན། །དེ་ཡི་འདུ་བྱེད་མངོན་ཕྱོགས་པའི། །ཡོན་ཏན་རྣམ་ཀུན་རྗེས་འཇུག་འགྱུར། །འོན་ཏེ་
གལ་ཏེ་མེས་པོ་ལ་སོགས་པའི་འདུ་བྱེད་ཀྱང་འདོད་ན། མ་ཡིན་ཀུན་ལ་དེ་མ་ནི། །ཐག་པའི་འདུ་བྱེད་རྗེས་སུ་འཇུག །དེའི་ཕྱིར་རང་གི་རྒྱུད་ལ་གནས་པའི་རྣམ་པར་ཤེས་པ་ལས་རྣམ་པར་ཤེས་པ་ཡིན་པའི་ཕྱིར། འཇིག་རྟེན་ཕ་རོལ་གྲུབ་པོ། །གཞན་ཡང་། སྔ་ན་མེད་པར་འབྱུང་བ་
ལ། །ཆགས་སོགས་ངེས་མེད་ཐལ་བར་འགྱུར། །གལ་ཏེ་འཇིག་རྟེན་ཕ་རོལ་མེད་པར་འགྱུར་ན། དེའི་ཚེ་སྔ་ན་མེད་པའི་སེམས་ཅན་འབྱུང་བར་འགྱུར་རོ། །དེ་ལྟ་ཡིན་ན་འདོད་ཆགས་ལ་སོགས་པ་ངེས་པ་མེད་པར་འགྱུར་ཏེ། འགའ་ཞིག་འདོད་ཆགས་དང་བྲལ་བར་ཡང་འགྱུར་རོ། །
གང་གི་ཚེ་སྐྱེ་བ་གཞན་ནས་འོངས་པ་དེའི་ཚེ་སྲིད་པ་ཉིད་ཡོད་པའི་སྲོག་ཆགས་སྐྱེ་བའི་རྒྱུ་ཡིན་པ་དེ་ལྟ་ན། སྐྱེ་བོ་འདོད་ཆགས་དང་བྲལ་བར་མི་འབྱུང་སྟེ། འདོད་ཆགས་མེད་པར་མི་སྐྱེ་བའི་ཕྱིར་རོ། །འབྱུང་བའི་བདག་ལས་མ་འདས་ཕྱིར། །གལ་ཏེ་ཀུན་ཆགས་སོགས་ལྡན་ན། །འོན་ཏེ་ཡང་
Vol. 178 · folio 120b
འདོད་ཆགས་ལ་སོགས་པའི་རྒྱུ་ནི་འབྱུང་བའི་བདག་ཉིད་ཡིན་ལ། དེ་ཡང་བྲལ་བ་མེད་པ་ཡིན་ནོ། །དེས་ན་རྒྱུ་མ་ཚང་བ་མེད་པའི་ཕྱིར། འདོད་ཆགས་ལ་སོགས་པ་མེད་པར་མི་འགྱུར་རོ་ཞེ་ན། གལ་ཏེ་དེ་ལྟ་ཡིན་ན་རྒྱུ་དེ་ཉིད་ཀྱིས། ཐམས་ཅད་འདོད་ཆགས་མཚུངས་པར་འགྱུར། །གལ་
ཏེ་འབྱུང་ཁྱད་ལས་མིན་ན། །འདི་ལྟར་གལ་ཏེ་འབྱུང་བ་རྣམས་ཕན་ཚུན་ཁྱད་པར་མེད་པ་ཡིན་ན་ནི་ཐམས་ཅད་འདོད་ཆགས་མཚུངས་པར་འགྱུར་བ་ཞིག་ན། མེད་པ་ཡང་མ་ཡིན་ཏེ། དེས་ན་ཐམས་ཅད་འདོད་ཆགས་མཚུངས་པ་མ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ན། འབྱུང་རྣམས་སྲོག་ཆགས་
ཁྱད་མེད་ཀྱང་། །ཁྱད་པར་འདི་རྟེན་གང་ཡིན་པ། །དེ་ནི་ཕུལ་འབྱུང་འགྲིབ་པ་བཞིན། །དེ་འགྱུར་བ་ལས་དེ་མེད་འགྱུར། །ཆགས་སོགས་ངེས་མེད་ཅེས་གང་བརྗོད་པ་དེ་ལ་གཞན་གྱིས། ས་ལ་སོགས་པའི་འདུས་པ་འདོད་ཆགས་དང་བྲལ་བ་ནི་ཡོད་པ་ཉིད་དོ། །འོན་ཏེ་སྲོག་ཆགས་
འགའ་ཞིག་འདོད་ཆགས་དང་བྲལ་བར་འགྱུར་རོ་ཞེས་བྱ་བ་ཡིན་ན་ནི། མ་ཡིན་ཏེ། ཅི་ལྟར་སྲོག་ཆགས་སྲོག་ཆགས་མ་ཡིན་པར་མི་འགྱུར་བ་དེ་བཞིན་དུ། འདོད་ཆགས་དང་བྲལ་བར་ཡང་མི་འགྱུར་རོ་ཞེས་བརྩད་པ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཡང་ཅི་ལྟར་སྲོག་ཆགས་ཉིད་ཁྱད་པར་ཡོད་པ་
མ་ཡིན་པ་དེ་བཞིན་དུ། འདོད་ཆགས་ལ་སོགས་པ་ཡང་ཡིན་པའི་ཕྱིར། ཐམས་ཅད་འདོད་ཆགས་མཚུངས་པ་ཉིད་དུ་འགྱུར་ཏེ། སྲོག་ཆགས་ཉིད་བཞིན་ནོ། །ཡང་ན་གལ་ཏེ་འགའ་ཞིག་སྲོག་ཆགས་ཡིན་ལ་འགའ་ཞིག་གཞན་དུ་ཡིན་པ་དེ་བཞིན་དུ་འདོད་ཆགས་དང་ལྡན་པ་དང་གཞན་
དུའང་འགྱུར་རོ། །འོན་ཏེ་སྲོག་ཆགས་ཉིད་ནི་ཐ་དད་པ་མེད་པ་ལ། འདོད་ཆགས་ལ་སོགས་པ་ཐ་དད་པ་ཡིན་ན། དེ་ཚེ་འབྱུང་བའི་ཁྱད་པར་གྱིས་རྒྱུ་གང་ལས་ཐ་དད་པར་འགྱུར་བ་དེ་བཞིན་དུ་འཕེལ་བ་དང་འགྲིབ་པ་སྲིད་པས་གཏན་ནས་མེད་པར་ཡང་འགྱུར་བའི་ཕྱིར། འདོད་ཆགས་
དང་བྲལ་བར་འགྱུར་རོ། །གལ་ཏེ་ཡང་རྒྱུ་འཕེལ་བ་དང་འགྲིབ་པ་རྒྱུ་དང་ལྡན་པ་ཡིན་པ་དེ་ལྟ་ན་ཡང་། འདོད་ཆགས་ལ་སོགས་པ་རྒྱུ་མཚུངས་པའི་བདག་ཉིད་ནི་ལྡོག་པ་མ་ཡིན་ནོ་ཞེ་ན། འདི་ལ་བརྗོད་པ། གལ་ཏེ་ཆགས་སོགས་ཐ་དད་ཀྱང་། །རྒྱུ་མཚུངས་བདག་ཉིད་མི་ལྡོག་ན། །བདག་
Vol. 178 · folio 121a
ཉིད་འདྲ་བའི་རྒྱུ་ཅན་གྱི། །འདོད་ཆགས་ཀུན་ལ་འདྲ་བར་འགྱུར། །གལ་ཏེ་འདོད་ཆགས་ལ་སོགས་པའི་རྒྱུ་མཚུངས་པ་ཉིད་གང་ཡིན་པ་དེ། མི་སྤོང་བ་དེས་ན་མཚུངས་པ་ཉིད་འདོད་ཆགས་ཀྱི་རྒྱུ་ཡིན་ནོ། །རྒྱུ་མཚུངས་པ་ཡིན་ན་ཡང་འབྲས་བུ་འདོད་ཆགས་
ལ་སོགས་པ་མཚུངས་པ་ཉིད་དེ། །རྒྱུ་འདྲ་བའི་བདག་ཉིད་ནི་འབྲས་བུ་ཡང་འདྲ་བའི་བདག་ཉིད་ཅན་ཉིད་དོ་ཞེས་རིགས་སོ། །གལ་ཏེ་རྒྱུ་མཚུངས་ཀྱང་འབྲས་བུ་ཁྱད་པར་དང་ལྡན་པའི་ཕྱིར་མཚུངས་པ་མ་ཡིན་ན་ནི། དེའི་ཚེ་དེའི་འབྲས་བུ་ཉིད་དུ་མི་འགྱུར་ཏེ། རྗེས་སུ་འགྲོ་བ་དང་
ལྡོག་པའི་རྗེས་སུ་བྱེད་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་གང་ལ་ཁྱད་པར་གྱི་རིམ་པ་ཡོད་པ་དེ་ལ་གཏན་མེད་པར་འགྱུར་བ་སྲིད་པ་ཡིན་ཏེ། འགྲིབ་པའི་ཁྱད་པར་ཡོད་པའི་ཕྱིར། དཀར་པོ་ལ་སོགས་པའི་ཡོན་ཏན་བཞིན་ནོ། །ཡང་ན་ནི་མཚུངས་པ་ལས་མི་ཉམས་པར་འགྱུར་རོ། །ཅིའི་
ཕྱིར་ཞེ་ན། མཚུངས་བདག་ལས་འབྱུང་བ་ལང་གི །ཤེས་པའམ་འདིར་ཡང་ས་སོགས་ལ། །སྲོག་སོགས་དག་ཀྱང་ཁྱད་པར་གྱི། །རིམ་པར་ལ་ལར་ཡོད་མ་ཡིན། །དེ་མ་ཡིན་པའི་རང་བཞིན་ལས་ལྡོག་པའམ་གཞན་ལ་ཡང་རུང་བ་མཚུངས་པའི་ཁྱད་པར་བདག་ཉིད་ལས་འབྱུང་བའི་
བ་ལང་གི་ཤེས་པ་དེ་ནི་བ་ལང་ངོ་། །ཆེས་ཤིན་ཏུ་ཡང་བ་ལང་ངོ་ཞེས་ཁྱད་པར་གྱི་རིམ་པ་དང་ལྡན་པ་མ་ཡིན་པའམ། འཇིག་རྟེན་རྒྱང་ཕན་པའི་ལྟ་བ་ལ་ལྟོས་ནས་ས་ལ་སོགས་པ་ལ་སྲོག་ཆགས་དང་ཆེར་སྲོག་ཆགས་དང་། ཆེས་ཤིན་ཏུ་སྲོག་ཆགས་ཞེས་ཁྱད་པར་གྱི་རིམ་པ་དང་ལྡན་པ་
མ་ཡིན་ནོ། །དེའི་ཕྱིར་རྒྱུ་མཚུངས་པ་ལས་ནི་མཚུངས་པ་ཉིད་དུ་འགྱུར་རོ། །འགྲིབ་པ་ཡོད་ན་ནི་གཏན་ཆད་པར་ཡང་འགྱུར་རོ། །དྲོ་རིམ་ཁྱད་པར་ཡོད་ན་ཡང་། །དྲོ་མེད་མེ་འགའ་ཡོད་མིན་པ། །དེ་བཞིན་འདིར་ཡང་ཞེ་ན་མིན། །དྲོ་ལས་མེ་གཞན་བཀག་ཕྱིར་རོ། །མེ་ལ་དྲོ་
བའི་ཁྱད་པར་ནི་ཡོད་པ་ཁོ་ནའོ། །དེ་ལྟ་ན་ཡང་དྲོ་བ་བདག་ཉིད་ཐམས་ཅད་དུ་མེད་པར་འགྱུར་བ་ནི་མ་ཡིན་ནོ། །འདོད་ཆགས་ལ་སོགས་པ་ཡང་དེ་བཞིན་དུ་ཐམས་ཅད་དུ་སྲིད་པ་མེད་པར་ནི་མི་འགྱུར་རོ་ཞེ་ན། མ་ཡིན་ཏེ་འདོད་ཆགས་ལ་སོགས་པ་ནི་ལུས་ལས་ཐ་དད་པའི་ཕྱིར་རོ། །འདིར་
Vol. 178 · folio 121b
མེ་ནི་དྲོ་བ་ལས་ཐ་དད་པ་མ་ཡིན་ཏེ། དྲོ་བ་ཉིད་ལ་མེ་བརྗོད་པའི་ཕྱིར་རོ། །གལ་ཏེ་དྲོ་བ་མེད་ན་ནི། མེ་ཉིད་དུ་མི་འགྱུར་རོ། །འདོད་ཆགས་ལ་སོགས་པ་མེད་ན་ས་ལ་སོགས་པ་ཉིད་དུ་མི་འགྱུར་བ་ནི་མ་ཡིན་ནོ། །གལ་ཏེ་འབྱུང་བའི་འདུས་པ་གཞན་ཆོས་ཅན་ཡིན་ལ། དྲོ་བ་དེའི་ཆོས་སུ་
ཡོངས་སུ་རྟོག་ན་ནི། དེའི་ཚེ་ཐལ་བར་འགྱུར་བའི་གནས་སྐབས་ན་དྲོ་བ་དེ་ལས་རྒྱུན་འཆད་པ་ཉིད་དོ། །འོན་ཏེ་འབར་བ་ཆོས་ཅན་དུ་བརྟགས་པ་ཡིན་ལ་དྲོ་བ་ཆོས་ཡིན་ཞིང་། དེ་ནི་ཁྱད་པར་གྱི་རིམ་པ་ཡོད་ཀྱང་དེ་འཆད་པ་མ་ཡིན་ནོ་ཞེས་བྱ་བ་གཞན་གྱི་ལན་ཡིན་ན། དེ་ཡང་མི་
རིགས་ཏེ། སྔགས་རྒྱུད་ལ་སོགས་ནུས་པ་ཡིས། །དྲོ་བ་མེད་པར་འབར་བར་འགྱུར། །ནོར་བུ་འབར་བ་དྲོ་མེད་པར། །མཐོང་བ་དེ་ནི་མི་འཐད་མིན། །དབྱེར་མེད་ཕྱིར་འབར་དྲོ་བ་ལ། །ལྟོས་ཏེ་ཆོས་ཅན་ཉིད་ཀྱང་ཡིན། །མདོག་དང་དབྱིབས་ཀྱི་འབར་བ་ནི། །མེད་ཀྱང་དྲོ་བ་ཡོད་པའི་
ཕྱིར། །ཆོས་ཅན་ཉིད་དུ་དེ་མི་འཐད། །དེས་ན་དེ་ནི་དབྱེ་བ་ཡིན། །འབར་བ་ནི་དྲོ་བ་མེད་པར་མི་འབྱུང་ལ། དྲོ་བ་ནི་འབར་བ་མེད་པར་མི་འབྱུང་བ་མ་ཡིན་ནོ། །དེས་ན་ཆོས་ཅན་ཉིད་དུ་མི་འཐད་དོ། །གཏན་མི་འབྲལ་བའི་འབྲལ་བ་དང་དེའི་དྲོ་བ་དག་ནི་ཆོས་དང་ཆོས་ཅན་གྱི་དངོས་པོ་མ་ཡིན་ནོ། །གཏན་ཚིགས་ནི་ཁྱད་པར་
དང་བཅས་པ་ཡིན་ཏེ། གང་ཞིག་གཞན་ཡོད་ཡོན་ཏན་ནི། །ཁྱད་པར་རིམ་པ་དང་ལྡན་པར། །དེ་དག་དེ་ཡི་ཁྱད་པར་ནི། །ལ་ལར་འཆད་འགྱུར་དཀར་སོགས་བཞིན། །གང་ཞིག་གཞན་དུ་འགྱུར་བའི་ཡོན་ཏན་ཁྱད་པར་གྱི་རིམ་པ་ཉམས་སུ་མྱོང་བ་ཅན་དེ་དག་ནི་ལ་ལར་འཆད་པ་མ་
ཡིན་ཏེ། དཔེར་ན་སྣམ་བུ་ལ་སོགས་པ་ལ་དཀར་པོ་ལ་སོགས་པ་བཞིན་ནོ། །གང་གིས་ཡོད་པ་གཞན་དེ་ལ་དཀར་པོ་ལ་སོགས་པ་འཆད་པར་འགྱུར་བ། དཀར་པོ་ལ་སོགས་པ་རང་བཞིན་ལ་ཐ་དད་པའི་སྣམ་བུ་ལ་སོགས་པ་གཞན་གང་ཡོད་ཅེ་ན། དེ་ནི་བདེན་ཏེ་འོན་ཀྱང་སྣམ་བུ་ལ་སོགས་
པ་ནི་རེག་བྱའི་རང་བཞིན་ཡིན་གྱི། ཁ་དོག་གི་ཁྱད་པར་གྱི་རང་བཞིན་ནི་མ་ཡིན་ཏེ། དེ་མེད་ཀྱང་སྣམ་བུ་ཡོད་པའི་ཕྱིར་རོ། །དེས་ན་གཞན་གྱིས་ཞེས་བྱ་བའི་དོན་ནི་འདི་ཡིན་ཏེ། གང་ཞིག་རྒྱུན་གྱིས་འཇུག་པ་ལ། །འཆད་པའི་ཆོས་དང་སྐྱེ་བའི་ཆོས་གང་ཡིན་པ་དེ་ནི་གཏན་ཆད་པའི་ཆོས་
Vol. 178 · folio 122a
སུ་ཡང་འགྱུར་ཏེ། དཔེར་ན་དཀར་པོ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ནི་ངག་གི་དོན་ཏོ། །ཡང་ན་མེ་ཉིད་རྗེས་སུ་འཇུག་པ་ན་དྲོ་བ་ཁྱད་པར་གྱི་རིམ་པ་ཡོད་ཀྱང་འབྱུང་བ་དང་བྲལ་བ་མ་ཡིན་པ་དེ་བཞིན་དུ། འདོད་ཆགས་ལ་སོགས་པ་ནི་མ་ཡིན་ཏེ།
འཆད་པ་སྲིད་པའི་ཕྱིར་རོ། །ནུས་པ་མི་འཆད་དོ་ཞེ་ན། མ་ཡིན་ཏེ། ནུས་པའི་དོན་གཞན་ཡིན་པའི་ཕྱིར་རོ། །འདོད་ཆགས་ལ་སོགས་པ་ཉིད་ནི་ནུས་པ་མ་ཡིན་ནམ། ནུས་པ་ཡང་ལ་ལར་འཆད་པ་མཐོང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བཤད་པ། གཟུགས་སོགས་
བཞིན་དུ་ངེས་མིན་དེ། །དེ་དག་འབྱུང་དང་དབྱེར་མེད་ཕྱིར། །གལ་ཏེ་དེ་མཚུངས་ཤེ་ན་མིན། །ཆགས་སོགས་ལྷན་ཅིག་སྐྱེ་ཐལ་ཕྱིར། །འདོད་ཆགས་ལ་སོགས་པ་ནི་གཟུགས་དང་རོ་ལ་སོགས་པ་ལྟར་འབྱུང་བ་དག་དབྱེར་མེད་པ་ཡིན་ཏེ། དེ་མེད་ཀྱང་འབྱུང་བ་རྣམས་ཡོད་
པའི་ཕྱིར་རོ། །གཟུགས་དང་རོ་ལ་སོགས་པ་མེད་པར་མ་ཡིན་ནོ། །འོན་ཏེ་དེར་ཡང་དེ་ལྟ་བུ་ཉིད་དོ་ཞེ་ན། དེ་ཡང་མི་བདེན་ཏེ། འདོད་ཆགས་ལ་སོགས་པ་རྣམས་ལུས་དང་ལྷན་ཅིག་སྐྱེ་བར་ཐལ་བའི་ཕྱིར་རོ། །འདོད་ཆགས་ལ་སོགས་པ་ནི་ལུས་དང་ཐམས་ཅད་ཀྱི་ཚེ་ལྷན་ཅིག་འབྱུང་
བ་ཡང་མ་ཡིན་ནོ། །འབྱུང་བ་ཆེན་པོ་ཙམ་དེ་ཁོ་ནར་སྨྲ་བ་རྣམས་ཀྱི་གཟུགས་ལ་སོགས་པ་འབྱུང་བ་དག་ལས་ཐ་དད་པ་ཡང་མ་ཡིན་ཏེ། དེ་ཁོ་ན་མང་པོར་ཐལ་བའི་ཕྱིར་རོ། །དེས་ན་རྣམ་པར་དབྱེར་མེད་པ་ནི་ལྷན་ཅིག་སྐྱེ་བ་ཡིན་ནོ། །གལ་ཏེ་ཡུལ་གྱི་རྒྱུ་ཅན་ཡིན་པའི་ཕྱིར། ཡུལ་
ཉེ་བར་གནས་པ་མེད་ན་རེས་འགའ་མེད་པར་ཡང་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། རྣམ་པར་བརྟགས་པའི་ཡུལ་ཡིན་ཕྱིར། །ཡུལ་ཡང་ངེས་བྱེད་མ་ཡིན་ནོ། །སྐལ་མཉམ་རྒྱུ་དང་བྲལ་བའི་ཕྱིར། །ཆགས་སོགས་ངེས་པ་མེད་པའམ། །རྒྱུ་ནི་ཉེ་ཕྱིར་བློ་རྣམས་ཀུན། །
ཐམས་ཅད་ཚེ་ན་སྐྱེ་བར་འགྱུར། །འདོད་ཆགས་ལ་སོགས་པའི་རྒྱུ་ནི་ཡུལ་གྱི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་དང་འབྲེལ་པ་མ་ཡིན་ཏེ། དེ་མེད་པར་འགྱུར་བ་ཉམས་སུ་མྱོང་བའི་ཕྱིར་རོ། །སྐལ་བ་མཉམ་པའི་རྒྱུ་ཡང་མི་འདོད་དེ། དེས་ན་འདོད་
Vol. 178 · folio 122b
ཆགས་ལ་སོགས་པ་ངེས་པ་མེད་པའི་ཕྱིར་རེས་འགའ་མི་སྐྱེ་བར་མི་འགྱུར་རོ། །དེས་ན་ངེས་པ་མེད་པས་ལུས་འདོད་ཆགས་ལ་སོགས་པ་རེ་རེ་དང་ལྷན་ཅིག་འབྱུང་བར་འགྱུར་རོ། །ཡང་ན་འདོད་ཆགས་ལ་སོགས་པ་ཐམས་ཅད་ཀྱི་རྒྱུ་ལུས་དང་ལྷན་ཅིག་འབྱུང་བར་འགྱུར་ཏེ། ཐམས་
ཅད་ཀྱི་རྒྱུ་ལུས་ཉེ་བར་གནས་པའི་ཕྱིར་རོ། །འོན་ཏེ་གང་གི་འདོད་ཆགས་ལ་སོགས་པ་ལྷན་ཅིག་མི་འབྱུང་བ་དེ་འདྲ་བ་དེ་ནི་ལུས་ཀྱི་ཡོངས་སུ་གྱུར་པའི་ཁྱད་པར་ཉིད་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ན། གང་གིས་དེ་དག་དེ་ལྟར་འགྱུར་བ་དེའི་ཡོངས་སུ་འགྱུར་བའི་ཁྱད་པར་དེ་འདྲ་བ་དེ་ག་ལས་
ཡིན། གང་ཡང་རུང་བ་ལས་ཤེ་ན། །ཀུན་ཚེ་འབྱུང་བར་ཡང་མི་འགྱུར། །གལ་ཏེ་དེ་ལྟར་མ་མཐོང་ཞེས། །འགའ་ཡང་རྒྱུ་དང་བཅས་མི་འགྱུར། །མེ་མེད་པར་ཡང་དུ་བར་འགྱུར། །ཀུན་ལས་ཅི་ཡི་ཕྱིར་མི་འགྱུར། །དེ་ལ་རྣམ་འགྱུར་འགའ་ཞིག་ཅེས། །དེ་ལྟར་བརྗོད་པར་
ནུས་པ་ཡིན། །དངོས་པོ་རྒྱུ་མེད་པ་ལ་ཡང་། །ཡུལ་ལ་སོགས་པ་ངེས་པར་འགྱུར། །ངེས་པ་མེད་པ་མ་མཐོང་ཞེས། །དེར་ཡང་བརྗོད་པར་ནུས་པ་ཡིན། །གལ་ཏེ་རྣམ་པ་ཐམས་ཅད་དུ། །མཐོང་བ་ཙམ་ལ་རྟེན་བྱེད་ན། །མཐོང་བ་གཉིས་མེད་ཉིད་ཡིན་པས། །འདིར་ནི་ཐ་སྙད་
འཇིག་པར་འགྱུར། །གལ་ཏེ་ཐ་སྙད་དོར་བར་ནི། །མི་ནུས་པར་ནི་རྟོགས་བྱེད་ན། །འཇིག་རྟེན་ཕ་རོལ་ལ་སོགས་པ། །འདི་ཡང་གཞན་དུ་ཇི་ལྟར་འགྱུར། །ཇི་ལྟར་རྗེས་སུ་དཔག་པ་ཡིས། །ཐ་སྙད་ཐམས་ཅད་བྱེད་འགྱུར་བ། །དེ་བཞིན་འཇིག་རྟེན་ཕ་རོལ་ཡང་། །འདི་
ནི་ཇི་ལྟར་འདོར་བར་བྱེད། །ཐ་དད་ཤེས་དང་དོན་དག་དང་། །སྔོན་པོ་ལ་སོགས་བྱས་པའམ། །སྔ་དང་ཕྱི་མའི་ངོ་བོ་ནི། །མངོན་སུམ་གྱིས་ནི་རབ་གྲུབ་མེད། །དེས་ན་ཐ་སྙད་དབྱེ་བ་ནི། །ཐམས་ཅད་རྗེས་སུ་དཔག་པར་བྱས། །དེས་ན་རྗེས་དཔག་སྤངས་ནས་ནི། །འགའ་ཡང་
འཚོ་བར་ནུས་མ་ཡིན། །དེའི་ཕྱིར། གང་དག་མཐོང་བའི་དོན་སྤངས་ནས། །མ་མཐོང་གཞན་ནི་རྟོགས་བྱེད་པ། །རྨོངས་པ་ཟན་གོང་སྤངས་ནས་ནི། །ལག་སྟོང་ལྡག་བྱེད་ཅི་བཞིན་ནོ། །ཞེས་བྱ་བ་དེ་གསལ་བ་ཡིན་ཏེ། བླང་དང་དོར་བྱའི་ཁྱད་པར་ནི། །རྣམ་དབྱེ་མངོན་སུམ་ལས་
Vol. 178 · folio 123a
མ་ཡིན། །འདི་ནི་སྤང་བྱ་མིན་ནོ་ཞེས། །འདི་ནི་མངོན་སུམ་ཙམ་གྱིས་མིན། །བླང་བྱ་ཉིད་ནི་ཡོད་པ་ཡང་། །དོར་བྱ་ཉིད་ནི་བཀག་ལས་ཡིན། །བླང་བྱ་ཉིད་དུ་བཞག་པ་ནི། །དོར་བྱ་ལས་ནི་བཟློག་ཕྱིར་རོ། །རྟོགས་བྱེད་དོན་དུ་གཉེར་རྣམས་ཀྱི། །
བླང་བྱ་རྟག་ཏུ་དོན་བྱ་ཡིན། །དེ་ནི་མངོན་སུམ་གྱིས་མི་མཐོང་། །དེ་ལས་འཇུག་པར་འདོད་པ་རྣམས། །དེས་ན་བླང་བྱའི་དངོས་པོ་ནི། །མངོན་སུམ་གྱིས་ནི་རིག་མ་ཡིན། །མངོན་སུམ་འབྱུང་འགྱུར་དོན་བྱེད་ནི། །རིག་མིན་བཟླས་པ་ཡང་མ་ཡིན། །སྤང་བྱ་དབང་པོ་ལས་འདས་ཕྱིར། །
སྤང་བྱ་དགག་པའང་ག་ལ་ཡོད། །དངོས་པོ་འདི་ནི་མེད་དོ་ཞེས། །རྟོགས་འདི་མངོན་སུམ་ལས་མ་ཡིན། །བླང་དང་དོར་བྱ་རྟོགས་པ་ཡི། །མངོན་སུམ་གཉི་ག་ཡོད་མ་ཡིན། །འདིར་ཡང་སྔར་གྱི་རིགས་པ་ནི། །སླར་ལ་བཟློག་ན་འཇུག་པ་ཡིན། །གལ་ཏེ་ཤིན་ཏུ་གོམས་པ་ཡི། །
མངོན་སུམ་ལས་ཀུན་རྟོགས་ཤེ་ན། །མ་རྟོགས་པ་ལ་གོམས་པ་མེད། །དེས་ན་ཕན་ཚུན་བརྟེན་པ་ཡིན། །ཇི་སྲིད་མངོན་སུམ་མེད་པར་ནི། །གོམས་པ་ལས་ནི་རྟོགས་མ་ཡིན། །ཇི་སྲིད་རྟོགས་མེད་མ་གོམས་ལ། །མངོན་སུམ་སྐྱེ་བར་འགྱུར་མ་ཡིན། །གལ་ཏེ་མངོན་སུམ་འདིར་
ཚད་ཡིན་ན་ནི། །བླང་དང་ཅིག་ཤོས་རྣམ་འབྱེད་མེད་པར་འགྱུར། །དེས་ན་རང་གི་རང་བཞིན་ཙམ་རིག་སྟེ། །གཉིས་མེད་དེ་ཉིད་དུ་ནི་ཐལ་བར་འགྱུར། །རྗེས་སུ་དཔག་པ་ལ་བརྟེན་ནས། །བླང་བྱ་ལ་སོགས་རྣམ་འབྱེད་ཉིད། །དེས་ན་ཐ་སྙད་རྟོགས་པས་ན། །གཞན་ཡང་ཡོངས་
སུ་ཚོལ་མི་བྱེད། །འོན་ཏེ་གཉིས་མེད་ལ་བརྟེན་ནས། །འཇིག་རྟེན་ཕ་རོལ་སྤོང་བྱེད་ན། །འདི་ཡང་བྱོས་ཤིག་དེ་ཙམ་གྱིས། །འདི་ནི་རྣམ་པར་གནས་མ་ཡིན། །འཇིག་རྟེན་འདི་ཡང་ཡོད་མིན་ཏེ། །དེས་ན་མེད་པ་པ་ཡང་མེད། །དེ་ལྟ་ཡིན་ན་ཐམས་ཅད་ནི། །སྤངས་ཕྱིར་སེམས་ནི་
གྲོལ་བ་ཉིད། །འོན་ཏེ་འཇིག་རྟེན་འདི་ལ་གང་། །གུས་པ་འདི་ནི་རྨོངས་པ་སྟེ། །འདི་ཡང་ཟད་འདོད་སུ་ཞིག་ནི། །རྨོངས་པ་གཞན་ནི་འདོད་པར་བྱེད། །རྨོངས་པ་འདི་ཉིད་ག་ལས་ཡིན། །གལ་ཏེ་ཐོག་མཐའ་མེད་གྲུབ་ན། །དེ་ཉིད་འཇིག་རྟེན་ཕ་རོལ་ཏེ། །མང་དུ་སྨྲ་བ་གཞན་དོན་མེད། །
Vol. 178 · folio 123b
འོན་ཏེ་འདི་རྒྱུ་མེད་ཉིད་ན། །ཐམས་ཅད་རྒྱུ་མེད་ཉིད་དུ་འགྱུར། །དེ་ལྟ་ཡིན་ན་མེད་པ་པ། །ཁྱོད་ཀྱིས་སྨྲས་པ་དོན་མེད་འགྱུར། །གལ་ཏེ་འགར་ཡང་སྨྲས་པ་འདི། །ཉེར་མཁོ་མིན་ན་ཅི་དོན་ཉིད། །འོན་ཏེ་འདི་ལ་དོན་འགའ་ཡོད། །འདི་དེ་ཉིད་ཀྱི་རྒྱུར་འགྱུར་རོ། །འོན་ཏེ་
གཞན་གྱིས་གཞན་ལ་ནི། །འདི་ལྟར་བརྒལ་ཞིང་བརྟག་བྱེད་ན། །གལ་ཏེ་འགའ་ཡི་རྒྱུ་མིན་ན། །དེས་བྱས་པས་ཀྱང་དོན་ཅི་ཡོད། །གལ་ཏེ་འདི་ནི་མ་རིག་པས། །བྱས་ཉིད་སུ་ཡིས་ལེན་ཞེ་ན། །གལ་ཏེ་མ་རིག་ཆད་མིན་ན། །གཞན་གྱིས་བཤད་པ་དོན་མེད་ཉིད། །འོན་ཏེ་མ་རིག་
ཆད་ན་ཡང་། །གཞན་གྱིས་བརྗོད་པ་དོན་མེད་ཉིད། །མ་རིག་རྒྱུ་དང་ལྡན་ཉིད་ནའང་། །ཐོག་མེད་མ་རིག་རྟོགས་པར་འགྱུར། །དེ་ལྟ་ཡིན་དང་འཁོར་བ་ནི། །རྩོད་པ་མེད་པར་གྲུབ་པ་ཉིད། །མ་རིག་རྣམ་རྟོག་ལས་གཞན་མེད། །དེ་ཡང་རྣམ་རྟོག་སྔ་མ་ལས། །དེས་ནི་རྣམ་པར་རྟོག་པ་
འདི། །ཐོག་མེད་རྒྱུན་འབྲེལ་གྲུབ་པ་ཉིད། །དེའི་ཕྱིར་བདེ་བ་ལ་སོགས་པ་ནི་ཐོག་མ་མེད་པའི་བག་ཆགས་ཡོངས་སུ་སྨིན་པས་བྱས་པ་ཙམ་ཡིན་གྱི། དོན་དམ་པར་ནི་མ་ཡིན་ནོ། །དེས་ན་དོན་དམ་པར་ནི་ཐམས་ཅད་སྡུག་བསྔལ་བ་ཉིད་དོ། །སྡུག་བསྔལ་དེ་ཡང་། དེ་ནི་རེས་འགའ་དམིགས་
པའི་ཕྱིར། །མི་རྟག་ཉེས་པའི་རྟེན་ཕྱིར་དང་། །རྒྱུ་དབང་ཕྱིར་ཡང་སྡུག་བསྔལ་ཡིན། །བདག་མིན་བྱིན་གྱིས་བརླབས་པའང་མིན། །རྒྱུ་མིན་བྱིན་གྱིས་བརླབས་པ་མིན། །རྟག་པའང་ཇི་ལྟར་སྐྱེད་བྱེད་ཡིན། །དེ་ཕྱིར་གཅིག་ལས་དུ་མ་ནི། །དུས་ཐ་དད་པ་སྐྱེ་མི་འགྱུར། །མི་རྟག་པ་ཉིད་
དང་། སྡུག་བསྔལ་བ་ཉིད་དང་། སྟོང་པ་ཉིད་དང་། བདག་མེད་པ་ཉིད་ཅེས་བྱ་བ་ནི་སྡུག་བསྔལ་གྱི་བདེན་པའི་རྣམ་པ་བཞིའོ། །དེས་ན་རེས་འགའ་དམིགས་པར་བྱ་བ་ཉིད་ཀྱིས་མི་རྟག་པ་ཡིན་ནོ། །རྟག་པ་རྟག་ཏུ་མི་དམིགས་པར་བྱ་བའི་རང་བཞིན་ནི་རེས་འགའ་དམིགས་པར་མི་འཐད་དེ།
དམིགས་པར་བྱ་བ་དང་ཅིག་ཤོས་ཀྱི་རང་བཞིན་དག་ཕན་ཚུན་སྤངས་ཏེ་གནས་པ་ཉིད་ཀྱིས་འགལ་བའི་ཕྱིར་རོ། །དམིགས་པར་བྱ་བ་ཉིད་ནི་ཡོད་པ་ཡིན་ནོ་ཞེས་པ་བསྟན་པའི་ཕྱིར་རོ། །ཐམས་ཅད་ཀྱི་ཚེ་ཐམས་ཅད་དམིགས་པར་ནུས་པ་ནི་མ་ཡིན་ཏེ་མི་རྟག་པ་ནི་རིམ་གྱིས་དམིགས་པ་ཡིན་པའི་
Vol. 178 · folio 124a
ཕྱིར་རོ། །གཅིག་ལ་ནི་རིམ་པ་སྲིད་པ་མ་ཡིན་ཏེ། རིམ་པ་དང་ལྡན་པ་ཅིག་ཤོས་ཉིད་དུ་མི་སྣང་བའི་ཕྱིར་རོ། །མངོན་སུམ་མི་འཇུག་པའི་ཕྱིར་རོ། །དེ་མེད་ན་རྗེས་སུ་དཔག་པ་མེད་པའི་ཕྱིར་ཏེ། མངོན་སུམ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །རྗེས་སུ་
དཔག་པ་སྔོན་དུ་འགྲོ་བ་ཅན་ཡིན་ན་ནི། ལོང་བ་བརྒྱུད་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་འདུ་བྱེད་ཀྱི་ཕུང་པོ་རྣམས་ནི་མི་རྟག་པ་ཉིད་དོ། །སྡུག་བསྔལ་བ་ཉིད་ནི། འདོད་ཆགས་ལ་སོགས་པ་ཉེས་པ་རྣམས་ཀྱི་རྟེན་ཡིན་པའི་ཕྱིར་དང་། རྒྱུའི་སྟོབས་ཀྱི་ཕྱིར་ཏེ། རྒྱུ་དང་འབྲེལ་པའི་ཕྱིར་
ཡང་སྡུག་བསྔལ་བ་ཡིན་ཏེ། གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན། །ཞེས་བྱ་བའི་ཚུལ་གྱིས་སོ། །ཡང་གི་སྒྲས་ནི་གོམས་པ་ཙམ་ལ་བརྟེན་པའི་ཕྱིར་རོ་ཞེས་རྟོགས་པར་བྱའོ། །བདག་གི་རང་བཞིན་མ་ཡིན་ལ་བདག་གིས་བྱིན་གྱིས་བརླབས་པ་ཡང་མ་ཡིན་ཏེ། རྒྱུ་མ་ཡིན་
པ་ནི་བྱིན་གྱིས་རློབ་པར་བྱེད་པ་ཉིད་དུ་མི་འཐད་པའི་ཕྱིར་རོ། །བྱིན་གྱིས་རློབ་པར་བྱེད་པ་ནི་གདོན་མི་ཟ་བར་ཕན་འདོགས་པ་དང་བཅས་པར་འགྱུར་དགོས་སོ། །ཕན་འདོགས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་དང་། གལ་ཏེ་ཕུང་པོ་རྣམས་བདག་གི་རང་བཞིན་ཡིན་ན། རྟག་པ་ཉིད་དུ་འགྱུར་རོ། །སྐྱོད་
པར་བྱེད་པ་མ་ཡིན་པ་ཡང་དངོས་པོ་ཉིད་མ་ཡིན་ཏེ། དམིགས་པ་མི་ནུས་པའི་ཕྱིར་རོ། །ཤེས་པ་དུས་ཐ་དད་པ་དུ་མ་ནི། རྟག་པ་ཉིད་ཀྱིས་གཅིག་ལས་སྐྱེ་བ་མ་ཡིན་ནོ། །བདག་གིས་བྱིན་གྱིས་བརླབས་པ་ཅན་དུ་ནི་དམིགས་པ་ཡང་མ་ཡིན་ནོ། །ཕུང་པོ་རྣམས་ཀྱི་རང་བཞིན་དམིགས་
པ་གང་ཡིན་པ་དེ་ནི། མི་བརྟན་པ་ཉིད་དོ། །གལ་ཏེ་བྱིན་གྱིས་མ་བརླབས་པའི་རྒྱུད་དག་ཇི་ལྟར་རང་གི་འབྲས་བུ་ལ་འཇུག་སྟེ། དེའི་ཕྱིར་བྱིན་གྱིས་བརླབས་པར་རྗེས་སུ་དཔག་གོ་ཞེ་ན། མ་ཡིན་ཏེ། མི་རྟག་པའི་སེམས་པ་བྱིན་གྱིས་བརླབས་པ་ཙམ་གྱིས་རྫོགས་པའི་ཕྱིར་རོ། །
སེམས་པ་ཡང་ཐོག་མ་མེད་པ་ཅན་དུ་བསྟན་ཟིན་ཏོ། །དེས་ན། རྒྱུ་གཞན་དག་ནི་ཚོགས་ན་ཡང་། །འབྲས་བུ་སྐྱེ་བ་མེད་པའི་ཕྱིར། །རྒྱུ་གཞན་རྗེས་སུ་དཔོག་འགྱུར་ན། །དེ་ནི་རྟག་རྣམས་ལ་ཡོད་མིན། །གལ་ཏེ་རྒྱུ་གཞན་འདུས་པ་ཡིན་ཡང་འབྲས་བུ་སྐྱེད་པར་བྱེད་པ་མ་
Vol. 178 · folio 124b
ཡིན་ན་དེའི་ཚེ་གང་མ་ཚང་བས་འབྲས་བུ་སྐྱེད་པར་མི་འགྱུར་བའི་རྒྱུ་གཞན་ཡང་ཡོད་པ་མ་ཡིན་ན། དེ་ལྟར་ནི་མ་ཡིན་ཏེ། མཚུངས་པ་དེ་མ་ཐག་པའི་རྐྱེན་རུང་བའི་ཁྱད་པར་ཙམ་གྱིས་འགྲུབ་པའི་ཕྱིར་རོ། །གང་གིས་དེ་མེད་པས་རྣམ་པར་རྟོག་པར་འགྱུར་བ་རྟག་པ་དང་ཁྱབ་པ་དག་ནི་ནམ་ཡང་
འགར་ཡང་ཡོད་པ་མ་ཡིན་ནོ། །རྗེས་སུ་འགྲོ་བ་ཙམ་གྱིས་སྐྱེད་པར་བྱེད་པ་ཡིན་ན་ནི། ནམ་མཁའ་ལ་སོགས་པ་ཐམས་ཅད་བྱིན་གྱིས་རློབ་པར་བྱེད་པར་འགྱུར་རོ། །དེ་དག་ཡོད་པ་ཡིན་ཡང་རྒྱུ་རྣམས་རང་གི་འབྲས་བུ་ལ་འཇུག་པའི་ཕྱིར་ཏེ། དེ་དག་ཀྱང་རྟག་པ་དང་ཁྱབ་པ་ཉིད་དུ་
མཚུངས་པའི་ཕྱིར་རོ། །དེ་དག་ནི་བྱིན་གྱིས་རློབ་པར་བྱེད་པ་པོ་ཉིད་མ་ཡིན་པའི་ཕྱིར་རོ་ཞེ་ན། ཁྱབ་པ་དང་རྟག་པ་ཉིད་ཀྱི་ཕྱིར་དེ་ཉིད་མི་འགྲུབ་པའོ། །རྟག་པར་ཁྱབ་པ་མ་ཡིན་ཡང་། །ཐམས་ཅད་དུ་ནི་རྒྱུ་ཉིད་འགྱུར། །ཉེ་བ་ཉིད་ཀྱི་རྒྱུ་མིན་ཏེ། །རིང་བ་ཡིན་ཡང་རྒྱུར་མཐོང་ངོ་། །སྒྲ་
སོགས་ཡུལ་ནི་ཐག་རིང་ཡང་། །རང་འབྲས་སྒྲུབ་པར་བྱེད་པ་ཡིན། །དེའི་ཕྱིར་རྗེས་འགྲོ་ཙམ་གྱིས་ནི། །ཐམས་ཅད་རྒྱུ་ཉིད་ཡིན་པར་འགྱུར། །རེས་འགའ་བ་ཉིད་ཡིན་པས་ན། །སྡུག་བསྔལ་འདི་རྒྱུ་བཅས་ཉིད་འགྲུབ། །རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་
པར་འགྱུར། །ཀུན་འབྱུང་བའི་བདེན་པ་ལའང་རྣམ་པ་བཞི་ཉིད་དོ། །རྒྱུ་ཉིད་དང་ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་ཉིད་དང་རྐྱེན་ཉིད་དོ། །དེ་ལ་རྒྱུ་ནི་རྒྱུ་མ་ཡིན་པ་སྤངས་པས་སོ། །ཀུན་འབྱུང་བ་ནི་རྒྱུ་གཅིག་ཉིད་སྤངས་པས་སོ། །རབ་ཏུ་སྐྱེ་བ་ནི་མི་ནུས་པ་སྤངས་པས་ཏེ། འདི་ལས་
རབ་ཏུ་འབྱུང་བས་ན་རབ་ཏུ་སྐྱེ་བའོ། །རྐྱེན་ནི་གཙོ་བོ་སྤངས་པས་སོ། །དེ་ལ། སྡུག་བསྔལ་གྱི་ནི་རྒྱུ་ཡོད་ཅེས། །དང་པོར་ཉིད་དུ་བསྟན་པ་ཉིད། །གཞན་ནི་རེས་འགའ་བ་མིན་ཏེ། །རྒྱུ་ལྡན་ལ་ནི་མཐོང་བ་ཡིན། །རྒྱུ་མེད་པ་ཡི་དངོས་པོ་ནི། །ཡོད་པའམ་གང་ན་གཞན་ཉིད་འགྱུར། །
ཅི་ལྟ་ཅི་ལྟར་རྒྱུ་མེད་ལ། །དེ་ལྟར་རྟག་པར་འགྱུར་བ་ཡིན། །རབ་རིབ་ཅན་ཤེས་སྐྲ་ལ་སོགས། །ཡུལ་མེད་པར་ཡང་སྐྱེ་བའི་ཕྱིར། །རང་རིག་པས་ནི་རྟོགས་བྱ་བ། །ཆོས་ཀྱི་དབྱིངས་ནི་རྒྱུ་མེད་ཅན། །རེས་འགའ་བ་མིན་མཚན་ཉིད་ཅན། །རྟག་པ་ཉིད་དུ་དམིགས་པ་ཡིན། །མོ་གཤམ་བུ་
Vol. 178 · folio 125a
སོགས་རྒྱུ་ཡི་ནི། །བདག་ཉིད་མེད་ཕྱིར་རྟག་ཏུ་མེད། །འདིར་བརྩད་པ། ཇི་ལྟར་ཚེར་མ་ལ་སོགས་ཀྱི། །རྣོ་བའི་རྒྱུ་སོགས་རྒྱུ་མེད་པ། །དེ་ལྟར་འདི་དག་རྒྱུ་མེད་འགྱུར། །ཞེས་ནི་ཁ་ཅིག་རབ་ཏུ་བརྗོད། །རྒྱུ་མེད་པར་སྨྲ་བ་དག་གོ། །རང་བཞིན་ཉིད་ཀྱིས་འབྱུང་བ་
ཆེན་པོའི་ངོ་བོ་ཉིད་ནི་བྱེད་པ་མ་ཡིན་ཏེ། ཡུལ་དང་དུས་དང་གནས་སྐབས་ཀྱི་ཁྱད་པར་དང་ལྡན་པ་ཉིད་ཀྱིས་ན་ཁྱད་པར་ཉིད་བྱེད་པ་ཡིན་ནོ། །དེ་ལ་ཁྱད་པར་དག་ཀྱང་རྒྱུ་མེད་ཅན་དུ་དམིགས་སོ། །འཕང་མདུང་དང་། ཁབ་དང་། མདུང་དང་། ཐུར་མ་ལ་སོགས་པ་རྣམས་ཀྱི་ལྕགས་ལ་
སོགས་པའི་རང་བཞིན་ཉིད་ནི། མགར་བ་ལ་སོགས་པས་བྱེད་པ་མ་ཡིན་ཏེ། རྣོ་བ་ཉིད་བྱེད་པའི་ཡུལ་ཡིན་ནོ། །ལྕགས་ལ་སོགས་པ་ལ་ཡང་ས་ལ་སོགས་པའི་རང་བཞིན་ཉིད་ནི། གཞན་གྱིས་བྱེད་པ་མ་ཡིན་ཏེ། ལྕགས་ལ་སོགས་པའི་རང་བཞིན་དུ་བྱེད་པའི་ཕྱིར་རོ། །མགར་བ་
ལ་སོགས་པ་མེད་ཀྱང་། ཚེར་མ་ལ་སོགས་པ་ལ་རྣོ་བ་མཐོང་བས། དེ་མེད་ཀྱང་ཡོད་པའི་ཕྱིར་རོ། །རྒྱུ་ངེས་པ་མེད་པ་ཅན་འདི་ཉིད་རྒྱུ་མེད་པ་ཅན་ཡིན་ནོ། །དེ་བཞིན་དུ་འགྲོ་བ་སྣ་ཚོགས་སུ་བྱེད་པའི་ཁྱད་པར་གཞན་ཡང་རྒྱུ་མེད་པ་ཉིད་དུ་འགྱུར་ཏེ། འདི་ལ་འགལ་བ་ཅི་ཡོད་ཅེ་ན། །
དེ་ཡང་མ་ཡིན་ཏེ། གང་ཡོད་ཉིད་ནའང་གང་སྐྱེ་བའམ། །གང་འགྱུར་ན་ཡང་རྣམ་འགྱུར་བ། །དེ་ནི་དེར་རྒྱུར་རབ་ཏུ་བརྗོད། །དེ་ནི་དེ་རྣམས་ལ་ཡང་ཡོད། །འདི་ལ་བསམ་པ་ནི། གལ་ཏེ་ཁྱད་པར་ཉིད་བསྐྱེད་པར་བྱ་བ་ཡིན་ན། དེ་དག་ནི་རྒྱུ་མེད་པ་ཉིད་མ་ཡིན་ནོ། །རྒྱ་ཤུག་གི་
ཚེར་མའི་རྣོ་བ་དང་འཁྱོག་པ་ནི་རྒྱ་ཤུག་གི་ས་བོན་མེད་པར་ཡོད་པ་མ་ཡིན་ནོ། །དེའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པའི་ཕྱིར་དེའི་འབྲས་བུ་ཡིན་ཡང་རྒྱུ་མེད་པ་མ་ཡིན་ནོ། །འོན་ཀྱང་མགར་བས་ཀྱང་བྱེད་པ་དེས་ན་འཁྲུལ་པས་དེ་སྐད་བརྗོད་དོ་ཞེ་ན། དེ་ཡང་ཇི་ལྟ་བ་བཞིན་མ་
ཡིན་ཏེ། བློ་སྔོན་བྱེད་པ་དམིགས་པའི་ཕྱིར། །བློ་ལྡན་རྒྱུ་ཡིན་དེ་ལྟ་ན། །དབང་ཕྱུག་བྱེད་པ་པོ་དེའི་ཕྱིར། །རྒྱ་ཤུག་གི་ནི་ཚེར་མ་ལ་སོགས་པ་དཔེ་དེ་ཉིད་ལ་ནི་རྒྱུ་མེད་པར་ནི་འགྱུར་བ་མ་ཡིན། ཁྱད་པར་རྟོག་ཕྱིར་མིན་ཞེ་ན། །ཁྱད་པར་ཡོད་མོད་རྒྱུ་བཅས་ཉིད། །འགའ་ཞིག་
Vol. 178 · folio 125b
རྒྱ་ཤུག་ས་བོན་ལས། །གཞན་ནི་མགར་བ་ལ་སོགས་ལས། །གལ་ཏེ་ཁྱད་པར་མཚོན་མེད་ན། །ཁྱད་པར་མེད་པ་ཁོ་ནར་ཟད། །གང་ཕྱིར་མཐོང་བ་ཙམ་གྱིས་ནི། །ཁྱད་པར་ཡོངས་སུ་འཛིན་མ་ཡིན། །གཉིས་མེད་དེ་ཉིད་རྒྱུ་ཡིན་ཏེ། །དེ་ཉིད་རྒྱུ་མེད་ཡིན་པར་འགྱུར། །དེ་ཕྱིར་
གང་ལས་ཁྱད་པར་ཡོད། །དེ་ཉིད་ལས་ནི་རྒྱུ་བཅས་ཡིན། །འདི་ལྟར་རྒྱུ་དང་བྲལ་བ་ཡི། །ཁྱད་པར་ཉིད་ནི་རབ་གྲུབ་མེད། །དེ་ཕྱིར་གལ་ཏེ་ཐ་དད་པའམ་གལ་ཏེ་ཕྱིའི་དོན་ཉིད་ཡིན་ན་རྣམ་པ་ཐམས་ཅད་དུ་རྒྱུ་དང་བཅས་པ་ཡིན་ལ། དེ་ལྟ་མ་ཡིན་ན་ནི་བཟློག་པ་ཉིད་དོ། །གལ་ཏེ་གང་
ཡོད་པ་ཉིད་ན་གང་སྐྱེ་བ་དེ་རྒྱུ་ཡིན་ན། རེག་པ་ཡང་མཐོང་བའི་རྒྱུ་ཡིན་པར་ཐལ་ཏེ་རེག་པ་མེད་པར་མེད་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། ཚོགས་པ་གཅིག་ལ་རག་ལས་ཕྱིར། །གཟུགས་དང་རེག་བྱ་ཕན་ཚུན་དུ། །རྣམ་པར་དབྱེ་བ་མེད་དེས་ན། །རེག་པ་མེད་པར་མཐོང་བ་མིན། །དེར་
ནི་རེག་པ་མེད་པར་གཟུགས་ཉིད་མི་འབྱུང་བ་ཡིན་ནོ། །གལ་ཏེ་གཟུགས་ཡོད་ན་ནི་མཐོང་བ་རྒྱུར་འགྱུར་བ་ཁོ་ནའོ། །རྣམ་པ་འདི་ལྟ་བུའི་ལྡོག་པ་ལས་ནི་རྒྱུར་འགྱུར་བ་མ་ཡིན་ཏེ། འོན་ཀྱང་གལ་ཏེ་གཟུགས་ཉེ་བར་བསྟན་ནས་རེག་པ་མེད་ན་མཐོང་བ་མེད་པར་བསྟན་པ་ཡིན་ན་འགྱུར་རོ། །
ཡང་ན། རེག་པ་གཟུགས་རྒྱུ་ཉིད་ཡིན་ཕྱིར། །མཐོང་བ་ལ་ནི་རྒྱུ་མཚན་ཡིན། །ཕན་ཚུན་མི་འབྲལ་བ་ཉིད་ཀྱིས། །དུས་མཚུངས་པ་དག་ཀྱང་། རྒྱུ་ཉིད་ཡིན་པའི་ཕྱིར་རམ། གཟུགས་ཀྱི་རྟེན་པའི་རང་བཞིན་གྱི་རྒྱུ་འབྱུང་བའི་རང་བཞིན་གྱིས་རེག་པ་ཉིད་དེ། དེས་ན་བརྒྱུད་ནས་
རེག་པ་མཐོང་བའི་རྒྱུ་ཡིན་པའི་ཕྱིར་གཏན་ཚིགས་མི་མཐུན་པའི་ཕྱོགས་ལ་འཇུག་པ་མ་ཡིན་པས་འཁྲུལ་པ་མེད་པ་ཉིད་དོ། །དེ་ལྟར་ན་རེ་ཞིག་རྒྱུ་མ་ཡིན་པ་ཉིད་བཀག་པའི་ཕྱིར་རྒྱུ་ཉིད་ཅེས་བྱ་བའི་རྣམ་པ་གཅིག་རྣམ་པར་གནས་པ་ཡིན་ནོ། །ཀུན་འབྱུང་བ་ཉིད་ཅེས་བྱ་བའི་རྣམ་པ་
གཉིས་བཤད་པ་ནི། རྟག་རྣམས་བཀག་ཕྱིར་དབང་ཕྱུག་ལ། །སོགས་པ་དག་ཀྱང་སྲིད་མིན་ཏེ། །དེའི་ཕྱིར་སྡུག་བསྔལ་རྒྱུ་དང་བཅས་པ་ཡིན་ཡང་། དེ་ལས་རྟག་པ་གཅིག་པུའི་རྒྱུ་བཀག་པས་ཀུན་འབྱུང་གི་རྣམ་པ་ཉིད་དུ་གདོན་མི་ཟ་བ་ཡིན་ནོ། །གལ་ཏེ་རྒྱུ་གཅིག་ཡིན་ན་རྟག་པ་
Vol. 178 · folio 126a
ཉིད་དུ་འགྱུར་ཏེ། རྟག་པ་ནི་ལྟོས་པ་མེད་པས་ཁྱད་པར་དུ་བྱར་མེད་པའི་ཕྱིར་རོ། །གཙོ་བོ་ལ་སོགས་པ་རྟག་པ་དེ་རྣམས་ཀྱང་སྔར་བཀག་ཟིན་ཏོ། །དེ་ག་ལས་ཤེ་ན། ནུས་པ་མེད་པའི་ཕྱིར་རོ། །རིམ་དང་ཅིག་ཅར་དག་གི་དོན་བྱེད་ནུས་པ་དང་བྲལ་བའི་
ཕྱིར་རྣམ་པ་གསུམ་པ་རབ་ཏུ་སྐྱེ་བ་ཉིད་མ་ཡིན་ནོ། །རྣམ་པ་འདི་ནི་སྲིད་པ་ཉིད་ཀྱིས་ཡིན་ནོ། །དེ་ཉིད་བརྗོད་པ་ནི། ནུས་མེད་ཕྱིར་རོ་དེ་ཡི་ཕྱིར། །སྲིད་འདོད་རྒྱུ་ཡིན་གང་གི་ཕྱིར། །མི་རྣམས་ཡུལ་གྱི་ཁྱད་པར་ནི། །ཡོངས་འཛིན་དེ་ཐོབ་བསམ་པས་བྱས། །རྒྱུ་གཞན་ནམ་ལས་ནི་
རབ་ཏུ་སྐྱེ་བ་གཞན་ཉིད་མ་ཡིན་ནོ། །ལས་སམ་ལུས་སམ་མ་རིག་པའམ་རབ་ཏུ་སྐྱེ་བ་མ་ཡིན་ཏེ། ནུས་པའི་རྒྱུ་ཞེས་བྱ་བའི་མིང་གཞན་དང་ལྡན་པའི་སྲེད་པ་མེད་ན་སྐྱེ་བ་མེད་པའི་ཕྱིར་རོ། །སྲེད་པ་ནི་རབ་ཏུ་སྐྱེ་བ་ཉིད་དུ་མཐོང་བ་ཡིན་ཏེ། འདི་ལྟར་ཡོངས་སུ་འཛིན་པ་དང་ཀུན་ཏུ་འཛིན་
པའི་མིང་གི་རྣམ་གྲངས་པ་ཅན་ནི། དེ་ཐོབ་པའི་སྲེད་པས་བྱས་པ་ཡིན་ལ། ཡོངས་སུ་འཛིན་པ་དེ་ཡང་སྐྱེ་བ་རྗེས་སུ་འབྲེལ་པ་ཡིན་ནོ། །དེས་ན་འདིའི་རབ་ཏུ་སྐྱེ་བ་ནི་སྲིད་པ་ཡིན་ནོ། །སྲིད་འདོད་ནི་མ་འོངས་པའི་སྐྱེ་བའི་དོན་དུ་གཉེར་བའི་རྣམ་པའོ། །གལ་ཏེ་ཡུལ་གྱི་ཁྱད་པར་དོན་དུ་
གཉེར་བ་ལ་སོགས་པ་ནི་ཀུན་འབྱུང་བ་མ་ཡིན་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས། དེ་ལ་ཀུན་འབྱུང་འཕགས་པའི་བདེན་པ་གང་ཞེ་ན། གང་འདི་སྲིད་པ་ཀུན་འབྱུང་བ་ཅན་དགའ་བའི་འདོད་ཆགས་དང་ལྡན་པ་དེ་དང་དེར་མངོན་པར་དགའ་བ་ཅན་དེ། འདི་ལྟ་སྟེ། འདོད་པའི་སྲེད་པ་དང་། སྲིད་པའི་
སྲེད་པ་དང་འཇིག་པའི་སྲེད་པ་ཞེས་གསུངས་པ་ཡིན་ནོ་ཞེ་ན། འདི་ནི་འགལ་བ་མེད་དེ། དེ་ནི་སྲིད་འདོད་གང་ཕྱིར་ཡང་། །སྲོག་ཆགས་བདེ་སྡུག་ཐོབ་པ་དང་། །འདོར་འདོད་འཇུག་པ་དེ་དག་ནི། །འདོད་དང་འཇིག་སྲེད་ཡིན་པར་འདོད། །གང་འདི་གནས་དང་ལོངས་སྤྱོད་ལ་སོགས་པ་
ལ་སྲེད་པ་དེ་ནི་སྲིད་པའི་འདོད་པ་སྟེ། འཁོར་བའི་སྲིད་པ་དགའ་བའི་འདོད་ཆགས་དང་ལྡན་པ། དེ་དང་དེར་མངོན་པར་དགའ་བ་ཅན་ནོ། །དེ་ཐམས་ཅད་ཉིད་ནི་འདོད་པའི་སྲེད་པ་དང་སྲིད་པའི་སྲེད་པ་དང་། འཇིག་པའི་སྲེད་པ་ཡིན་ནོ། །གང་ཞིག་གནས་ལ་སོགས་པ་ལ་སྲེད་པ་དེ་ནི་སྲིད་
Vol. 178 · folio 126b
པའི་སྲེད་པ་སྟེ། སྲིད་པའི་འདོད་པའོ། །བདེ་བའི་དོན་དུ་གཉེར་བའི་རྣམ་པ་གང་ཡིན་པ་དེ་ནི་འདོད་པའི་སྲེད་པའོ། །སྡུག་བསྔལ་དང་བྲལ་བར་འདོད་པ་དེ་ནི་འཇིག་པའི་སྲེད་པ་ཡིན་ནོ། །དེས་ན་འགལ་བ་མེད་པ་ཉིད་དོ། །ཀུན་འབྱུང་གི་བདེན་པ་བསྟན་པ་ལུང་དང་འགལ་བ་འགའ་
མེད་དོ། །བདག་ཏུ་ཆགས་པའི་རྒྱུ་ཉིད་ལས། །བདེ་མིན་བདེ་བར་འདུ་ཤེས་པ། །ཀུན་ལ་རབ་ཏུ་འཇུག་འགྱུར་བ། །དེ་ཕྱིར་སྲེད་པ་སྲིད་རྟེན་ཡིན། །ངར་འཛིན་པ་ཡི་གཞི་ཡིན་ཕྱིར། །གཅིག་ཏུ་སྒྲོ་བཏགས་པའི་སེམས་ནི་བདག་གོ། །དེ་ལ་ཆགས་པ་དེ་ནི་ཐམས་ཅད་ལ་རབ་ཏུ་འཇུག་པའི་
རྒྱུ་ཡིན་ཏེ། གནས་དང་ལོངས་སྤྱོད་ལ་སོགས་པ། །དོན་དམ་པར་བདེ་བ་དང་བྲལ་བ་ན། བདེ་བ་མ་ཡིན་པ་ལ། ཕྱིན་ཅི་ལོག་བཞིས་ཉམས་པ་དག་འཇུག་པའི་ཕྱིར་རོ། །དེའི་ཕྱིར་སྲིད་པའི་རྟེན་ཡིན་ནོ། །སྙིང་རྗེ་ལྡན་པ་མ་གཏོགས་པ། །སྲེད་པ་མེད་པ་གང་དུ་ཡང་། །འཇུག་
དང་རྗེས་འབྲང་ཅན་མ་ཡིན། །དེ་ནི་འཁོར་བའི་རྒྱུ་མ་ཡིན། །དེ་ཉིད་ཀྱི་ཕྱིར་སྲེད་པ་ནི་འཇུག་པ་ལྷན་ཅིག་བྱེད་པ་ཡིན་པའི་ཕྱིར། རྐྱེན་ཙམ་ཡིན་གྱི། ཉེ་བར་ལེན་པ་ཉིད་ནི་མ་ཡིན་ཏེ། དེ་ལ་ཉེ་བར་ལེན་པ་ནི་སེམས་ཡིན་ནོ། །དེའི་རྐྱེན་ནི་རེས་འགའ་སྲིད་པ་ཡིན་ལ་རེས་འགའ་ནི་སྙིང་
རྗེ་ཡིན་ནོ། །འདིས་རྐྱེན་ཉིད་ཅེས་བྱ་བའི་རྣམ་པ་བཤད་པ་ཡིན་ནོ། །གལ་ཏེ་རྐྱེན་ཉིད་ཀྱང་། སྲེད་པ་ནི་རྐྱེན་མ་ཡིན་ཏེ། འོན་ཀྱང་ལུས་ཡིན་ནོ། །དེས་ན་ལུས་དང་འབྲེལ་པ་ནི་འདོད་ཆགས་དང་བྲལ་བ་མ་ཡིན་ནོ། །འདི་ཉིད་སྟོན་པ་ནི། ཆགས་བྲལ་སྐྱེ་བ་མ་མཐོང་ཕྱིར། །ཞེས་
ནི་སློབ་དཔོན་རྣམས་ཀྱིས་གསུངས། །ལུས་མེད་ཆགས་པ་མ་མཐོང་ཕྱིར། །ལུས་ལས་ཀྱང་ནི་འདོད་ཆགས་འགྱུར། །ཇི་ལྟར་འདོད་ཆགས་དང་བྲལ་བ་སྐྱེ་བ་མ་མཐོང་བའི་ཕྱིར། འདོད་ཆགས་སྐྱེ་བ་རྒྱུ་ཡིན་པ་དེ་བཞིན་དུ། རིགས་པ་འདི་ཉིད་ལས་ལུས་འདོད་ཆགས་ལ་སོགས་པའི་
རྒྱུར་འགྱུར་རོ། །ལུས་མེད་པར་ཆགས་པ་མ་མཐོང་བའི་ཕྱིར་རོ་ཞེ་ན། འདིར་བཤད་པ། འདོད་ཆགས་མེད་ཀྱང་སྙིང་རྗེའི་དབང་གིས་སྐྱེ་བར་འགྱུར་བ་ཡིན་ནོ། །དེའི་མངོན་པར་དགའ་བའི་ཡུལ་ཉིད་ནི་སྲེད་པས་བྱས་པ་ཡིན་པའི་ཕྱིར། ཁྱད་པར་ཙམ་གྱི་རྒྱུ་ཡིན་པས་ན། སྲེད་པ་ནི་རྐྱེན་ཙམ་
Vol. 178 · folio 127a
ཡིན་ནོ། །དེ་བཞིན་དུ་གལ་ཏེ་ལུས་ཀྱང་འདོད་ཆགས་ལ་སོགས་པའི་རྐྱེན་ཙམ་ཡིན་ལ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཉིད་ཉེ་བར་ལེན་པའི་རྒྱུ་ཡིན་ན་ནི། དེའི་ཚེ་འདོད་པ་ཉིད་སྒྲུབ་པ་ཡིན་ནོ་ཞེས་སྟོན་པ་ནི། རྒྱུ་མཚན་ཁས་བླངས་ཕྱིར་ན་འདོད། །
ཉེར་ལེན་ཉིད་ནི་གསལ་བ་ཡིན། །རིགས་འདི་རྗེས་སུ་འདོད་ན་ནི། །རང་ཉིད་རང་འདོད་ལ་གནོད་འགྱུར། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྗེས་སུ་འབྲེལ་པའི་ལུས་ཀྱང་འདོད་ཆགས་ཀྱི་རྒྱུར་འདོད་པ་ཡིན་ནོ། །དེ་ནི་ཡུལ་བཞིན་དུ་རེས་འགའ་བག་ཆགས་སད་པའི་རྒྱུ་ཡིན་ནོ། །
རིགས་པ་འདིས་ནི་ལུས་ཀྱང་འདོད་ཆགས་ཀྱི་རྒྱུ་ཅན་ཉིད་དུ་སྒྲུབ་པར་བྱེད་དོ། །དེས་ན་ཕན་ཚུན་རྒྱུ་ཡིན་པའི་ཕྱིར། དེ་ལྟ་བུ་ཚོགས་པ་ཐོག་མ་མེད་པ་ལས་སྐྱེ་བ་རབ་ཏུ་འབྱུང་བས། སྐྱེ་བ་གཞན་རབ་ཏུ་གྲུབ་པའི་ཕྱིར། ཚུ་རོལ་མཛེས་པ་པས་དཔྱད་པ་མེས་ཚིག་པ་ཡིན་ནོ། །གལ་ཏེ་
ཡོན་ཏན་དང་བཅས་པ་རྫས་ཉིད་སྐྱེ་བ་མ་ཡིན་ནམ། དེས་ན་འདི་གཉིས་ནི་ཕན་ཚུན་རྒྱུ་མ་ཡིན་ནོ། །གལ་ཏེ་སྐྱེ་བ་ཆགས་མཐོང་ཕྱིར། །སྐྱེ་དང་ལྷན་ཅིག་འབྱུང་ཞེ་ན། །སྐལ་མཉམ་སྐྱེ་ལས་སྔར་གྲུབ་ཡིན། །སྲིད་ལ་མི་ཤེས་རྒྱུ་ཡིན་ཡང་། །མ་བརྗོད་སྲེད་པ་འདིར་བཤད་པ། །
རྒྱུན་ནི་འཕེན་བྱེད་པ་ཡི་ཕྱིར། །གལ་ཏེ་འདོད་ཆགས་ལ་སོགས་པ་སྐྱེ་བ་དང་ལྷན་ཅིག་འབྱུང་བའི་ཕྱིར་འདོད་ཆགས་ལ་སོགས་པ་ལུས་ཀྱི་རྒྱུ་མ་ཡིན་ན། དེའི་ཚེ་ལུས་ཀྱང་འདོད་ཆགས་ལ་སོགས་པའི་མ་ཡིན་ནོ། །རྒྱུ་མེད་པ་ཉིད་ཀྱང་མ་ཡིན་པ་དེའི་ཕྱིར་འདོད་ཆགས་ལ་སོགས་པ་རིགས་མཐུན་
པའི་རྒྱུས་བསྐྱེད་པའི་ཕྱིར་མངོན་པར་འདོད་པ་འགྲུབ་བོ། །གལ་ཏེ་སྲིད་པ་གཅིག་པུ་ནི་རྒྱུ་མ་ཡིན་པ་ཡིན་ནམ། མ་རིག་པ་དང་སྲེད་པ་དང་ལས་གསུམ་རྒྱུ་ཡིན་པའི་ཕྱིར་རོ། །དེ་དང་དེར་མངོན་པར་དགའ་བ་ཅན་གྱི་སྲེད་པ་ཉིད་ཀུན་འབྱུང་བའི་བདེན་པར་བསྟན་པ་ཅི་ལྟར་ཞེ་ན། དེ་ནི་
མེད་དེ་རྒྱུ་ཉིད་ཡིན་ཡང་དེ་མ་ཐག་པའི་རྒྱུ་མ་ཡིན་ནོ། །སྲེད་པ་ཉིད་བར་དུ་མ་ཆོད་པས་རྒྱུ་ཡིན་ཏེ། འཁོར་བར་རྒྱུར་སྐུལ་བར་བྱེད་པ་ཡང་ཡིན་པའི་ཕྱིར་རོ། །གཏི་མུག་དང་ལས་དག་ནི་ཡོད་ཀྱང་སྲིད་པ་མེད་པ་འགར་ཡང་འཇུག་པར་བྱེད་པ་ནི་མ་ཡིན་ཏེ། ཕྱིན་ཅི་ལོག་ཡོད་ཀྱང་། སྲེད་པ་
Vol. 178 · folio 127b
མེད་ན་དུང་ལ་འཇུག་པ་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་བཤད་པ། དེ་མ་ཐག་པ་ཉིད་ཀྱང་མིན། །དེ་ཡོད་པ་ནི་མེད་ཕྱིར་རོ། །སྲེད་པ་མེད་ན་ནི་ལས་ཀྱིས་སྦྱར་བའི་རྒྱལ་སྲིད་ལ་སོགས་པ་ཡང་འདོར་བར་བྱེད་དོ། །གལ་ཏེ་བློ་ལས་ཀྱི་རྗེས་སུ་འགྲོ་བའི་ཕྱིར། འདོར་བ་མ་ཡིན་ནམ། གང་
གིས་ཐོབ་པར་འདོར་བར་བྱེད་པ་དེའི་ལས་ཉིད་དེ་འདྲ་བ་ཡིན་ནོ། །འོན་ཏེ་ཐར་པའི་བདག་ཉིད་རྣམས་ལ་སྐྱེ་བ་མེད་པའི་ཕྱིར་རོ་ཞེས་བརྗོད་ན། དེ་དག་ཀྱང་ལས་ཟད་པ་ཉིད་ཀྱིས་ཐར་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་མེད་པའི་ཕྱིར་རོ་ཞེ་ན། འདིར་སྨྲས་པ། གལ་ཏེ་ལས་འདི་ཟད་པ་སྟེ། །སྲིད་
པ་དང་ནི་རྣམ་འབྲལ་ན། །སྲེད་པ་གཙོ་བོའི་རྒྱུ་ཡི་ཞེས། །འདི་ཉིད་འདིར་ནི་རིག་པར་ལྡན། །འོན་ཏེ་འདི་ལ་སྲིད་ཡིན་ན། །ལས་ཟད་པ་ནི་མེད་པ་ཉིད། །སྲིད་བཅས་དེ་ལས་གཞན་པ་དང་། །གཞན་པའི་ལས་ནི་ཡང་འགྱུར་རོ། །དེ་ལྟར་ན་རེ་ཞིག་ཀུན་འབྱུང་གི་མཚན་ཉིད། འཕགས་པའི་
བདེན་པ་རྣམ་བཞིར་བཤད་པ་ཡིན་ནོ། །ད་ནི་སྡུག་བསྔལ་དེ་འགོག་པ་སྲིད་པ་ཡིན་ནོ་ཞེས་འགོག་པའི་བདེན་པའི་རྣམ་པ་བཞི་འཆད་དེ། དེ་ནི་གཏན་དུ་བ་མིན་ཏེ། རྒྱུ་ལ་གགས་སོགས་སྲིད་ཕྱིར་རོ། །འཁོར་ཕྱིར་ཐར་པ་མེད་ཅེ་ན། །མ་ཡིན་འདོད་དང་མ་གྲུབ་ཕྱིར། །འགོག་པ་ཉིད་དང་། ཞི་བ་
ཉིད་དང་། གྱ་ནོམ་པ་ཉིད་དང་། ངེས་པར་འབྱུང་བ་ཉིད་དེ་རྣམ་པ་བཞིའོ། །འགོག་པ་ཉིད་དོ་ཞེས་སྨྲས་པ་ལ་འགོག་པ་ཉིད་དོ་ཞེས་བརྗོད་དོ། །གྲོལ་བ་རྣམས་ཀྱང་འདོད་ཆགས་ལ་སོགས་པ་དང་ལྡན་པར་ཕ་རོལ་པོས་ཁས་བླངས་པ་དེ་བཀག་པས་ན་ཞི་བ་ཉིད་དོ། །དེ་ལས་ཀྱང་མཆོག་ཏུ་གྱུར་པའི་ཐར་པ་ཡོད་དོ་ཞེས་
ཞེས་བྱ་བ་སྤངས་པས་ན་གྱ་ནོམ་པ་ཞེས་བྱ་བའི་རྣམ་པ་ཡིན་ནོ། །ཐར་པ་ཡང་སླར་ཐར་པ་མ་ཡིན་པར་འགྱུར་རོ་ཞེས་བྱ་བ་དེ་བསལ་ན་ངེས་པར་འབྱུང་བ་ཉིད་ཅེས་བྱ་བ་ཉིད་རྣམ་པ་བཞི་པ་ཡིན་ནོ། །དེ་ལ་རྣམ་པ་དང་པོ་ནི། །དེ་ནི་གཏན་དུ་བ་མིན་ཏེ། །གཏན་དུ་ནི་འགྱུར་བ་མ་ཡིན་ཏེ་འགོག་པ་
ཡང་ཡིན་ནོ། །འཁོར་བ་པ་ཡིན་པའི་ཕྱིར་ཐར་པ་མ་ཡིན་པ་ནི་ཉེས་པ་ཡང་མ་ཡིན་ཏེ་འདོད་པའི་ཕྱིར་རོ། །ཐར་པ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །འགའ་ཞིག་བཅིངས་པ་དེ་ནི་ཐར་པ་ཡོད་པ་མ་ཡིན་ཏེ། དེའི་རང་བཞིན་ཡིན་པའི་ཕྱིར། ཐར་པ་ལ་ཡང་བཅིངས་པ་ཡོད་པ་མ་ཡིན་ཏེ། དེ་ནི་རྟག་ཏུ་
Vol. 178 · folio 128a
ཐར་པའི་རང་བཞིན་ཡིན་པའི་ཕྱིར་རོ། །འོན་ཀྱང་སེམས་ཀྱི་རྒྱུན་མ་དག་པར་འགྱུར་བ་ཚོགས་པའི་ཁྱད་པར་ལས་དག་པའི་ཆ་གཞན་སྐྱེད་པ་འབའ་ཞིག་གོ། །དེ་ལ་ཕྱི་མ་དག་པའི་ཆ་ནི་འཁོར་བ་ཉིད་དུ་མ་གྲུབ་བོ། །དོན་དམ་པར་ནི་འཁོར་བ་པ་འགའ་ཡང་ཡོད་པ་མ་ཡིན་ཏེ།
སྐད་ཅིག་རྣམས་འཁོར་བ་མ་ཡིན་པའི་ཕྱིར་དང་། རྒྱུན་ཀྱང་དོན་དམ་པར་མེད་པའི་ཕྱིར་རོ། །དེས་ན་འཁོར་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ནི་མ་གྲུབ་བོ། །གང་ལ་ཐར་པ་ཡོད་པའི་ཐར་པ་པོ་ཡང་མེད་དོ། །གལ་ཏེ་བཅིངས་པ་ཐར་མིན་ན། །གཞན་བཅིངས་གཞན་ནི་གོལ་འགྱུར་ཏེ། །
གཞན་ནི་བཀྲེས་དང་གཞན་དྲངས་དང་། །གཞན་གྱི་གསོ་བའི་སྡུག་བསྔལ་མྱོང་། །གཞན་ནི་ནད་ལས་ཐར་བར་འགྱུར། །གཞན་ནི་དཀའ་ཐུབ་ཀྱིས་གདུངས་ལ། །གཞན་ནི་མཐོ་རིས་བདེ་བ་མྱོང་། །གཞན་ནི་བསྟན་བཅོས་སྦྱོང་བས་ངལ། །གཞན་ནི་བསྟན་བཅོས་རྟོགས་དེའི་ཚེ། །
རྟོགས་ལྡན་རྒྱུ་སྦྱོར་ཅི་ཞིག་དགོས། །འདི་ལ་ལན་དུ། འདི་ལྟར། ཇི་སྲིད་བདག་ཅག་མ་བཅོམ་ཞིང་། །དེ་ཡི་ཡོངས་སུ་གདུང་འགྱུར་བ། །དེ་སྲིད་སྡུག་བསྔལ་སྒྲོ་བཏགས་ནས། །རང་བཞིན་དུ་ནི་གནས་པ་མེད། །གྲོལ་བ་པོ་ནི་མེད་ན་ཡང་། །ལོག་པར་སྒྲོ་འདོགས་གཞོམ་ཕྱིར་
བརྩོན། །འདོད་ཆགས་བྲལ་བའི་གནས་པ་ནི། །བརྩེ་བའམ་ཡང་ན་ལས་དག་གིས། །འདི་ལ་བསམ་པ་ནི། གལ་ཏེ་རེ་ཞིག་འདིར་ཁོ་ན་མཐོང་བ་ལ་བརྗོད་ན་ནི་དེའི་ཚེ་གྲུབ་པ་བསྒྲུབ་པ་ཉིད་དོ། །དེ་དག་ནི་འགའ་ཞིག་ཏུ་འཇུག་པ་འམ་རྩོལ་བ་བྱེད་པ་མ་ཡིན་ནོ། །ཆོས་ཉིད་སྤང་བར་བྱ་
བ་ན། །ཞེས་གསུངས་པའི་ཕྱིར་རོ། །འོན་ཏེ་ངེད་ལྟ་བུ་ལ་ཡིན་ལ། དེའི་ཚེ་གཅིག་པུ་མངོན་པར་བཟློག་པའི་ཕྱིར། བཅིངས་པ་དེ་ཉིད་གྲོལ་བ་ཡིན་པས་དེ་དག་གི་གཅིག་པ་དེ་ཉིད་དོ། །དངོས་པོ་དོན་དམ་པར་ཡོད་དོ་ཞེས་ཏེ། དེ་ཙམ་གྱིས་ནི་དེ་ལྟར་ཐ་སྙད་བྱེད་པ་མ་ཡིན་ཏེ། ཐ་སྙད་ནི་
རྟོགས་པ་ལ་ལྟོས་པ་ཡིན་པའི་ཕྱིར་རོ། །འདི་ལྟར་དོན་དམ་པ་ན་སྦྲུལ་ནི་སྤང་བར་བྱ་བ་ཡིན་པའི་ཡུལ་མ་ཡིན་ཏེ། འོན་ཀྱང་སྦྲུལ་ཉིད་དུ་ལྷག་པར་མོས་པ་ཡུལ་ཡིན་ནོ། །འོན་ཏེ་གལ་ཏེ་ཀུན་རྫོབ་ཏུ་གཅིག་ཉིད་ཡིན་པ་ལྟ་བུ་ན་ཡང་ཀུན་རྫོབ་ཏུ་ཐ་སྙད་ཡོད་པར་འགྱུར་མོད་དོན་དམ་པར་ནི་གཅིག་
Vol. 178 · folio 128b
མེད་པའི་ཕྱིར། ཇི་ལྟར་དོན་དམ་པའི་ཐ་སྙད་དུ་འགྱུར་ཞེ་ན། དེ་ནི་མ་ཡིན་ཏེ། ཅི་ལྟར་གཅིག་ཉིད་ཀུན་རྫོབ་པ། །ཐ་སྙད་ཀྱང་ནི་ཀུན་རྫོབ་ཉིད། །ཇི་ལྟར་དེ་ཉིད་དུ་གཅིག་མེད། །ཐ་སྙད་ཀྱི་ནི་དངོས་མེད་ཡིན། །རང་གི་ངོ་བོ་ལས་གཞན་པ། །འབད་པའང་ལ་ལར་ཡོད་མ་
ཡིན། །རྒྱུ་དང་འབྲས་བུའི་དངོས་པོ་ནི། །རྩོད་པའི་སྐབས་འབྱེད་བྱེད་པ་མིན། །ཅི་ཕྱིར་འདི་ལས་འབྲས་འདི་ཞེས། །བྱ་འདི་མཁས་པའི་ཚུལ་མ་ཡིན། །དེ་ལྟར་རྟོགས་པ་དང་ལྡན་པ། །འགར་ཡང་འཇུག་དང་རྟོག་པ་མིན། །སྔོན་དང་ཕྱི་མར་དམིགས་པ་ནི། །ཚད་མས་
རབ་ཏུ་རིག་མེད་ཕྱིར། །སྐད་ཅིག་ཙམ་ལ་འགར་ཡང་ནི། །འཇུག་པ་སྲིད་པ་ཉིད་མ་ཡིན། །དེས་ན་རྩོལ་བ་འགའ་ཡང་ནི། །ཡོད་མིན་དེ་ཕྱིར་ནོར་བ་ཉིད། །ཁས་བླངས་ནས་ཀྱང་བརྗོད་པ་ནི། །འདོད་ཆགས་བྲལ་བའི་གནས་པ་ནི། །ཞེས་བྱ་བ་ལ་སོགས་པའོ། །དམ་པའི་དོན་རྟོགས་འགྱུར་བ་ན། །
གལ་ཏེ་འཇུག་པ་མེད་ཉིད་ན། །ཆགས་བྲལ་སྤྱོད་པར་མི་འགྱུར་ཏེ། །སྔ་ཕྱི་རྣམ་དབྱེ་ལ་བརྟེན་ནས། །སྤྱོད་པ་ཤེས་པ་རྟོགས་ན་ཡང་། །སྙིང་རྗེ་ཡིས་ནི་འཇུག་པ་ཡིན། །ཇི་ལྟར་རྒྱལ་པོ་སྐྱེས་བུ་ལ། །ཕན་བྱེད་ལ་བརྒྱུད་རང་བརྩོན་བཞིན། །སྨོན་ལམ་གཙོ་བོར་བྱེད་པས་ན། །དེ་ཡི་འབྲས་
བུ་སྨོན་ལམ་གྱི། །ལས་ཀྱི་མཐུ་ལས་སྐྱེས་པ་ཡིན། །འདི་ལ་བརྒལ་བ་ཅི་ཞིག་ཡིན། །དེ་ཕྱིར་རྣམ་པ་ལྟ་བུའི་ལྡོག་པར་སྒྲོ་བཏགས་པ་སྤང་བའི་ཕྱིར་བརྩོན་པ་ཡིན་ཏེ། དེ་ལྟ་མ་ཡིན་ན། རྨོངས་པའི་སྡུག་བསྔལ་མྱོང་བས་སྤང་བར་མི་འགྱུར་རོ། །གལ་ཏེ་ལས་ཀྱི་གནས་པ་ཡིན་ནའོ་
ན་སྐྱེ་བ་གཞན་གྱི་ལས་ཀྱང་ཡོད་པའི་ཕྱིར་སྐྱེ་བ་གཞན་དང་འབྲེལ་པར་འགྱུར་རོ། །འོན་ཏེ་དགྲ་བཅོམ་པ་ལས་ལན་ནུས་པ་མེད་ན། གནས་པར་ཡང་མི་འགྱུར་རོ་ཞེ་ན། འདི་ལ་བཤད་པ། འཕགས་ལ་ལྡོག་མེད་འདོད་ཕྱིར་རོ། །སྲིད་པའི་སྲེད་ལས་རྣམ་བརྒལ་བའི། །ལས་གཞན་
འཕེན་ནུས་མ་ཡིན་ཏེ། །ལྷན་ཅིག་བྱེད་པ་ཟད་པའི་ཕྱིར། །འཕགས་པ་ནི་རྩོལ་བ་མེད་པ་བཟློག་པར་ནུས་པ་མ་ཡིན་ནོ། །རྩོལ་བ་ཡང་འདོད་ཆགས་དང་བྲལ་བས་སྤང་བར་འགྱུར་ཏེ། བཏང་སྙོམས་པ་ཉིད་ཀྱིས་དེ་ནི་འགའ་ཡང་རེ་བ་མི་འཆའ་བའི་ཕྱིར་རོ། །རེ་བ་མེད་པ་དེ་ཉིད་ཀྱི་ཕྱིར།
Vol. 178 · folio 129a
སྐྱེ་བ་གཞན་འགྲུབ་པ་མ་ཡིན་ནོ། །དེའི་ཕྱིར་ལྷན་ཅིག་བྱེད་པ་སྲེད་པའི་མཚན་ཉིད་མེད་པའི་ཕྱིར་སྔོན་གྱི་སྲེད་པས་བསྐྱེད་པའི་སྐྱེ་བ་དེ་གཅིག་འབའ་ཞིག་ཏུ་ཟད་ཀྱི། གཞན་ནི་མེད་དོ་ཞེས་གནས་སོ། །གལ་ཏེ་བརྩེ་བ་ནི་སྡུག་བསྔལ་ལས་བསྐྱབ་པར་བྱ་བའི་ཕྱིར།
སེམས་ཅན་ལ་འགྱུར་གྱི། གཞན་ལ་མ་ཡིན་པ་མ་ཡིན་ནམ། བདག་ཏུ་ལྟ་བ་སྤངས་པའི་ཕྱིར་ནི་སེམས་ཅན་འགའ་ཡང་མེད་ལ། སེམས་ཅན་དུ་ལྟ་བ་ཡང་མེད་པ་ཡིན་ནོ། །དེས་ན་བརྩེ་བའི་ཕྱིར་ན་སེམས་ཅན་དུ་ལྟ་བ་མ་སྤངས་པར་འགྱུར་རོ་ཞེ་ན། འདི་ལ་ལན་དུ། སྡུག་
བསྔལ་ཤེས་ལ་འགལ་མེད་ཕྱིར། །འདུ་བྱེད་སྔ་མ་འཇུག་པ་ཅན། །དངོས་ཆོས་བརྩེ་བ་སྐྱེ་བ་དེ། །སེམས་ཅན་རྗེས་འབྲལ་ཅན་མ་ཡིན། །གང་གི་ཚེ་སྡུག་བསྔལ་ལ་གསུམ་དང་ལྡན་པ་མཐའ་དག་སྡུག་བསྔལ་བའོ་ཞེས་མངོན་སུམ་དུ་བྱས་པ་དེའི་ཚེ། ཀུན་འབྱུང་གི་མཚན་ཉིད་
སྲེད་པ་དང་འབྲལ་བར་འགྱུར་རོ། །ཀུན་འབྱུང་སྤངས་པ་ལ་ནི་འདོད་ཆགས་ལ་སོགས་པ་མེད་པའི་ཕྱིར། སེམས་ཅན་གྱི་ཚོགས་མཐའ་དག་དང་འགལ་བ་མེད་པ་མཉམ་པ་ཉིད་དོ། །དེས་ན་སྡུག་བསྔལ་མཐོང་བ་ལས་དངོས་པོ་ལ་བརྟེན་པ་ཉིད་ཀྱིས་བརྩེ་བ་ཆེན་པོ་སྐྱེ་བ་ཡིན་གྱི་དེའི་
གནས་སྐབས་ན་སེམས་ཅན་དུ་འཛིན་པ་དང་འབྲེལ་པ་ནི་མེད་དོ། །དེ་ལྟ་བུར་འགྱུར་བའི་སེམས་ཅན་དུ་འཛིན་པའི་ལྟ་བ་སྤངས་པའི་བསམ་པ་གང་ཡིན་པ་དེ་ནི་བརྩེ་བ་ཡིན་ལ། དེ་ཡང་བདག་ཏུ་ལྟ་བ་སྤངས་པ་ཁོ་ནའི་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ། །བདག་ཏུ་ལྟ་བ་མ་སྤངས་པ་ནི་ཇི་
ལྟར་གཞན་དག་དེ་སྤང་བའི་དོན་དུ་འབད་པར་འགྱུར། གལ་ཏེ་འདོད་ཆགས་དང་བརྩེ་བ་ལ་ཁྱད་ཅི་ཞིག་ཡོད་ཅེ་ན། འདི་ནི་ཁྱད་པར་མེད་དེ། དེ་བདག་མིན་པའི་ཆོས་ལ་ནི། །བདག་གཞན་སྒྲོ་འདོགས་པ་ལ་ཆགས། །སྡུག་བསྔལ་རྒྱུན་རིག་ཙམ་ལས་ནི། །བརྩེ་བ་སྐྱེད་པར་འགྱུར་
བ་ཡིན། །འདོད་ཆགས་དང་བརྩེ་བ་ནི་ཁྱད་ཆེ་སྟེ། རྒྱུ་ཐ་དད་པའི་ཕྱིར་དང་ཡུལ་ཐ་དད་པའི་ཕྱིར་རོ། །འདི་ལྟར་མ་འོངས་པ་མེད་པར་སྒྲོ་བཏགས་ནས་བདག་ཉིད་མ་འོངས་པའི་བདེ་བ་དང་ཕྲད་པར་སྨོན་པས་དབང་དུ་བྱས་པའི་འདོད་ཆགས་ནི་དེ་ལས་འཇུག་པ་ཡིན་ལ་ཡུལ་ཡང་དེའི་བདག་ཉིད་མ་ཡིན་པ་
Vol. 178 · folio 129b
ལ་དེའི་བདག་ཉིད་དུ་མཐོང་བར་འགྱུར་བ་ཡིན་ཏེ། ཕྱིན་ཅི་ལོག་རྣམ་པ་བཞིས་བསྒོམ་པའི་ཡིད་ནི། ཆགས་པར་འགྱུར་གྱི་གཞན་ནི་མ་ཡིན་ནོ། །བརྩེ་བ་ནི་སྡུག་བསྔལ་གྱི་རྒྱུན་ཙམ་མངོན་དུ་བྱས་པ་ཉིད་ལས། །ལོག་པར་མངོན་པར་རློམ་པ་དང་བྲལ་བར་བྱ་བའི་དོན་དུ་འཇུག་པ་ཡིན་ནོ། །གལ་ཏེ་
བདག་གིས་འདིའི་སྡུག་བསྔལ་བཟློག་པར་བྱའོ་སྙམ་པའི་བསམ་པ་མེད་པ་ཇི་ལྟར་འགྱུར་ཞེ་ན། འདི་ལ་ལན་དུ། གལ་ཏེ་བདག་དོན་ལ་འཇུག་ན། །དེ་ལྟ་ཉིད་དུ་ཐལ་བར་འགྱུར། །གཞན་དོན་ཙམ་ལ་འཇུག་རྣམས་ལ། །རང་འཛིན་ཆེད་ཀ་ཆེ་བ་མིན། །རྒྱལ་པོའི་དཔེ་ནི་བསྟན་ཟིན་
ཏེ། །དེའི་ཕྱིར་འདི་ལ་མི་འཐད་མེད། །ཡང་ན་སྔ་མ་སྔ་མ་ཡིས། །སྐྱེས་བུ་དམ་པའི་འདུ་བྱེད་ལ། །འཇུག་འགྱུར་རྒྱུན་མཐོང་ཡོད་མིན་ཞིང་། །འཇུག་པའང་འགའ་ཞིག་ཡོད་མ་ཡིན། །གནས་པ་མ་ཡིན་ཚད་མེད་ཕྱིར། །ཁྱོད་ཅག་འཁྲུལ་པ་ཉིད་དུ་ཟད། །དེས་ན་འདི་ནི་བརྩེ་བ་
དང་འདོད་ཆགས་ཀྱི་ཁྱད་པར་ཡིན་ཏེ། ཤིན་ཏུ་རྒྱ་སྐྱེད་པས་ཆོག་གོ། །གལ་ཏེ་དེ་ཁོ་ན་མཐོང་བ་ལ་སྐྱེ་བའི་ཕྱིར་བརྩེ་བ་འདོད་ཆགས་ཀྱི་རང་བཞིན་དུ་མི་འགྱུར་མོད། ཞེ་སྡང་གི་རང་བཞིན་དུ་ནི་འགྱུར་བ་ཉིད་དེ། མི་གཙང་བ་ལ་སོགས་པ་མཐོང་བ་ལ་རྒྱབ་ཀྱིས་ཕྱོགས་པར་འགྱུར་བའི་ཕྱིར་
རོ་ཞེ་ན། མི་སྡུག་པ་བསྒོམ་པས་ནི་ཐར་པ་མ་ཡིན་གྱི། འོན་ཀྱང་སྡུག་བསྔལ་ལ་སོགས་པ་མཐོང་བ་ལས་ཡིན་ནོ། །བདག་ཡོད་ན་ནི་དེ་རང་དབང་ཡིན་པས་གཞན་སྡུག་བསྔལ་བར་བྱེད་པའི་ཕྱིར་སྡང་བར་འགྱུར་ན། གང་གི་ཚེ་འདི་རྒྱུ་ལ་རག་ལས་པ་དེའི་རང་གི་ངོ་བོ་ཙམ་གྱིས་འཇུག་པ་
དང་གནོད་པར་བྱེད་པའི་དུས་ན་དེ་ཉིད་མེད་པ་ལ་གནོད་པར་བྱ་བར་མི་ནུས་པ་དེའི་ཚེ་ནི་སྡང་བར་འཛིན་པའི་དོན་མེད་དོ། །གཏི་མུག་ཉེས་པའི་རྩ་བ་དེ། །དེ་ཡང་སེམས་ཅན་འཛིན་པ་ཡིན། །དེ་མེད་ཉེས་རྒྱུ་ལ་ཁྲོ་མིན། །དེས་ན་བརྩེ་བ་ཉེས་མེད་འདོད། །གལ་ཏེ་བདག་ལ་གནོད་པ་བྱེད་
པ་མཐོང་ན་ཁྲོ་བར་འགྱུར་བ་ཡིན་ན། བདག་ནི་འགའ་ཡང་ཡོད་པ་མ་ཡིན་ཏེ། འོན་ཀྱང་སེམས་ཅན་མེད་པར་ཡང་སེམས་ཅན་དུ་འཛིན་པ་ཙམ་འབའ་ཞིག་ཁྲོ་བའི་རྒྱུ་ཡིན་པས་སེམས་ཅན་དུ་འཛིན་པ་མེད་པ་ན་ནི། གཏི་མུག་ནི་སེམས་ཅན་དུ་ལྟ་བའི་རྨོངས་པ་མེད་པའི་ཕྱིར། རང་ཉིད་
Vol. 178 · folio 130a
མེད་པ་ཡིན་ནོ། །དེ་བས་ན་ཉེས་པ་ཐམས་ཅད་དང་བྲལ་བའི་རྩ་བ་ནི་སྐྱོན་ཡོད་པ་མ་ཡིན་ནོ། །གལ་ཏེ་འདོད་ཆགས་དང་བྲལ་བ་ལུས་དང་བཅས་པ་ཡིན་ན། དེའི་ཚེ་མ་གྲོལ་བ་ཉིད་དུ་མི་འགྱུར་རམ་ཞེ་ན། མ་ཡིན་ཏེ། ཉེས་པ་དང་བྲལ་བའི་སེམས་ཡོད་
པའི་ཕྱིར་རོ། །གཞན་ཡང་། གྲོལ་མེད་མ་ཡིན་སྔོན་དུ་མེད། །ཟད་ན་གཞན་མཚམས་མི་སྦྱོར་ཕྱིར། །འདུ་བྱེད་ནུས་པ་མ་ཟད་པ། །གལ་ཏེ་གནས་པ་ཉེས་མེད་ཉིད། །སྐྱེ་བ་གཞན་མཚམས་སྦྱོར་བ་དང་། །འགལ་བའི་ཡིད་ལ་གནས་པ་ཇི་ལྟར་གྲོལ་བ་མ་ཡིན། །སྔོན་གྱི་འདུ་
བྱེད་སྐྱེ་བ་དེ་སྐྱེད་པར་བྱེད་པ་ཡང་ཟད་པའི་ཕྱིར་མཚམས་སྦྱོར་བ་མ་ཡིན་ནོ། །གང་དག་སྐྱེ་བ་གཞན་དུ་མཚམས་སྦྱོར་བ་མེད་པར་བྱ་བའི་ཕྱིར་འདུ་བྱེད་ཟད་འདོད་པ་མེད་པས། འདུ་བྱེད་མ་ཟད་པ་དེ་ནི་ཇི་སྲིད་འདུ་བྱེད་རྗེས་སུ་འཇུག་གི་བར་དུ་གནས་པ་ལ་ཉེས་པ་མེད་པ་ཉིད་དོ། །སྙིང་རྗེ་
དམན་པ་ཉིད་ཕྱིར་ཡང་། །གནས་པའི་འབད་རྩོལ་ཆེན་པོ་མེད། །གང་དག་བརྩེ་བ་ཆེན་པོ་པ། །གཞན་གྱི་ངོར་ནི་བཞུགས་པ་ཡིན། །འདུ་བྱེད་ཟད་པའི་ཕྱིར་དང་། སྙིང་རྗེ་དམན་པ་ཉིད་ཀྱི་ཕྱིར་ཡང་གནས་པའི་འབད་རྩོལ་མེད་པས་གཏན་དུ་གནས་པ་མ་ཡིན་ནོ། །ཐུགས་རྗེ་ཆེན་པོ་
དང་ལྡན་པ་དག་ནི་གནས་པ་ཉིད་དོ། །དེ་བཞེད་པ་ཡོད་པའི་ཕྱིར་རོ། །གལ་ཏེ་ལམ་ནུས་པ་ཡིན་ན་དེའི་ཚེ་དང་པོ་རྒྱུན་དུ་ཞུགས་པའི་ལམ་ཉིད་དུ་སྲིད་པ་འཆད་པར་འགྱུར་ཏེ། འཇིག་ཚོགས་སུ་ལྟ་བ་དང་བྲལ་བའི་ཕྱིར་རོ། འདི་ལྟར་འཇིག་ཚོགས་སུ་ལྟ་བ་དང་། ཐེ་ཚོམ་དང་ཚུལ་ཁྲིམས་དང་
བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྤངས་པས་རྒྱུན་དུ་ཞུགས་པར་འགྱུར་བ་ཡིན་ནོ། །གཏི་མུག་ཉེས་པའི་རྩ་བ་སྟེ། དེ་ཡང་སེམས་ཅན་འཛིན་པ་ཡིན་ནོ་ཞེས་ཀྱང་བརྗོད་པ་ཡིན་ནོ། །དེས་ན་ལམ་གཞན་དོན་མེད་པར་འགྱུར་རོ་ཞེ་ན། འདི་ལ་བཤད་པ། གལ་ཏེ་འཇིག་ཚོགས་ལྟ་བྲལ་ཕྱིར། །
ལམ་དང་པོར་ནི་སྲིད་མེད་འགྱུར། །ལྷན་ཅིག་སྐྱེས་པ་མ་སྤངས་ཕྱིར། །སྤངས་ན་སྲིད་པ་ག་ལ་ཡོད། །འཇིག་ཚོགས་སུ་ལྟ་བ་མཐའ་དག་སྤངས་པ་ནི་མ་ཡིན་ཏེ། མངོན་པར་འདུ་བྱེད་པ་ལས་བྱུང་བ་ཉིད་སྤངས་པའི་ཕྱིར་རོ། །ལྷན་ཅིག་སྐྱེས་པ་ནི་སྤངས་པ་མ་ཡིན་ནོ། །ལམ་དང་པོ་པ་
Vol. 178 · folio 130b
ནི་བདེན་པ་མཐོང་བ་ཙམ་ཡིན་ལ། མཐོང་བས་ཀྱང་མངོན་པར་འདུ་བྱེད་པ་ལས་བྱུང་བའི་བདག་ཏུ་འཛིན་པ་སྤངས་པ་ཡིན་ཏེ། གཞི་མེད་པའི་ཉོན་མོངས་པ་ཡིན་པའི་ཕྱིར་རོ། །ཉེ་བར་བསྟན་པ་ལས་བྱུང་བའི་བདག་ཏུ་ལྟ་བ་དེ་ནི། བཟློག་པ་མཐོང་བ་ཙམ་ཉིད་ཀྱིས་སྤོང་བ་ཡིན་ལ། ལྷན་
ཅིག་སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་ནི་ཐོག་མ་མེད་པ་ནས་གོམས་པས་བརྟན་པ་ཡིན་པའི་ཕྱིར། གཉེན་པོ་གོམས་པའི་ལམ་ཉིད་ཀྱིས་སྤོང་བ་ཡིན་ཏེ། དེས་ན་ལྷན་ཅིག་སྐྱེས་པ་སྤངས་པ་ལས་སྲིད་པ་ཟད་པར་འགྱུར་རོ། །གང་གི་འདོད་པས་ལྷན་ཅིག་སྐྱེས་པ་ཡང་སྤངས་པར་འདོད་པས་ནི་སྤངས་
ནས་སྲིད་པ་ག་ལ་ཡོད་པར་འགྱུར་ཏེ། ཤེས་རབ་རྣོན་པོའི་ནི་ལམ་དང་པོ་ཉིད་ནུས་པ་ཐམས་ཅད་དང་ལྡན་པའི་ཕྱིར། དེ་ཉིད་ལམ་ཐམས་ཅད་ཀྱི་རང་བཞིན་ནོ། །གལ་ཏེ་སེམས་ཅན་དུ་ལྟ་བ་ལྷན་ཅིག་སྐྱེས་པ་བདག་གི་རྣམ་པ་ཅན་ཡིན་ན། དེའི་ཚེ་བདག་མེད་པས་མངོན་པར་འདུ་བྱེད་པ་ཉིད་ལས་དེ་
ལས་བློ་འགྱུར་བ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །སྐྱེད་པར་བྱེད་པའི་དངོས་པོ་མེད་ན་ཉེ་བར་བསྟན་པ་ཙམ་ཞིག་རྒྱུ་ཡིན་པར་འགྱུར་རོ་ཞེ་ན། འདི་ལ་བཤད་པ། བདེ་བར་འགྱུར་བའམ་སྡུག་བསྔལ་བར། །མ་གྱུར་ཅིག་ཅེས་འདོད་པ་ན། །ངའོ་སྙམ་པའི་བློ་གང་དེས། །སེམས་ཅན་ལྟ་བ་ལ་ལྷན་
ཅིག་སྐྱེས། །ང་ཞེས་མཐོང་བ་མེད་པར་ནི། །འགའ་ཡང་བདག་ལ་ཆགས་པ་མིན། །བདག་ལ་སྲེད་པ་མེད་པ་ཡང་། །བདེ་བ་འདོད་པས་མངོན་རྒྱུག་མིན། །བདག་བདེ་བར་གྱུར་ཅིག་ཅེའམ། །རྣམ་པ་གཞན་དུ་མ་གྱུར་ཅེས་བྱ་བ་དེ་ལྟ་བའི་རྣམ་པ་ཅན། །ངའོ་སྙམ་པའི་བློ་ཐོག་མ་
མེད་པའི་བག་ཆགས་ཀྱི་དབང་གིས་སྐྱེས་པར་འགྱུར་བ་དེ་ནི་སེམས་ཅན་དུ་ལྟ་བ་ལྷན་ཅིག་སྐྱེས་པ་ཡིན་ནོ། །དེ་སྤངས་པའི་ཕྱིར་ནི་སྲིད་པ་མེད་པར་འགྱུར་རོ། །བདག་གོ་ཞེས་མ་མཐོང་ན་ནི། །བདག་ཏུ་ཞེན་པར་མི་འགྱུར་གྱི། །མཐོང་བ་ལ་ནི་མ་ཡིན་ནོ། །བདག་ལ་ཞེན་པ་མེད་པར་ཡང་བདེ་
བ་འདོད་པས་མངོན་པར་རྒྱུག་པར་མི་བྱེད་པ་ཡིན་ནོ། །གང་ཞིག་སེམས་ཅན་དུ་ལྟ་བ་ལྷན་ཅིག་སྐྱེས་པས་བཅུག་པའི་བདག་ཉིད་དུ་ཞེན་པ་དང་འབྲེལ་པ་དེ་ཅི་ལྟར་ཡང་སྲིད་མེད་པར་འགྱུར། དེས་ན་སེམས་ཅན་དུ་ལྟ་བ་ལྷན་ཅིག་སྐྱེས་པ་ཡོད་པའི་ཕྱིར། ལམ་དང་པོ་ཉིད་དུ་འཁོར་བ་མེད་པ་མ་ཡིན་
Vol. 178 · folio 131a
ཏེ། སེམས་ཅན་དུ་ལྟ་བ་མཐའ་དག་སྤངས་པ་ལས་གདོན་མི་ཟ་བར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བར་ངེས་སོ། །འདིས་ནི་ཞི་བ་ཉིད་ཅེས་བྱ་བའི་རྣམ་པ་བཤད་པ་ཡིན་ནོ། །གལ་ཏེ་བདག་ཡོད་ན། བཅིངས་པ་དེ་ཉིད་གྲོལ་བ་ཡིན་པ་དེའི་ཕྱིར་བདག་ལ་ཡོངས་སུ་
ཚིམ་པའི་ཁྱད་པར་ལས་ཐར་པ་དེ་གྱ་ནོམ་པར་འགྱུར་བ་མ་ཡིན་ནམ། བདག་མེད་པ་ན་གོ་གང་ལས་ཚིམ་པར་འགྱུར། གལ་ཏེ་འགྱུར་ན་དེ་འཁྲུལ་པ་ཉིད་ཡིན་པས་ཉེས་པ་དང་བཅས་པ་ཉིད་ཡིན་ཏེ། འདི་ཐར་པ་ནི་མ་ཡིན་ནོ་ཞེ་ན། འདི་ལ་ལན་བཏབ་པ་ནི། སྡུག་བསྔལ་སྐྱེ་བའི་རྒྱུ་
ཉིད་ནི། །འཆིང་ཡིན་རྟག་ལ་དེ་ག་ལས། །སྡུག་བསྔལ་མི་སྐྱེད་རྒྱུ་ཉིད་ནི། །ཐར་ཡིན་རྟག་ལ་དེ་ག་ལས། །གལ་ཏེ་བདག་རྟག་པ་དང་། དེ་བཞིན་ཁྱབ་པ་ཡིན་ནོ། །དེའི་ཚེ་རྗེས་སུ་འགྲོ་བ་དང་ལྡོག་པ་མེད་པའི་ཕྱིར་དེ་རང་ཉིད་བདག་གི་སྡུག་བསྔལ་སྐྱེད་པར་ནུས་པ་མ་ཡིན་ཏེ།
ནམ་མཁའ་བཞིན་ནོ། །གལ་ཏེ་རང་དབང་དང་ནུས་པ་ཡིན་ན་ཇི་ལྟར་བདག་ལ་སྡུག་བསྔལ་བསྐྱེད་དེ། རང་གསད་པར་བྱ་བའི་ཕྱིར་གཤེད་བྱེད་སྒྲུབ་པ་ནི་རྟོག་པ་དང་ལྡན་པར་རིགས་པ་མ་ཡིན་ནོ། །འོན་ཏེ་འདི་རྨོངས་པ་ཡིན་ན། དེའི་ཚེ་བདག་ཉིད་མི་ཤེས་པ་ཇི་ལྟར་བདག་ཡིན། མི་དམིགས་
པའི་ཕྱིར་འདི་མེད་པ་ཉིད་དུ་འགྱུར་རོ། །འོན་ཏེ་འདི་དེའི་རང་བཞིན་ཉིད་ཡིན་ན་དེའི་ཚེ་ནམ་ཡང་གཞན་དུ་མི་འགྱུར་བའི་ཕྱིར་དེ་འཐད་པར་མི་འགྱུར་རོ། །འོན་ཏེ་བདག་ཉིད་ཤེས་ཀྱང་ཆོས་དང་ཆོས་མ་ཡིན་པས་སྡུག་བསྔལ་བསྐྱེད་དོ་ཞེ་ན། དེ་ལྟ་ན་ཡང་རྟག་པ་དང་ཁྱབ་པ་ནི་འགའ་ཡང་སྡུག་
བསྔལ་བསྐྱེད་པའི་རྒྱུ་མ་ཡིན་ནོ། །གལ་ཏེ་འདི་དེའི་ཚེ་སྡུག་བསྔལ་གྱི་རང་བཞིན་ཡིན་ན་དེའི་ཚེ་སྡུག་བསྔལ་སྡུག་བསྔལ་དང་ལྡན་པ་མ་ཡིན་ནོ། །དེའི་ངོ་བོ་ཡིན་ན་གཞན་དུ་མི་འགྱུར་ཏེ་དེས་ན་ཐར་པ་མེད་དོ། །གཞན་གྱི་དངོས་པོར་འགྱུར་ན་ནི་རྟག་པ་མ་ཡིན་པའི་ཕྱིར་བདག་མ་ཡིན་ནོ། །དེ་ལྟར་བདེ་བ་
དང་སྡུག་བསྔལ་ཐ་དད་པ་ཡིན་ན་དེའི་ཚེ་བདག་བདེ་བ་ཅན་མ་ཡིན་ལ་སྡུག་པ་ཅན་ཡང་མ་ཡིན་ནོ། །བདེ་བ་གཞན་གྱིས་གཞན་བདེ་བ་ཉིད་དུ་ནི་འགྱུར་རོ། །འོན་ཏེ་དེར་འདུ་བའི་ཕྱིར་རོ་ཞེ་ན། འདུ་བ་ཡང་གཞན་ཉིད་མ་ཡིན་ནམ། གཞན་ཉིད་མ་ཡིན་པ་ཉིད་ན་ནི་སྐྱོན་དེ་ཉིད་དོ། །བདེ་བ་དང་བདེ་བ་མ་ཡིན་པ་ལ་སོགས་
Vol. 178 · folio 131b
པའི་རང་བཞིན་ཡིན་ན་ནི། རང་བཞིན་གཞན་དང་གཞན་ཉིད་པས་མི་རྟག་པ་ཉིད་དོ། །ཅི་སྟེ་འདི་དོན་དམ་པར་རྣམ་པར་འགྱུར་བ་མེད་པ་ཉིད་དེ། བདེ་བ་ལ་སོགས་པས་རྟོགས་པ་འཁྲུལ་པ་ཉིད་དོ་ཞེ་ན། དེ་ཡང་མ་ཡིན་ཏེ། གལ་ཏེ་འཁྲུལ་པ་བདག་ལས་ནི། །གཞན་ན་བདག་མེད་རིག་མེད་
ཕྱིར། །དེ་ཡི་རང་བཞིན་རིག་ཅེ་ན། །རང་རིག་ཇི་ལྟར་འཁྲུལ་པ་ཡིན། །གལ་ཏེ་ཐར་ཀྱང་བདེ་ཉིད་ན། །ཐར་པ་གྱ་ནོམ་མི་འགྱུར་ཏེ། །དེ་ལ་དེ་ནི་རྨོངས་ཡོད་ཕྱིར། །དེ་ཕྱིར་བདག་ནི་ཐར་ལྡན་མིན། །གང་ལ་ཡོངས་སུ་ཚིམ་པ་ཡི། །སྐད་ཅིག་གཞན་དང་གཞན་སྲིད་པ། །དེ་ཡི་ཐར་ཏེ་གྱ་ནོམ་
སྟེ། །ནོར་དང་མི་རིགས་མེད་པ་ཡིན། །གལ་ཏེ་བཅིངས་དང་ཐར་པ་གཉིས། །གཞི་མི་གཅིག་པར་ཐལ་ཞེ་ན། །ཀུན་རྫོབ་ཏུ་ནི་གཅིག་པ་ཡིན། །དངོས་པོ་བཟློག་པ་མེད་པ་ཉིད། །གང་ཞིག་ཐར་དེ་བཅིངས་པས་ཀྱང་། །དེ་ཡི་ཚེ་ན་ཅི་ཞིག་བྱ། །གལ་ཏེ་ང་སྔོན་གྱུར་ཏོ་ཞེས། །འགྱུར་
ན་དེ་ཡང་གང་དུ་མཁོ། །སྔར་ནི་གཅིག་ཏུ་ངེས་པའི་ཕྱིར། །རྟོགས་སྔོན་བྱེད་ཅན་མི་འགྱུར་ལ། །དེ་ཡང་རིགས་པ་མིན་ཞེ་ན། །དེ་ནི་འདོད་པ་ཉིད་ཡིན་ལ། །ཡང་ན་དེ་ནི་གཞན་དོན་དུ། །རབ་ཏུ་སྦྱོར་ཞེས་སྔར་བརྗོད་དོ། །ཐར་པ་དེ་ནི་གྱ་ནོམ་ཉིད། །གཞན་པ་དག་ནི་བཟློག་པ་ཡིན། །འོན་
ཏེ་འདི་སྙམ་དུ་བདག་ནི་རྟག་པ་མ་ཡིན་ཏེ། སྔར་གྱི་སྐྱོན་དུ་འགྱུར་རོ། །མི་རྟག་པ་ཡང་མ་ཡིན་ཏེ། རྟོག་པ་སྔོན་དུ་བྱེད་པ་ཡིན་པར་ཐལ་བའི་ཕྱིར་རོ། །དེས་ན་རྟག་པ་དང་མི་རྟག་པ་ཉིད་དུ་བརྗོད་བྱ་མ་ཡིན་ནོ་ཞེ་ན། དེ་ཡང་མི་འཐད་དེ། མི་རྟག་ཉིད་དུ་བརྗོད་མེད་གང་། །དེ་ནི་འགའ་ཡི་
རྒྱུ་མ་ཡིན། །བརྗོད་བྱ་མིན་ལའང་བཅིངས་དང་ཐར། །ཅི་ལྟ་བུ་ཡང་ཡོད་མ་ཡིན། །མི་རྟག་པ་ཉིད་དུ་བརྗོད་དུ་མེད་པར་ཞེས་བྱ་བ་ནི། འདི་ནི་མི་རྟག་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་མ་ཡིན་ན། གང་དེ་མ་ཡིན་པ་དེ་ནི་རྒྱུ་ཉིད་མ་ཡིན་ནོ། །རྒྱུ་ལ་མི་རྟག་པ་ཉིད་ཀྱིས་ཁྱབ་པ་ཡིན་ནོ་ཞེས་གཞན་
དུ་གཏན་ལ་ཕབ་བོ། །དེས་ན་ཁྱད་པར་མེད་པ་བྱེད་པས་རྒྱུ་ཉིད་ཀྱང་སྲིད་པ་མ་ཡིན་ནོ། །གང་ཞིག་རྟག་པ་ཡང་མ་ཡིན་པ་དེ་ནི་གཏན་མེད་པ་ཉིད་དོ། །འོན་ཏེ་བཅིངས་པ་དང་ཐར་པ་དག་གཞི་གཅིག་པའི་ཕྱིར་མི་རྟག་པ་ཉིད་མ་ཡིན་ལ། རྒྱུ་ཡིན་པའི་ཕྱིར་རྟག་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ལན་དུ་
Vol. 178 · folio 132a
འགྱུར་རོ་ཞེ་ན། དེ་ཡང་མི་རུང་སྟེ། རྟག་དང་མི་རྟག་ལས་གྲོལ་བའི། །ངོ་བོ་ཉིད་ནི་དམིགས་མ་ཡིན། །ཐམས་ཅད་ལྡོག་དང་རྗེས་སུ་ནི། །འཇུག་པ་ཉིད་དུ་མཐོང་ཕྱིར་རོ། །ཅི་སྟེ་གལ་ཏེ་གཞན་དུ་མི་འགྱུར་ན། །གཉི་གའི་རང་བཞིན་དུ་འགྱུར་རོ་ཞེ་ན། །དེ་
ལའང་ཉེས་པ་གང་གི་ཕྱིར། །གང་གི་རང་བཞིན་འཇིག་མེད་པ། །དེ་ལ་མཁས་རྣམས་རྟག་ཅེས་བརྗོད། །དེས་ན་ངོ་ཚའི་ལྟ་བ་འདི། །སྤངས་ཏེ་དེ་ནི་རྟག་པར་བརྗོད། །འཇིག་པ་ཡང་ཡིན་པ་ལ་རྟག་པ་ཡང་ཡིན་ནོ་ཞེས་བྱ་བ་འདི་ནི་འགལ་ལོ། །གང་གི་ཕྱིར་འཇིག་པ་མེད་པ་དེ་ནི་རྟག་པ་ཡིན་
ཏེ། ཞིག་པ་དང་མི་དམིགས་པ་དང་མེད་པ་ཞེས་བྱ་བ་ནི་དོན་གཅིག་ཡིན་ལ། མི་འཇིག་པ་དང་རྟག་པ་དང་། དམིགས་པ་ཞེས་བྱ་བ་ཡང་དོན་གཅིག་ཡིན་པར་གྲུབ་པར་འགྱུར་རོ། །དེས་ན་རྟག་པ་དང་མི་རྟག་པ་དག་གཅིག་ཉིད་ཡིན་ཞེས་བྱ་བ་ནི། དམིགས་པ་དང་མི་དམིགས་པ་དག་
ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དམིགས་པ་དང་མི་དམིགས་པ་དག་ཀྱང་ཅི་ལྟར་གཅིག་ཏུ་འགྱུར། གཅིག་ཉིད་དུ་ནི་རྟོག་པ་གང་། །དེ་ནི་གཅིག་ཅེས་བྱ་བར་གནས། །གལ་ཏེ་མ་རྟོགས་རྟོགས་ཡིན་ན། །འདི་ནི་ཧ་ཅང་བབ་ཅོལ་ཡིན། །གལ་ཏེ་རྟག་པ་དང་མི་རྟག་པ་ཉིད་གཅིག་
ཡིན་ན་དེའི་ཚེ་རྟོགས་པ་དང་མ་རྟོགས་པ་གཅིག་ཡིན་ནོ་ཞེས་བྱ་བར་ཐལ་བར་འགྱུར་ལ། དེ་ལྟར་ན་ཡང་འབྲེལ་པ་ཡིན་ནོ། །རྟོགས་པ་འདི་གཞན་དུ་གཅིག་པར་རྟོགས་པ་མ་ཡིན་ཏེ། མ་རྟོགས་པ་ཉིད་ནི་རྟོགས་པ་མ་ཡིན་ནོ། །རི་བོང་གི་རྭ་མ་རྟོགས་པ་ནི་རྟོགས་པ་འགའ་ཞིག་དང་
ལྷན་ཅིག་གཅིག་ཉིད་དུ་ངེས་པར་ནུས་པ་མ་ཡིན་ནོ། །དེ་ལ་གཅིག་རྟོགས་པ་མེད་པའི་ཕྱིར་རོ་ཞེ་ན། འདིར་ཡང་མ་རྟོགས་པ་ནི་མ་རྟོགས་པ་ཉིད་དུ་གདོན་མི་ཟའོ། །གང་ཞིག་གཅིག་ཉིད་དུ་རྟོགས་པ་དེ་ནི། རྟོགས་པ་ཉིད་དེ་ཞིག་པ་མ་ཡིན་ཞིང་སྐྱེ་བ་ཡང་མ་ཡིན་ནོ། །འོན་ཏེ་གཞན་རྟོགས་
པ་མ་རྟོགས་པ་ཡིན་ཏེ། དེས་ན་མ་རྟོགས་པ་ནི་རྟོགས་པ་མ་ཡིན་ནོ། །དེ་ལས་གཞན་པའི་རང་བཞིན་རྟོགས་པ་ཉིད་དེ་མ་རྟོགས་སོ་ཞེ་ན། དེ་ལྟ་ན་འོ་ན་གཞན་གྱི་རང་བཞིན་གང་ཡིན་པ་དེ་ཉིད་ལས་དེ་མེད་དོ་ཞེས་བྱ་བ་ཐོབ་པར་འགྱུར་ན། དེ་ཡང་མི་རུང་ངོ་། །འདི་ལྟར། གཞན་པ་ཉིད་དུ་ཤེས་པ་ནི། །ཇི་
Vol. 178 · folio 132b
ལྟར་གཞན་མ་ཡིན་པར་བརྗོད། །དེ་ནི་གཞན་ཉིད་མ་ཡིན་ན། །དེ་ལྟར་མི་རྟག་འགྲུབ་མི་འགྱུར། །གཞན་ཉིད་ན་ནི་མི་དམིགས་འགྱུར། །མ་དམིགས་ན་ནི་མི་རྟག་ཉིད། །གཞན་མིན་ཉིད་ནི་མི་འགྱུར་ལ། །དམིགས་པ་ཉིད་ན་རྟག་པ་ཉིད། །དེ་ནི་རང་བཞིན་འགའ་ཞིག་གིས། །མི་དམིགས་གཞན་
གྱི་གཞན་ཡིན་ན། །རང་བཞིན་གང་གི་རིགས་མིན་པ། །དེ་ནི་འདི་ཞེས་ཇི་ལྟར་འདོད། །སྔ་མ་ཉིད་དུ་དེ་ཉིད་ནི། །དེ་ལྟ་སྔ་མ་ཉིད་འགྱུར་གྱི། །ད་ལྟ་དེ་འདིའི་རང་བཞིན་འདི། །མིན་ཕྱིར་ཇི་ལྟར་གཅིག་ཉིད་ཡིན། །སྔ་ཕྱིའི་རང་བཞིན་དག་དང་ནི། །མ་བྲལ་ཕྱིར་ན་གཅིག་ཡིན་
ན། །བྲལ་བ་ཉིད་དུ་མཐོང་བཞིན་དུའང་། །བྲལ་བ་མིན་པར་ཇི་ལྟར་འདོད། །གལ་ཏེ་རིམ་གྱིས་འབྲལ་མིན་ན། །དེ་བཞིན་དུ་ནི་བྲལ་བ་ཡང་། །བྲལ་དང་མ་བྲལ་དེ་ཉིད་ཀྱི། །ཕྱིར་ན་གཉི་གའི་རང་བཞིན་ནི། །ཇི་ལྟར་ཅིག་ཅར་འདི་ཡོད་པ། །དེ་བཞིན་ཉིད་དུ་དེ་མཐོང་འགྱུར། །
རིམ་མིན་པ་ཡི་ཡོད་པ་ནི། །རིམ་ལྡན་དངོས་པོ་ལ་མ་ཡིན། །སྔ་ཕྱིའི་རང་བཞིན་མ་རྟོགས་ན། །ཁྱབ་པ་ཉིད་དུ་འདོད་མ་ཡིན། །རིམ་གྱིས་ཁྱབ་པ་ཉིད་ན་ནི། །དེ་ཉིད་ཁྱབ་པར་འགྱུར་མ་ཡིན། །གཅིག་པོ་དེ་ནི་མཐོང་བ་དང་། །མ་མཐོང་བར་ནི་འཐད་མ་ཡིན། །དེ་ཚེ་ཉིད་དེ་མཐོང་བ་དང་། །
མ་མཐོང་བར་ནི་འཐད་པར་དཀའ། །དུས་ཀྱིས་དབྱེ་བ་ཐམས་ཅད་ཀྱང་། །མི་འགྲིགས་པ་ནི་མེད་པར་མཐོང་། །གཅིག་ཕྱིར་འདི་ནི་གཅིག་ཚེ་ཉིད། །དུས་ཐ་དད་པར་ཇི་ལྟར་འགྱུར། །ཡང་ནས་ཡང་དུ་འཛིན་ན་ནི། །གཟུང་ཟིན་པ་ཉིད་འཛིན་པར་འགྱུར། །གཟུང་ངོ་ཞེས་བྱར་འཛིན་པ་གང་། །དེ་
ནི་དྲན་པར་འགྱུར་བ་ཡིན། །དྲན་པ་ཚད་མ་མ་ཡིན་ཕྱིར། །རིམ་འཛིན་པ་ནི་སྲིད་མ་ཡིན། །གང་གིས་མངོན་སུམ་ཉིད་འགྱུར་བ། །མ་རྟོགས་པ་ནི་དེ་དངོས་མིན། །གལ་ཏེ་དེ་ཚེ་ཡོད་པ་ཉིད། །སྔར་གྱི་བློ་ཡིས་མ་རྟོགས་པར། །ཐ་དད་མེད་ཕྱིར་ཅི་ལྟར་དེའི། །རྣམ་དབྱེ་འདི་ནི་ཚད་ལྡན་ཡིན། །
གལ་ཏེ་དེ་ལ་མཐོང་ཟིན་ཉིད། །མེད་ཕྱིར་ཀུན་ཚེ་ད་ལྟར་ནི། །དེ་ཡི་སྔ་མ་ཕྱི་མ་ཡི། །དངོས་པོ་གང་གིས་རྟོགས་པ་ཡིན། །སྔ་ཕྱིའི་ཤེས་པ་ལས་ཤེ་ན། །དེ་དག་ཐ་དད་ག་ལས་རྟོགས། །གལ་ཏེ་རང་རིག་དངོས་ལས་ན། །དེ་ལ་གཉིས་ཉིད་རྟོགས་མི་འགྱུར། །སྔ་མ་ཕྱི་མ་མེད་པར་ནི། །དེ་
Vol. 178 · folio 133a
ཡིས་རྟོགས་པར་འགྱུར་བ་མིན། །གལ་ཏེ་སྔ་དང་ཕྱི་མ་ཡི། །མྱོང་བ་དེ་དག་གཅིག་ཡིན་ན། །གཅིག་ན་མངོན་དུ་བྱས་པས་ན། །ཇི་ལྟར་སྔ་དང་ཕྱི་མར་འགྱུར། །མངོན་དུ་བྱས་བཞིན་པ་ཉིད་ནི། །སྔོན་དང་ཕྱི་མར་འགྱུར་མ་ཡིན། །གལ་ཏེ་སྔ་མ་ཉིད་མིན་ན། །
ཇི་ལྟར་སྔ་མ་ཉིད་དུ་རྟོགས། །འདི་རྟོགས་མེད་ཉིད་རྟོགས་དེ་ནི། །མངོན་དུ་བྱེད་པ་ཉིད་མ་ཡིན། །འདི་དེའི་དྲན་པ་ཡིན་ཞེ་ན། །གང་གི་ཚེ་དེ་མེད་པར་ནི། །དྲན་པ་ཉིད་ནི་མཐོང་འགྱུར་ན། །དེ་ཡི་ཞེས་ནི་ཇི་ལྟར་བརྗོད། །རྒྱུ་དང་འབྲས་བུའི་དངོས་ལས་ནི། །དེ་ཙམ་གྱིས་ནི་འཛིན་པ་
མིན། །དོན་ནི་མངོན་དུ་བྱེད་པ་ཉིད། །གཟུང་ཡིན་བཟློག་པ་ལས་མ་ཡིན། །མྱོང་བས་བར་དུ་ཆོད་པའི་ཕྱིར། །དོན་ལས་དྲན་པ་དངོས་སུ་མིན། །མྱོང་བ་སྔ་མ་དེ་ཡིས་ནི། །སྔ་ཉིད་འཛིན་མིན་ཕྱི་མས་མིན། །དེས་ན་དྲན་པ་ཉིད་ལས་ནི། །སྔ་མ་ཉིད་དུ་གྲུབ་མ་ཡིན། །འདས་པ་སྔོན་དུ་བྱས་པ་ནི། །སྔ་
མ་ཞེས་ནི་བྱ་བར་བརྗོད། །འབྱུང་འགྱུར་དངོས་པོ་མངོན་དུ་ནི། །བྱས་ན་འབྱུང་འགྱུར་ཤེས་བྱེད་གནས། །འོན་ཏེ་སྐྱེ་འཇིག་བསྟན་ལྡན་པ། །གང་དེ་ཡོད་ཅེས་འདོད་ན་ནི། །དེ་རྣམས་ཉིད་ནི་ཡོད་མི་འགྱུར། །དེ་ཡི་དངོས་དང་མི་ལྡན་ཕྱིར། །གང་ཚེ་ཞིག་པ་དེ་ཚེ་དེ། །ཡོད་པ་ཉིད་
དུ་ཇི་ལྟར་རྟོགས། །དེ་སྔར་ཡོད་པ་རྟོགས་ན་ནི། །དེ་ཚེ་དེ་ནི་ཇི་ལྟར་ཞིག །བརྟན་ལ་གལ་ཏེ་འདི་བློ་འདི། །མེད་ན་ཇི་ལྟར་ཡོད་པར་རྟོགས། །ཐམས་ཅད་རྟོགས་པ་ལས་ཡིན་ཏེ། །དེས་ན་གཞན་དུ་ཇི་ལྟར་ཡོད། །དེ་ཕྱིར་རྟག་དང་མི་རྟག་པའི། །དངོས་པོ་གར་ཡང་སྲིད་མ་
ཡིན། །དངོས་རྟག་པ་འམ་དངོས་མི་རྟག །མཐའ་གཅིག་ཉིད་དུ་སྲིད་པ་ཡིན། །ད་ནི་ལམ་གྱི་ཞར་ལ། འགོག་པའི་རྣམ་པ་བཞི་པ་ཉིད་བསྟན་པའི་ཕྱིར་བཤད་པ། བཤད་ཟིན་ལམ་དེ་གོམས་པ་ལས། །གནས་འགྱུར་གལ་ཏེ་བདག་འགྱུར་ཀྱང་། །ལམ་བཞིན་སྐྱོན་ནི་འབྱུང་
ཞེ་ན། །མ་ཡིན་ནུས་པ་མེད་ཕྱིར་རོ། །སྔར་བཤད་པ་ཉིད་ཀྱིས་ལམ་དེ་གོམས་པ་ལས་གནས་སེམས་ཀྱི་རྒྱུན་ནམ། ཀུན་གཞི་ཡོངས་སུ་དག་པར་འགྱུར་ཏེ། བདག་དང་བདག་གིར་འཛིན་པ་དང་མི་མཐུན་པ་བདག་མེད་པ་དེའི་བདག་ཏུ་གྱུར་པ་ན་ཉེས་པ་མཐའ་དང་བྲལ་བར་འགྱུར་རོ། །གལ་
Vol. 178 · folio 133b
ཏེ་ཇི་ལྟར་ཉེས་པ་དང་ལྡན་པ་ལ། ཡོན་ཏན་ལྡན་པར་འགྱུར་བ་དེ་བཞིན་དུ། ཡོན་ཏན་དང་ལྡན་པ་ཡང་ཉེས་པ་དང་ལྡན་པར་འགྱུར་བའི་ཕྱིར་འཁོར་བ་ལས་ངེས་པར་འབྱུང་བ་མེད་དོ་ཞེ་ན། མ་ཡིན་ཏེ། ཉེས་པ་རྣམས་ཡོན་ཏན་ཡོད་པས་བཅོམ་པའི་ཕྱིར་རོ། །བཟློག་པ་ཇི་ལྟར་
མི་འགྱུར་རོ་ཞེ་ན། ཡོན་ཏན་རྣམས་ནི་དངོས་པོའི་རང་བཞིན་ཡིན་པའི་ཕྱིར་དང་། ཉེས་པ་རྣམས་ནི་དེ་ལས་བཟློག་པ་ཡིན་པའི་ཕྱིར་རོ། །དེ་ཅི་ལྟར་ཞེ་ན་བཤད་པ། རྣམ་ཤེས་ཡུལ་འཛིན་པ་ཡི་ཆོས། །ཇི་ལྟར་ཡོད་དེ་འཛིན་པ་དང་། །ཡོད་པ་ཡི་ནི་བདག་ཉིད་དེ། །འདི་ཡི་སྐྱེད་པར་
བྱེད་པའང་ཡིན། །རྣམ་པར་ཤེས་པ་ནི་སྐྱེ་བ་རྣམས་ཀྱི་ལམ་འཇུག་པར་བྱེད་པ་ཡིན་ནོ། །གང་གིས་རྣམ་པར་ཤེས་པར་འགྱུར་བ་དེའི་རང་བཞིན་གྱི་ཆོས་ནི་ཡུལ་འཛིན་པ་ཡིན་ནོ། །རྣམ་པར་ཤེས་པ་ནི་རིག་པ་མ་ཡིན་པར་འགྱུར་བ་མ་ཡིན་ཏེ། རིག་པ་མ་ཡིན་པ་རྣམས་ལ་ནི་དེ་ལྟ་བུ་མེད་
པའི་ཕྱིར་རོ། །ཇི་ལྟར་ཡོད་པ་དེ་ལྟར་དེ། །གཟུང་བར་བྱ་བ་དང་སྐྱེད་པར་བྱེད་པ་ཡིན་ནོ། །རྣམ་པར་རྟོགས་པར་ནུས་པའི་རྒྱུ་ནི་རྣམ་པར་ཤེས་པའི་ཡུལ་ཡིན་ནོ། །དེས་རྣམ་པར་ཤེས་པའི་ཆོས་ནི་རང་བཞིན་རྟོགས་པར་བྱེད་པ་ཡིན་ལ། ཡུལ་གྱི་ཆོས་ནི་དེ་ཁོ་ན་ལྟར་རྟོགས་པར་བྱ་
བ་ཉིད་ཡིན་ནོ། །དེས་ནི་ཡུལ་ནི་མི་རྟག་པ་ཉིད་དང་བདག་མེད་པ་ལ་སོགས་པའི་རང་བཞིན་ཡིན་ལ། དེ་ལྟ་བུ་འཛིན་པ་ཉིད་ནི་རྣམ་པར་ཤེས་པའི་རང་བཞིན་ཡིན་གྱི་གཞན་ནི་དེའི་རང་བཞིན་མ་ཡིན་ནོ་ཞེས་བཤད་པ་ནི། རང་བཞིན་འདི་ཡིན་འདི་ལས་དེ། །རྐྱེན་གཞན་གྱིས་ནི་གོལ་འགྱུར་
ཞིང་། །ལྡོག་པ་ལ་ནི་རྐྱེན་ལ་ལྟོས། །མི་བརྟེན་སྦྲུལ་གྱི་བློ་བཞིན་ནོ། །གང་གི་ཆོས་བདག་མེད་པ་ཉིད་ལ་སོགས་པ་འཛིན་པའི་ངོ་བོ་གང་ཡིན་པ་དེ་ནི་རང་བཞིན་ཡིན་ནོ། །དེ་ལས་གོལ་བ་ནི་གློ་བུར་བའི་རྐྱེན་རྩ་བ་མེད་པའི་དབང་གིས་ཡིན་ཞིང་། གོལ་པ་ཉིད་ཀྱང་གོལ་བ་དེ་ལས་
བཟློག་པ་ལ་རྐྱེན་ལ་ལྟོས་པ་ཡིན་ནོ། །དེས་ན་རྩ་བ་མེད་པ་ཅན་ཡིན་པའི་ཕྱིར་མི་བརྟེན་ཏེ་སྦྲུལ་གྱི་བློ་བཞིན་ནོ། །གལ་ཏེ་ཐག་པ་ལ་སྦྲུལ་གྱི་བློར་འགྱུར་བའི་རྒྱུ་ནི་འདྲ་བ་དང་ཡུལ་ཐག་རིང་བ་ལ་སོགས་པ་ཡིན་ལ། རྟག་པའི་བློ་ལ་རྒྱུ་ཅི་ཞིག་ཡོད། །མངོན་སུམ་ནི་རྟག་པ་ཉིད་ལ་འཇུག་པ་མ་
Vol. 178 · folio 134a
ཡིན་ལ། རྗེས་སུ་དཔག་པ་ཡང་མ་ཡིན་ནོ། །ཚད་མ་མེད་པར་ནི་དོགས་པ་མ་ཡིན་ནོ། །མངོན་སུམ་གྱིས་ནི་སྐད་ཅིག་མ་ཉིད་རྟོགས་སོ་ཞེས་ཀྱང་བསྒྲུབ་པར་ནུས་ཏེ། དེས་ན་གང་ལས་རྟག་པ་ཉིད་འཛིན་ཞེ་ན། འདི་ལ་བཤད་པ། མི་རྟག་པ་ཉིད་དེ་ནི་མཐོང་
བཞིན་དུའང་། བློ་ཞེན་ཡོད་པ་དམིགས་པས་རྟག་ཏུ་དེ་ལྟར་ཡོད་པར་དོགས་པས་བསླུས་པའམ། འདྲ་བ་གཞན་འབྱུང་བས་བསླུས་པས་མི་རྟོགས་ཏེ། སྐད་ཅིག་མ་ཐ་མ་མཐོང་བ་རྣམས་ལ་ངེས་པའི་ཕྱིར་རོ། །འདི་སྐད་བརྗོད་པར་འགྱུར་བ་ཡིན་ཏེ། གང་གི་ཚེ་ཇི་སྲིད་དུ་
དོན་གྱི་བདག་ཉིད་དམིགས་པས་ཕྱིས་མ་དམིགས་པ་དེའི་ཚེ་མི་རྟག་པ་ཉིད་མཐོང་བ་ཉིད་དེ། དེའི་གནས་སྐབས་མ་ཡིན་པ་ཉིད་ནི་མི་རྟག་པ་ཉིད་དུ་བརྗོད་དོ། །འོན་ཀྱང་མ་དམིགས་སུ་ཟིན་ཀྱང་བློ་ཞན་པ་དོགས་པ་དང་མི་འབྲལ་ཏེ། དེས་ན་དེ་ལྟར་ཡོད་པར་དོགས་པ་ཡིན་པས་ན་དེ་
ལྟར་ཡོད་པར་དོགས་པ་སྟེ། ཅི་སྔ་མ་དེ་ཉིད་ད་ལྟར་ཡང་ཡོད་དམ་མ་ཡིན་ཞེས་དོགས་པའོ། །དེས་ན་ཕྱིས་མཐོང་བ་ལས་དོན་བྱ་བ་ཐོབ་པའི་ཕྱིར་མ་བསླུས་པས་ན་མི་རྟོགས་སོ། །དེ་མ་ཐོབ་པའི་ཕྱིར་བསླུས་པ་ནི་རྟོགས་པར་འགྱུར་ཏེ། ཆགས་པའི་བུམ་པ་བཞིན་ནོ། །དོན་བྱེད་
པའི་མཚན་ཉིད་ཡོད་པ་དམིགས་ན་ཐ་སྙད་པར་བཟློག་པར་སེམས་པའི་སྐབས་ཅི་ཡོད། དེ་ཁོ་ན་སེམས་པར་བྱེད་པ་དག་ནི་སྣང་བ་ཐ་དད་པས་ངེས་པར་བྱེད་པ་ཁོ་ནའོ། །ཐ་སྙད་པ་དོན་བྱེད་པ་དོན་དུ་གཉེར་བ་ནི། དེ་ཐོབ་པས་ཡོངས་སུ་ཚིམ་པའི་ཕྱིར་གཞན་རྣམ་པར་དཔྱོད་པ་མི་
བྱེད་དོ། །དོན་བྱས་ཟིན་པའི་ཕྱིར་རོ། །ཡང་ན་འདྲ་བ་གཞན་འབྱུང་བས་བསླུས་པ་དེ། འདྲ་བ་ལ་ནི་དེ་ཉིད་འདི་ཡིན་ནོ་སྙམ་པའི་བློར་འགྱུར་བ་ཡིན་ཏེ་མཚེ་མ་དང་སྒོ་ང་བཞིན་ནོ། །སྔ་མར་ནི་གང་ལས་རྩྭ་ལ་སོགས་པ་གཞན་དང་གཞན་ལས་སྐྱེས་པའི་མེ་གཅིག་ཉིད་དུ་ལྷག་པར་
ཞེན་པའི་ཡུལ་དུ་འབྱུང་བ་དེའི་དོན་བྱེད་པ་ལ་མ་བསླུས་པ་ཙམ་བརྗོད་པར་འདོད་པ་ཡིན་ནོ། །དེ་ལ་ཉེ་བར་ལེན་པ་ནི་བུད་ཤིང་ཉིད་ཡིན་གྱི། མེ་ནི་མ་ཡིན་ནོ། །མེ་ལས་མེ་སྐྱེས་པ་ནི་མ་ཡིན་ཏེ། དང་པོ་མེ་མི་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་ཏེ། མེ་རྡོ་དང་བརྡབས་པའི་སྔོན་རོལ་ན་མ་
Vol. 178 · folio 134b
མེད་པའི་ཕྱིར་རོ། །ཡང་ན་མེ་དེ་ཉིད་ལས་སྐྱེའོ། །དེ་བཞིན་དུ་དོན་ཐམས་ཅད་རིགས་མཐུན་པ་སྔ་མ་ལས་སྐྱེ་བ་འམ། རིགས་མི་མཐུན་པ་ལས་སྐྱེ་བ་ནི་མ་ཡིན་ཏེ། ལས་བདག་པོ་གྱུར་པ་ལས་སྐྱེ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དོན་འདི་ལ་ལྟོས་ཏེའམ་ཞེས་ཕྱོགས་གཞན་བརྟག་པ་མཛད་
དོ། །དེ་ཡང་ལས་སྨྲ་བའི་འདོན་པས་ནི་སྔ་མ་བཤད་པ་ཡིན་ལ། གཞན་གྱི་འདོད་པ་ནི་ཕྱི་མ་བཞིན་ནོ་ཞེས་གོར་མ་ཆག་གོ། །ཡང་ན་དེ་ལྟར་ཡོད་པ་ལ་དོགས་པ་མེད་པས་བསླུས་ཞེས་བཤད་པར་བྱ་སྟེ། དེ་ལྟར་ཡོད་པ་ལ་ནི་དོགས་པ་འགའ་ཡང་མེད་དོ། །རྟག་ཏུ་ཡོད་པ་དམིགས་
པའི་ཕྱིར་རོ། །མི་དམིགས་ན་ནི་དེ་ལྟར་ཡོད་པ་ལ་དོགས་པར་འགྱུར་བ་ཡིན་ནོ། །གང་གི་ཚེ་རབ་ཏུ་མ་དམིགས་པ་དེའི་ཚེ་ཚུལ་ཇི་ལྟར་གནས་ཤེ་ན། དེར་ཡང་འདྲ་བ་གཞན་དང་གཞན་འབྱུང་བ་ལས་བསླུས་པས་ཏེ། བྲེགས་པ་ལས་ཡང་སྐྱེས་པའི་སྐྲ་དང་སེན་མོ་ལ་སོགས་པ་
བཞིན་ནོ། །ཞིག་པ་ངོ་ཤེས་པའི་ཕྱིར་གཅིག་ཉིད་དོ་ཞེ་ན། མ་ཡིན་ཏེ། ངོ་ཤེས་པ་ཚད་མ་མ་ཡིན་པའི་ཕྱིར་ཏེ། མངོན་སུམ་དང་རྗེས་སུ་དཔག་པ་ཉིད་མི་འཐད་པའི་ཕྱིར་རོ། །དེ་ལྟར་ཡང་འཆད་པར་འགྱུར་རོ། །དེའི་ཕྱིར་ནང་གི་མ་རིག་པའི་བསླད་པ་ལས་དྲི་མ་རྣམས་ནི་གློ་བུར་བ་
ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བཤད་པ། སེམས་འདིའི་རང་བཞིན་འོད་གསལ་ཏེ། རྟག་པ་ཉིད་དང་བྲལ་བ་ཉིད་དེས་འཛིན་པའི་ཕྱིར་རོ། །དྲི་མ་རྣམས་ནི་གློ་བུར་བ། །ཡང་དག་པ་མ་ཡིན་པ་སྒྲོ་འདོགས་པ་ནི། རྩ་བ་མེད་པ་ཅན་ཉིད་ཀྱིས་གླེན་པ་ཙམ་དུ་ཟད་པ་ཡིན་པའི་ཕྱིར་རོ། །དོན་
དམ་པར་ནི་རྟག་པ་ཉིད་འགར་ཡང་སྣང་བ་མེད་དེ། དེས་ན་རྣམ་པར་དཔྱད་པས་སྟོང་པའི་ཕྱིར་དྲི་མ་རྣམས་ནི་གློ་བུར་བ་ཡིན་ནོ། །དེ་ཡི་ཕྱིར་ཡང་ནུས་མེད་ན། །དེ་བདག་འགྱུར་ལ་ཕྱིས་ནུས་མིན། །སྔར་ཐོས་བསམ་གྱི་དུས་ན་ཡང་ནུས་པ་མེད་པ་ཉིད་དོ། །འདི་ལྟར། ནུས་པ་ཡོད་ན་
ཡང་གནོད་པ་ཅན། །སྐྱེས་ནུས་སྙིང་པོ་ཅན་དངོས་ལ། །ཡུན་དུ་གནས་ནུས་ཡོད་མིན་ཏེ། །ས་རློན་ལ་ནི་མེ་བཞིན་ནོ། །གལ་ཏེ་དད་པ་ལ་སོགས་པ་ཞེན་པའི་དགྲ་བཅོམ་པ་ཡང་། དགྲ་བཅོམ་པ་ཉིད་ལས་ཉམས་པར་འགྱུར་བ་ནི་མ་ཡིན་ནམ། དེས་ན་ཇི་ལྟར་སྐྱོན་རྣམས་མི་སྐྱེ་
Vol. 178 · folio 135a
བ་ཡིན་ཞེ་ན། གལ་ཏེ་སྐྱོན་རྣམས་སྐྱེ་བ་ཡིན་པ་དེ་ལྟ་ན་ཡང་། གནོད་པར་བྱེད་པ་བསྐྱེད་པར་ནུས་པ་དེ་ནང་དུ་ཆུད་པ་ལ། སྐྱེད་པར་ནུས་སུ་ཟིན་ཡང་ཉེས་པ་གཏན་ཆགས་པར་བྱེད་ནུས་པ་ནི་མ་ཡིན་ཏེ། དཔེར་ན་ཆུ་འཛག་པའི་ས་ལས་མེ་སྐྱེས་སུ་ཟིན་ཀྱང་ཡུན་དུ་མི་གནས་པ་
བཞིན་ནོ། །དེའི་བདག་ཉིད་དུ་གནས་པ་ལ་ནི་ཉེས་པ་སྐྱེ་བ་ཡང་མ་ཡིན་ཏེ་འདི་ལྟར། འཚེ་བ་མེད་དང་ཡང་དག་དོན། །རང་བཞིན་ལ་ནི་ཕྱིན་ལོག་གིས། །འབད་དུ་ཟིན་ཀྱང་མི་བཟློག་སྟེ། །བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །རང་བཞིན་ནི་འབད་པ་མེད་པར་བཟློག་ནུས་པ་མ་ཡིན་ནོ། །འབད་པ་ཡང་ཡོན་ཏན་དག་
ལ་སྐྱོན་མཐོང་བའམ། སྐྱོན་ལ་ཡོན་ཏན་མཐོང་བ་ལ་འཇུག་པ་ཡིན་ན། བདག་མེད་པ་དེའི་བདག་ཉིད་དུ་འགྱུར་བ་མཐོང་བ་ནི་ཡོན་ཏན་དག་ལ་སྐྱོན་དུ་མཐོང་བ་དང་། སྐྱོན་ལ་ཡོན་ཏན་མཐོང་བ་ལས་མ་ཡིན་ལ། ཡོན་ཏན་དག་ལ་ཡོན་ཏན་མ་མཐོང་བ་ཡང་མ་ཡིན་ཏེ། བདག་
མེད་པར་མཐོང་བ་ནི་འཚེ་བ་མེད་པ་ཡིན་པའི་ཕྱིར་རོ། །དེ་ཡི་རང་བཞིན་ཡང་དག་གི །བདག་ཉིད་འཚེ་བ་མེད་པར་ནི། །སེམས་དང་ལྡན་པས་ཇི་ལྟར་ན། །ཡོངས་སུ་འདོར་བར་ནུས་མ་ཡིན། །སེམས་ནི་ཕྱོགས་སུ་ལྟུང་བས་ན། །ཉེས་པ་རྣམས་ལ་འཇུག་མ་ཡིན། །དེས་ན་དེ་ནི་ཉེས་པ་ལ། །
འབད་པ་འགའ་ཡང་འཇུག་པ་མིན། །དངོས་པོས་མ་ལུས་པའི་རང་བཞིན་རྟོགས་པར་ནུས་པ་ལ་ནི་གལ་ཏེ་ཉེས་པ་འབྱུང་དུ་ཟིན་ཡང་། དེ་ལྟ་ན་ཡང་འདི་འགྲོན་པོ་ལས་གྲོགས་བཟང་པོ་དང་བྲལ་བ་བཞིན་དུ། བར་མ་དོའི་གནས་སྐབས་ན་གནས་པ་འདི་ཤུགས་དང་ལྡན་པའི་ཕྱིར། ལམ་
ཉིད་དང་འབད་པ་རྩོམ་སྟེ། ཡོན་ཏན་ཕྱོགས་འཛིན་པའི་ཕྱིར། ཉེས་པ་ལ་དགའ་བ་ནི་མ་ཡིན་ནོ། །གལ་ཏེ་འདོད་ཆགས་དང་ཞེ་སྡང་གི་རྣམ་པ་མི་མཐུན་པ་ཡིན་ཡང་། གཅིག་ཉིད་གནོད་པར་བྱེད་པ་ནི་མ་ཡིན་ཏེ། ཞེ་སྡང་གིས་གནོད་པར་བྱས་པའི་འདོད་ཆགས་ཕྱིས་ཀྱང་གནོད་བྱེད་ཉིད་དུ་
མཐོང་བའི་ཕྱིར་རོ། །དེ་བཞིན་དུ་ཞེ་སྡང་ཡང་ཡིན་ནོ། །བདག་མེད་པ་དང་བདག་ཏུ་ལྟ་བ་ཡང་། དེ་བཞིན་དུ་འགྱུར་རོ་ཞེ་ན། ད་ནི་མ་ཡིན་ཏེ། འདི་ལྟར། བདག་འཛིན་རྒྱུ་གཅིག་ཅན་ཉིད་དང་། །རྒྱུ་དང་འབྲས་བུའི་དངོས་པོའི་ཕྱིར། །འདོད་ཆགས་ཁོང་ཁྲོ་ཕན་ཚུན་དག །ཐ་དད་ན་
Vol. 178 · folio 135b
ཡང་གནོད་མ་ཡིན། །གཉི་ག་ཡང་བདག་ཏུ་འཛིན་པའི་རྒྱུ་ཅན་ཡིན་པའི་ཕྱིར་ཕན་ཚུན་མི་མཐུན་པ་ཡིན་ཡང་བདག་ཏུ་འཛིན་པ་ཡོད་ན་གཅིག་ཀྱང་གཏན་ཆད་པ་མ་ཡིན་ཏེ། ཅིག་ཅར་མི་སྐྱེ་བར་ནི་འགྱུར་རོ། །གཞན་ཡང་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པའི་ཕྱིར་རོ། །གང་ཞིག་སྡུག་
བསྔལ་གྱི་རྒྱུ་གང་ལ་དབུགས་འབྱུང་བས་དེ་གདུངས་པར་འགྱུར་བ་དེ། དེའང་གཞན་དག་ལ་བདེ་བའི་རྒྱུ་འདོད་པ་ཡིན་ནོ། །དེས་ན་འདི་དག་ནི་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་ནོ། །དཔེ་བའི་རྒྱུར་ཕན་པ་ཉམས་སུ་མྱོང་བ་ཡང་ངེས་པར་དེ་ལ་གནོད་པར་བྱེད་པ་ལ་ཁོང་ཁྲོ་བ་དང་ལྡན་པར་འགྱུར་
ཏེ། དེས་ན་འདོད་ཆགས་དང་ཁོང་ཁྲོ་དག་ནི་ཐ་དད་པ་ཡིན་ཡང་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པའི་ཕྱིར་གནོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། །ཤིན་ཏུ་ཉེས་པ་ཚར་གཅོད་མིན། །ཉེས་ཀུན་དེ་ཡི་རྩ་བ་ཅན། །དེ་ཡང་འཇིག་ཚོགས་
ལྟ་བ་ཡིན། །གལ་ཏེ་ཞེ་སྡང་གི་གཉེན་པོ་བྱམས་པ། འདོད་ཆགས་ཀྱི་གཉེན་པོ་མི་སྡུག་པ། རྣམ་པར་འཚེ་བའི་གཉེན་པོ་སྙིང་རྗེ། ཕྲག་དོག་གི་གཉེན་པོ་དགའ་བ། ཐམས་ཅད་ཀྱི་གཉེན་པོ་བཏང་སྙོམས་ཡིན་པ་དེ་ལྟ་ན་ཡང་། ཤིན་ཏུ་ཉེས་པ་ཚར་གཅོད་པར་བྱེད་པ་ནི་མ་ཡིན་ཏེ།
གཏི་མུག་དང་མི་འགལ་བའི་ཕྱིར་རོ། །གལ་ཏེ་གཏི་མུག་ཡོད་ཀྱང་། བདག་ཏུ་འཛིན་པ་མེད་པའི་ཕྱིར་ཉེས་པ་ཐམས་ཅད་སྤོང་བ་ཉིད་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། གཏི་མུག་དེ་ཉིད་འཇིག་ཚོགས་སུ་ལྟ་བ་ཁོ་ན་ཡིན་ཏེ། ཉོན་མོངས་པ་ཅན་གྱི་གཏི་མུག་ནི། འཇིག་ཚོགས་
སུ་ལྟ་བ་ཁོ་ན་ཡིན་ནོ། །དགྲ་བཅོམ་རྣམས་ཀྱི་ཤེས་པ་གང་། །དེ་ནི་ཉོན་མོངས་ཅན་མིན་ཏེ། །དེས་ན་འཇིག་ཚོགས་ལྟ་བ་ནི། །སྤངས་པ་དེ་ལྟར་རྒྱུད་གྲོལ་ལོ། །རིག་པའི་མི་མཐུན་ཕྱོགས་ཉིད་ཕྱིར། །སེམས་བྱུང་ཉིད་ཀྱི་དམིགས་པའི་ཕྱིར། །གསུངས་ཕྱིར་ལོག་པར་དམིགས་པ་ཉིད། །
མ་རིག་གཞན་ནི་རིགས་མ་ཡིན། །གལ་ཏེ་མ་རིག་པ་ནི་སོ་སོར་རྟོག་པ་མེད་པའི་རང་བཞིན་ཡིན་ལ། འཇིག་ཚོགས་སུ་ལྟ་བ་ནི་རྟོགས་པའི་རང་བཞིན་མ་ཡིན་ནམ། དེ་ནི་ཇི་ལྟར་མ་རིག་པ་འཇིག་ཚོགས་སུ་ལྟ་བ་ཉིད་ཡིན་ཞེ་ན། སྐྱོན་འདི་མེད་དེ་གང་གི་ཕྱིར། །སོ་སོར་རྟོག་མེད་རང་
Vol. 178 · folio 136a
བཞིན་ནི། །མ་རིག་ཡིན་ན་མྱ་ངན་ལས། །འདས་པའང་དེར་འགྱུར་ཕུང་པོ་རྣམས། །ཟད་ན་ལུས་པ་ཅི་ཞིག་ཡོད། །ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་དང་། འགོག་པའི་སྙོམས་པར་འཇུག་པ་བདག་ཉིད་ནི་སོ་སོར་རྟོག་པ་མེད་པ་གཙོ་བོར་འགྱུར་
བ་ཡིན་ནོ། །འོན་ཏེ་དེ་ནི་ཉོན་མོངས་པའི་གཞི་ཉིད་མ་ཡིན་ནོ་ཞེ་ན། འོ་ན་ནི་དེ་མ་རིག་པའི་མཚན་ཉིད་མ་ཡིན་ནོ། །འཇིག་ཚོགས་སུ་ལྟ་བ་ཉིད་དེའི་གཞི་ཡིན་པའི་ཕྱིར་མ་རིག་པ་ཡིན་གྱི། གཞན་པ་མ་ཡིན་ནོ། །གང་གི་ཕྱིར། རིགས་དང་འགལ་བའི་ཆོས་གཞན་ནི། །མ་རིག་ཆོས་
མིན་བརྫུན་སོགས་བཞིན། །རིག་པ་བདག་མེད་མཐོང་བ་སྟེ། །དེ་དང་འགལ་བ་བདག་ལྟ་ཡིན། །རེ་ཞིག་རིག་པ་མེད་པ་ནི་མ་རིག་པ་མ་ཡིན་ཏེ། དེ་མེད་པ་ནི་མྱ་ངན་ལས་འདས་པ་ལ་ཡང་ཡོད་པའི་ཕྱིར་རོ། །མེད་པ་ནི་རྒྱུ་ཡང་མ་ཡིན་ནོ། །དེ་ལས་གཞན་པ་ཡང་མ་ཡིན་ཏེ།
གཟུགས་ལ་སོགས་པ་རྣམས་ཀྱང་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་མ་རིག་པ་ནི་རིག་པ་དང་འགལ་བ་ཡིན་ཏེ། ཆོས་མ་ཡིན་པ་དང་མི་བདེན་པ་བཞིན་ནོ། །དེ་ཡང་འཇིག་ཚོགས་སུ་ལྟ་བ་ཉིད་ཡིན་ནོ། །འདི་ལྟར་ཆོས་ནི་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་འཛིན་པའི་མཚན་ཉིད་ཡིན་
ནོ། །ཆོས་མ་ཡིན་ན་ནི་དེ་མེད་པ་ཙམ་མ་ཡིན་ལ་དེ་ལས་གཞན་ཙམ་ཡང་མ་ཡིན་གྱི། འོན་ཀྱང་རྗེས་སུ་འཛིན་པ་ལས་བཟློག་པ་གནོད་པར་བྱེད་པའི་ཆོས་མ་ཡིན་པ་ཡིན་ནོ། །དེ་བཞིན་དུ་ཡང་དག་པའི་དོན་སྟོན་པ་མེད་པ་ཙམ་ནི་བརྫུན་པ་ཡིན་གྱི། འོན་ཀྱང་ཡང་དག་པ་མ་ཡིན་
པ་སྟོན་པ། མི་བདེན་པ་བརྗོད་པ་མ་ཡིན་ནོ། །དེ་ལྟ་ཡིན་ན་གང་གི་ཚེ་བདེན་པའི་དོན་ལ་འཁྲུལ་པས་མེད་པར་སེམས་པ་ན་ཡོད་དོ་ཞེས། སྟོན་པར་བྱེད་པ་དེའི་ཚེ་མི་བདེན་པ་ཉིད་དུ་མི་འགྱུར་ལ། མེད་པ་ལ་ཡོད་པར་སེམས་པའི་དེའི་ཡང་བརྫུན་ཡིན་པར་འགྱུར་རོ་ཞེ་ན། དེ་ནི་མ་
ཡིན་ཏེ། སྒྲ་རྣམས་རྣམ་རྟོག་ཡུལ་ཅན་ཏེ། །དངོས་གང་ཇི་ལྟར་རྣམ་ངེས་པ། །དེ་བཞིན་ཉིད་བརྗོད་བདེན་པ་སྟེ། །གཞན་དུ་བརྗོད་པ་བརྫུན་པ་ཡིན། །སྒྲ་རྣམས་ནི་ལྷག་པར་ངེས་པའི་ཡུལ་ཅན་ཡིན་པའི་ཕྱིར། ལྷག་པར་ཞེན་པ་རྗེས་སུ་མཐུན་པར་སྟོན་པ་ཉིད་བདེན་པ་ཡིན་ལ། གཞན་
Vol. 178 · folio 136b
དུ་ནི་མི་བདེན་པ་ཡིན་ནོ་ཞེས་རིགས་སོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ནི་འཁྲུལ་ནས་སེམས་ཅན་དུ་བསླུས་པ་ཡང་མཆོག་ཏུ་ཁ་ན་མ་ཐོ་བ་ཡིན་ཏེ། དེས་ན་དེ་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མངོན་པར་བརྩོན་པ་ཡིན་ནོ། །དེས་ན་འཇིག་ཚོགས་ལ་ལྟ་བ་ཉིད་མ་རིག་པ་ཡིན་ཏེ།
རིག་པའི་མི་མཐུན་པའི་ཕྱོགས་གཞན་མེད་པའི་ཕྱིར་རོ། །སེམས་ལས་བྱུང་བ་ཉིད་ཡིན་པའི་རྒྱུས་ན། དམིགས་པ་ཡིན་པའི་ཕྱིར་ལོག་པར་དམིགས་པ་ཉིད་མ་རིག་པ་ཡིན་ནོ། །རྟེན་དང་དམིགས་པ་དང་། རྣམ་པ་དང་དུས་དང་། རྫས་མཚུངས་པས་མཚུངས་པར་ལྡན་པ་ཡིན་པའི་ཕྱིར་
མཚུངས་པར་ལྡན་པ་དག་ཡིན་ནོ། །གསུངས་པའི་ཡང་ཕྱིར་ཏེ་ཤེས་རབ་ཀྱི་རྣམ་པ་ལས་བཟློག་པ་རྟོགས་པའི་རང་བཞིན་ཉིད་མ་རིག་པ་ཡིན་པར་མདོ་དེ་དང་དེ་ལས་གསུངས་པའི་ཕྱིར་རོ། །དེ་ལ་མ་རིག་པ་དང་བྲལ་བ་གང་ཞེ་ན། ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཆོས་རྣམས་ལ་ལྷག་པར་སྒྲོ་
འདོགས་པ་དང་བྲལ་བ་གང་ཡིན་པའོ་ཞེས་བྱ་བ་དང་། དེ་བཞིན་དུ་འཇིག་རྟེན་གྱི་ཉེ་བར་སྤྱོད་པ་སྐྱེ་བ་དང་གང་ཇི་སྙེད་པ་དེ་ཐམས་ཅད་ནི་བདག་ཏུ་ལྟ་བ་མངོན་པར་ཞེན་པ་ལས་བྱུང་བ་ཡིན་ཏེ། བདག་ཏུ་མངོན་པར་ཞེན་པ་བྲལ་ན་ནི་མི་འབྱུང་ངོ་ཞེས་གསུངས་པ་ཡིན་ནོ། །གལ་ཏེ་བདག་ཏུ་
མངོན་པར་ཞེན་པ་ནི་ལྟ་བ་ཡིན་ལ། དེ་ཡང་མ་རིག་པ་དང་མཚུངས་པར་ལྡན་པ་ཡིན་ནོ། །དེས་ན་མེད་ན་མི་འབྱུང་བ་ཡིན་པའི་ཕྱིར་ལྟ་བའི་སྒོ་ནས་མ་རིག་པ་ཉིད་གསུངས་པར་ཤེས་པར་བྱའི། འཇིག་ཚོགས་སུ་ལྟ་བ་ཉིད་ནི། མ་རིག་པ་མ་ཡིན་ནོ་ཞེ་ན། འདི་ཡང་མི་རུང་སྟེ། མ་རིག་
པའི་ཡན་ལག་ཏུ་བསྟན་ན་དེའི་རང་བཞིན་བསྟན་པ་ནི། བཞག་ནས་དེ་ལ་གཞན་སྟོན་པ། །སྒྲ་ལ་བཟོ་བ་མ་ཡིན་ནོ། །དེ་ལྟར་མ་རིག་བསྟན་འདི་ལ། །ཚད་མ་ཅུང་ཟད་ཡོད་མ་ཡིན། །བཟློག་པ་ལ་ནི་ཚད་མ་དག །ཇི་བཞིན་དུ་ནི་བསྟན་པ་ཡིན། །ལྟ་བའི་སྒོ་ནས་མ་རིག་པ་ཉིད་བསྟན་པ་
ཞེས་བྱ་བ་འདི་ལ་ཚད་མ་ནི་ཅུང་ཟད་ཀྱང་མེད་དོ། །འཇིག་ཚོགས་སུ་ལྟ་བ་ཉིད་ངེས་པ་ཐམས་ཅད་ཀྱི་གཞི་ཡིན་ནོ་ཞེས་བྱ་བ་འདི་ལ་ནི་ཚད་མ་བསྟན་ཟིན་ཏོ། །གལ་ཏེ་འཇིག་ཚོགས་སུ་ལྟ་བ་ནི་གཏི་མུག་གི་ཕྱོགས་གཅིག་ཏུ་བྱུང་བ་ཡིན་ལ། གཏི་མུག་ནི་སོ་སོར་རྟོག་པ་མེད་པའི་རང་བཞིན་ནམ།
Vol. 178 · folio 137a
གཞན་དུ་ཡིན་ཡང་རུང་བ་སྟེ། ཉོན་མོངས་པ་ཐམས་ཅད་ཀྱི་རྗེས་སུ་སོང་བ་ཡིན་ནོ། །དེས་ན་དེ་ལྟར་འཇིག་ཚོགས་ལ་ལྟ་བར་བརྗོད་དོ། །ཁྱད་པར་གྱི་སྒྲ་ནི་སྤྱིའི་དོན་ཅན་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གལ་ཏེ། མ་རིག་པ་ལྟ་བ་ཉིད་ཡིན་ན། དེའི་ཚེ་
ལྟ་བ་དང་མཚུངས་པར་ལྡན་པའི་མ་རིག་པ་ཞེས་མཚུངས་པར་ལྡན་པའི་དོན་ཡང་མེད་པར་འགྱུར་ཏེ། དེ་དེ་ཉིད་དང་མཚུངས་པར་ལྡན་པ་ནི་མ་ཡིན་ཞེ་ན། འདི་ལ་བརྩད་པའི་ལན། འགལ་བ་གང་ཡིན་འདིར་བཤད་བྱ། །སྟོང་ཉིད་ལྟ་བ་དེ་འགལ་ཕྱིར། །དེ་ཡི་རང་བཞིན་ཉེས་ཀུན་དང་། །
འགལ་བར་རབ་ཏུ་གྲུབ་པ་ཡིན། །སྤྱི་དང་ཁྱད་པར་གྱི་དངོས་པོས་ཐ་དད་པར་བརྟགས་པས་ན་མཚུངས་པར་ལྡན་པའི་དོན་དུ་འགྱུར་ཏེ། དཔེར་ན་པ་ལ་ཤ་དང་ལྡན་པའི་ནགས་ཞེས་བྱ་བ་བཞིན་ནོ། །དོན་དམ་པར་ནི་པ་ལ་ཤའི་རང་བཞིན་ཉིད་དུ་བརྗོད་པ་ཡིན་ནོ། །དེ་བཞིན་དུ་ཁྱད་
པར་བརྗོད་པས་དེའི་རང་བཞིན་གྱི་མ་རིག་པ་གཞིར་གྱུར་པས་གཙོ་བོར་བསྟན་པ་ཡིན་ཏེ། འདི་ལྟར་མ་རིག་པ་ནི་བདག་ཏུ་ལྟ་བ་ཡིན་པ་དེའི་ཕྱིར་དེའི་རྩ་བ་ཅན་གྱི་སྐྱོན་ཐམས་ཅད་ནི། རྩ་བ་གཅོད་པར་བྱེད་པའི་བདག་མེད་པར་ལྟ་བས་རྩ་བ་གཅད་པའི་ཕྱིར་གཅད་པར་འགྱུར་བ་ཡིན་ནོ། །
གང་གི་ཕྱིར་ཉེས་པ་ཐམས་ཅད་འགོག་པར་བྱེད་པ་ནི་བདག་མེད་པར་ལྟ་བ་ཡིན་ལ་དེ་ཡང་རྣལ་འབྱོར་པས་མ་བཏང་བ་ཡིན་པ་དེའི་ཕྱིར་འགའ་སླར་ཡང་འབྱུང་བ་མ་ཡིན་ནོ། །དེས་ན་འགོག་པའི་རྣམ་པར་ངེས་པ་འབྱུང་བ་ཉིད་བཤད་པ་ཡིན་ནོ། །ཟད་མིན་སྲོག་ཆགས་ཆོས་ཉིད་ཕྱིར། །
གཟུགས་སོགས་བཞིན་མིན་མ་གྲུབ་ཕྱིར། །གཉེན་པོའི་ཕྱོགས་དང་འབྲེལ་པ་ན། །ལྡོག་པ་དག་ཀྱང་མཐོང་ཕྱིར་རོ། །ཉེས་པ་ཐམས་ཅད་འགགས་པས་ནི། །སྲ་ཤིང་སླར་ཡང་སྐྱེ་མེད་དེ། །དེ་བདག་ཉིད་ཀྱིས་འབྲེལ་མེད་དང་། །ཐལ་བ་བཞིན་དུ་མ་ངེས་ཕྱིར། །ཞེས་བྱ་བ་ནི་
བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ། །གལ་ཏེ་བདག་བསྒོམས་པས་ཀྱང་ཐལ་བར་འགྱུར་བ་མ་ཡིན་ནམ། དེས་ན་བདག་མེད་པར་ལྟ་བས་ཅི་བྱ། འདིར་ལུང་ནི་བདག་བསམ་པར་བྱ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། འདི་ལྟར། གང་ཞིག་བདག་མཐོང་
Vol. 178 · folio 137b
དེ་ལ་ནི། །ང་ཞེས་རྟག་ཏུ་ཞེན་པར་འགྱུར། །ཞེན་པས་བདེ་ལ་སྲེད་འགྱུར་ཏེ། །སྲེད་པས་སྐྱོན་རྣམས་སྒྲིབ་པར་བྱེད། །བདག་ཏུ་མཐོང་བ་ནི་ངེས་པར་བདག་ལ་བདག་ཏུ་ཞེན་པ་དང་འབྲེལ་པར་འགྱུར་རོ། །ཞེན་པས་ཀྱང་དེའི་བདེ་བ་ལ་སྲེད་པ་དང་ལྡན་པར་འགྱུར་རོ། །གང་ཞིག་གང་
ལ་ཞེན་པ་དེ་ནི་དེའི་བདེ་བ་ལ་སྲེད་པར་འགྱུར་བ་ཡིན་ཏེ། དཔེར་ན་བུ་ལ་སོགས་པའི་བདེ་བ་བཞིན་ནོ། །གལ་ཏེ་བདག་ཏུ་མཐོང་བ་ལ་བདག་ལ་ཞེན་པར་འགྱུར་རོ་ཞེས་བྱ་བ་མི་རིགས་པ་མ་ཡིན་ནམ། ཅི་ཤིང་མཐོང་བ་ཙམ་གྱིས་ཤིང་ལ་ཞེན་པར་འགྱུར་བའམ། བུད་མེད་མཐོང་བ་
ཙམ་གྱིས། བུད་མེད་ལ་ཞེན་པར་འགྱུར་བའམ་དེ་བཞིན་དུ། གང་ཞིག་བདག་མཐོང་དེ་ལ་ནི། །ང་ཞེས་རྟག་ཏུ་ཞེན་པར་འགྱུར། །ཞེས་བྱ་བ་མི་རིགས་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་ཞིག་གཞན་ལ་ཆགས་པ་དེ། །བདག་ལ་མི་འགྱུར་ག་ལ་སྲིད། །བདག་
མཐོང་ཉིད་ལ་ཞེན་འགྱུར་ཏེ། །འདི་ལ་རྩོད་པ་མེད་པ་ཉིད། །བདག་ཆགས་མེད་པར་གཞན་ལ་ནི། །ཆགས་ཞེས་བྱ་བ་འཐད་པར་དཀའ། །གལ་ཏེ་བདག་མཐོང་བ་ཙམ་གྱིས་ཆགས་པ་མ་ཡིན་ན། འགའ་ལ་ཡང་ཆགས་པར་མི་འགྱུར་ཏེ། རྒྱུ་གཞན་མེད་པའི་ཕྱིར་རོ། །ཤིང་
ནི་བདག་ལ་ཉེ་བར་མཁོ་བ་མ་མཐོང་བ་དེས་ན། ཞེན་པ་མེད་པ་ཡིན་ནོ། །གང་ཞིག་བདག་ལ་ཉེ་བར་མཁོ་བ་ལ་ཆགས་པ་མེད་དེ། ཇི་ལྟར་བདག་ལ་ཆགས་པར་མི་འགྱུར། འོན་ཏེ་སེམས་ཅན་གྱི་ཁྱད་པར་ཉིད་ཀྱི་བདག་ཉིད་ལ་ནི་ཞེན་པ་མེད་ལ་གཞན་ལ་ནི་བདག་ཉིད་ཆེན་པོ་ཉིད་
ཀྱིས་སྙིང་རྗེ་ལས་ཞེན་པ་དང་ལྡན་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། གལ་ཏེ་བདག་ཉིད་ཆེན་པོ་ཞེས། །བྱ་བ་གཞན་དོན་བྱེད་ན་ནི། །རྟོགས་པ་སྔོན་བྱེད་མི་འགྱུར་ཏེ། །དེ་ལྟ་ཡིན་ན་གཏན་མེད་ཉིད། །བདག་ཉིད་ཡལ་བར་དོར་ནས། རང་གི་ངོ་བོ་དོན་གཞན་ལ་ཕན་པར་བྱེད་པ་
ན། བདག་གིས་རྟོག་པ་སྔོན་དུ་བྱེད་པ་མ་ཡིན་པ་ཉིད་ཆེན་པོར་གསལ་བར་བྱས་པར་འགྱུར་རོ། །འོན་ཏེ་གཞན་གྱི་དོན་བྱེད་པ་ཉིད་ཀྱིས་བདེ་བ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་རང་གི་བདེ་བ་ལ་ཆགས་པས་རྨོངས་པ་ཇི་ལྟར་ཐར་པ་ཡིན། དེ་ལྟ་ན་ཡང་། དེ་འདྲ་བ་དག་ཚོགས་ཅན་མའི། །
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words