ཚད་མ་རྣམ་འགྲེལ་གྱི་རྒྱན
Sanskrit title (Tibetan script, as in the text) པྲ་མཱ་ཎ་བརྟི་ཀ་ཨཱ་ལཾ་ཀཱ་ར
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 179 · folio 1b
༄༅༅། །གལ་ཏེ་བསྒོམས་པའི་སྟོབས་ལས་རྣམ་པ་གསལ་བ་ཚད་མ་ཡིན་ན་འོ་ན་རྣམ་པར་རྟོག་པའི་ཤེས་པ་ཚད་མར་མི་འགྱུར་ཏེ། རྣམ་པ་གསལ་བ་མེད་པའི་ཕྱིར་རོ། །གཞན་དུ་
ན་ཚད་མ་ཡིན་པས་དོན་ལ་རྣམ་པ་མི་གསལ་བར་འདོད་ན། འོ་ན་རང་གི་ངོ་བོ་ལ་ཡང་འདོད་པར་བྱའོ་ཞེ་ན། མ་ཡིན་ཏེ་གསལ་བའི་རྣམ་པ་དེ་ཉིད་ནི་རང་གི་ངོ་བོ་ཡིན་ཏེ། དོན་ལ་ནི་དེ་ལྟ་མ་ཡིན་ནོ། །དེས་ན་དེ་
རང་གི་ངོ་བོ་ལ་རྣམ་པར་མི་རྟོག་པ་ཡིན་ལ། དོན་ལ་རྟོག་པ་དང་བཅས་པ་ཡིན་པས་དོན་ལ་ནི་དྲན་པ་ཡིན་ལ། རང་གི་ངོ་བོ་ལ་ནི་དྲན་པ་མ་ཡིན་པར་མངོན་སུམ་ཉིད་དོ། །དེ་རང་གི་ངོ་བོ་ལ་ནི་མ་འཁྲུལ་པ་ཡིན་ལ།
དོན་ལ་ནི་འཁྲུལ་པ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཤེ་ན། རང་གི་ངོ་བོ་ནི་གཞན་གྱིས་རིག་པར་བྱ་བ་མ་ཡིན་པའི་ཕྱིར་རམ། ཐ་དད་ཕྱིར་རམ། གཞན་གྱི་ངོ་བོ་ནི་མྱོང་བ་གཞན་གྱིས་རིག་པ་ཡིན་ཏེ། དེའི་ཕྱིར་
དེས་དེ་རྣམ་པ་གཞན་དུ་རིག་པའི་ཕྱིར་གནོད་ལ། དེའི་ཕྱིར་འཁྲུལ་པ་ཡིན་ནོ། །རང་གི་ངོ་བོ་ལ་ནི་དྲན་པ་མི་སྲིད་དེ། དེ་ནི་དེ་ཉིད་ཀྱི་ཚེ་སྐྱེས་པ་དང་རིག་པའི་ཕྱིར་རོ། །གལ་ཏེ་རང་གི་ངོ་བོ་ཡང་སྔར་ཡོད་པ་ཡིན་ན།
Vol. 179 · folio 2a
ད་ལྟར་མེད་པའི་ཕྱིར། ཅི་ལྟར་དྲན་པར་མི་འགྱུར་རོ། །ཅི་སྟེ་དེ་ཉིད་ཀྱིས་ད་ལྟར་དྲན་ན་འདི་ནི་ཁྱིམ་བྱ་ཤི་ཟིན་པས་སྐད་འབྱིན་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར། རྟོག་པའང་རང་རིག་ལ་མི་འདོད། །དོན་ལ་རྣམ་པར་
རྟོག་པའི་ཕྱིར། །ལྐོག་གྱུར་རབ་ཏུ་མ་གྲུབ་པས། །རང་གི་ངོ་བོར་མི་རྟོག་ཕྱིར། །ཞེས་བཤད་དོ། །དེ་ཉིད་ཀྱིས་དེ་བཟུང་བ་ན་མངོན་དུ་བྱེད་པ་ཡོད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རང་རིག་པའི་མངོན་སུམ་དུ་བརྗོད་དོ། །འདི་ལྟར། ཤེས་གང་གང་ལ་
སྒྲ་དོན་འཛིན། །དེ་ནི་དེ་ལ་རྟོག་པ་ཡིན། །རང་གི་ངོ་བོའང་སྒྲ་དོན་མིན། །དེ་ཕྱིར་དེ་ལ་ཀུན་མངོན་སུམ། །རྣམ་པར་རྟོག་པ་དང་བཅས་པའམ། གཞན་གྱིའང་རུང་སྟེ། རང་གི་ངོ་བོ་ནི་སྒྲའི་དོན་མ་ཡིན་ཞིང་སྤྱི་མ་ཡིན་ལ། མངོན་པར་ཞེན་པའི་ཡུལ་
མ་ཡིན་ནོ། །དེ་ལྟ་ཡིན་དང་། སྒྲ་སྦྱོར་བ་མེད་པའི་ཕྱིར་རམ་སྤྱི་དང་འདྲེ་བ་མེད་པའི་ཕྱིར་རྟོག་པ་མེད་པ་ཡིན་ལ། རྟོག་པ་ནི་སྒྲའི་དོན་འཛིན་པའི་ཤེས་པ་ཡིན་ཏེ། དེའི་ཕྱིར་མངོན་སུམ་ཡིན་ནོ། །ཅིའི་ཕྱིར་རྣམ་པ་གསལ་བ་ཉིད་མ་ཡིན་ནམ་ཞེ་ན། དེ་
ནི་གསལ་བ་ཉིད་ཡིན་ཏེ། མ་ཡིན་ནོ་ཞེས་ཅི་ལྟར་བརྗོད། འདི་ལྟར། དེ་ཡི་རང་བཞིན་བཏང་བའི་ཕྱིར། མི་གསལ་ཞེས་ནི་བརྗོད་པ་ཡིན། །རང་གི་རང་བཞིན་བཏང་ངོ་ཞེས། །བྱ་བར་ཅི་ལྟར་ཁོང་དུ་ཆུད། །རང་གི་ངོ་བོ་ནི་དོར་བར་ནུས་པ་མ་ཡིན་ཏེ།
Vol. 179 · folio 2b
དེ་དོར་ན་རིག་པ་མེད་པར་འགྱུར་རོ། །ཞེས་བཤད་ཟིན་ཏོ། །དེ་ལྟ་ན་ནི་རང་རིག་པ་མེད་ཅིང་གཞན་རིག་པ་མེད་པའི་ཕྱིར་ཐམས་ཅད་མེད་པ་ཁོ་ནར་འགྱུར་རོ། །འོན་ཏེ་དོན་གྱིས་གོ་བས་རིག་པ་ཡིན་པའི་ཕྱིར་རང་རིག་པ་མ་ཡིན་ནོ་ཞེ་ན་མ་ཡིན་ཏེ། དོན་གྱིས་གོ་བ་རང་གི་ངོ་བོ་ཉིད་རིག་པ་ཁོ་ནས་
རྟོགས་པར་བྱ་བ་ཡིན་ནོ། །ཅི་སྟེ་དེ་ལ་ཡང་དོན་གྱིས་གོ་བ་ཡོད་ན་དེ་ཡང་དེ་ལྟར་ཡིན་པས་ཐུག་པ་མེད་དོ། །གལ་ཏེ་དོན་གྱིས་གོ་བ་དོན་མྱོང་བ་གྲུབ་པ་ཡིན་ན། དོན་མྱོང་བ་ལ་དོན་གོ་བས་ཅི་ཞིག་བྱ། དོན་གྲུབ་པ་ན་ཡིན་གྱི་དོན་མྱོང་བ་གྲུབ་པ་ནི་མ་ཡིན་ནོ་ཞེ་ན། དོན་གྲུབ་པ་དེ་གང་ཡིན། གལ་ཏེ་
སྐྱེ་བ་ཡིན་ནོ་ཞེ་ན། དོན་ཐམས་ཅད་རིག་པར་ཐལ་ལོ། །འོན་ཏེ་དོན་ཤེས་པ་ཡིན་ན། དེའི་དོན་འདི་ལྟར་འགྱུར་ཏེ། དོན་ཤེས་པ་ལས་དོན་ཤེས་པ་རིག་པ་ཡིན་ནོ་ཞེས་བྱ་བར་འགྱུར་བས་ཚིག་གི་ཚུལ་ལེགས་སོ། །འོན་ཏེ་ཤེས་པར་གྱུར་པའི་དོན་ལས་དོན་རིག་པ་ཡིན་ན། དོན་གྱི་ཤེས་པར་གྱུར་པ་
ཞེས་བྱ་བ་ཅི་ཡིན། ཤེས་པ་ལ་སྣང་བའོ་ཞེ་ན། ཤེས་པ་མ་ཤེས་ན་ཤེས་པ་ལ་སྣང་བ་ཇི་ལྟར་ཤེས། སྣང་བཞིན་པའི་དོན་མངོན་སུམ་ཉིད་དོ་ཞེ་ན། མངོན་སུམ་གྱིས་གྲུབ་ན་ནི་དེ་ཁོ་ན་ལྟར་ཡིན་ལ་རག་མོད། དོན་གཞན་རྟོགས་པས་ཅི་བྱ། མངོན་སུམ་ནི་དེ་ཉིད་ཡིན་ཏེ། དེ་ལྟ་མ་ཡིན་ན་མི་འཐད་དོ། །
དེ་ལྟ་མ་ཡིན་ཏེ། གལ་ཏེ་ཤེས་པ་མངོན་སུམ་མ་ཡིན་ན་མངོན་སུམ་ཉིད་དང་འདི་ཉིད་མི་འཐད་དོ། །གལ་ཏེ་ཤེས་པ་མངོན་སུམ་མ་ཡིན་ན། མིག་གི་བྱེད་པ་ཡོད་ན་འདི་འགྱུར་ལ། གཞན་དུ་མ་ཡིན་པའི་ཕྱིར་ཤེས་པས་ཅི་ཞིག་བྱ། རྣ་བ་ལ་སོགས་པའི་འཇུག་པ་མངོན་སུམ་ཡིན་ནོ་ཞེ་ན། རྣ་བ་
ལ་སོགས་པའི་འཇུག་པ་གང་ཡིན། ཤེས་པའོ་ཞེ་ན། ཤེས་པ་ལྐོག་ཏུ་གྱུར་པ་དེ་ཅི་ལྟར་ཤེས། རྣ་བ་ལ་སོགས་པའི་འཇུག་པ་ཉིད་ལས་ཤེས་སོ་ཞེ་ན། རྣ་བ་ལ་སོགས་པ་འཇུག་པའི་མངོན་སུམ་ནི་དེས་ཤེས་ན། ཤེས་པ་གོ་ག་ལས་ཡིན། དེ་ལྟ་མ་ཡིན་ན་རྣ་བ་ལ་སོགས་པའི་འཇུག་པས་ཅི་ཞིག་བྱ་ཞེ་
ན་ཅི་ཁྱེད་ཅི་དགོས་པ་ལ་ལྟོས་ནས་དངོས་པོ་རྣམས་འབྱུང་བར་འགྱུར་རམ། དངོས་པོ་རྣམས་ནི་རྒྱུ་ཉིད་ལས། །འབྱུང་བར་འགྱུར་ཏེ་དགོས་པ་མིན། །གཞན་དུ་ཁྱེད་ཀྱི་དགོས་པ་ནི། །མེད་པར་དངོས་པོ་འབྱུང་མི་འགྱུར། །གལ་ཏེ་རྣ་བ་མངོན་དུ་ཕྱོགས་པར་འགྱུར་མོད། ཤེས་པ་ལ་ཅི་ཞིག་འོངས།
Vol. 179 · folio 3a
གལ་ཏེ་ཤེས་པ་མ་སྐྱེས་ན་དོན་ལྐོག་ཏུ་གྱུར་པ་ཁོ་ནར་འགྱུར་རོ་ཞེ་ན། གལ་ཏེ་ཤེས་པ་སྐྱེས་ཀྱང་དོན་ལ་ཅི་ཞིག་འབྱུང་། དེ་ལྟ་ན་ཡང་ལྐོག་ཏུ་གྱུར་པ་ཉིད་དུ་འགྱུར་ཏེ། ཤེས་པ་སྐྱེས་པ་ནི་དོན་གྱི་མངོན་སུམ་དུ་གྱུར་པ་ཉིད་མ་ཡིན་ཏེ། དེ་ལྐོག་ཏུ་གྱུར་པའི་ཕྱིར་ལྐོག་
ཏུ་གྱུར་པར་ཐལ་བར་འགྱུར་བའི་ཕྱིར་རོ། །མཐོང་བ་ཉིད་དོ་ཞེ་ན། འོ་ན་ནི་ཅི་ལྟར་མཐོང་བ་དེ་ལྟར་འགྱུར་རོ། །ཁྱེད་ཀྱི་ཡང་ཅི་ལྟར་ཞེ་ན། དོན་ཤེས་པ་ཞེས་བྱ་བ་ནི་ཤེས་པ་དེའི་རྣམ་པ་ཉིད་དོ། །དེ་ཡང་རང་རིག་པས་རྟོགས་པར་བྱ་བ་ཡིན་ཏེ། གང་གིས་ཐུག་པ་མེད་པར་འགྱུར་བ་དེའི་
རྣམ་པ་ཅན་གྱི་ཤེས་པ་གཞན་གྱིས་རྟོགས་པར་བྱ་བ་ནི་མ་ཡིན་ནོ། །དེས་ན་ཤེས་པའི་རང་བཞིན་གྱི་སྒྲུབ་པར་བྱེད་པ་ནི་རང་རིག་པ་ཁོ་ན་ཡིན་པར་རིགས་སོ། །གལ་ཏེ་བསྒོམས་པའི་སྟོབས་ལས་བྱུང་བ་གསལ་བར་སྣང་བ་མངོན་སུམ་ཡིན་ན། འོ་ན་ནི་རྨི་ལམ་གྱི་ཤེས་པ་ཡང་མངོན་སུམ་
དུ་འགྱུར་རོ། །མི་སླུ་བ་ཡང་དེ་ལ་ཡོད་པ་ཡིན་ཏེ། དེར་ཡང་འགྲོ་བ་དང་ཐོབ་པ་ཡོད་པ་ཡིན་ནོ། །འདི་ནི་མེད་དེ། འཁྲུལ་དང་ཀུན་རྫོབ་ཤེས་པ་དང་། །རྗེས་དཔག་རྗེས་སུ་དཔག་ལས་བྱུང་། །དྲན་དང་འདོད་པ་ལས་བྱུང་བའོ། །མངོན་སུམ་ལྟར་སྣང་རབ་རིབ་བཅས། །མངོན་སུམ་ལྟར་
སྣང་བ་ནི་རྣམ་པ་གཉིས་ཏེ། རྟོག་བཅས་དང་རྟོག་མེད་དོ། །ཡང་རྣམ་པ་བཞི་སྟེ། དེ་བཤད་པ་ནི། མངོན་སུམ་ལྟར་སྣང་རྣམ་པ་བཞི། །རྟོག་པའི་ཤེས་པ་རྣམ་གསུམ་དང་། །རྟེན་བསླད་པ་ལས་བྱུང་བ་ཅན། །རྟོག་པ་མེད་པས་གཅིག་ཡིན་ནོ། །གཉིས་པོ་དེ་ཉིད་རྣམ་པར་རྟོག་པ་རྣམ་
པ་གསུམ་དུ་ཕྱེ་བ་ལས་རྣམ་པ་བཞིར་འགྱུར་རོ། །མངོན་སུམ་ནི་རྟོག་པ་དང་བྲལ་བ་ཡིན་ཏེ། དེས་ན་རྟོག་པ་རྣམ་པ་གསུམ་ཡང་མངོན་སུམ་ལྟར་སྣང་བའོ། །དེ་ལ་འཁྲུལ་པའི་ཤེས་པ་ནི་སྨིག་རྒྱུ་ལ་སོགས་པ་ལ་ཆུར་རྟོག་པས་འཇུག་པའི་ཕྱིར་མངོན་སུམ་ལྟར་སྣང་བའོ། །ཀུན་རྫོབ་ཏུ་
ཡོད་པ་ལ་དོན་གཞན་སྒྲོ་འདོགས་པའི་ཕྱིར་དང་། དེའི་ངོ་བོར་རྟོག་པ་ལ་འཇུག་པའི་ཕྱིར་རོ། །རྗེས་སུ་དཔག་པ་དང་དེའི་འབྲས་བུ་ལ་སོགས་པའི་ཤེས་པ་ནི་སྔར་ཉམས་སུ་མྱོང་བ་རྟོག་པས་འཇུག་པའི་ཕྱིར་མངོན་སུམ་མ་ཡིན་ནོ། །འོད་ཟེར་གཡོ་བའི་སྨིག་རྒྱུའི་ཚོགས་སྣང་བ་ནི་མངོན་སུམ་
Vol. 179 · folio 3b
ཉིད་ཡིན་ལ། ཆུ་ལ་སོགས་པར་རྟོག་པ་ནི་མངོན་སུམ་ལྟར་སྣང་བ་ཡིན་ཏེ། ཆུ་མངོན་སུམ་དུ་མ་བྱས་པའི་རྣམ་པ་ཅན་ཡིན་པའི་ཕྱིར་རོ། །ཀུན་རྫོབ་ཏུ་ཡོད་པ་དག་ལ་ཡང་གཟུགས་ལ་སོགས་པ་ཙམ་འཛིན་པ་ཁོ་ན་མངོན་སུམ་ཡིན་ལ། དེའི་འདུ་བ་ཅན་གྱི་རྒྱུར་འདོད་པའི་ཡན་ལག་ཅན་
ནི་མངོན་སུམ་དུ་བྱས་པ་མ་ཡིན་ཏེ། རེག་པ་ལ་སོགས་པ་སྔར་མཐོང་བའི་དོན་གཞན་སྒྲོ་འདོགས་པའི་ཕྱིར་དང་། ཤེས་པ་སྔ་མ་སྔ་མས་བརྟགས་པའི་རྫས་ཀྱང་བརྟགས་པའི་ཕྱིར་རོ། །ཡན་ལག་ཅན་ནི་གཟུགས་ལ་སོགས་པ་ལས་ཐ་དད་པར་འགར་ཡང་མངོན་སུམ་ལ་སྣང་བ་མེད་
དོ། །རྗེས་སུ་དཔག་པའི་ཤེས་པ་ནི་རྟགས་ཀྱི་ཤེས་པ་དང་། དེའི་འབྲས་བུ་རྟགས་ཅན་གྱི་ཤེས་པ་ནི་སྔར་མྱོང་བ་མེད་པ་མ་ཡིན་ནོ། །རྗེས་སུ་དཔག་པའི་ཤེས་པ་འདི་ཡང་ཁ་ཅིག་ཏུ་ནི་མངོན་སུམ་ཡིན་ལ། ཁ་ཅིག་ཏུ་ནི་མངོན་སུམ་མ་ཡིན་ཏེ། དུ་བ་གློ་བུར་བ་ལས་མེ་རྟོགས་པར་རོ། །དེ་ན་
ནི་སྔར་མྱོང་བ་རྟོག་པ་ཡོད་པ་མ་ཡིན་ནོ། །རྟོག་པ་མེད་པར་ཇི་ལྟར་རྟགས་ལས་རྟོགས་ཤེ་ན། དེ་ཁོ་ན་ལྟར་མཐོང་བའི་ཕྱིར་རོ། །མཐོང་བ་ནི་གཞན་དུ་འགྱུར་བར་མི་འཐད་དོ། །ཅིའི་ཕྱིར་རྟོག་པའི་དབྱེ་བ་བསྟན། དཔེར་བརྗོད་པ་དུ་མའི་དོན་དུའོ་ཞེ་ན། མ་ཡིན་ཏེ། མཚན་ཉིད་ཐ་མི་དད་པའི་
ཕྱིར་རོ། །དུ་མ་ཙམ་བསྟན་པ་ན་ཧ་ཅང་ཐལ་བར་འགྱུར་རོ་ཞེ་ན། ད་ནི་མེད་དེ། དགོས་པ་གཞན་ཡོད་པའི་ཕྱིར་རོ། །འདི་ལྟར། དབང་སྐྱེས་མིན་པ་གྲུབ་དོན་དུ། །གཉིས་བཤད་འཁྲུལ་བ་མཐོང་ཕྱིར་རོ། །རྗེས་དཔག་སོགས་གྲུབ་བརྗོད་པ་ནི། །སྔ་མ་གཉིས་ཉིད་སྒྲུབ་ཕྱིར་རོ། །སྨིག་རྒྱུ་ལ་ཆུར་
ཤེས་པ་ལ་ཕ་རོལ་དག་འདི་ནི་དབང་པོ་ལས་སྐྱེས་པ་ཉིད་དོ་ཞེས་འཁྲུལ་ཏེ། འདི་ལྟར་དབང་པོ་དང་དོན་ཕྲད་པ་ལས་བྱུང་བའི་ཤེས་པ་འཁྲུལ་པ་མེད་པ་ངེས་པའི་བདག་ཉིད་ནི་མངོན་སུམ་མོ་ཞེས་བྱ་བའི་མཚན་ཉིད་འདི་ལ། འཁྲུལ་པ་མེད་པ་སྨོས་པ་བྱ་བ་ནི་སྨིག་རྒྱུ་ལ་ཆུར་ཤེས་པ་གཅད་པའི་ཕྱིར་རོ། །
གལ་ཏེ་འདི་དབང་པོ་ལས་སྐྱེས་པ་མ་ཡིན་ན་ནི་ཚིག་དང་པོ་ཁོ་ནས་བཟློག་པའི་ཕྱིར་དོན་འདི་ལ་འཁྲུལ་པ་མེད་པ་སྨོས་པས་ཅི་ཞིག་བྱ། དོན་མེད་པར་སྐྱེས་པ་ཟླ་བ་གཉིས་ཀྱི་ཤེས་པ་བཟློག་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། དེ་ནི་དོན་ཕྲད་པ་སྨོས་པ་ཉིད་ཀྱིས་བཟློག་པའི་ཕྱིར་རོ། །དབང་པོ་སྨོས་པས་ནི་དབང་
Vol. 179 · folio 4a
པོ་ལས་མ་སྐྱེས་པ་བཟློག་པ་ཡིན་ནོ། །ཀུན་རྫོབ་ཏུ་ཡོད་པའི་ཡུལ་ཅན་ལ་གཞན་དག་དབང་པོ་ལས་སྐྱེས་པར་རློམ་པ་ལ་ནི་རྩོད་པ་མེད་པ་ཁོ་ནའོ། །འོ་ན་རྗེས་སུ་དཔག་པ་ལ་སོགས་པ་བརྗོད་པ་ནི་དོན་མེད་དོ། །དེས་ན་དབང་པོ་ལས་སྐྱེས་པ་མ་ཡིན་པར་སྒྲུབ་པ་མ་ཡིན་
ཏེ། རྗེས་སུ་དཔག་པ་ལ་སོགས་པ་དབང་པོ་ལས་མ་སྐྱེས་པ་ནི་གྲུབ་ཟིན་པའི་ཕྱིར་རོ་ཞེ་ན། འདི་ལ་སྨྲས་པ། རྗེས་དཔག་ལ་སོགས་གྲུབ་ཟིན་ཀྱང་། །སྒྲུབ་བྱེད་ཡིན་ཕྱིར་སྨོས་པ་ཉིད། །ཐམས་ཅད་དུ་ནི་གྲུབ་པ་ཉིད། །དཔེ་ཉིད་དུ་ནི་རབ་ཏུ་སྦྱོར། །མ་གྲུབ་པས་ནི་མ་གྲུབ་པ་སྒྲུབ་པ་མ་ཡིན་ནོ། །
གང་གིས་སྔ་མ་གཉིས་བསྒྲུབ་པར་འགྱུར་བ་འདིར་འཁྲུལ་པ་རྒྱུ་ཅི་ཞིག་ཡིན་ཞེ་ན། བཤད་པ། བརྡ་རྟེན་པ་དང་དོན་གཞན་ཅན། །སྒྲོ་འདོགས་རྣམ་པར་རྟོག་པ་དག །མངོན་སུམ་ཉེར་འཇུག་ཅན་ཉིད་ཕྱིར། །འགའ་ཚེ་འཁྲུལ་པའི་རྒྱུ་ཡིན་ནོ། །བརྡ་ལ་བརྟེན་པ་ནི་ཡན་ལག་ཅན་ཏེ། དེ་རྣམ་པར་
གནས་པའི་རྒྱུ་ནི་བརྡ་ཙམ་ཡིན་པའི་ཕྱིར་རོ། །དོན་གཞན་ནི་ཆུའོ། །སྒྲོ་འདོགས་པ་ནི་བླ་ལྷག་ཏུ་སྒྲོ་འདོགས་པའོ། །རྣམ་རྟོག་ནི་དྲན་པའོ། །ཆུ་ནི་སྔར་མཐོང་བ་ཡིན་པའི་ཕྱིར་དྲན་པར་བྱས་པ་ཡིན་གྱི། དེ་སྒྲོ་འདོགས་པ་ཉིད་ནི་མ་ཡིན་ཏེ། འབའ་ཞིག་ལ་མཐོང་བ་ནི་བདེན་པར་སྣང་བའི་ཕྱིར་རོ། །
ཡང་ན་བཟློག་སྟེ། སྒྲོ་འདོགས་པ་ནི་ཆུ་ཡིན་ལ་རྣམ་པར་རྟོག་པ་ནི་ཡན་ལག་ཅན་ཡིན་པའམ། གཉི་གར་གཉི་ག་ཡིན་ནོ། །ཐ་དད་པ་དང་སྒྲོ་འདོགས་པའི་རྣམ་རྟོག་དག་རེས་འགའ་དབང་པོ་ལས་སྐྱེས་པའི་མངོན་སུམ་དང་ཉེ་བར་འཇུག་པ་ཡིན་པའི་ཕྱིར་རོ། །ཉེ་བར་འཇུག་པ་དེ་ཉིད་ནི་
འདིར་འཁྲུལ་པའི་རྒྱུ་ཡིན་ནོ། །དེ་ཉིད་དམ་དེས་འཁྲུལ་པའི་རྒྱུ་བྱེད་པའི་ཕྱིར་རོ། །དེ་འཁྲུལ་པའི་རྒྱུ་ཡིན་པ། དེ་དེའི་དཔེའི་སྒོ་ནས་རྗེས་སུ་དཔག་པ་ཡིན་ནོ། །ཅི་ལྟར་ལྐོག་ཏུ་གྱུར་དོན་ཅན། །དྲན་པ་ལ་སོགས་རྟོག་པ་འདི། །བརྡ་ལ་ལྟོས་པའི་ངང་ཚུལ་ཅན། །མངོན་སུམ་དོན་ལ་འཛིན་མི་བྱེད། །
དེ་ལྟར་ཉམས་མྱོང་དྲན་མེད་པར། །བུམ་པ་ལ་སོགས་པ་དག་ལ། །ཤེས་ཡོད་ཡིན་པས་དེ་ཡང་ནི། །མངོན་སུམ་ལས་ནི་ཡོངས་ཉམས་འགྱུར། །རྗེས་སུ་དཔག་པའི་རྟོག་པ་ནི་འབྲེལ་པ་འཛིན་པ་ལ་ལྟོས་པ་ཡིན་ལ། འབྲེལ་པ་འཛིན་པ་ཉིད་ཀྱང་བརྡ་ཡིན་ནོ། །དེས་ན་འབྲེལ་པ་ལས་ལྐོག་ཏུ་
Vol. 179 · folio 4b
གྱུར་པའི་དོན་རྟོགས་པ་ཡིན་པའི་ཕྱིར་མངོན་སུམ་མ་ཡིན་ནོ། །མངོན་དུ་བྱེད་པས་ནི་དེར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་བུམ་པ་ལ་སོགས་པ་དག་ལ་ཡང་དབང་པོ་གང་ཡང་རུང་བ་ཅིག་གིས་གཟུགས་ལ་སོགས་པ་རྟོགས་པ་གང་ཡིན་པ་དེ་ལས་ལྷག་པར་གྱུར་པའི་རོ་ལ་སོགས་པ་དག་སྔོན་གྱི་
རྗེས་སུ་འབྲངས་ནས་དྲན་པ་ཡིན་ནོ། །རོ་ལ་སོགས་པ་ཉིད་དྲན་པ་ཡིན་གྱི། ཡན་ལག་ཅན་ནི་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། རོ་ལ་སོགས་པ་ལས་ཐ་དད་པར་དེར་མཚོན་པ་མེད་པའི་ཕྱིར་རོ། །དཀར་པོ་གང་ཡིན་པ་དེ་ཉིད་རྩུབ་མོ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གཅིག་ཏུ་རྟོགས་པའི་ཡུལ་ནི་ཡན་
ལག་ཅན་ཡིན་ནོ། །འདི་ལྟར་རེ་ཞིག་ཁ་དོག་དང་རེག་པ་ནི་གཅིག་ཉིད་མ་ཡིན་ཏེ། དེས་ན་གལ་ཏེ་ཡན་ལག་ཅན་མེད་ན་གཅིག་ཏུ་རྟོགས་པ་ཉིད་དུ་མི་འགྱུར་རོ་ཞེ་ན། གལ་ཏེ་ཡན་ལག་ཅན་ཡོད་པ་དེ་ལྟ་ན་ཡང་ཁ་དོག་དང་རེག་པ་ལ་སོགས་པ་གཞི་མཐུན་པར་ཇི་ལྟར་འགྱུར། དེ་དག་གཅིག་པ་
ཉིད་ནི་མ་ཡིན་ནོ། །གཞི་གཅིག་པའི་ཕྱིར་གཅིག་ཉིད་ཡིན་ནོ་ཞེ་ན། ཉེ་བར་བཏགས་པ་ཉིད་དུ་འགྱུར་ན། འདི་ལ་ཉེ་བར་བཏགས་པའི་རྟོགས་པ་ནི་མེད་དོ། །རྟོགས་པ་ཡོད་ཀྱང་ཉེ་བར་བཏགས་པས་ནི་ཡན་ལག་ཅན་མི་འགྲུབ་སྟེ། དེ་ལྟ་མ་ཡིན་ན་ཡང་ཉེ་བར་བཏགས་ནས་གཞི་མཐུན་པ་སྲིད་པའི་
ཕྱིར་རོ། །ཡུལ་གཅིག་པ་ཉིད་ཡིན་ཕྱིར་དང་། །དོན་གཅིག་ལ་ནི་སྦྱོར་བ་དང་། །དེ་འགྱུར་ན་ནི་འགྱུར་བའི་ཕྱིར། །གཅིག་ཏུ་ཐ་སྙད་བྱེད་པར་འདོད། །རེག་བྱའི་ཡུལ་གང་ཡིན་པ་དེ་ཉིད་གཟུགས་ཀྱི་ཡིན་པར་རྟོགས་ཏེ། དེས་ན་གཅིག་ཉིད་དུ་ལྷག་པར་ཞེན་པ་ཡིན་ནོ། །ཆུ་ལ་སོགས་པ་འཛིན་པར་རེག་
བྱའི་འབྲས་བུ་གང་ཡིན་པ་དེ་ཉིད་ལ་གཟུགས་ཀྱི་བྱེད་པ་ཡང་འཇུག་པར་རྟོགས་ཤིང་རེག་པ་མཉེས་པར་གྱུར་པ་ན་གཟུགས་ཀྱང་སྡུད་པ་ལ་སོགས་པར་འགྱུར་བ་དེའི་ཕྱིར། འདི་གཅིག་ཡིན་ནོ་ཞེས་བྱ་བའི་ཐ་སྙད་དུ་ལྷག་པར་ཞེན་ཏེ། །གལ་ཏེ་གཟུགས་ལ་སོགས་པ་ལས་དེ་དག་གཞི་ཐ་དད་པར་
ཐ་དད་ཡིན་ན་དེ་དེ་ལས་ཐ་དད་པར་རྟོགས་པར་འགྱུར་རོ། །མ་རྟོགས་ན་ནི་དམིགས་པའི་མཚན་ཉིད་ཅན་མེད་པ་ཡིན་ནོ། །ཅི་སྟེ་ཡན་ལག་ཅན་མེད་ན་ཕན་ཚུན་ཅི་སྟེ་མ་འགྱེས་ཤེ་ན། ཡན་ལག་ཅན་ནི་ཡོད་ན་ཡང་། །དེ་གསུམ་ཅི་སྟེ་གྱེས་མ་འགྱུར། །འཕྲོ་འདུའི་འབྲེལ་སྟོབས་ལས་ཤེ་ན། །དེ་ཡང་
Vol. 179 · folio 5a
བྱེ་བར་འགྱུར་བ་ཡིན། །འདི་ཉིད་རང་བཞིན་ཡིན་ཞེ་ན། །འདི་ཉིད་དང་པོར་བརྗོད་པར་བྱ། །རང་གི་རྒྱུ་ལས་གཟུགས་སོགས་ཀྱི། །རང་བཞིན་འདི་ཡིན་འཐད་པར་ལྡན། །འཕྲོད་པར་འདུ་བ་རྟག་པ་ལ། །དེ་ལྟར་བསམ་པ་ག་ལ་ཡོད། །གལ་ཏེ་ཡན་ལག་ཅན་གཞན་ཡོད་ན་དེ་
ལྟ་ན་ཡང་གསུམ་པར་གྱུར་པ་ཡིན་ཞེ་ན་གསུམ་པོ་ཡང་ཕན་ཚུན་ཅི་སྟེ་མི་གྱེས། ཅི་སྟེ་མི་གྱེས་པའི་རྒྱུ་འཕྲོད་པ་འདུ་བ་ཡིན་ན། དེ་ཡང་ཅི་སྟེ་མི་གྱེས། དེའི་རང་བཞིན་ནི་དེ་ཉིད་ཡིན་ནོ་ཞེས་བྱ་བ་ཡང་ལན་མ་ཡིན་ཏེ། དེ་ནི་གཟུགས་ལ་སོགས་པ་ཉིད་ཀྱི་རང་བཞིན་ཡིན་པར་འགྱུར་མོད། དོན་གཞན་
བརྟགས་པས་ཅི་ཞིག་བྱ། །གཟུགས་ལ་སོགས་པའི་རང་བཞིན་དེ་ནི་རང་གི་རྒྱུ་ལས་ཡིན་པའི་ཕྱིར། དེ་ནི་རིག་པ་དང་ལྡན་གྱི་འཕྲོད་པ་འདུ་བའི་རྒྱུ་མེད་པ་ལ་རང་བཞིན་དེ་ཡོད་པར་ག་ལ་འགྱུར། གང་གིས་དེ་ལྟར་འཕྲོད་པ་འདུ་བ་རང་བཞིན་དེ་ནི་འཕྲོད་པ་འདུ་བའི་རྟེན་གྱི་རང་གི་རྒྱུ་ལས་བྱུང་བ་ཡིན་ནོ། །
ཞེ་ན། དེ་ལྟར་བརྒྱུད་པ་འདིས་ཅི་ཞིག་བྱ་སྟེ། གང་གིས་འཕྲོད་པ་འདུ་བས་དེ་དག་མི་འགྱེས་པར་བྱེད་པའང་གི་རྒྱུ་ལས་དེ་དག་ཉིད་དེ་འགྱུར་བ་ཡིན་ལ། དེའི་རྒྱུ་ཉིད་མི་འགྱེས་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར། འདིའི་མཆོག་པ་ཅི་ཞིག་ཡོད་ན་གང་གི་དོན་དུ་བརྒྱུད་པ་འདོད། དེ་ལྟ་བུ་ཉིད་དུ་མཐོང་ངོ་ཞེ་
ན། མཐོང་བ་གཞན་དུ་བྱ་བར་མི་ནུས་པའི་ཕྱིར་གལ་ཏེ་མཐོང་ན་ནི་འགྱུར་བ་ཡིན་ཞེ་ན། མཐོང་བ་ནི་ཕན་ཚུན་འབྲེལ་པའི་གཟུགས་ལ་སོགས་པ་ཉིད་ཡིན་གྱི་དེ་ལས་ལྷག་པ་ནི་མེད་པའི་ཕྱིར་རོ། །འདི་ནི་དེ་དག་ཉིད་ཀྱི་རང་བཞིན་དུ་བརྟག་གོ། །དེའི་ཕྱིར་ཡན་ལག་ཅན་དུ་ལྷག་པར་སྒྲོ་བཏགས་པ་
ནི་མངོན་སུམ་མ་ཡིན་ནོ། །དེའི་ཕྱིར་འདིའི་རིགས་པ་རྒྱས་པར་བསྟན་པའི་དོན་དུ་དཔེ་དང་དོན་ཉེ་བར་བཀོད་པ་ཡིན་ནོ། །རབ་རིབ་བཅས་སྨོས་པ་ཅིའི་དོན་དུ་ཞེ་ན། རབ་རིབ་ལས་བྱུང་བ་ཡང་རྟོག་པ་དང་བཅས་པ་ཡིན་ནོ་ཞེས་ཁ་ཅིག་ཟེར་བས་དེ་བཟློག་པའི་ཕྱིར་དེ་སྨོས་སོ། །དེ་ལྟ་མ་ཡིན་ན་དྲན་
པ་ལ་སོགས་པ་སྨོས་པས་འདི་ཡང་ཟིན་པའི་ཕྱིར་ལོགས་ཤིག་ཏུ་བཀོད་པ་དོན་མེད་པར་འགྱུར་རོ། །གལ་ཏེ་རྟོག་པ་མེད་པ་ཡིན་ན། རྟོག་པ་དང་བྲལ་བའི་ཕྱིར་མངོན་སུམ་དུ་འགྱུར་རོ་ཞེ་ན། རྟོག་པ་དང་བྲལ་ལོ་ཅོག་ནི་མངོན་སུམ་མ་ཡིན་གྱི། འོན་ཀྱང་མ་འཁྲུལ་པར་གྱུར་པའོ། །རྟོག་པ་དང་
Vol. 179 · folio 5b
བྲལ་བ་མ་འཁྲུལ་བ་མངོན་སུམ་ཡིན་གྱི། ཐམས་ཅད་ནི་མ་ཡིན་ཏེ་འདི་ལྟར། དམིགས་ཀྱིས་བསལ་བའི་ཡུལ་བརྟགས་ཏེ། །དེ་དང་བྲལ་བ་ལ་སྤྱིར་བཏང་བ་འཇུག་གོ། །དམིགས་ཀྱིས་བསལ་བ་གང་ཡིན་ཞེ་ན། འདིར་ནི་བཞི་པ་དམིགས་བསལ་ཏེ། །དེས་ནི་ཉེར་གནོད་ལས་སྐྱེས་བརྗོད། །དེ་ལྟ་
རབ་རིབ་འབའ་ཞིག་ནི། །ཉེར་གནོད་མཚོན་པར་བྱེད་པ་ཡིན། །རྟོག་པ་གསུམ་ལས་བཞི་པ་རབ་རིབ་ལས་བྱུང་བ་སྨོས་པ་ནི་དམིགས་ཀྱིས་བསལ་བ་ཡིན་ནོ། །རྟོག་པ་དང་བྲལ་བ་ཞེས་བྱ་བ་སྤྱིས་མངོན་སུམ་དུ་འགྱུར་བ། རབ་རིབ་བཅས་ཞེས་བྱ་བའི་ཁྱད་པར་གྱིས་མངོན་སུམ་ལྟར་སྣང་བར་བརྗོད་
པ་ཡིན་ནོ། །ཁྱད་པར་བརྗོད་པ་ནི་སྤྱི་བརྗོད་པའི་གནོད་པར་བྱེད་པ་ཡིན་ནོ། །འདི་ལ་ཚད་མ་གང་ཡོད་ཅེ་ན། སྤྱིར་རྟོགས་པ་ནི་ཁྱད་པར་རྟོགས་པས་གནོད་པ་ཡིན་ཏེ། འདི་ལྟར། མི་མཐུན་ཕྱོགས་ལ་སྔར་མ་མཐོང་། །ཙམ་གྱིས་རྟོག་པ་དང་བྲལ་ལས། །གང་ཚེ་ལྷག་མ་དང་ལྡན་པའི། །རྗེས་སུ་དཔག་
པ་འཇུག་བྱེད་པ། །ཧ་ཅང་ཐལ་བར་འགྱུར་དེ་ལ། །གསལ་བར་ཁྱད་པར་གནོད་བྱེད་ཡིན། །དེས་ན་དེ་ལས་གཞན་ཉིད་ལ། །སྔ་མ་དེ་ནི་འཇུག་བྱེད་ཉིད། །མི་མཐུན་པའི་ཕྱོགས་ལ་སྔར་མ་མཐོང་བ་ཙམ་གྱིས་སྤྱིར་མཐོང་བའི་རྗེས་སུ་དཔག་པ་ནི་མངོན་སུམ་མམ། རྗེས་སུ་དཔག་པ་གཞན་
གྱིས་གནོད་པར་མི་འགྱུར་བ་མ་ཡིན་ནོ། །དེས་ནི་སྤྱི་དང་ཁྱད་པར་དག་ལ་གནོད་པར་བྱ་བ་དང་། གནོད་པར་བྱེད་པའི་དངོས་པོ་ཡིན་པ་ནི་མངོན་སུམ་གྱིས་གྲུབ་པ་ཡིན་ལ། དོན་དེ་སྟོན་པའི་ཚིག་དག་གི་གནོད་པར་བྱ་བ་དང་གནོད་པར་བྱེད་པའི་དངོས་པོ་ཡང་དེ་ཉིད་ཡིན་ནོ། །འོ་ན་སློབ་དཔོན་ཅིའི་ཕྱིར་
སྤྱིར་མཐོང་བའི་རྗེས་སུ་དཔག་པ་ལས་མཚན་ཉིད་འཆད་ཅེ་ན། མ་ཡིན་ཏེ། སློབ་དཔོན་གྱིས་ནི་ཁྱད་པར་དུ་མཐོང་བའི་རྗེས་སུ་དཔག་པ་ཉིད་བཞེད་པ་ཡིན་ནོ། །དེའི་དོན་གང་ཡིན་པ་དེ་ནི་ཚིག་གཅིག་གིས་བསྟན་པར་མི་ནུས་པའི་ཕྱིར། དམིགས་ཀྱིས་བསལ་བ་དང་བཅས་ཏེ་བརྗོད་དོ། །འོ་ན་སྤྱིའི་
ཕྱིར་རྟོག་པ་དང་བྲལ་བ་སྨོས་པ་དང་། ལྷན་ཅིག་ཏུ་མ་འཁྲུལ་པ་སྨོས་པ་མ་བྱས། གླང་པོ་ཆེའི་འཁྲུས་ཁས་བླངས་པས་ཅི་བྱ་ཞེ་ན། མ་ཡིན་ཏེ། དམིགས་ཀྱིས་བསལ་བ་རབ་རིབ་བཅས་པ་སྨོས་པས་མ་འཁྲུལ་པ་སྨོས་པའི་དོན་ཐོབ་བམ། གཞན་དུ་ཡང་རུང་སྟེ། ཁྱད་པར་ཅི་ཡོད། རྟོག་པ་དང་
Vol. 179 · folio 6a
བྲལ་བ་སྨོས་པའི་དེ་མ་ཐག་པ་ཉིད་ཀྱིས་ཐོབ་པོ་ཞེ་ན། མ་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །དོན་དུ་མཚུངས་པ་མ་ཡིན་པ་དག་ལ་དེ་མ་ཐག་པ་རྒྱུ་མ་ཡིན་ནོ། །ཚད་མའི་ཡུལ་གྱི་གནོད་བྱ་གནོད་བྱེད་ཀྱི་ངོ་བོ་ཡང་ཅི་ནས་བསྟན་པར་འགྱུར་བར་བྱ་བའི་ཕྱིར་དེ་ལྟར་
བྱས་སོ། །གནོད་པར་བྱེད་པ་ནི་གདོན་མི་ཟ་བར་དེ་མ་ཐག་ཏུ་འགྱུར་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་མ་འཁྲུལ་པ་ཉིད་སྨོས་པར་མི་བྱེད་ཅེ་ན། དེ་ནི་བདེན་ཏེ། མངོན་སུམ་ནི་མངོན་དུ་བྱེད་པ་ཡིན་ལ། དེ་ཡང་མ་འཁྲུལ་པ་སྨོས་པས་བསྟན་པར་ནུས་པ་ཡིན་ནོ། །མངོན་དུ་བྱེད་པའི་རྣམ་པ་མ་ཡིན་
པ་ནི་མ་འཁྲུལ་པར་མི་འགྱུར་ཏེ། རྟོག་པ་དང་བཅས་པ་ནི་འཁྲུལ་པ་ཡིན་པའི་ཕྱིར་རོ། །ཕ་རོལ་དག་ནི་རྟོག་པ་དང་བཅས་པས་ཀྱང་མངོན་དུ་བྱེད་པའི་རྣམ་པ་མ་འཁྲུལ་པ་འདོད་པས་དེའི་དབང་དུ་བྱས་ནས་འདི་གཉིས་བརྗོད་དོ། །དེ་སྐད་དུ་ཡང་གཞན་གྱི་ལུགས་ལ་ལྟོས་ནས་མཚན་ཉིད་
ཁྱད་པར་དུ་བྱས་སོ་ཞེས་བཤད་དོ། །ཐམས་ཅད་ཀྱང་རྣམ་པར་རྟོག་པ་མེད་པ་ཁོ་ནའོ་ཞེས་བྱ་བ་ཡིན་ནོ། །ཡང་ན། གནོད་བྱ་དང་ནི་གནོད་བྱེད་ཀྱི། །ཚུལ་ཀུན་རྟོག་པ་པོ་ལ་ལྟོས། །གནོད་བྱེད་མཐོང་བ་མེད་པས་སྔར། །སྤྱི་ཉིད་དུ་ནི་རྟོགས་པ་ཡིན། །འདིར་ཁྱད་པར་བཞེད་པ་ཡིན་ནོ་ཞེས་
སློབ་དཔོན་གྱི་དགོངས་པ་མ་ཤེས་པ། གནོད་བྱེད་བྱེད་པ་མཐོང་བ་ལས་ཕྱིས་ཁྱད་པར་དེ་ཡང་རྟོགས་པར་འགྱུར་རོ། །སྐྱེས་བུས་མ་བྱས་པའི་ཚིག་ལ་ནི་ཚད་མའི་རྩ་བ་ཉིད་མེད་པའི་ཕྱིར་གནོད་བྱ་གནོད་བྱེད་ཡོད་པ་མ་ཡིན་ནོ། །སྐྱེས་བུས་བྱས་པ་ལ་ནི་སྔར་གྱི་བློ་འཁྲུལ་པ་ཚད་མའི་རྩ་བ་ཅན་
གྱི་བློ་ཕྱི་མས་ཤེས་པར་འགྱུར་རོ། །རིག་བྱེད་ལས་ནི་བློ་འཁྲུལ་པ་ཡང་མི་སྐྱེའོ། །དེ་ལྟ་ན་ནི་ཚད་མ་མ་ཡིན་པ་ཉིད་དེ། ཐམས་ཅད་དེ་ལྟ་བུ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གནོད་པ་མེད་ན་ཚད་མ་ཉིད་དོ་ཞེ་ན། མ་ཡིན་ཏེ། བརྟགས་ན་དོན་གཞན་ཉིད་དོ་ཞེས་ཕྱིས་ཡང་གནོད་པར་བྱེད་པ་
སྲིད་པའི་ཕྱིར་རོ། །དེ་ལྟ་བུ་ནི་ཚད་མ་ལ་ཡང་འགྱུར་རོ་ཞེ་ན། མ་ཡིན་ཏེ། ཚད་མ་ནི་བརྟན་པའི་ཕྱིར་རོ། །དེ་ལྟ་ཡིན་དང་རིག་བྱེད་སྨྲ་བ་དག་གིས་ཚད་མ་དང་འགལ་བའི་ལུང་སྤངས་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་དོན་བརྗོད་པ་བཤད་པ་རྒྱུ་མཚན་མེད་པར་འགྱུར་རོ། །དེས་ན་གནོད་བྱ་གནོད་བྱེད་ནི་
Vol. 179 · folio 6b
སྐྱེས་བུས་བྱས་པའི་ཚིག་ཁོ་ན་ལ་ཡིན་ནོ། །རབ་རིབ་བཅས་ཞེས་བྱ་བ་ཉིད་གནོད་པར་བྱེད་པ་ཡིན་གྱི་མིག་སེར་ལ་སོགས་པ་ནི་མ་ཡིན་ནོ་ཞེ་ན། བཤད་པ་དེས་ནི་ཉེ་བར་གནོད་པ་ལས་སྐྱེས་པ་ཐམས་ཅད་བརྗོད་པ་ཡིན་ནོ། །རབ་རིབ་ནི་ཉེ་བར་གནོད་པ་མཚོན་པ་ཡིན་གྱི། ཉེ་བར་གནོད་པ་གཞན་བཟློག་པ་
ནི་མ་ཡིན་ནོ། །འདི་ལྟར། རབ་རིབ་དོན་གྱིས་སྟོང་ཉིད་ཀྱིས། །མངོན་དུ་བྱེད་ཉིད་མ་ཡིན་ཕྱིར། །མངོན་སུམ་ལྟར་སྣང་བར་བསམས་ཏེ། །མངོན་སུམ་ཉིད་ནི་བསལ་བར་བྱས། །དོན་གྱིས་སྟོང་པ་དེ་ནི་མིག་སེར་གྱི་སྟོབས་བདོ་བས་མིག་གི་སྟོབས་འགྲིབས་པ་དག་གི་ཤེས་པ་ལ་ཡང་ཆ་ཙམ་ཡང་མ་གོད་
པར་ཡོད་དོ། །དེས་ན་རིག་པ་སྨྲ་བ་དག་གིས་རབ་རིབ་བཅས་ཞེས་སྨོས་པ་ནི་མཚོན་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །རབ་རིབ་ནི་ཉེ་བར་གནོད་པ་མ་ལུས་པ་མཚོན་པར་བྱེད་པའོ། །གཞན་དག་ན་རེ། འདི་ནི་རྟོག་པ་དང་བྲལ་བ་མོས་པའི་བཟློག་པའི་དཔེ་ཡིན་གྱི། དམིགས་ཀྱིས་བསལ་བ་ནི་མ་ཡིན་
ནོ་ཞེས་ཟེར་རོ། །དེ་ལ་བཤད་པ་ནི། དེ་ཡང་ཡིད་ཀྱི་ཞེས་ཁ་ཅིག །སྔོ་དང་ཟླ་གཉིས་ལ་སོགས་བློའི། །དབང་པོའང་རྒྱུ་ཡིན་ཞེས་བྱ་བའི། །གཞུང་འདི་དང་ནི་དེ་དག་འགལ། །ཟླ་བ་གཉིས་ལ་སོགས་པའི་ཤེས་པ་འདི་ནི་སྨིག་རྒྱུ་ལ་ཆུར་ཤེས་པ་ལྟར་ཡིད་ཉིད་ཡིན་ནོ། །འདི་ལྟར་སྨིག་རྒྱུ་དག་ལ་དང་པོར་ནི་
དབང་པོའི་ཤེས་པ་མ་འཁྲུལ་པ་ཉིད་སྐྱེ་ལ། ཕྱིས་ཆུ་ཉམས་སུ་མྱོང་བའི་བག་ཆགས་སད་པ་ལས་རྣམ་པར་རྟོག་པ་དང་བཅས་པས་ཆུར་ཤེས་པ་ཡིན་ནོ། །སད་པ་དེ་ཡང་སྨིག་རྒྱུ་མཐོང་བ་ཉིད་ལས་ཡིན་ཏེ། འདྲ་བ་ལ་བརྟེན་པའི་སྨིག་རྒྱུ་ནི་དེ་ལྟ་བུའི་ཆོས་ཅན་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་འདིར་ཡང་དང་
པོ་ནི་ཟླ་བའི་ཡུལ་ཅན་མ་འཁྲུལ་པའི་ཤེས་པ་ཡིན་ལ། ཕྱིས་ནི་ཟླ་བ་གཉིས་ཀྱི་རྣམ་པ་ཅན་རྟོག་པ་དང་བཅས་པ་ཡིན་ནོ། །དེ་ལ་ཁ་ཅིག་ན་རེ། གཡོ་བ་མེད་པའི་མིག་གཉིས་ཀྱི་དབུས་ན་གནས་པའི་ཟླ་བ་དེ་ཉིད་ཟུར་གཉིས་སུ་རིམ་གྱིས་དམིགས་པ་ན་དུས་ཕྲ་བའི་ཕྱིར་ཅིག་ཅར་བཞིན་དུ་མཚོན་པ་ཡིན་ལ།
ཟུར་གཉིས་སུ་གཉིས་ནི་སྒྲོ་བཏགས་པ་ཡིན་ནོ་ཞེས་ཟེར་རོ། །དེ་དག་ནི། དབང་པོ་རྣམ་པར་རེག་པའི་རྒྱུ། །ཕྲ་རབ་རྡུལ་དག་ཡིན་མོད་ཀྱི། །དེར་མི་སྣང་ཕྱིར་དེ་ཡུལ་ནི། །རྡུལ་ཕྲན་མ་ཡིན་དབང་པོ་བཞིན། །དེ་ལྟ་བུ་འམ་རྣམ་པ་གཞན་དུ་གྱུར་པའི་མིག་ལ་སོགས་པའི་རྡུལ་ཕྲ་རབ་དེ་དག་ཉིད་ཟླ་བ་གཉིས་
Vol. 179 · folio 7a
དང་། སྔོན་པོ་ལ་སོགས་པར་སྣང་བའི་རྒྱུ་ཡིན་ནོ་ཞེས་བྱ་བའི་གཞུང་དང་འགལ་ལོ། །ཟླ་བ་གཉིས་སུ་སྣང་བ་ཡིད་ཡིན་ནོ། །དབང་པོའི་རྒྱུ་ཡིན་པར་བརྗོད་མི་ནུས་སོ། །ཅི་སྟེ་ཡིད་ཡིན་ཡང་བརྒྱུད་པས་དབང་པོ་རྒྱུ་ཡིན་པར་མི་འགལ་ལོ། །དངོས་སུ་དབང་པོ་རྒྱུ་ཡིན་ན་ནི། ཟླ་
བ་གཉིས་ཀྱི་ཤེས་པ་ཡིད་ཡིན་པར་འགལ་ལོ་ཞེ་ན། འདི་ལ་བཤད་པ། གལ་ཏེ་བརྒྱུད་པས་རྒྱུ་ཡིན་ན། །དབང་པོའི་ཤེས་པའི་སྤྱོད་ཡུལ་དག །དཔྱད་པ་འདི་ལ་ཡིད་ཀྱི་ནི། །སྐབས་སུ་ཇི་ལྟར་འགྱུར་བ་ཡིན། །དབང་པོའི་ཤེས་པའི་ཡུལ་གང་ཡིན་ཞེས་བརྒལ་ཞིང་བརྟགས་པ་ན། དེའི་རྣམ་པ་ཅན་ནམ་
གཞན་དུ་དངོས་སུ་གང་ལས་དབང་པོའི་ཤེས་པ་སྐྱེའོ་ཞེས་ཕ་རོལ་གྱིས་བརྗོད་པར་བྱའོ། །རེ་ཞིག་དེའི་རྣམ་པ་ཅན་ཉིད་ཀྱིས་ནི་ཡུལ་ཉིད་མ་ཡིན་ཏེ། མི་སྲིད་པའི་ཕྱིར་རོ། །རྡུལ་ཕྲ་རབ་དག་ལ་རིལ་པོ་གཅིག་གི་རྣམ་པ་རགས་པ་ཉིད་མེད་པའི་ཕྱིར་རོ། །ཅི་སྟེ། དེའི་རྣམ་པ་ཅན་མ་ཡིན་ཡང་རྒྱུ་གང་ཡིན་
པ་དེ་ཡུལ་ཡིན་ན། དེ་ཡང་མི་འཐད་དེ། རྣམ་པ་གཞན་གྱི་ཤེས་པའི་རྒྱུ་ཡིན་ན་དབང་པོ་བཞིན་དུ་ཡུལ་མ་ཡིན་པ་ཉིད་དོ། །དེ་ལ་གལ་ཏེ་སློབ་དཔོན་བརྒྱུད་པས་རྒྱུ་ཡིན་པར་དགོངས་ན། དེའི་ཚེ་དེ་ལྟ་བུ་འམ། རྣམ་པ་གཞན་དུ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་གཞན་ལ་དབང་པོ་ཡུལ་ཉིད་དུ་ཐལ་བར་
འགྱུར་བ་མི་མཛད་དེ། རྡུལ་ཕྲ་རབ་དག་དངོས་སུ་རྒྱུ་ཡིན་ན་ཡུལ་ཡིན་པར་གཞན་གྱིས་བརྗོད་པའི་ཕྱིར་རོ། །འོ་ན་ནི་ཐལ་བ་ཉིད་མི་རིགས་སོ་ཞེས་བརྗོད་པར་བྱའོ། །འདི་ལ་ཡིད་ཀྱི་ནི། སྐབས་སུ་ཇི་ལྟར་འགྱུར་བ་ཡིན། །ཞེས་བརྗོད་པས་ཅི་བྱ་ཞེ་ན། བསམ་པ་ནི། རྡུལ་ཕྲན་ཕན་ཚུན་དབེན་པ་
དག །དང་པོ་སོ་སོར་སྣང་བ་ཡིན། །རྣམ་པར་རྟག་པའི་ཤེས་པ་ལས། །རིལ་པོའི་རྣམ་པར་སྣང་བར་འགྱུར། །གཞན་དག་ན་རེ། རིལ་པོ་གཅིག་ཏུ་སྣང་བ་ནི་རྣམ་པར་རྟོག་པ་དང་བཅས་པའི་ཤེས་པ་ཡིན་ལ། རྡུལ་ཕྲ་རབ་དེ་དག་ནི་བརྒྱུད་པས་དེའི་ཡང་རྒྱུ་ཡིན་པའི་ཕྱིར་ཡུལ་ཡིན་ཏེ། དཔེར་ན་དྲན་
པའི་ཡུལ་དོན་ཡིན་པ་བཞིན་ནོ་ཞེས་ཟེར་བ་ལ། སློབ་དཔོན་གྱིས། དེར་མི་སྣང་ཕྱིར་དེ་ཡུལ་ནི། །རྡུལ་ཕྲན་མ་ཡིན་དབང་པོ་བཞིན། །ཞེས་གསུངས་ཏེ། དཔེར་ན་དབང་པོ་བརྒྱུད་པར་རྒྱུ་ཉིད་ཡིན་ཡང་ཡུལ་མ་ཡིན་པ་དེ་བཞིན་དུ། རྡུལ་ཕྲ་རབ་དག་ཀྱང་ཡིན་ནོ། །གཞན་དུ་གྱུར་པའི་དབང་པོ་ནི། །
Vol. 179 · folio 7b
ཟླ་བ་གཉིས་ཀྱི་ཤེས་པའི་བརྒྱུད་པའི་རྒྱུ་ཡིན་ནོ། །འདི་ལ་བརྗོད་པ། དབང་པོའི་ཤེས་པའི་སྤྱོད་ཡུལ་དག །དཔྱད་པར་འདི་ལ་ཡིད་ཀྱིས་ནི། །སྐབས་སུ་ཇི་ལྟར་འགྱུར་བ་ཡིན། །ཞེས་བྱ་བ་ཡིན་ནོ། །ཡིད་ཉིད་ཡིན་ན་ནི་ཡུལ་དཔྱད་པ་ལེགས་པ་མ་ཡིན་ཏེ། ཡུལ་མེད་པའི་ཕྱིར་རོ། །དེ་ལྟར་ཡང་འདི་ལ་
ཚད་མ་ཅུང་ཟད་ཀྱང་མེད་པའི་ཕྱིར་སློབ་དཔོན་གྱི་ལ་རིགས་པར་བརྗོད་པ་ཡིན་གྱི། ཐལ་བར་འགྱུར་བས་བརྩད་པ་ནི་མ་ཡིན་ནོ། །དེ་ཉིད་བརྗོད་པ་ཡིད་ཀྱི་ནི། །སྐབས་སུ་ཇི་ལྟར་འགྱུར་བ་ཡིན། །ཞེས་བྱ་བ་ཡིན་ནོ། །གཞན་བརྗོད་པ་ནི། གལ་ཏེ་ཟླ་བ་གཉིས་ཀྱི་ཤེས་པ་ལ་སོགས་པ་ཡིད་ལ་དབང་
པོའི་རྒྱུར་བརྗོད་ན་ནི། དེའི་ཚེ་ཡིད་ཉིད་ཀྱི་ཡུལ་དཔྱོད་པར་འགྱུར་རོ། །དེས་ན་སྐབས་སུ་ཇི་ལྟར་འགྱུར་བ་ཡིན་ཞེས་བྱ་བ་ལན་ཡིན་ནོ་ཞེ་ན། དེ་ནི་མི་འཐད་དོ་ཞེས་བསྟན་ཟིན་ཏོ། །དབང་རྟེན་གང་ཡིན་གལ་ཏེ་གང་། །དབང་པོ་ཡོད་མེད་རྗེས་འཇུག་ཅན། །དེ་མཚུངས་གལ་ཏེ་ལྡན་འགྱུར་ན། །དེ་
འདི་ཉིད་ན་ཅི་ཕྱིར་འགོག །རེ་ཞིག་གལ་ཏེ་ཟླ་བ་གཉིས་ལ་སོགས་པའི་ཤེས་པ་འདི་ཡིད་ཡིན་ན་ནི། དབང་པོ་ཡོད་པ་དང་མེད་པའི་རྗེས་སུ་འཇུག་པར་མི་འགྱུར་རོ། །གལ་ཏེ་དབང་པོ་ཡོད་པ་དང་མེད་པའི་རྗེས་སུ་འཇུག་ཀྱང་དེ་ཡིད་ཡིན་ན། དེ་ལྟ་ན་ཀ་བ་ལ་སོགས་པའི་ཤེས་པ་ཡང་ཡིད་དུ་ཐལ་ལོ། །
དང་པོ་ནི་རང་གི་རྣམ་པ་ཉིད་ཤེས་ལ། ཕྱིའི་དོན་གྱི་རྣམ་པ་ཡིད་ལ་སྣང་བ་ཡིན་ནོ། །ཅི་སྟེ་འདི་ལ་ཚད་མ་མེད་དོ་ཞེ་ན། དེ་ལྟ་ན་ནི་ཟླ་བ་གཉིས་སུ་སྣང་བ་ཡང་ཡིན་པའི་ཕྱིར་མཚུངས་སོ། །ཅི་སྟེ་གང་ཞིག་དབང་པོ་འགྱུར་བས་འགྱུར་བ་དེ་དབང་པོ་ལ་བརྟེན་པ་ཡིན་ན། དེའི་ཚེ་ཡིད་ཉིད་དབང་པོ་ལ་
བརྟེན་པར་ཐལ་ལོ། །དབང་པོ་ལ་བརྟེན་པ་ཡང་འགྱུར་བ་ཉིད་དོ་ཞེ་ན། འོ་ན་གཉི་ག་ཡང་དབང་པོ་ལས་བྱུང་བར་ཐལ་ལོ། །དངོས་སུའོ་ཞེ་ན། མ་ཡིན་ཏེ། གཞན་ལ་འགྱུར་བ་མཐོང་བ་མེད་པའི་ཕྱིར་རོ། །འདིའི་རྗེས་སུ་འབྲངས་ནས་དེ་ཡང་རྣམ་པར་འགྱུར་བ་ཤེས་པར་བྱའོ་ཞེ་ན། དེ་ཡང་ཡིད་ཉིད་
དེ། རྣམ་པར་འགྱུར་བའི་ཕྱིར་འདི་བཞིན་ནོ་ཞེས་ཐུག་པ་མེད་པར་འགྱུར་རོ། །དེའི་ཕྱིར་འདི་ཉིད་དབང་པོ་ལས་སྐྱེས་པ་ཡིན་ནོ། །འདི་ཡང་སྦྲུལ་སོགས་འཁྲུལ་པ་བཞིན། །དབང་པོའི་འགྱུར་བ་ཡོད་ན་ཡང་། །ལྡོག་འགྱུར་དབང་པོའི་བསླད་པ་ནི། །ལོག་ཀྱང་ལྡོག་པར་མི་འགྱུར་ཞིང་། །དེ་བཞིན་གཞན་
Vol. 179 · folio 8a
གྱི་རྒྱུ་ལ་ནི། །བརྗོད་པ་དག་གིས་འགའ་ཚེ་འཇོག །མཐོང་བ་དྲན་པ་ལྟོས་འགྱུར་ཞིང་། །ཡོངས་སུ་གསལ་བར་སྣང་མི་འགྱུར། །གལ་ཏེ་ཟླ་བ་གཉིས་ལ་སོགས་པའི་བློ་ཡིད་ཡིན་ན། དབང་པོའི་འགྱུར་བ་ཡོད་ཀྱང་ལོག་པར་འགྱུར་རོ། །སྦྲུལ་དུ་འཁྲུལ་པ་ནི་དབང་པོའི་འགྱུར་
བ་ཡོད་ཀྱང་རྣམ་པར་དཔྱད་ན་ལྡོག་པར་འགྱུར་གྱི། ཟླ་བ་གཉིས་ལ་སོགས་པའི་འཁྲུལ་པ་ནི་མ་ཡིན་ནོ། །ཅི་སྟེ་ནག་པོ་ལ་སོགས་པའི་མཚན་ཉིད་ཅན་སྦྲུལ་དུ་འཁྲུལ་པ་ཡང་མི་ལྡོག་པ་ཉིད་དོ། །སྦྲུལ་དུ་འཁྲུལ་པ་ནི་མུན་པ་དང་བཅས་པའི་ཕྱོགས་སུ་ཡིན་ནོ། །དེ་ལ་ཐག་པ་ལ་སོགས་པ་ནག་པོ་
ལ་སོགས་པའི་རང་བཞིན་ཅན་ནི་རབ་རིབ་མེད་ཀྱང་ཡོད་པ་ཡིན་ནོ། །མིག་རབ་རིབ་དང་བྲལ་ཏེ་གཞན་དུ་གྱུར་ཀྱང་ནག་པོ་ལ་སོགས་པའི་རང་བཞིན་ནི་ཡོད་པ་མ་ཡིན་ཏེ། དེ་མིག་རྣམ་པར་འགྱུར་བ་ཡོད་ན་ཡང་ལྡོག་པར་ཇི་ལྟར་འགྱུར། དེས་ན་ལྡོག་པ་མ་གྲུབ་པ་སྒྲུབ་བྱེད་དུ་ཇི་ལྟར་འགྱུར། དབང་པོའི་
བསླད་པ་ནི། ལོག་ཀྱང་ལྡོག་པར་མི་འགྱུར་རོ། །ཞེས་གང་བརྗོད་པ་དེ་ཡང་མི་རིགས་ཏེ། ཡིད་ཀྱིས་ཆུར་འཁྲུལ་པ་ཡང་དབང་པོའི་བསླད་པ་ལ་སོགས་པ་ལ་ནི་མ་མཐོང་སྟེ། སད་པའི་རྐྱེན་ཚད་པས་གདུངས་པ་མེད་ན་མེད་པའི་ཕྱིར་རོ། །ཆུར་འཁྲུལ་པ་ནི་གཞན་གྱི་རྒྱུད་ལ་འཇུག་པར་མ་
མཐོང་སྟེ། ཚད་པས་གདུངས་པ་གཞན་གྱི་ཚིག་ལས་དེ་ལྟར་འགྱུར་བ་ནི་མ་ཡིན་ནོ། །སྦྲུལ་དུ་འཁྲུལ་པ་ཡང་མཐོང་བ་དྲན་པ་ལ་ལྟོས་པར་ནི་མ་མཐོང་སྟེ་ནག་པོ་ལ་སོགས་པ་ནི་དང་པོ་ཉིད་འགྱུར་བའི་ཕྱིར་རོ། །ཡོངས་སུ་གསལ་བར་སྣང་བ་ཡང་རྨི་ལམ་ལ་སོགས་པ་ན་ཡིད་ཀྱི་འཁྲུལ་པ་ལ་
ཡང་ཡོད་པ་ཉིད་དེ། དེས་ན་ཡོངས་སུ་གསལ་བར་སྣང་མི་འགྱུར་ཞེས་བྱ་བ་ལ་སོགས་པ་འདི་ཐམས་ཅད་མི་འཐད་དོ། །དེ་ཡོད་ན་ཡོད་པ་དང་། དེ་འགྱུར་ན་འགྱུར་བའི་བརྒྱུད་པའི་འབྲས་བུ་ལ་ཡང་འགྱུར་བ་ཉིད་དོ་ཞེ་ན། འདི་ལ་བཤད་པ། དེ་ལ་ནག་པོ་ལ་སོགས་པར། །སྣང་བ་གང་དེ་དབང་
སྐྱེས་ཉིད། །ལྡོག་མེད་ལ་སོགས་ཆོས་དག་ནི། །དེ་ཡི་ཡིན་ཕྱིར་ལན་བཟང་མིན། །དབང་པོ་ལས་བྱུང་བའི་ནག་པོར་སྣང་བ་ལ་སོགས་པ་ནི་གདོན་མི་ཟ་བར་དེ་ལོག་ན་མི་ལྡོག་པ་མ་ཡིན་ན། །ཡོངས་སུ་གསལ་བར་སྣང་བ་ཡང་དབང་པོས་བསྐྱེད་པ་ཉིད་ཡིན་གྱི་ཡིད་ནི་མ་ཡིན་ནོ། །ཉི་མས་གདུངས་
Vol. 179 · folio 8b
པ་ལ་སོགས་པའི་སྟོབས་ལས་ཡིད་ཀྱང་འགྱུར་རོ་ཞེ་ན། མ་ཡིན་ཏེ། ཡོངས་སུ་གསལ་ན་དེ་རྟོག་པ་མེད་པ་ཉིད་ཡིན་པའི་ཕྱིར་དབང་པོ་ལས་བྱུང་བ་དང་ཁྱད་པར་མེད་དོ། །དེ་ལྟ་ཡིན་དང་རབ་རིབ་བཅས་སྨོས་པ་ནི་དམིགས་ཀྱིས་བསལ་བ་ལས་ཉམས་པ་མ་ཡིན་ནོ། །གཞན་དག་ནི་ཡིད་ཡིན་པའི་ཕྱིར་
རྟོག་པ་དང་བཅས་པར་སེམས་པ་ཡིན་གྱི། ཡིད་ཙམ་ནི་མ་ཡིན་ནོ། །འདི་ལྟར་རྟོག་པ་མེད་པ་གཅིག་ཡིན་ནོ་ཞེས་བྱ་བ་འདི་ཙམ་ཞིག་བསྒྲུབ་པར་བྱ་བ་ཡིན་ནོ། །མངོན་སུམ་ལྟར་སྣང་བ་ནི་གཉིས་ཏེ། རྣམ་པར་རྟོག་པ་དང་བཅས་པ་དང་། རྟོག་པ་མེད་པའོ། །དེ་ཡང་འཁྲུལ་པ་ཐམས་ཅད་རྟོག་པ་དང་
བཅས་པ་ཉིད་ཡིན་ན་བསལ་བ་དེའི་ཚེ་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ། །འོ་ན་ནི་གསལ་བར་སྣང་ཡང་ཟླ་བ་གཉིས་ལ་སོགས་པའི་བློ་ཡིད་ཡིན་པར་འགྱུར་རོ་ཞེ་ན། ཡིད་མ་ཡིན་ཏེ། བསྒོམས་པ་མེད་པར་ཡང་འགྱུར་བའི་ཕྱིར་རོ། །ཡིད་ནི་བསྒོམས་པའི་སྟོབས་ཀྱིས་གསལ་བ་ལ་བརྟེན་པ་ཡིན་
ནོ། །དེ་མེད་པའི་ཕྱིར་དབང་པོ་ལས་སྐྱེས་པ་ཉིད་བཟློག་པར་མི་ནུས་སོ། །རྣམ་པ་གསལ་བའི་རྒྱུ་ནི་རྣམ་པ་གཉིས་ཉིད་དེ། དབང་པོ་དང་བསྒོམས་པའོ། །དེ་ལ་ཡང་བར་ཆོད་པའི་བསྒོམས་པ་ཡོད་པ་ཉིད་དོ་ཞེ་ན། འོ་ན་ནི་ཕྱི་རོལ་གྱི་དོན་གྱི་བརྗོད་པ་དང་བྲལ་བ་ཡིན་ཏེ། སྤྲོས་པས་ཆོག་གོ། །འོ་ན་གང་
ཞིག་དཔེར་འགྱུར་བ་སྦྲུལ་དུ་འཁྲུལ་པའི་ཡིད་དང་། ཆུ་ལ་སོགས་པར་འཁྲུལ་པའི་ཡིད་གང་ཡིན་ཞེ་ན། ཕན་འདོགས་པ་དང་གནོད་པ་བྱེད་པར་སྣང་བའོ། །ཕན་འདོགས་པ་དང་གནོད་པ་བྱེད་པར་སྣང་བ་ནི་དབང་པོའི་འགྱུར་བ་ཡོད་ཀྱང་ལྡོག་ལ། དབང་པོའི་བསླད་པ་ལོག་ཀྱང་མི་ལྡོག་གོ། །དེ་བཞིན་དུ་
གཞན་དག་ལ་ཡང་སྦྱར་རོ། །དེ་ལྟ་ཡིན་དང་། གཉིད་ལོག་པ་འམ་སད་པ་ན། །གསལ་བར་སྣང་བ་ཅན་བློ་གང་། །དེ་ནི་རྟོག་མེད་གཉི་གར་ཡང་། །དེ་ལྟ་མིན་ན་རྟོག་པ་ཡིན། །ཡིད་དམ་གཞན་གཉི་གར་ཡང་རྟོག་པ་མེད་པ་ཉིད་དེ། གསལ་བ་ཉིད་ཡིན་ན་རྟོག་པ་མེད་པ་ཡིན་ནོ་ཞེས་བྱ་བ་འདི་ནི་བསྟན་ཟིན་
ཏོ། །དེ་ཕྱིར་དེ་རྟོག་མེད་ན་ཡང་། །ཚད་མ་ཉིད་ནི་བཀག་པ་སྟེ། །སླུ་བའི་ཕྱིར་རོ་དེའི་དོན་དུའང་། །མངོན་སུམ་ལྟར་སྣང་གཉིས་སུ་བཤད། །སློབ་དཔོན་གྱིས་རྣམ་པར་རྟོག་པ་དང་། འཁྲུལ་པ་དག་གིས་མངོན་སུམ་ལྟར་སྣང་བ་རྣམ་པ་གཉིས་ཉིད་བསྟན་ཏེ། རབ་རིབ་ལས་བྱུང་བས་ཉེ་བར་མཚོན་པའི་
Vol. 179 · folio 9a
བསླད་པ་དག་གོ་ཞེས་བྱ་བས་རྣམ་པར་རྟོག་པའི་སྡེ་ཚན་ལས་ལོགས་ཤིག་ཏུ་བསྟན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ལོགས་ཤིག་ཏུ་སྟོན་པའི་དགོས་པ་མེད་པས་ན་མི་མཁས་པ་ཉིད་བརྗོད་པའི་རྒྱུར་འགྱུར་རོ། །འོ་ན་འཁྲུལ་པ་ནི་ཡིད་ཀྱི་འཁྲུལ་པའི་ཡུལ་ཡིན་པའི་ཕྱིར་རོ་ཞེ་ན་
བཤད་པ་དེ་ཅི་ལྟར་ཞེ་ན། དེ་ནི་གཞན་གྱི་འདོད་པས་བཤད་པའི་ཕྱིར་རོ། །གང་གི་དབང་པོ་དང་དོན་ཕྲད་པ་ལས་བྱུང་བ་ནི་མངོན་སུམ་ཡིན་ནོ་ཞེས་མཚན་ཉིད་ཡིན་པ་དེའི་ལྟར་ན། འཁྲུལ་པ་ནི་ཡིད་ཀྱི་འཁྲུལ་པའི་ཡུལ་ཡིན་ནོ་ཞེས་བྱ་བར་རྣམ་པར་གནས་སོ། །དབང་པོ་དང་དོན་ཕྲད་པ་ལས་བྱུང་བ་
ཉིད་ནི་འཁྲུལ་པ་ཉིད་དུ་མི་སྲིད་དེ། ལྷག་པར་གྱུར་པས་ཡིད་ཀྱི་ལྷག་པར་རྣམ་པར་རྟོག་པ་གང་ཡིན་པ་དེར་འཁྲུལ་པ་ཡིན་ནོ། །དོན་མེད་པར་དབང་པོ་ཙམ་ལས་སྐྱེས་པ་གང་ཡིན་པ་དེ་ཡང་འཁྲུལ་པ་མ་ཡིན་ནམ། དེ་ཅི་ལྟར་ཡིད་ཀྱི་འཁྲུལ་པའི་ཡུལ་ཡིན་པའི་ཕྱིར་རོ་ཞེས་བརྗོད་ཅེ་ན། མ་ཡིན་ཏེ་དེ་ནི་དོན་
སྨོས་པས་གསལ་བའི་ཕྱིར་རོ། །དེ་ནི་ཡོད་ཀྱང་མེད་པ་དང་འདྲ་བ་ཉིད་དོ། །དེ་སྐད་དུ་ཡང་། དབང་པོ་དོན་ལས་སྐྱེས་པ་ལ། །བརྗོད་པ་ལ་སོགས་སྲིད་མ་ཡིན། །ཞེས་བརྗོད་པ་ཡིན་ནོ། །བརྗོད་པ་ལ་སོགས་པ་དག་ནི་ཡིད་ཉིད་ཡིན་པར་ཤེས་པར་བྱའོ། །གལ་ཏེ་བརྗོད་དུ་མེད་པ་ལ་སོགས་པ་སེལ་བར་
བྱེད་པའི་ཚིག་ནི་མ་ཡིན་ནོ། །འོན་ཏེ་ཅི་ཞེ་ན། རང་གི་ངོ་བོ་བརྗོད་པ་ལྷུར་བྱེད་པ་ཡིན་ནོ། །དབང་པོ་དང་དོན་ཕྲད་པ་ལས་བྱུང་བའི་ཤེས་པ་གང་ཡིན་པ་དེ་འདི་ལྟར་འགྱུར་བ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཞེན་པའི་བདག་ཉིད་ཅེས་བྱ་བ་བསྟན་པར་བྱ་བ་མ་ཡིན་པར་
འགྱུར་རོ། །དབང་པོ་དང་དོན་ཕྲད་པ་ལས་བྱུང་བ་ཉིད་ཞེན་པའི་བདག་ཉིད་ནི་མ་ཡིན་ཏེ། རྗེས་སུ་དཔག་པ་ཡང་ཞེན་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཞེན་པའི་བདག་ཉིད་གང་ཡིན་པ་དེ་ནི་མངོན་སུམ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་སེལ་བར་བྱེད་པ་ཉིད་དུ་འཐད་དོ། །ཅི་སྟེ་ཅུང་ཟད་སེལ་
བར་བྱེད་པ་ཡིན་ལ་ཅུང་ཟད་ནི་ངོ་བོ་བརྗོད་པ་ཡིན་ནོ། །དེས་ན་དབང་པོ་དང་དོན་ཕྲད་པ་ལས་བྱུང་བ་དང་ཞེན་པའི་བདག་ཉིད་གང་ཡིན་པ་དེ་ནི་མ་འཁྲུལ་པ་དང་། བརྗོད་པ་མེད་པར་འགྱུར་བ་ཡིན་ནོ་ཞེས་བྱའོ་ཞེ་ན། དེ་ནི་མི་རིགས་ཏེ་འཁྲུལ་པ་མེད་པ་ཉིད་ནི་བརྗོད་པར་རིགས་ཏེ། དེ་ལྟར་ན་ཚད་མ་ཉིད་ཡིན་
Vol. 179 · folio 9b
ནོ། །བརྗོད་དུ་མེད་པའི་ཡུལ་ཅན་གྱིས་ཅི་བྱ། དེ་ལྟར་ཚད་མར་འགྱུར་བ་ནི་མ་ཡིན་ཏེ་གཞན་དུ་ཡང་ཚད་མ་མ་ཡིན་པའི་ཕྱིར་རོ། །དེས་ན་འདི་ནི་གྱི་ནའོ། །རང་གི་ངོ་བོ་བརྗོད་ན་ཡང་ཧ་ཅང་ཐལ་བར་འགྱུར་ཏེ། བདག་ལ་སོགས་པ་དང་ཕྲད་པ་ཡང་བརྗོད་པར་ཐལ་བའི་ཕྱིར་རོ། །ཅི་སྟེ་མངོན་སུམ་
ཉིད་ལ་ཐུན་མོང་མ་ཡིན་པ་གང་ཡིན་པ་དེ་ཉིད་བརྗོད་པ་ཡིན་གྱི་བདག་ལ་སོགས་པ་ཐུན་མོང་ནི་མ་ཡིན་ནོ་ཞེ་ན། དེ་ལྟ་བུ་ནི་འོ་ན་སེལ་བར་བྱེད་པའི་ཁྱད་པར་ཡིན་གྱི་རང་གི་ངོ་བོ་བརྗོད་པ་ལྷུར་བྱེད་པ་ནི་མ་ཡིན་ནོ། །འདིས་ནི་ཡོད་པ་དང་ཕྲད་པ་ལ་སོགས་པ་ཡང་གསལ་བ་ཡིན་ནོ། །འདི་ལྟར་འདི་
མཚན་ཉིད་ཡིན་པར་འགྱུར་རམ། རྣམ་པ་གཞན་དུ་བསྒྲུབ་པའི་ཕྱིར་རང་གི་ངོ་བོ་བརྗོད་པ་ཡིན། དེ་ལ་གལ་ཏེ་ཡོད་པ་དང་ཕྲད་པ་ན་ཞེས་བྱ་བ་མཚན་ཉིད་ཡིན་ན་ནི་ཡོད་པའི་དོན་ཅན་མངོན་སུམ་ཡིན་པ་འམ། དབང་པོ་ལས་སྐྱེས་པ་གནོད་པ་མེད་པ་མངོན་སུམ་ཡིན་ནོ་ཞེས་དེ་སྐད་བརྗོད་པར་བྱ་བ་
ཡིན་ནོ། །ཅི་སྟེ་ཆོས་ལ་རྒྱུ་མཚན་མ་ཡིན་པར་བསྟན་པའི་ཕྱིར་རང་གི་ངོ་བོ་རྗེས་སུ་བརྗོད་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་དབང་པོ་ལས་སྐྱེས་པ་ཞེས་བྱ་བ་དེ་ཙམ་ཞིག་བརྗོད་པར་བྱའོ། །དོན་མེད་པར་གཞན་གྱིས་བརྗོད་པ་ཅི་བྱ། གཞན་ཡང་རྗེས་སུ་བརྗོད་པ་ཙམ་ནི་མི་འཐད་དོ། །འདི་ལྟར། རིག་བྱེད་
སྨྲ་བའི་དཔྱོད་པ་ལས། །ཕྱི་རོལ་དོན་ནི་བསྒྲུབ་པ་ལ། །འབད་བྱ་དེས་ན་མཚན་ཉིད་ཀྱིས། །གཞན་རྣམས་སེལ་བར་འགྱུར་བ་ཡིན། །སངས་རྒྱས་ལ་སོགས་པ་དག་ནི་རང་གི་གཞུང་གི་རྗེས་སུ་འབྲངས་ནས་མངོན་སུམ་གྱི་མཚན་ཉིད་དུ་འདོད་དོ། །དེས་ན་དེ་རྣམ་པར་བཅད་པའི་ཕྱིར་ངེས་པར་མཚན་ཉིད་
གཞན་དུ་བརྗོད་པར་བྱའོ། །བདེ་བར་གཤེགས་པ་རྣམས་ཀྱི་མཚན་ཉིད་ནི་རྣམ་པར་ཤེས་པར་སྨྲ་བ་དང་། སྟོང་པ་ཉིད་སྨྲ་བ་དང་རྗེས་སུ་མཐུན་པ་ཡིན་པའི་ཕྱིར་གདོན་མི་ཟ་བར་དེ་གསལ་བའི་ཕྱིར་མཚན་ཉིད་གཞན་ཉིད་བྱེད་ན་མཛེས་སོ། །རྡེག་འཆོས་པས་ནི་རྔ་མོ་འཛིན་པར་ནུས་པ་མ་ཡིན་ནོ། །མཚན་
ཉིད་བྱས་ན་སྐྱོན་ཅི་ཡོད། །ཚད་མས་མ་གྲུབ་སྟེ། འདི་ལྟར། དེ་ལ་ངེས་པའི་མཚན་ཉིད་ནི། །ཚད་མས་གྲུབ་པ་བརྗོད་པ་ཡིན། །འདིར་ནི་ཕན་ཚུན་རྒྱུ་ཡིན་ཕྱིར། །གཅིག་ཀྱང་རབ་ཏུ་འགྲུབ་མི་འགྱུར། །ཕན་ཚུན་བརྟེན་པའི་ཕྱིར་གཅིག་ཀྱང་མི་འགྲུབ་པས་ན་མཚན་ཉིད་བྱེད་པ་ནི་མ་ཡིན་ནོ་ཞེ་ན། གལ་ཏེ་
Vol. 179 · folio 10a
དེ་ལྟ་ན་ནི་ཚད་མས་རབ་ཏུ་མ་གྲུབ་པ་རྗེས་སུ་བརྗོད་པར་ཡང་མི་རིགས་སོ། །འཇིག་རྟེན་གྱི་གྲགས་པས་གྲུབ་པོ་ཞེ་ན། གལ་ཏེ་དེ་ལྟ་ན་ནི་ཆོས་ཀྱང་འཇིག་རྟེན་གྱི་གྲགས་པ་ཉིད་དུ་འགྱུར་བའི་ཕྱིར་དཔྱོད་པར་མི་བྱའོ། །ཆོས་འཁྲུལ་པ་མཐོང་བའི་ཕྱིར་དོན་དམ་པར་མི་འགྲུབ་
པ་ཉིད་དོ་ཞེ་ན། གལ་ཏེ་དེ་ལྟ་ན། དཔྱོད་པ་འདིས་ཀྱང་ཆོས་འཁྲུལ་པ། །དབྱིག་པ་ཡིས་ནི་ཟློག་གམ་ཅི། །གཞན་དུ་དེ་སྲིད་དུས་སུ་ལུགས། །གཞན་ལ་མིས་ཡང་མེད་པར་འགྱུར། །དེའི་ཕྱིར་རྗེས་སུ་བརྗོད་པ་ཡང་ཚད་མས་གྲུབ་པ་ཉིད་བྱ་བ་ཡིན་ལ་དེ་བཞིན་དུ་མཚན་ཉིད་ཀྱང་ཁ་ན་མ་ཐོ་བ་
མེད་པ་ཡིན་ནོ། །བདེ་བར་གཤེགས་པས་ཀྱང་མཚན་ཉིད་བྱེད་པ་ནི་མ་ཡིན་ཏེ། རབ་ཏུ་གྲགས་པའི་དོན་རྗེས་སུ་བརྗོད་པའི་ཕྱིར་རོ། །ཅི་ལྟར་ཆོས་ལ་རྒྱུ་མཚན་མ་ཡིན་པ་ཉིད་བསྟན་པའི་ཕྱིར། རྗེས་སུ་བརྗོད་པ་དེ་བཞིན་དུ་རྒྱུ་མཚན་ཉིད་དུ་བསྟན་པའི་ཕྱིར་ཡིན་པས་གཉི་གར་ཡང་མཚུངས་སོ། །
འདི་ཡང་ཅི་ལྟ་བ་དེ་ལྟར་སྔར་བསྟན་ཟིན་ཏོ། །དེས་ན་དོན་གྱིས་ཤེས་པ་ནི་མངོན་སུམ་མོ་ཞེས་བྱ་བ་འདི་ནི་མཚན་ཉིད་ཁོ་ནའོ། །གཉུག་མའི་དོན་མེད་པའི་ཕྱིར་དེ་ལས་ཞེས་བྱ་བ་འདི་ནི་དོན་གང་ཞིག་མངོན་སུམ་གྱིས་མཐོང་བ་དེ་ཉིད་ལས་ཞེས་རྟོགས་སོ། །དེས་ན་ཟླ་བ་གཉིས་ལ་སོགས་པའི་ཤེས་
པ་ཡང་སྤངས་པ་ཡིན་ནོ། །དེ་ནི་དེ་ཉིད་ལས་བྱུང་བ་མ་ཡིན་ཏེ་འོན་ཀྱང་གཞན་ལས་ཡིན་ནོ། །འོ་ན་ཅི་ལྟར་སློབ་དཔོན་གྱིས། །གང་ཞིག་དེ་སྣང་དེ་ལས་མིན། །ལྔ་པོ་བསགས་ལ་དམིགས་པ་ཡིན། །མིག་ལ་སོགས་པའི་ཤེས་པ་རྡུལ་ཕྲ་རབ་དག་ལས་སྐྱེ་བ་ན་དེའི་རྣམ་པ་ཅན་མ་ཡིན་ནོ། །རྒྱུ་
ཡིན་པའི་ཕྱིར་གཞན་གྱི་རྣམ་པ་ཅན་གྱི་རྣམ་པར་ཤེས་པའི་ཡང་དམིགས་པ་ཉིད་ཡིན་ན་ནི་མིག་ལ་སོགས་པའི་རྡུལ་ཕྲ་རབ་ཀྱང་དམིགས་པར་ཐལ་བར་འགྱུར་ཏེ། དེ་ལྟ་བུ་འམ་གཞན་དུ་གྱུར་པ་དེ་དག་ཀྱང་ཟླ་བ་གཉིས་དང་སྔོན་པོ་ལ་སོགས་པར་སྣང་བའི་ཤེས་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བཤད་ཅེ་
ན། འདི་ནི་དོན་དམ་པའི་དབང་དུ་མཛད་ནས་གསུངས་པ་ཡིན་ནོ། །རྩོད་པའི་སྒྲུབ་པའི་ཚིག་ནི་འཇིག་རྟེན་གྱི་གྲགས་པ་ཡིན་ནོ། །འཇིག་རྟེན་ན་རྡུལ་ཕྲ་རབ་ལ་སོགས་པ་མི་རྟོག་སྟེ། འཇིག་རྟེན་ན་རབ་ཏུ་གྲགས་པའི་མངོན་སུམ་ནི་འདི་ཙམ་ཞིག་ཡིན་ལ་རྣམ་པར་དཔྱད་ན་ནི་མི་འཐད་དོ། །དོན་དེ་
Vol. 179 · folio 10b
ལས་ཞེས་མ་གྲུབ་དང་། །མ་ངེས་ཉིད་དུ་གསལ་བ་ཡིན། །རྡུལ་ཕྲན་དག་ལ་འདོད་ན་འདི། །མ་ངེས་པ་ནི་ཉིད་དུ་འགྱུར། །རྡུལ་ཕྲ་རབ་ཉིད་སྐྱེད་པར་བྱེད་པ་ཡིན་པས་དེ་དག་དམིགས་པ་ཉིད་ཡིན་ན་ནི་མིག་ལ་སོགས་པས་མ་ངེས་སོ། །ཅི་སྟེ་དེ་ལས་ཞེས་བྱ་བ་སྣང་བ་ལ་བརྗོད་ན་དེའི་ཚེ་མ་གྲུབ་
པོ། །དུས་མཚུངས་པ་དེ་ནི་སྐྱེད་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །ཟླ་བ་གཉིས་ལ་སོགས་པས་མ་ངེས་པ་ཡང་ཡིན་ནོ། །ཅི་སྟེ་དུས་མཚུངས་ཀྱང་སྐྱེད་པར་བྱེད་པ་ཡིན་ན། དེ་ཡང་མི་རིགས་ཏེ་ཚོགས་པ་ནི་དངོས་པོ་མ་ཡིན་པའི་ཕྱིར་རོ། །འཁྲུལ་པའི་ཤེས་པས་མ་ངེས་པ་ཡང་ཡིན་ནོ། །ཅི་སྟེ་
སྔར་ཡོད་པ་སྐྱེད་པར་བྱེད་པ་ཡིན་ན་དེ་ཡང་མ་གྲུབ་པོ། །ཤེས་པ་ལས་སྔར་དངོས་པོ་ནི། །ཤེས་པ་དེ་ཡིས་འཛིན་མ་ཡིན། །གཞན་གྱིས་འཛིན་ན་དེ་ལ་ཡང་། །བརྒལ་ཞིང་རྟག་པ་འདི་ཉིད་དོ། །རྗེས་སུ་དཔག་པས་ཤེས་ན་ནི། །དེ་ཡང་མངོན་སུམ་མ་ཡིན་ཏེ། །ཕན་ཚུན་རྒྱུར་ནི་གྱུར་པ་ན། །དང་
པོར་འབྱུང་བར་གྱུར་པ་གང་། །མངོན་སུམ་དང་ནི་རྗེས་དཔག་དག །གར་ཡང་དུས་མཚུངས་ཡོད་མ་ཡིན། །དེ་ཡི་ཕྱིར་ན་དོན་དམ་དུ། །མཚན་ཉིད་འདི་ནི་མ་གྲུབ་པོ། །འཇིག་རྟེན་གྱི་གྲགས་པ་ལ་ལྟོས་ན་ནི་འགལ་བ་མེད་དོ། །རྣ་བ་ལ་སོགས་པའི་འཇུག་པ་མངོན་སུམ་མོ་ཞེས་གང་བརྗོད་པ་དེ་
ཡང་མི་འཐད་དེ། རྣ་བ་ལ་སོགས་འཇུག་པ་ནི། །འཁྲུལ་པ་ལ་ཡང་ཡོད་མིན་ནམ། །རྣ་བ་ལ་སོགས་འཇུག་པ་ནི། །ཤེས་པ་མེད་པར་མཚོན་པ་མིན། །འཇུག་པར་འདོད་པའི་མངོན་སུམ་ལ་སོགས་པའི་ཚད་མ་ཚོལ་བ་ཡིན་ན། རྣ་བ་ལ་སོགས་པའི་འཇུག་པ་མ་ཤེས་པ་ཅི་ལྟར་མཚན་ཉིད་ཡིན། མ་
རྟོགས་པ་དེ་ཇི་ལྟར་འདི་འཇུག་པར་བྱེད་པ་ཡིན། ཅི་སྟེ་མངོན་སུམ་ཉིད་ཀྱིས་རྣ་བ་ལ་སོགས་པ་འཇུག་པ་རྟོགས་ན་འོ་ན་ནི་དེ་མངོན་སུམ་དེའི་མཚན་ཉིད་བརྗོད་པར་བྱ་སྟེ། དེས་ན་མངོན་སུམ་ནི་མངོན་སུམ་དུ་བྱེད་པ་ཡིན་ལ། དེ་ཡང་རང་ཉིད་རྟོགས་པ་ཡིན་ནོ་ཞེས་བྱ་བ་ཉིད་ལན་ཡིན་ནོ། །དེ་ལྟ་ཡིན་དང་མངོན་
དུ་བྱེད་པ་དེ་ཉིད་མ་འཁྲུལ་པའི་མཚན་ཉིད་ཡིན་ནོ། །འཁྲུལ་པའི་ཤེས་པ་ལ་ཡང་རྣ་བ་ལ་སོགས་པའི་འཇུག་པ་ཡོད་པས་ཅི་ལྟར་མཚན་ཉིད་དུ་འགྱུར། འོན་ཏེ་དོན་ལ་འཇུག་པ་ཡིན་པའི་ཕྱིར་སྐྱོན་མེད་ན། དོན་ལ་འཇུག་པ་ནི་དོན་ལ་མངོན་སུམ་དུ་ཕྱོགས་པ་ཡིན་ལ་དེ་འཁྲུལ་པ་ལ་ཡོད་པ་ཉིད་དོ། །
Vol. 179 · folio 11a
ཅི་སྟེ་དེ་ནི་ངོ་བོ་རིག་པ་ཉིད་ཡིན་ན་དེ་ལྟ་ན་ནི་འོ་ན་རང་གི་ངོ་བོ་རིག་པ་ཞེས་དེ་ཉིད་མཚན་ཉིད་ཡིན་ནོ། །དེ་ཡང་རྟོགས་པ་མེད་པ་ཞེས་བྱ་བའི་མིང་གཞན་དང་ལྡན་པ་མངོན་དུ་བྱེད་པ་ཁོ་ན་ཡིན་ནོ། །དེའི་ཕྱིར་གཞན་ནི་མཚན་ཉིད་མ་ཡིན་པ་ཉིད་དོ། །ཡང་ཚད་མ་འདིའི་འབྲས་བུ་གང་
ཡིན་ཞེ་ན། གཞལ་བྱ་རྟོགས་པ་སྟེ། གཞལ་བྱ་རྟོགས་པ་ནི་ཚད་མ་ལ་རག་ལས་སོ་ཞེས་བཤད་པ་ཡིན་ནོ། །དེ་ནི་ཤེས་པ་ཉིད་མ་ཡིན་ནམ། དེ་ཡང་འབྲས་བུ་ཡིན་པའི་ཕྱིར་ཚད་མ་གང་ཡིན་ཞེ་ན། ཁ་ཅིག་ན་རེ་དབང་པོ་དང་དོན་ཕྲད་པ་དང་། ལྟ་བ་དང་ཁྱད་པར་གྱི་ཤེས་པ་ཡིན་ནོ་ཞེའོ། །དེ་ནི་མི་འཐད་
དེ། གང་ལས་འགྱུར་བ་དེ་ཉིད་རྟོགས་པའི་སྒྲུབ་བྱེད་དུ་རིགས་སོ། །རེ་ཞིག་ཤེས་པ་སྐྱེ་བ་ནི་དབང་པོ་ཉིད་ལས་ཡིན་པར་མཐོང་བ་མ་ཡིན་ནམ། དེས་ན་རྟོགས་པའི་སྒྲུབ་བྱེད་ཀྱང་དེ་ཉིད་ཡིན་ཏེ། གཞན་བརྟགས་པས་ཅི་ཞིག་བྱ། མཐོང་བ་སྤངས་ནས་གཞན་དུ་ནི། །རྟོག་པ་རིགས་པར་མི་ལྡན་ཏེ། །
དེ་ལྟར་མིན་ན་གཞལ་བྱ་ལ། །ཐུག་མེད་བཟློག་པ་མེད་པར་འགྱུར། །དེ་ནི་མེད་དེ་བྱ་བ་སྒྲུབ་པར་བྱེད། །ཅེས་ཏེ། ལས་ཀུན་གྱི་ནི་སྒྲུབ་བྱེད་དག །ཐམས་ཅད་མ་ཡིན་གང་ལས་འབྲས། །གང་ཡིན་དེ་ནི་དེ་སྒྲུབ་བྱེད། །གལ་ཏེ་གཅིག་ལ་ནུས་པ་མཐོང་། །ཞེས་ཏེ་གཅིག་པོ་དེ་གཞན་དག་ཏུ་ཡང་སྒྲུབ་པར་
བྱེད་པར་རྟོག་ན་གང་འགའ་ཞིག་གི་སྒྲུབ་པར་བྱེད་པ་བླངས་པས་འདོད་པ་ཐམས་ཅད་སྒྲུབ་པའི་ཕྱིར་འགྲོ་བ་ཐམས་ཅད་ཚེགས་ཆུང་ངུས་བདེ་བར་གནས་པར་འགྱུར་རོ། །དེ་ལྟར་ཡང་མ་ཡིན་ཏེ་དེའི་ཕྱིར་བྱ་བ་གང་གང་ལས་འགྲུབ་པར་མཐོང་བ་དེ་ཉིད་དེ་ལ་སྒྲུབ་པར་བྱེད་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །
དེ་ལ་ཉམས་མྱོང་ཙམ་དུ་ནི། །འདྲ་བའི་བདག་ཅན་ཤེས་པ་ནི། །གང་གིས་ལས་ནི་སོ་སོ་ལ། །རྣམ་འབྱེད་དེ་བདག་འགྱུར་བ་ཡིན། །གྲངས་ཅན་པའི་ཉམས་སུ་མྱོང་བ་ནི་སྔོན་པོ་དང་སེར་པོ་ལ་སོགས་པ་ཐམས་ཅད་ལ་ཡོད་པ་ཙམ་དུ་མཚུངས་ཏེ། དེས་ན་རྣམ་པར་གཞག་པར་འདོད་པའི་དོན་བཞིན་དུ་ཐམས་
ཅད་རྣམ་པར་འཇོག་པ་འམ། མ་ཡིན་ན་ནི་རྣམ་པར་མ་བཞག་པ་བཞིན་དུ་རྣམ་པར་བཞག་པར་འོས་པ་ཡང་མི་འགྱུར་ཏེ་དེ་ལ་ཁྱད་པར་མེད་པའི་ཕྱིར་རོ། །འདི་ལྟར། ཅི་ལྟར་དེ་ནི་རྟོགས་བྱེད་དངོས། །དེ་ལྟར་དེ་ནི་རྟོགས་བྱེད་མིན། །གང་ཚེ་རྟོགས་བྱེད་དེ་འདོད་ཚེ། །རྟོགས་བྱེད་མིན་པར་ཅིས་མི་འདོད། །
Vol. 179 · folio 11b
བྱེད་པ་མེད་པའི་གནས་སྐབས་ལས་ཁྱད་པར་ཅན་བདག་གིར་བྱེད་ན་འདི་ལ་བྱེད་དོ་ཞེས་རྟོགས་པར་འགྱུར་རོ། །གལ་ཏེ་ཁྱོད་ཀྱིས་མ་རྟོགས་སུ་ཆུག་མོད་དེ་ལྟར་ཡང་ཅི་འདིར་རང་གི་ངོ་བོ་ལས་ཉམས་པར་འགྱུར་རམ། གལ་ཏེ་དེའི་བདག་ཉིད་དུ་འགྱུར་བ་ཡིན་ཡང་མི་ཤེས་ན་དེའི་ཚེ་དོན་དེ་ངས་མ་ཤེས་
པ་ཁོ་ནར་འགྱུར་ཏེ། དེས་ན་འཇལ་བྱེད་མ་ཡིན་ནོ། །སྐྱེས་བུའི་བདག་ཉིད་འཇིག་རྟེན་འདི། །སྤྱད་བྱའི་དངོས་པོ་རྟོགས་པར་བྱེད། །དེ་ཡང་བདག་ཉིད་མི་ཤེས་པས། །ལོངས་སྤྱོད་ལེགས་པར་རྣམ་པར་གནས། །བདེ་བ་དང་སྔོན་པོ་ལ་སོགས་པའི་ཞེན་པའི་རང་བཞིན་གྱི་བློས་བདག་དེ་ལྟར་རྣམ་པར་
འཇོག་གོ་ཞེ་ན། འོ་ན་དེ་ཉིད་ལོངས་སྤྱོད་པ་པོ་ཡིན་པས་རིགས་པ་གཞན་གྱིས་ཅི་བྱ། བདེ་བ་ལ་སོགས་པ་ཞེན་པའི་རང་བཞིན་ནི་བདེ་བ་ལ་སོགས་པའི་རྣམ་པ་ཉིད་ཡིན་པའི་ཕྱིར་རྣམ་པ་ཉིད་ཚད་མ་ཡིན་ནོ། །བློས་ཞེན་པའི་དོན་སྐྱེས་བུས་སེམས་པ་ཡིན་ནོ་ཞེ་ན། བློ་དེ་གང་ཡིན་ཞིང་ཞེན་པ་གང་ཡིན་
ལ་སྐྱེས་བུ་ཡང་གང་ཞིག་ཡོད་པ་བརྗོད་པར་བྱའོ། །བློ་ནི་བྱེད་པ། ཞེན་པ་ནི་ལས། སྐྱེས་བུ་ནི་བྱེད་པ་པོ་ཡིན་ནོ་ཞེ་ན། སྐྱེས་བུས་དོན་རྟོགས་པ་དེས་ན་ཞེན་པའི་བྱེད་པ་པོ་ཡིན་པའི་ཕྱིར་བློས་ཅི་བྱ། ཞེན་པའི་སྒྲུབ་བྱེད་ནི་བློ་ཡིན་ལ་སྐྱེས་བུ་ནི་རྟོགས་པ་ཡིན་ནོ་ཞེ་ན། རྟོགས་པ་དང་ཞེན་པ་ལ་ཁྱད་མ་མཐོང་
ངོ་། །དེའི་རྣམ་པ་མངོན་དུ་བྱེད་པ་ཡིན་ལ་ཞེན་པ་རྟོགས་པ་ཡང་དེ་ཉིད་ཡིན་ནོ། །དེའི་རྣམ་པ་ཉིད་ཞེན་པ་ཡིན་གྱི་མངོན་དུ་བྱེད་པ་ནི་མ་ཡིན་ནོ་ཞེ་ན། གལ་ཏེ་དེ་རྣམས་བློ་ཡིན་ན། མི་ནི་ཅི་ལྟར་རྟོགས་བྱེད་ཡིན། །དེ་དངོས་མངོན་དུ་བྱེད་ཕྱིར་ན། །དེ་ལྟར་དོན་ཉིད་ཅིས་མ་ཡིན། །གལ་ཏེ་དེའི་རྣམ་པ་ཅན་གྱི་
བློ་མངོན་དུ་བྱེད་ན་དོན་ཉིད་དེ་ལྟར་འགྱུར་བའི་ཕྱིར་དོན་གྱི་རྣམ་པའི་བློ་ནི་དོན་མེད་དོ། །བློས་དོན་གྱི་རྣམ་པ་རྟོགས་པ་དེས་ན་ཡུལ་རིང་པོ་མ་ཡིན་པར་རྟོགས་སོ་ཞེ་ན། བདག་ཁྱབ་པ་ཡིན་པའི་ཕྱིར་ཐམས་ཅད་ཡུལ་ཐག་རིང་པོ་ཅན་མ་ཡིན་པ་ཉིད་དོ། །ཡུལ་ཐག་རིང་པོ་ཞེས་བྱ་བར་མི་རྟོགས་ཤིང་དེའི་
རྣམ་པ་ཅན་གྱི་བློ་ལས་མ་རྟོགས་པའི་དོན་ཞེས་ཀྱང་མི་རྟོགས་པར་འགྱུར་རོ། །དོན་མེད་ན་དེའི་རྣམ་པ་ཅན་གྱི་བློ་ག་ལས་ཤེ་ན། མ་ཡིན་ཏེ་དོན་རྣམས་ཀྱི་དེའི་རྣམ་པ་ཉིད་ནི་བློ་ཁོ་ན་ལས་འདོད་པ་ཡིན་ན་དེ་ཅི་ལྟར་འདི་ཕྱིན་ཅི་ལོག་ཏུ་འགྱུར། རང་གི་བཞིན་ལྟར་མ་འཕོས་པ་ནི་རྟོགས་པར་མི་ནུས་སོ་ཞེ་ན།
Vol. 179 · folio 12a
མ་ཡིན་ཏེ་རང་གི་བཞིན་ནི་ཡུལ་རུང་བ་མ་ཡིན་པའི་ཕྱིར་མེ་ལོང་ལ་སོགས་པར་འཕོ་བར་འདོད་ཀྱི། གཞན་ནི་དེ་ལྟ་མ་ཡིན་ནོ། །མེ་ལོང་ཡང་མ་འཕོས་པར་ཅི་ལྟར་རྟོགས། དེ་ཡང་བློའི་མེ་ལོང་དུ་འཕོས་པའི་ཕྱིར་རོ་ཞེ་ན། འོ་ན་ནི་བློ་ཡང་བློའི་མེ་ལོང་གཞན་ནམ་གཞན་དུ་འཕོས་པར་
འདོད་དགོས་སོ། །བློ་ནི་རིག་པ་མ་ཡིན་པ་ཉིད་ཡིན་ནོ་ཞེ་ན། བདག་ལྐོག་ཏུ་གྱུར་ཅིང་བློ་ཡང་ལྐོག་ཏུ་གྱུར་པའི་ཕྱིར་འགྲོ་བ་ལྡོངས་པར་འགྱུར་རོ། །བདག་ལྐོག་ཏུ་གྱུར་པ་མ་ཡིན་ན་དེས་དོན་ཉིད་རིག་ལ་རག་མོད་འདིར་བློས་ཅི་བྱ། བྱེད་པ་མེད་པར་ཅི་ལྟར་མཐོང་ཞེ་ན། མིག་ལ་སོགས་པ་བྱེད་པ་ཡིན་
ནོ། །ནང་གི་བྱེད་པ་དགོས་སོ་ཞེ་ན། ནང་གི་ནང་གི་བྱེད་པ་ཡང་དགོས་པའི་ཕྱིར་ཐུག་པ་མེད་དོ། །དགོས་པ་མེད་པ་ནི་བྱེད་པ་ཡང་མ་ཡིན་ནོ། །དེ་དག་གིས་སྐྱེས་བུ་གསལ་བར་བྱེད་དོ་ཞེ་ན། མ་ཡིན་ཏེ་བྱེད་པ་མེད་པ་ཉིད་ནི་མངོན་པར་གསལ་བ་ལས་འཛིན་པར་བྱེད་པ་མ་ཡིན་ནོ། །དེའི་ཕྱིར་བདག་
ནི་དོན་གྱི་རྣམ་པ་ཅན་དུ་འགྱུར་བ་ཡིན་ནོ། །མེ་ལོང་བཞིན་དུ་དེར་ཡང་རྣམ་པ་རྣམ་པར་འགྱུར་བ་བྱེད་པ་ཅན་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ་མེ་ལོང་ལ་བརྟེན་ནས་དེའི་རྣམ་པ་ཅན་གྱི་བློ་སྐྱེ་བ་དེས་ན་རྣམ་པར་འགྱུར་བ་ཡིན་ནོ། །དེ་ལྟ་མ་ཡིན་ཏེ་གལ་ཏེ་རྣམ་པར་མ་གྱུར་ན་འཕོས་པའི་དོན་ཅི་ཡིན། མེ་ལོང་དུ་ནི་
བཞིན་གྱི་རྣམ་པ་ཅན་འཁྲུལ་པའི་བློ་སྐྱེ་ལ། འདིར་ཡང་ཡུལ་གྱི་རྣམ་པའི་བློ་འཁྲུལ་པ་ཉིད་དེ། དོན་དམ་པར་ཡུལ་གྱི་རབ་ཏུ་དབྱེ་བ་ནི་མེད་དེ་འགྲོ་བ་ནི་གཙོ་བོ་དང་སྐྱེས་བུ་ཙམ་གྱི་བདག་ཉིད་ཡིན་པའི་ཕྱིར་རོ་ཞེ་ན། འོ་ན་འགྲོ་བ་གཙོ་བོའི་བདག་ཉིད་ཀྱང་འཁྲུལ་པ་ཉིད་དུ་འགྱུར་རོ། །དེ་བཞིན་དུ་སྐྱེས་
བུའི་བདག་ཉིད་ཀྱང་ངོ་། །འདི་ཡང་ཕྱིས་རྣམ་པ་གཞན་དུ་བསྟན་པར་བྱ་སྟེ། གྲངས་ཅན་གྱི་འཇུག་པས་ནི་མ་ཡིན་ནོ། །དེའི་ཕྱིར་ཉམས་སུ་མྱོང་བ་འབའ་ཞིག་པོ་འདི་གང་གིས་འདི་ནི་སྔོན་པོ་འདི་ནི་སེར་པོ་ཞེས་བྱ་བ་ལ་སོགས་པ་ལས་དང་ལས་ལ་རྣམ་པར་འབྱེད་པ་དེའི་བདག་ཉིད་དུ་འགྱུར་དགོས་སོ། །
གལ་ཏེ་རྣ་བ་ལ་སོགས་པའི་འཇུག་པ་མངོན་སུམ་གྱི་ཚད་མ་ཡིན་ནོ་ཞེས་བརྗོད་པ་མ་ཡིན་ནམ། དེ་སྐད་ནི་བརྗོད་ན་རིགས་པ་ནི་མ་ཡིན་ནོ། །འདི་ལྟར། བདག་ཉིད་འགྱུར་མིན་རྒྱུད་དག་ལ། །ཐ་དད་ཡོད་ཀྱང་ཐ་དད་ཀྱི། །ལས་ལ་ཐ་དད་མེད་པ་འདི། །ཐ་དད་པར་ངེས་བྱེད་མ་ཡིན། །དབང་པོ་ལ་
Vol. 179 · folio 12b
སོགས་པའི་ཐ་དད་པ་ནི་སྔོན་པོ་ལ་སོགས་པའི་ལས་ཐམས་ཅད་ལ་ཐ་དད་པ་མེད་པའི་སྐྱེས་བུ་འདི་ཐ་དད་པར་ངེས་པར་བྱེད་པ་མ་ཡིན་ནོ། །དེ་ནི་དེའི་བྱེད་པ་པོ་འམ་ཤེས་པར་བྱེད་པ་ཉིད་ཀྱིས་ངེས་པར་བྱེད་པ་ཡིན། བྱེད་པ་པོ་ཉིད་ཀྱིས་ངེས་པར་བྱེད་པ་ནི་མི་འཐད་དེ། དེ་རྟག་པའི་ཕྱིར་དང་རྣམ་པ་
དང་བཅས་པར་ཐལ་བའི་ཕྱིར་རོ། །རྣམ་པ་མེད་ན་སྐྱོན་དེ་ཉིད་དུ་འགྱུར་ཏེ། རང་གི་བདག་ཉིད་ཁོ་ན་རིག་པར་ཐལ་བའི་ཕྱིར་རོ། །འོན་ཏེ་ཤེས་པར་བྱེད་པ་ཡིན་པའི་ཕྱིར་ངེས་པར་བྱེད་པ་ཡིན་ན་དོན་མ་ཤེས་ན་ཅི་ལྟར་ཤེས་པར་བྱེད་པ་ཡིན་ཤེས་པར་བྱེད་པ་ལས་ཤེས་པ་ངེས་ལ་ཤེས་པ་དེས་ན་
ཤེས་པར་བྱེད་པ་ཡིན་པའི་ཕྱིར་ཕན་ཚུན་རྟེན་པའི་སྐྱོན་དུ་འགྱུར་རོ། །སྣང་བ་བཞིན་དུ་ཤེས་པར་བྱེད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ་དེ་ཤེས་པར་བྱ་བ་ལ་ཡང་ཤེས་པར་བྱེད་པ་གཞན་དགོས་པའི་ཕྱིར་ཐུག་པ་མེད་དོ། །ཐམས་ཅད་དུ་སྣང་བ་ཤེས་པར་བྱེད་པ་ཡང་མ་ཡིན་ནོ། །སྣང་བས་ཤེས་པར་
བྱས་ན་ཡང་མིག་ལ་སོགས་པས་ཅི་བྱ། དེ་དག་ཉིད་སྒྲ་ལ་སོགས་པའི་སྣང་བར་འགྱུར་བ་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་རང་གི་ངོ་བོ་ལ་རྣམ་པར་གནས་པའི་ཕྱིར་རང་རྟོགས་པའི་རང་བཞིན་འདི་ཅི་ལྟར་རིག་པ་པོ་ཡིན་ཞེས་བཤད་པར་བྱའོ། །དེ་ཕྱིར་འདི་བདག་ཐ་དད་པ། །གང་ལས་འདི་འདི་རྟོགས་པ་
ཞེས། །བྱེད་པ་ཡི་ནི་ལས་ངེས་དེ། །དེ་ཡི་སྒྲུབ་བྱེད་ཅན་དུ་གྲུབ། །རིག་པ་འདིའི་རང་གི་ངོ་བོར་གྱུར་པ་ཐ་དད་པ་གང་ལས་འདི་ནི་སྔོན་པོ་འམ་སེར་པོ་འདིའི་རྟོགས་པ་ཡིན་ནོ་ཞེ་ན་ངེས་པའི་རྟོགས་པ་དེ་ནི་དེའི་སྒྲུབ་པར་བྱེད་པ་ཅན་དུ་གྲུབ་བོ། །འདིའི་ངེས་པ་ནི་དེ་ཙམ་ལས་གྱུར་པ་ཡིན་པའི་ཕྱིར་རོ། །དེ་
སྐད་དུ་ཡང་། དེ་ཡོད་ན་འདི་ཡོད་པའི་ཕྱིར་ཞེས་བཤད་ཟིན་ཏོ། །རིག་པ་འདིའི་དོན་དང་འབྲེལ་པ་དེ་ཡང་འདྲ་བ་ལས་གཞན་གྱིས་ནི་མ་ཡིན་ཏེ། འདི་ལྟར། རྣམ་འགས་ཤེས་པའི་རང་བཞིན་ནི། །ཐ་དད་པར་ནི་བྱེད་ན་ཡང་། །འདི་ནི་དོན་དང་འབྲེལ་བྱེད་པ། །དོན་གྱི་རང་བཞིན་མིན་གཞན་གྱུར། །དེ་
ཕྱིར་གཞལ་བྱ་རྟགས་པ་ཡི། །སྒྲུབ་བྱེད་གཞལ་བྱའི་རང་བཞིན་ཉིད། །སྒྲུབ་པར་བྱེད་པ་གཞན་ཡིན་ན། །དེ་ལས་དང་འབྲེལ་མི་འགྲུབ་པོ། །དེའི་རྣམ་པ་ཅན་གྱི་རིག་པ་ནི་འདི་ནི་སྔོན་པོ་འམ་སེར་པོ་ཡིན་ནོ་ཞེས་དོན་རྣམ་པར་འཇོག་པར་བྱེད་དོ། །ཇི་ལྟར་ཤེས་པ་རྣམ་པ་དང་ལྡན་པ་དེ་ལྟར་ཡང་འོག་
Vol. 179 · folio 13a
ནས་བསྟན་པར་བྱའོ། །སྒྲུབ་པར་བྱེད་པ་གཞན་ཡིན་ན་ན་རིག་པ་ལས་དེ་དང་འབྲེལ་པར་མི་འགྲུབ་པོ། །གལ་ཏེ་རྣམ་པ་སྤངས་པ་ཡིན་ན་ཇི་ལྟར་དེའི་རིག་པ་ཞེས་ངེས་པ་ཡིན། མངོན་དུ་བྱེད་པ་ཉིད་ལས་ངེས་པར་འགྱུར་རོ་ཞེ་ན། མངོན་དུ་བྱེད་པ་ཞེས་བྱ་བ་འདི་ཅི་ཞིག །དོན་གྱི་
ངོ་བོའམ། འོན་ཏེ་ཤེས་པ་ཡིན་ནམ། ཅི་སྟེ་གཞན་འགའ་ཞིག་ཡིན། གལ་ཏེ་མངོན་དུ་བྱེད་པ་ཡི། །རང་བཞིན་དོན་ལ་ཡོད་འདོད་ན། །མངོན་དུ་བྱེད་ཅན་ཤེས་པ་ཡིན། །དེ་ནི་ཇི་ལྟར་དོན་ཅིར་འགྱུར། །འོན་ཏེ་མངོན་དུ་བྱེད་པ་ཡི། །རང་བཞིན་ཤེས་པ་ཉིད་ཡིན་ན། །དོན་དེ་ཇི་ལྟར་མངོན་དུ་བྱས། །
གཞན་གྱི་ངོ་བོ་གཞན་མ་ཡིན། །གཞན་ལའང་སྐྱོན་འདིར་འགྱུར་བ་ནི། །བཟློག་ཏུ་མེད་པ་ཁོ་ན་ཡིན། །འདི་ལྟར། གལ་ཏེ་མངོན་དུ་བྱེད་པ་དོན་གྱི་ངོ་བོ་ཡིན་ན། སྔོན་པོ་ལ་སོགས་པ་ལྟར་ཐུན་མོང་ཡིན་པའི་ཕྱིར་དོན་དེ་ཐམས་ཅད་ཀྱིས་རིག་པར་འགྱུར་རོ། །མངོན་དུ་བྱེད་པ་དོན་ཡིན་པར་འཐད་པ་ཡང་
མ་ཡིན་ཏེ། ཤེས་པའི་ཆོས་ཡིན་པའི་ཕྱིར་རོ། །འོན་ཏེ་ཤེས་པའི་ཆོས་འདི་དོན་གྱི་ཡུལ་ཅན་ཡིན་པ་དེས་ན་དོན་རིག་པར་བརྗོད་དོ་ཞེ་ན། དོན་གྱི་ཡུལ་ཅན་ཞེས་བྱ་བ་ཡུལ་གྱི་དོན་གྱི་ཡིན། དོན་མྱོང་བའི་རང་བཞིན་ཡིན་པའི་ཕྱིར་རོ་ཞེ་ན། དོན་མྱོང་བ་ཞེས་བྱ་བ་ཅི་ཞིག། ཤེས་པའི་དོན་གྱི་རང་བཞིན་
ཡིན་པའི་ཕྱིར་རོ་ཞེ་ན། དེ་ཉིད་རིག་པའི་དོན་གྱི་རྣམ་པ་ཉིད་ཡིན་ནོ། །འོན་ཏེ་དོན་ལས་སྐྱེས་པའི་ཕྱིར་དོན་མྱོང་བ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་མིག་ལས་ཀྱང་སྐྱེས་པའི་ཕྱིར་མིག་མྱོང་ངོ་ཞེས་བྱ་བར་འགྱུར་རོ། །དོན་མཐོང་གི་མིག་ནི་མ་ཡིན་ནོ་ཞེ་ན། དོན་མཐོང་བ་ཞེས་བྱ་བའི་དོན་ཅི། དོན་མཐོང་ཞིང་
བལྟས་པ་དེས་ན་མཐོང་ངོ་ཞེས་བརྗོད་དོ། །ཅི་མཐོང་ཞེ་ན། རང་གི་ངོ་བོས་སོ། །འོ་ན་ནི་ཇི་ལྟར་རང་གི་ངོ་བོ་མྱོང་བའི་རང་བཞིན་གྱིས་མཐོང་བ་དེ་བཞིན་དུ་དོན་དོན་གྱི་རང་བཞིན་གྱིས་མཐོང་བའི་ཕྱིར། དོན་གྱི་རང་བཞིན་ནི་དོན་གྱི་སྒྲུབ་བྱེད་ཡིན་ལ་མྱོང་བའི་རང་བཞིན་ནི་མྱོང་བའི་སྒྲུབ་བྱེད་ཡིན་པས་
དེའི་རྣམ་པ་ཉིད་ཐམས་ཅད་ཀྱི་སྒྲུབ་བྱེད་ཡིན་པར་འགྱུར་རོ། །གཞན་ནི་ཤེས་པའི་རང་གི་ངོ་བོ་ཐ་དད་པར་བྱེད་པ་ཡིན་ཡང་དོན་དང་འབྲེལ་པར་བྱེད་པ་མ་ཡིན་ནོ། །དེ་ཡང་དེ་ཡི་བདག་ཉིད་ཡིན། །དེས་ན་འབྲས་བུ་དོན་གཞན་མིན། །འབྲས་བུ་དོན་གཞན་ཡིན་པར་སྨྲ་བ་རྣམས་ལ་ཐམས་ཅད་འཐད་
Vol. 179 · folio 13b
པར་དཀའ་བའི་ཕྱིར། ཤེས་པའི་བདག་ཉིད་དུ་གྱུར་པའི་དོན་གྱི་རྣམ་པ་ཉིད་ཚད་མ་ཡིན་ཞིང་། དེའི་བདག་ཉིད་དུ་གྱུར་པའི་རིག་པ་ནི་ཚད་མའི་འབྲས་བུ་ཡིན་ནོ། །དོན་གྱི་རྣམ་པ་ཉམས་སུ་མྱོང་བ་མ་རྟོགས་པར་ནི་དོན་རྟོགས་པ་ཡོད་པ་མ་ཡིན་ནོ། །བདེ་བ་ལ་སོགས་པའི་རྣམ་པ་ནི་དོན་རིག་
པ་མ་ཡིན་ཏེ། དེའི་ཁྱད་པར་ལས་དོན་ཁྱད་པར་དུ་ཉམས་སུ་མྱོང་བར་ཐལ་བའི་ཕྱིར་རོ། །དོན་བདེ་བའི་རྒྱུར་ཉམས་སུ་མྱོང་ངོ་ཞེ་ན། གལ་ཏེ་དོན་གྱི་རྣམ་པ་མེད་ན་བདེ་བ་ཉིད་འབའ་ཞིག་མྱོང་བར་འགྱུར་རོ། །དོན་ལ་མྱོང་ངོ་ཞེ་ན། སྔོན་པོ་ལ་སེར་པོར་ཅིའི་ཕྱིར་མ་མྱང་། ཕན་ཚུན་མི་མཐུན་
པའི་ཕྱིར་རོ་ཞེས་བྱ་བ་ཡང་བདེ་བ་དང་སྔོན་པོ་དག་ལ་ཡང་མཚུངས་པས་རང་གི་ཕྱོགས་ཉམས་པ་ཡིན་ནོ། །བཏགས་ཟིན་པས་བཏགས་པས་ཆོག་གོ། །དེ་ནི་དེའི་རང་གི་ངོ་བོ་ཉིད་ཡིན་གྱི་རིག་པའི་བྱ་བ་ནི་མེད་དོ་ཞེ་ན། འདི་ལྟར་བརྗོད་པ། དེ་ཡི་བདག་ཉིད་འཛིན་པ་དེ། །དོན་རྟོགས་པ་ཡི་
བདག་ཉིད་ཀྱི། །བྱེད་པས་རང་གི་ལས་ལ་ནི། །བྱེད་དང་བཅས་པ་ལྟ་བུར་སྣང་། །བདག་ཉིད་བྱེད་པོ་མིན་ན་ཡང་། །དེ་ཡི་དབང་གིས་དེར་གཞག་ཕྱིར། །དོན་དམ་པར་ནི་གང་ལ་ཡང་གང་གི་བྱེད་པ་མེད་དོ། །དོན་རྣམས་ཀྱི་རང་གི་ངོ་བོ་ཉིད་དེ་ལྟ་དེ་ལྟར་གྱུར་པ་དག་ལ། དེ་ཁོ་ན་མ་ཡིན་པ་
དག་གིས་སྒྲོ་བཏགས་པས་བྱེད་པར་བརྗོད་ཀྱི་དོན་དམ་པར་ནི་མ་ཡིན་ནོ། །སྐྱེས་བུའི་རང་གི་དོན་ནི་ཤེས་པ་ཡིན་ཏེ། བདེ་བའི་ཤེས་པ་བཞིན་ནོ། །དཔེར་ན་བདེ་བའི་ཤེས་པ་སྐྱེས་པ་ནི་རང་གི་དོན་ཅན་ཡིན་གྱི། བདེ་བའི་ཤེས་པས་ཅུང་ཟད་བྱས་པ་ནི་མེད་པ་དེ་བཞིན་དུ་གཟུགས་ལ་སོགས་
པའི་ཤེས་པ་ཡང་རང་གི་ངོ་བོ་ཉིད་རང་གི་དོན་ཡིན་གྱི་དེས་ཤེས་པར་བྱེད་པ་ནི་མ་ཡིན་ནོ། །དེ་དོན་ལས་སྐྱེས་པའི་ཕྱིར་ན་དེ་ཙམ་གྱི་ཐ་སྙད་རྫོགས་པས་དོན་ལ་བྱེད་པས་ཅི་ཞིག་བྱ། འོ་ན་དོན་རིག་པ་འབྲས་བུར་མི་འགྱུར་རོ་ཞེ་ན། འབྲས་བུ་དོན་གྱི་རྣམ་པར་རིག་པ་ཡང་དོན་རིག་པ་ཡིན་པའི་ཕྱིར་འགལ་བ་
ཅི་ཡོད། འོ་ན་ཅི་ལྟར་དོན་རིག་གོ་དེས་ཐ་དད་པའི་ཐ་སྙད་དུ་འགྱུར་ཞེ་ན། དོན་གྱི་རྣམ་པ་འཛིན་པ་དེ་ཉིད་ལ་རིག་པར་བྱེད་པ་ཞེས་ཐ་སྙད་འདོགས་སོ། །འདི་ལྟར་གང་གི་ཚེ་མིག་གི་རྣམ་པར་ཤེས་པ་སེར་པོ་སྤངས་ནས་སྔོན་པོ་ལ་སོགས་པ་ལ་འཇུག་པ་དེའི་ཚེ་འདོར་བ་དང་ལེན་པའི་མཚན་ཉིད་ཀྱིས་བྱེད་པ་དང་
Vol. 179 · folio 14a
ལྡན་པ་ལྟ་བུར་མངོན་པ་དང་། གང་གི་ཚེ་སྔོན་པོ་མྱོང་བ་ནི་སྔོན་པོའི་རང་བཞིན་ཉིད་ཡིན་ན། གཞན་གྱི་ངོ་བོ་གཞན་མ་ཡིན་པའི་ཕྱིར་སེར་པོ་ལ་མི་འཕོ་བ་དེས་ན། དེ་ཐ་དད་པ་དང་། བྱེད་པ་དང་བཅས་པར་རིག་པས་རྣམ་པར་གཞག་པ་ཡིན་ཞིང་དེ་ཡང་དོན་གྱིས་རྟོགས་པ་ཉིད་ཡིན་
ལ། དོན་དམ་པར་ནི་དེ་དང་དེ་མ་ཡིན་པའི་རྣམ་པ་ཅན་གྱི་ཤེས་པ་གཞན་དང་གཞན་ཉིད་དེ། དེ་ལ་ཐ་དད་པ་དང་བྱེད་པ་དག་ཡོད་པ་མ་ཡིན་ནོ། །ཐ་དད་བྱེད་པའི་རྟོག་པ་ནི། །རྗེས་འགྲོ་ལྡོག་པ་དག་ལས་དེ། །ཐོགས་མེད་བག་ཆགས་དང་འབྲེལ་ལས། །མངོན་སུམ་སྔོན་འགྲོ་ཅན་མ་ཡིན། །
རིགས་མཐུན་སྔ་མའི་རྣམ་པར་ཤེས། །ཉམས་མྱོང་གིས་བསྐྱེད་བག་ཆགས་ནི། །ལྡོག་པར་རྣམ་རྟོག་ས་བོན་ཏེ། །ལོང་བ་བརྒྱུད་པ་ཁོ་ནར་ཟད། །བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ། །གལ་ཏེ་དེའི་རྣམ་པ་ཅན་གྱི་ཤེས་པ་དེས་བསྐྱེད་ན་དོན་དེ་ཉིད་དེ་ལ་བྱེད་པར་འགྱུར་གྱི་དོན་ལ་ནི་ཤེས་
པས་མ་ཡིན་ན། དེ་ཇི་ལྟར་ཤེས་པས་དོན་འཛིན་ཞེས་བྱ་བར་ངེས་ཤེ་ན། འདི་ལ་ལན་ནི། དཔེར་ན་འབྲས་བུ་རྒྱུ་རྣམས་ཀྱི། །བདག་ཉིད་འདྲ་བར་འབྱུང་བའི་ཕྱིར། །བྱ་བ་ལྡན་ཉིད་མ་ཡིན་ཡང་། །འཇིག་རྟེན་རྒྱུ་གཟུགས་འཛིན་ཞེས་བརྗོད། །དཔེར་ན་ཕ་དང་འདྲ་བའི་བུ། །སྐྱེས་པ་འཛིན་པའི་
བྱེད་པ་དང་ལྡན་པ་མ་ཡིན་ཡང་འཇིག་རྟེན་ན་ཕའི་གཟུགས་འཛིན་ཏོ་ཞེས་བརྗོད་པ་དེ་བཞིན་དུ་ཤེས་པ་ལ་ཡང་ཐ་སྙད་བྱེད་པའི་ཕྱིར་འགལ་བ་ཅི་ཡོད། དེ་ལ་ནི་དེའི་རྣམ་པ་མཐོང་ན་དེ་ལྟར་ཇི་ལྟར་ཞེ་ན། འདི་ལ་ཡང་མྱ་ངན་ལ་སོགས་པར་མཐོང་བ་ཉིད་དོ། །དེའི་རྣམ་པ་དེ་ནི་དེའི་རྣམ་པ་ཅན་གྱི་
ཤེས་པ་ཉིད་ལས་ཡིན་གྱི། དོན་ལས་ནི་མ་ཡིན་ནོ་ཞེས་མི་བརྩད་དོ། །རེ་ཞིག་དེའི་རྣམ་པ་ཉིད་ལས་དེའི་རྣམ་པ་ཡིན་པར་ནི་དམིགས་པ་ཡིན་ནོ། །གལ་ཏེ་མཐོང་བ་ལ་རྒྱུ་བག་ཆགས་ཀྱི་ནུས་པ་ཡོད་ན་ནི་ཉམས་སུ་མྱོང་བ་ལས་དེའི་རྣམ་པ་ཉིད་ཡིན་ནོ། །འོན་ཏེ་སྔོན་མ་མཐོང་མ་ཐོས་པ་ལ་འཇུག་
ན་ནི། དེའི་ཚེ་བག་ཆགས་ཀྱི་ནུས་པ་མེད་པའི་ཕྱིར། རྒྱུ་གཞན་ལས་ཡིན་པའི་ཕྱིར། དེའི་རྒྱུ་ཕྱི་རོལ་གྱི་དོན་ཡིན་ནོ། །འདི་ལྟར། བག་ཆགས་ལས་བྱུང་གང་ཡིན་པ། །དེ་ནི་གཅིག་ཉིད་ལ་ཡོད་ཡིན། །དོན་ནི་གནས་པར་འགྱུར་ན་འདིར། །ཐམས་ཅད་ཐུན་མོང་བར་སྐྱེ་འགྱུར། །དེའི་ཕྱིར་དོན་གྱི་
Vol. 179 · folio 14b
རྣམ་པ་ཉིད་སྒྲུབ་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་མཐོང་དང་དབང་འབྲེལ་དང་། །ཁྱད་པར་གྱི་ནི་བློ་དེ་དག །བྱ་བ་ལ་ནི་ཆོད་པའི་ཕྱིར། །ཚད་མ་ཉིད་དུ་མི་འདོད་དོ། །ཁ་ཅིག་ན་རེ་ལྟ་བའི་ཤེས་པ་ཚད་མ་ཡིན་ལ། དེ་ལས་གཞན་རིག་ལ་སོགས་པའི་ཁྱད་པར་ཅན་གྱི་དངོས་པོར་ངེས་པའི་བདག་
ཉིད་ཅན་ནི་འབྲས་བུ་ཡིན་ནོ། །དེ་ལས་ཀྱང་འཇུག་པ། དེ་ལས་ཐོབ་པ། དེ་ལས་ནི་བདེ་བ་སྟེ། སྔ་མ་སྔ་མ་ནི་ཚད་མ་ཡིན་ལ། ཕྱི་མ་ཕྱི་མ་ནི་འབྲས་བུ་ཡིན་ནོ་ཞེས་བྱ་བ་ནི་རིམ་པ་ཡིན་ནོ་ཞེས་ཟེར་རོ། །དོན་སོ་སོར་ངེས་པར་རྣམ་པར་གཞག་པ་ནི་རྣམ་པའི་སྟོབས་ཉིད་ཀྱིས་ཡིན་གྱི་གཞན་ལས་ནི་
མ་ཡིན་ནོ། །གལ་ཏེ་ལྟ་བའི་རྣམ་པར་ཤེས་པ་སོ་སོར་ངེས་པའི་རྣམ་པ་ལ་མི་བརྟེན་ན་ཅི་ལྟར་འདི་འདིའི་ལྟ་བ་ཡིན་ཞེས་བྱ་བར་འགྱུར། དེ་བཞིན་དུ་ངེས་པ་ལ་སོགས་པའི་ཤེས་པ་གཞན་ཡང་འདི་ལྟ་བུ་ཁོ་ནར་དེ་ཉིད་ཀྱི་ཐ་སྙད་ཐོབ་པ་ཡིན་ནོ། །རྒྱུ་སྔ་མ་སྔ་མ་ནི་ཕྱི་མ་ཕྱི་མ་ཉིད་ལས་རྒྱུར་འགྱུར་
གྱི། སོ་སོར་ངེས་པའི་དོན་རྣམ་པར་འཇོག་པ་ནི་མ་ཡིན་ནོ། །དེ་ལ་ནི་དེའི་རྣམ་པ་ཉིད་སྒྲུབ་བྱེད་ཡིན་ནོ། །འདི་ལྟར། བྱ་བ་ལ་ནི་བྱེད་པ་རྣམས། །ཐམས་ཅད་ཉེ་བར་སྦྱོར་ན་ཡང་། །ཐ་མའི་ཐ་དད་བྱེད་གང་དེ། །དེ་ཡི་སྒྲུབ་བྱེད་དམ་པར་འདོད། །རྒྱུ་ཐམས་ཅད་བྱ་བ་ལ་ཉེ་བར་སྦྱོར་ཡང་དེ་ཇི་ལྟར་
ཁྱད་པར་དུ་འཕགས། བྱ་བ་སྒྲུབ་པར་བྱེད་པ་ཙམ་ནི་མ་ཡིན་ཏེ། དེ་ཡོད་ཀྱང་གང་ཞིག་བྱ་བ་ལ་མཆོད་པ་མེད་པ་དེ་ཉིད་སྒྲུབ་པར་བྱེད་པ་དམ་པ་ཡིན་ནོ། །འདི་ལྟར་དབང་པོ་ལ་སོགས་པ་དག་ཡོད་ཀྱང་། ཡུལ་ཐག་རིང་བ་ལ་སོགས་པས་གལ་ཏེ་སོ་སོར་ངེས་པའི་རྣམ་པ་མ་ཐོབ་ན། དེའི་ཚེ་དེའི་
རྣམ་པ་ཅན་གྱི་དོན་ཡོངས་སུ་གཅོད་པ་རྣམ་པར་མི་གནས་སོ། །དེ་དང་བར་མ་ཆོད་པར་གྱུར་པ་དེ་བྱ་བ་ཡིན་པའི་ཕྱིར་དེ་ཉིད་སྒྲུབ་པར་བྱེད་པ་ཡིན་ནོ། །ཡུལ་ཐག་རིང་བ་མ་ཡིན་པ་ཉིད་སྒྲུབ་པར་བྱེད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཡུལ་ཐག་རིང་བ་མ་ཡིན་ཡང་དབང་པོ་ཉམས་ན་ངེས་པ་རྣམ་པར་
གནས་པ་མེད་པའི་ཕྱིར་རོ། །འོ་ན་མ་ཉམས་པ་སྒྲུབ་བྱེད་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། འདི་ལྟར། དབང་པོ་ཉམས་པ་མེད་པ་ནི། །མྱོང་བའི་དེ་ཡི་རྣམ་པ་ཡི། །ཁྱད་པར་ལས་ནི་ཡུལ་ཡིན་ནོ། །དེ་ཕྱིར་དེ་ནི་ཆོད་པ་ཡིན། །རྣམ་པ་དེ་ཉིད་ཆོད་པར་འགྱུར་བ་མ་ཡིན་ནམ། རྣམ་པ་དེས་ངེས་པར་
Vol. 179 · folio 15a
བྱས་པའི་དབང་པོ་མ་ཉམས་པ་ནི་དོན་སོ་སོར་ངེས་པར་རྣམ་པར་གནས་པའི་རྒྱུ་ཡིན་ནོ་ཞེ་ན། དེ་ནི་ལེགས་པ་མ་ཡིན་ཏེ། འདི་ལྟར། གལ་ཏེ་རྣམ་པར་ངེས་པ་ནི། །གྲུབ་ན་དེ་ཡིས་དོན་གནས་ཏེ། །གྲུབ་ལ་རྒྱུ་མིན་གཞན་པ་དག །ཅི་ཞིག་རྒྱས་པར་བྱེད་པ་ཡིན། །
རྣམ་པར་ངེས་པ་མ་གྲུབ་པར་ནི་དབང་པོ་མ་ཉམས་པ་སྒྲུབ་པར་བྱེད་པ་མ་ཡིན་ནོ། །གལ་ཏེ་དེ་གྲུབ་ན་དེ་ཉིད་ཀྱིས་དོན་རྣམ་པར་གནས་པའི་ཕྱིར་དབང་པོ་མ་ཉམས་པ་དོན་མེད་དོ། །དོན་གྲུབ་པ་ལས་ནི་འགལ་ཡང་སྒྲུབ་པར་བྱེད་པ་མ་ཡིན་ཏེ། གྲུབ་ཟིན་པ་ལ་སྒྲུབ་པར་བྱེད་པ་མི་སྲིད་པའི་ཕྱིར་རོ། །
དེས་ན་གྲུབ་པ་ཉེ་བར་འཇོག་པར་བྱེད་པ་གང་ལ་ལྟོས་པར་བྱ་བ་ཡིན། དེའི་རྣམ་པ་ཡང་དེས་རྣམ་པར་གནས་པ་ན་ངེས་པར་བྱེད་པ་གཞན་ལ་ལྟོས་པར་བྱ་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ་མངོན་སུམ་གྱི་ཚད་མའི་སྐབས་ཡིན་པའི་ཕྱིར་རོ། །གོམས་པ་ཡོད་ན་ནི་མངོན་སུམ་ཚད་མ་ཡིན་ཏེ། ངེས་པ་མེད་
ཀྱང་དེའི་ཚེ་དེའི་རྣམ་པ་ཙམ་ལས་འཇུག་པ་ཡིན་ནོ། །གང་གི་ཚེ་ངེས་པ་ལ་ལྟོས་པ་དེའི་ཚེ་ནི་རྗེས་སུ་དཔག་པའི་ཚད་མ་ཡིན་ནོ། །དེ་ཡང་རྣམ་པ་ཙམ་ཁོ་ན་ལས་འཇུག་པའི་ཕྱིར་གཞན་ལ་མི་ལྟོས་སོ། །དེའི་ཕྱིར་རྣམ་པ་ལས་གཞན་ནི་བྱེད་པ་མ་ཡིན་ནོ། །དེ་བཞིན་དུ་ཐུན་མོང་ཡིན་པའི་ཕྱིར་
ཏེ། ཀུན་གྱི་མཚུངས་རྒྱུ་ཡིན་པའི་ཕྱིར། །འདི་འདྲ་དབང་པོ་ལ་ཡོད་མིན། །དེ་ཐ་དད་ཀྱང་ཐ་དད་མེད། །འདི་ཡི་འདི་ཞེས་དེ་གང་ལས། །དབང་པོའི་ཐ་དད་པར་བྱེད་པ་མ་ཡིན་ཏེ། ཐུན་མོང་དུ་སྔོན་པོ་དང་སེར་པོ་ལ་སོགས་པའི་ཡུལ་ཐམས་ཅད་ལ་རྒྱུ་ཡིན་པའི་ཕྱིར་རོ། །གལ་ཏེ་སྔོན་པོ་དང་སེར་
པོ་དང་། དེ་གཉི་ག་མ་ཡིན་པའི་ཡུལ་ལ་དབང་པོ་གཞན་དང་གཞན་འབྱུང་བ་མ་ཡིན་ནམ་དེ་ལ་མངོན་པར་ཕྱོགས་པ་ནི་དེར་གཞན་ཉིད་ཡིན་ཏེ། དེས་ན་ཆོས་ཐ་དད་པས་དབང་པོ་ཐ་དད་དོ། །དེའི་ཕྱིར་དེ་ཐ་དད་པ་ཉིད་ལས་ཐ་དད་པར་རྟོགས་པ་ཡིན་པའི་ཕྱིར། དེ་ཇི་ལྟར་ན། ཀུན་གྱི་མཚུངས་རྒྱུ་ཡིན་ཕྱིར་
རོ། །ཞེས་བརྗོད་ཅེ་ན། དེ་ནི་མ་ཡིན་ཏེ། མངོན་དུ་ཕྱོགས་པའི་ཁྱད་པར་ནི་རྣམ་པ་ཐ་དད་པ་མེད་པར་རྟོགས་པར་མི་ནུས་པའི་ཕྱིར་རོ། །དེས་ན་དེ་ཐ་དད་པ་ཡིན་ཡང་རྣམ་པ་དང་བྲལ་བ་འདིའི་སྔོན་པོ་དང་སེར་པོ་ལ་སོགས་པའི་ཡུལ་ལ་ཕྱོགས་ཞེས་བྱ་བ་ག་ལས་ཡིན། སྔོན་པོ་ལ་སོགས་པ་ཁྱད་པར་མ་
Vol. 179 · folio 15b
རྟོགས་པར་ནི་མངོན་དུ་ཕྱོགས་པའི་ཁྱད་པར་མི་རྟོགས་སོ། །གལ་ཏེ་དེ་ཡོད་ན་དེ་ནི་མངོན་དུ་ཕྱོགས་པ་བརྗོད་པས་ཅི་བྱ། ཡང་ན་དེ་ཐམས་ཅད་ཀྱང་ཐ་དད་པ་མེད་ཅེས་བྱ་བ་ནི་སྔོན་པོ་དང་སེར་པོ་ལ་སོགས་པ་རིག་པ་ཐ་དད་ཀྱང་། ཐ་དད་པ་མེད་པའི་དབང་པོ་ལ། འདིའི་བྱེད་པ་ནི་འདི་ཡིན་ནོ་ཞེས་
བྱ་བ་ག་ལས་ཡིན། མངོན་དུ་ཕྱོགས་པའི་ཁྱད་པར་ལས་ཁྱད་པར་ཡོད་དོ་ཞེ་ན་མ་ཡིན་ཏེ། མངོན་དུ་ཕྱོགས་པ་ནི་རྣམ་པའི་ཁྱད་པར་མེད་པ་ནི་ཁྱད་པར་དུ་རྟོགས་པར་མི་ནུས་པའི་ཕྱིར་རོ་ཞེས་བརྗོད་ཟིན་ཏོ། །དེས་ན་རྣམ་པའི་ཁྱད་པར་ཉིད་དོན་དུ་གཉེར་བར་བྱའོ། །དེ་ཡོད་དོ་ཞེ་ན་གཞན་གྱིས་ཅི་
བྱ། གལ་ཏེ་དོན་གྱི་རྣམ་པ་ནི་དོན་ཉིད་ཡིན་གྱི་ཤེས་པ་ནི་མ་ཡིན་ཏེ། དེ་ནི་དོན་ཉིད་དུ་རྟོགས་པའི་ཕྱིར་རོ། །རྣམ་པ་དེ་ནི་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་བེམས་པོའི་ངོ་བོ་ཉིད་དུ་རྟོགས་པ་ཡིན་ལ། ཤེས་པ་ནི་དེ་ལས་བཟློག་པ་རྟོགས་པའི་རང་བཞིན་དུ་རྟོགས་སོ་ཞེ་ན། མ་ཡིན་ཏེ། རྣམ་པ་མ་
རྟོགས་པར་རྟོགས་པའི་ངོ་བོ་ཉིད་རྟོགས་པར་མི་ནུས་པའི་ཕྱིར་རོ། །སྔོན་པོ་ལ་སོགས་པ་དང་། བདེ་བ་ལ་སོགས་པ་མ་རྟོགས་པར་ཤེས་པའི་རྣམ་པ་གཞན་མཚོན་པ་མེད་པའི་ཕྱིར་རོ། །འོ་ན་ནི་ཤེས་པ་ལྐོག་ཏུ་གྱུར་པ་ཡིན་པའམ། ཡང་ན་མེད་པ་ཉིད་དུ་འགྱུར་རོ་ཞེ་ན། དེ་ནི་མི་བཟང་སྟེ། འདི་ལྟར།
གལ་ཏེ་ཤེས་དེ་ལྐོག་གྱུར་ན། །ཤེས་པ་ཞེས་བྱ་དེ་གང་ལས། །ལྐོག་ཏུ་གྱུར་པ་དེ་ཡི་ནི། །རང་བཞིན་སུ་ཡིས་ཤེས་པར་ནུས། །གང་ལས་དོན་ནི་ལྐོག་གྱུར་མིན། །དེ་མ་ཤེས་པར་འདོད་ཅེ་ན། །དོན་ནི་ལྐོག་ཏུ་མ་གྱུར་ཉིད། །ཤེས་ཡིན་འདིར་ནི་གཞན་ཅི་དགོས། །དོན་གནས་ན་ནི་འདི་ཡོད་
ཅིང་། །མི་གནས་ན་ནི་མེད་པ་ཉིད། །དེས་ན་དོན་ཡོད་ཅེས་བྱ་བ། །འདི་ནི་འབད་པ་མེད་པར་འགྲུབ། །འདིས་ནི་མེད་པ་ཡང་སྤངས་པ་ཡིན་ནོ། །ཉམས་སུ་མྱོང་བའི་དུས་ན་ལྐོག་ཏུ་གྱུར་པ་ལས་ཐ་དད་པར་སྔོན་པོ་ལ་སོགས་པ་མྱོང་བ་མེད་དོ། །དེས་ན་དེ་ནི་སྔོན་པོ་ལ་སོགས་པའི་རྣམ་པ་ཡིན་
ནོ། །དེའི་ཁྱད་པར་གྱི་རང་བཞིན་དུ་གྱུར་པའི་སྔོན་པོ་ནི་གཞན་ཉིད་དེ། མེ་ལོང་གི་བཞིན་གྱི་གཟུགས་བརྙན་ལས་བཞིན་ཉིད་བཞིན་ནོ། །དེའི་ཕྱིར་དེ་ནི་རྣམ་པ་ཉིད་ཡིན་གྱི། དོན་རང་ཉིད་ནི་མ་ཡིན་ནོ། །གལ་ཏེ་མེ་ལོང་གི་གཟུགས་བརྙན་དང་། གཟུགས་གཉིས་ཀ་ཡང་རྟོགས་པ་མ་ཡིན་ནམ།
Vol. 179 · folio 16a
འདིར་ནི་རྣམ་པ་ལས་མ་གཏོགས་པའི་དོན་རྟོགས་པ་མེད་དོ་ཞེ་ན། འདི་ནི་འོག་ནས་བསྟན་པར་བྱའོ། །འདི་ནི་རེ་ཞིག་གཞག་གོ། །རང་ཉིད་གསལ་བ་བེམས་པོའི་རང་བཞིན་དུ་བསྒྲུབ་པར་ཡང་ཅི་ལྟར་ནུས། གལ་ཏེ་གང་ལས་འདི་འགྱུར་བ། །དོན་ལྐོག་ཏུ་མ་
གྱུར་པ་ལས་གཞན་འགའ་ཞིག་ཡོད་དོ་ཞེས་བསྒྲུབ་པ་དེའི་ཚེ་བག་ཆགས་ཡིན་པར་འགྱུར་རོ། །རྣམ་པར་ཤེས་པའི་དོན་གྱི་རྣམ་པ་འདི་བག་ཆགས་ཀྱི་སྟོབས་ལས་བྱུང་བ་ཡིན་གྱི། དོན་ནི་བག་ཆགས་ཀྱི་སྟོབས་ལས་བྱུང་བ་མ་ཡིན་ཏེ། དེ་མེད་པར་ཐལ་བའི་ཕྱིར་རོ། །བག་ཆགས་ཀྱི་
སྟོབས་ལས་བྱུང་བ་ནི་དོན་གྱིས་སྟོང་པར་འགྱུར་ཏེ། རྨི་ལམ་གྱི་རྣམ་པ་བཞིན་ནོ་ཞེ་ན། གང་གིས་སད་ཚེ་མཐོང་བ་ཡི། །རྣམ་པ་དོན་སྟོང་མི་འགྱུར་བ། །བག་ཆགས་ཀྱི་ནི་ཁྱད་པར་དག །འགའ་ཞིག་དེ་ལ་ཡོད་པ་ཡིན། །རེ་ཞིག་རྨི་ལམ་ལ་སོགས་པར་བག་ཆགས་རྣམ་པའི་སྐྱེད་
པར་བྱེད་པ་ཉིད་དུ་ནི་དམིགས་པ་ཡིན་ནོ། །དེས་ན་སད་པ་ན་དམིགས་པའི་ཡུལ་འདི་ཡང་དེ་ཉིད་ལས་ཡིན་པར་རྟོགས་ཏེ། དེའི་རིགས་ཅན་ཡིན་པའི་ཕྱིན་རོ། །རྣམ་པ་དེ་ཉིད་དེ་ཡིན་པར་མ་གྲུབ་སྟེ། དེ་ནི་དོན་ཉིད་དོ་ཞེས་རྟོགས་པའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། འཁྲུལ་པའི་ཕྱིར་རྨི་ལམ་
གྱི་ཤེས་པའི་རྣམ་པ་ཡང་དོན་ཡིན་ནོ་ཞེས་རྟོགས་པ་ཉིད་དོ། །བརྟགས་ན་གཞན་དུ་རྟོགས་པའི་ཕྱིར་རོ་ཞེ་ན། འདིར་ཡང་བརྟགས་པ། བྱ་རོག་གིས་ཟོས་པ་ནི་མ་ཡིན་ཏེ། བག་ཆགས་ཀྱི་ཁྱད་པར་ཡང་ལས་སད་པའི་གནས་སྐབས་ཀྱི་རྣམ་པ་ཉིད་དོན་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་
བརྟགས་པ་ནི་མཆོག་གོ། །རྨི་ལམ་ལ་སོགས་པའི་ཤེས་པ་ཡང་རྣམ་པ་དང་བཅས་པ་མ་ཡིན་ཏེ། དེ་ལ་ཡང་དོན་ཡོད་པའི་ཕྱིར་ཞེ་ན། འདི་ནི་འོག་ནས་བསྟན་པར་བྱའོ། །འོན་ཏེ་དོན་གྱི་རྣམ་པ་ནི་ལྐོག་ཏུ་གྱུར་པའི་མ་ཡིན་ཏེ། སྔོན་པོ་ལ་སོགས་པ་དོན་གྱི་རྣམ་པ་ནི་དོན་ཉིད་ཡིན་ནོ། །དེ་ནི་
དངོས་པོ་ཉེ་བས་དེ་ལྟར་མངོན་པ་ཡིན་ཏེ། མེ་ལོང་ལ་གཟུགས་བརྙན་བཞིན་ནོ། །མེ་ལོང་ལ་རྣམ་པ་མེད་པ་ཡིན་ཡང་བཞིན་ཉེ་བས་རྣམ་པ་དང་བཅས་པར་མཚོན་པ་ཡིན་ནོ། །ཡང་ན་སྒྲོན་མ་ལ་སོགས་པའི་མཐུ་ལས་ཡིན་ནོ། །སྒྲོན་མའི་འོད་ནི་རྣམ་པ་མེད་པའི་བུམ་པ་ལ་སོགས་པ་ཁྱབ་
Vol. 179 · folio 16b
པས་བུམ་པ་ལ་སོགས་པའི་རྣམ་པར་མངོན་པ་ཡིན་ནོ་ཞེ་ན། དེ་ནི་མི་བཟང་སྟེ། བཞིན་ལ་སོགས་པ་མེད་པར་ཡང་། །མེ་ལོང་ལ་སོགས་མཐོང་བ་ཡིན། །རྣམ་པ་ལས་ནི་ཐ་དད་དུ། །ལྐོག་ཏུ་མ་གྱུར་མཐོང་བ་མེད། །ལྐོག་ཏུ་མ་གྱུར་པ་ཉིད་ནི་ཐམས་ཅད་ཀྱི་ཚེ་སྔོན་པོའི་རྣམ་པའི་
བདག་ཉིད་དུ་གྱུར་པར་རྟོགས་ཀྱི་གཞན་དུ་ནི་མ་ཡིན་ནོ། །དེས་ན་དོན་ཉེ་བར་ཅི་ཞིག་བྱ། འདི་ལྟར་སྣང་ངོ་། །འདི་ལྟ་བུར་གྱུར་པ་ཞིག་གི་ཞེས་བྱ་བ་འདི་ལ་ཚད་མ་ཅི་ཡོད། ཁྱེད་ལ་ཡང་ཚད་མ་ཅི་ཡོད་ཅེ་ན། ཐ་མི་དད་པར་དམིགས་པ་ཉིད་དོ། །དེ་ནི་འཁྲུལ་པ་ཉིད་དོ་ཞེ་ན་མ་ཡིན་ཏེ། གནོད་
པར་བྱེད་པ་མེད་པའི་ཕྱིར་རོ། །དོན་འཐོབ་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། ཐོབ་པ་ནི་དེའི་རྣམ་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེའི་རྣམ་པ་ལས་མ་གཏོགས་པའི་ཐོབ་པ་ནི་མེད་དོ་ཞེས་བསྟན་པར་བྱའོ། །གལ་ཏེ་དེ་དེ་ལྟ་བུར་གྱུར་པའི་རྣམ་པར་མ་གྱུར་ན། དོན་སོ་སོར་ངེས་པའི་རྣམ་པར་
གཞག་པ་འགའ་ཡང་མེད་པར་འགྱུར་རོ། །འདིས་ནི་ལྷག་མ་བཤད་པ་ཡིན། །དེ་དངོས་མེད་ན་ཁྱད་པར་གྱི། །བློ་ཡང་ཐ་དད་མེད་འགྱུར་ཏེ། །བློ་གཞན་དག་ཀྱང་དེ་བཞིན་ནོ། །ལྷག་མ་ནི་ལྟ་བ་དང་། དོན་དང་ཕྲད་པ་ལ་སོགས་པའོ། །དེ་ན་དང་ཕྲད་པ་ཡང་རྣམ་པ་ལས་འདས་ཏེ་ཤེས་པ་ནི་
མེད་དོ། །དེས་ན་དེ་དག་ཀྱང་བྱ་བ་ལ་སྒྲུབ་པར་བྱེད་པ་དམ་པ་མ་ཡིན་ཏེ། ཆོད་པའི་ཕྱིར་རོ། །ཁྱད་པར་གྱི་བློ་ཡང་དེའི་རྣམ་པ་མེད་ན་ཁྱད་པར་གྱི་བློ་ཉིད་དུ་མི་འགྲུབ་པོ། །ཁྱད་པར་ཅན་གྱི་བློ་ལ་སོགས་པ་ཡང་དེ་བཞིན་ཏེ། དེས་ན་དེ་དག་ཀྱང་བྱེད་པ་ཉིད་མ་ཡིན་ནོ། །གལ་ཏེ་རེ་ཞིག་ཁྱད་པར་
གྱི་བློ་དུས་སྔར་ཡིན་ན། །འདི་ནི་ཁྱད་པར་ཡིན་ནོ་ཞེས་ཇི་ལྟར་ཤེས་པར་བྱ། ཁྱད་པར་ཅན་ལ་བརྟེན་པ་མེད་པར་ནི། ཁྱད་པར་ཞེས་བྱ་བར་འགྱུར་བ་མ་ཡིན་ལ། དེའི་རང་བཞིན་ལ་བརྟེན་པར་འཛིན་པ་མེད་པར་ཁྱད་པར་ཉིད་དུ་འཛིན་པ་ཡང་མ་ཡིན་ནོ། །དེའི་རྣམ་པ་འཛིན་པ་ཁྱད་པར་ཅན་ཡང་
བཟུང་བའི་ཕྱིར་ཇི་ལྟར་ཁྱད་པར་ཅན་གྱི་བློ་དེ་ལས་གཞན་དུ་གྱུར་པ་བསྒྲུབ་བྱ་ཡིན་པར་འགྱུར། དེ་ཉིད་ཀྱི་ཚེ་ན་བཟུང་བ་ནི། དེ་འཛིན་པར་བྱེད་པའི་བློས་བསྐྱེད་པའི་འཛིན་པར་བྱེད་པའི་བཟུང་བ་མ་ཡིན་ནོ། །དེའི་དུས་སུ་ཡང་ཁྱད་པར་སྣང་ངོ་ཞེ་ན། སྔར་དེ་འཛིན་པ་དོན་མེད་དོ། །སྔར་ཡང་
Vol. 179 · folio 17a
ཁྱད་པར་ཅན་སྣང་ངོ་། །ཞེས་པ་ནི་མི་འཐད་དོ། །སྒྲུབ་པར་བྱེད་པ་ཉིད་མེད་པར་ཐལ་བའི་ཕྱིར་རོ། །གཞན་ཡང་ཁྱད་པར་གྱི་བློ་ནི་ཁྱད་པར་ལ་ཡིན་ལ། ཁྱད་པར་ཅན་ལ་ནི་དེའི་བློ་ཡིན་པའི་ཕྱིར་བྱ་བ་དང་སྒྲུབ་པར་བྱེད་པ་དག་ཡུལ་ཐ་དད་པར་འགྱུར་རོ། །གྱུར་མོད་ཅི་སྐྱོན་ཞེ་
ན། བྱ་བ་དང་ནི་སྒྲུབ་བྱེད་གཉིས། །ཡུལ་ཐ་དད་པའང་མི་འདོད་དོ། །དོན་གཅིག་ཡིན་ན་གཉིས་དོན་མེད། །རིམ་བཞིན་འབྱུང་བའང་མེད་པར་འགྱུར། །པ་ལ་ཤ་ལ་སྟ་རེ་ལ་སོགས་པའི་བྱེད་པ་ཞུགས་ན་ནྱ་གྲོ་དྷ་ཆད་པ་སྒྲུབ་པ་ནི་མ་ཡིན་ནོ། །དོན་གཅིག་ཡིན་ན་ནི་སྔ་མ་བཞིན་དུ་ཐལ་ལོ། །
གཉིས་དོན་མེད་པ་དང་། དོན་དེའི་རྒྱུ་ཅན་གྱི་བློ་ཐམས་ཅད་རིམ་གྱིས་འབྱུང་བ་འགལ་བར་ཡང་འགྱུར་ཏེ། གཅིག་ལ་རིམ་པ་མི་རུང་བའི་ཕྱིར་རོ། །བཟླས་པའི་བྱེ་བྲག་གིས་རིམ་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། བཟླས་པའི་བྱེ་བྲག་ནི་མངོན་སུམ་གྱིས་རྟོགས་པར་མི་ནུས་པའི་ཕྱིར་རོ། །གལ་ཏེ་
ཤེས་པ་དེ་ཉིད་བསྐྱར་བ་ཡིན་ནོ་ཞེས་རྟོགས་པ་དེ་ལྟར་ན་བཟླས་པར་ཡིད་ཆེས་པར་འགྱུར་རོ། །རིམ་གྱིས་བྱུང་ཡང་ཐ་མི་དད་པའི་རང་བཞིན་འཛིན་པའི་བློ་དག་ཕན་ཚུན་བྱ་བ་དང་སྒྲུབ་པར་བྱེད་པ་མ་ཡིན་ནོ། །སྔ་མས་ཕྱི་མ་བསྐྱེད་པའི་བྱ་བ་ཉིད་བྱེད་ཀྱི་རྟོགས་པ་ནི་མ་ཡིན་ཏེ། སྔ་མ་དང་ཁྱད་
པར་མེད་པའི་ཕྱིར་རོ། །བསྐྱེད་པའི་བྱ་བ་ཡང་དེའི་རང་བཞིན་ལས་གཞན་མ་ཡིན་ནོ་ཞེས་གཞན་དུ་བསྟན་ཟིན་ཏོ། །བློ་ནི་ཅིག་ཅར་འབྱུང་འགྱུར་ན། །བསྒྲུབ་བྱ་སྒྲུབ་བྱེད་མེད་པར་འགྱུར། །དེ་རྣམས་གཞག་ལ་བརྟེན་ནས་ནི། །ཆ་དག་བསྒྲུབ་བྱ་སྒྲུབ་བྱེད་གཞག །ཅེས་བྱ་བ་ནི་བར་སྐབས་ཀྱི་
ཚིགས་སུ་བཅད་པའོ། །ཕྲད་པ་ཡང་ཚད་མ་མ་ཡིན་ཏེ། འདི་ལྟར། བདག་ཉིད་ཀུན་གྱིས་འབྲེལ་ན་ཡང་། །ཆོས་འགའ་ཞིག་གིས་རྟོགས་འགྱུར་བའི། །ངེས་པ་དེ་ནི་མི་འགྱུར་ཏེ། །འབྲེལ་པ་བྱེ་བྲག་མེད་ཕྱིར་རོ། །གལ་ཏེ་དབང་པོ་དང་དོན་ཕྲད་པ་ཚད་མ་ཡིན་ལ། དེའི་འབྲས་བུ་དོན་རྟོགས་པ་
ཡིན་ན། ཕྲད་པ་དེ་ནི་སྦྱོར་བ་དང་། འབྱོར་པའི་འདུ་བ་དང་འབྱོར་པའི་འདུས་པའི་འདུ་བ་དང་། འདུ་བ་དང་འདུས་པའི་འདུ་བ་དང་། འབྱོར་པ་དང་ཁྱད་པར་གྱི་ཁྱད་པར་ཅན་གྱི་དངོས་པོའོ། །དབང་པོ་བུམ་པ་ལ་སོགས་པ་དང་ནི་སྦྱོར་བ་ཡིན་ནོ། །བུམ་པ་ལ་འདུས་པའི་ཡོན་ཏན་དང་ནི་འབྱོར་པའི་
Vol. 179 · folio 17b
འདུ་བའོ། །དཀར་པོ་ཉིད་ལ་སོགས་པ་དང་། ཡོན་ཏན་ཉིད་དང་ནི་འབྱོར་པའི་འདུས་པའི་འདུ་བའོ། །རྣ་བ་ནམ་མཁའི་བདག་ཉིད་ཀྱི་སྒྲ་དང་འདུ་བའོ། །སྒྲ་ཉིད་དང་ནི་འདུས་པའི་འདུ་བའོ། །དབང་པོ་ཕྱོགས་ན་བུམ་པ་མེད་པ་དང་ནི་འབྱོར་པའི་ཁྱད་པར་གྱི་ཁྱད་པར་ཅན་གྱི་དངོས་པོ་ཡིན་
ནོ། །དེ་ལ་གལ་ཏེ་སྦྱོར་བས་འབྲེལ་པ་ཡིན་ན། དེ་འཛིན་པ་ཞེས་བྱ་བ་ག་ལས། དེ་ལྟར་མ་ཡིན་ན་དུ་བ་དང་འབྲེལ་པའི་མེ་ལ་སོགས་པ་ཡང་རྟོགས་པར་འགྱུར་འོན་ཏེ་འདུ་བའི་འབྲེལ་པ་ལ་སོགས་པ་ཡིན་ན། དེ་ལྟ་ན་ནི་འོ་ན་དོན་གཅིག་ལ་འདུ་བ་ཅན་གྱི་རེག་པ་ལ་སོགས་པ་ཡང་མིག་གིས་
རྟོགས་པར་འགྱུར་རོ། །འདིས་ནི་ཡུལ་མཚུངས་པ་ཉིད་ཀྱང་བསལ་བ་ཡིན་ནོ། །ཇི་ལྟར་དོན་གཅིག་ལ་འདུ་བ་ཅན་གྱི་དབྱིབས་རྟོགས་པ་དེ་བཞིན་དུ་རེག་པ་ལ་སོགས་པ་ཡང་འགྱུར་རོ། །མིག་གིས་གཟུང་བ་མ་ཡིན་པའི་ཕྱིར་མི་རྟོགས་སོ་ཞེ་ན། དོན་གཅིག་ལ་འདུ་བ་ཅན་ཡིན་
པའི་ཕྱིར་ཅི་ལྟར་མིག་གིས་གཟུང་བ་མ་ཡིན་ཞེས་དེ་ཉིད་དཔྱོད་པ་མ་ཡིན་ནམ། དེའི་ཕྱིར་བདག་ཉིད་ཐམས་ཅད་ཀྱིས་འབྲེལ་ཡང་ཆོས་འགའ་ཞིག་ཁོ་ནས་རྟོགས་པར་ངེས་པ་མི་འཐད་དོ། །གལ་ཏེ་མིག་ལ་སོགས་པའི་རྡུལ་ཕྲ་རབ་ཕྱི་རོལ་དུ་སོང་སྟེ། དོན་གྱི་ཡུལ་དུ་ཕྱིན་ནས་དེ་དང་སྦྱོར་བ་ནི་དོན་
འཛིན་པའི་རྒྱུ་ཡིན་ན། དོན་ལྟར་ཡིན་ན་བདག་ཉིད་ཐམས་ཅད་ཀྱིས་འབྲེལ་པའི་ཕྱིར་རང་བཞིན་མ་ལུས་པ་རྟོགས་པར་འགྱུར་བའི་ཕྱིར་འཁྱོག་པོ་དང་། གསེང་པོ་ལ་སོགས་པའི་ཆོས་ཀྱང་གསལ་བར་སྣང་བར་འགྱུར་རོ། །ཁ་དོག་ཀྱང་སྟེ་དབྱིབས་ཙམ་ནི་མ་ཡིན་ནོ། །དེ་བཞིན་དུ་རིགས་ལ་
སོགས་པ་མ་ལུས་པ་མངོན་པར་གསལ་བར་འགྱུར་རོ། །ཐག་རིང་པོ་ལ་སོགས་པར་བྱེད་པའི་ནུས་པ་མེད་དོ་ཞེ་ན། གལ་ཏེ་ནུས་པ་མེད་ན་ཐམས་ཅད་ཀྱི་ཚེ་མི་འཛིན་པ་ཉིད་དུ་འགྱུར་རོ། །གང་གིས་དེ་ལྟར་གྱུར་པ་རྟོགས་པར་འགྱུར་བའི་ཚོགས་པ་ནི་དེ་ལྟ་བུ་ཉིད་དོ་ཞེ་ན་མ་ཡིན་ཏེ། དབྱིབས་ནི་
ཁ་དོག་ལས་ཐ་མི་དད་པ་ཉིད་དོ། །དབྱིབས་ནི་ཁ་དོག་ལས་ཐ་དད་པའི་ངེས་པ་མེད་དོ། །ཁ་དོག་མེད་ཀྱང་མུན་པ་ངེས་པར་གཟུང་བ་ཉིད་དོ་ཞེ་ན། དེར་ཡང་ཁ་དོག་ནག་པོ་དམིགས་པའི་ཕྱིར་རོ། །མུན་པ་དངོས་པོ་མ་ཡིན་པའི་ཕྱིར་ཁ་དོག་མི་དམིགས་སོ་ཞེ་ན། དེ་ཡང་མི་འཐད་དེ་དམིགས་པ་
Vol. 179 · folio 18a
ནི་དངོས་པོ་མེད་པ་ཉིད་དུ་མི་རིགས་པའི་ཕྱིར་རོ། །སྣང་བ་ལ་ཡང་མིག་བཙུམས་པས་རྟོགས་པའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། དེ་ནི་འཁྲུལ་པ་ཡིན་པའི་ཕྱིར་རོ། །གཅིག་འཁྲུལ་པའི་ཕྱིར་ཐམས་ཅད་དུ་འཁྲུལ་པ་ཉིད་ནི་མ་ཡིན་ཏེ། ཧ་ཅང་ཐལ་བའི་ཕྱིར་རོ། །དེས་ན་འདི་སྐད་
ཅེས་ཤེས་པ་འགའ་ཞིག་ནི་འཁྲུལ་པ་ཡིན་ལ། འགའ་ཞིག་ནི་མ་འཁྲུལ་པ་ཡིན་ནོ་ཞེས་བྱ་བ་ཉིད་བརྗོད་པར་བྱའོ། །དེས་ན་སྣང་བ་ཉིད་ལ་བདེན་པའི་དབྱིབས་འཛིན་པ་ཡིན་གྱི། མུན་པར་ནི་མ་ཡིན་ལ། ཉེ་བ་ཉིད་དུ་ཡིན་གྱི་རྒྱང་རིང་པོར་ནི་མ་ཡིན་ནོ། །དེས་ན་བདག་ཉིད་ཐམས་ཅད་ཀྱི་འཛིན་པ་
འམ་མི་འཛིན་པར་རིགས་སོ། །དེ་ཐ་དད་མེད་ཀྱང་གང་ལས། །ཐ་དད་དེ་འདིའི་ཚད་མ་ཉིད། །དོན་ཐ་དད་པ་མེད་ཀྱང་ཤེས་པ་ཐ་དད་པ་ནི་རང་ལ་གནས་པ་སྔོན་པོ་ལ་སོགས་པའི་རྣམ་པ་ཉིད་ལས་ཡིན་གྱི་ཕྱི་རོལ་གྱི་རྣམ་པ་ལས་ནི་མ་ཡིན་ནོ། །དེའི་ཕྱིར་རྣམ་པ་ཉིད་ཚད་མ་ཡིན་ནོ། །འོན་ཏེ་ཤེས་
པ་རྣམ་པ་མེད་པ་ཡིན་ཡང་འདུས་བྱས་པ་ལས་དོན་སོ་སོར་ངེས་པར་རྣམ་པར་གཞག་པ་བྱེད་དོ་ཞེ་ན། འདི་བཤད་པ། འདུས་བྱས་ལས་མིན་དེ་ཡི་དངོས། །མེད་ན་དེ་ཡང་གཞག་མེད་ཕྱིར། །དོན་སོ་སོར་ངེས་པར་གནས་པ་སྔོན་དུ་འགྲོ་བ་ཅན་གྱི་འདུས་བྱས་པ་ནི། རང་ཉིད་སོ་སོར་ངེས་
པས་རྣམ་པར་ཤེས་པ་དོན་སོ་སོར་ངེས་པའི་ཡུལ་ཅན་དུ་བྱེད་པ་ཡིན་ནོ། །དེས་ནི་དོན་གང་ཇི་ལྟར་མྱོང་བ་དེ་ལྟ་བུར་གྱུར་པ་དྲན་པར་འགྱུར་བ་ཡིན་ན་རྣམ་པ་མེད་པར་ནི་དོན་ངེས་པར་མྱོང་བ་མ་ཡིན་ནོ། །དེས་ན་གང་གི་ཕྱིར་དེ་ལས་དོན་ངེས་པར་རྣམ་པར་འཇོག་པ་དེ་ལས་འདུ་བྱས་པ་སོ་སོར་
ངེས་པར་ཇི་ལྟར་འགྱུར་ཏེ། ཕན་ཚུན་རྟེན་པའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཉམས་སུ་མྱོང་བ་སོ་སོར་ངེས་པ་ཡིན་ན། འདུས་བྱས་པ་སོ་སོར་ངེས་པར་འགྱུར་ལ། འདུས་མ་བྱས་པ་སོ་སོར་ངེས་ན་ཡང་ཉམས་སུ་མྱོང་བ་ངེས་པའི་ཕྱིར་གཅིག་ཀྱང་མི་འགྱུར་རོ། །གལ་ཏེ་རྣམ་པ་དང་བཅས་
པའི་ཤེས་པ་ཚད་མ་ཡིན་ན། དེ་ཉིད་འབྲས་བུ་ཡིན་པའི་ཕྱིར་བྱ་བ་དང་། སྒྲུབ་བྱེད་དག་གཅིག་ཏུ་ཐལ་ཏེ། རྣམ་པ་ནི་རྟོགས་པ་ལས་ཐ་དད་པ་མེད་པའི་ཕྱིར་རོ་ཞེ་ན། འདིར་ཡང་བཤད་པ་ནི། གལ་ཏེ་བྱ་བྱེད་གཅིག་ཡིན་པར། །འགལ་ལོ་ཞེ་ན་མི་བདེན་ཏེ། །ཆོས་ཐ་དད་པར་ཁས་ལེན་ཕྱིར། །དངོས་
Vol. 179 · folio 18b
སུ་ཐ་དད་མེད་པར་འདོད། །བྱ་བ་བྱེད་པའི་རྣམ་པ་དག །ཐམས་ཅད་དེ་ལྟར་རྣམ་པར་གནས། །ཐ་དད་འདོད་པའི་དངོས་རྣམས་ལའང་། །སྒྲོ་འདོགས་པས་ནི་འཇུག་ཕྱིར་རོ། །གལ་ཏེ་དོན་དམ་པར་བྱ་བ་དང་། སྒྲུབ་བྱེད་དག་གཅིག་པར་མི་འཐད་དོ་ཞེས་བརྗོད་ན། དེ་ནི་མི་རིགས་ཏེ།
བྱེད་པ་པའི་བདག་ཉིད་ཅན་གྱི་བྱ་བ་ནི་བྱེད་པ་པོའི་བདག་ཉིད་དུ་འགལ་བ་མ་ཡིན་ནོ། །བྱེད་པ་ནི་དངོས་པོ་ལས་ཐ་དད་པ་མ་ཡིན་ནོ། །འཕར་བ་དང་འབབ་པ་དག་ནི་སྟ་རེ་ལས་ཐ་དད་པ་མ་ཡིན་ཏེ། དེ་ཉིད་ཡུལ་གཞན་དང་གཞན་དག་དང་འབྲེལ་པར་སྐྱེད་པ་ལ་དེ་ལྟར་ཐ་སྙད་བྱེད་པ་ཡིན་གྱི།
དེ་དག་རང་གི་ངོ་བོ་ལས་གཞན་ནི་མ་ཡིན་ལ། རང་གི་ངོ་བོ་དང་གཅིག་པར་འགལ་བ་ཡང་མ་ཡིན་ནོ། །འོན་ཏེ་ཐ་སྙད་དུ་བྱ་བ་དང་བྱེད་པ་པོ་གཅིག་པར་འགལ་ལོ་ཞེ་ན། དེ་ནི་འདོད་པ་ཉིད་དེ། ཆོས་ཐ་དད་པར་ཁས་ལེན་པའི་ཕྱིར་རོ། །རྣམ་པར་རྟོག་པ་ལ་གནས་པའི་ཆོས་ཐ་དད་པ་ནི་ཁས་
ལེན་པ་ཉིད་དོ། །བྱ་བ་དང་བྱེད་པ་པོར་རྣམ་པར་གཞག་པ་ཐམས་ཅད་ནི་དེ་ལྟ་བུའི་རྣམ་པ་ཅན་ཡིན་ཏེ། བརྟགས་པའི་ཐ་དད་པ་ཅན་ཡིན་ནོ། །འདི་ལྟར། རྗེས་འགྲོ་ལྡོག་པ་དག་ལས་ནི། །གཅིག་དང་དུ་མར་བརྟགས་པས་ནི། །བྱ་བ་དང་ནི་བྱེད་པོ་དག །ཐ་དད་ཐ་སྙད་རྣམ་པར་གནས་
རེ་ཞིག་ངོ་ཤེས་པའི་སྟོབས་ཀྱིས་ལྷ་སྦྱིན་ནི་གཅིག་ཉིད་རྣམ་པར་གཞག་པ་ཡིན་ལ་དེའི་འདུག་པ་དང་འགྲོ་བ་དག་ནི་ཆར་རྣམ་པར་གནས་པ་ཡིན་ནོ། །དེས་ན་དེ་ལ་བྱ་བ་དག་ཐ་དད་དུ་རྟོག་པ་ཡིན་ནོ། །གང་ཞིག་དེ་ཐ་མི་དད་ཀྱང་ཐ་དད་པ་དེ་ནི་དེ་ལས་ལྡོག་པ་ཡིན་ནོ། །དོན་དམ་པར་ནི་ལྷ་སྦྱིན་
ཉིད་ཀྱི་གནས་སྐབས་ཀྱི་བྱེ་བྲག་ལས་ཐ་མི་དད་པ་ཅན་ཐ་དད་པ་ཡིན་ནོ། །དེས་ན་འཇིག་རྟེན་ན་ཐ་དད་པར་འདོད་པའི་དངོས་པོ་རྣམས་ལ་ཡང་གཅིག་ཏུ་སྒྲོ་བཏགས་ནས་འཇུག་པའི་ཕྱིར། དེའི་དོན་བྱ་བ་བྱེད་པ་པོ་ཐ་དད་པ་རྣམ་པར་གཞག་གོ། །དོན་དམ་པར་ནི་མ་ཡིན་ནོ། །དེ་བཞིན་
དུ་རྣམ་པ་ཡང་རྟོགས་པ་ཐམས་ཅད་ཀྱི་ཁྱབ་བྱེད་མ་ཡིན་ལ། རྟོགས་པ་ནི་རྣམ་པ་མཐའ་དག་ཁྱབ་པར་བྱེད་པ་ཡིན་ནོ། །དེས་ཚད་མ་དང་འབྲས་བུ་དག་ཐ་དད་པར་རྣམ་པར་གཞག་གོ། །དོན་དམ་པར་ནི་སྣང་བའི་རྣམ་པ་ཉིད་འབྲས་བུ་ཡིན་ནོ། །དེའི་ཕྱིར་རྣམ་པ་ནི་ཚད་མ་ཡིན་ལ། དོན་རིག་
Vol. 179 · folio 19a
པ་ནི་འབྲས་བུ་ཡིན་ཏེ། འབྲས་བུ་ཚད་མ་ལས་ཐ་མི་དད་པ་ཉིད་དང་དེ་ལས་ཀྱང་ཚད་མ་ཐ་མི་དད་པ་ཡིན་ནོ། །དེ་སྐད་དུ་ཡང་། བྱེད་དང་བཅས་པར་རྟོགས་པའི་ཕྱིར། །འབྲས་བུ་ཉིད་ནི་ཚད་མར་འགྱུར། །ཞེས་བཤད་དོ། །ཡང་ན་འདིར་ཡང་རིག་པ་འབྲས་བུ་ཡིན་ཏེ། རང་
རིག་པ་ཉིད་གཉིས་སུ་སྣང་བའི་རྣམ་པར་ཤེས་པའི་འབྲས་བུ་ཡིན་ནོ། །འཇིག་རྟེན་དོན་དུ་གཉེར་བའི་འབྲས་བུ་དོན་རིག་པ་མ་ཡིན་ནམ་ཞེ་ན། འདིར་བཤད་པ། གང་ཚེ་དོན་རིག་ཡོད་མིན་ཚེ། །འཇིག་རྟེན་དོན་དོན་གཉེར་མི་འཐད། །ནམ་ཡང་མ་མཐོང་དོན་ལ་ནི། །འཇིག་རྟེན་དོན་གཉེར་
སྲིད་མ་ཡིན། །ཐོས་པ་ཡང་བརྒྱུད་ནས་མཐོང་བ་ཉིད་ལ་ཡིན་ནོ། །སྔོན་པོ་ལ་སོགས་པའི་དོན་རིག་པ་ཉིད་མ་ཡིན་ནམ། ཇི་ལྟར་དོན་མི་རིག་ཅེ་ན། འདི་ལ་བརྒལ་ཞིང་བརྟག་པ་ནི། །དོན་རིག་གང་ཡིན་སོ་སོར་རིག །མངོན་སུམ་གང་ཡིན་འདི་ཉིད་དོ། །དེ་ནི་གང་གིས་དོན་རིག་ཡིན། །
དེ་འདྲ་ལས་ཡིན་འཁྲུལ་པར་འགྱུར། །གལ་ཏེ་སོ་སོར་ངེས་པ་འམ་སོ་སོར་རིག་པར་འགྱུར་བའི་རིག་པ་ཡིན་ན། དེའི་ཚེ་རྣམ་པ་དང་བཅས་པའི་ཤེས་པ་ཉིད་དོན་རིག་པ་ཡིན་པའི་ཕྱིར་ཐ་སྙད་ཙམ་ཁོ་ན་འབའ་ཞིག་ཏུ་འགྱུར་གྱི། དོན་རིག་པ་ཉིད་ནི་མི་འགྲུབ་བོ། །འོན་ཏེ་དེའི་རང་བཞིན་ཉིད་
ལས་དོན་རིག་པ་ཡིན་ཏེ། དེ་ལྟ་བུ་མེད་ན་དེའི་རང་བཞིན་མི་སྲིད་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། སྐྲ་དང་སྦྲང་བུ་ལ་སོགས་པས་འཁྲུལ་པའི་ཕྱིར་རོ། །འོན་ཏེ་དོན་རིག་པ་དེ་གང་ཡིན་ཞེ་ན། དེ་ཉིད་དཔྱད་པར་བྱ་བ་ཡིན། །གལ་ཏེ་དོན་རིག་པ་མེད་ན་དེའི་ཚེ་ཉམས་སུ་མྱོང་བ་འདི་གང་ལ་ཡིན་ཏེ། ཉམས་
སུ་མྱོང་བ་ནི་མྱོང་བར་བྱ་བའི་མཐར་ཐུག་པ་ཡིན་པའི་ཕྱིར་རོ་ཞེ་ན། རབ་རིབ་ཅན་ལ་སྐྲ་ལ་སོགས་པ་མྱོང་བ་ཡོད་པར་ཇི་ལྟར་འགྱུར། གལ་ཏེ་ཁ་ཅིག་དོན་ལ་བརྟེན་པ་ཉིད་དུ་མཐོང་ངོ་ཞེ་ན། དེ་ཉིད་དཔྱད་པར་བྱ་བ་ཡིན་ཏེ། མཐོང་བ་ནི་ཡིན་ན་དོན་གྱི་ཞེས་ནི་མཐོང་བ་མེད་དེ། དོན་ནི་མཐོང་བ་
མེད་པའི་ཕྱིར་རོ། །གལ་ཏེ་སྐྱེས་པ་ཙམ་གྱིས་དོན་རིག་པ་ཡིན་ན་མིག་ཀྱང་དེས་རིག་པར་འགྱུར་ཏེ། དེ་ལས་སྐྱེས་པའི་ཕྱིར་རོ། །ཇི་ལྟར་འབྲས་བུ་མཐོང་བ་ལས་རྗེས་སུ་དཔག་པས་དོན་རྗེས་སུ་དཔག་པར་བྱ་བ་དེ་བཞིན་དུ་མིག་ཀྱང་ཡིན་པས་དེ་ཡང་དེས་རིག་པ་དང་། དེ་ཉིད་དེའི་རྣམ་པར་བརྟག་
Vol. 179 · folio 19b
པར་འགྱུར་རོ། །ཕྱི་རོལ་གྱི་ཡུལ་གྱི་རྣམ་པས་ཕྱི་རོལ་ཉིད་དུ་བརྟག་པ་ཡིན་ནོ་ཞེ་ན། ཅི་མེ་ལོང་གི་བཞིན་གྱི་རྣམ་པས་བཞིན་དེའི་ཡུལ་དུ་རྟོག་གམ། དེས་ན་བཞིན་ལྟར་མཐའ་དག་ལ་གནས་པ་ཡིན་ཏེ། བཞིན་ལྟར་གཟུགས་བརྙན་གྱིས་སྣང་བ་ཡིན་ནོ་ཞེས་བརྟག་པར་བྱའོ། །རྡུལ་ཕྲན་དེ་
དག་གང་གིས་ན། །རགས་པས་སྣང་བ་དེ་འདྲར་བྱེད། །གལ་ཏེ་རྡུལ་ཕྲ་རབ་ཡུལ་ཡིན་ན་དེ་ལ་རགས་པས་སྣང་བའི་རྣམ་པར་ཤེས་པ་ཡིན་པའི་ཕྱིར་འདྲ་བ་མེད་པས་ཇི་ལྟར་རྣམ་པར་ཤེས་པའི་ཡུལ་ཡིན་ཏེ། ཤིང་ལ་སོགས་པ་ལ་གོང་བུར་འཛིན་པ་ལྟར་འཁྲུལ་པ་ཁོ་ནར་འགྱུར་རོ། །ཁ་
དོག་རྣམ་པར་འདྲ་བར་བྱེད་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། དབྱིབས་ནི་ཁ་དོག་ལས་ཐ་དད་པ་མེད་པའི་ཕྱིར་རོ། །དབྱིབས་ཁ་དོག་གི་བདག་ཉིད་ཡིན་ན་ནི་རགས་པ་ཉིད་ཡིན་པར་འགྱུར་རོ། །ཅི་སྟེ་རགས་པ་ཉིད་ནི་འཛིན་པའི་ཆོས་ཡིན་ལ། ཁ་དོག་ནི་གཟུང་བའི་ཆོས་ཡིན་ཏེ། མང་པོ་གཟུང་བ་
ན་རགས་པ་ཞེས་བྱ་བའི་ཐ་སྙད་དུ་འགྲུབ་པ་ཡིན་གྱི་རྡུལ་ཕྲ་རབ་སོ་སོ་བ་དག་ལ་ནི་མ་ཡིན་ནོ། །སྔོན་པོ་ཉིད་ལ་སོགས་པ་ནི་དེར་སོ་སོར་ཡིན་ཏེ་དེས་དེ་ནི་གཟུང་བའི་ཕྱིར་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ཡིན་པ་དེ་ལྟ་ན་ཡང་བར་དང་བཅས་པ་དག་ལ་བར་མེད་པར་གཟུང་བའི་ཕྱིར་འཁྲུལ་པ་ཉིད་དོ། །མ་
ཡིན་ཏེ་བར་ཡུལ་མ་ཡིན་པ་ཉིད་ཀྱིས་མི་སྣང་བའི་ཕྱིར་རོ་ཞེ་ན། གལ་ཏེ་དེ་ལྟར་ན་ཉེ་བར་བརྗོད་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་ནི་དངོས་པོ་མེད་པ་ཡིན་པས་བར་མེད་པ་ཁོ་ནར་འགྱུར་ཏེ། དེའི་ཕྱིར་དངོས་པོ་བར་མེད་པ་ཉིད་དུ་བརྟག་པར་བྱ་བ་ཡིན་ནོ། །བར་མེད་པ་མི་འཐད་པའི་ཕྱིར་
རོ། །དངོས་པོ་ཆ་ཤས་དང་བཅས་པ་ནི་མི་རིགས་ཏེ། རྣམ་པར་ཤེས་པ་བཞིན་དུ་དངོས་པོ་ཆ་མེད་པ་ཉིད་དུ་ཡིན་པས་རྡུལ་ཕྲ་རབ་ཏུ་གྲུབ་པོ་ཞེ་ན་མ་ཡིན་ཏེ། འབྲེལ་པ་མེད་པའི་ཕྱིར་རོ། །དམ་བཅས་པ་མངོན་སུམ་གྱིས་བསལ་བའི་ཕྱིར་ཡང་དེ་མི་རིགས་སོ། །མངོན་སུམ་མེད་པར་རྗེས་སུ་
དཔག་པ་ཡང་མི་འབྱུང་བའི་ཕྱིར་རོ། །རགས་པ་ནི་ཕྲ་མོ་ཚོགས་པའི་རང་བཞིན་ཉིད་དོ་ཞེ་ན། འདི་ལ་སྔར་ལན་བཏབ་ཟིན་པའི་ཕྱིར་ཡང་མི་བརྗོད་དོ། །དེའི་ཕྱིར་དེ་ནི་དོན་དངོས་མིན། །ཡིན་ཡང་འཁྲུལ་པ་ཅན་ཡིན་པས། །དེ་མྱོང་བ་ཡི་ངོ་བོ་ཉིད། །སྒྲུབ་པར་བྱེད་པ་ནུས་མ་ཡིན། །དོན་གྱི་རང་
Vol. 179 · folio 20a
བཞིན་ཡང་འཁྲུལ་པ་ཡིན་པ་དེའི་ཕྱིར་དེ་ཙམ་གྱིས་དོན་རིག་གོ་ཞེས་བྱ་བར་མི་འགྲུབ་པོ། །འཁྲུལ་པ་ཉིད་ནི་སྒྲུབ་པར་བྱེད་པ་མ་ཡིན་ཏེ། སྒྲུབ་པར་བྱེད་པའི་དོན་ནི་མི་འཁྲུལ་པ་ཡིན་པའི་ཕྱིར་རོ། །འཁྲུལ་པ་ཡིན་ཡང་སྒྲུབ་བྱེད་ཡིན་ན་ནི་ཐམས་ཅད་ཀྱི་སྒྲུབ་པར་བྱེད་པ་
ཡིན་པར་འགྱུར་རོ། །སྒྲུབ་པར་བྱེད་པ་ནི་ཡོད་པ་ཉིད་འཇོག་པར་བྱེད་པ་ཡིན་ན། འཁྲུལ་པ་དེ་ནི་རེས་འགའ་མེད་པར་ཡང་འགྱུར་བ་ཡིན་པའི་ཕྱིར་ཡོད་པ་ཉིད་ཀྱི་ཕྱོགས་འཕེན་པ་མ་ཡིན་ནོ། །དེའི་ཕྱིར་ཡོད་པ་ཉིད་དང་ཅིག་ཤེས་གཅིག་གི་ཚེ་གཅིག་ལ་འགལ་ལོ། །དེའི་ཕྱིར་རྣམ་པར་ཤེས་པའི་
སྔོན་པོ་ལ་སོགས་པའི་རང་བཞིན་ཙམ་གྱིས་དོན་སྒྲུབ་པར་བྱེད་པ་མ་ཡིན་པའི་ཕྱིར་མ་ངེས་པ་ཡིན་ནོ། །གཞན་ཡང་། དོན་གཅིག་པོའི་མྱོང་བ་རྣམས་ཀྱང་འདྲ་བ་ཡིན་ན། དེ་དག་ཕན་ཚུན་རིག་པར་བྱེད་པའི་དངོས་པོ་ནི་མ་ཡིན་ནོ། །རྒྱུད་གཞན་གྱི་མྱོང་བ་འདྲ་བ་ཡིན་ཡང་མྱོང་བར་བྱ་བའམ་མྱོང་
བར་བྱེད་པ་ནི་མ་ཡིན་ནོ། །དེ་འདྲ་བ་དང་དེ་ལས་བྱུང་། །གལ་ཏེ་མྱོང་བའི་མཚན་ཉིད་ཡིན། །དོན་མཚུངས་ཅན་གྱི་རྣམ་པར་ཤེས། །མཚུངས་པ་དེ་མ་ཐག་མྱོང་འགྱུར། །གལ་ཏེ་གང་ལས་སྐྱེས་པ་དང་འདྲ་བ་དེ་དེས་རིག་པ་ཡིན་ནོ་ཞེ་ན། འོ་ན་ནི་དེའི་ཚེ་ཡུལ་མཚུངས་པའི་ཤེས་པ་དེ་མ་ཐག་
པ་ཡུལ་ཡིན་པར་འགྱུར་རོ། །གང་གི་ཚེ་སྔ་མ་ལ་ཡང་སྔོན་པོའི་རྣམ་པ་ཅན་ཡིན་ལ་དེའི་དེ་མ་ཐག་པ་ལས་སྐྱེས་པ། ཕྱི་མ་ཡང་སྔོན་པོའི་རྣམ་པ་ཅན་ཡིན་པ་དེའི་ཚེ་རྒྱུ་ཡིན་པའི་ཕྱིར་དང་། འདྲ་བར་བྱེད་པ་ཡིན་པའི་ཕྱིར་སྔ་མ་ཡུལ་ཡིན་པར་འགྱུར་རོ། །འོན་ཏེ་གང་ལས་སྔོན་པོ་ལ་སོགས་པའི་
རྣམ་པར་སྐྱེ་བ་རྣམ་པ་དེ་དང་ལྡན་པའི་ཡུལ་ཡིན་ནོ། །ཡུལ་མཚུངས་པའི་ཤེས་པ་ལ་ཡོད་པའི་རྣམ་པ་གང་ཡིན་པ་དེ་ནི་དེ་མ་ཐག་པ་ལས་བྱུང་བ་མ་ཡིན་ཏེ། དེ་ལྟར་མ་ཡིན་ན་སྔོན་པོའི་རྣམ་པ་ཅན་གྱི་དེ་མ་ཐག་པ་ལས་སེར་པོར་ཤེས་པར་མི་འགྱུར་རོ། །དེས་ན་སྔོན་པོ་ལ་སོགས་པའི་རྣམ་པ་
དེ་མ་ཐག་པས་བྱས་པའི་མ་ཡིན་ནོ་ཞེས་རྟོགས་པས་དེ་ཡུལ་ཉིད་མ་ཡིན་ནོ། །གཞན་དག་སྨྲ་བ་ནི་གང་གི་ཚེ་སྔོན་པོའི་རྣམ་པ་ཅན་གྱི་དེ་མ་ཐག་པ་ལས་རྣམ་པར་རྟོག་པ་དང་བཅས་པ་སྔོན་པོའི་རྣམ་པ་ཅན་སྐྱེ་བ་དེའི་སྔ་མ་ཡུལ་ཡིན་པར་འགྱུར་ཏེ། དེ་ནི་རྣམ་པ་བྱེད་པ་པོ་ཡིན་པའི་ཕྱིར་རོ་ཞེས་སོ། །
Vol. 179 · folio 20b
དེ་ཡང་མ་ཡིན་ཏེ། མྱོང་བ་ནི་དྲན་པའི་ཡུལ་ཡིན་པར་འདོད་པ་ཉིད་དོ། །དེ་ལྟ་བུ་ཉིད་དུ་ཡང་ཤེས་པ་ཡིན་ཏེ། འདི་ལྟར། འཇིག་རྟེན་ཐམས་ཅད་དྲན་པ་ལས། །རྗེས་སུ་འབྲང་བས་དོན་མྱོང་བ། །རྟོགས་འགྱུར་དངོས་སུ་དོན་དག་ནི། །རྟོགས་པར་འགྱུར་བ་མ་ཡིན་ནོ། །གང་གི་ཚེ་དྲན་པ་
བརྗེད་པ་མེད་པ་དེའི་ཚེ་དྲན་པ་ཐམས་ཅད་དོན་མྱོང་བ་ལ་འཇུག་པར་རྟོགས་སོ། །དེས་ན་འདི་ནི་མྱོང་བའི་ཡུལ་ཅན་དུ་འདོད་པ་ཉིད་དོ། །ཁས་བླངས་པ་ཉིད་སྐྱོན་དུ་འགྱུར་བ་ནི་མ་ཡིན་ནོ། །གཞན་ཡང་དྲན་པ་འདི་ནི་ཡུལ་མེད་པ་ཡིན་པས་འདིའི་ཡུལ་བསམས་པས་ཅི་ཞིག་བྱ། འདིར་བརྗོད་
པ། སྔར་གྱི་སྔོན་པོ་ཉམས་སུ་མྱོང་བ་ལས་བསྒོམས་པའི་སྟོབས་ཀྱིས་གསལ་བར་སྣང་བ་སྐྱེད་པ་གང་ཡིན་པ་དེའི་ཡུལ་སྔ་མ་ཡིན་པར་འགྱུར་རོ། །ཇི་ལྟར་དེ་དེ་མ་ཐག་པ་ཡིན་ཞེ་ན། དེ་འདྲ་བ་རིགས་མཐུན་པའི་རྣམ་པར་ཤེས་པ་གཞན་བར་དུ་བྱུང་བ་མེད་པའི་ཕྱིར་རོ། །ཇི་ལྟར་དེ་སྐྱེད་པར་
བྱེད་པ་ཡིན་ཞེ་ན། འདི་ལ་ལན་བཏབ་ཟིན་ཏོ། །བར་དུ་ཆོད་ཀྱང་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་འདི་ནི་བསྟན་ཟིན་ཏེ། །ཡང་ན་རྣམ་པར་རྟོག་པའི་རྣམ་པ་ཉིད་གོམས་པ་ལས་གསལ་བར་སྣང་བའི་སྐྱེད་པར་བྱེད་པ་ཡིན་པས་ཡུལ་དུ་འགྱུར་རོ། །དེས་ན་རྣམ་པ་དེ་ལས་ནི་དོན་གནས་པ་མ་
ཡིན་ནོ། །རིགས་གང་གང་ལས་བྱུང་བ་དེས། །ཞེས་བྱ་བའི་རིགས་པས་དོན་གྱི་རྣམ་པ་འདི་ནི་བསྒོམས་པའི་སྟོབས་ཀྱིས་རིགས་མཐུན་པ་ལས་ཡིན་པར་གནས་པའི་དོན་དུ་རྟོགས་པ་དེ་ནི་མི་རིགས་སོ། །དེས་ན་དེ་མ་ཐག་པའི་ཤེས་པ་ཉིད་ཡུལ་ཡིན་པར་འགྱུར་རོ། །དེ་ལྟ་ན་ནི་འོ་ན། འདི་
མཐོང་འདི་ཐོས་ཞེས་བྱ་བར། །གང་ལ་བློ་ནི་ངེས་པ་དེ། །དེ་མྱོང་ཡིན་ན་གང་གིས་དེ། །དེ་ཡི་སྒྲུབ་བྱེད་ཡིན་འདོད་པ། །སྣང་དང་མཐོང་བ་དེ་དག་གི། །ཉེ་བ་དེ་ནི་དཔྱད་བྱ་ཡིན། །དེ་དག་འབྲེལ་པ་ལ་བརྟེན་ནས། །ལྟ་བ་པོ་ཡི་ངེས་དེ་ཡིན། །གལ་ཏེ་དོན་གནས་པ་ནི་ངེས་པ་ལས་ཡིན་ནོ། །
ངེས་པར་ནི་དོན་ལས་གཞན་དུ་མི་འགྱུར་རོ་ཞེས་ཟེར་རོ། །འདི་དེ་མ་ཐག་པའི་རྐྱེན་ལས་བྱུང་ངོ་ཞེས་ངེས་པ་ནི་མེད་དེ། འོན་ཀྱང་ངའི་མྱོང་བ་འདིའི་ཡུལ་ནི་དོན་ཡིན་གྱི་དེ་མ་ཐག་པའི་རྐྱེན་ནི་མ་ཡིན་ནོ་ཞེས་སོ། །དོན་ཉམས་སུ་མྱོང་བ་མེད་པར་ནི་དོན་ནོ་ཞེས་ངེས་པར་རིག་པ་མ་ཡིན་ཏེ། ངེས་པ་
Vol. 179 · folio 21a
ནི་མྱོང་བའི་རྗེས་སུ་འབྲང་བའི་ཕྱིར་རོ། །འདི་ལ་བརྗོད་པ། ཉམས་སུ་མྱོང་བས་དོན་རྣམ་པར་གནས་པ་ནི་མ་ཡིན་གྱི། དེའི་རྗེས་སུ་འབྲང་བའི་ངེས་པ་ལས་ཡིན་ནོ་ཞེས་བྱ་བ་འདི་ནི་ལོང་བ་གཅིག་གིས་ནི་ལམ་མི་རྟོགས་ཀྱི། དེས་ཁྲིད་པའི་གཉིས་པས་ཡིན་ནོ་ཞེས་བྱ་བ་དེ་
ལྟར་འགྱུར་བའི་ཕྱིར་ཤིན་ཏུ་ངོ་མཚར་ཆེའོ། །འདི་ལྟར། དངོས་སུ་དོན་ལས་སྐྱེས་པ་ཡི། །ཤེས་པས་གང་ཞིག་མི་མཐོང་བའི། །དོན་དེ་དེ་ལས་གཞན་པ་ཡི། །ཞེན་པས་ཡིན་ཞེས་གཟུ་ལུམས་ཡིན། །ངེས་པ་ནི་མྱོང་བའི་རྗེས་སུ་འབྲང་བ་ཡིན་ནོ། །དེས་འདི་ནི་དོན་ཉམས་སུ་མྱོང་བ་
ཡིན་གྱི་རང་གི་ངོ་བོ་ཙམ་ནི་མ་ཡིན་ནོ་ཞེས་ངེས་པ་ཉིད་ལས་རྟོགས་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་ངེས་པ་དེ་ལྟ་བུ་ཉིད་དུ་མི་འགྱུར་རོ་ཞེ་ན། དེ་ནི་དེ་ལྟར་མ་ཡིན་ཏེ། ཉམས་སུ་མྱོང་བ་ཉིད་གང་གི་ཞེས་མི་ཤེས་པ་མ་ཡིན་ནམ། ཇི་ལྟར་ཉམས་སུ་མྱོང་བའི་རྗེས་སུ་འབྲང་བ་ཉིད་དུ་འགྲུབ། འོ་ན་ངེས་
པ་ག་ལས་ཤེ་ན། གོམས་པ་ཉིད་ལས་ཡིན་ནོ་ཞེས་བསྟན་ཟིན་ཏོ། །གོམས་པ་དེ་ཡང་མྱོང་བ་ཉིད་ལས་ཡིན་པའི་ཕྱིར་ག་ལས་ཕྱིན་ཀྱི་ལོག་ཏུ་ངེས་ཤེ་ན། འདི་ཡང་ལན་མ་ཡིན་ཏེ། གང་གི་ཕྱིར་དེ་ལྟ་ཡིན་ན་ནི་འགའ་ཡང་ཕྱིན་ཅི་ལོག་ཏུ་ངེས་པར་མི་འགྱུར་བ་ཞིག་ན་མཐོང་བ་ཡང་ཡིན་ནོ། །དེས་ན་
འདི་ནི་མི་འཐད་དོ། །གལ་ཏེ་ལྟ་བ་ཙམ་ནི་རྣམ་པར་འབྱེད་པར་བྱེད་པ་མ་ཡིན་ཏེ། དེས་ན་ངེས་པ་ཁོ་ནས་དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་དོ་ཞེ་ན། གལ་ཏེ་དེ་ལྟ་ན་ནི་ངེས་པ་ཡང་རྣམ་པར་འབྱེད་པར་བྱེད་པར་མི་འགྱུར་ཏེ། ཟླ་བ་གཉིས་སུ་ཤེས་པ་ནི་ཟླ་བ་གཅིག་ཏུ་ངེས་པར་བྱེད་པ་མ་ཡིན་
ནོ། །ཅི་སྟེ་གོམས་པ་ལས་ངེས་པ་ནི་བྱེ་བྲག་ཏུ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། གོམས་པ་ནི་རྒྱུ་མ་ཡིན་པའི་ཕྱིར་རོ། །སོ་སོར་ངེས་པར་ཉམས་སུ་མྱོང་ན་ངེས་པ་དེ་གོམས་པ་ལ་འགྱུར་བ་ཡིན་ནོ། །དོན་ཞེས་ངེས་པ་ཡང་དོན་བྱ་བ་བྱེད་པ་འདོད་པ་ཡིན་ན། དོན་བྱེད་པ་དེ་ནི་སྣང་བ་
གཞན་ཉིད་དོ། །སྣང་བ་ལས་སྣང་བ་གཞན་མི་སྐྱེ་བ་ཡང་མ་ཡིན་ནོ། །དེས་ན་ངེས་པ་ལས་དོན་གནས་པ་མ་ཡིན་ནོ། །ཅི་སྟེ་ཉམས་སུ་མྱོང་བ་དེ་གང་ལ་ཡིན་ཞེས་གང་བརྗོད་པ་དེ་ལ་ཡང་བརྗོད་པ་ནི། དེ་ཡི་མྱོང་དེ་བདག་ཉིད་དེ། །དེ་གཞན་འགའ་ཞིག་གི་མ་ཡིན། །མངོན་སུམ་སོ་སོར་
Vol. 179 · folio 21b
རིག་བྱ་ཡང་། །དེ་ཡི་དེ་ནི་བདག་ཉིད་ཡིན། །དོན་རྣམས་ཀྱི་རང་བཞིན་ནི་རྒྱུ་མེད་པར་མི་སྐྱེ་བའི་ཕྱིར་འདི་ག་ལས་ཞེས་རྒྱུ་འདྲི་བ་ནི་རིགས་ཀྱི། འདི་གང་ལ་ཡིན་ཞེས་འདྲི་བའི་དོན་དེ་གོ་གང་ཞིག །འདི་ལྟར། མྱོང་འདི་གང་ལ་ཞེས་བརྗོད་ལ། །གང་ཚེ་དོན་ལ་སླར་བཟློག་པ། །དེ་ཚེ་དོན་
འདི་གང་ལ་ཞེས། །འདྲི་བ་ཐུག་པ་མེད་པར་འགྱུར། །རྣམ་པ་འདི་ལྟ་བུའི་དྲི་བ་ནི་རྩེད་མོ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མཐར་ཐུག་པ་མ་མཐོང་བའི་ཕྱིར་རོ། །འདི་ལྟར་དོན་དེ་གང་ལས་ཡིན། དེ་གང་ལ་དེ་ལྟ་བུ་ཉིད་དུ་མཐོང་བའི་ཕྱིར། ཡང་བརྒལ་ཞིང་བརྟག་པ་མེད་དོ་ཞེ་ན། གལ་ཏེ་དེ་ལྟ་ན་ནི་
དོན་མཐོང་བ་མེད་པའི་ཕྱིར། མྱོང་བ་ཡང་རང་གི་ངོ་བོ་ཉིད་ལ་གནས་པ་ཡིན་ཏེ། དེ་ལྟ་བུ་ཉིད་དུ་མཐོང་བའི་ཕྱིར། གཞི་བརྟགས་པས་ཅི་ཞིག་བྱ། འདིས་ནི་དྲུག་པའི་དོན་ལ་བརྒལ་ཞིང་བརྟགས་པ་ཡང་སྤངས་པ་ཡིན་ཏེ། དེ་བརྗོད་པ་ནི། དེ་གཞན་འགའ་ཞིག་གི་མ་ཡིན་ཏེ་ཞེས་བྱ་བ་ཡིན་ནོ།
འོ་ན་ཇི་ལྟར་མངོན་སུམ་དུ་སོ་སོར་རིག་པར་བྱ་བའི་དོན་དགག་པར་ནུས། འདི་ལྟར་དེ་དང་ལྡན་པ་མངོན་སུམ་གྱིས་སྔོན་པོ་མཐོང་བ་ཡིན་ནོ་ཞེ་ན་མ་ཡིན་ཏེ། དོན་མཐོང་བ་མེད་པའི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །མངོན་སུམ་རིག་བྱ་དེ་ཡི་ནི། །རྣམ་པ་ཉིད་ཡིན་དོན་གཞན་མིན། །རྣམ་
པ་དེ་ལ་སྔོན་པོ་ཞེས། །ཐ་སྙད་འདོགས་ཀྱི་གཞན་མ་ཡིན། །དེའི་ཕྱིར་སྔོན་པོའི་བདག་ཉིད་ཅན་གྱི་མྱོང་བ་ནི་སྔོན་པོ་མྱོང་བ་སྟེ། དཔེར་ན་མཆི་གུའི་ལུས་ཞེས་བྱ་བ་བཞིན་ནོ། །དྲུག་པའི་དོན་ཞེས་བྱ་བ་ཙམ་གྱིས་ནི་ཐ་དད་པ་མ་ཡིན་ནོ། །འདི་ནི་རྣམ་པ་ཇི་ལྟར་ཡང་འགྱུར་བའི་ཕྱིར་རོ། །ཡང་ན་
གལ་ཏེ་དེ་ལ་མྱོང་བ་གཞན་མེད་ན་དེ་མངོན་སུམ་དུ་ཉམས་སུ་མྱོང་བར་ཇི་ལྟར་འགྱུར་ཞེ་ན། མ་ཡིན་ཏེ། རང་གི་ངོ་བོར་གྱུར་པའི་མྱོང་བ་ཉིད་ཀྱིས་གསལ་བར་མངོན་སུམ་དུ་འགྱུར་ཏེ། གཞན་གྱི་རང་བཞིན་གྱི་མངོན་སུམ་དུ་མི་འཐད་པའི་ཕྱིར་རོ། །དེའི་ངོ་བོ་ནི་གཞན་གྱིར་མི་འགྱུར་ཏེ། དེ་ལྟ་ཡིན་
ན་གཞན་ཉིད་དུ་མི་འགྱུར་རོ། །ཡང་ན་རྣམ་པར་ཤེས་པ་ལྐོག་ཏུ་གྱུར་པས་ན་གང་ཞིག་མྱོང་བ་དེ་ནི་དོན་ཡིན་པར་འགྱུར་རོ་ཞེ་ན། གལ་ཏེ་དེ་ལྟ་ན་དེའི་མྱོང་བ་དེ་བདག་ཉིད་ཡིན་པར་འགྱུར་ཏེ། གཞན་ལ་རིག་པར་བྱ་བ་མེད་པའི་ཕྱིར་རོ། །གྱུར་མོད་ཅི་སྐྱོན་ཞེ་ན། དེ་གཞན་འགའ་ཞིག་གི་མ་ཡིན། །
Vol. 179 · folio 22a
གལ་ཏེ་དོན་གྱི་བདག་ཉིད་ཡིན་ན་གཞན་ལ་ཡང་དེ་ལྟར་འགྱུར་བའི་ཕྱིར་ཐམས་ཅད་དེ་མཐོང་བར་འགྱུར་ན། གཞན་ལ་ནི་དེ་ལྟ་མ་ཡིན་ནོ། །གལ་ཏེ་མངོན་སུམ་གྱིས་རིག་པར་བྱ་བ་ཡིན་གྱི། བདག་ཉིད་ཀྱིས་ནི་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། གལ་ཏེ་དེའི་རང་བཞིན་ཉིད་
རྟོགས་པས་ཐ་དད་པར་རྣམ་པར་བཞག་ནས་དེ་ལྟར་ཐ་སྙད་བྱེད་པ་ཡིན་ནོ། །དེའི་ཕྱིར་སྔོན་པོ་ལ་སོགས་པ་གཞན་གྱིས་རིག་པར་བྱ་བ་ནི་མ་ཡིན་ཏེ། བདག་ཉིད་ཁོ་ན་མྱོང་བ་ཡིན་ནོ། །ཡང་ན་གལ་ཏེ་དོན་མྱོང་བ་མེད་ན་ཕྱི་རོལ་གྱི་ཡུལ་ཕྱོགས་དང་འབྲེལ་པར་སྤྱོད་ཡུལ་དུ་འགྱུར་བ་འདི་ཇི་ལྟར་བྱ་
ཞེ་ན། བདག་ཉིད་མྱོང་བ་ཡིན་ཏེ། སེམས་ཉིད་མྱོང་བ་ཡིན་ནོ། །ཇི་ལྟར་ཕྱི་རོལ་གྱི་ཡུལ་ཡིན། །དེ་ཡང་གཞན་གྱི་མ་ཡིན་ཏེ། །དེའི་ཕྱིར་འདི་ཇི་ལྟར་ཕྱི་རོལ་དུ་གྱུར་པ་ཡིན། ཡང་ན་དེ་བདག་ཉིད་ཡིན་ཏེ། འདི་ཐམས་ཅད་ནི་བདག་ཁོ་ན་ཡིན་ནོ་ཞེས་ཁྱེད་ཀྱིས་ཀྱང་ཁས་བླངས་པའི་ཕྱིར་རོ། །དེ་
ཡང་མྱོང་བ་ཡིན་ནོ། །དེ་ཡང་གཞན་གྱི་ནི་མ་ཡིན་གྱི་འོན་ཀྱང་བདག་ཁོ་ནའི་ཡིན་ཏེ། དེ་ལས་ཐ་དད་པ་མེད་པའི་ཕྱིར་རོ། །དེ་ནི་བརྗོད་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། མངོན་སུམ་དུ་སོ་སོར་རིག་པར་བྱ་བ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་དེ་མངོན་སུམ་དུ་རིག་པར་བྱ་བ་ཉིད་ནི་བདག་ཉིད་ཁོ་ནས་ཡིན་གྱི་གཞན་
དུ་ནི་མ་ཡིན་ནོ། །གལ་ཏེ་བདག་ཏུ་སྨྲ་བར་ཐལ་ལོ་ཞེ་ན་མ་ཡིན་ཏེ། རྣམ་པ་སྣ་ཚོགས་པ་མྱོང་བའི་ཕྱིར་རོ། །མ་རིག་པའི་དབང་གིས་བསྐྱེད་པའི་ཕྱིར་དེ་ནི་མྱོང་བ་ཁོ་ནའོ། །བདག་ཏུ་སྨྲ་བ་ནི་ཉེ་བར་མཁོ་བ་མ་ཡིན་ཏེ། འདོད་ཆགས་ལ་སོགས་པ་རབ་ཏུ་ཞི་བ་དང་། རྗེས་སུ་མཐུན་པ་ནི་བདག་མེད་
པ་ཉིད་ཡིན་པའི་ཕྱིར་སྐྱོན་མེད་དོ། །འདི་ཉིད་འོག་ནས་སྟོན་པ་ནི། །དེས་ན་ཉམས་མྱོང་བྱ་གཞན་མེད། །དེ་ལ་འང་མྱོང་བ་གཞན་ཡོད་མིན། །དེར་ཡང་བརྩད་པ་མཚུངས་ཕྱིར་ཏེ། །དེ་ནི་རང་ཉིད་གསལ་བ་ཡིན། །བློས་ཉམས་སུ་མྱོང་བ་གང་ཡིན་པ་དེ་ནི་གཞན་མ་ཡིན་ཏེ། ཇི་ལྟར་མྱོང་བར་བྱ་བ་
མེད་པར་དེ་ལྟར་བརྗོད་ཟིན་ཏོ། །འོ་ན་དེ་མྱོང་བར་བྱེད་པ་གཞན་མྱོང་བའི་བློར་འགྱུར་རོ་ཞེ་ན། མ་ཡིན་ཏེ། དེ་ཡང་གཟུང་བ་དང་འཛིན་པའི་མཚན་ཉིད་མེད་པའི་ཕྱིར་རོ། །མྱོང་བ་གཞན་ནི་རང་གི་ངོ་བོ་ཉིད་ལ་གནས་པའི་ཕྱིར། ཇི་ལྟར་གཞན་གྱི་མྱོང་བ་ཡིན། མངོན་དུ་བྱེད་པ་ལ་སོགས་པ་སྤངས་པ་
Vol. 179 · folio 22b
ཡིན་ནོ། །དེ་མྱོང་བར་རྗེས་སུ་ཞུགས་ན་ཡང་དེ་དག་གཅིག་ཉིད་དུ་འགྱུར་ལ། དེ་ལྟ་ཡིན་དང་རང་ཉིད་ཁོ་ན་གསལ་བ་ཡིན་གྱི་དེ་ལས་གཞན་ནི་མེད་དོ་ཞེས་གནས་སོ། །འོ་ན་རྣལ་འབྱོར་པ་རྣམས་ཀྱིས་གཞན་གྱི་སེམས་རྟོགས་པ་ཇི་ལྟར་ཞེ་ན། འདི་ནི་འོག་ནས་འཆད་པར་འགྱུར་རོ། །དེའི་ཕྱིར་རང་
ཉིད་རང་གི་ངོ་བོ་གསལ་བར་བྱེད་པའི་ཕྱིར་དེ་ལྟར་འགྱུར་བ་ཡིན་ནོ། །དེ་ལྟ་ན་འོ་ན་རང་གི་ངོ་བོ་མྱོང་བ་ཞེས་བྱ་བར་འགྱུར་གྱི། ཇི་ལྟར་སྔོན་པོ་མྱོང་བ་ཞེས་བརྗོད་ཅེ་ན། འདིར་བཤད་པ། དེ་ཡི་དངོས་ཏེ་སྔོ་སོགས་ཀྱི། །རང་བཞིན་ཉམས་སུ་མྱོང་བའང་དེ། །རང་གི་ངོ་བོ་མྱོང་གྱུར་ཀྱང་། །སྔོ་སོགས་
མྱོང་བར་སྣང་བ་ཡིན། །སྔོན་པོའི་རང་བཞིན་ཡིན་པའི་ཕྱིར་སྔོན་པོའི་མྱོང་བ་ཡིན་གྱི། སྔོན་པོ་གཞན་མྱོང་བ་ནི་མ་ཡིན་ཏེ། འབའ་ཞིག་མྱོང་བ་མེད་པའི་ཕྱིར་རོ། །གང་ཞིག་གང་ལས་ཐ་དད་པ་དེ་ནི་དེའི་རང་བཞིན་གྱིས་ཐ་སྙད་ཀྱི་ཡུལ་དུ་འགྱུར་བ་ཡིན་ནོ། །འདི་ལྟར་གལ་ཏེ་འབའ་ཞིག་ནི། །དེ་
ལྟ་བུར་ནི་ངེས་པར་འགྱུར། །ལྡོག་པ་རང་གི་ངོ་བོ་ལའང་། །མཐོང་བ་དེ་ཕྱིར་དེ་ལྟ་མིན། །ཇི་ལྟར་སྔོན་པོ་མྱོང་བ་ཞེས་བརྗོད་པ་དེ་ཁོ་ན་ལྟར་འདི་མྱོང་བ་སྔོན་པོའི་རང་བཞིན་ཡིན་ནོ་ཞེས་རིགས་སོ། །ཐ་དད་པར་བསྙད་པ་ཙམ་གྱིས་ནི་ཐ་དད་པ་མ་ཡིན་ཏེ། ཐ་དད་པའི་ཐ་སྙད་ནི་རྣམ་པ་འགའ་ཞིག་
ལྟར་བག་ཆགས་ཀྱི་སྟོབས་ལས་ཀྱང་དམིགས་པ་ཡིན་ནོ་ཞེས་སྔར་བསྟན་ཟིན་ཏོ། །ཇི་ལྟར་སྔོན་པོའི་རང་གི་ངོ་བོ་གསལ་བར་བྱེད། སྒྲོན་མ་ལ་སོགས་པས་གསལ་བར་བྱ་བ་བུམ་པ་ལ་སོགས་པ་དག་ནི་རང་ཉིད་གསལ་བར་བྱེད་པ་མ་ཡིན་ནོ། །བདག་ཉིད་ལ་ནི་བྱེད་པར་འགལ་བ་ཡང་ཡིན་
ཏེ། རལ་གྲིའི་སོ་དེ་ཉིད་ཀྱིས་གཅོད་པ་ནི་མེད་དོ་ཞེ་ན། འདི་ལ་ལན། ཇི་ལྟར་དེ་ཡི་བདག་ཉིད་ཕྱིར། །གསལ་བྱེད་རབ་ཏུ་གསལ་བ་ན། །རང་གི་ངོ་བོ་གསལ་བྱེད་འདོད། །དེ་ལྟར་བློ་བདག་རིག་ཅན་ཡིན། །བདག་ཉིད་ལ་བྱེད་པ་འགལ་བ་ཞེས་ཚད་མ་གང་ལས་ངེས། དཔེ་ཙམ་གྱིས་ནི་འདོད་པའི་
དོན་མི་འགྲུབ་སྟེ། བཟློག་པ་ལས་ཡང་སྒྲོན་མ་དཔེར་ཡོད་པའི་ཕྱིར་རོ། །གལ་ཏེ་བུམ་པ་ཕྱི་རོལ་གྱི་བདག་ཉིད་དུ་གྱུར་པའི་སྒྲོན་མས་གསལ་བར་བྱ་བ་ཡིན་ན། སྒྲོན་མ་ཡང་དེ་ལྟ་བུ་གཞན་གྱིས་གསལ་བར་བྱ་བ་ཡིན་ནོ་ཞེས་བརྒལ་ཞིང་བརྟག་པ་ནི་མ་ཡིན་ནོ། །བུམ་པ་ཡང་སྒྲོན་མས་གསལ་བར་
Vol. 179 · folio 23a
ནི་བྱས་པ་མ་ཡིན་ཏེ། འོན་ཀྱང་དེ་ལས་དེ་ལྟར་སྐྱེས་པ་ཡིན་ནོ། །ཅི་སྟེ་སྒྲོན་མ་ཡང་མིག་ལ་སོགས་པ་གཞན་གྱིས་གསལ་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། མིག་ལ་སོགས་པ་ནི་བུམ་པ་ལ་སོགས་པ་ཐམས་ཅད་ལ་ཐུན་མོང་བ་ཡིན་པའི་ཕྱིར་རོ། །འདི་ལྟར་མིག་ཡོད་ཀྱང་
བུམ་པ་གསལ་བར་བྱེད་པ་སྒྲོན་མ་ལ་ལྟོས་པ་དེ་བཞིན་དུ་སྒྲོན་མ་ཡང་འགྱུར་རོ། །འོན་ཏེ་བུམ་པ་དེ་ལྟར་སྐྱེ་བ་ཉིད་དེ། དེའི་གསལ་བར་བྱེད་པ་ནི་མིག་ལ་སོགས་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་འོ་ན། ཇི་ལྟར་སྒྲོན་མས་ཕྱི་རོལ་དོན། །གསལ་བར་བྱས་པ་ཡིན་མིན་ཡང་། །གསལ་བྱེད་ཐ་སྙད་
ཡུལ་ཡིན་ལྟར། །མིག་ལ་སོགས་པའང་འདོད་པར་བྱ། །དཔེར་ན་དེ་ལས་དེ་ལྟ་བུའི་ངོ་བོར་སྐྱེས་པ་ཡིན་ཡང་། སྒྲོན་མ་ལ་སོགས་པས་བུམ་པ་གསལ་བར་བྱས་སོ་ཞེས་ཐ་སྙད་དུ་བྱེད་པ་དེ་བཞིན་དུ་མིག་ལ་སོགས་པ་ལས་ཀྱང་དེ་ལྟར་སྐྱེས་པས་ཐ་སྙད་དུ་བྱེད་པ་ཡིན་ནོ། །ཅི་སྟེ་བུམ་པ་ལ་
སོགས་པ་ལ་ནི་གཉི་ག་གསལ་བྱེད་ཡིན་ལ། སྒྲོན་མ་ལ་སོགས་པ་ལ་ནི་གཅིག་ཉིད་དོ་ཞེ་ན། དེ་ལྟ་ན་འོ་ན། ཇི་ལྟར་སྲིད་པ་འགའ་ཞིག་ལ། །གསལ་བྱེད་གཅིག་ཡིན་གཞན་དག་ལ། །གཉིས་ནི་གཞན་པ་དག་ལ་ནི། །གཅིག་ཀྱང་མེད་ན་ཅི་ཞིག་ཆད། །ཤིན་ཏུ་ནུས་པ་མེད་པ་ལ་ནི་གཉིས་
ཡིན་ལ་གཞན་ལ་གཅིག་ཡིན་ཞིང་། གཞན་དག་ལ་ནི་གཅིག་ཀྱང་མེད་དོ་ཞེས་བྱ་བ་འདི་དངོས་པོ་རྣམས་ཀྱི་རང་བཞིན་ཡིན་པའི་ཕྱིར་འདི་ལ་ཆད་པ་ཅི་ཡོད་ཅི་སྟེ་རང་གི་བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་རོ་ཞེས་བརྗོད་ན། གང་ཚེ་དེ་ཡི་རང་བཞིན་ནི། །དེ་ཡིན་དེ་ཚེ་ཅི་ཞིག་འགལ། །རང་གི་
ངོ་བོ་འགལ་ན་ནི། །འདི་ཀུན་ཐམས་ཅད་ཉམས་པར་འགྱུར། རང་གི་ངོ་བོ་དང་འགལ་བ་ནི་འགའ་ཡང་མེད་དོ། །དེ་ལྟ་ཡིན་ན་ནི་འགའ་ཡང་རང་གི་ངོ་བོར་མི་འགྱུར་བས་ཐམས་ཅད་འཇིག་པར་འགྱུར་རོ། །ཆད་པ་ནི་ཁྱད་པར་ཅན་དུ་སྐྱེད་པ་ཡིན་པས་དེ་ཉིད་ཀྱིས་དེ་ཉིད་སྐྱེད་པ་མ་ཡིན་ཏེ། དོན་ཉིད་
དོན་རང་གི་བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་རོ། །རང་གསལ་བར་བྱེད་པའི་རང་བཞིན་ནི། དེའི་རང་གི་ངོ་བོ་ཡིན་པས་དེ་ཉིད་དང་འགལ་བ་མ་ཡིན་ནོ། །དེ་དག་ལས་ཞེས་བརྗོད་པར་བྱ་བ་ཡིན་ན། དེ་ལྟ་བུར་གྱུར་པའི་རང་གི་རྒྱུ་ལས་ཡིན་ནོ། །གལ་ཏེ་རྒྱུ་མེད་པ་དེའི་ཚེ་མི་འཐད་པར་འགྱུར་གྱི་གཞན་
Vol. 179 · folio 23b
དུ་ནི་མ་ཡིན་ནོ་ཞེས་བྱ་བར་རིགས་སོ། །དེས་ན་གཞན་གྱིས་འདི་སྐད་ཅེས་རང་གསལ་བར་བྱེད་པ་ཉིད་ནི་མ་མཐོང་ངོ་ཞེས་བརྗོད་པར་བྱ་བ་ཡིན་ལ། དེ་ལ་ནི་ཐམས་ཅད་དུ་རང་གི་ངོ་བོས་གསལ་བ་ཡིན་པའི་ཕྱིར་རོ་ཞེས་ལན་བཏབ་ཟིན་པ་ཉིད་དོ། །ཡང་བརྗོད་པ། དེ་ཡི་རིག་བྱ་དན་གཞན་ན། །ཚོར་བྱ་ཚོར་
བྱེད་འཐད་པར་དཀའ། །དོན་གཞན་དུ་གྱུར་པའི་བློ་རང་ཉིད་གསལ་བའམ། དེ་ལྟ་མ་ཡིན་པར་འགྱུར། གལ་ཏེ་རང་ཉིད་གསལ་བ་ཡིན་ན་རང་གི་ངོ་བོས་གསལ་བ་ཡིན་ནོ། །དེས་ན་དེ་མ་གསལ་བར་དེས་ན་དོན་གཞན་གསལ་ལོ་ཞེས་བྱ་བའི་ཐ་སྙད་དེ་ལྟར་མི་འགྱུར་རོ། །གལ་ཏེ་གསལ་ན་ནི་དེ་ཡང་
དེ་ལྟ་བུ་ཉིད་དུ་དེའི་ཚེ་གསལ་བ་ཡིན་པའི་ཕྱིར་ཇི་ལྟར་དེ་གཞན་གྱི་གསལ་བ་ཡིན། དེའི་ཚེ་ནི་གསལ་བྱ་དང་གསལ་བྱེད་དག་ཁྱད་པར་ཡོད་པ་མ་ཡིན་ནོ། །གལ་ཏེ་དེའི་བྱེད་པ་ལ་རིམ་གྱིས་རྟོགས་པའི་ཁྱད་པར་ཡོད་པ་ཡིན་ཏེ། འདི་ལྟར། སྒྲོན་མ་ལ་སོགས་ཉེ་བ་ན། །དེ་ཡི་ཁྱད་པར་རྟོགས་པ་ཡིན། །དེས་
ན་དེ་གཉིས་དེ་ཉིད་ཡིན། །དེ་ལྟར་སྐྱེས་པར་ཅིས་མི་འདོད། །ཁྱད་པར་གསལ་བ་ཞེས་བྱ་བ་ནི་དེ་རང་གི་ངོ་བོ་ཉིད་ཀྱིས་གསལ་བ་ཡིན་ནོ། །དེས་ན་རང་གི་ངོ་བོ་ཉིད་དེ་ལྟར་གསལ་བ་ཡིན་པ་དེའི་ཕྱིར་མཐར་ཡང་རང་ཉིད་གསལ་བ་ཁོ་ན་ཡིན་ནོ། །འོན་ཏེ་རང་ཉིད་གསལ་བ་ཞེས་གྲགས་པ་མེད་དོ་ཞེ་ན། ཐ་སྙད་དེ་
ལྟ་བུར་གྱུར་པ་མ་ཡིན་ནོ། །དེས་ན་འདི་སྐད་བརྗོད་པ་ཡིན་ནོ་ཞེ་ན། ཉམས་སུ་མྱོང་བ་དང་མཐུན་པའི་ཐ་སྙད་ཆད་མར་བྱ་བ་ཡིན་གྱི་ཐམས་ཅད་ནི་མ་ཡིན་ནམ་ཅི་སྟེ་ཐ་སྙད་ཐམས་ཅད་ཚད་མ་ཡིན་ན། དེ་ལྟར་གྱུར་ན་ཕྱི་རོལ་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་འགའ་ཡང་བརྗོད་པར་མི་བྱ་བར་འགྱུར་རོ། །དེའི་ཕྱིར་
ཇི་ལྟར་རྟོགས་པ་དེ་ལྟར་ཁས་བླང་ངོ་། །གལ་ཏེ་རིག་པར་བྱེད་པ་ཞེས་བྱ་བ་ནི་ལྐོག་ཏུ་གྱུར་པ་མ་ཡིན་པར་འཐད་ཀྱི་རིག་པར་བྱ་བ་ནི་དེ་ལྟར་ཐམས་ཅད་ཀྱི་ཚེ་འགྱུར་བ་མ་ཡིན་ནོ་ཞེས་བྱ་བར་རིགས་སོ། །རིག་པར་བྱ་བ་ནི་ལྐོག་ཏུ་གྱུར་པ་ལ་ཡང་ཡོད་པར་འཐད་དོ། །གལ་ཏེ་རིག་པ་ཁོ་ན་ཡིན་ན་ནི་ཤེས་པ་དང་
ཤེས་བྱ་ཁྱད་པར་མེད་པར་འགྱུར་རོ་ཞེ་ན། དེ་ནི་མི་འཐད་དོ། །རིག་བྱ་ལས་ནི་མ་གཏོགས་པ། །སྔོན་པོ་ལ་སོགས་རྟོགས་པ་མེད། །རིག་བྱ་མིན་པ་རྟོགས་ཤེ་ན། །དེ་མེད་པར་ནི་ཇི་ལྟར་འགྱུར། །རིག་པར་བྱ་བ་མ་ཡིན་པ་ཉིད་རྟོགས་སོ་ཞེས་བྱ་བར་ནི་འགལ་ལོ། །དེ་ལྟ་ན་ཡང་དོན་འདིར་འགྱུར་ཏེ།
Vol. 179 · folio 24a
མ་རྟོགས་པ་རྟོགས་སོ་ཞེས་སོ། །འོན་ཏེ་མངོན་སུམ་གྱིས་མ་རྟོགས་པ་རྗེས་སུ་དཔག་པས་རྟོགས་པ་ཡིན་ན་དེ་ཡང་མི་རུང་སྟེ། རྟོགས་པ་ལས་ཐ་དད་པའི་དོན་གཞན་མེད་དོ་ཞེས་བྱ་བའི་ཕྱོགས་ཡིན་གྱི། མངོན་སུམ་གྱིས་རྟོགས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་མ་ཡིན་ནོ། །རྗེས་
སུ་དཔག་པས་རྟོགས་པ་ཡང་གཟུང་བའི་རང་བཞིན་མངོན་སུམ་ཉིད་དུ་རྟོགས་པ་ཡིན་ནོ། །གལ་ཏེ་དེ་ལ་གཞན་གྱིས་མཐོང་བའམ་དེ་ལྟ་མ་ཡིན་པ་དེ་ལས་གཞན་པའི་དོན་ཡང་ཡོད་པ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། རྟོགས་པ་མེད་པའི་ཕྱིར་རོ། །མ་རྟོགས་པ་ཡོད་དོ་ཞེས་བྱ་བ་འདི་ག་ལས་ཡིན། རྗེས་སུ་
དཔག་པ་ཉིད་ཀྱིས་རྟོགས་སོ་ཞེ་ན། འོ་ན་རྗེས་སུ་དཔག་པ་ཉིད་དུ་མི་འགྱུར་ཏེ། དོན་མངོན་དུ་བྱེད་པའི་ཕྱིར་རོ། །མངོན་དུ་བྱེད་པས་ནི་མ་ཡིན་ནོ་ཞེ་ན། དེ་ཡོད་པ་ཡང་ཡིན་ལ་དེ་མེད་པ་ཡང་ཡིན་ནོ་ཞེས་བྱ་བ་འདི་རིགས་སམ་ཅི། མངོན་དུ་བྱེད་པ་མེད་པར་རྟོགས་སོ་ཞེས་བྱ་བའི་དོན་ཅི་ཡིན། རང་གི་ངོ་བོ་
རྟོགས་སོ་ཞེ་ན་ནི། དེ་ཉིད་མངོན་དུ་བྱེད་པ་ཡིན་ལ། མ་ཡིན་ནོ་ཞེ་ན་ནི་མ་རྟོགས་པ་ཉིད་དོ་ཞེས་བྱ་བར་རིགས་སོ། །རང་གི་ངོ་བོས་རྟོགས་ན་ནི། །དེ་ཉིད་མངོན་དུ་བྱས་པ་ཡིན། །རང་གི་ངོ་བོས་མ་རྟོགས་སམ། །དེ་ནི་རྣམ་ཀུན་མ་རྟོགས་ཉིད། །རང་གི་ངོ་བོས་རྟོགས་ཀྱང་དེ། །གལ་ཏེ་མངོན་དུ་བྱས་མིན་ན། །
འོ་ན་མྱོང་ལས་སྔོན་པོ་ཡི། །རང་བཞིན་ཇི་ལྟར་ཐ་དད་འགྱུར། །རྟོགས་པའི་དབྱེ་བས་ཐ་དད་པ། །སྔོ་སོགས་རང་བཞིན་གཅིག་པ་ཉིད། །གཞན་ཐ་དད་པས་དེ་ལས་གཞན། །ཐ་དད་ཇི་ལྟར་ཚད་ཅན་ཡིན། །དེ་དང་འབྲེལ་པས་དེ་ཉིད་ན། །དོན་གཞན་ཡོད་པར་ག་ལ་འགྱུར། །དེ་དང་གཅིག་ཏུ་གྱུར་པ་
ནི། །དེ་ལས་གཞན་པར་ག་ལས་འདོད། །རྗེས་འགྲོ་ལྡོག་པ་དག་ལས་ནི། །ཐ་དད་རྟོགས་པ་མ་ཡིན་ཏེ། །རྗེས་སུ་འགྲོ་དང་ལྡོག་པ་དག །མངོན་སུམ་གྱིས་ནི་རིག་མ་ཡིན། །རྗེས་སུ་དཔག་པས་རྟོགས་ན་མིན། །རྗེས་དཔག་མངོན་སུམ་སྔོན་འགྲོ་ཅན། །དེ་མེད་རྗེས་དཔག་མེད་པས་ན། །ལོང་བ་
བརྒྱུད་པར་འགྱུར་བ་ཡིན། །གལ་ཏེ་ཁྱབ་བྱེད་མེད་པར་ནི། །ཁྱབ་བྱ་ཡོད་པར་ཇི་ལྟར་འགྱུར། །མ་རྟོགས་པར་ནི་ཇི་ལྟར་ན། །དེ་ཡི་ཁྱབ་པར་བྱེད་པར་བརྗོད། །གལ་ཏེ་དེའི་ཚེ་རྟོགས་ན་རྟོགས་པའི་ནང་དུ་ཆུད་པ་ཉིད་ལས་ཇི་ལྟར་དོན་ཡིན། འོན་ཏེ་མ་རྟོགས་ན་ཇི་ལྟར་ཁྱབ་པར་བྱེད་པ་ཉིད་དུ་རྟོགས།
Vol. 179 · folio 24b
ཁྱབ་པར་བྱེད་པ་ཉིད་དུ་སྔར་རྟོགས་པའི་ཕྱིར་རོ་ཞེ་ན། རྗེས་སུ་དཔག་པས་ཅི་ཞིག་བྱ། །འདིའི་དུས་སུ་མ་རྟོགས་པ་དེའི་ཕྱིར་རྗེས་སུ་དཔག་པ་དོན་མེད་པ་མ་ཡིན་ནོ་ཞེ་ན། འོ་ན་སྔར་ཁྱབ་པར་བྱེད་པ་ཉིད་དུ་ཇི་ལྟར་རྟོགས། སྔོན་དང་ད་ལྟར་ཤེས་པ་ཉིད། །ཐ་དད་ཁྱབ་བྱེད་ཇི་ལྟར་རྟོགས། །དེ་ནི་རྟོགས་
པ་ཙམ་ཞེ་ན། །ཁྱབ་པ་དེ་ནི་ཇི་ལྟར་བརྗོད། །གལ་ཏེ་དུ་བའི་རྣམ་པར་ནི། །རྟོགས་པ་མེ་མེད་མི་འབྱུང་ན། །མེ་ཡི་རྣམ་པ་འདི་ཡང་ནི། །མེ་མེད་པར་ནི་འདོད་མ་ཡིན། །མེའི་འབྲས་བུ་དུ་བ་ཇི་ལྟར་རྟོགས་པ་ཙམ་ཡིན་ཞེ་ན། འདི་ནི་མ་ཡིན་ཏེ། འདི་ལྟར་མེའི་འབྲས་བུ་ཉིད་ཡིན་ན། དུད་སོགས་
ཕྱི་རོལ་ངོ་བོ་ཉིད། །དེ་ནི་མེ་ཡི་འབྲས་བུར་ཡང་། །ཕྱིར་ཉིད་དུ་བ་གྲུབ་ན་གྱུར། །དེའི་ཕྱིར་ཕན་ཚུན་རྟེན་པ་དངོས་པོར་རྣམ་པར་གནས་པ་ཅན་མ་ཡིན་པ་འདི་ནི་ཉེ་བར་དགོད་པར་མི་བྱ་བ་ཉིད་དོ། །འདིས་ནི་ངོ་ཤེས་པ་ཡང་ཁྱད་དུ་བསད་པ་ཡིན་ཏེ། ཇི་སྐད་དུ་ངོ་ཤེས་པའི་སྟོབས་ཉིད་ཀྱིས་རྣམ་
པར་ཤེས་པ་ཙམ་བཟློག་པ་ཡིན་ནོ་ཞེས་འཛེར་ཏེ། འདི་ལྟར། གལ་ཏེ་མྱོང་བའི་ནང་གནས་ན། །ངོ་ཤེས་པ་ཡི་དོན་ཅི་ཡིན། །གལ་ཏེ་མྱོང་མིན་དོན་བདག་ན། །རྣམ་རིག་ཙམ་དུ་ཇི་ལྟར་འགྱུར། །བར་ན་ཡོད་པའི་དོན་ངོ་ཤེས་པས་རྟོགས་པར་འགྱུར་བ་ནི་མྱོང་བའི་ནང་དུ་འདུས་པ་མ་ཡིན་ཏེ།
ལྐོག་ཏུ་གྱུར་པ་ཉིད་དུ་རྟོགས་པའི་ཕྱིར་རོ་ཞེས་སོ། །འདི་ལྟར། ལྐོག་ཏུ་གྱུར་པར་རྟོགས་པ་ནི། །རྟོགས་པར་འདུས་པ་དངོས་ཉིད་ནི། །རྟོགས་པར་མ་ཆུད་རྟོགས་མིན་ཞེས། །བྱ་བ་འདི་ཡང་བསྟན་ཟིན་ཏོ། །མ་རྟོགས་པ་བར་ན་ཡོད་པ་མེད་ན། ཇི་ལྟར་ངོ་ཤེས་པར་འགྱུར་ཞེ་ན། སྔ་མ་དང་ཕྱི་མ་
རིགས་མཐུན་པ་ཉིད་རྟོགས་པ་ཙམ་ཁོ་ན་ལས་ཡིན་པར་མཐོང་བས། དེ་ཁོ་ན་ལྟར་འགྱུར་མོད། གཞན་གྱིས་ཅི་ཞིག་བྱ་སྟེ། བྲེགས་པའི་ཕྱིར་སོགས་པའི་སྒྲ་དང་། སེན་མོ་ངོ་ཤེས་པ་བཞིན་ནོ། །འོན་ཏེ་དེར་ངོ་ཤེས་པའི་ཤེས་པ་ནི་སྤྱི་ལ་སོགས་པའི་ཡུལ་ཅན་ཡིན་ནོ་ཞེ་ན། སྤྱི་ཉིད་གཅིག་ཡིན་ནོ་ཞེས་
ངོ་ཤེས་པ་དེས་ན་གསལ་བ་གཅིག་ཉིད་དུ་མི་འགྲུབ་པོ། །སྤྱི་ཡང་བར་ན་ཡོད་པ་མ་ཡིན་ཏེ། ཚད་མ་མེད་པའི་ཕྱིར་རོ། །ངོ་ཤེས་པ་ཉིད་ཚད་མ་ཡིན་ནོ་ཞེ་ན་མ་ཡིན་ཏེ། སྔ་མ་དང་ཕྱི་མའི་རང་བཞིན་ཙམ་ཞིག་ངོ་ཤེས་པའི་རྒྱུ་མཚན་ཡིན་པའི་ཕྱིར་དེ་ཉིད་ངོ་ཤེས་པའི་དམིགས་པ་ཡིན་ནོ། །ངོ་ཤེས་པའི་དེ་ཉིད་
Vol. 179 · folio 25a
ནི་བར་གྱི་རང་བཞིན་ལ་དམིགས་པ་མ་ཡིན་ཏེ། བར་གྱི་རང་བཞིན་རིག་པ་མེད་པའི་ཕྱིར་རོ། །ལྐོག་ཏུ་གྱུར་པ་མ་མཐོང་བ་ནི་དམིགས་པ་མ་ཡིན་ལ། མཐོང་བ་ན་ནི་ལྐོག་ཏུ་གྱུར་པ་མ་ཡིན་པའི་ཕྱིར་དེ་ཤེས་པ་ཉིད་ཡིན་ནོ། །གལ་ཏེ་ལྐོག་ཏུ་གྱུར་ན་ཇི་ལྟར་ཤེས་པ་ཡིན། གནས་
སྐབས་གང་ལ་ཡོད་པ་དེའི་ཚེ། ལྐོག་ཏུ་མ་གྱུར་པ་ཉིད་དོ། །ད་ལྟར་འདས་པས་ལྐོག་ཏུ་གྱུར་ཀྱང་ཤེས་པ་ཉིད་ནི་མི་ཉམས་སོ། །གལ་ཏེ་ཉམས་ན་དོན་གྱི་དོན་ཉིད་ཀྱང་ཉམས་པར་འགྱུར་རོ། །གལ་ཏེ་དོན་ཀྱང་འདས་ན་དོན་ཉིད་ལས་ཉམས་པར་འགྱུར་བ་ཡིན་ནོ་ཞེ་ན། འོ་ན་བར་ན་ཡོད་པ་དེ་དོན་ཉིད་མ་
ཡིན་ཏེ། དེ་ནི་འདས་པའི་ཕྱིར་རོ། །འདས་པ་ལྐོག་ཏུ་གྱུར་པ་ཡིན་ཡང་དོན་ཉིད་གཏོང་བ་ནི་མ་ཡིན་ཏེ། འགལ་བ་མེད་པའི་ཕྱིར་རོ། །མྱོང་བ་མེད་པ་ནི་མྱོང་བ་ཡིན་པར་ཇི་ལྟར་འགྱུར་ཞེ་ན། འོ་ན་དོན་བྱེད་པ་མེད་པ་ཡང་དོན་ཉིད་དུ་ཇི་ལྟར་འགྱུར། མྱོང་བ་མེད་པ་ནི་དོན་བྱ་བ་བྱེད་ནུས་པ་མ་ཡིན་ནོ། །
དེ་རྗེས་སུ་དཔག་པས་རིག་པ་ནི་སྤང་ཟིན་ཏོ། །གཞན་གྱིས་བར་རིག་ན་དེ་ཉིད་ཀྱི་ཤེས་པ་ཡིན་ནོ། །གཞན་གྱིས་རིག་པ་ཉིད་ནི་ངོ་ཤེས་པ་ཡང་མ་ཡིན་ཏེ། དེས་དེ་དང་ལྷན་ཅིག་གཅིག་པ་ཉིད་མེད་པས་ངོ་ཤེས་པ་རྒྱུ་ཉིད་དུ་མི་འགྲུབ་པོ། །རྗེས་སུ་དཔག་པའི་རྣམ་པ་ནི་ཤེས་པ་གཅིག་གི་བདག་ཉིད་དུ་བག་
ཆགས་ཀྱི་སྟོབས་ལས་སྐྱེས་པ་ཡིན་ནོ། །དེའི་ཕྱིར་གསལ་བར་སྣང་བའི་རྣམ་པ་མཐའ་དག་ཀྱང་བག་ཆགས་ཀྱང་སྟོབས་ཉིད་ལ་ཡིན་ནོ། །གལ་ཏེ་བག་ཆགས་ངོ་བོ་གཅིག་ཡིན་པའི་ཕྱིར་རྣམ་པར་ཤེས་པ་རྣམས་ཀྱི་རྣམ་པ་ཐ་དད་པར་ཇི་ལྟར་འགྱུར། བག་ཆགས་ཐ་དད་པའི་ཕྱིར་ཐ་དད་དོ་ཞེ་ན།
གལ་ཏེ་སྔོན་པོ་དང་སེར་པོ་ལ་སོགས་པ་དབྱེ་བ་མཐའ་ཡས་པའི་རྣམ་པར་ཤེས་པ་དེའི་རྣམ་པ་ཅན་དུ་སྐྱེད་པར་བྱེད་པའི་བག་ཆགས་ཡིན་ན་དེའི་ཚེ་དེ་དང་ཕྱི་རོལ་གྱི་དོན་ཐ་དད་པ་ཅི་ཡོད་དེ་བག་ཆགས་ཞེས་མིང་ཙམ་དུ་ཟད་དོ་ཞེ་ན་དེ་ནི་མ་ཡིན་ཏེ། རྣམ་ཤེས་སྔ་མས་བྱས་པ་ཡི། །ནུས་པ་བག་ཆགས་
ཡིན་པར་བརྗོད། །དེ་ནི་ལུས་མེད་ཡིན་པའི་ཕྱིར། །ཇི་ལྟར་དོན་དང་མཚུངས་པ་ཡིན། །བག་ཆགས་ཞེས་བྱ་བ་ནི་རྣམ་པར་ཤེས་པ་སྔ་མས་བསྐྱེད་པའི་ནུས་པ་ཡིན་པར་བག་ཆགས་ཀྱི་རང་བཞིན་རིག་པ་དག་གིས་རྟོགས་སོ། །དོན་ནི་ལུས་ཅན་གྱི་རང་བཞིན་རྟག་ཏུ་ཉེ་བར་འཚེ་བ་བྱེད་པ་ཡིན་ནོ། །གལ་
Vol. 179 · folio 25b
ཏེ་དོན་རིག་པ་ཉིད་ཀྱི་གནས་སྐབས་ན་ཉེ་བར་འཚེ་བའི་རྒྱུ་ཡིན་གྱི་རྟག་ཏུ་ནི་མ་ཡིན་ནོ། །དེས་ན་བག་ཆགས་ཀྱི་སྟོབས་ལས་བྱུང་བའི་སྣང་བའམ། དོན་ཉེ་བར་འཚེ་བའི་རྒྱུ་ཡིན་ཡང་རུང་སྟེ། འདི་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། དེ་ནི་མ་ཡིན་ཏེ། ཕྱི་རོལ་ཁྱད་པར་ཡོད་མིན་ཡང་། །བསྒོམས་པ་ཡི་ནི་ཁྱད་པར་
གྱི། །གསལ་བ་ལ་སོགས་ཁྱད་འགྱུར་ཕྱིར། །སྣང་བ་དོན་གྱི་ངོ་བོ་མིན། །བསྒོམས་པའི་སྟོབས་ལས་བྱུང་བ་ཕྱིན་ཅི་ལོག་གི་བག་ཆགས་ལོག་ཅིང་འདོད་པའི་བག་ཆགས་འབྱོར་པར་གྱུར་ན། མི་འདོད་པ་ལྡོག་ཅིང་འདོད་པ་འོས་པའི་ཕྱིར་འདི་ནི་ཁྱད་ཆེའོ། །དེས་ན་ཐ་དད་པར་སྣང་བ་མཐའ་དག་ནི་བློའི་ངོ་བོ་
བག་ཆགས་ཀྱིས་བྱས་པ་ཉིད་དོ། །གལ་ཏེ་བག་ཆགས་རྣམ་པར་ཤེས་པ་གཅིག་གི་བདག་ཉིད་དུ་གྱུར་པ་ཡིན་པའི་ཕྱིར་སད་པར་བྱེད་པ་ཡོད་ན་བག་ཆགས་ཐམས་ཅད་སད་པར་འགྱུར་བའི་ཕྱིར་མཐའ་ཡས་པར་སྣང་བ་ཅན་གྱི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་བས་འཆོལ་བ་ཆེན་པོར་འགྱུར་རོ། །ཕྱི་
རོལ་གྱི་དོན་ལས་ལེན་ན་ནི་སྐྱོན་མེད་དེ། ཉེ་བའི་དོན་གང་ཡིན་པ་དེ་ཉིད་མཐོང་བ་ཡིན་ནོ་ཞེ་ན་མ་ཡིན་ཏེ། ཉེ་བ་མ་ཡིན་པ་ཡང་མཐོང་བར་ཁས་བླངས་པའི་ཕྱིར་རོ། །འདི་ལྟར། དྲན་པ་བརྗེད་པར་འདོད་པ་དང་། །འགས་ནི་ལོག་པར་རིག་པ་སྟེ། །གཞན་དག་མེད་སྣང་གཞན་དག་ནི། །ཐམས་ཅད་
ཐམས་ཅད་ལ་ཡོད་འདོད། །རེ་ཞིག་ཐམས་ཅད་ཐམས་ཅད་ལ་ཡོད་པ་དེ་དག་ལ་ནི་སྐྱོན་མཚུངས་པ་ཉིད་དོ། །མེད་པ་སྣང་བ་ལ་ཡང་མེད་པ་ཐམས་ཅད་སྣང་བར་ཐལ་ལོ། །དྲན་པ་བརྗེད་པ་གང་ཡིན་པ་དེ་ལ་ཡང་སྔར་དུ་མ་མཐོང་བས་ཅིའི་ཕྱིར་དུ་མ་མ་མཐོང་། རྣམ་པར་ཤེས་པར་སྨྲ་བ་ལ་ཡང་དེ་མཚུངས་
པའི་ཕྱིར་ཉེ་བར་ཡོད་པ་མ་ཡིན་ནོ། །སྔར་ཞུགས་པའི་རྣམ་པར་ཤེས་པ་དྲན་ནམ། དོན་ཡང་རུང་སྟེ། ཁྱད་པར་ཅི་ཡོད། ཕྱིན་ཅི་ལོག་ཏུ་སྣང་བ་ཡང་སྔར་མཐོང་བ་ལ་འཇུག་གམ་གཞན་དུ་ཡང་རུང་སྟེ། ཅི་སྟེ་ཐམས་ཅད་ལ་མ་ཡིན་ཞེས་བརྒལ་ཞིང་བརྟག་པ་མཚུངས་སོ། །སླར་ཡང་དེར་བག་ཆགས་དེ་ཉིད་
ངེས་པར་བརྗོད་དགོས་པར་མཚུངས་སོ། །དེ་མ་ཐག་པའི་ཤེས་པའི་བདག་ཉིད་དུ་གྱུར་པ་ཉིད་ནི་བག་ཆགས་ཡིན་ཏེ། སྔ་མའི་བདག་ཉིད་སྣང་བ་ནི། །གསལ་ཞིང་དོད་པ་བག་ཆགས་ཡིན། །སྐྱེད་བྱེད་མྱོང་བ་དེ་ལྟའི་བདག །ཡིན་ཕྱིར་མེད་པར་ག་ལ་འགྱུར། །སད་བྱེད་ཡོད་པར་གྱུར་ན་བློ། །སྔོན་པོ་
Vol. 179 · folio 26a
དང་ནི་སེར་པོ་ལ། །སོགས་པའི་སྣང་བ་དང་འབྲེལ་པ། །ཇི་ལྟ་ཇི་ལྟར་སྐྱེ་བར་མཐོང་། །རྣམ་པར་ཤེས་པ་སྔ་མ་མངོན་པར་འདོད་པ་དང་གཞན་དུ་སྣང་བ་ལ། སེར་བ་ལ་སོགས་པའི་ཤེས་པ་སྔ་མ་གནས་པ་དང་འབྲེལ་ཏེ་ལས་དེའི་མོད་དམ་དུས་གཞན་དུ་དེ་ལྟར་སྣང་བའི་རྣམ་
པར་ཤེས་པ་སྐྱེ་སྟེ། སད་པའི་མཐོང་བས་རྨི་ལམ་གྱི་སྣང་བ་བསྐྱེད་པ་བཞིན་ནོ། །ཆོད་པ་ལས་ཇི་ལྟར་སྐྱེ་ཞེ་ན། དྲན་པ་དང་རྨི་ལམ་གྱི་ཤེས་པ་ལ་སོགས་པ་ཆོད་པ་ལས་ཀྱང་མཐོང་སྟེ། མཐོང་བ་མི་འདོད་དོ་ཞེས་བྱ་བ་ནི་མ་ཡིན་ནོ། །གལ་ཏེ་དེ་སྐྱེད་པར་བྱེད་པ་ནི་མ་ཡིན་ཏེ། འོན་ཀྱང་སྨོན་པ་ལ་སོགས་
པས་དེ་ཉིད་སྣང་བ་ཡིན་ནོ་ཞེ་ན་མ་ཡིན་ཏེ། འདས་པ་ལ་སྣང་བ་མེད་པའི་ཕྱིར་རོ། །འདས་པ་ཡང་སྣང་བར་མཐོང་ངོ་ཞེ་ན། མེད་པ་སྣང་ངོ་ཞེས་བྱ་བ་པའི་དོན་ཅི་ཡིན། དེའི་རྣམ་པར་རྟོག་པ་ཞེས་བྱ་བ་འདི་ཉིད་ཡིན་ནོ། །དེའི་ཕྱིར་ཉམས་སུ་མྱོང་བ་ལས་དེ་ལ་དྲན་པ་སྐྱེད་པར་བྱེད་ལ་དེ་ནི་དེ་ཉིད་ཀྱི་ནུས་པའི་
ཁྱད་པར་འཇོག་པ་ཡིན་ལ་ནུས་པའི་ཁྱད་པར་དེ་ནི་བག་ཆགས་ཞེས་ཐ་སྙད་དུ་བྱེད་པ་ཡིན་ནོ། །རྒྱུ་དང་འབྲས་བུའི་དངོས་པོ་འདི་ནི་འདི་ཁོ་ན་ལྟར་དམིགས་པ་ཉིད་དོ། །དེའི་ཕྱིར་བག་ཆགས་ཡོད་པ་ཉིད་དང་། རྣམ་ཤེས་སྔ་མའི་བྱེ་བྲག་ལ་ཚད་མ་མེད་པ་མ་ཡིན་ཏེ། ཐོག་མ་མེད་པའི་བག་ཆགས་ཀྱི་དངོས་པོ་
ནི་དོན་ཐོག་མ་མེད་པའི་རྒྱུན་ཅན་བཞིན་དུ་གྲུབ་པའི་ཕྱིར་རོ། །ཇི་ལྟར་ཕྱི་རོལ་རྒྱུ་འབྲས་རྒྱུན། །སྐྱེ་བ་ཐོག་མ་མེད་པ་ལྟར། །དེ་བཞིན་རྣམ་པར་ཤེས་པའི་རྒྱུན། །ཐོག་མ་མེད་པར་ཅིས་མི་འདོད། །བག་ཆགས་ཀྱི་དབྱེ་བ་ལ་རྒྱུ་ཅི་ཡོད་ཅེ་ན། དེ་ནི་མ་ཡིན་ཏེ། དེ་ཡི་རྒྱུ་མཚན་ཡོད་པའི་ཕྱིར། །བག་ཆགས་དབྱེ་
བ་ཡོད་པ་ཉིད། །རྒྱུ་མཚན་ཤེས་པའི་བྱེ་བྲག་སྟེ། །དེ་ཡི་དབྱེ་བའང་དེ་ལས་ཡིན། །སྔར་ཞུགས་པའི་ཤེས་པའི་བྱེ་བྲག་ཉིད་བག་ཆགས་སད་པའི་རྒྱུ་ཡིན་ལ། ཤེས་པའི་དབྱེ་བ་ཡང་བག་ཆགས་ཀྱི་ཁྱད་པར་དེ་ཉིད་ལས་ཡིན་པའི་ཕྱིར་སྐྱོན་ཅི་ཡོད། དེ་ལྟ་ན་ཕན་ཚུན་རྟེན་པའི་སྐྱོན་དུ་འགྱུར་རོ་ཞེ་ན། དེ་ནི་
མ་ཡིན་ཏེ། འདི་ལྟར། གང་གི་ཕན་ཚུན་རྟེན་པ་ཡི། །ཉེས་པ་འདིར་ནི་ཐལ་འགྱུར་བ། །ངེས་བསྐྱེད་བག་ཆགས་དེ་ཉིད་ནི། །ཤེས་ཏེ་ཉིད་ཀྱི་རྒྱུ་མ་ཡིན། །འོན་ཀྱང་རྣམ་པར་ཤེས་པའི་བྱེ་བྲག་གཞན་གྱི་རྒྱུ་བག་ཆགས་གཞན་ཡིན་ལ། སྔར་གྱི་བག་ཆགས་ཀྱི་དབྱེ་བས་བསྐྱེད་པའི་རྣམ་པར་ཤེས་པ་གཞན་ནི་བག་
Vol. 179 · folio 26b
ཆགས་གཞན་གྱི་རྒྱུ་ཡིན་ནོ། །དེས་ན་ཕན་ཚུན་རྟེན་པའི་སྐྱོན་མེད་དོ། །དེ་ལྟ་མ་ཡིན་ན། དོན་མཐོང་བ་ལ་ཡང་འདི་མཚུངས་སོ། །འདི་ལྟར་དོན་གྱི་བྱེ་བྲག་རྒྱུ་ཡིན་ན། །དེ་ཡི་དབྱེ་བ་འང་ཇི་ལྟར་ཡིན། །ཤེས་པའི་དབྱེ་བས་དབྱེ་ཞེ་ན། །ཕན་ཚུན་རྟེན་པར་འགྱུར་བ་ཡིན། །དོན་གྱི་དབྱེ་བ་ཡང་རྒྱུ་མཚན་མེད་
པ་ཁོ་ནར་ཤེས་པ་ཐ་དད་པའི་རྒྱུ་མ་ཡིན་ཏེ། དེ་མི་འཐད་པའི་ཕྱིར་རོ། །ཤེས་པའི་དབྱེ་བ་ལས་ཡིན་ན་ཕན་ཚུན་རྟེན་པའི་སྐྱོན་ཡོད་དོ། །དོན་ཉིད་ཀྱི་དབྱེ་བའི་རྒྱུ་མཚན་ཡིན་ནོ་ཞེས་བྱ་བའི་ཤིན་ཏུ་གསལ་བར་མ་འབྲེལ་པ་ཉིད་དོ། །འོན་ཏེ་དོན་གྱི་དབྱེ་བ་གཞན་གྱི་རྒྱུ་མཚན་ནི་དོན་གྱི་དབྱེ་བ་གཞན་ཡིན་ལ། དེའི་
ཡང་གཞན་ཡིན་ལ་འདི་ནི་བག་ཆགས་ལ་ཡང་མཚུངས་སོ། །གལ་ཏེ་དོན་གྱི་བྱེ་བྲག་ནི་སྣང་བ་ཡིན་པས་རྣམ་པར་ཤེས་པ་ཐ་དད་པར་བྱེད་དོ་ཞེས་བྱ་བ་འདི་རིགས་ཀྱི། བག་ཆགས་གོ་ཇི་ལྟར་ཡིན་ན་ཅི་ཞིག་ལན་དུ་འགྱུར། གལ་ཏེ་དོན་བཞིན་དུ་བག་ཆགས་ཀྱང་སྣང་བ་ཡིན་ན། དེ་ནི་དོན་ཉིད་ཡིན་
པས་མིང་ཙམ་ཞིག་ཐ་དད་པར་ཟད་དོ། །དེ་ལ་བག་ཆགས་འཛིན་པ་ལ་བྱེད་པ་ཡོད་པ་ནི་འཛིན་པ་ཐ་དད་པ་ཉིད་སྐྱེད་པར་འགྱུར་གྱི་གཟུང་བ་ནི་མ་ཡིན་ནོ། །དེ་ལྟ་བུའི་གཟུང་བ་མྱོང་བ་ལས་བྱུང་བའི་བག་ཆགས་ནི་དྲན་པ་ཙམ་སྐྱེད་པར་མཐོང་བ་ཡིན་ནོ་ཞེ་ན། འདི་ལ་ལན། འདིར་ནི་རྣམ་ཤེས་སྔ་མ་ཉིད། །
བག་ཆགས་ཡིན་ཞེས་སྔར་བརྗོད་ཟིན། །དེ་ཡི་རྣམ་ཅན་ཤེས་སྐྱེད་དེ། །ཇི་ལྟར་ཐ་དད་བྱེད་མ་ཡིན། །དཔེར་ན་ལྕགས་སྒྲོག་གིས་བཅིངས་པས། །འཁྱོར་པོ་ཡི་ནི་འགྲོས་བྱེད་པ། །བདག་ཉིད་མེད་ཀྱང་དེ་ལྟ་བུའི། །ཚུལ་དུ་འགྲོ་བའི་རྒྱུ་ཡིན་བཞིན། །འདོད་འཇིགས་མྱ་ངན་ལ་སོགས་ལ། །དོན་དེ་
དག་ནི་ཡོད་མིན་ཡང་། །བག་ཆགས་དབྱེ་བས་གཟུང་བ་ཡི། །རྣམ་པ་ཡང་ནི་ཐ་དད་མཐོང་། །ཅི་སྟེ་དེར་ཡང་ཡུལ་དང་དུས་གཞན་གྱི་བདག་ཉིད་ཅན་ཕྱི་རོལ་ཉིད་དམིགས་པ་ཡིན་ཏེ། རྣམ་པར་ཤེས་པ་ཐམས་ཅད་དམིགས་པ་དང་བཅས་པ་ཡིན་པའི་ཕྱིར་རོ། །གལ་ཏེ་དེའི་ཚེ་དེར་ཐོབ་པ་མེད་པས་དེའི་ཚེ་
ཉིད་དེ་ཉིད་དུ་མེད་མོད། གཞན་གྱི་ཚེ་གཞན་ན་མེད་དོ་ཞེས་བྱ་བ་འདི་ལ་གོ་ཚད་མ་ཅི་ཡོད། འདི་ལྟར་བུམ་པ་གང་ན་གང་གི་ཚེ་མ་དམིགས་པ་དེའི་ཚེ། དེ་ན་མེད་ཀྱི་ཐམས་ཅད་དུ་ནི་མ་ཡིན་ནོ་ཞེ་ན། འདིར་སྨྲས་པ། འདིར་དམིགས་ཡུལ་ལ་སོགས་པ་ཡིས། །གཞན་ཉིད་ཡིན་པར་ཇི་ལྟར་འགྱུར། །སྔོ་
Vol. 179 · folio 27a
སྩོགས་ཉིད་དུ་མཐོང་བ་ལ། །རྣམ་གཞན་ཡོད་ལ་ཡོད་དམ་ཅི། །གལ་ཏེ་ཡུལ་གཞན་པ་དག་ཀྱང་། །ཡུལ་གཞན་པར་ནི་དམིགས་ཡིན་ན། །སྔོན་པོ་ཡི་ནི་རྣམ་པ་ཡང་། །དེ་ལྟར་ཡིན་ཕྱིར་འདི་མཚུངས་སོ། །རྣམ་པ་གཞན་ལ་ཚད་མ་མེད་པའི་ཕྱིར་གཞན་དུ་མ་ཡིན་
ནོ་ཞེས་ལན་འདེབས་ན། ཡུལ་གཞན་དུ་མ་ཡིན་ནོ་ཞེས་ལན་མཚུངས་སོ། །རྣམ་པ་ལ་ནི་གནོད་པར་བྱེད་པ་མེད་ལ། ཡུལ་ལ་གནོད་པ་ཡོད་པ་དེས་ན་ཡུལ་དང་འབྲེལ་པ་དེ་ཉིད་མེད་ཀྱི་རྣམ་པ་ནི་མ་ཡིན་ནོ་ཞེ་ན། འོ་ན་དེ་ལ་དམིགས་པ་མེད་པ་དེས་ན་ཤེས་པ་ཐམས་ཅད་དམིགས་པ་དང་བཅས་པ་
མ་གྲུབ་པོ། །གལ་ཏེ་དེ་ལ་ཡང་དམིགས་པ་དང་བཅས་པ་ཉིད་དེ། འདི་ལྟར། ཡུལ་དང་བརྟེན་པ་མ་གཏོགས་པར། །འབྲེལ་པ་འགའ་ཡང་མཐོང་བ་མེད། །དེ་གཉིས་དམིགས་ན་ཤེས་པ་ནི། །དམིགས་པ་མེད་པར་ཇི་ལྟར་འགྱུར། །དེར་ནི་ཡུལ་དང་དེ་ལ་བརྟེན་པ་ཉིད་སྣང་ལ་དེ་གཉིས་ཀྱང་
བདེན་པའི་ཕྱིར་དམིགས་པ་མེད་པའི་རང་བཞིན་དུ་ཇི་ལྟར་འགྱུར། འབྲེལ་པ་ནི་དེ་དག་ལས་གཞན་མ་ཡིན་ནོ། །དེས་ན་རྣམ་པར་ཤེས་པ་ཐམས་ཅད་དམིགས་པ་དང་བཅས་པ་ཉིད་དོ་ཞེ་ན། གལ་ཏེ། འབྲེལ་པ་ལ་ཡང་དམིགས་བཅས་ན། །དེ་ལྟ་ཉིད་ནི་ཅིས་མ་ཐོབ། །ཐོབ་པ་མེད་ཀྱང་དམིགས་
བཅས་ཞེས། །བྱ་བ་འདི་ནི་ཅལ་ཅོལ་ཡིན། །གལ་ཏེ་ཐོབ་པ་མེད་པ་དེ་ལྟ་ན་ཡང་དམིགས་པ་དང་བཅས་པ་ཡིན་ན་འོ་ན་ལོག་པར་སྣང་བ་ཡང་མེད་པའི་ཕྱིར་ཁས་བླང་དང་འགལ་ལོ། །གཞན་ཡང་ཇི་ལྟར་ལོག་པར་སྣང་བ་དེ་བཞིན་དུ་ཐམས་ཅད་འགྱུར་བའི་ཕྱིར་གཞན་དུ་བརྟགས་པས་ཅི་བྱ་ཞེས་བྱ་
བ་འདི་ནི་བསྟན་ཟིན་པའི་ཕྱིར་ཡང་མི་བརྗོད་དོ། །གནོད་པར་བྱེད་པའི་ཤེས་པ་མེད་པའི་ཕྱིར་དེ་ལྟ་མ་ཡིན་ནོ་ཞེ་ན། གནོད་པར་བྱེད་པའི་ཤེས་པ་མེད་ཀྱང་ལོག་པར་སྣང་བ་ཡིན་པའི་ཕྱིར་གནོད་པ་བྱེད་པ་བདེན་པ་ཉིད་མ་ཡིན་ནོ། །གང་དུ་དུས་གཞན་དུ་གྱུར་པ་དེར་ནི་བག་ཆགས་ཉིད་ཀྱི་བྱེད་པ་རྟོགས་ཀྱི་
དོན་གྱིས་ནི་མ་ཡིན་ནོ། །དེའི་རྣམ་པ་ནི་ཉམས་སུ་མྱོང་བ་སྔ་མ་ཉིད་ལས་ཡིན་གྱི་ཡོད་པ་མ་ཡིན་པའི་དོན་གྱི་རྣམ་པ་སྣང་བ་ནི་མ་ཡིན་ནོ། །ཅི་སྟེ་ཤེས་པ་སྐད་ཅིག་མ་བྱེད་པའི་དངོས་པོ་ཡིན་ནོ། །དེ་ལ་མ་སྐྱེས་པ་ནི་བསྒོ་བར་བྱ་བ་མ་ཡིན་ལ་འདས་པའི་དོན་ནི་སྒོ་བར་བྱེད་པ་མ་ཡིན་ནོ། །ཕན་ཚུན་འབྲེལ་པ་མེད་
Vol. 179 · folio 27b
པ་ལྷན་ཅིག་པ་དག་ཀྱང་བསྒོ་བར་བྱ་བ་དང་། སྒོ་བར་བྱེད་པའི་དངོས་པོ་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། བསྒོ་བར་བྱ་བ་དང་། སྒོ་བར་བྱེད་པའི་དངོས་པོ་ནི་རྒྱུ་འབྲས་ཀྱི་ཁྱད་པར་ཉིད་ཡིན་ནོ་ཞེས་བསྟན་ཟིན་ཏོ། །དེ་ནི་སྐད་ཅིག་མ་དག་ཁོ་ན་ལ་ཡོད་ཀྱི་རྟག་པ་ལ་ནི་མ་ཡིན་པའི་ཕྱིར་སྐད་ཅིག་མ་ཡིན་
པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་ནི་བཟློག་པ་སྒྲུབ་པར་བྱེད་པ་ཡིན་ནོ། །དེས་ན་དྲན་ལ་འཛིན་དབྱེ་ཡོད། །གཟུང་བའི་རྣམ་པ་སྤངས་གཞན་མིན། །དེ་ནི་དོན་ནི་ཡོད་མིན་པས། །དེ་ལམ་མདུན་དུ་ཉེ་བ་ཉིད། །རྗེས་འགྲོ་མེད་པར་འཇིག་ན་ཡང་། །སྐད་ཅིག་མ་ཡི་སེམས་དག་ལ། །བག་
ཆགས་བསྒོ་བྱ་སྒོ་བྱེད་ཀྱི། །དོན་འཐད་རྟག་པ་ལ་མ་ཡིན། །ཁྱད་པར་ཅན་གྱི་སྐད་ཅིག་ན། །སྐད་ཅིག་སྔ་མ་ལས་སྐྱེ་ཉིད། །དེས་ན་དེ་ལས་དུས་གཞན་དུ། །འབྲས་བུ་གཞན་དག་རབ་ཏུ་སྐྱེ། །བསྒོ་བྱ་སྒོ་བྱེད་དངོས་པོ་འདི། །རྒྱུ་དང་འབྲས་བུ་ལས་གཞན་མིན། །འཇིག་པ་སྔ་མས་ཕྱི་མ་ནི། །
སྐྱེད་པར་བྱེད་ཚེ་བསྒོས་འགྱུར་གྱི། །བརྟན་པའི་དངོས་ལ་བརྟན་དངོས་ཀྱིས། །བག་ཆགས་སྒོ་བར་བྱེད་པ་མེད། །རྟག་པ་འགྱུར་བ་མེད་པའི་ཕྱིར། །རྒྱུ་དང་འབྲས་བུ་ག་ལ་ཡོད། །བརྟན་པར་གནས་པ་སྔ་མ་ལ། །བག་ཆགས་དང་འབྲེལ་འཐད་མ་ཡིན། །སྔ་བཞིན་དེ་ལ་བག་ཆགས་ནི། །མི་འགྱུར་
ཁྱད་པར་མེད་ཕྱིར་རོ། །སྔ་མ་དང་འདྲ་ཐ་དད་ཕྱིར། །འཇིག་པ་ལ་ནི་བག་ཆགས་ཡོད། །སྐད་ཅིག་ཡིན་ཡང་སེམས་ལ་ནི། །དེ་དང་རྗེས་མཐུན་ཡོད་པ་ཉིད། །རྣམ་ཤེས་སྔ་མས་དེ་བསྐྱེད་ཕྱིར། །ཕྱི་མའི་བློ་ལྟར་སྐྱེ་མ་ཡིན། །སྐྱེས་པའི་སྐད་ཅིག་དེ་ཉིད་ནི། །འབྲས་བུ་གཞན་དག་སྐྱེད་པར་བྱེད། །
དེས་ན་སྐྱེས་ནས་ཞིག་ན་ཡང་། །སྐད་ཅིག་གནས་ཕྱིར་འབྲས་བུ་རྩོམ། །རྗེས་འགྲོ་མེད་པ་ཞིག་གྱུར་ཀྱང་། །རྗེས་སུ་མཐུན་ལ་ཅི་ཞིག་གནོད། །ཕྱི་མའི་བློ་ལ་དེ་ཚེ་བའི། །ཆོས་འགའ་ཡོད་པ་མིན་ཞེ་ན། །མ་ཡིན་མཚུངས་པར་འཛིན་པ་ཡི། །ཤེས་ལས་རང་བཞིན་གཅིག་པ་ཉིད། །གལ་ཏེ་བ་
ལང་བློ་ཡི་ནི། །བག་ཆགས་རྗེས་མཐུན་དེ་ཡི་ཚེ། །མི་མཐུན་ཕྱིར་ན་གླང་པོ་ཡི། །བློ་འདིར་བག་ཆགས་མ་ཡིན་འགྱུར། །གཞན་གྱིས་བར་དུ་ཆོད་ན་ཡང་། །བག་ཆགས་སྔ་མས་བརྟན་པའི་ཕྱིར། །བརྟན་པ་སྒྲུབ་བྱེད་ཤེས་པ་ནི། །བར་དུ་ཆོད་ཀྱང་འབྲས་བུ་བྱེད། །གླང་པོའི་ཤེས་པས་སྔ་མ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words