ཚད་མ་རྣམ་འགྲེལ་གྱི་རྒྱན
Sanskrit title (Tibetan script, as in the text) པྲ་མཱ་ཎ་བརྟི་ཀ་ཨཱ་ལཾ་ཀཱ་ར
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 179 · folio 28a
ཡི། །བག་ཆགས་ལས་ནི་རྣམ་ཤེས་འཇུག །བར་དུ་མི་མཐུན་ཤེས་པ་ནི། །བག་ཆགས་གཞན་ལས་རབ་ཏུ་སྐྱེ། །ཤེས་པ་གཅིག་ནི་ཞིག་པ་ཡིས། །བག་ཆགས་ཐམས་ཅད་འཇིག་པ་མིན། །མེ་ཏོག་ཞིག་པར་གྱུར་ན་ཡང་། །དམར་པོ་སྐྱེ་བ་ག་ལས་ཡིན། །
ས་བོན་མྱུག་སོགས་ཆུ་བ་སོགས། །དེ་དང་མི་མཐུན་ལས་ཇི་ལྟར། །དེ་ལས་སྐྱེས་པ་དེ་དག་ཀྱང་། །རིམ་གྱིས་འབྲས་བུའི་བྱེད་པོ་ཉིད། །འདི་ནི་མ་ཧེ་ལ་སོགས་ཀྱི། །བློ་ལ་ཅི་ཕྱིར་ཡོད་མ་ཡིན། །དེ་ཕྱིར་འདི་དག་ཐམས་ཅད་ལས། །རྣམ་པ་ཀུན་ལྡན་སྐྱེ་བ་ཡི། །ཤེས་པ་སྐད་ཅིག་
གཅིག་ཉིད་ཀྱིས། །འཇིག་པར་འགྱུར་བ་འཐད་མ་ཡིན། །དེ་རྟེན་ཞིག་པར་གྱུར་ན་ཡང་། །གཞན་དག་ནུས་པའི་རྟེན་དུ་འགྱུར། །ནུས་པ་ཐ་དད་མ་ཡིན་ཕྱིར། །སྐད་ཅིག་ཉིད་ནི་ཉམས་མི་འགྱུར། །བག་ཆགས་ལྡན་རྣམས་བག་ཆགས་ཀྱི། །རྒྱུན་ནི་རྣམ་པར་ཤེས་པ་ཡི། །རྒྱུན་བཞིན་
འདོད་པ་མ་ཡིན་ཏེ། །བག་ཆགས་ནུས་པའི་རང་བཞིན་ཡིན། །བག་ཆགས་ལས་དེའི་ཤེས་སྐྱེ་ཞིང་། །དེ་དག་ཀྱང་ནི་བག་ཆགས་ཡིན། །དེ་དག་ཕན་ཚུན་མཉམ་པར་ནི། །མཚུངས་པ་ཉིད་ནི་བྱེད་མ་ཡིན། །ནུས་པའི་བདག་ཉིད་ཅན་གྱི་རྒྱུ། །གང་ཡིན་མི་མཐུན་པ་ཡང་ཡོད། །
དེ་ཕྱིར་མི་མཐུན་རྒྱུ་ལས་ནི། །མི་མཐུན་འབྲས་བུ་གཞན་འབྱུང་འགྱུར། །དེ་ཕྱིར་ལྡོག་པར་བརྟགས་པ་འདི། །ཀུན་རྫོབ་ཡོད་ཡིན་དངོས་པོར་ནི། །མ་ཡིན་དེ་ཡི་འབྲས་བུ་ནི། །གཞན་པ་ཅི་ཕྱིར་སྲིད་མ་ཡིན། །གང་དག་ཤེས་ཕྱིར་བརྟན་པ་དང་། །ཤེས་པ་གོམས་འདོད་པ་དེ་ཡི། །བག་
ཆགས་འཛིན་པར་བྱེད་མིན་ཞིང་། །བག་ཆགས་སུ་ཡང་དེ་འདོད་མིན། །མེ་ཏོག་མ་དུ་ལུང་ག་སྩོགས། །རྒྱ་སྐྱེགས་སྩོགས་ཀྱིས་བསྒྱུར་གང་ཡང་། །དེ་ཡི་རང་བཞིན་དེ་འབྲས་ལ། །འཕོ་བའི་ཕྱིར་ན་བག་ཆགས་ཉིད། །རིགས་པས་འཐད་པའི་བག་ཆགས་གང་ཡིན་འདི། །རབ་ཏུ་བརྟགས་
ཏེ་ཕྱི་རོལ་དོན་བཟློག་པ། །དེ་ལྟ་ན་ཡང་ཕྱི་རོལ་མངོན་ཞེན་པའི། །གདོན་གྱིས་འགྲོ་བ་འདི་དག་ཐམས་ཅད་ཟིན། །དེ་ཕྱིར་རྣམ་པའི་རྣམ་དབྱེ་བ། །མཐའ་དག་བག་ཆགས་སྟོབས་ལས་ཡིན། །ཕྱི་རོལ་དོན་མེད་དེ་ཡི་ཕྱིར། །བློ་ནི་དམིགས་པ་མེད་པ་ཉིད། །དེ་ཕྱིར་ཤེས་པ་ཐམས་ཅད་ནི་
Vol. 179 · folio 28b
དམིགས་པ་མེད་པ་ཡིན་ཏེ། ཤེས་པ་ཡིན་པའི་ཕྱིར་རྨི་ལམ་གྱི་ཤེས་པ་བཞིན་ནོ་ཞེས་བྱ་བ་ནི་ཡོངས་སུ་དག་པའི་ཚད་མ་ཡིན་ནོ། །འདི་ལྟར་དམིགས་པ་མེད་ཉིད་ནི་འདི་ཁོ་ན་སྟེ། བདག་གི་རྣམ་པ་རིག་པ་གང་ཡིན་པའོ། །གལ་ཏེ་ཤེས་པ་ཐམས་ཅད་ཕྱོགས་སུ་བྱེད་ན་དཔེ་མེད་པའི་
ཕྱིར་ཇི་ལྟར་རྗེས་སུ་དཔོག་ཅེ་ན། མ་ཡིན་ཏེ། དོན་མ་ཤེས་པའི་ཕྱིར་རོ། །ཚད་མས་ཕྱོགས་ནི་སྒྲུབ་པ་ན། །དཔེ་ནི་རང་ཉིད་གྲུབ་པའི་ཕྱིར། །ཐམས་ཅད་ཅེས་བྱ་ལ་སོགས་པའི། །ཚད་འབྲས་འདི་ནི་རིགས་པར་ལྡན། །རྩོད་པའི་གཞིར་གྱུར་པ་སད་པའི་ཤེས་པ་ཉིད་ཕྱོགས་སུ་བྱས་པ་ཡིན་
ནོ། །རྨི་ལམ་གྱི་ཤེས་པ་ནི་བསྒོམས་པའི་རྗེས་སུ་འགྲོ་བ་དང་། ལྡོག་པའི་རྗེས་སུ་བྱེད་པའི་ཕྱིར་དམིགས་པ་མེད་པ་ཉིད་དུ་གྲུབ་པས་ན་དཔེར་བྱེད་དོ། །ཇི་ལྟར་ཁྱབ་པ་གྲུབ་ཅེ་ན། །རིགས་གང་གང་ལས་གྲུབ་པ་ཞེས་བྱ་བའི་རིགས་པས་སོ། །དེ་ལྟ་མ་ཡིན་ན་རྒྱུ་དང་འབྲས་བུའི་དངོས་པོ་མཐའ་
དག་མེད་པར་འགྱུར་ཏེ། ཚད་མ་མེད་པའི་ཕྱིར་རོ། །རྒྱུ་དང་འབྲས་བུའི་དེ་ཉིད་ནི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཉིད་ཡིན་པར་དེ་རིག་པ་དག་འཛེར་ཏོ། །གུས་པར་བསྒོམ་པ་དང་འབྲེལ་པ། །སད་ཚེ་མཐོང་བ་རྨི་ལམ་དུ། །མཐོང་འགྱུར་དེས་ན་ཤེས་གཞན་ཡང་། །དེ་ལྟ་ཉིད་
ཅེས་རྟོགས་པ་ཡིན། །གལ་ཏེ་རྨི་ལམ་གྱི་ཤེས་པ་ནི་ཤེས་པ་ཉིད་ཡིན་པའི་ཕྱིར་དམིགས་པ་མེད་པ་ནི་མ་ཡིན་གྱི། འོན་ཀྱང་གནོད་པར་བྱེད་པ་ཡོད་པའི་ཕྱིར་རོ། །འདི་ལྟར། དེ་ཚེ་དེ་འམ་གཞན་གྱི་ཚེ། །གཞན་གྱིས་རྨི་ལམ་མཐོང་བའི་ནི། །སད་པའི་ལྟ་བས་མཐོང་མེད་པ། །དེ་ཕྱིར་དེ་ནི་
དམིགས་མེད་ཉིད། །གནོད་བྱེད་ཤེས་པས་དེ་ཡི་ཡུལ། །དམིགས་པས་བཟློག་པར་བྱས་པས་ན། །ཤེས་ཏེ་དམིགས་པ་མེད་པར་ནི། །བྱེད་དོ་ཞེས་འདིར་རྣམ་པར་ངེས། །རྨི་ལམ་གྱི་ཤེས་པ་བཞིན་དུ་སད་པའི་ཤེས་པ་ལ་ནི་དེ་ལྟར་གནོད་པར་བྱེད་པ་མེད་པའི་ཕྱིར། དེ་ཇི་ལྟར་དཔེ་ཡིན་ཞེ་ན།
དེ་ནི་མ་ཡིན་ཏེ། གནོད་བྱེད་ཤེས་པས་དེ་ཡི་ཡུལ། །དབྲོག་པར་ནུས་པར་ཇི་ལྟར་འགྱུར། །ལྕགས་ཀྱུ་སྩོགས་བཞིན་ཤེས་པ་ལ། །འདྲེན་པའི་བྱེད་པ་ཡོད་མ་ཡིན། །འོ་ན་ཇི་ལྟར་ཞེ་ན། ཤེས་པར་བྱེད་པའི་བྱ་བ་ཉིད་དོ། །འདི་ལ་དེ་ལྟ་བུའི་ཡུལ་གྱི་དོན་མེད་དོ་ཞེས་གཞན་གྱིས་ཤེས་པར་བྱ་བ་ཡིན་
Vol. 179 · folio 29a
ནོ། །དངོས་པོ་མེད་པ་གོ་བར་བྱེད་པ་ཡང་མི་དམིགས་པ་ཁོ་ན་ཡིན་ཏེ། གཅིག་ནི་དགག་པའི་གཏན་ཚིགས་སོ་ཞེས་བཤད་པའི་ཕྱིར་རོ། །འགལ་བ་ཡང་མི་དམིགས་པ་ཉིད་ཀྱིས་སྒྲུབ་པའི་ཕྱིར་རོ། །དེས་ན་གནོད་པར་བྱེད་པས་ནི་དེ་གཞལ་བྱས་སྟོང་པ་ཉིད་དུ་རྟོགས་
པར་བྱ་བ་ཡིན་ནོ། །དེ་མེད་པ་ཡང་གཞན་ཡོད་པ་ཉིད་ཡིན་པའི་ཕྱིར་གནོད་པའི་བྱེད་པ་ནི་དེ་ལས་གཞན་དམིགས་པ་ཉིད་དོ། །དེ་ནི་སད་པའི་ཤེས་པ་ལ་ཐམས་ཅད་ཡོད་པ་ཡིན་ནོ། །གལ་ཏེ་སད་པའི་ཤེས་པ་ལ། །དེ་ནི་དེ་ལྟར་མ་ཡིན་ནོ། །ཞེས་བྱ་བ་དེ་ལྟར་མི་འགྱུར་བ་མ་ཡིན་ནམ་དེ་ཇི་ལྟར་
གནོད་ཅེ་ན། འདི་ནི་དེ་ལྟ་ཡིན་ནོ། །འདི་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་རིག་པ་དང་། ཅིག་ཤོས་ཀྱི་འབྲས་བུ་མ་ཡིན་ནམ། དེས་ན་ཇི་ལྟར་འབྲས་བུས་རྣམ་པར་འཇོག་གི་རིག་པས་མ་ཡིན། འབྲས་བུས་རྣམ་པར་གནས་པ་ནི་ཀུན་རྫོབ་ཏུ་ཡོད་པ་ཉིད་ཡིན་ཏེ། ཚད་མ་མེད་པའི་ཕྱིར་རོ། །རིག་པ་མེད་
པར་འབྲས་བུར་ཇི་ལྟར་འགྱུར་ཞེ་ན། རང་རིག་པས་རིག་པའི་ཕྱིར་རོ། །དེས་ན་འབྲས་བུ་བཞིན་དུ་དོན་རིག་པ་ཡང་རང་རིག་པ་ཙམ་ཉིད་དོ། །དེས་ན་དོན་རིག་པ་ཡང་དེ་ཉིད་ལ་ཡིན་ནོ་ཞེས་རྣམ་པར་གནས་སོ། །འདི་ལྟར། དོན་རིག་བྱེད་པ་ཤེས་ན་ནི། །དེ་ཡི་དེ་མ་ཐག་བྱུང་བའི། །འབྲས་བུ་
དེ་ནི་དེ་ལྟ་བུར། །གོ་བྱེད་གཞན་དུ་དེ་མ་ཡིན། །དེའི་ཕྱིར་དེའི་གནོད་པར་བྱེད་པ་ནི་འདི་ཉིད་དེ། རང་བཞིན་གཞན་འཛིན་པ་གང་ཡིན་པའོ། །དེ་ཡང་ཤེས་པ་གཞན་ལ་ལྟོས་ནས་ཤེས་པ་ཐམས་ཅད་ཡིན་ནོ། །གལ་ཏེ་སད་པའི་ཤེས་པའི་དོན། །མི་སླུ་བ་ཅན་མ་ཡིན་ནམ། །དེ་ཇི་ལྟར་ན་གཞན་
གྱིས་དེ་མི་འཛིན་ཞེ་ན། རྨི་ལམ་དུ་རྟོགས་པ་ཡང་དེ་ལས་གཞན་པའི་རྨི་ལམ་གྱི་ཤེས་པས་འཛིན་པའི་ཕྱིར་མི་སླུ་བ་ཉིད་ཡིན་པས་དེ་ཇི་ལྟར་གནོད་པ་ཡིན། སད་པའི་ཤེས་པས་གནོད་པའི་ཕྱིར་རོ་ཞེ་ན། སད་པའི་ཤེས་པ་ལ་ཡང་དེས་གནོད་པའི་ཕྱིར་དེ་ནི་མཚུངས་སོ། །ཡིད་གཉིད་ཀྱིས་
ཉམས་པ་ལ་དེ་ཡོད་པའི་ཕྱིར་གནོད་པར་བྱེད་པ་མ་ཡིན་ཏེ། དཔེར་ན་མིག་ཉམས་པས་སྐྲ་ཤད་ལ་སོགས་པར་མཐོང་བ་དེ་ལས་བཟློག་པ་ལ་གནོད་པར་བྱེད་པ་མ་ཡིན་པ་བཞིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། གཉིད་ཀྱིས་ཉམས་པར་བྱེད་པའི་སེམས་གང་གིས་དེ་ལྟར་རྟོགས་པ་ཡིན།
Vol. 179 · folio 29b
རེ་ཞིག་དེ་ཡི་གནས་སྐབས་སུ། །དེ་ནི་དེ་ལྟར་རྟོགས་མ་ཡིན། །གཉིད་ལོག་པ་འམ་ལངས་པ་ན་རྟོགས་པ་ཡིན་ནོ་ཞེ་ན། འདི་ཐམས་ཅད་རྨི་ལམ་ན་ཡང་ཡོད་པ་མ་ཡིན་ནམ། འདི་ལྟར། རྨི་ལམ་ན་ཡང་བདག་ཉིད་ནི། །གཉིད་ཀྱིས་ལོག་པ་སླར་སད་ཅེས། །ཁྱེད་ཀྱིས་རྣམ་དབྱེར་བརྗོད་
པ་ཡི། །རྟོགས་པ་འདི་ནི་གང་གིས་བྱས། །སད་པ་ལ་སོགས་པའི་ཐ་སྙད་ནི་རྨི་ལམ་དུ་ཡང་མཐོང་སྟེ་དེས་ན་སད་པ་ལ་སོགས་པའི་ཐ་སྙད་དེ་ཡང་མཚན་ཉིད་མ་ཡིན་པར་མཐོང་བས་ཡིད་ཆེས་པར་བྱེད་པ་ཇི་ལྟར་འགྱུར། ཅི་སྟེ་ཡིད་ཆེས་པས་རིག་པའི་ཕྱིར་དེ་ལྟར་ཡིན་ནོ་ཞེ་ན། རྨི་ལམ་
དུ་ཡང་དེ་ལྟར་འགྱུར་བའི་ཕྱིར་འདི་ནི་མཚུངས་སོ། །ཅི་སྟེ་རྨི་ལམ་དུ་ཡང་འདི་ནི་རྨི་ལམ་མོ་ཞེས་རེས་འགའ་ཡིད་ཆེས་པ་ཡོད་པ་དེའི་ཕྱིར་དེ་ལྟ་མ་ཡིན་ནོ་ཞེ་ན། ཅི་འདི་བདེན་པ་ཡིན་ནོ་ཞེས་བྱ་བར་རྟོགས་པ་མེད་དམ། དེས་ན་བདེན་པ་ཉིད་དུ་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་རྨི་ལམ་ནི་རྣམ་པར་མི་
གནས་པ་ཡིན་ནོ་ཞེ་ན། འདི་ཡང་རྣམ་པར་མི་གནས་པ་ཉིད་དེ། ཕྱུག་པོ་ལ་སོགས་པ་རྣམ་པར་མི་གནས་པའི་ཕྱིར་རོ། །དེར་རྣམ་པར་མི་གནས་པ་ནི་རྒྱུ་དང་བཅས་པ་ཡིན་ལ་རྨི་ལམ་གྱི་ནི་རྒྱུ་མེད་པ་ཡིན་ཏེ། འདི་ལྟར། རྨི་ལམ་དུ་མཐོང་བ་ནི་མོད་ལ་འཇིག་པ་ཡིན་ནོ་ཞེ་ན། འདི་ནི་བག་
ཆགས་བརྟན་པ་ཡིན་གྱི། དེ་ལྟར་དོན་སྒྲུབ་པར་ནུས་པ་ནི་མ་ཡིན་ནོ། །འདི་ལྟར། དེར་ཡང་ཡིད་འོང་སྩོགས་མཐོང་བ། །མོད་ལ་འཇིག་པར་འགྱུར་བ་ཡིན། །རྨི་ལམ་དུ་ཡང་ཉིན་ལ་ནི། །རྒྱུན་མི་འཆད་པར་དེ་མཐོང་ཉིད། །གལ་ཏེ་རྨི་ལམ་དང་རྨི་ལམ་མ་ཡིན་པའི་ཤེས་པ་གཉིས་ཐ་
དད་པར་སྒྲུབ་པར་བྱེད་པའི་ཚད་མའམ། ཚད་མ་མ་ཡིན་ཞེས་རྣམ་པར་རྟོག་པ་གཉིས་སོ། །གལ་ཏེ་ཚད་མ་ཡིན་ན་དེའི་ཚེ་དེ་དམིགས་པ་དང་བཅས་པ་ཡིན་པའི་ཕྱིར་དེ་ཉིད་ཀྱིས་མ་ངེས་སོ། །ཅི་སྟེ་ཚད་མ་མ་ཡིན་ན། དེའི་ཚེ་ཕྱོགས་དང་དཔེ་མ་གྲུབ་པའི་ཕྱིར་ཇི་ལྟར་རྗེས་སུ་དཔག་པ་
འཇུག་ཅིང་དམིགས་པ་མེད་པ་ཉིད་ཇི་ལྟར་འགྲུབ་ཅེ་ན་དེ་ནི་མ་ཡིན་ཏེ་ཚད་མ་ཉིད་ཡིན་པས་སྐྱོན་མེད་དོ། །ཚད་མ་ཐམས་ཅད་དམིགས་པ་དང་བཅས་པ་ནི་མ་ཡིན་ཏེ། རྗེས་སུ་དཔག་པ་ལ་དམིགས་པ་མེད་པའི་ཕྱིར་རོ། །དམིགས་པ་མེད་ཀྱང་ཐ་སྙད་ཀྱི་མི་སླུ་བ་ལ་ལྟོས་ནས་འདིར་ཚད་
Vol. 179 · folio 30a
མ་ཡིན་པའི་ཕྱིར་རོ། །གལ་ཏེ་རྨི་ལམ་དང་གཞན་པའི་ཤེས་པ་དེ་གཉིས་ཐ་དད་པར་གྲུབ་པ་དེ་ལྟ་ན་ཡང་དེ་སྒྲུབ་པར་བྱེད་པའི་ཤེས་པ་དམིགས་པ་དང་བཅས་པའི་ཕྱིར་ཐམས་ཅད་དམིགས་པ་དང་བཅས་པ་ཉིད་དུ་ཐལ་བ་མ་ཡིན་ནོ། །དེ་ཉིད་ཐ་དད་སྒྲུབ་བྱེད་ནི། །
འཇིག་རྟེན་པ་ཡི་རྟོགས་པ་ཉིད། །བསྒྲུབ་བྱ་དཔེ་ཡི་དཔྱད་པ་འདི། །སྣང་བ་ལ་ནི་རྟེན་ཕྱིར་རོ། །རེ་ཞིག་འདི་ནི་རྨི་ལམ་གྱི་ཤེས་པ་ཡིན་ལ་འདི་ནི་སད་པའི་ཤེས་པ་ཡིན་ནོ་ཞེས་བྱ་བ་འདི་ནི་འཇིག་རྟེན་ན་རྟོགས་པ་ཡིན་ནོ། །དེའི་ཕྱིར་དེ་ལ་བརྟེན་ནས་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་
ཐ་སྙད་ཡིན་ནོ། །དེ་ནས་ཕྱིས་གལ་ཏེ་རྣམ་པར་དཔྱོད་ན་འདི་ལ་རྣམ་པར་དབྱེ་བའི་རྒྱུ་ཅུང་ཟད་ཀྱང་རྟོགས་པ་མེད་པའི་ཕྱིར་ཐ་མི་དད་པར་སྒྲུབ་པར་བྱེད་དོ། །དེ་ལྟ་ཡིན་ན་གཞན་ལ་ཉེས་པ་ཅི་ཡོད་གལ་ཏེ་ཉེས་པ་ཡོད་ན། དེ་ལྟ་ཡིན་ན་རིག་བྱེད་ཚད་མར་སྒྲུབ་པ་ལ་ཡང་ཉེས་པར་འགྱུར་རོ། །འདི་
ལྟར་རིག་བྱེད་ནི་ཆོས་ཅན་ཡིན་ནོ། །དེ་ཇི་ལྟར་འཇིག་རྟེན་པའི་ཚིག་ལས་ཐ་དད་ཅེས་བརྒལ་ཞིང་བརྟགས་ན་ཇི་སྐད་བརྗོད་པར་བྱ། གལ་ཏེ་ཚད་མ་མེད་ན་འཇིག་རྟེན་པའི་ཚིག་དང་འདྲ་བའི་ཕྱིར་ཇི་ལྟར་དེ་འཇིག་རྟེན་པའི་ཚིག་ལས་ཐ་དད་པའི་ཆོས་ཅན་ཡིན། འོན་ཏེ་ཐ་དད་པ་ཉིད་ཚད་མས་གྲུབ་
པར་བརྗོད་ན། དེ་ལྟ་ན་སྒྲུབ་པར་བྱེད་པ་དགོད་པ་ལ་འབྲས་བུ་ཅི་ཞིག་ཡོད། དེའི་ཕྱིར་རྩོད་པ་འདི་ཇི་ལྟར་སྤང་བར་བྱ། གལ་ཏེ་དབྱངས་དང་ཡི་གེའི་གོ་རིམས་ཁྱད་པར་གཞན་ཉིད་ལས་རིག་བྱེད་ཀྱི་ཚོགས་ཐ་དད་པར་གྲུབ་བོ་ཞེ་ན་མ་ཡིན་ཏེ། གཞན་དག་ཀྱང་དེ་བཞིན་དུ་ཕན་ཚུན་ཐ་དད་པར་
གྲུབ་པའི་ཕྱིར་རོ། །འོན་ཏེ་རྒྱུ་འདི་ཡོད་པ་ཡིན་ན། ཅི་འདི་རིག་བྱེད་ཡིན་ནམ། འོན་ཏེ་མ་ཡིན་ཞེས་དཔྱད་པ་ན། གལ་ཏེ་ཚད་མ་ཡོད་ན་ནི་རིག་བྱེད་ཉིད་དོ། །དེ་སྟེ་དེ་ལྟ་མ་ཡིན་ན། འདིས་དགོས་པ་མེད་པའི་ཕྱིར་སྤང་བར་བྱ་བ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་འོ་ན་འདིར། །རོ་ཡང་དེ་ལྟར་ཤེས་པ་ནི། །
རེ་ཞིག་མཚུངས་པར་མཐོང་བ་ཡིན། །རྨི་ལམ་གྲུབ་པ་འདི་ལས་ཅི། །གཞན་ན་མིན་ཞེས་རྟོག་པ་ན། །དམ་པར་ཇི་ལྟར་འགྱུར་ཡིན་པ། །དེ་ལྟར་བལྟའོ་ཞེས་བྱ་ཡང་། །གལ་ཏེ་ཕྱིས་རྣམ་པར་དཔྱད་ན་རྨི་ལམ་གྱི་ཤེས་པ་འམ་གཞན་དག་དོན་དམ་པར་ཕན་ཚུན་ཐ་དད་པའམ་ཐ་མི་དད་པར་འགྱུར་
Vol. 179 · folio 30b
བ་དེ་ལྟར་གཟུང་བར་བྱའོ། །དེ་ལ་གལ་ཏེ་བརྟགས་ན་ཐ་དད་པ་ལ་ཚད་མ་འགའ་ཡང་མེད་པའི་ཕྱིར་ཐ་མི་དད་པར་རྟོགས་སོ། །དེས་ན་འདི་ལ་འགལ་བ་ཅི་ཡོད། སྔར་གྱི་ཐ་དད་པར་འཛིན་པ་ཚད་མར་མི་འགྱུར་རོ་ཞེ་ན། མ་གྱུར་མོད་སྐྱོན་ཅི་ཡོད། ཕྱོགས་ལ་སོགས་པའི་རྣམ་པར་དབྱེ་བ་མེད་
པར་འགྱུར་རོ་ཞེ་ན། མ་གྱུར་མོད་ད་ལྟ་ངེད་ལ་ཆད་པ་ཅི་ཡོད། ཐ་དད་པ་མེད་པའི་སྒྲུབ་བྱེད་ཚད་མ་མ་ཡིན་པ་གང་ཡིན་པ་འདི་ཉིད་དོ་ཞེ་ན། དེ་ལྟ་ན་འོ་ན། ཆོས་ཅན་ཐུན་མོང་བ་ཉིད་དུ་རྟོགས་པ་གང་ཡིན་ཚད་མ་མིན། དེ་ལྟ་ཡིན་དང་དེ་ལྟ་བུའི། །སྒོ་ཅན་ཕྱི་རོལ་གཞན་ཡང་མིན། །རིག་བྱེད་ཀྱི་
མཚན་ཉིད་ཚད་མ་དང་ཚད་མ་མ་ཡིན་པ་ཐུན་མོང་དུ་ཆོས་ཅན་རྟོགས་པར་བྱེད་པ་ཚད་མ་མ་ཡིན་དུ་འགྱུར་ཏེ། ཕྱིས་ཚད་མ་མ་ཡིན་པར་བསྒྲུབས་པས་བཟློག་པའི་ཕྱིར་རོ། །དེས་ན་ཆོས་ཅན་སྒྲུབ་བྱེད་ཚད་མ་མ་ཡིན་པའི་ཕྱིར་དེའི་སྒོ་ནས་ཚད་མར་སྒྲུབ་པ་ཚད་མ་མ་ཡིན་པས་རིག་བྱེད་ཚད་
མར་མི་འགྲུབ་པོ། །དེས་ན་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་ཐ་སྙད་མཐའ་དག་ཞིག་པར་འགྱུར་རོ། །འོན་ཏེ་ཆོས་ཅན་ཐུན་མོང་དུ་འཛིན་ཀྱང་དེ་འཛིན་པ་ཚད་མ་མ་ཡིན་པར་མི་འགྱུར་ཏེ། དེ་ཉིད་ལ་ཚད་མ་ལྷག་པ་སྒྲུབ་པའི་ཕྱིར་རོ། །གལ་ཏེ་དེའི་གཞལ་བྱ་གཞན་གྱིས་བསལ་བ་ཡིན་ན་ཚད་མར་མི་
འགྱུར་རོ་ཞེ་ན། དེ་ཡང་མ་ཡིན་ཏེ་འདི་ལྟར། གང་ཚེ་ཆོས་ཅན་དེ་ཉིད་ཀྱིས། །རང་བཞིན་ཚད་མ་ཉིད་ཡིན་ན། །དེ་ལ་དེ་དང་བྲལ་བ་ནི། །འཛིན་ཀྱང་ཇི་ལྟར་ཚད་མ་ཡིན། །རིག་བྱེད་ཀྱི་ཚིག་ནི་ཚད་མའི་རང་བཞིན་ཡིན་ལ་དེ་དེ་ལས་བཟློག་པར་འཛིན་པ་ན་དེ་ལས་བཟློག་པའི་གཞལ་བྱ་
གཞན་གྱིས་བསལ་བ་ན་ཇི་ལྟར་ཚད་མ་ཡིན་ཏེ། མ་ཡིན་པ་ཉིད་དོ། །རང་གི་ངོ་བོས་ནི་ལྷག་པ་འགའ་ཡང་མེད་དོ། །མ་བཟུང་བས་ན་དེ་ལ་ལྷག་པར་ཐ་སྙད་བྱེད་དོ་ཞེ་ན། མ་བཟུང་བ་ཇི་ལྟར་ཚད་མ་ཡིན། རང་བཞིན་འགའ་ཞིག་འཛིན་པའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། ཐ་དད་པ་མེད་པའི་ཕྱིར་
རོ། །ཆོས་ཐ་དད་པར་ཁས་ལེན་པའི་ཕྱིར་དེ་ལྟ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཐུག་པ་མེད་པར་ཐལ་བའི་ཕྱིར་རོ། །གང་ཚེ་ཆོས་ནི་ཐ་དད་ན། །དེ་དང་སྦྱོར་བ་གཞན་དུ་འགྱུར། །དེ་དང་སྦྱོར་བའང་དེས་ཡིན་ཕྱིར། །ཆོས་ཀྱིས་བསླད་པ་མཐའ་མེད་འགྱུར། །གལ་ཏེ་དེ་དང་ལྡན་པ་ཉིད། །
Vol. 179 · folio 31a
དེ་གཉིས་ཉིད་ཀྱི་རང་བཞིན་ན། །ཚད་མ་ཉིད་ཀྱང་དེ་ལྟ་བུར། །འགྱུར་ཕྱིར་ངེད་ལ་ཅི་ཞིག་གནོད། །སྒྲོ་འདོགས་ཀྱིས་ནི་ངོ་བོ་ལས། །ཐ་དད་པར་ནི་བཟུང་བ་ཡང་། །དཔྱད་པས་ཐ་དད་མེད་རྟོགས་པ། །ཅི་ཡི་ཕྱིར་ན་ཚད་མ་ཡིན། །ཁྱེད་ཐ་མི་དད་པར་རྟོགས་
པས་ཐ་དད་དུ་ཆོས་ཅན་བྱེད་པ་ལ་སོགས་པའི་རྣམ་པར་དབྱེ་བས་སྒྲུབ་པར་བྱེད་པ་ཇི་ལྟར་འཇུག་ཅེ་ན། དེ་ནི་མ་ཡིན་ཏེ། འདི་ནི་གཞན་གྱིས་བརྟགས་པ་ལ་ལྟོས་ཏེ། རྗེས་སུ་བརྗོད་པ་ཙམ་དུ་ཟད་དོ། །སྔོན་གོམས་པས་རང་ཉིད་ཀྱང་སྒྲུབ་བྱེད་སྦྱོར་བའི་ཕྱིར། ཁ་ན་མ་ཐོ་བ་ཅུང་ཟད་ཀྱང་
མེད་དོ། །ང་ལ་ཡང་འདི་ལྟར་གྱུར་ཏོ་ཞེས་གཞན་རྟོགས་པར་བྱེད་དོ། །གལ་ཏེ་རྨི་སོགས་གནོད་བྱེད་ཀྱི། །བློ་བཞིན་ཤེས་ཀུན་ཤེས་ཉིད་ཕྱིར། །དམིགས་དང་བཅས་པར་གཞན་དག་ཀྱང་། །ཅི་སྟེ་སྒྲུབ་མི་བྱེད་ཅེ་ན། །ཇི་ལྟར་ཤེས་པ་ཐམས་ཅད་དམིགས་པ་མེད་དེ་ཤེས་པ་ཉིད་ཡིན་པའི་
ཕྱིར། རྨི་ལམ་གྱི་ཤེས་པ་བཞིན་ནོ་ཞེས་བྱ་བ་དེ་བཞིན་དུ་ཤེས་པ་ཐམས་ཅད་ནི་དམིགས་པ་དང་བཅས་ཏེ། ཤེས་པ་ཉིད་ཡིན་པའི་ཕྱིར་རྨི་ལམ་ལ་གནོད་པར་བྱེད་པའི་ཤེས་པ་བཞིན་ནོ་ཞེ་ན། འདིར་སྨྲས་པ། ཤེས་པ་ཉིད་དུ་ཁྱད་མེད་པས། །རྨི་ལམ་ཤེས་ལས་ཕ་རོལ་གྱི། །ཤེས་གཞན་
དམིགས་པ་མེད་པའི་ཕྱིར། །ཇི་ལྟར་ལན་གྱི་སྒྲུབ་བྱེད་ཡིན། །ཇི་ལྟར་རྨི་ལམ་གྱི་ཤེས་པ་དང་ཁྱད་མེད་པའི་ཕྱིར་གནོད་པར་བྱེད་པའི་ཚད་མས་ངེས་པ་དམིགས་པ་མེད་པ་ཉིད་དང་འབྲེལ་པའི་ཕྱིར་དམིགས་པ་མེད་པ་ཉིད་སྒྲུབ་པ་དེ་བཞིན་དུ། གལ་ཏེ་དམིགས་པ་དང་བཅས་པ་ཉིད་ཀྱང་ཡིན་
ན། དེའི་ཕྱིར་འགལ་བ་མི་འཁྲུལ་པ་ཅན་ཡིན་པའི་ཕྱིར་གཅིག་ཀྱང་མི་འགྲུབ་པས་དེ་ཉིད་དམིགས་པས་མེད་པ་ཉིད་ཡིན་ནོ། །དམིགས་པ་དང་བཅས་པ་ཉིད་སྒྲུབ་པ་ལ་ནི་འབྲེལ་པ་ཡོད་པ་མ་ཡིན་ནོ། །གཉི་ག་ཡང་མི་དམིགས་པ་ལས་དམིགས་པ་མེད་པ་ཉིད་ཡིན་ནོ། །འདི་ལྟར། ཇི་ལྟར་
རྨི་སོགས་ཤེས་པ་ལ། །རང་གི་ངོ་བོ་རིག་ཙམ་ལས། །གཞན་པ་རིག་པ་གང་ཡིན་པ། །སད་པའི་ཤེས་པའང་དེ་བཞིན་མཐོང་། །སད་པ་སྣང་བ་རིག་པ་ཡང་། །གཞན་གྱིས་རིག་པ་མ་ཡིན་ཏེ། ཤེས་པ་གཞན་ཉིད་དེ་ལྟར་རིག་པའི་ཕྱིར་རོ་ཞེས་འདི་ནི་བརྗོད་ཟིན་ཏོ། །དེ་ལ་ཡང་དམིགས་
Vol. 179 · folio 31b
པ་ཡོད་པ་ཉིད་དོ་ཞེ་ན། ཅིའི་ཕྱིར་དོན་བྱེད་པ་མ་ཡིན། གལ་ཏེ་དོན་བྱེད་པ་མེད་དུ་ཆུག་ཀྱང་རྟོགས་པ་ནི་ཡོད་པ་ཉིད་དོ། །གཅིག་མེད་པས་གཞན་མེད་པར་འགྱུར་བ་ནི་མ་ཡིན་ནོ། །དུ་བ་མེད་པས་མེ་མེད་པ་ནི་མ་ཡིན་ཏེ། ཐམས་ཅད་ཀྱི་ཚེ་ཡོད་པའི་ཕྱིར་རོ། །ཀིང་ཤུ་ཀའི་ཕུང་པོ་བཞིན་དུ་
མ་ཡིན་པ་ཉིད་དོ་ཞེ་ན་དེ་ལྟ་ན་འོ་ན་དེའི་དོན་བྱེད་པ་མ་ཡིན་གྱི། ཀིང་ཤུ་ཀའི་ཕུང་པོ་བཞིན་དུ་རང་གི་ངོ་བོས་ནི་ཡོད་དོ་ཞེ་ན། ཀིང་ཤུ་ཀའི་ཕུང་པོ་རང་གི་ངོ་བོས་དོན་བྱེད་པ་ཅན་ནི་ཡོད་པར་འགྱུར་གྱི་རྨི་ལམ་དུ་དམིགས་པ་ནི་མ་ཡིན་ཏེ། རྨི་ལམ་དུ་ཟོས་པ་ནི་རྒྱས་པར་བྱེད་པ་མེད་དོ། །
འོན་ཏེ་རྣམ་པ་དེ་ལྟ་བུ་དེ་ནི་གཟུགས་ཉིད་ཡིན་ཏེ། དེས་ན་མ་ཡིན་ནོ་ཞེ་ན་མ་ཡིན་ཏེ། ངོ་བོ་རང་རིག་པའི་ཕྱིར་དེ་ནི་རྣམ་པར་ཤེས་པ་ཉིད་དོ་ཞེས་རིགས་སོ། །དོན་གྱི་རང་བཞིན་ཡིན་ན་ཅི་འགལ་ཞེ་ན། བག་ཆགས་ཀྱི་སྟོབས་ལས་གྱུར་པ་ཉིད་དང་། རང་གིས་རྟོགས་པ་ཉིད་དོ། །དོན་ཉིད་
དེ་ལྟར་འགྱུར་རོ་ཞེ་ན། འདི་ནི་མིང་ཙམ་དུ་ཟད་དོ། །ཁྱེད་ཀྱིས་ཡང་ཇི་ལྟར་མ་ཡིན་ཞེ་ན། མ་ཡིན་ཏེ། ནང་གི་བྱེད་པ་ལ་རག་ལས་པར་རྟོགས་པའི་ཕྱིར་རོ། །དེས་ན་དེ་ནི་ཤེས་པ་ཉིད་དོ། །དེ་ལྟར་ཡང་བློ་ཙམ་དུ་སྒྲུབ་པ་འཆད་པར་འགྱུར་རོ། །དེ་ལྟ་ཡིན་དང་། དེ་ཡི་རིག་བྱ་དོན་གཞན་ལ། །
རིག་བྱ་རིག་བྱེད་འཐད་པར་དཀའ། །རང་བཞིན་དེ་ནི་དོན་གཞན་དུ་མི་འགྱུར་རོ། །དེས་ན་མ་ཞུགས་ན་རིག་པ་མ་ཡིན་ནོ། །ཞུགས་ན་ཡང་དོན་གཞན་མ་ཡིན་ནོ། །གལ་ཏེ་དེ་བློའི་རང་བཞིན་ཉིད་ཡིན་ན་དེའི་ཚེ། སྔོན་པོ་ལ་སོགས་པ་རང་གིས་རིག་པར་འགྱུར་བས་ཇི་ལྟར་གཞན་གྱིས་ཀྱང་རིག་
ཅེ་ན་མ་ཡིན་ཏེ། འདི་ནི་འཁྲུལ་པ་ཡིན་ཏེ། རབ་རིབ་ཅན་གྱིས་ཟླ་བ་གཉིས་མཐོང་བ་བཞིན་ནོ། །དེར་ཡང་དོན་ཉིད་ཡིན་ནོ། །འདི་ལྟར། ཇི་ལྟར་མ་འཁྲུལ་ཤེས་པ་ནི། །ཐུན་མོང་དོན་གྱི་རིག་བྱེད་འདོད། །དེ་བཞིན་དུ་ནི་འཁྲུལ་པ་ཡང་། །དོན་ཉིད་རིག་པར་བྱེད་པ་ཡིན། །དཔེར་ན་ཐུན་མོང་
དུ་རྟོགས་པས་མ་འཁྲུལ་པར་འདོད་པས་རྟོགས་པ་དོན་ཡིན་པ་དེ་བཞིན་དུ་གཞན་ཡང་ཡིན་ནོ་ཞེ་ན། དེ་ནི་མི་རིགས་ཏེ། ཐུན་མོང་བ་ཡི་དོན་ཉིད་ནི། །མངོན་སུམ་གྱིས་ནི་མཐོང་བ་མེད། །མངོན་སུམ་མེད་ཕྱིར་དེ་ལ་ནི། །རྗེས་སུ་དཔག་པས་རིག་པ་མིན། །རེ་ཞིག་མངོན་སུམ་གྱིས་ནི་ཐུན་
Vol. 179 · folio 32a
མོང་དུ་གཞན་གྱིས་རིག་པ་མི་རྟོགས་ཏེ། །དེ་ལྟ་མ་ཡིན་ན་རྟགས་མེད་པ་ཉིད་དུ་གཞན་གྱི་རྟོགས་པ་ཐམས་ཅད་རིག་པར་ཐལ་ལོ། །འོན་ཏེ་ཕ་རོལ་དག་གིས་ཀྱང་། །རྟོགས་པ་དེ་ནི་དེ་འདྲ་ཉིད། །དེ་ཕྱིར་དེ་ཡི་དེ་ཉིད་ནི། །ཐུན་མོང་བ་ཉིད་ཡིན་ཞེ་ན། ཇི་ལྟར་ངས་
འདི་རྟོགས་པ་དེ་བཞིན་དུ་རུང་བའི་ཡུལ་ན་འདུག་པ་གཞན་གྱིས་ཀྱང་རྟོགས་སོ་ཞེས་འཇིག་རྟེན་ན་གྲགས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། རབ་རིབ་ཅན་གྱིས་མཐོང་བའི་སྐྲ་ཤད་དང་། རྨི་ལམ་ལམ་དུ་མཐོང་བ་དག་ལ་ཡང་དེ་ལྟར་རྟོགས་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེར་ཡང་ཡོད་པ་
ཉིད་དོ། །རྨི་ལམ་གྱི་གནས་སྐབས་ན་ཡང་རང་བཞིན་དེ་ཉིད་དོ། །དེས་ན་དེ་དང་མཚུངས་པའི་ཕྱིར་དེ་ཡང་ཕྱི་རོལ་ཁོ་ནའོ་ཞེ་ན། མ་ཡིན་ཏེ་གོམས་པའི་སྟོབས་ཀྱིས་བདག་ཉིད་དེ་འདྲ་བར་སྣང་བ་ཡིན་གྱི་དེ་ན་གཞན་མེད་དོ་ཞེས་འཇིག་རྟེན་གྱི་གྲགས་པ་ཡིན་ནོ། །དེ་བཞིན་དུ་སད་པའི་
གནས་སྐབས་ཀྱང་ཡིན་པས་མཚུངས་སོ། །དོན་དམ་པར་ནི་གཉི་གར་ཡང་རང་གི་ངོ་བོར་སྣང་བ་ཙམ་དུ་ཟད་པས་དམིགས་པ་དང་བཅས་པ་ཉིད་མེད་དོ། །གལ་ཏེ་རྨི་ལམ་ན་ནི་ཐམས་ཅད་འཆོལ་བ་དང་འབད་པ་མེད་པར་འགྲུབ་པ་མ་ཡིན་ནམ། དེ་ཇི་ལྟར་ཤེས་པ་མཚུངས་པ་ཉིད་ཡིན་
ཞེ་ན། དེ་ནི་མ་ཡིན་ཏེ། སྔོན་པོ་ལ་སོགས་སྣང་བ་ལས། །འཆོལ་བ་གཞན་གང་ཡིན་པར་རྟོགས། །དེ་ཡང་གོམས་པའི་སྟོབས་ལས་བྱུང་། །དེས་ནི་ཇི་ལྟར་འདི་གནས་འགྱུར། །སྔོན་པོ་དང་སེར་པོ་ལ་སོགས་པར་སྣང་བ་འབའ་ཞིག་སྟེ། དེ་འཆོལ་བ་དང་འབད་པ་མེད་པར་འགྱུར་
བ་གཞན་ག་ལ་ཡོད། ཤིང་ལ་སོགས་པའི་གནས་སུ་མོད་ལ་མཚེའུ་ལ་སོགས་པར་འགྱུར་བའི་ཕྱིར་འབད་པ་མེད་པར་འགྱུར་བ་ཡིན་ནོ་ཞེ་ན། འབད་པ་མེད་པར་འགྱུར་བ་ཞེས་བྱ་བ་གང་ཡིན་པར་བཟུང་འབྲས་བུར་གྱུར་པའི་ཤེས་པས་ནི་འབྲས་བུ་ཉིད་ལ་རྒྱུར་གྱུར་པས་ནི་རྒྱུ་ཉིད་ཡིན་པས།
འདི་འདི་ལས་འགྱུར་རོ་ཞེས་ག་ལས་འགྱུར་ཞིང་འདི་མེད་པར་འདི་འབྱུང་ངོ་ཞེས་བྱ་བ་དེ་ལྟར་ངེས་པར་ཡང་ག་ལ་འགྱུར། འདི་ལ་མངོན་སུམ་མེད་ཅིང་རྗེས་སུ་དཔག་པ་ཡང་མེད་དོ། །འདི་འཆོལ་ལོ་ཞེས་བྱ་བར་ཡང་འགས་རིག་པ་མ་ཡིན་ནོ། །གོམས་པའི་བྱེ་བྲག་གིས་ན་རྨི་ལམ་དུ་འང་།
Vol. 179 · folio 32b
འཆོལ་བ་མེད་པ་ལ་སོགས་པ་སྣང་བ་དང་། དེ་བཞིན་སད་པའི་གནས་སྐབས་དག་ཏུ་ཡང་། འཆི་ལྟས་སྩོགས་ཀྱིས་འཆོལ་བར་མཐོང་བ་ཉིད་དོ། །དེ་ནི་འཆི་ལྟས་ཀྱི་ཉེས་པ་ཉིད་ཀྱིས་ཡིན་ནོ་ཞེ་ན། མ་ཡིན་ཏེ། འཆི་ལྟས་དང་འཆི་ལྟས་མ་ཡིན་པ་དག་ཁྱད་པར་མེད་པའི་ཕྱིར་རོ། །དེ་ལ་ཡང་
རྣམ་པར་འབྱེད་པ་གཞན་དགོས་ལ། དེ་ལ་ཡང་གཞན་ཡིན་པའི་ཕྱིར་གང་ལས་ཐ་དད་པར་འགྱུར་བ་དེ་ལྟ་བུ་ནི་ཡོད་པ་མ་ཡིན་ནོ། །རང་ཉིད་ཁོ་ནས་ཐ་དད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། འདི་ནི་རང་གི་རང་བཞིན་ཙམ་གྱི་མཐར་ཐུག་པ་ཡིན་པའི་ཕྱིར་རོ། །རང་གི་ངོ་བོའི་མཐར་ཐུག་པ་ནི་
གཞན་རིག་པ་མ་ཡིན་ནོ། །རང་གི་ངོ་བོ་ཙམ་རིག་པར་ནི་འཆོལ་པ་དང་མ་འཆོལ་པ་མཚུངས་སོ། །གལ་ཏེ་རིང་དུ་རྗེས་སུ་འབྲེལ་པ་དང་། འཁྲུལ་པ་དང་བྲལ་བ་ནི་མ་འཆོལ་བ་ཡིན་ནོ་ཞེ་ན་མ་ཡིན་ཏེ། མངོན་སུམ་གྱིས་རིང་དུ་རྗེས་སུ་འབྲེལ་བ་མི་མཛད་པའི་ཕྱིར་རོ། །དེས་ན་གཞན་རྣམ་
པར་རྟོག་པ་ལྷག་མར་གྱུར་པ་ཉིད་ཡིན་ན་དེས་ཀྱང་དོན་རྟོགས་པ་མ་ཡིན་པས་དེ་ལས་ཀྱང་རྣམ་པར་མི་གནས་སོ། །དེ་ཡང་རང་གི་ངོ་བོ་ལ་མངོན་སུམ་ཡིན་པའི་ཕྱིར་རོ། །དངོས་པོ་ཉམས་སུ་མྱོང་བས་སྐྱེད་པའི་རྣམ་པར་རྟོག་པ་ནི་མི་སླུ་བ་དང་ལྡན་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། འབྲེལ་པ་མ་བཟུང་
བའི་ཕྱིར་རོ། །གང་གི་ཚེ་དངོས་པོ་མྱོང་བ་དེའི་ཚེ། རྣམ་པར་རྟོག་པ་མེད་ལ། གང་གི་ཚེ་དེ་ཡོད་པའི་ཚེ་ཉམས་སུ་མྱོང་བ་མེད་པའི་ཕྱིར་འདིར་འབྲེལ་པ་འཛིན་པ་ག་ལ་ཞིག །རྣམ་པར་རྟོག་པས་སོ་ཞེ་ན། དེ་ཡང་ཚད་མ་མ་ཡིན་ནོ། །དེ་ཡང་འབྲེལ་པ་ལ་ལྟོས་པའི་ཕྱིར་རྣམ་པར་རྟོག་པ་གཞན་
དགོས་པས་ཐུག་པ་མེད་དོ། །དེ་ལྟ་ན་འོ་ན་བག་ཆགས་དང་ཡང་འབྲེལ་པ་ཇི་ལྟར་འཛིན་ཞེ་ན། དོན་དམ་པར་དེ་དང་ཡང་མ་ཡིན་པའི་ཕྱིར་འདི་ཡང་ཕྱོགས་ཉིད་དོ་ཞེས་བསྟན་ཟིན་ཏོ། །ཕྱི་རོལ་དོན་སྨྲ་དག་གིས་ནི། །ཕྱི་དང་རྒྱུ་འབྲས་ཞེས་བྱ་བའི། །བག་ཆགས་ཁས་བླངས་རྣམ་ཤེས་སུ། །
སྨྲ་བ་རྣམས་ཀྱིས་མ་ཡིན་ནོ། །བག་ཆགས་ཀྱིས་བསྐྱེད་པ་མེད་ཀྱང་འདི་རྣམ་པར་ཤེས་པ་ཙམ་ཡིན་པའི་ཕྱིར་སྐྱོན་མེད་དོ། །གལ་ཏེ་སད་པའི་ཤེས་པ་བག་ཆགས་ལས་བྱུང་བར་རྟོགས་པ་མེད་དོ་ཞེ་ན། རྨི་ལམ་གྱི་གནས་སྐབས་སུ་ཡང་རྨི་ལམ་དུ་སྣང་བ་མ་ཡིན་པའི་ཕྱིར་འདི་མཚུངས་སོ། །
Vol. 179 · folio 33a
ལངས་པ་ལ་འགྱུར་རོ། །སད་པའི་གནས་སྐབས་ལ་ནི་དེ་ལྟ་མ་ཡིན་ནོ་ཞེ་ན། འདི་ཡང་གྱི་ན་སྟེ། འདི་ལྟར། འདི་ནི་བཤད་ཟིན་རྨི་ལམ་དུ་འང་། །སད་པར་རྟོགས་པར་འགྱུར་བ་ཡིན། །དེས་ན་སད་པའི་གནས་སྐབས་ནི། །རྨི་ལམ་ལས་གཞན་མཚན་ཉིད་མིན། །བདག་སད་
དོ་སྙམ་པ་ནི་རྨི་ལམ་ན་ཡང་ཡོད་པ་ཉིད་དོ། །དེས་ན་ཇི་ལྟར་སད་པར་སྣང་བས་རྣམ་པར་གཞག་སད་པ་གཞན་གྱིས་དེ་ཡང་རྨི་ལམ་དུ་བྱེད་ཀྱི་འདི་ནི་གང་གིས་ཀྱང་མ་ཡིན་པའི་ཕྱིར་འདི་ཉིད་དོན་རྣམ་པར་གཞག་གོ་ཞེ་ན། གལ་ཏེ་དེ་ལྟ་མ་ཡིན་དུ་ཆུག་པ་དེ་ལྟ་ན་ཡང་དེ་དང་མཚུངས་པའི་ཕྱིར་ཡིད་
ཆེས་པའི་གནས་མ་ཡིན་ནོ། །རྗེས་སུ་དཔག་པའི་དུས་ན་ཡོད་པའི་དུ་བ་མེ་སྔོན་དུ་འགྲོ་བ་ཅན་དུ་གྲུབ་པའི་ཕྱིར་རྗེས་སུ་དཔོག་པར་བྱེད་པ་ཉིད་ནི་མ་ཡིན་གྱི། །འོན་ཀྱང་དེའི་མཚན་ཉིད་ཡིན་པ་ཉིད་ཀྱིས་སོ། །དེ་བཞིན་དུ་སད་པའི་གནས་སྐབས་འདི་ཡང་དེའི་མཚན་ཉིད་ཡིན་པའི་ཕྱིར་དེའི་རང་
བཞིན་ཉིད་དོ། །གལ་ཏེ་སད་པའི་གནས་སྐབས་དེར་སྒོམ་པའི་བྱེད་པ་མ་མཐོང་བ་ཡིན་ནམ། ཇི་ལྟར་ན་རྨི་ལམ་དང་མཚུངས་ཤེ་ན། དེ་ལ་བརྗོད་པ། བསྒོམ་པ་ཆོད་པར་གྱུར་ན་ཡང་། །རབ་ཏུ་སྣང་བ་ཉིད་ཡིན་ཏེ། །དཔེར་ན་རྒས་པའི་གནས་སྐབས་སུ། །བྱིས་པས་མཐོང་བ་དམིགས་པ་བཞིན། །
སྐྱེ་བ་གཞན་སོགས་མཐོང་བ་ཡང་། །འཆི་བའི་གཉིད་ཀྱིས་ལོག་གྱུར་པ། །སྐྱེ་གཞན་སྐྱེས་པའི་རྨི་ལམ་དུ། །དེ་ལྟར་ཅི་ཕྱིར་རྟོགས་མི་བྱེད། །ཇི་ལྟར་མཚན་མོ་གཉིད་ལོག་པ། །དེ་བཞིན་དུ་འཆི་བའི་གཉིད་ཀྱིས་ལོག་པ་ལ་ཡང་ཡིན་ནོ། །གཉིད་ལོག་སད་ལས་ཉིན་དང་ཉིན་ལ་འདིར། །སྣ་ཚོགས་
མཐོང་བ་དེ་ལྟར་འདི་ཅིས་མིན། །སྣང་བ་མ་མཐོང་གྱུར་པ་གང་ཡིན་ཏེ། དོན་མཐོང་བ་ཡི་རྒྱུ་ཡིན་པས་ན་མཚུངས། ཇི་ལྟར་སྔར་གྱི་ཉིན་མོ་མཐོང་བ་མཚན་མོ་རྨི་ལམ་མཐོང་བའི་རྒྱུ་ཡིན་པ་དེ་བཞིན་དུ། ཉི་མ་སྔ་མ་ལ་མཐོང་བ་ཕྱིས་ཀྱི་མཚན་མོ་དང་། ཆོད་པའི་ཉིན་མོ་རྨི་ལམ་མཐོང་བའི་རྒྱུ་ཡིན་
པས་འདི་ནི་རྨི་ལམ་བརྒྱུད་པ་ཆེན་པོ་ཡིན་ནོ། །སྔ་ན་མེད་པ་ཡང་མཐོང་ངོ་ཞེ་ན། རྨི་ལམ་དུ་མངོན་པར་འདོད་པ་ལ་ཡང་དེ་ལྟ་ཡིན་པའི་ཕྱིར་ཐམས་ཅད་མཚུངས་སོ། །ཇི་ལྟར་འགྲོ་འོང་རྨི་ལམ་དུ། །དམིགས་པ་གཞན་དང་གཞན་བྱེད་ལྟར། །སད་པའི་གཉིད་ལའང་འགྲོ་བ་དང་། །འོང་བ་ཅི་ཡིན་
Vol. 179 · folio 33b
ཕྱིར་མི་འདོད། །ཐ་སྙད་མེད་པའི་ཕྱིར་རོ་ཞེ་ན། མཁས་པ་རྣམས་རྗེས་སུ་དཔག་པ་འདི་ཉིད་ཀྱིས་ཐ་སྙད་བྱེད་པའི་ཕྱིར་ཅི་སྟེ་མཆོག །ཇི་ལྟར་རྒྱུ་དང་འབྲས་བུའི་ཐ་སྙད་རྗེས་སུ་དཔག་པ་ལས་ཡིན་པ་དེ་བཞིན་དུ་འདི་ཡང་ཡིན་པས་མཚུངས་སོ། །སྐད་ཅིག་མ་ཉིད་ལ་ཡང་ཐ་སྙད་མེད་པས་དེ་མེད་
པར་འགྱུར་རམ་ཅི། དེ་ཡང་མེད་པ་ཉིད་དོ་ཞེ་ན། འདི་ནི་བསྟན་པར་བྱའོ། །གལ་ཏེ་གཉིད་ཀྱིས་ཉམས་པའི་ཕྱིར་རྨི་ལམ་དུ་མཐོང་བའི་དོན་ནི་བདེན་པ་མ་ཡིན་པར་འཐད་དོ་ཞེ་ན་དེ་གསལ་བ་ཉིད་མ་ཡིན་ནམ། ཇི་ལྟར་གཉིད་ལོག་པ་ཡིན། དང་པོ་གཉིད་ལོག་པ་ནི་ཉེ་བར་སྦྱོར་བ་མ་ཡིན་ནོ། །དེ་ཉིད་
སྣང་བ་དེའི་རྒྱུ་ཡིན་ནོ་ཞེ་ན་མ་ཡིན་ཏེ། བསྒོམས་པའི་ཁྱད་པར་ལས་སྣང་བའི་ཁྱད་པར་ཡིན་པར་མཐོང་བའི་ཕྱིར་རོ། །དང་པོ་གཉིད་ལོག་པར་མཚུངས་ཀྱང་འགའ་ཞིག་གིས་རྣམ་པ་འགའ་ཞིག་ལྟར་རྨི་ལམ་མཐོང་བར་འགྱུར་རོ། །དེ་མེད་ན་མེད་པའི་ཕྱིར་ཞེ་ན། རྒྱུ་མཚན་ཙམ་ཡིན་ལ་རག་
མོད། དེ་ལྟར་ན་ཡང་དེ་སྣང་བའི་ཁྱད་པར་གྱི་རྒྱུ་ནི་མ་ཡིན་ནོ། །འདི་ཡང་གཉིད་ལོག་པའི་དེ་མ་ཐག་པ་ཉིད་དུ་སྣང་བ་དེས་ན་རྨི་ལམ་དང་མཚུངས་པ་ཉིད་དོ། །སད་ན་ཡིན་ནོ་ཞེ་ན། མ་ཡིན་ཏེ། སྣང་བ་ལས་སད་པ་མ་གཏོགས་པ་མེད་པའི་ཕྱིར་རོ། །སད་དོ་ཞེས་རྟོགས་པ་ལས་སད་
པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། རྨི་ལམ་དུ་ཡང་དེ་ལྟར་རྟོགས་སོ་ཞེས་བཤད་ཟིན་ཏོ། །དེའི་ཕྱིར་རྨི་ལམ་དང་གཞན་དག་ལ་ཁྱད་པར་མེད་དོ། །དེས་ན་ཁྱད་པར་མཐོང་བ་ལས་དམིགས་པ་དང་བཅས་པ་དང་དམིགས་པ་མེད་པ་ཐ་དད་པར་སྨྲ་བ་གང་ཡིན་པ་དེ་དེའི་ཁྱད་པར་མ་གྲུབ་པས་སུན་
ཕྱུང་བ་ཡིན་ནོ། །དེ་ནི་སད་པའི་ཤེས་པ་དང་ཁྱད་པར་མེད་པའི་ཕྱིར་ཕྱིན་ཅི་ལོག་ཏུ་གྲུབ་པས་དམིགས་པ་དང་བཅས་པ་ཉིད་དུ་མི་འགྱུར་རམ་ཞེ་ན། མ་ཡིན་ཏེ། ལོག་པར་སྣང་བ་མེད་པར་ཐལ་བར་འགྱུར་ཏེ། སད་པའི་ཤེས་པ་ཉིད་བཞིན་ནོ། །དེ་ལྟ་ན་ཡང་ཁས་བླངས་པ་ལ་གནོད་དོ། །
གཞན་ཡང་། ཤེས་ཉིད་ལ་སོགས་གཏན་ཚིགས་ཀྱིས། །གནོད་བྱེད་མངོན་སུམ་ཤེས་པ་ནི། །གཞན་དུ་བྱ་བར་མི་ནུས་ཏེ། །རྗེས་དཔག་མངོན་སུམ་གནོད་བྱེད་མིན། །བཟློག་པ་དམིགས་པའི་རང་བཞིན་མངོན་སུམ་གྱི་ངོ་བོ་མི་དམིགས་པའི་མཚན་ཉིད་ཀྱི་གནོད་པར་བྱེད་པའི་ཤེས་པ་ནི། །
Vol. 179 · folio 34a
ཤེས་པ་ཉིད་ལ་སོགས་པའི་རྗེས་སུ་དཔག་པས་གནོད་པར་ནུས་པ་མ་ཡིན་ནོ། །གལ་ཏེ་དུ་བ་ལས་མེ་རྗེས་སུ་དཔག་པ་ན་ཕྱིས་བཟློག་པ་ལ་མངོན་སུམ་ཞུགས་ན་གཅིག་རྗེས་སུ་དཔག་པ་ཚད་མ་ཡིན་ནམ་ཞེ་ན། གལ་ཏེ་མངོན་སུམ་ཞུགས་ཀྱང་ཟླ་བ་གཉིས་ཀྱི་
ཡུལ་དུ་རྗེས་སུ་དཔག་པས་གནོད་ན། ཅི་སྟེ་མངོན་སུམ་ཡིན་ནམ་ཞེས་རིག་པ་མཚུངས་སོ་ཞེ་ན། མ་ཡིན་ཏེ། དེར་ཡང་མངོན་སུམ་ཉིད་གནོད་པར་བྱེད་པ་ཡིན་ཏེ། སྔར་གཅིག་ཏུ་མཐོང་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་རྗེས་སུ་དཔག་པ་ཉིད་དུ་ཡང་མི་འགྱུར་རོ། །མངོན་སུམ་ནི་རྗེས་
སུ་དཔག་པ་སྔོན་དུ་འགྲོ་བ་ཅན་མ་ཡིན་ནོ། །གལ་ཏེ་ཡིན་ན་ནི་རྗེས་སུ་དཔག་པ་ཉིད་དེར་ཡང་གནོད་པར་བྱེད་པ་ཡིན་པའི་ཕྱིར་རྗེས་སུ་དཔག་པས་གནོད་ན་མངོན་སུམ་ཚད་མ་མ་ཡིན་པར་འགྱུར་ལ། དེ་ལྟ་ན་ཡང་ཕན་ཚུན་གནོད་པ་འགར་ཡང་མི་འགྱུར་རོ། །དེས་ན་རྗེས་སུ་དཔག་པའི་
རྩ་བ་ནི་མངོན་སུམ་ཡིན་གྱི། མངོན་སུམ་གྱི་རྩ་བ་ནི་རྗེས་སུ་དཔག་པ་མ་ཡིན་ནོ། །མངོན་སུམ་ཡང་རྗེས་སུ་དཔག་པའི་རྩ་བ་ཅན་དུ་རྣམ་པར་གནས་པ་མ་ཡིན་ནམ། འདི་ལྟར། གོམས་པ་མེད་པར་དང་པོ་ནི། །མངོན་སུམ་འཇུག་པར་བྱེད་མིན་ཏེ། །འབྲེལ་པ་རྗེས་སུ་དཔག་པ་ཡིན། །
བཟུང་ན་དེ་ལས་འཇུག་ཕྱིར་རོ། །རྗེས་སུ་དཔག་པས་དོན་བྱེད་པ་དང་། འབྲེལ་པ་བཟུང་ན་མངོན་སུམ་འཇུག་པར་བྱེད་པ་ཡིན་ཏེ། དེས་ན་རྗེས་སུ་དཔག་པ་ལས་མངོན་སུམ་ཚད་མ་ཡིན་ནོ་སྙམ་ན། མངོན་སུམ་ལས་རྗེས་སུ་དཔག་པ་ཡིན་པའི་ཕྱིར་ཕན་ཚུན་གནོད་པར་བྱེད་པར་མཚུངས་སོ། །
གལ་ཏེ་དེ་ལྟ་ན་ཕན་ཚུན་རྟེན་པའི་ཉེས་པ་ཉིད་དུ་འགྱུར་བས། གཅིག་ཀྱང་ཚད་མར་མི་འགྱུར་རོ་ཞེ་ན། འདི་ནི་བཤད་ཟིན་ཏོ། །རང་ལ་རང་གི་ངོ་བོ་རྟོགས། །ཐ་སྙད་ལ་ནི་ཚད་མ་ཉིད་ཐ་དད་པའི་འཇུག་པའི་ཡུལ་དོན་གྱི་བདག་ཉིད་ལ་ཡིན་ནོ་ཞེས་སོ། །དེ་ཡང་ཐོག་མ་མེད་པའི་ཐ་སྙད་ལོང་བ་
བརྒྱུད་པ་ལས་སོ། །དེ་ཡང་མི་སླུ་བ་ལས་ཚད་མ་ཡིན་ལ། མི་སླུ་བ་ཡང་འབྱུང་བར་འགྱུར་བའི་མྱོང་བ་ཉིད་ཡིན་ནོ། །དེས་ན་དོན་གྱི་ཡུལ་ཅན་ཚད་མ་ཡིན་པར་ཇི་ལྟར་འགྱུར། རྗེས་སུ་དཔག་པ་ཡང་རང་གི་ངོ་བོའི་ཡུལ་ལ་མངོན་སུམ་མེད་པ་ཉིད་དུ་འགྱུར་རོ་ཞེ་ན། མ་ཡིན་ཏེ། དེ་ལ་ནི་དེ་མངོན་སུམ་ཉིད་
Vol. 179 · folio 34b
ཡིན་པའི་ཕྱིར་རོ། །དེས་ན་རྗེས་སུ་དཔག་པས་ཐ་དད་པའི་དོན་ལ་མངོན་སུམ་འགོག་པར་བྱེད་དོ། །དེའི་རྗེས་སུ་དཔག་པའི་ཡུལ་ཡིན་པའི་ཕྱིར་ཏེ། དེ་ལྐོག་ཏུ་གྱུར་པ་ཡིན་པའི་ཕྱིར་རོ། །ཇི་ལྟར་ལྐོག་ཏུ་གྱུར་པ་ལ་མངོན་སུམ་གྱི་ཚད་མ་ཡིན་ཞེ་ན། འཇུག་པར་བྱེད་པ་ཉིད་ཀྱིས་ཡིན་གྱི་འཛིན་པར་
བྱེད་པ་ནི་མ་ཡིན་ནོ། །འཛིན་པར་བྱེད་པ་ཡིན་ན་ནི་འཇུག་པར་བྱེད་པ་ཉིད་མ་ཡིན་པར་འགྱུར་རོ། །འདི་ལྟར། གལ་ཏེ་སྔར་གྱི་མངོན་སུམ་ལ། །དེ་ཉིད་སྣང་བ་ཡིན་ན་ནི། །དེ་ནི་རང་གི་ངོ་བོ་ཡིས། །ཐོབ་ཕྱིར་འཇུག་ལ་དོན་ཅི་ཡོད། །དོན་བྱེད་དོན་གཉེར་འཇུག་བྱེད་ན། །འོ་ན་དེ་ནི་མི་གསལ་ཉིད། །
གལ་ཏེ་གསལ་བ་ཡིན་ན་ནི། །ཕྱིར་ཡང་འཇུག་པ་མེད་པར་འགྱུར། །གལ་ཏེ་དོན་བྱེད་གསལ་ན་ཡང་། །ཐོབ་པའི་དོན་དུ་འཇུག་ཅེ་ན། །ཐོབ་པ་སྣང་བ་མེད་པའི་ཕྱིར། །མི་སྣང་བ་ལ་འཇུག་པ་ཉིད། །གལ་ཏེ་དེ་ལ་རྗེས་སུ་དཔག་པས་གནོད་ན་ནི་ཤིན་ཏུ་གསལ་བར་ཁོ་བོ་ཅག་གི་འདོད་པ་
གྲུབ་པོ། །འདི་ལྟར། ཐ་དད་པའི་དོན་ལ་རྗེས་སུ་དཔག་པས་མངོན་སུམ་འཇུག་པ་ཡིན་ལ། དེ་ཡང་ལྐོག་ཏུ་གྱུར་པའི་ཕྱིར་རྗེས་སུ་དཔག་པའི་ཡུལ་ཡིན་པའི་ཕྱིར་དེ་ཉིད་ལ་མངོན་སུམ་ལ་རྗེས་སུ་དཔག་པས་གསལ་བ་ཡིན་ནོ། །དེ་ཡང་རྗེས་སུ་དཔག་པས་གནོད་ན་རྗེས་སུ་དཔག་པ་ཉིད་
རྗེས་སུ་དཔག་པས་བཀག་པར་འགྱུར་རོ། །དེ་ནི་ལོང་བ་བརྒྱུད་པ་ལས་བྱུང་བའི་རྗེས་སུ་དཔག་པ་ཡིན་ལ་དེ་ལ་རྗེས་སུ་དཔག་པ་འམ་མངོན་སུམ་གྱིས་གནོད་ན་ཆད་པ་ཅི་ཡང་མེད་དོ། །མངོན་སུམ་དང་དེས་བསླང་བའི་རྗེས་སུ་དཔག་པ་དག་ལ་ནི་མངོན་སུམ་མམ་རྗེས་སུ་དཔག་པས་
གནོད་པ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་རིགས་པ་ཡིན་ནོ། །གལ་ཏེ་མངོན་སུམ་ཡང་ཟླ་བ་གཉིས་ཀྱི་ཡུལ་ཅན། དེའི་དུས་ཕྱིས་འབྱུང་བ་ཟླ་བ་གཅིག་ཏུ་སྣང་བ་གཞན་གྱིས་གནོད་པ་མ་ཡིན་ནམ། དེ་མངོན་སུམ་མ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར། གནོད་པའི་ཕྱིར་རོ། །ཕན་ཚུན་སྤངས་པས་རྣམ་
པར་གནས་པ་དག་ཇི་ལྟར་གནོད་བྱ་གནོད་བྱེད་ཀྱི་ངོ་བོ་ཡིན། དེ་ལྟ་བུ་ཉིད་དོ་ཞེ་ན། གཉི་ག་ཡང་གནོད་པར་བྱ་བ་འམ་གནོད་པར་བྱེད་པར་འགྱུར་རམ། མ་ཡིན་ཏེ། ཐོབ་པར་བྱེད་པའི་ཕྱིར་གཅིག་ནི་གནོད་པར་བྱེད་པ་ཉིད་ཡིན་ནོ། །འདི་ལྟར་མངོན་པར་འདོད་པ་ཐོབ་པར་བྱེད་པ་ཉིད་ནི་གཅིག་ལ་
Vol. 179 · folio 35a
ཡོད་ཀྱི་གཞན་ལ་ནི་མེད་དོ་ཞེ་ན། དེ་ལྟར་འོ་ན་བརྒྱུད་པས་རྗེས་སུ་དཔག་པ་ལ་གནོད་པར་འགྱུར་རོ། །དེས་ན་ཤེས་པ་ཐམས་ཅད་ནི་དམིགས་པ་མེད་པ་ཉིད་དེ། རྨི་ལམ་གྱི་ཤེས་པ་བཞིན་ནོ་ཞེས་བྱ་བའི་དོན་ཅི་ཡིན་ཞེ་ན། རང་གི་ངོ་བོ་ལ་དམིགས་པ་ཡིན་ལ། དེ་ལ་ཡང་
མངོན་སུམ་ཡིན་ཞིང་། དེས་བསླང་བའི་རྗེས་སུ་དཔག་པ་ནི་མི་དམིགས་པའི་རང་བཞིན་ཡིན་པས་དེ་ནི་རྗེས་སུ་དཔག་པ་འམ་གཞན་གྱིས་བསལ་བར་མི་ནུས་སོ། །དམིགས་པ་ཐ་དད་པ་སྒྲུབ་པ་ནི་མུན་པ་བརྒྱུད་པ་ཡིན་པའི་ཕྱིར་མངོན་སུམ་མ་ཡིན་ཞིང་དེས་བླང་བའི་རྗེས་སུ་དཔག་པ་ཡང་མ་ཡིན་
པས་དེ་ལ་གནོད་པར་བྱེད་པའི་མངོན་སུམ་མམ་རྗེས་སུ་དཔག་པ་ཉིད་དོ་ཞེས་བྱ་བ་འདི་ནི་གཅིག་ཏུ་ངེས་པའོ། །དེའི་ཕྱིར་ཐམས་ཅད་དམིགས་པ་དང་བཅས་ཏེ་སད་པའི་ཤེས་པ་བཞིན་ནོ་ཞེས་བྱ་བའི་ལན་གྱི་ཚད་མ་མ་ཡིན་ཏེ། རྩ་བ་མེད་པའི་ཕྱིར་རོ། །རྨི་ལམ་ལ་སོགས་པ་དམིགས་པ་དང་
བཅས་པ་སེལ་བ་གནོད་པར་བྱེད་པའི་བློ་ནི་དམིགས་པ་མེད་པ་ཡིན་ནོ། །དེ་ལྟ་ཡིན་ན་དཔེ་དེས་ཐམས་ཅད་དམིགས་པ་དང་བཅས་པར་ཇི་ལྟར་འགྲུབ། གལ་ཏེ་དམིགས་པ་མེད་པ་ཉིད་ཤེས་པ་གཞན་དུ་གྱུར་པ་དེ་བློ་འདིས་སྒྲུབ་པ་མ་ཡིན་ནམ། དེ་ནི་ཐ་དད་པ་ཡིན་ཏེ། དེས་ན་ཤེས་པ་གཞན་
ཡང་ཤེས་པ་ཉིད་ཀྱི་ཕྱིར་བསྒྲུབ་བྱ་ཐ་དད་པའི་ཡུལ་ཅན་ཉིད་ཡིན་པས་ཇི་ལྟར་ལན་གྱི་ཚད་མ་ཡིན་ཞེ་ན། གལ་ཏེ་མངོན་སུམ་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་འདི་དམིགས་པ་ཐ་དད་པ་ཅན་ཡིན་དུ་ཆུག་ཀྱང་། གང་གིས་དེ་ཡང་དེ་ལྟར་འདོད་པ་དེ་ལས་བཟློག་པའི་བློ་བཟློག་པས་གསལ་བ་ལ་གོ་ཅི་ཞིག་
འོངས། འདི་ཐ་དད་པ་སྒྲུབ་པར་བྱེད་པ་ནི་མ་ཡིན་ཏེ། ཐ་སྙད་ཙམ་སྒྲུབ་པའི་ཕྱིར་རོ། །ཐ་དད་པ་གཞན་ལས་ཅིག་ཤོས་ལ་དམིགས་པར་མི་འཁྲུལ་པ་སྒྲུབ་པར་བྱེད་ལ། མི་འཁྲུལ་པ་དེ་ཡང་དེ་ཉམས་སུ་མྱོང་བ་ཞེན་པའི་དེའི་དུས་པ་ཉིད་དོ། །དེས་ན་ད་ལྟར་དེ་འདིར་སྣང་བར་བྱེད་པ་ནི་མ་ཡིན་ནོ། །
འདི་ནི་རང་གི་རྣམ་པའི་མཐར་ཐུག་པ་ཡིན་པའི་ཕྱིར་དེའི་བདག་ཉིད་ཀྱི་དམིགས་པ་ཉིད་རྟོགས་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་འདི་དམིགས་པ་དང་བཅས་པས་གཞན་ཡང་དམིགས་པ་དང་བཅས་པར་སྒྲུབ་པ་མ་ཡིན་ནོ། །གལ་ཏེ་དེའི་རང་བཞིན་ཡུལ་དུ་མི་འབྱེད་ན། ཇི་ལྟར་འདིས་དེ་སྒྲུབ་ཅེ་ན་དེ་
Vol. 179 · folio 35b
ལ་མི་སླུ་བའི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །མི་སླུ་བ་ལས་ཡུལ་དུ་བྱས་པར་རྟོགས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བཤད་པ། རིག་བྱ་རིག་བྱེད་རྣམ་པ་མེད། །སྐྲ་སོགས་ཤེས་པའི་ཐ་དད་བཞིན། །གང་ཚེ་གཟུང་འཛིན་རྣམ་ཕྱེ་བའི། །མཚན་ཉིད་རྣམ་པར་བསླད་པ་ཅན། །ཇི་ལྟར་འཁྲུལ་པས་མཐོང་གྱུར་
པ། །དེ་ལྟར་འདི་རྣམས་གཞག་བྱས་པ། །དེ་ཚེ་གཟུང་དང་འཛིན་པ་ཡི། །མཚན་ཉིད་ལ་ནི་བརྩད་བྱ་མིན། །སྐྲ་ཤད་ལ་སོགས་པ་ཐོབ་པར་བྱ་བ་རིག་བྱའི་དངོས་པོ་མེད་པ་ཁོ་ནར་རིག་པར་བྱེད་པའི་རྣམ་པ་ཡིན་ནོ། །སྐྲ་ཤད་ལ་སོགས་པ་ཐོབ་པར་བྱ་བ་དེ་ལ་ནི་བློ་འཛིན་པར་བྱེད་པ་མ་ཡིན་ཏེ། དེ་མེད་
པའི་ཕྱིར་རོ། །ཐོབ་པར་བྱ་བའི་རིག་གོ་ཞེས་བྱ་བ་ནི་དེ་འཁྲུལ་པས་རྟོགས་པ་ཡིན་ནོ། །དེས་ན་རྟོགས་པ་གང་ཡིན་པ་འཇུག་གོ། །དེ་ལ་དེ་ལྟར་འཇུག་པ་རྣམས་ཀྱི་ཐོབ་པ་མེད་པ་གང་ཡིན་པ་དེ་ལ་ནི་དམིགས་པ་མེད་པ་ཉིད་དུ་གསལ་བ་ཁོ་ནའོ། །དེས་ནི་གཞན་དམིགས་པ་མེད་པ་ཉིད་དུ་སྒྲུབ་པར་
བྱེད་དོ། །མི་མཐུན་པ་རྟོགས་པ་མེད་པས་རང་བཞིན་མཚུངས་པར་རྟོགས་པའི་ཕྱིར་རོ། །དམིགས་པ་དང་བཅས་པ་ཉིད་ནི་གར་ཡང་རྟོགས་པ་མེད་པ་དེའི་ཕྱིར་ཇི་ལྟར་དེ་དང་མཚུངས་པའི་ཕྱིར་ཐམས་ཅད་དམིགས་པ་དང་བཅས་པར་འགྲུབ། ཐོབ་པར་བྱ་བའི་རང་བཞིན་དུ་སྣང་བ་དེ་ལྟར་རྟོགས་
པ་ནི་མ་ཡིན་ཏེ། འཇུག་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་མ་ཡིན་ན་དེ་སྣང་བའི་ཕྱིར་འཇུག་པར་མི་འགྱུར་རོ་ཞེས་བཤད་ཟིན་ཏོ། །སྣང་བ་ལ་ཡང་ཡང་སྣང་བར་བྱ་བའི་ཕྱིར་འཇུག་གོ་ཞེ་ན། འོ་ན་ཡང་སྣང་བ་ཉིད་མི་སྣང་བ་ཡིན་ཏེ། དེ་ཡང་སྣང་བ་ཡིན་ན་ནི་འཇུག་པར་མི་འགྱུར་བའི་ཕྱིར་ཐུག་པ་མེད་དོ། །ཡང་སྣང་
བ་ཡང་ཅིའི་དོན་དུ་ཡིན། བདེ་བའི་དོན་དམ་འཛིན་པའི་དོན་དུའོ་ཞེ་ན། འོ་ན་འཇུག་པ་དེའི་དོན་དུ་ཡིན་ལ་དེའི་ཡང་མི་སྣང་བ་ཁོ་ནའོ། །དེའི་ཕྱིར་མི་སྣང་བ་ཉིད་ཐམས་ཅད་དུ་ཡུལ་ཡིན་པའི་ཕྱིར་མྱོང་བ་མཐའ་དག་དམིགས་པ་མེད་པ་ཡིན་པས་ཇི་ལྟར་དེ་ལས་བཟློག་པར་འགྲུབ། འོ་ན་ཇི་ལྟར་ཡུལ་དུ་
མ་བྱས་པ་ལ་འཇུག་ཅེ་ན། དེ་ནི་མ་ཡིན་ཏེ། ཡུལ་དུ་བྱས་པ་ཉིད་ལ་ཡང་། །ཇི་ལྟར་འཇུག་ཅེས་བརྗོད་པ་ཡིན། །རྒྱུ་དང་འབྲས་བུའི་དངོས་པོ་འདི། །དེ་ལྟ་ཉིད་དུ་རྣམ་པར་གནས། །རང་རིག་པ་ཡི་རྟོགས་པ་ལས། །རང་གི་རྒྱུ་ཡི་མཐུ་ལས་སམ། །རྒྱུ་མེད་པར་རྟོགས་པས་གཞན་འབྱུང་བ་ཡིན་
Vol. 179 · folio 36a
ཏེ། ཇི་ལྟར་མཐོང་བ་དེ་ལྟར་ཁས་ལེན་ཏོ། །དེ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་ནི་བྱེད་པ་མེད་པ་ཡིན་ནོ་ཞེས་གསུངས་སོ། །ཡང་ན་སྔར་ཐོབ་པར་བྱ་བ་ཐ་དད་པ་རྟོགས་པ་མེད་པའི་ཕྱིར་ཕྱིས་ཐ་དད་པ་ཡིན་པའི་ཚད་མ་མེད་པའི་ཕྱིར་ཇི་ལྟར་ཐ་དད་པར་རྟོགས། འདིས་ནི་དོན་
བྱེད་པ་དང་ལྷན་ཅིག་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པ་ཡང་བསལ་ཏོ། །སྔ་མ་དང་ཕྱི་མ་དག་ཐ་དད་པར་རྟོགས་པ་མེད་པའི་ཕྱིར་དང་། དུས་མཉམ་པ་དང་བསྐྱེད་པར་བྱ་བ་མ་ཡིན་པའི་ཕྱིར་རང་གི་ངོ་བོ་ཉིད་དོན་བྱེད་པ་ཡིན་ལ། དེ་ནི་རྨི་ལམ་ལ་ཡང་ཡོད་པས་མཚུངས་སོ། །དེས་ན་བློ་ནི་རིག་བྱ་
དང་རིག་བྱེད་ཀྱི་རྣམ་པ་མེད་པ་ཉིད་དོ། །དེའི་ཕྱིར་གཟུང་བ་དང་འཛིན་པ་རྣམ་པར་ཕྱེ་བའི་མཚན་ཉིད་ནི་བསླད་པ་ཁོ་ན་ཡིན་ཏེ། དེས་ན་རང་གི་ངོ་བོ་ཙམ་རིག་པ་ལས་རྣམ་པར་རྟོག་པ་གཞན་སྐྱེ་བ་དེས་སྔར་གྱི་རྗེས་སུ་འབྲངས་ནས་དེ་ལྟ་དེ་ལྟར་རྣམ་པར་གཞག་པ་འབའ་ཞིག་ཏུ་ཟད་ཀྱི་དོན་དམ་པར་ནི་
དེ་ལ་དེ་ལྟ་བུ་ཉིད་ཡོད་པ་མ་ཡིན་ནོ། །འདི་ལྟར་སྐྲ་ཤད་ཀྱི་ཤེས་པ་ཡོད་ན་སྔ་མ་རྗེས་སུ་དྲན་པས་འདི་ལྟ་བུའི་སྣང་བའི་དེ་མ་ཐག་ཏུ་ཐོབ་པར་གྱུར་ཏོ་ཞེས་བྱ་བ་ཡིན་ནོ། །དེས་ན་གཟུང་བ་དང་འཛིན་པའི་རྣམ་པར་སྣང་བར་སྐྱེ་བ་ནི་རྣམ་པར་རྟོག་པ་ཡིན་ནོ། །དེ་ཡང་རང་གི་རང་བཞིན་ལ་གཟུང་བ་དང་འཛིན་
པའི་རང་བཞིན་དང་བྲལ་བ་ཉིད་དེ། གཞན་གྱིས་དེ་ལྟར་འཇོག་པ་ཡིན་ནོ། །དེ་ཡང་རང་གིས་རྣམ་པར་གནས་པ་ནི་མ་ཡིན་ནོ། །དེ་ལས་ཕྱི་རོལ་དོན་ཉིད་ནི། །ཉམས་སུ་མྱོང་བར་གྲུབ་པ་མིན། །ཉམས་སུ་མྱོང་བས་ཕྱི་རོལ་གྱི། །དངོས་ཡོད་དེ་ཉིད་གྲུབ་པ་མེད། །གལ་ཏེ་སྔོན་པོ་མྱོང་བ་དེ། །ཇི་
ལྟར་ཕྱི་རོལ་ཡིན་པར་བརྗོད། །གལ་ཏེ་སྔོན་པོ་མྱོང་མིན་ན། །དེ་ནི་ཇི་ལྟར་ཕྱི་ཞེས་བྱ། །གཞན་གྱིས་མྱོང་བ་མིན་ན་དེས། །ཇི་ལྟར་དེ་ནི་ཕྱི་ཞེས་བརྗོད། །གཞན་གྱིས་མྱོང་ན་དེ་དང་དེས། །འདི་ནི་ཐུག་པ་མེད་པར་འགྱུར། །འདི་ནི་གཞན་གྱིས་མྱོང་ཡིན་པར། །བདག་གིས་ག་ལས་ངེས་པ་ཡིན། །
དེ་འབྲས་མཐོང་ཕྱིར་དེ་མིན་ཏེ། །འབྲས་བུ་རབ་ཏུ་མ་གྲུབ་ཕྱིར། །རྒྱུ་འབྲས་དངོས་པོ་མ་གྲུབ་ཅེས། །བྱ་བ་འདི་ནི་བརྗོད་ཟིན་ཏོ། །རྗེས་སུ་དཔག་པ་སྤྱི་ཡི་ནི། །ཡུལ་ཅན་ཉིད་དུ་བརྗོད་པའི་ཕྱིར། །གཞན་གྱིས་མཐོང་བ་དེ་ཉིད་ནི། །འདི་ཞེས་རབ་ཏུ་གྲུབ་མི་འགྱུར། །ཇི་ལྟར་སྤུ་ལྡང་ལ་སོགས་
Vol. 179 · folio 36b
པའི། །འབྲས་མཐོང་ལས་ན་དེ་གཅིག་ཉིད། །དེ་བཞིན་བདེ་སོགས་གཅིག་ཉིད་དུ། །དེ་ཉིད་ལས་ནི་འགྲུབ་པར་འགྱུར། །དེ་ཡི་བདེ་བ་གཞན་ཡིན་ན། །གཟུང་བ་དེ་ལས་གཞན་དུ་འགྱུར། །གལ་ཏེ་ཡུལ་ནི་ཐ་དད་ལས། །བདེ་སོགས་གཞན་དུ་འདོད་ཅེ་ན། །དེ་ཉིད་དུ་ན་གཅིག་ཉིད་ལ། །ཡུལ་ཐ་
དད་པ་ཇི་ལྟར་འགྲུབ། །གཞན་དག་བདེ་བ་དེ་ཉིད་ལས། །སྤུ་ལྡང་སོགས་པར་ཅིས་མ་ཡིན། །སྤུ་ལྡང་ལ་སོགས་གཞན་ཡིན་ཕྱིར། །གལ་ཏེ་བདེ་བ་ཐ་དད་ན། །གཞན་ལ་གཟུང་བར་བྱ་བ་ཡང་། །གཞན་དུ་ཅིའི་ཕྱིར་འཛིན་མི་བྱེད། །གལ་ཏེ་སྤུ་ལྡང་ལ་སོགས་ཀྱང་། །ངེད་ཀྱི་མྱོང་བར་
འདུས་ཤེ་ན། །སྣང་རྟེན་གསལ་བ་བདེ་ལ་སོགས། །དེ་ལས་ཇི་ལྟར་ཐ་དད་ཡིན། །གལ་ཏེ་ཁོ་བོའི་བདེ་བ་ནི། །མེད་ཀྱང་སྤུ་ལྡང་སྩོགས་དེ་ན། །ཁོ་བོའི་གཟུང་བ་མེད་ཀྱང་དེ། །སྤུ་ལྡང་སྩོགས་པ་ཅིས་མ་ཡིན། །གལ་ཏེ་དེར་ཡང་དུས་ཀྱི་ནི། །དབྱེ་བས་ཐ་དད་འདོད་ན་ནི། །ངོ་བོ་ཉིད་ཀྱིས་
དབྱེར་མེད་ལ། །དུས་ཀྱི་དབྱེ་བས་ཅི་བྱར་ཡོད། །དེར་ཡང་ཐ་དད་མེད་པའང་ཡིན། །དེ་ནི་ལྐོག་གྱུར་ཉིད་མི་འགྱུར། །གཅིག་པོ་དེ་ནི་ཇི་ལྟར་ན། །རིག་པ་སྤངས་ནས་གནས་པར་འགྱུར། །གལ་ཏེ་དེ་གཅིག་ཡིན་ད་ལྟར་ཡང་རྗེས་སུ་འཇུག་པས་དེ་ཇི་ལྟར་ལྐོག་ཏུ་གྱུར་པ་ཡིན། ཕན་ཚུན་རིག་པ་
དང་སྤངས་ཏེ་གནས་པ་ཇི་ལྟར་གཅིག་ཡིན་ཞེས་འདི་ནི་བསམ་པར་བྱ་བ་ཉིད་དོ། །གལ་ཏེ་ཐུན་མོང་བ་ཉིད་དུ་སྣང་ན་ཁྱོད་ཀྱིས་མཐོང་ངམ་མ་མཐོང་ཞེས་འདྲི་བ་ཇི་ལྟར་འགྱུར། ཚད་མ་གཞན་གྱིས་ཡིད་ཆེས་པར་བྱ་བའི་ཕྱིར་རོ་ཞེ་ན། གལ་ཏེ་མངོན་སུམ་ལ་ཡིད་མི་ཆེས་ན་ཚིག་གིས་ཀྱང་ཡིད་ཆེས་
པར་མི་འགྱུར་རོ། །དེ་ཡང་རང་གི་སྣང་བ་ཉིད་སྟོན་པ་ཡིན་ནོ། །དེས་ཀྱང་ཁྱོད་ལ་སྣང་བ་ནི་ང་ལ་ཡང་སྣང་ངོ་ཞེས་དེ་ལྟར་མཐོང་བ་ཤེས་པར་བྱ་བ་ཡིན་པ་དེའི་ཕྱིར་ཕན་ཚུན་བརྟེན་པའི་སྐྱོན་དུ་འགྱུར་རོ། །མངོན་སུམ་གྱིས་མ་རྟོགས་པའི་གང་ཡིན་པ་ཡང་ཇི་ལྟར་ཚིག་ལས་ཡིད་ཚིམ་པར་བྱ་བ་
མངོན་སུམ་གྱི་དོན་ལ་ཉེ་བར་སྟོན་པ་ནི་ཆེན་པོ་མ་ཡིན་ནོ། །གཞན་ཡང་། མངོན་སུམ་ཚད་མ་ཉིད་ཡིན་ན། །ཚིག་ནི་ཚད་མ་ཡིན་པར་འགྱུར། །ཚིག་ཚད་ཡིན་ན་འང་མངོན་སུམ་ནི། །ཚད་མ་ཡིན་ཕྱིར་འདི་བཟང་ངོ་། །རབ་རིབ་ཅན་གཉིས་ཕན་ཚུན་དུ། །ལྷན་ཅིག་པར་ནི་གྱུར་པ་དག །སོ་སོར་ནུས་
Vol. 179 · folio 37a
པ་མེད་ན་ནི། །གང་ཕྱིར་འདུས་ཀྱང་དེ་ཉིད་ཡིན། །དེའི་ཕྱིར་མིག་ལ་སོགས་པའི་བྱེད་པ་དང་འབྲེལ་པ་ནི་རང་རིག་པ་ཡིན་པའི་ཕྱིར་སྔོན་པོ་ལ་སོགས་པ་ཤེས་པ་ཉིད་ཡིན་པས་གཟུགས་ལ་སོགས་པའི་བློ་ནི་རིག་བྱ་རིག་བྱེད་ཀྱི་རྣམ་པ་མེད་པ་ཉིད་དོ། །བློས་དེ་ལྟར་རིག་པའི་ཕྱིར་རྣམ་
པར་གཞག་པ་འདི་ནི་དེ་ཁོ་ན་ལྟར་བྱས་པ་ཡིན་ནོ་ཞེས་བྱ་བ་ནི་དོན་དམ་པའོ། །དེས་ན་རང་རིག་པ་ཉིད་འབྲས་བུ་ཡིན་ནོ། །དོན་ཏོ་ཞེས་ངེས་པ་ཡང་དེ་ཉིད་ལ་ཡིན་གྱི་དོན་མྱོང་བ་ཞེས་བྱ་བ་ནི་ཡོད་པ་མ་ཡིན་ནོ། །དེས་ན་གཟུང་བའི་རང་གི་ངོ་བོ་ཉིད་འཛིན་པར་བྱེད་པ་ལ་དཔེ་འགའ་ཡང་མེད་དོ་ཞེས་བཤད་དོ། །དེ་ལ་
བཟློག་པ་མེད་པར་མི་དམིགས་པས་སྒྲུབ་པ་ལ་དཔེ་མེད་པར་ཇི་ལྟར་འགྱུར་ཏེ། རི་བོང་གི་རྭ་ལ་སོགས་པ་མ་དམིགས་པ་དཔེ་ཡིན་ནོ། །ཡང་ན་དཔེས་ཅི་བྱ་སྟེ་མངོན་སུམ་གྱིས་གྲུབ་པ་ཡིན་ནོ། །དེའི་ཕྱིར་རང་གི་ཆ་བཟུང་བ་ཡིན་པ་གསལ་བར་བཟློག་ནུས་པར་འགྱུར་བ་དེའི་ཚེ་ཁྱད་པར་དང་བྲལ་བའི་དག་པ་ཉིད་
ཕྱི་རོལ་གྱི་གཟུང་བ་བཟློག་པའི་ཕྱོགས་ཡིན་པར་འགྱུར་ན་ཕྱོགས་དེ་ནི་མངོན་སུམ་གྱིས་གནོད་པ་ཡིན་ཏེ། གང་གི་ཕྱིར་མངོན་སུམ་ལ་སོགས་པའི་ཤེས་པའི་ཚོགས་ཀྱི་དམིགས་པ་ནི་ཕྱི་རོལ་ཉིད་ལུས་པ་ཡིན་ཏེ། རང་གི་ཆ་གཟུང་བ་ཡིན་པ་བཀག་པའི་ཕྱིར་རོ་ཞེས་གཞན་གྱིས་བརྗོད་པ་གང་ཡིན་པ་དེ་ནི་མ་
འབྲེལ་པ་ཡིན་ཏེ། ཕྱིའི་ཡུལ་མངོན་སུམ་པ་མེད་པར་བསྟན་པའི་ཕྱིར་རོ། །གནོད་པར་བྱེད་པ་དང་བྲལ་བ་ནི་ཤིན་ཏུ་རྣམ་པར་ངེས་པའི་ཕྱིར་སད་པའི་ཤེས་པ་འདི་དག་ནི་སྟོབས་དང་ལྡན་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། འདི་དག་ཤིན་ཏུ་རྣམ་ངེས་ཏེ། །སྣང་བ་ཉིད་ནི་རང་གི་ཆ་ལ་གཏོགས་ཀྱི། །ཕྱིའི་དོན་མི་སྣང་
བ་ལ་ནི་ངེས་པ་དེ་མ་ཡིན་ནོ། །སྣང་བ་དང་དྲན་པ་ལས་མ་གཏོགས་པར་ངེས་པ་ཞེས་བྱ་བ་ནི་མེད་དོ། །རེ་ཞིག་དོན་སྣང་བ་ནི་མེད་དོ། །སྣང་བ་མེད་ན་ཡང་དྲན་པ་ཡང་ཡོད་པ་མ་ཡིན་ནོ། །དེ་ལས་གཞན་པའི་ངེས་པ་ཡང་མེད་པའི་ཕྱིར་ཕྱི་རོལ་གྱི་དོན་ངེས་པ་ཞེས་བྱ་བ་འདི་ནི་ཚིག་ཙམ་དུ་ཟད་པས་དོན་མེད་དོ། །
སྐྱོན་ཅན་ཤེས་པས་གཟུང་བ་ཡི། །དོན་ནི་དགག་པར་རུང་ཡིན་ན། །གཟུང་མེད་འཛིན་པར་འཛིན་པ་དག །འགོག་ལ་མི་འཐད་ཅི་ཞིག་ཡོད། །གཟུང་བ་ཙམ་ལ་གནོད་ན་ནི། །རང་ཕྱོགས་གྲུབ་པ་མེད་འགྱུར་མོད། །གཟུང་བ་དེ་ནི་ཡོད་ཉིད་དུ། །ཁྱེད་ཅག་ཇི་ལྟར་རྗོད་པར་བྱེད། །ཁྱད་པར་ཁྱད་པར་ཅན་དག་ནི། །
Vol. 179 · folio 37b
ཐ་དད་པར་ནི་མ་བཟུང་ཕྱིར། །གཉི་ག་འམ་གང་ཡང་རུང་བ་ཉིད། །མ་གྲུབ་པར་ནི་བརྗོད་པ་ཡིན། །སྔར་ནི་ཐ་དད་འཛིན་པ་ལས། །ཕྱི་ནས་ངེས་པར་དཔྱད་པ་ན། །དོན་དམ་ཐ་དད་མེད་འགྱུར་བ། །དེ་ཡི་ཕྱིར་ཡང་ཅི་ཞིག་འགལ། །ལྡོག་པ་ཡོངས་སུ་བརྟགས་པ་ཡི། །ཁྱད་པར་ཁྱད་པར་ཅན་ཉིད་ནི། །
སངས་རྒྱས་གཞུང་ལ་འབྲས་བྱེད་པར། །རྣ་ལམ་དུ་ནི་མ་གྱུར་ཏམ། །འཆད་པོ་ཉན་པོའི་ཁྱད་པར་དག །ཁྱད་པར་ཅན་གྱི་ཤེས་གང་ཡིན། །དེ་ནི་དམིགས་པ་མེད་པ་ན། །རང་ཚིག་གནོད་པ་འགའ་ཡང་མེད། །ཁྱད་པར་དང་ནི་ཁྱད་པར་ཅན། །རབ་ཏུ་དབྱེ་བ་ཡོད་མིན་པ། །དེས་ན་དམ་བཅའ་བ་ཡི་
དོན། །བརྟགས་ན་མི་མཛེས་ཅི་ཞིག་ཡོད། །གཞན་ཡང་། དམིགས་པ་མེད་པ་ཞེས་བྱ་བའི། །དངོས་པོ་ཅུང་ཟད་རྟོགས་པ་མེད། །དེས་འདི་ཐ་དད་ལ་སོགས་པར། །འདྲི་བ་འཐད་པ་མ་ཡིན་ནོ། །གལ་ཏེ་དངོས་མེད་ཇི་ལྟར་ཁྱོད། །ངེད་ཅག་རྟོགས་པར་འདོད་པའམ། །རང་གི་བློ་ཡིས་རྟོགས་པར་
བྱེད། །ཅི་སྟེ་བརྟགས་ནས་བསྒྲུབ་བྱ་ན། །མེད་ལ་རྟོགས་པ་ཅི་འདྲ་ཞིག །རྟོགས་ན་དངོས་པོར་ཐལ་བར་འགྱུར། །དངོས་མེད་ཇི་ལྟར་འདོད་ཅེ་ན། །དེ་ཡང་དངོས་པོར་བརྗོད་པར་བྱ། །འདི་ནི་བཤད་ཟིན་ཏོ། །ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོ་ནི་ལྡོག་པའི་དབྱེ་བ་བརྟགས་པའི་རང་བཞིན་
གྱིས་ཡིན་ནོ། །དམིགས་པ་མེད་པ་ཉིད་ཕྱི་རོལ་གྱི་དམིགས་པར་བརྟགས་པ་ལས་ཐ་དད་པར་སོ་སོ་བ་ལྟ་བུར་དེ་ལྟ་བུའི་རང་གི་ངོ་བོ་ཤེས་པར་བྱ་བའི་ཕྱིར་རྣམ་པར་གཞག་པ་ཡིན་གྱི། དོན་དམ་ནི་ཐ་དད་པ་རྟོགས་པ་ཡོད་པ་མ་ཡིན་ཏེ། ཐ་དད་པ་མེད་པར་རྟོགས་པ་དངོས་པོ་ཡིན་པའི་ཕྱིར་རོ། །
དངོས་པོ་མེད་པ་ལ་རྟོགས་པར་ཇི་ལྟར་འགྱུར་ཞེ་ན། དེ་ཉིད་ཀྱི་ཕྱིར་ཏེ། དེ་ལྟ་མ་ཡིན་ན། དངོས་པོ་རྟོགས་པ་ཅི་འདྲ་ཞིག །དེ་ལྟར་དངོས་པོ་ཐལ་མིན་ཏེ། །མེད་ལ་རྟོགས་པ་འཇུག་འགྱུར་ཏེ། །དེ་ནི་དངོས་ལ་ཡོད་མ་ཡིན། །ཅི་སྟེ་ཤེས་པ་ཞེས་བྱ་འདི། །ལས་སམ་དངོས་ལ་སོགས་པར་བརྗོད། །
དངོས་སོགས་སུ་ནི་འགལ་འགྱུར་ཞིང་། །ལས་ཡིན་ན་ནི་གྲུབ་པ་བསྒྲུབ། །ཤེས་པ་ཞེས་བྱ་བ་འདི་ལས་སུ་བརྗོད་ན་ནི་རྟོགས་པར་བྱ་བས་ན་ཤེས་པ་ཞེས་ཆོས་ཅན་གྱི་རང་བཞིན་གྱི་དོན་ལས་སུ་བཤད་པར་འགྱུར་བའམ། ཡང་ན་རྟོགས་པས་ན་ཤེས་པ་ཞེའམ། རྟོགས་པར་བྱེད་པས་
Vol. 179 · folio 38a
ན་ཤེས་པ་ཞེའམ། འདིས་རྟོགས་པར་བྱ་བས་ན་ཤེས་པ་ཞེས་དངོས་པོ་དང་བྱེད་པ་པོ་དང་བྱེད་པའི་རང་བཞིན་དུ་འགྱུར་གྲང་ན། འདི་ཐམས་ཅད་མི་འཐད་དོ། །གལ་ཏེ་རྟོགས་པས་ན་ཤེས་པ་ཡིན་ན་ནི་དེ་རྟོགས་པར་བྱ་བ་མེད་པར་མི་འགྱུར་རོ། །དེ་བཞིན་དུ་བྱེད་པ་པོ་
ལ་སོགས་པ་ཡང་ངོ་། །དེས་ན་ཤེས་པ་ཞེས་བྱ་བ་ནི་ཕྱི་རོལ་གྱི་དོན་ལ་ལྟོས་པ་ཡིན་ལ་དམིགས་པ་མེད་པ་ཞེས་བྱ་བ་ནི་དེ་མེད་པ་ཡིན་པའི་ཕྱིར་ཕན་ཚུན་འགལ་ལོ་ཞེ་ན། དེ་ནི་མ་ཡིན་ཏེ། གལ་ཏེ་རྟོགས་པས་ན་ཤེས་པ་ཡིན་ན་རང་གི་བདག་ཉིད་ལ་གནས་པས་གཞན་མེད་པར་མི་འགྱུར་རོ་ཞེས་
བྱ་བ་འདི་ག་ལས་ཏེ། དེ་ལས་གཞན་མཐོང་བ་མེད་པའི་ཕྱིར་རོ། །དེ་ལ་རྟོགས་པར་བྱ་བ་ཡང་རང་གི་ངོ་བོ་ཉིད་ཡིན་ཏེ། གཞན་གྱིས་ཅི་བྱ། དེ་ལྟར་ཡང་བསྟན་པ་ཉིད་དེ་རྟོགས་པར་བྱེད་དོ། །བདག་ཉིད་འདིས་རྟོགས་པར་བྱ་བ་ཡིན་ནོ་ཞེས་བྱ་བ་འདི་ལ་འགལ་བ་རྟོགས་པ་ཅི་ཡོད། ལས་ཡིན་
ནོ་ཞེས་བྱ་བ་རྟོགས་པ་མེད་དོ། །སྔོན་པོ་ལ་སོགས་པ་ནི་རང་གི་ངོ་བོས་སྣང་བ་ཡིན་གྱི་དེ་ལས་ཞེས་བྱ་བ་གཞན་ནི་ཡོད་པ་མ་ཡིན་ནོ། །གལ་ཏེ་འདི་བྱེད་པ་པོ་གཞན་གྱི་རང་གི་བྱེད་པ་དང་འབྲེལ་པར་དམིགས་ན་དེ་ཉིད་གཞན་གྱི་དམིགས་པ་ཡིན་ནོ། །གལ་ཏེ་དེ་བཟློག་ན་ཇི་ལྟར་གྲུབ་པ་ལ་སྒྲུབ་
པ་ཡིན། འདིའི་འབྲེལ་པ་ཉིད་རབ་ཏུ་མ་གྲུབ་པ་དེའི་ཕྱིར་ལས་ཉིད་ཀྱིས་དེ་དམིགས་པ་ཡིན་པར་ཇི་ལྟར་འགྱུར། དེ་རང་གི་ངོ་བོས་དམིགས་པར་བྱ་བ་ཡིན་ནོ་ཞེ་ན། ད་ནི་འདི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །གལ་ཏེ་ངས་སྔོན་པོར་རྟོགས་སོ་ཞེས་དམིགས་པར་བྱ་བ་ཉིད་དུ་རྟོགས་པ་མ་ཡིན་ནམ་ཞེ་
ན། དེ་ནི་མ་ཡིན་ཏེ། ངའོ་སྙམ་པའི་ཤེས་གང་ཡིན། །དེ་ནི་ལུས་དབང་བདག་ཉིད་རིག །ངར་འཛིན་པས་ནི་དཀར་བདེ་དང་། །གཞི་མཐུན་པར་ནི་རིག་ཕྱིར་རོ། །དབང་པོ་ལ་སོགས་པ་དག་ལས་གཞན་ངའོ་སྙམ་པའི་ཤེས་པའི་དམིགས་པ་བདག་ནི་མ་དམིགས་སོ། །གང་གིས་འདི་དག་སྐུལ་བྱེད་
པའི། །ལུས་དེ་བདག་ཡིན་དེ་བཞིན་དུ། །རིག་མེད་འདི་དག་རང་བཞིན་ནི། །སྐྱེ་ལས་བསྐུལ་གཞན་གང་ལའང་མེད། །གལ་ཏེ་གང་ལས་སྐྱེ་བར་ནི། །མཐོང་བ་དེ་ཉིད་སྐུལ་བྱེད་ན། །དེ་དག་ཕན་ཚུན་རྐྱེན་ཡིན་པས། །གཅིག་ལ་གཅིག་ནི་སྐུལ་བྱེད་ཡིན། །དེ་ལས་གཞན་པའི་ཚོགས་པ་ནི། །ཚོགས་
Vol. 179 · folio 38b
པ་ལས་ནི་སྐྱེ་བ་ལ། །རྒྱུ་དང་འབྲས་བུའི་དངོས་པོར་ནི། །ཐ་སྙད་རབ་ཏུ་འཇུག་པ་ཡིན། །བློ་ཡི་ངོ་བོ་མ་རྟོགས་པར། །སྐུལ་བྱེད་གཞན་ནི་རྟོགས་པ་མེད། །སྔ་མ་སྔ་མར་དེ་ལྟ་བུ། །གོམས་པའང་ལ་ལར་སྐུལ་བྱེད་ཡིན། །བདེ་དབང་བློ་ཡི་རྣམ་པ་ལས། །སྔོ་སོགས་རྣམ་པ་དང་ལྡན་པའི། །
གལ་ཏེ་བློ་གཞན་སྐྱེ་འགྱུར་ན། །ལས་དང་བྱེད་པོ་དེ་གང་ལས། །དུས་མཉམ་པར་ནི་རིག་པ་ལས། །ཕན་ཚུན་བྱེད་པའང་ཡོད་མ་ཡིན། །དེས་ན་ལས་ལ་སོགས་པ་ཡི། །ངོ་བོ་དངོས་པོར་འཐད་མ་ཡིན། །གཟུགས་ལ་སོགས་པ་རྟོགས་པ་ནི། །དམིགས་པ་མེད་པར་འདོད་པ་ཉིད། །རྣམ་ཤེས་
བདག་ཉིད་མིན་པས་ན། །འདི་ལ་དམིགས་པ་འགའ་ཡང་མེད། །ཅེས་གང་བརྗོད་པ་དེ་ནི་ཡེ་ནས་མ་ཡིན་ཏེ། འདི་ལྟར། གཟུགས་ལ་སོགས་པ་རྟོགས་པ་ནི། །དམིགས་པ་མེད་པར་འདོད་མ་ཡིན། །རྟོགས་མེད་རང་བཞིན་ལས་ལྡོག་པས། །འདི་ནི་རང་གི་ཆ་ལ་དམིགས། །ཐ་དད་པའི་དམིགས་
པས་དམིགས་པ་མེད་པ་ཉིད་ནི་རྣམ་པར་ཤེས་པའི་བདག་ཉིད་ཀྱིས་ཡིན་པར་ཤིན་ཏུ་གསལ་ལོ་ཞེས་བསྟན་ཟིན་ཏོ། །གལ་ཏེ་བྱེད་པོ་བྱེད་པ་དག །ཡིན་ན་ཕྱོགས་ཀྱི་སྒྲ་དག་ཀྱང་། །དེ་དག་དམིགས་པ་མེད་པས་ན། །ཕྱོགས་མེད་པར་ནི་ཐལ་བར་འགྱུར། །ཞེས་གང་བརྗོད་པ་དེ་ཡང་ཤིན་ཏུ་ལེགས་
པས་བརྗོད་པ་ཡིན་ནོ། །འདི་ལྟར་ཤེས་པ་དང་དམིགས་པ་མེད་པའི་སྒྲ་དེ་དག་གིས་ཀྱང་རྟོགས་པར་བྱ་བ་ཡིན་ཏེ། །དེས་ན་དེ་དག་ཀྱང་རྟོགས་པ་ཉིད་མ་ཡིན་ནོ། །དེ་དམིགས་པ་མེད་པ་ཡིན་ན་ཕྱོགས་འགའ་ཡང་མེད་པས་སྒྲ་བླ་ལྷག་ཙམ་འབའ་ཞིག་ཏུ་ཟད་དོ་ཞེས་ཟེར་རོ། །དོན་དམིགས་མ་ཡིན་
དེ་ལ་ནི། །ལྡོག་པ་སྒྲ་ཡི་སྤྱོད་ཡུལ་ཡིན། །དེ་ལ་མི་སླུ་ཙམ་གྱིས་ནི། །ཕྱོགས་ཉིད་ཡིན་པའང་འགལ་བ་མེད། །སྒྲའི་སྤྱོད་ཡུལ་ཉིད་ནི་ཕྱོགས་མ་ཡིན་ཏེ། དེ་ནི་སྒྲུབ་པར་བྱེད་ཡུལ་ཡིན་པའི་ཕྱིར་རོ། །སྒྲུབ་པར་བྱེད་པ་མངོན་སུམ་གྱི་མཚན་ཉིད་ཀྱི་མི་དམིགས་པ་དེས་རང་གི་རྣམ་པ་དམིགས་པར་
སྒྲུབ་པ་དེ་ཕྱོགས་ཡིན་པས་ན་ཕྱོགས་མེད་པར་ཇི་ལྟར་འགྱུར། རྟོགས་པ་ཞེས་བྱ་བ་ནི་འདིར་ཤེས་པ་ཉིད་སྐབས་ཀྱི་སྟོབས་ཀྱིས་གོ་བས་དེ་ཇི་ལྟར་སྒྲའི་སྒོ་ནས་སུན་འབྱིན་པའི་སྐབས་སུ་འགྱུར། ཇི་སྙེད་བཤད་པས་ཡུལ་དུ་བྱས་པ་དེ་སྒྲའི་རྟོགས་པར་བྱ་བ་ནི་མ་ཡིན་ཏེ། འོན་ཀྱང་སྐབས་ཀྱིས་འོངས་པ་
Vol. 179 · folio 39a
ཉིད་དེ། དེ་ལྟ་མ་ཡིན་ན། སྒྲ་ལས་དོན་རྟོགས་པར་མི་འགྱུར་རོ། །སྤྱིའི་སྒྲ་ཡང་སྐབས་ཀྱི་ཁྱད་པར་ལ་འཇུག་པ་དམིགས་ཏེ། དཔེར་ན་སེན་ད་བ་འོན་ཅིག་ཅེས་བྱ་བ་ཟས་ཀྱི་སྐབས་སུ་ཚ་ཉིད་རྟོགས་པར་བྱེད་པ་བཞིན་ནོ། །ཕྱི་རོལ་རྟོགས་བྱ་མེད་པར་ནི། །བྱེད་པོ་ལ་སོགས་
མི་སྲིད་ཅེས། །རྟོགས་པ་དེ་རྒྱུ་ཅན་ཡིན་ན། །དེ་ནི་རང་གི་ཚིག་གིས་གནོད། །གལ་ཏེ་ཅུང་ཟད་རྟོགས་པར་བྱེད་པ་མ་ཡིན་པ་འམ། དེས་རྟོགས་པར་བྱ་བ་མ་ཡིན་ཏེ་འདི་ཅི་ལྟར་དེ་ལྟར་འགྱུར། རྟོགས་པའི་ཡུལ་མེད་ན་ཡང་ཡུལ་ཅི་ཞིག་རྟོགས་ཞེས་གང་སྨྲས་པ་དེ་ཡང་དབུགས་གཅིག་གིས་སོང་
བ་ཡིན་ཏེ། འདི་ལྟར། རྟོགས་བྱ་ཐ་དད་མེད་པར་ནི། །བྱེད་པོ་ལ་སོགས་སྲིད་པ་དང་། །རྟོགས་པ་དེ་རྒྱུ་ཅན་མིན་ན། །རང་གི་ཚིག་གིས་ཇི་ལྟར་གནོད། །ལས་དང་བྱེད་པ་པོ་ལ་སོགས། །བརྟགས་ཡིན་དམ་པའི་དོན་དུ་མེད། །བདག་ལ་བདག་གིས་བདག་ཉིད་ནི། །འཚོག་པར་བྱེད་ཅེས་
བརྗོད་པ་བཞིན། །རྟོགས་པའི་སྒྲའི་དོན་གྱི་ཕྱི་རོལ་གྱི་རྒྱུ་མཚན་ཅན་མ་ཡིན་པས་རང་གི་ཚིག་གིས་གནོད་པ་མེད་དོ། །འོན་ཏེ་རྟོགས་པ་ནི་གྲགས་པའི་རང་བཞིན་དུ་འགྱུར་ལ། དེ་ལྟ་ན་ཡང་བདག་ཅག་གི་དངོས་པོ་གཞན་གྱིས་འཛིན་པར་བྱེད་པའི་དངོས་པོ་རྟོགས་པ་ཡིན་པར་གྲུབ་སྟེ། གྲགས་
པའི་རང་བཞིན་གྱིས་ཀྱང་རྟོགས་པའི་སྒྲ་རྟོགས་པ་ལ་མ་ལྟོས་པར་དངོས་པོ་ཐ་དད་པ་ཉིད་རྟོགས་པ་ཡིན་པར་གྲུབ་པོ། །དེས་ནི་འཇིག་རྟེན་གྱི་གྲགས་པ་ཉིད་ཀྱིས་ཕྱིའི་དངོས་པོ་ཡུལ་ཡིན་པར་གྲུབ་པ་ཉིད་དོ། །འཇིག་རྟེན་གྱི་གྲགས་པ་ནི་གཞན་དུ་བྱ་བར་ནུས་པ་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། འཇིག་
རྟེན་གྲགས་པ་ཙམ་གྱིས་ནི། །དངོས་པོ་རྣམ་པར་གནས་མ་ཡིན། །རྣམ་པར་དཔྱོད་པའི་འཇིག་རྟེན་ནི། །དངོས་པོ་གྲུབ་པའི་རྒྱུ་མཚན་ཉིད། །དོན་སྒྲུབ་པ་ལ་རིག་པ་ལས། །མ་གཏོགས་འཇིག་རྟེན་ཡང་གང་ཞིག །རིག་པ་འཇིག་རྟེན་ཡིན་ན་ནི། །དེ་དམིགས་མེད་པར་བྱས་པ་ཡིན། །གལ་ཏེ་
རིག་པ་མེད་པར་ནི། །འཇིག་རྟེན་དེ་ཉིད་རྣམ་འབྱེད་ན། །བེམས་པོའི་བདག་ཉིད་རྡོ་ལ་སོགས། །འདི་ཀུན་རྣམ་པར་འབྱེད་པར་འགྱུར། །གང་ཡང་། དེ་ཁས་བླངས་ནས་ཕྱོགས་ཉིད་ན། །ཁས་བླངས་པ་ལ་གནོད་པར་འགྱུར། །ཁྱད་ཅན་ཁྱད་ལ་མ་གྲུབ་ཅིང་། །དེ་ལྟ་ཡིན་པ་ངེད་ཅག་ལ། །དངོས་
Vol. 179 · folio 39b
པོ་གཞན་རྟོགས་པར་བྱེད་པ་ཁྱད་པར་ཅན་གྱི་རྟོགས་པ་དེ་འདྲ་བ་ནི་ཁྱེད་ལ་མ་གྲུབ་ཅིང་གཞན་དུ་གྱུར་པ་ནི་ངེད་ཅག་ལ་མ་གྲུབ་པོ། །དེ་བཞིན་དུ། བདག་གི་ཆོས་དང་རང་རྒྱུད་དུ། །རྟོགས་པ་ན་ཡང་དེ་ལྟར་འགྱུར། །རྟོགས་པ་ཙམ་ནི་ཅུང་ཟད་ཀྱང་། །ཡོད་མིན་རྟོགས་པ་མེད་ཕྱིར་རོ། །
འདི་ལྟར། གལ་ཏེ་ཐ་དད་པ་སྒྲུབ་པར་བྱེད་པ་ཉིད་ཁས་བླངས་ནས་རྟོགས་པ་ཕྱོགས་སུ་བྱེད་ན་ནི་དེ་ལྟ་བུའི་ཆོས་ཅན་ཁྱེད་ལ་མ་གྲུབ་པོ། །དེ་ལྟར་ནི་སངས་རྒྱས་པས་ཁས་མ་བླངས་སོ། །འོན་ཏེ་བཟློག་པ་ཐ་དད་པ་མེད་པ་སྒྲུབ་པ་ཉིད་དུ་ཁས་ལེན་ན། དེ་ལྟར་ཡིན་ན་ཕྱིར་རྒོལ་བདག་ཅག་ལ་མ་
གྲུབ་པོ། །ཐ་དད་པ་མེད་པ་སྒྲུབ་པའི་རྟོགས་པ་ནི་བདག་ཅག་གིས་ཁས་བླངས་པ་མ་ཡིན་ནོ། །དེ་བཞིན་དུ་བདག་གི་ཆོས་ཉིད་ནི་སངས་རྒྱས་པ་དག་ལས་མ་གྲུབ་ལ། རང་རྒྱུད་པ་ནི་དཔྱོད་པ་པ་དག་ལས་མ་གྲུབ་པོ། །གང་ཞིག་ཆོས་ཅན་ཉིད་དུ་འགྱུར་བའི་རྟོགས་པ་ཙམ་ཡང་ཡོད་པ་མ་ཡིན་
ཏེ། ཕྱོགས་གཉིས་ལས་མ་གཏོགས་པ་བརྟགས་པར་མི་ནུས་པའི་ཕྱིར་རོ་ཞེས་སྨྲས་པ། དེ་ནི་རྣམ་པ་ཅི་ཞིག་ལྟར་ཡོད་དོ་ཞེས་བདེ་བླག་ཏུ་བརྗོད་དོ། །གང་གི་ཕྱིར་འདི་ནི་བརྗོད་ཟིན་ཏེ། གདོན་མི་ཟ་བར་རྩོད་པ་ཡི། །གཞི་ནི་མ་གྲུབ་པ་ཉིད་ཡིན། །གལ་ཏེ་དེ་ནི་གྲུབ་གྱུར་ན། །སྒྲུབ་པར་བྱེད་
པས་ཅི་ཞིག་སྒྲུབ། །ཁྱེད་དེ་མ་གྲུབ་པའི་སྒོ་ནས་ཁྱད་པར་ཅན་མ་གྲུབ་པར་བརྗོད་པའི་ཕྱིར། ཐ་དད་པ་མེད་པའི་སྒྲུབ་པའི་མཚན་ཉིད་ཀྱི་ཆོས་ཅན་རྟོགས་པའི་ཁྱད་པར་དུ་མ་གྲུབ་པོ་ཞེས་བྱ་བ་གང་ཡིན་པ་དེ་ཉིད་ནི་རྩོད་པའི་གཞིར་གྱུར་པ་བསྒྲུབ་པར་བྱ་བ་ཡིན་པས། ཁྱད་པར་དེས་ནི་སྒྲུབ་པར་
བྱེད་པའི་དུས་སུ་ཆོས་ཅན་མ་གྲུབ་པར་འདོད་པ་ཉིད་དོ། །གལ་ཏེ་དེ་ཉིད་གྲུབ་ཟིན་པ་ཉེ་བར་འཇོག་པའི་སྒྲུབ་པར་བྱེད་པས་ཅི་བྱ། གལ་ཏེ་ཁྱད་པར་མ་གྲུབ་པས་ཕྱོགས་སྐྱོན་དུ་འགྱུར་ཏེ། དཔེར་ན་གྲངས་ཅན་ལ་སྒྲ་འཇིག་པ་ཞེས་བྱ་བ་ལྟ་བུའོ་ཞེ་ན། མ་ཡིན་ཏེ། འདི་ལྟར། གྲངས་ཅན་ལ་ཡང་ཕྱོགས་
སྐྱོན་དུ། །འགྱུར་བ་ཉིད་ནི་བཟློག་པ་ཡིན། །དཔེ་ལ་དོན་ནི་གྲུབ་ན་ཕྱོགས། །ཁྱད་པར་མ་གྲུབ་ཉིད་མ་ཡིན། །འོན་ཏེ་དཔེ་ལ་འཇིག་པ་ནི། །མ་གྲུབ་གཏན་ཚིགས་སྐྱོན་འགྱུར་ཏེ། །གཏན་ཚིགས་མ་ངེས་པ་ཉིད་དམ། །ཡང་ན་འགལ་བར་འགྱུར་བ་ཡིན། །གལ་ཏེ་འཇིག་པ་ཕྱོགས་ལ་མ་གྲུབ་པའི་ཕྱིར་
Vol. 179 · folio 40a
སྐྱོན་ཡིན་ནོ། །དེ་ནི་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་བསྒྲུབ་བྱ་ཡིན་ནོ། །དེས་ན་ཁྱད་པར་གྲུབ་པ་ཉིད་ཕྱོགས་ཀྱི་སྐྱོན་ཡིན་ན། །ཇི་ལྟར་འདི་སྐྱོན་ཡིན་ཏེ། ཅི་རང་གི་ངོ་བོ་ཉིད་ནི་སྐྱོན་དུ་འགྱུར་བ་མ་ཡིན་ནོ། །འོན་ཏེ་དཔེ་ལ་མ་གྲུབ་ན། །དེའི་ཚེ་དཔེའི་སྐྱོན་ནམ་གཏན་ཚིགས་ཀྱི་སྐྱོན་ཡིན་
པའི་ཕྱིར་ཕྱོགས་ཀྱི་སྐྱོན་མ་ཡིན་ནོ། །བདག་གི་ཆོས་མ་གྲུབ་ན། ཆོས་ཅན་མི་རྟོགས་པ་ཡང་མ་ཡིན་ཏེ་ནམ་མཁའི་ཡོན་ཏན་མ་གྲུབ་ན་ཆོས་ཅན་སྒྲ་མ་གྲུབ་པར་འགྱུར་བ་ནི་མ་ཡིན་ནོ། །དེ་ནི་ཉན་པས་བཟུང་བ་ཙམ་ཉིད་ཀྱིས་ཆོས་ཅན་ཡིན་ཏེ། དེ་ལྟ་མ་ཡིན་ན་ཆོས་ཅན་འགའ་ཡང་མེད་པར་འགྱུར་
རོ། །ཕྱིར་རྒོལ་བས་ཉེ་བར་གཞག་པའི་ཆོས་འདི་ཐམས་ཅད་དུ་མ་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་འདི་ཡང་སྐྱོན་མ་ཡིན་པས་འདི་ནི་གྱི་ནའོ། །དེ་ཉིད་ཀྱི་ཕྱིར་ཕ་རོལ་པས་བརྗོད་པ་གཞན་ཡང་མི་འཐད་དོ། །སྒྲ་དོན་ཙམ་གྱི་ངོ་བོ་ཡིས། །ཇི་ལྟར་གཞན་དག་རྟོགས་བྱེད་པ། །དེ་ལྟ་འང་ཁྱེད་ལ་མི་འགྱུར་ཏེ། །
བརྗོད་བྱའི་དབྱེ་བས་མི་འདོད་ཕྱིར། །ཞེས་ཏེ། རྗོད་བྱེད་དང་བརྗོད་བྱ་གཞན་དག་ལས་ཐ་དད་པར་ཁས་མ་བླངས་པའི་ཕྱིར་རོ། །རྒོལ་བ་གང་ཞིག་སྤྱི་ཁས་མ་བླངས་པས་སྒྲའི་དོན་གྱི་རང་བཞིན་ཙམ་དུ་ཡང་བརྟག་པར་མི་ནུས་པ་དེས་ནི་ཕས་ཀྱི་རྒོལ་བ་ཆོས་ཅན་ལ་སོགས་པའི་རྟོག་པ་མེད་པས་ཕྱིར་
བཟློག་པར་ནུས་པ་མ་ཡིན་ནོ་ཞེས་བྱ་བ་དེ་ནི་མ་ཡིན་ཏེ། རྟོགས་པ་ཞེས་ཁྱད་པར་མེད་པའི་སྒྲའི་དོན་ཙམ། རྣམ་པར་ཤེས་པའི་ཞེས་བྱ་བའི་དོན་གང་ཡིན་པ། སྣང་བ་ཞེས་བྱ་བའི་རྣམ་གྲངས་གང་ལ་ཡོད་པ་དེ་གྲུབ་པའི་ཕྱིར་ན་དེ་ནི་མ་ཡིན་ནོ། །རྟོགས་པ་ཉིད་ཅེས་བྱ་བ་གང་ཡིན་པ་རྣམ་པ་གཅིག་ཏུ་འཛིན་
པའི་ཡུལ་གང་ཡིན་པ་དེ་ནི་ཟླ་བ་གཉིས་ལ་སོགས་པ་རྟོགས་པ་དང་གཞན་དག་ལ་གྲུབ་པ་ཉིད་ཡིན་ལ། དེའི་དེ་ཁོ་ན་ཉིད་གང་ཡིན་ཞེས་དཔྱད་པར་བྱ་བ་ཡིན་པས་དེ་བསྒྲུབ་བྱའི་ནང་དུ་གཞག་པ་གཞན་མཐའ་དག་མ་གྲུབ་པ་ཡིན་པའི་ཕྱིར་མི་རིགས་པ་ཅི་ཡོད། དེ་ལ་མ་གྲུབ་པ་ཉིད་ནི་ཕྱིས་བཀོད་ནས་བཟློག་
པར་བྱའོ། །རེ་ཞིག་གཞན་དག་བརྗོད་པ་ནི། །གལ་ཏེ་འདི་ལ་ཐམས་ཅད་དུ། །དམིགས་མེད་ཉིད་དུ་སྒྲུབ་བྱེད་ན། །ཁྱད་པར་མ་གྲུབ་པར་འགྱུར་ཏེ། །དཔེ་ཡང་ཡོད་པ་མ་ཡིན་ནོ། །རྟོགས་པ་ཐམས་ཅད་དམིགས་པ་མེད་པར་སྒྲུབ་ན་འདི་ལ་དཔེ་གང་ཡོད། འོན་ཏེ་མ་སད་པའི་ཤེས་པ་ཡིན་ན། དེ་
Vol. 179 · folio 40b
ལྟར་ན་ཡང་དཔེ་མ་གྲུབ་པ་ཉིད་དེ། རྨི་ལམ་གྱི་རྟོགས་པ་ཡང་རྣམ་པ་འགའ་ཞིག་དམིགས་པ་དང་བཅས་པ་ཡིན་པའི་ཕྱིར་ཏེ། དུས་དེའམ་དུས་གཞན་གྱི་གནས་སྐབས་དམིགས་པ་ཡིན་པའི་ཕྱིར་རོ། །ཅི་སྟེ་དུས་དེའི་དམིགས་པ་གཞན་མེད་པ་ཉིད་ཡིན་ན་ནི་དེའི་ཚེ་རྣམ་པ་འགའ་ཞིག་གིས་
དམིགས་པ་མེད་པར་བརྗོད་པས་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། གཟུགས་ཀྱི་ཤེས་པ་རོ་ལ་སོགས་པས་སྟོང་པའི་ཕྱིར་རོ། །དེའི་དུས་སམ་གཞན་གྱི་དུས་ལ་སོགས་པ་ཡང་རུང་སྟེ། གང་ཞིག་གང་གི་ཚེ། ཇི་ལྟར་དམིགས་པ་དེ་ལྟར་དེ་དམིགས་པ་དང་བཅས་པར་ཁས་བླང་བར་བྱའོ། །དེ་ལྟ་ཡིན་
ཡང་དམིགས་པ་མེད་པ་ཉིད་ཡིན་ན་ནི་རོའི་ཤེས་པ་ཡང་གཟུགས་ཀྱི་དམིགས་པ་མེད་པ་ཡིན་ནོ་ཞེས་བྱ་བར་འགྱུར་ན། དེ་ནི་འདོད་པ་ཉིད་ཡིན་པས་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །འོན་ཏེ་བློ་ལ་གང་ཞིག་གི །རྣམ་ཡོད་དེ་དམིགས་ཟློག་བྱེད་ན། །རང་གི་རྣམ་པ་ཁས་བླངས་ཕྱིར། །དེ་མེད་པ་ནི་འགལ་
བ་ཡིན། །རྣམ་པར་ཤེས་པའི་འཛིན་པའི་ཆ་ལ་དོན་གྱི་རྣམ་པ་ཉིད་ནི་ཡོད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཤེས་པའི་རྣམ་པ་ཉིད་དོ་ཞེས་ཁྱེད་ཀྱིས་ཁས་བླངས་པ་ཡིན་པས། དེ་ལ་ད་ནི་ཤེས་པའི་གཟུང་བ་མེད་པར་ཐལ་བར་འགྱུར་ན་འདོད་པ་ལ་ཡང་མ་ཡིན་ནོ། །དེ་ལ་གཟུང་བའི་བདག་ཉིད་དམིགས་
པར་འགྱུར་བ་ཡིན་ནོ། །ཅི་སྟེ་ཕྱི་རོལ་གྱི་དམིགས་པ་མེད་པ་ཡིན་ཏེ། དེ་ནི་མ་ཡིན་ཏེ། ཕྱི་རོལ་དམིགས་པ་མེད་པ་ལའང་། །གལ་ཏེ་ཕྱི་ཞེས་འཛིན་མེད་ན། །ཀ་ལ་སོགས་པ་བློ་དེ་མེད། །དེ་ལྟར་ན་ནི་གྲུབ་པ་སྒྲུབ། །གང་ལ་བློས་ཕྱི་རོལ་གྱི་བུམ་པ་སྙམ་པ་དེར་ཡང་བུམ་པ་ཉིད་དམིགས་པ་ནི་
མ་ཡིན་ཏེ། འོན་ཀྱང་ཕྱི་རོལ་ཡུལ་ཉིད་ཡིན་ནོ། །དེ་དང་གཞི་མཐུན་པའི་ཕྱིར་ནི་བུམ་པ་དེ་ལྟར་རྟོགས་པ་ཡིན་ནོ། །འོན་ཏེ་ཀ་བ་ལ་སོགས་པའི། །ངོ་བོས་དམིགས་པ་མེད་བརྗོད་ན། །ཉམས་སུ་མྱོང་བ་མཐོང་བའི་ཕྱིར། །དེ་དང་འགལ་བར་ཐལ་བར་འགྱུར། །ཟླ་གཉིས་སྩོགས་ལ་མཚུངས་ཤེ་
ན། །དབང་པོ་ཕྲད་པ་མེད་ཕྱིར་དེར། །དམིགས་པ་མེད་པར་བདག་ཅག་བརྗོད། །དོན་རིག་མེད་པའི་ཕྱིར་མ་ཡིན། །མིག་ལ་སོགས་པའི་དབང་པོ་དང་མ་ཕྲད་པ་བློས་བཟུང་བའི་ཕྱིར། ཟླ་བ་གཉིས་ལ་སོགས་པའི་བློ་དམིགས་པ་མེད་པར་བརྗོད་ཀྱི། དེ་དམིགས་པ་མེད་པ་ཉིད་ནི་མ་ཡིན་ནོ། །
Vol. 179 · folio 41a
འདི་ནི་སྟོན་ཟླ་བ་གཅིག་ཏུ་རྟོགས་སོ་ཞེས་དབང་པོ་དེ་དང་གཉིས་ལྡན་པ་མེད་པའི་ཕྱིར་དམིགས་པ་མེད་པ་ཡིན་གྱི། ཐམས་ཅད་དུ་དོན་མེད་པ་ཉིད་ནི་མ་ཡིན་ནོ། །ཟླ་བ་གཅིག་མཐོང་བ་དེ་ལས་བཟློག་པ་དམིགས་པ་མེད་པ་ཡིན་ནོ་ཞེས་དམིགས་པ་མེད་པར་རྟོགས་
པའི་རྒྱུ་ཡིན་ནོ། །འདི་ཉིད་སྟོན་པ་ནི། དབང་པོ་དོན་དང་འབྲེལ་པ་དང་། །མ་འབྲེལ་པས་ན་ཐམས་ཅད་དུ། །བདག་ཅག་མྱོང་བ་ཡོད་པ་ལ། །མེད་པ་འཛིན་པར་འཇོག་པ་ཡིན། །ཁྱེད་ལ་དབང་པོ་ལ་སོགས་པ། །མེད་ཕྱིར་འཛིན་དང་བྲལ་བས་ན། །དམིགས་པ་ཉིད་ནི་རྒྱུ་མེད་འགྱུར། །དགག་པ་
ཉིད་ནི་འཐད་མ་ཡིན། །རྟོགས་པ་དམིགས་པ་མེད་དོ་ཞེས་སོ། །འདི་ནི་མི་བདེན་པའི་རྟོགས་པའི་དྲི་མས་སྦགས་པའི་སེམས་ང་རྒྱལ་དང་བཅས་པར་ཕ་རོལ་སྟོན་པ་ཡིན་པའི་ཕྱིར་ཤིན་ཏུ་ཆེར་རྨོངས་པ་ཡིན་ནོ། །འདི་ལྟར། དམིགས་མེད་སྒྲ་ཡི་བརྗོད་བྱ་བ། །རང་གི་ཆ་ལ་དམིགས་པ་ཉིད། །
གལ་ཏེ་ཚད་མས་གྲུབ་གྱུར་ན། །སུན་འབྱིན་ཇི་ལྟར་སུན་འབྱིན་ཡིན། །སྒྲ་འདི་ནི་གཞན་གྱིས་བརྟགས་པ་བཟུང་བ་ལ་དམིགས་པ་བཀག་ནས་རང་གི་ཆ་ལ་དམིགས་པ་ཉིད་ལ་སྦྱོར་བ་ཡིན་ནོ་ཞེས་སྐབས་ལ་སོགས་པ་ལ་རྟོགས་ཏེ། དེ་ལྟ་མ་ཡིན་ན་སྒྲ་ལས་དོན་རྟོགས་པར་མི་འགྱུར་བའི་ཕྱིར་རོ། །
དེ་ལ་སྒྲ་ལས་དོན་འདི་འཇིག་རྟེན་ན་རྟོགས་པའི་ཕྱིར་ཇི་ལྟར་འདི་བརྟག་པར་མི་ནུས། གལ་ཏེ་དེ་ལ་ཡང་རྗོད་པར་བྱེད་པ་དང་བརྗོད་པར་བྱ་བ་གཞན་ལས་ཐ་དད་པ་མེད་པའི་ཕྱིར་ཇི་ལྟར་སྒྲའི་དོན་ཙམ་ཆོས་ཅན་དུ་འགྱུར་ཞེས་བརྗོད་ཟིན་མ་ཡིན་ནམ་ཞེ་ན། བརྗོད་པ་ནི་བདེན་ན་རིགས་པ་མ་ཡིན་པའི་
ཕྱིར་དེས་ཅི་བྱ། གང་ལས་ཐ་དད་པར་མི་འགྱུར་བ་འདི་ད་ལྟར་ཁོ་ན་གཉིས་མེད་པའི་འགྱུར་བ་ནི་མ་ཡིན་ནོ། །འོན་ཀྱང་རྟོགས་པ་ནི་རྟོགས་པ་གཞན་དག་དང་ཕན་ཚུན་ཡང་ཐ་དད་པ་ཉིད་དོ། །དེ་ལ་བུམ་པའི་སྒྲ་ལས་ནི་རྟོགས་པ་གཞན་ཡིན་ལ་སྣམ་བུའི་སྒྲ་ལས་ཀྱང་གཞན་ཡིན་ནོ་ཞེས་བྱ་བ་ལ་
སོགས་པའོ། །སྒྲས་ནི་སྔར་བཟུང་བའི་དོན་ཉིད་དྲན་པའི་ཡུལ་དུ་འགྱུར་བར་བྱེད་དོ། །དེ་ལ་ཤེས་པ་གང་དག་སྔོན་པོ་ལ་སོགས་པ་དམིགས་པ་ཡིན་པར་ཁྱེད་ཀྱི་རྟོགས་པའི་སྤྱོད་ཡུལ་དུ་གྱུར་པ་དེ་དག་དམིགས་པ་མེད་པ་ཡིན་ནོ་ཞེས་གཞན་རྟོགས་པར་བྱེད་པ་ལ་མི་རིགས་པ་ཅི་ཡོད། གལ་ཏེ་འགའ་
Vol. 179 · folio 41b
ཞིག་གིས་དུ་བ་མེ་ལས་བྱུང་བ་མ་ཡིན་པར་རྟོགས་པ་དེ་ལ་ཁྱེད་ཀྱི་དུ་བ་མེ་ལས་བྱུང་བ་མ་ཡིན་པར་རྟོགས་པ་དེ་ནི་དེ་ལྟ་མ་ཡིན་ནོ་ཞེས་དེ་སྐད་བརྗོད་པར་བྱ་བ་ཡིན་ནམ་ཅི། སྨྲ་བ་པོ་ལས་སྐྱོན་ཅི་ཞིག་བྱུང་། འོན་ཏེ་མེ་ལས་བྱུང་བར་སྔོན་མཐོང་བས་ན་དེ་ནི་རྟོགས་པར་བྱ་ནུས་ཀྱི་འདི་ལ་གོ་ཇི་ལྟར་ཞེ་ན།
འདིར་ཡང་རབ་རིབ་ཅན་གྱི་ཤེས་པ་དམིགས་པ་མེད་པར་གྲུབ་པ་ཉིད་དེ། ཕྱི་རོལ་མེད་པའི་ཕྱིར་རོ། །དེ་ལ་ཡང་ནམ་མཁའ་དམིགས་པ་ཡིན་ནོ་ཞེ་ན། འོ་ན་ཇི་ལྟར་སྐྲ་ཤད་དམིགས་པ་ལ་ནམ་མཁའ་དམིགས་པ་ཡིན་པ་དེ་བཞིན་དུ་ནམ་མཁའ་དམིགས་པ་ལ་ཡང་གཞན་ཉིད་ཡིན་པར་འགྱུར་
ཏེ། སྣང་བཞིན་པ་དམིགས་པ་མ་ཡིན་པའི་ཕྱིར་རོ། །ནམ་མཁའི་རྟོགས་པ་ལ་སྣང་བཞིན་པ་ཉིད་དམིགས་པ་ཡིན་ནོ་ཞེ་ན། འདིར་སྐྲའི་ཤེས་པ་ལ་ཡང་འགྱུར་རོ། །ཐམས་ཅད་ལ་ཕྱིན་ཅི་ལོག་ཏུ་སྣང་བ་དང་། དྲན་པ་བརྗེད་པ་དང་། འཇིག་རྟེན་ལས་འདས་པ་ལ་སོགས་པར་བརྟག་པའམ།
འགའ་ལ་ཡང་མ་ཡིན་ནོ་ཞེས་བྱ་བ་འདི་ནི་ངེས་པ་ཡིན་ནོ། །ཅི་སྟེ་དམིགས་པ་དང་བཅས་པ་ཟླ་བ་གཅིག་གི་ཤེས་པ་དམིགས་པ་དང་བཅས་པ་ལྡན་པས་ཟླ་བ་གཉིས་ཀྱི་ཤེས་པ་དམིགས་པ་མེད་དོ་ཞེས་བྱ་བར་རིགས་ཀྱི། ཟླ་བ་གཅིག་གི་ཤེས་པ་ལ་ཇི་ལྟར་ཞེ་ན། དེ་ཡང་དེའི་རང་བཞིན་ཅན་ཡིན་
པའི་ཕྱིར་རོ་ཞེས་བརྗོད་ཟིན་ཏོ། །གནོད་པར་བྱས་པའི་ཕྱིར་རོ་ཞེ་ན། དེ་ལ་ཡང་གནོད་པར་བྱས་སོ་ཞེས་བསྟན་ཟིན་ཏོ། །མི་སྣང་བ་ཡང་དམིགས་པ་མ་ཡིན་ནོ་ཞེས་བཤད་པར་བྱའོ། །སྔོན་པོ་ལ་སོགས་པ་ཤེས་པ་ཉིད་ཡིན་པར་ཡང་སྟོན་པར་འགྱུར་རོ། །ཇི་ལྟར་སྐྲ་ཤད་ལ་སོགས་པའི་ཤེས་པ་
ནམ་མཁའ་ལ་སོགས་པས་དམིགས་པ་དང་བཅས་པ་དེ་བཞིན་དུ་སྔོན་པོའི་རང་བཞིན་ཤེས་པ་ཡང་སེར་པོ་དང་དམར་པོ་ལ་སོགས་པས་དམིགས་པ་དང་བཅས་པ་ཡིན་པར་འགྱུར་བའི་ཕྱིར། ཇི་ལྟར་གཟུགས་ཀྱི་ཤེས་པ་རོ་ལ་སོགས་པས་དམིགས་པ་མེད་པ་གྲུབ་པ་ཅི། ཅི་སྟེ་འོད་ཟེར་གྱིས་
གདུངས་པའི་དགོན་དུང་མེད་པར་ཆུའི་ཤེས་པ་མི་འགྱུར་རོ་ཞེ་ན། རོ་ལ་སོགས་པ་མེད་པར་གཟུགས་ཀྱི་ཤེས་པ་འབྱུང་ངམ་ཅི། བདེན་པའི་ཆུ་ལ་འོད་ཟེར་གྱིས་གདུངས་པའི་དགོན་དུང་མེད་ཀྱང་ཆུའི་ཤེས་པ་འབྱུང་བ་ཡིན་ནོ། །དེ་ལ་ཁྱད་པར་ཡོད་དོ་ཞེ་ན། ཕན་ཚུན་ཁྱད་པར་ཅན་ཡིན་པའི་ཕྱིར་
Vol. 179 · folio 42a
གཉི་ག་དམིགས་པ་མེད་པ་འམ་དེ་ལ་མ་ཡིན་པར་འགྱུར་རོ། །གཉི་ག་དམིགས་པ་དང་བཅས་པ་ཡིན་མོད་ཅེ་ན། གལ་ཏེ་སྣང་བཞིན་པས་ཡིན་ན་ནི་དགོན་དུང་འོད་ཟེར་གྱིས་གདུངས་པ་ཞེས་བྱ་བ་ལ་སོགས་པ་བརྗོད་པར་མི་བྱའོ། །རྒྱུ་ཉིད་ཀྱིས་མི་སྣང་བ་དམིགས་པ་
ཡིན་ནོ་ཞེ་ན། བག་ཆགས་ཡིན་པར་འགྱུར་བའི་ཕྱིར་ངེད་ཀྱི་འདོད་པ་གྲུབ་པོ། །འོ་ན་སྣང་བ་ཉིད་ཡིན་པར་འགྱུར་ཏེ། གཞན་གྱིས་ཅི་བྱ་ཞེ་ན། མངོན་སུམ་དང་རྗེས་སུ་དཔག་པ་གཉིས་ཁྱད་པར་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །སྣང་བ་ལ་ནི་ཐམས་ཅད་མངོན་སུམ་ཉིད་དོ། །འཇིག་རྟེན་
གྲགས་རྟེན་འཁྲུལ་པ་དང་། །མ་འཁྲུལ་རྣམ་དབྱེ་མེད་པར་འགྱུར། །ཐམས་ཅད་རང་གི་ངོ་བོ་ལ། །མ་འཁྲུལ་གཞན་ལ་བཟློག་པ་ཡིན། །མཐོང་ལས་དམིགས་དང་བཅས་ཤེས་ན། །ཐོབ་པ་མེད་ཅེས་སྒྲུབ་པ་ཡིན། །སྨིག་རྒྱུ་ལ་ནི་ཆུར་འཁྲུལ་པས། །ཐོབ་པར་འགྱུར་ལའང་དེར་འགྱུར་
རོ། །ཀུན་ཚེ་མིན་ན་ཐམས་ཅད་ལ། །ཀུན་ཚེ་མིན་པར་མཐོང་བ་ཉིད། །མ་ཞིག་ན་ནི་འགྱུར་ཉིད་ན། །དེ་ནི་ཇི་ལྟར་འཇིག་མི་འགྱུར། །ངོ་ཤེས་པ་ནི་གསལ་བ་ཡིན། །དེས་ན་ཐམས་ཅད་འཆོལ་བ་ཡིན། །དེའི་ཕྱིར་མངོན་སུམ་དང་རྗེས་སུ་དཔག་པ་དག་ལས་རྟོགས་པ་ཐམས་ཅད་དམིགས་
པ་མེད་པ་ཉིད་དོ། །ལྷག་མ་ནི་བཤད་ཟིན་ཏོ། །དེ་ལྟར་གཞན་གྱི་ཀུན་བརྟགས་པའི་ཁྱད་པར་རྗེས་སུ་བརྗོད་ནས། གལ་ཏེ་འགོག་པར་བྱེད་ན། འདི་ལ་མི་འཐད་པ་ཅི་ཡོད། འདིས་ནི་ཇི་སྐད་དུ། ཕྱི་རོལ་དངོས་པོ་མེད་པའི་ཕྱིར། །དེ་ཡིས་དམིགས་པ་མེད་འདོད་པ། །ཇི་ལྟར་བསྒྲུབ་བྱ་དེ་
ཡི་ཚེ། །ཕྱོགས་འདི་ཤེས་པར་འགྱུར་མ་ཡིན། །ཞེས་གང་བརྗོད་པ་དེ་ཡང་བསལ་བ་ཡིན་ནོ། །འདི་ལྟར། དཔེར་ན་གཞན་རྟོགས་ནུས་མེད་པས། །ཁྱད་པར་རབ་ཏུ་མ་གྲུབ་ན། །ཕྱོགས་མི་འགྲུབ་པ་དེ་བཞིན་དུ། །ཁྱད་པར་ཁྱད་པར་ཡང་འགྱུར་རོ། །ཚིག་དོན་གྲུབ་པ་མེད་པར་ནི། །ངག་
དོན་རྟོགས་མེད་དེ་ནི་དེ། །སྔོན་འགྲོ་ཅན་ཕྱིར་ཕྱོགས་ཀྱང་ནི། །ངག་གི་དོན་དུ་རྣམ་གཞག་བྱ། །ལྡན་པའི་དོན་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་གཞག་པར་བྱའོ་ཞེའོ། །དེ་ནི་མ་ཡིན་ཏེ། གང་གི་ཕྱིར་དོན་དམ་པར་ཕྱི་རོལ་གྱི་དམིགས་པ་མ་གྲུབ་ཀྱི་གཞན་གྱིས་ཁས་བླངས་པ་ཙམ་འབའ་ཞིག་ཏུ་ཟད་པ་
Vol. 179 · folio 42b
དེ་ཉིད་ཀྱི་ཕྱིར་དགག་པར་བྱ་བ་ཡིན་ཏེ། འཁྲུལ་པ་བཟློག་པའི་ཕྱིར་སྒྲུབ་པར་བྱེད་པ་འཇུག་པ་ཡིན་ནོ་ཞེས་ཕྱིས་སྟོན་པར་འགྱུར་རོ། །ཚད་མས་རབ་ཏུ་གྲུབ་པ་ཡིན་ན་ཇི་ལྟར་མེད་པར་སྒྲུབ་པར་འགྱུར། ཚད་མ་ལ་གནོད་པའི་སྒོ་ནས་སོ་ཞེ་ན། མ་ཡིན་ཏེ། ཚད་མ་ལ་ཚད་མས་གནོད་ན་
ཡིད་བརྟེན་དུ་མེད་པས་ཚད་མ་ཆད་པར་ཐལ་བའི་ཕྱིར་རོ། །འགལ་བ་འཁྲུལ་པ་མེད་པ་ཅན། །ཞེས་བྱ་བ་ནི་ཡོད་པ་མ་ཡིན་ནོ་ཞེས་བསྟན་པར་བྱའོ། །གལ་ཏེ་མཐོང་བ་ཡུལ་དང་དུས་ལ་སོགས་པ་གཞན་དུ་འགོག་གོ་ཞེ་ན་མ་ཡིན་ཏེ། འཁྲུལ་པ་མེད་པའི་ཕྱིར་རོ། །ཡུལ་ལ་སོགས་པ་
གཞན་དུ་མཐོང་བ་ནི་གཞན་དུ་བརྟགས་པ་མ་ཡིན་ཏེ། འཁྲུལ་པ་མེད་པས་དེར་དེ་མེད་པར་སྒྲུབ་པའི་དོན་མེད་དོ། །འོན་ཏེ་བསྟན་བཅོས་འགའ་ཞིག་གམ་ཚད་མ་ལྟར་སྣང་བ་གཞན་ལས་གཞན་དུ་ཡང་རྟོགས་པ་ཡིན་ཏེ། འཁྲུལ་པ་མ་མཐོང་བ་ནི་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་འོ་ན་ནི། །ཚད་
མས་མཐོང་ན་འཁྲུལ་གང་ཡིན། །དེ་ནི་ཡུལ་སོགས་འགའ་ཞིག་ཏུ། །ཚད་མས་བཟློག་པར་བྱ་བ་ཡིན། །འཁྲུལ་པ་ཉིད་ནི་ཇི་ལྟར་བཟོད། །རེས་འགའ་འཁྲུལ་པ་གང་ཡིན་པ་དེ་བཟློག་པར་བྱ་བ་ཡིན་ན། གཏན་འཁྲུལ་པ་དེ་བཟློག་པར་བྱ་བ་མ་ཡིན་ནམ་ཅི། དེ་བཟློག་ན་སྐྱེས་བུའི་བྱ་བ་
ཆེན་པོར་འགྱུར་རོ། །གལ་ཏེ་དེ་ནི་གཞན་དུ་གནོད་པའི་ཚད་མ་ཉེ་བར་བསྟན་པའི་བཟློག་པར་བྱ་བ་ཡིན་ན། རྟག་ཏུ་འཁྲུལ་པ་ཉིད་གང་ཡིན་པ་དེ་གོ་ཇི་ལྟར་བཟློག་པར་བྱ། གནོད་པར་བྱེད་པ་མེད་པའི་ཕྱིར་དེ་འཁྲུལ་པར་ཡང་ཇི་ལྟར་བརྗོད་ཅེ་ན། དེ་ཡང་མ་ཡིན་ཏེ། གང་གི་ཕྱིར་གནོད་པར་
བྱེད་པ་ཞེས་བྱ་བ་ནི་མེད་པ་ཉིད་དོ། །འདི་ལྟར། གནོད་པར་བྱེད་པ་དེ་གཅོད་པའམ། འོན་ཏེ་གཟུང་བ་འཇིག་བྱེད་དམ། །གཟུང་བ་མེད་པར་ཤེས་བྱེད་ཡིན། །ཕྱོགས་གསུམ་ལས་གཞན་ག་ལ་ཡོད། །གལ་ཏེ་གནོད་པར་བྱེད་པ་གནོད་པར་བྱ་བའི་ཤེས་པའམ། དེའི་དམིགས་པ་མེད་
པར་བྱེད་པ་དེའི་ཚེ་དེ་སྐྱེས་པའམ་མ་སྐྱེས་ལ། མ་སྐྱེས་པ་དེ་ཇི་ལྟར་ན། དེ་ཡི་དངོས་པོ་མེད་པར་སྐྱེད། །མ་སྐྱེས་རི་བོང་རྭ་ལ་ནི། །འགས་ཀྱང་འཇིག་པར་བྱེད་པ་མེད། །དེ་བཞིན་སྐྱེས་པའི་དངོས་པོ་ཡང་། །མེད་པ་བྱེད་པ་ཡོད་མ་ཡིན། །རྒྱུ་ལས་དེ་ཡོད་གནོད་བྱེད་ལས། །དེ་མེད་ཅེས་བྱ་བྱུང་
Vol. 179 · folio 43a
རྒྱལ་ཆེས། །གལ་ཏེ་དེ་མི་སྐྱེས་ན་དངོས་པོ་མེད་པ་ཡིན་པས་གང་གིས་དེ་མེད་པར་བྱེད་དེ། རང་བཞིན་གྱིས་དམར་བའི་ཀིང་ཤུ་ཀ་འདི་ཡང་ཁ་བསྒྱུར་དགོས་པ་ནི་མ་ཡིན་ནོ། །འོན་ཏེ་རྒྱུ་ལས་སྐྱེས་ན། དེ་ལྟ་ཡིན་ན་ཇི་ལྟར་སྐྱེས་པ་དེ་ལྟར་ཡོད་པས་ཇི་ལྟར་དེ་ལ་འཇིག་པ་འཇུག །
དེ་ལྟར་གྱུར་ན་དེ་ཉིད་ནི་ཞིག་པ་ཡང་ཡིན་ལ་དེ་ཉིད་ཡོད་པ་ཡང་ཡིན་ནོ་ཞེས་བྱ་བ་ནི་འཆལ་པ་ཆེན་པོ་ཡིན་ནོ། །འོན་ཏེ་ཇི་ལྟར་མ་སྐྱེས་པ་དེ་ལྟར་འཇིག་ན། དེ་ལྟ་ཡིན་ན། གཞན་གྱི་ངོ་བོས་སྐྱེས་པ་དག །གལ་ཏེ་གཞན་གྱིས་འཇིག་ན་ནི། །སྔོན་སོགས་སེར་པོ་ལ་སོགས་པ། །གཞན་གྱི་ངོ་བོས་
འཇིག་པར་འགྱུར། །དེ་ནི་དེའི་རང་བཞིན་མ་ཡིན་པའི་ཕྱིར། དེ་ཉིད་ནི་རང་བཞིན་གྱིས་དམར་བ་ཡིན་ནོ། །དེའི་ངོ་བོས་ཀྱང་དེ་ཕྱིས་འཇིག་གམ། འོན་ཏེ་ཐམས་ཅད་ཀྱི་ཚེ་གལ་ཏེ་ཕྱི་ནས་འཇིག་ན་ནི། སྔར་དེའི་རང་བཞིན་ཅན་དུ་འགྱུར། དེ་ཡི་ངོ་བོར་སྐྱེས་པ་ནི། །ཇི་ལྟར་ཕྱི་ནས་འཇིག་པ་ཡིན། །
དེ་ཡི་ངོ་བོ་དེ་ཚེ་ཉིད། །སྐྱེས་པ་ཕྱི་ནས་འཇིག་པར་འགྱུར། །ཕྱི་ནས་ངོ་བོ་དེ་མེད་ན། །རང་བཞིན་གྱིས་དམར་ཀིང་ཤུ་ཀ །འདི་ནི་སྔར་ཉིད་འཇིག་ཅེ་ན། །དེ་རྒྱུ་ཉིད་ལས་དེ་ལྟར་འགྱུར། །དེ་ལ་འཇིག་པོས་བྱ་བ་གཞན། །ཅི་ཡོད་ཅེས་ནི་ངེས་པར་རྟོགས། །འདི་ནི་དམིགས་པ་འཇིག་པ་ལ་ཡང་
མཚུངས་སོ། །འདི་ལྟར། འདི་ཡི་ཇི་ལྟར་སྐྱེས་པ་ཡི། །རང་བཞིན་དེས་ནི་དེ་མི་འཇིག །ཇི་ལྟར་སྐྱེས་པ་མ་ཡིན་པའི། །རང་བཞིན་དེས་ཀྱང་འཇིག་མ་ཡིན། །མི་ནུས་ཕྱིར་དང་མི་དགོས་ཕྱིར། །ཚད་མས་གྲུབ་པ་མེད་པའི་ཕྱིར། །སེམས་དང་ལྡན་པ་དོན་འདི་ནི། །རྟོག་པ་ཙམ་དུའང་ཇི་ལྟར་
འགྱུར། །འོན་ཏེ་གནོད་པར་བྱེད་པ་དམིགས་པ་མེད་པར་ཤེས་པར་བྱེད་པ་ཡིན་ན་དེ་ཡང་མི་རུང་སྟེ། གང་ཚེ་དངོས་དེ་མཐོང་གྱུར་པ། །དེ་ཚེ་མེད་པར་རྟོགས་མ་ཡིན། །གང་ཚེ་དངོས་པོ་མཐོང་མིན་པ། །དེ་ཚེ་མ་མཐོང་དེའི་གནོད་བྱེད། །དེ་ཚེ་དངོས་པོ་མ་གྲུབ་ན། །མེད་པ་ཁྱད་པར་བཅས་
མི་འགྱུར། །ཁྱད་པར་རབ་ཏུ་མ་གྲུབ་ན། །ཁྱེད་ལ་མེད་རྟོགས་ཇི་ལྟར་མིན། །འོན་ཏེ་གཞན་དུ་གྲུབ་པ་ཡི། །ཁྱད་པར་རྗེས་སུ་རྗོད་བྱེད་ན། །དེ་དངོས་རང་བཞིན་ཡིན་ཕྱིར་དེར། །མེད་པ་ཡི་ནི་ཁྱད་པར་མིན། །དེ་ཉིད་གཞན་ན་མེད་དོ་ཞེས། །གལ་ཏེ་དེ་ལྟར་སྒྲུབ་བྱེད་ན། དེ་ལྟ་ཉིད་དུ་རྟོགས་
Vol. 179 · folio 43b
པ་དེའི། །འགལ་བ་ལ་ནི་དོན་ཅི་ཡང་། །དེ་ལྟར་མིན་ན་རྟོགས་ཡིན་པ། །དེ་ལྟ་ན་ཡང་འགག་མེད་འགྱུར། །འདིར་ནི་སྔར་བཤད་ཟིན་པའི་ཕྱིར། །ཡང་ནས་ཡང་དུ་མི་བརྗོད་དོ། །གང་ཚེ་དངོས་པོ་མཐོང་མེད་པ། །དེ་ཚེ་འགག་པར་འགྱུར་མ་ཡིན། །གལ་ཏེ་དེར་ནི་དྲན་པ་ཡིས། །བཟུང་
ནས་དེ་ནི་འགོག་ཅེ་ན། །དྲན་པས་རང་བཞིན་བཟུང་ན་ནི། །ཇི་ལྟ་བུར་ཡང་འགག་པ་མེད། །དྲན་པས་རང་བཞིན་མིན་བཟུང་ན། །དངོས་པོ་མེད་པའི་ཁྱད་པར་མིན། །འོན་ཏེ་དྲན་དང་རྣམ་རྟོག་ལ། །གང་ཞིག་སྣང་བར་གྱུར་པ་དེ། །དེ་ཙམ་ཉིད་དུ་ཡོད་པ་དེ། །ཕྱི་ཡི་ངོ་བོ་ཡོད་མིན་ན། །
དེ་ལྟ་ན་ནི་འདི་འོ་ན། །འཇིག་རྟེན་རྟོགས་དང་གཞན་དག་ལ། །ཕྱི་རོལ་ཞེས་བྱར་སྣང་བ་གང་། །དེ་ནི་དེ་ཙམ་ཉིད་ཡོད་ཀྱི། །དེ་ཉིད་དུ་ནི་རྟོགས་པ་མེད། །རྟོགས་པ་ཙམ་ཉིད་དམིགས་པ་དེ། །ཕྱི་རོལ་དུ་ནི་རྟོགས་པ་མིན། །རྨི་ལམ་ལ་སོགས་རྟོགས་པ་ལ། །འདི་ནི་ཁྱད་པར་བཟུང་བ་
མེད། །བག་ཆགས་སྟོབས་ཀྱིས་སྤྲུལ་པའི་ཕྱིར། །འདི་ནི་རྟོགས་པ་ཙམ་ཉིད་ལས། །ཁྱད་པར་ཡོངས་སུ་བཅད་མིན་པ། །དེ་ཕྱིར་དམིགས་པ་མེད་པར་འདོད། །འོ་ན་ཇི་ལྟར་གནོད་བྱ་དང་གནོད་བྱེད་ཀྱི་ངོ་བོ་གྲགས་ཤེ་ན། རྟོགས་བཞིན་པར་ནི་འབྱུང་འགྱུར་དང་། །གཅིག་པ་ཉིད་
དུ་སྒྲོ་བཏགས་ནས། །དེ་ལ་གནོད་བྱེད་ཤེས་པ་ནི། །དེ་ཡི་བར་དུ་བྱུང་གྱུར་ན། །གནོད་པར་བྱེད་པས་རྣམ་པར་གཞག །གལ་ཏེ་གནོད་བྱེད་འདི་མེད་ན། །རྣམ་པར་ཆད་པ་མེད་པ་འདི། །དེ་བཞིན་ཁོ་ནར་འགྱུར་བ་ཡིན། །དེའི་ཕྱིར་ཆད་རྒྱུ་གནོད་བྱེད་འདོད། །འདི་ལྟར་གང་གི་ཚེ་དུས་
གཞན་དུ་གནས་པར་བརྟགས་པའི་དངོས་པོའི་དེའི་ཚེ་དུས་ཀྱི་བར་ཉིད་དུ་གཞན་གྱི་རང་བཞིན་ངེས་པར་བརྟགས་པ་ལྷུར་ལེན་པའི་ཤེས་པ་བྱུང་བ་དེའི་ཚེ་སྔར་གྱི་རྟོགས་པའི་ཡུལ་དེས་རྣམ་པར་བཅད་པ་ནི་གནོད་པར་ཞེན་པའི་ཡུལ་ཡིན་ནོ། །དེས་ན་དེ་གནོད་པར་བྱེད་པར་རྣམ་པར་གཞག་གོ། །
འདི་ལྟར་གལ་ཏེ་འདི་མ་བྱུང་ན་དེའི་ཚེ་དུས་གཞན་དུ་རྣམ་པར་ཤེས་པ་སྔ་མའི་ཡུལ་རྣམ་པར་མ་ཆད་པར་འགྱུར་བ་ཡིན་ནོ། །དེའི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་གནོད་པར་བྱེད་པས་རྣམ་པར་བཅད་དོ་ཞེས་རྟོགས་སོ། །གཞིག་བྱ་འཇིག་བྱེད་དང་དམིགས་པའི་དངོས་པོ་ཡང་དེ་
Vol. 179 · folio 44a
བཞིན་ནོ། །འདི་ལྟར། ལྐོག་གྱུར་བུམ་པ་ལ་སོགས་ལ། །རྣམ་ངེས་འབྱུང་འགྱུར་དངོས་པོ་ལ། །དེ་ཡི་རྣམ་ཅན་ཤེས་སྐྱེས་ན། །དེ་ཚེ་དམིགས་པ་ཉིད་དུ་འཇོག །ཤེས་པ་ཤེལ་ལྟར་རབ་གསལ་བ། །དེ་བཞིན་གང་གང་ཉེར་གནས་པ། །དེ་དེའི་རྣམ་པ་ལ་བརྟེན་
ནས། །དེ་ལྟ་དེ་ལྟར་རབ་གསལ་བ། །རེ་ཞིག་ལྐོག་ཏུ་གྱུར་པ་ཡོད་དོ་ཞེས་ལུང་འགའ་ཞིག་གམ་རྗེས་སུ་དཔག་པ་ལས་ངེས་པ་ཡིན་ནོ། །རབ་ཏུ་གསལ་བའི་རྣམ་པར་ཤེས་པར་གལ་ཏེ་འདི་མེད་པར་མ་གྱུར་ན་ནི། ཅི་འདིར་ཡོད་དམ། འོན་ཏེ་མེད་ཅེས་དོན་དེ་ཡོངས་སུ་འཁྱམ་པ་འབའ་
ཞིག་ཏུ་འགྱུར་རོ། །དོན་གྱི་བདག་ཉིད་མཐོང་བ་ཡིན་ན་འཁྱམ་པ་འགྲམ་དུ་ཕྱིན་པ་ལྟར་བརྟན་པར་འགྱུར་རོ། །དེས་ན་དམིགས་པ་ཡིན་ནོ་ཞེས་རྣམ་པར་གནས་སོ། །འདི་ལྟར། སེམས་ནི་ཡོངས་སུ་འཕྱོ་བ་ཡིས། །སེམས་པའི་བྱེད་པ་དང་ལྡན་སེམས། །འདི་ནི་དེ་ཚེ་མཐོང་ངོ་
ཞེས། །སྔོན་མཐོང་ན་ནི་བརྟན་པར་འགྱུར། །མཐོང་བ་དང་ཐོས་པ་བརྗོད་དེ་རྣམ་པར་རྟོག་པ་དག་ཅི་དེར་མཐོང་བའམ། གཏམ་གྱི་སྤྲོས་པ་ཐོབ་པ་ཅི་ཞིག་ཅེས་ཚོལ་བ་ལ་ཕྱོགས་པ་ན་གང་གི་ཚེ་ཇི་ལྟར་ཐོས་པ་ལ་སོགས་པ་མངོན་དུ་བྱེད་པ་དེའི་ཚེ་བརྟན་པ་ཉིད་དུ་མངོན་དུ་གྱུར་པ་དེ་ལ་འཁྱམ་
པ་ཡོངས་སུ་གཏོང་བའི་རྒྱུ་མཚན་གྱི་དམིགས་པ་མེད་པ་ཉིད་དུ་རྣམ་པར་འཇོག་པར་བྱེད་དོ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཐ་སྙད་ཡིན་ནོ། །གལ་ཏེ་དངོས་འདིའི་དེ་ཉིད་ནི། །དེ་ལྟར་ཅི་སྟེ་མིན་ཞེ་ན། །མ་ཡིན་མངོན་སུམ་རྗེས་དཔག་གིས། །མ་རྟོགས་པས་ན་དངོས་ཉིད་མིན། །རེ་ཞིག་མངོན་
སུམ་གྱིས་ནི་ལྐོག་ཏུ་གྱུར་པ་ཡོད་པར་རྟོགས་པ་མ་ཡིན་ནོ། །དེ་མེད་པའི་ཕྱིར་རྗེས་སུ་དཔག་པས་ཀྱང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ལྐོག་ཏུ་གྱུར་པའི་དངོས་པོ་ཡོད་པར་གྲུབ་པ་ཡིན་ན་མངོན་སུམ་དེ་ལ་དམིགས་པར་གྲུབ་ལ། མངོན་སུམ་དམིགས་པ་དང་བཅས་པ་ཡིན་ན་ཡང་དངོས་པོའི་འབྲེལ་པ་
གྲུབ་ཅིང་དེ་ལས་ནི་དེ་དང་འབྲེལ་པའི་རྟགས་ཀྱི་དངོས་པོ་ལས་སྐྱེས་པའི་རྗེས་སུ་དཔག་པས་དངོས་པོ་གོ་བར་བྱེད་པ་ཡིན་ནོ། །དེའི་ཕྱིར་རྗེས་སུ་དཔག་པས་རབ་ཏུ་གྲུབ་པའི་དངོས་པོ་ཡུལ་ཡིན་པའི་ཕྱིར་མངོན་སུམ་དམིགས་པ་དང་བཅས་པ་ཡིན་ལ། དེ་ལས་རྗེས་སུ་དཔག་པའི་དངོས་པོ་དང་
Vol. 179 · folio 44b
འབྲེལ་པ་ཡིན་ཞིང་དེ་ལས་དངོས་པོར་རྟོགས་པའི་ཕྱིར་འཁོར་ལོ་ལྟ་བུ་གནས་པ་མེད་པར་རྣམ་པར་གནས་པར་འགྱུར་བའི་ཕྱིར་དངོས་པོར་རྟོགས་པ་སྲིད་པ་མ་ཡིན་ནོ། །དེ་ལྟར་དངོས་པོ་རྟོགས་བྱེད་པ། །མེད་པར་ཁས་བླངས་འབའ་ཞིག་ཡིན། །ཚད་མའི་རང་བཞིན་ཤེས་པ་ལས། །སྔར་
རིག་ཡོད་པ་ཡིན་པའི་ཕྱིར། །རྟོགས་པ་དེ་ཡི་རྗེས་འབྲངས་ཏེ། །ཁྱད་པར་ཁྱད་པར་ཅན་ཉིད་ཡིན། །དེ་ཡི་རང་བཞིན་མ་བརྟགས་པར། །ང་འམ་ཁྱོད་ཀྱིས་སྔར་རྟོགས་པ། །དེ་ནི་ཕྱི་ནས་རྣམ་བརྟགས་ན། །ཇི་ལྟ་བུར་ན་དེ་རིག་ཅེས། །གལ་ཏེ་དེ་ལྟར་རྣམ་དཔྱོད་ན། །དེ་ཉིད་དུ་ན་དེ་ལྟར་དེ། །
མེད་ན་མེད་ཉིད་གང་གིས་ན། །བརྒལ་ཞིང་བརྟག་འགྱུར་འདིར་སྐྱོན་ཅི། །གལ་ཏེ་སྔ་ཕྱི་ཤེས་པ་ཡི། །གནོད་བྱ་གནོད་བྱེད་ངོ་བོ་ནི། །རང་ཉིད་རྟོགས་ན་གང་གིས་ན། །བརྒལ་ཞིང་བརྟག་འགྱུར་སྐྱོན་ཅི་ཡོད། །འགའ་ཞིག་བདག་ཉིད་ཁོ་ན་ལ། །བརྒལ་ཞིང་རྟོག་པ་རིག་གམ་ཅི། །
དེ་ཡི་འཁྲུལ་ཉིད་ག་ལས་ཞེས། །བདག་ལ་བརྒལ་བརྟག་རྟེན་མ་ཡིན། །འཁྲུལ་ཉིད་ངེས་པ་ཡིན་ན་དེར། །རྒྱུ་བཙལ་བས་ནི་ཅི་ཞིག་བྱ། །གང་ཚེ་གཞན་ཡང་དེ་ལྟ་བུར། །ཤིན་ཏུ་གསལ་བར་རྟོགས་བྱེད་པ། །དེ་ཚེ་དེ་ཡང་ང་འདི་ལྟར། །འཁྲུལ་པ་ག་ལས་ཞེས་མི་སྨྲ། །གང་
གི་ཚེ་འཁྲུལ་པ་སྲིད་པ་ན་རང་ཉིད་རྣམ་པར་རྟོག་པ་དང་ལྡན་པས་འདི་ནི་དངུལ་མ་ཡིན་ཞེས་དེ་སླར་ལོག་པ་དེའི་ཚེ། གང་གིས་ངའི་ཕྱོགས་སྐྱོན་མེད་པར་འགྱུར་བ་ཇི་ལྟར་ན་དངུལ་མ་རྟོགས་པར་དེའི་ཁྱད་པར་ཅན་དངོས་པོ་མེད་པ་རྟོགས་པར་འགྱུར་བའི་ཁྱད་པར་རབ་ཏུ་མ་གྲུབ་ན་ཡང་དེའི་ཁྱད་
པར་ཅན་ལྐོག་ཏུ་གྱུར་པ་ཇི་ལྟར་ཤེས་པ་ཡིན། ཤེས་པ་བདག་ཉིད་ལ་རྒོལ་ཞིང་རྟོག་པར་བྱེད་པ་འགའ་ཡང་ཡོད་དམ་ཅི། གཞན་ལ་སྒྲུབ་པ་ན་ཡང་དེ་བཞིན་ནོ། །གལ་ཏེ་དེར་ནི་བདེན་པའི་དངུལ་མཐོང་བས་འཁྲུལ་པ་སྲིད་ན། འདི་ན་འགའ་ཡང་མཐོང་བ་མེད་པའི་ཕྱིར་གང་ལས་འཁྲུལ་
པར་འགྱུར་ཞེ་ན། འདི་ནི་འོག་ནས་བསྟན་པར་བྱའོ། །གཞན་ཡང་གལ་ཏེ་དོན་དམ་པར་འཁྲུལ་པ་རྣམ་པ་ཅི་ཞིག་ལྟར་རྟོགས་ནད་འཁྲུལ་པའི་རྒྱུ་ཚོལ་བའི་ངལ་བས་ཅི་ཞིག་བྱ། གལ་ཏེ་རྒྱུ་མེད་ན་འཁྲུལ་པ་ཉིད་དུ་མི་འགྱུར་རོ་ཞེ་ན། དེ་ནི་མེད་དེ། རྒྱུ་ཡོད་པས་ན་འཁྲུལ་པ་མིན། །དོན་དམ་
Vol. 179 · folio 45a
པ་ལ་འང་རྒྱུ་ཡོད་ཉིད། །གལ་ཏེ་རྒྱུར་བཅས་ཕྱིར་འཁྲུལ་ན། །ཁྱེད་ཀྱི་འདོད་པའང་ཉམས་པར་འགྱུར། །རྒྱུ་ཡོད་དོ་ཞེས་བྱ་བ་དེ་ཙམ་གྱིས་ནི་འཁྲུལ་པ་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཁྱེད་ཅག་གི་ཐམས་ཅད་འཁྲུལ་པར་འགྱུར་རོ། །མ་འཁྲུལ་པ་འདི་ག་ལས་ཞེས་
མ་འཁྲུལ་པ་ལ་ཡང་བརྒལ་ཞིང་བརྟག་པར་བྱ་བ་ཉིད་ཡིན་ན། །དེ་ལྟར་རྟོགས་པའི་ཕྱིར་རོ་ཞེ་ན། འདི་ནི་འཁྲུལ་པ་ལ་ཡང་མཚུངས་སོ། །འཁྲུལ་པ་ནི་མ་འཁྲུལ་པ་སྔོན་དུ་འགྲོ་བ་ཅན་ཡིན་ནོ་ཞེ་ན། གལ་ཏེ་རྒྱུ་མེད་པའི་ཕྱིར་རྣམ་པ་ཅི་ཞིག་ལྟར་མ་འཁྲུལ་པ་ཞེས་བྱ་བ་མེད་པ་ཉིད་ལས་ཅིའི་
འཁྲུལ་པ་མེད་པར་འགྱུར་རམ། ཡོད་མོད་ཇི་ལྟར་རྟོགས་བྱ་སྟེ། འཁྲུལ་པ་ནི་མ་འཁྲུལ་པ་ལས་བཟློག་པས་རྣམ་པར་གཞག་པར་བྱ་བ་མ་ཡིན་ནོ་ཞེ་ན། གཞན་ལ་ཡང་མཚུངས་ཏེ། མ་འཁྲུལ་པ་ཡང་འཁྲུལ་པ་ལས་བཟློག་པ་ཡིན་པའི་ཕྱིར་རོ། །གལ་ཏེ་མ་འཁྲུལ་པ་ནི་སྒྲུབ་པའི་
ཚུལ་ཉིད་ཀྱིས་ཡིན་ཏེ། འཁྲུལ་པ་ལས་བཟློག་པ་ནི་མ་ཡིན་ཏེ། འཁྲུལ་པ་ནི་གནོད་པར་བྱེད་པ་ཡོད་ན་ཡིན་ནོ། །དེས་འཁྲུལ་པ་ནི་མ་འཁྲུལ་པ་ལས་བཟློག་པ་ཁོ་ནས་ཡིན་ནོ་ཞེ་ན། དེ་ཡང་མི་རུང་སྟེ། སྒྲུབ་པའི་ཚུལ་དུ་མཐོང་བ་གང་། །དེ་ཉིད་དེ་ལྟར་རྟོགས་པ་ཡིན། །ཕྱི་ལ་སྒྲུབ་པ་ཡོད་
མིན་པ། །དེ་ཕྱིར་དེ་ལ་འཁྲུལ་པར་ངེས། །འོན་ཏེ་གང་ལ་རྒྱུ་ཡོད་པ་དེ་འཁྲུལ་པ་ཡིན་ནོ་ཞེས་ནི་མི་སྨྲ་སྟེ། འཁྲུལ་པ་གང་ཡིན་པ་དེའི་ནི་རྒྱུ་མེད་པར་མི་འགྱུར་རོ་ཞེས་བརྗོད་དོ་ཞེ་ན། དེ་ལྟ་ན་ནི་འོ་ན་ཁྱད་པར་དང་བཅས་པ་རྒྱུ་ཡིན་པར་འགྱུར་རོ། །འཁྲུལ་པའི་རྒྱུ་ནི་ཡོད་པ་ལས། །འཁྲུལ་འགྱུར་
དེ་ལྟ་མིན་པར་མིན། །འཁྲུལ་པའི་རང་བཞིན་ཤེས་ན་ཡང་། །དེ་རྒྱུ་རྣམ་པར་ངེས་པ་ཡིན། །དེ་རྒྱུ་ཁྱད་པར་དང་བཅས་པ་ཡིན་ན། དང་པོ་འཁྲུལ་པ་ཤེས་པར་བྱ་བ་ཡིན་ནོ། །ཡང་དེ་ཡང་འཁྲུལ་པའི་རྒྱུ་ལས་ཡིན་པའི་ཕྱིར་གནས་པ་མེད་དོ། །དེའི་ཕྱིར་རྒྱུ་ཡོད་དམ་མེད་ཀྱང་རུང་སྟེ། རང་
བཞིན་གང་གིས་དེ་འཁྲུལ་པ་ཡིན་པའི་རང་བཞིན་དེ་ཤེས་པ་ཉིད་ཀྱིས་རྣམ་པར་གཞག་པ་ཡིན་ནོ། །རང་གི་ངོ་བོས་དངོས་པོར་འགྱུར་བ་ཡིན་གྱི། རྒྱུའི་རང་བཞིན་གྱིས་ནི་མ་ཡིན་ནོ། །རང་གི་ངོ་བོ་དེ་ག་ལས་ཡིན་ཞེ་ན། འདིས་ཅི་ཞིག་བྱ། འཁྲུལ་པའི་རང་གི་ངོ་བོ་རྟོགས་པ་དེ་ཡང་འཁྲུལ་པ་
Vol. 179 · folio 45b
མ་ཡིན་པར་ག་ལས་ཡིན་ཞེ་ན། གལ་ཏེ་འདི་རྟོགས་པ་དེ་ལྟར་དེ་ཡང་ཡིན་ན་ཡིན་མོད་ཅི་ཞིག་སྐྱོན། སྔ་མ་འཁྲུལ་པར་འགྱུར་རོ་ཞེ་ན། དེ་ཡང་མ་ཡིན་ཏེ། དངུལ་དུ་རྟོགས་པར་འགྱུར་བ་ནི། །ཉ་ཕྱིས་རྟོགས་ན་ལྡོག་པ་ཡིན། །གལ་ཏེ་ལྡོག་རྒྱུ་གཞན་ཡོད་ན། །ཉ་ཕྱིས་རྟོགས་པའང་ལྡོག་
པ་ཉིད། །དེས་ན་དངུལ་དུ་འཛིན་པ་ཡི། །ཤེས་དེ་ཇི་ལྟར་སླར་ཡང་ནི། །བདེན་འགྱུར་གཉི་ག་རྟོགས་ཀྱང་ནི། །མེད་ཅེས་མཐོང་བ་མེད་དམ་ཅི། །གལ་ཏེ་ལ་ལ་དག་ཏུ་ཡང་། །དེ་ཡི་ཤེས་པ་བདེན་གྱུར་ན། །དེ་ལ་བརྟན་པར་ཡོད་འགྱུར་ཕྱིར། །གཞན་ལ་བཟློག་པར་འགྱུར་བ་ཡིན། །
གནོད་བྱེད་རྟོགས་པ་ཡོད་ན་ནི། །གཞན་ལ་ལོག་པར་འགྱུར་བ་ཡིན། །གལ་ཏེ་དེ་ལས་བཟློག་པ་ནི། །བདེན་བྱེད་གནོད་བྱེད་ཤེས་མེད་ན། །དེ་ཚེ་བཟློག་པ་མེད་པ་ཡི། །ངོ་བོ་གང་གིས་རྟོགས་པར་བྱེད། །འདི་ལ་སྨྲས་པ། གལ་ཏེ་བཟློག་རིག་དེ་སྟེ་དེ་ལྟ་མིན། །དངོས་པོ་མེད་པ་ངེས་
པར་ཇི་ལྟར་འགྱུར། །འོན་ཏེ་ངེས་པ་མི་དམིགས་པས་བྱས་ན། །ངེས་པར་བྱེད་རྒྱུ་གཞན་གྱིས་ཅི་ཞིག་བྱ། །གལ་ཏེ་བཟློག་པར་དམིགས་པའི་ཕྱིར། །དེ་མ་གྲུབ་པར་བརྗོད་ན་ནི། །ཕྱི་རོལ་རིག་པ་མེད་པའི་ཕྱིར། །རང་རིག་ཙམ་དུ་འགྱུར་བ་ཡིན། །དེའི་ཕྱིར་མི་དམིགས་པ་ཉིད་གནོད་པར་བྱེད་
པའི་ཚད་མ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་རིགས་སོ། །དེ་ནི་འདི་ལ་ཡང་ཡོད་པའི་ཕྱིར་ཇི་ལྟར་རྣམ་པར་ཤེས་པ་དམིགས་པ་དང་བཅས་པར་འགྱུར། དེའི་ཕྱིར་བློ་ནི་རིག་པར་བྱ་བ་མེད་པའི་རིག་པའི་བདག་ཉིད་ཡིན་ནོ། །ལྡན་པའི་དོན་བསྒྲུབ་བྱ་ཡིན་ནོ་ཞེས་བརྗོད་པ་གང་ཡིན་པ་དེ་ཡང་ཤིན་ཏུ་
མི་འཐད་དེ། འདིར་ནི་ལྡན་པའི་དོན་མེད་ཉིད། །དོན་དམ་པར་ནི་བསྒྲུབ་བྱ་ཡིན། །དེ་ལྟ་མིན་ན་དེ་ཡི་ཚེ། །དམིགས་མེད་བསྒྲུབ་བྱར་འགྱུར་བ་མིན། །རྣམ་པར་ཤེས་པ་དམིགས་པ་མེད་པ་ཡིན་ནོ་ཞེས་གང་གིས་དམིགས་པ་མེད་པ་ཉིད་བསྒྲུབ་པར་བྱ་བར་ཞུགས་པ་དེ་ལ་ཇི་ལྟར་དེ་ཉིད་བསྒྲུབ་
པར་བྱ་བ་ཡིན་ནོ་ཞེས་ཉེ་བར་དགོད་པར་བྱ་བ་ཡིན། འདོད་པ་ཡུལ་དུ་བྱས་པའི་ཕྱོགས་དེ་ཇི་ལྟར་གཞན་དུ་བྱེད། གང་ཞིག་གིས་གང་བསྒྲུབ་པར་འདོད་པ་དེ་ཉིད་ཕྱོགས་ཡིན་ནོ། །ཅི་སྟེ་དེ་ལྟ་བུ་དེ་སྒྲུབ་པར་མི་ནུས་པ་ཡིན་ན། དེ་ལྟ་ཡིན་ན་འདི་གཏན་ཚིགས་ཀྱི་སྐྱོན་ཉིད་དུ་འགྱུར་གྱི་ཕྱོགས་ཀྱི་
Vol. 179 · folio 46a
ནི་མ་ཡིན་ནོ། །དངོས་པོ་མེད་པ་དང་ལྡན་པར་སྒྲུབ་པ་ཡང་ལྡན་པའི་དོན་ཉིད་དོ། །དོན་དམ་པར་ལྡན་པའི་དོན་བསྒྲུབ་པར་བྱ་བ་ཉིད་ལ་ནི། ཚད་མ་ཡོད་པ་མ་ཡིན་ཏེ། ཆོས་དང་ཆོས་ཅན་གྱི་རྟེན་བརྟགས་པ་ཡིན་པའི་ཕྱིར་རོ། །རང་བཞིན་དུ་གྱུར་པའི་ཆོས་ཉིད་ལྡོག་པའི་
སྒོ་ནས་ཐ་དད་པར་རྣམ་པར་གཞག་ནས་དོན་དང་ལྡན་པ་རྟོག་པ་ཡིན་ནོ། །དེ་ལ་གལ་ཏེ་ཐ་སྙད་འདི་ཀུན་རྫོབ་ཏུ་ཡིན་པ་དེ་ལྟ་ན་ཡང་དེ་ཙམ་གྱི་ཆད་པ་ནི་མེད་དོ། །གླང་པོ་ཆེའི་ལྟ་སྟངས་ཀྱིས་རེ་ཞིག་ཐ་སྙད་འདི་འཇུག་པ་ཡིན་ལ། ཕྱིས་ངེས་པར་བརྟགས་ན་ནི་འདི་ཡང་འཇིག་པ་ཁོ་ནའོ། །ཀུན་
རྫོབ་ཅེས་བྱ་བ་འདི་ཅི་ཞིག །གལ་ཏེ་དངོས་པོ་ཡིན་ན་དེ་ཉིད་བརྗོད་པར་བྱ་བ་ཡིན་ཏེ། དེ་ལ་མིང་གཞན་གྱིས་ཅི་བྱ། འོན་ཏེ་ཅི་ཡང་མེད་པ་ཡིན་ན་དེའི་ཚེ་ཀུན་རྫོབ་ཅེས་བྱ་བའི་མིང་གཞན་གྱིས་ཅི་བྱ་ཞེ་ན། བདེན་པར་མཆོག་ཏུ་གོམས་དེ་ལ། །དོན་དམ་དུ་ན་དེ་ཉིད་མེད། །རྣམ་པར་དཔྱད་ན་སྟོང་
པས་ན། །དེ་ནི་ཀུན་རྫོབ་ཅེས་བརྗོད་དོ། །དེ་ཁོ་ན་ལ་སྒྲིབ་པའི་ཕྱིར་ཀུན་རྫོབ་པོ། །རེ་ཞིག་སྣང་བའི་རང་བཞིན་མེད་དོ་ཞེས་བྱ་བར་ནི་མི་རིགས་སོ། །རྣམ་པར་དཔྱད་ན་ནི་མེད་པའི་ཕྱིར་དངོས་པོ་མེད་པར་ངེས་པ་ཡིན་ནོ། །དེས་ན་དོན་དམ་པ་ལ་ལྟོས་ནས་ཀུན་རྫོབ་ཅེས་བརྗོད་དོ། །ཀུན་རྫོབ་
ཏུ་ཡོད་དོ་ཞེས་བྱ་བ་ནི་འཁྲུལ་པའི་ཤེས་པ་ལ་ལྟོས་ནས་ཡོད་དོ་ཞེས་བྱ་བ་ཡིན་ནོ། །འཁྲུལ་པ་ལ་གནོད་པར་བྱེད་པ་མ་སྐྱེས་པས་བདེན་པ་ཉིད་དུ་མངོན་པར་རློམ་པའི་ཕྱིར་འདི་ཀུན་རྫོབ་ཀྱི་བདེན་པ་ཞེས་བརྗོད་དོ། །དེས་ན་འདི་ཡང་བརྗོད་པར་བྱ་བ་ཁོ་ན་སྟེ། མེད་ན་ཇི་ལྟར་འདི་འཁྲུལ་ཡིན། །
ཡོད་དོ་ཞེ་ན་ཇི་ལྟར་འཁྲུལ། །གལ་ཏེ་དེ་ཉིད་མི་སྣང་འཁྲུལ། །ཀུན་རྫོབ་དེ་ཉིད་མིན་ཅེས་མིན། །དེ་ཉིད་མིན་བདེན་མི་རུང་ན། །བདེན་པ་སྣང་བར་ཅིས་མི་འགྱུར། །དེས་ན་བདེན་ལྟར་སྣང་བ་ཡང་། །ཀུན་རྫོབ་བདེན་པ་ཞེས་བྱ་བ། །སླུ་བའི་ཚིག་ཏུ་ཇི་ལྟར་འགྱུར། །ཁ་ཆུ་འཐུང་ཞེས་
བརྗོད་པ་བཞིན། །གང་ཞིག་བདེན་པ་མིན་པ་ཡང་། །བདེན་ལྟར་སྣང་བ་མི་འབྱོར་པ། །དེ་ཡི་བདེན་པ་སྣང་བ་ཉིད། །རྗོད་པས་འདྲིད་པ་ཅི་ཞིག་ཡོད། །དེ་ཕྱིར་གཞན་བསམ་མ་ཤེས་པར། །བདག་བསྟོད་བརྗོད་པར་འདོད་པ་ཡིས། །སྨྲ་བ་འབའ་ཞིག་དེ་ལས་ནི། །འདྲིད་པ་གཞན་ནི་ཡོད་
Vol. 179 · folio 46b
མ་ཡིན། །དེས་ན་རེ་ཞིག་འདི་གཞག་སྟེ། །འདི་ཉིད་ལ་ཕ་རོལ་པོས་བརྗོད་པ་གཞན་བརྗོད་དོ། །གལ་ཏེ་དངོས་པོ་ཐ་དད་པ། །མ་ཡིན་པར་ནི་འགོག་ན་ཡང་། །འགྲོ་བ་གཞལ་བྱ་ཉིད་དུ་ནི། །ཐ་དད་མེད་པས་གྲུབ་པ་སྒྲུབ། །གཞལ་བྱ་ཉིད་ཀྱིས་འགྲོ་བ་ཐམས་ཅད་རིག་པ་ལས་ཐ་དད་པ་
མེད་པ་ཉིད་དོ། །གལ་ཏེ་ཤིན་ཏུ་ཐ་དད་པས། །དངོས་སྩོགས་རྣམ་པ་ཐ་དད་པས། །བློ་དམིགས་མེད་པར་འདོད་པ་ཉིད། །འཛིན་ལས་ཐ་དད་མེད་ཅེ་ན། །ནུས་པའི་དབྱེ་བ་འགལ་བར་འགྱུར། །གལ་ཏེ་དམིགས་པ་མེད་པའི་བློ་ཡང་སྐྱེ་བར་སྒྲུབ་ན། ཕྱི་རོལ་གཟུང་བ་དང་བྲལ་བ། །
མཐོང་ཕྱིར་དེ་ནི་ངེད་ཀྱང་འདོད། །ཁྱེད་ནི་རྣམ་པ་ཇི་ལྟར་ཡང་། །ཡང་དག་ཉིད་དུ་འདི་མི་འདོད། །འདི་ནི་སྨིག་རྒྱུའི་བློ་བཞིན་དུ། །རང་གི་ཆ་ལ་གནས་པ་ཉིད། །སྒྲུབ་པར་བྱེད་པ་ལས་སྐྱེས་བློས། །ནག་པོ་ལ་སོགས་ཤེས་པ་ཡིས། །ཆོས་གྱུར་དམིགས་པ་མེད་པ་ཉིད། །གལ་ཏེ་
འཛིན་པ་མིན་ན་ནི། །དེས་ན་ཡུལ་ཐ་དད་པས་ན། །འགལ་ཟླ་བཟློག་པ་མེད་པ་ཡི། །རང་བཞིན་ཡིན་ཕྱིར་དམིགས་དང་བཅས། །འགྱུར་བ་གང་གིས་ཟློག་པར་བྱེད། །གལ་ཏེ་རྟོགས་བྱེད་སྒྲ་ཡང་ནི། །རྟོགས་པ་ཡིས་ནི་བཟུང་གྱུར་ཅིང་། །རིག་པ་ཡིས་ནི་དམིགས་པ་ཉིད། །འགོག་ན་
གྲུབ་པ་བསྒྲུབ་པ་ཡིན། །གལ་ཏེ་བློ་སྐྱེད་ནུས་པ་ནི། །འགོག་ན་བསྒྲུབ་བྱ་འགྲུབ་མི་འགྱུར། །ཁྱོད་ཀྱིས་སྒྲུབ་བྱེད་སྦྱོར་བ་ནི། །རྟོགས་པར་བྱེད་པ་མེད་པར་མིན། །བརྗོད་པ་འབྲེལ་པ་མེད་པར་མིན། །དེ་ཡང་ཐ་དད་མེད་མི་འགྱུར། །དེ་ཡང་དེ་རྟེན་ཐ་དད་པ། །རྟོགས་པར་བྱེད་བློ་མེད་པར་
མིན། །ཆ་ཤས་བཅས་པའི་ངག་དང་ནི། །ཕྱོགས་དང་གཏན་ཚིགས་དཔེར་བཅས་དང་། །རྒོལ་དང་ཕྱི་རྒོལ་རྟོགས་པའོ། །རྣམས་ཀྱིས་སོ་སོར་མ་བཟུང་བར། །སྒྲུབ་པར་བྱེད་པ་སྦྱར་མི་འགྱུར། །གལ་ཏེ་དེ་ལྡན་འདོད་ན་ནི། །དེ་ཚེ་ཁྱེད་ཀྱི་དམ་བཅའ་བ། །ཁས་བླངས་སྔ་མས་གནོད་པར་
འགྱུར། །ཞེས་བྱ་བ་འདི་ཐམས་ཅད་ནི་གྱི་ནའོ། །ཤེས་ལས་གཞན་པ་མེད་པ་ནི། །དམིགས་པ་མེད་པ་ཡིན་པར་བརྗོད། །དེ་ཆོས་ཡོད་ཀྱང་བློ་དེ་ལས། །སྔོ་སྩོགས་ཐ་དད་མེད་མི་འགྱུར། །གལ་ཏེ་དེའི་ཆོས་ཤེས་བྱ་ཉིད་ལ་སོགས་པས་ཆོས་དེ་དང་ལྡན་པ་ཉིད་དུ་ཐ་མི་དད་པ་དེ་ལྟ་ན་ཡང་ཤེས་
Vol. 179 · folio 47a
པ་ཉིད་མེད་པའི་ཕྱིར་དེ་ནི་ཐ་དད་པ་ཉིད་དོ། །མི་ཉིད་དང་ལྡན་ན་ཡང་རིགས་ངན་བྲམ་ཟེ་ལས་ཐ་མི་དད་པར་འགྱུར་བ་ནི་མ་ཡིན་ནོ། །དེས་ན་རྣམ་པར་ཤེས་པ་ཡང་བདག་ལས་ཐ་དད་པའི་དམིགས་པ་ཤེས་པ་ཉིད་དང་བྲལ་བས་དམིགས་པ་མེད་དོ་ཞེས་སྐབས་ལས་
རྟོགས་སོ། །གཞལ་བྱ་ཉིད་ཀྱང་གལ་ཏེ་གཞལ་བྱ་ལས་ཐ་མི་དད་ན་དེའི་ཕྱིར་ཤེས་པ་ལས་དེ་ཐ་དད་པས་གྲུབ་པ་ལ་སྒྲུབ་པར་ག་ལ་འགྱུར། རིག་དང་དེ་ལས་གཞལ་བ་དག །གཞལ་བྱ་ཉིད་ཕྱར་དབྱེར་མེད་ན། །མྱོང་ལས་གཞན་དེ་མེད་ཉིད་དེ། །དེ་ནི་རྣམ་ཤེས་ཉིད་ཡིན་ནོ། །ཤིན་ཏུ་ཐ་
དད་ལ་ལྟོས་ཏེ། །དམིགས་པ་མེད་པར་སྒྲུབ་བྱེད་ན། །ཅི་ཕྱིར་གྲུབ་པ་སྒྲུབ་འགྱུར་ཏེ། །རྟོགས་མེད་ཤིན་ཏུ་ཐ་དད་ཡིན། །གལ་ཏེ་རྣམ་པ་འགའ་ཞིག་གིས་ཐ་དད་ན་ཡང་གཏན་ཐ་དད་པ་ཉིད་དེ། ཐ་དད་པ་དང་ཐ་མི་དད་པར་ནི་ལྟ་བར་མི་ནུས་པའི་ཕྱིར་རོ། །དེས་ན་ཐ་དད་པ་ནི་ཤིན་ཏུ་ཐ་དད་པ་
ཁོ་ནའོ། །དེས་དམིགས་པ་མེད་ན་རང་གི་ཆ་ལ་དམིགས་པ་འབའ་ཞིག་ཏུ་ཟད་པ་དེས་ན་ཇི་ལྟར་གྲུབ་པ་སྒྲུབ་པ་ཉིད་ཡིན། ཤེས་པའི་རྣམ་པ་ཉིད་ཀྱིས་གཟུང་བ་ཐ་དད་པ་མེད་ན་ནང་གི་བྱེ་བྲག་ཏུ་འགྱུར་མོད། དེ་ལྟ་ན་ཡང་དེ་དམིགས་པ་ཐ་དད་པ་མེད་པ་ཉིད་དོ། །གཉི་ག་རྟོགས་པའི་ངོ་བོར་ནི། །
གྱུར་ན་ཇི་ལྟར་དམིགས་བཅས་ཡིན། །བདེ་བ་དང་ནི་སྡུག་བསྔལ་དག །གཉི་ག་རྟོགས་ལ་དེ་མེད་དོ། །རྟོགས་ལས་མི་གཞན་གཟུང་འཛིན་གྱི། །དབྱེ་དང་དཀར་སྔོ་ལ་སོགས་ཀྱི། །དབྱེ་བར་ཡང་ནི་ཇི་ལྟར་འགྱུར། །དེས་ན་མེད་ཉིད་མིན་ཞེ་ན། །དཔེར་ན་རྟོགས་པའི་བདག་ཉིད་ཀྱང་། །
བདེ་སྡུག་སྩོགས་དབྱེ་འདི་ཡོད་བཞིན། །དཀར་དང་བདེ་སྩོགས་དབྱེ་བ་ཡང་། །གཟུང་དང་ཅིག་ཤོས་བདག་རིག་མིན། །དཔེར་ན་བདེ་བ་དང་སྡུག་བསྔལ་དག་རྟོགས་པ་ལས་ཐ་དད་པ་མེད་ཀྱང་དེ་ཁོ་ན་ཉིད་ཐ་དད་པ་དེ་བཞིན་དུ་དཀར་པོ་དང་བདེ་བའི་དབྱེ་བ་ཡང་ཡིན་ན་ཅི་འགལ། གཟུང་བ་
དང་འཛིན་པའི་རྣམ་པ་ནི་སྣང་བ་མེད་པ་ཉིད་དོ། །དཀར་པོ་དང་བདེ་བ་ལ་སོགས་པ་མ་གཏོགས་པར་འཛིན་པ་ལ་སོགས་པ་ཉིད་སྣང་བ་ནི་མཚོན་པ་མེད་དོ། །དེའི་ཕྱིར་འཛིན་པ་ལ་སོགས་པའི་ཐ་སྙད་ནི་མ་རུངས་པའི་བདག་ཉིད་རང་འདོད་ཀྱིས་བསླུས་པ་དག་གིས་ཉེ་བར་བཀོད་པ་ཡིན་ནོ། །
Vol. 179 · folio 47b
གལ་ཏེ་དམིགས་པ་མེད་པ་ཡི། །བློ་ཡང་སྐྱེ་བར་རབ་བསྒྲུབ་ན། །ཕྱོགས་འདི་སྔར་གྱི་ཕྱོགས་ལས་ནི། །ཐ་དད་པར་ནི་ཇི་ལྟར་བསྟན། །བློ་ཀུན་དམིགས་པ་མེད་པ་དང་། །དེ་བཞིན་ཐམས་ཅད་སྐྱེ་བ་ནི། །འདི་གཉིས་སྒྲུབ་བྱེད་ཁྱད་མེད་དེ། །ཆོས་ནི་ཇི་ལྟར་བསྒྲུབ་བྱ་མིན། །སྒྲུབ་
བྱེད་ལས་སྐྱེས་བློ་ཡིས་ནི། །བསྒྲུབ་བྱ་དེ་ནི་ཆོས་གྱུར་ཉིད། །བློ་ནི་དམིགས་དང་བཅས་པ་ཉིད། །དམིགས་པ་མེད་པས་གཅོད་པར་འགྱུར། །གང་གི་ཚེ་བློ་སྐྱེ་བ་ཐམས་ཅད་དམིགས་པ་མེད་དོ་ཞེས་བསྒྲུབ་པར་བྱ་བ་དེའི་ཚེ་ཆོས་སུ་གྱུར་པ་དོན་གྱི་དམིགས་པ་མེད་པ་ཉིད་བསྒྲུབ་
པར་བྱ་བར་འགྱུར་རོ། །དེ་ལྟར་ཡིན་ན་འཁྲུལ་པའི་དབང་གིས་ཁས་བླངས་པས་དམིགས་པ་དང་བཅས་པ་ཉིད་སེལ་བ་ཁོ་ན་ཡིན་པས་ཇི་ལྟར་སྒྲུབ་པར་བྱེད་པ་བཀོད་པ་དོན་མེད་པ་ཡིན། རྟོགས་པའི་སྒྲ་རྟོགས་པར་བྱེད་པའི་སྒྲ་ལ་ནི་སྐབས་ཀྱིས་མི་འཇུག་པ་ཉིད་དོ་ཞེས་བསྟན་ཟིན་
ཏོ། །དེའི་ཕྱིར་སྒྲ་རིག་པའི་བདག་ཉིད་མ་ཡིན་པའི་ཕྱིར། ཇི་ལྟར་གྲུབ་པ་ལ་སྒྲུབ་པར་འགྱུར། གང་གིས་སྒྲུབ་པར་བྱེད་པ་དོན་མེད་པར་འགྱུར་བ། བློ་སྐྱེད་པའི་ནུས་པ་ནི་འགོག་པར་འདོད་པ་མ་ཡིན་ནོ། །བློ་ཉིད་སྐྱེ་བ་མེད་དོ་ཞེས་བྱ་བ་འདི་ནི་དམིགས་པ་མེད་པར་བརྗོད་པའི་དོན་མ་ཡིན་
ནོ། །གལ་ཏེ་དམིགས་པ་མེད་པའི་བློ་སྐྱེ་ཡང་དེ་སྐྱེས་ཀྱང་ཅི་བྱ། འོན་ཏེ་དམིགས་པ་དང་བཅས་པ་ཡིན་ན་དེའི་ཚེ་དེ་ཉིད་ཀྱིས་མ་ངེས་པ་ཉིད་ད་ཞེ་ན། དེ་ཡང་མ་ཡིན་ཏེ། གཞན་སེལ་བསྒྲུབ་བྱ་ཡིན་པའི་ཕྱིར། །སྒྲུབ་པར་བྱེད་པས་ཕ་རོལ་གྱི། །འཁྲུག་པ་ཟློག་པར་བྱེད་པས་ན། །ཇི་
ལྟར་སྒྲུབ་བྱེད་དོན་མེད་ཡིན། །བློ་མཐའ་དག་དམིགས་པ་མེད་དོ་ཞེས་བྱ་བའི་དོན་འདི་ནི་ཚད་མ་འགའ་ཞིག་གིས་རྟོགས་པར་བྱ་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་སྒྲུབ་པར་བྱེད་པ་འགོག་པར་ཇི་ལྟར་འགྱུར། དེས་ན་སྒྲུབ་པར་བྱེད་པས་ན་དམིགས་པ་མེད་པའི་བློ་ཡང་དམིགས་པ་མེད་པ་
ཉིད་དུ་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་དམིགས་པ་མེད་པ་ཉིད་མ་ཡིན་ན་ཇི་ལྟར་དམིགས་པ་མེད་པ་ཉིད་དུ་འགྲུབ། རྗེས་སུ་དཔག་པ་ནི་མི་སླུ་བས་ཚད་མ་ཡིན་གྱི། དམིགས་པ་དང་བཅས་པ་ཉིད་ཀྱིས་ནི་མ་ཡིན་ནོ། །དམིགས་པ་དང་བཅས་པ་ཉིད་མེད་དོ་ཞེས་བྱ་བ་ཇི་ལྟར་མི་སླུ་བ་ཡིན་ཞེ་ན།
Vol. 179 · folio 48a
དམིགས་པ་མི་དམིགས་པའི་ཕྱིར་རོ། །མེད་པའི་བློ་ཇི་ལྟར་མི་སླུ་བ་ཡིན། གལ་ཏེ་སྣང་བ་མི་དམིགས་པ་སྟེ། ཕྱི་ནས་དོན་དེ་མ་དམིགས་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་དམིགས་པ་མེད་པའི་བློ་ཡང་དེ་ཁོ་ན་ཉིད་ངེས་པའི་རྒྱུ་མཚན་ཡིན་ནོ། །དེས་ན་སྒྲུབ་པར་བྱེད་
པ་སྦྱར་བ་ནི་གཞན་སེལ་བ་རྟོགས་པར་བྱེད་པ་ཡིན་གྱི། རྟོགས་པ་མེད་པ་ནི་མ་ཡིན་ན། སྒྲའི་དོན་གཞན་སེལ་བ་ཡང་དོན་རྣམས་ཀྱིས་འབྲེལ་པ་ཡོད་པ་ཉིད་དོ། །བརྟགས་པའི་ཐ་དད་པ་དང་ཆ་ཤས་དང་བཅས་པའི་ཕྱོགས་ཐ་དད་པར་འཛིན་པའི་ཡུལ་ཡང་ཀུན་རྫོབ་ཏུ་ཡོད་པ་
ཉིད་དོ། །རྒོལ་བ་དང་ཕྱིར་རྒོལ་ཐ་དད་པར་འཛིན་པ་ཡང་དང་པོ་ཉིད་འཇིག་པར་འགྱུར་རམ་ཅི། དེ་ཡང་རྨི་ལམ་བཞིན་དུ་ཕྱི་ནས་དམིགས་པ་མེད་པར་འགྱུར་རོ། །དེའི་ཚེ་འབྲས་བུ་གྲུབ་ཟིན་ན་ད་མ་གྲུབ་པ་ལ་སོགས་པའི་རྩོད་པས་ཅི་ཞིག་བྱ། གཞན་ཡང་འདི་སྔར་བཀོད་ཟིན་
པའི་ཕྱིར་རྩོད་པ་འདིས་ཅི་ཞིག་བྱ། ཉེས་ལྡན་དེ་ཉིད་མི་ཤེས་ཉོན་མོང་གིས། །འཐབ་བྲལ་བུད་མེད་དམངས་རིགས་མཚར་སྐྱེད་པ། །བརྗོད་པ་དེ་ཉིད་རྟོགས་པའི་མདུན་དུ་ནི། །ཕྱིར་ཡང་རབ་ཏུ་འཇིག་པར་མི་འགྱུར་མིན། །དེའི་ཕྱིར་ཕྱོགས་ལ་སོགས་པའི་སྤྲོས་པ་ཐ་དད་པ་དག་གླང་
པོའི་ལྟ་སྟངས་ཀྱིས་ཁས་བླངས་ཀྱང་ཕྱིས་དོན་དམ་པ་ལ་འཇུག་པ་ན་དེ་མེད་པར་སྒྲུབ་པ་ལ་སྐྱོན་མེད་དོ། །ངས་རང་གི་སྣང་བ་ཉིད་འབའ་ཞིག་རྟོགས་སོ་སྙམ་པའི་རྟོགས་པ་ལ་གཞན་གྱི་རྟོགས་པས་གནོད་པ་མ་ཡིན་ནམ་ཞེ་ན། རྟོགས་པར་བྱེད་པ་རྣམས་ལ་ཡང་རང་གི་ཆ་ཙམ་ལས་གཞན་
མེད་དོ་སྙམ་པའི་རྟོགས་པ་དམིགས་པ་མེད་པར་བརྗོད་པའི་ཚིག་ལས་རྟོགས་པ་ཡོད་པ་ཡིན་ནོ། །དེའི་ཕྱིར་ཁྱེད་ཀྱི་ཐ་དད་པར་འཛིན་པ་མེད་པར་རྟོགས་པ་པོ་རྣམས་སྒྲུབ་པར་བྱེད་པ་ལ་མི་འཇུག་གོ་ཞེས་བྱ་བའི་རྟོགས་པ་འདི་ཚད་མ་གང་ལས་ཡིན། འོན་ཏེ་རྟོགས་པ་ཐ་དད་པ་དང་
ལྡན་པ་མ་ཡིན་པ་གང་ཡིན་པ་དེ་དག་ནི་རྟོགས་པ་པོ་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། དེ་ཉིད་རྟོགས་བྱེད་གང་ཡིན་པ། །དེ་འདིར་རྟོགས་བྱེད་མ་ཡིན་རྣམས། །དེ་ཉིད་རྟོགས་བྱེད་མ་ཡིན་ན། །རྟོགས་པ་པོ་ཡི་སྐབས་མེད་དོ། །འོན་ཏེ་ཕྱོགས་གཅིག་ཏུ་ལྷུང་བས། རྟོགས་བྱེད་ཉིད་ནི་
Vol. 179 · folio 48b
མེད་ཅེ་ན། །ཕྱོགས་སུ་ལྷུང་བ་ཉིད་ལས་ནི། །གང་ལས་གྲོལ་བར་འགྱུར་བ་ཡིན། །ཕན་ཚུན་འགལ་བ་གཉིས་པོ་དག །རྟོགས་པར་བྱ་བ་འཐད་མ་ཡིན། །གཅིག་ལ་རེ་རེར་རྟོགས་པའི་ཕྱིར། །ཕྱོགས་སུ་ལྷུང་བར་འགྱུར་བ་ཡིན། །དེས་ནི་ཕན་ཚུན་འགལ་བའི་ཕྱིར། །རྟོགས་བྱེད་གཉིས་
ནི་རྩོད་པས་ནི། །རྟོགས་བྱེད་གཞན་དག་ཡིན་པར་ནི། །འགྱུར་ཕྱིར་ཐུག་པ་མེད་པ་ཡིན། །རྒོལ་དག་རྟོགས་བྱེད་ཡིན་ཞེ་ན། །ཕན་ཚུན་རྟེན་པར་འགྱུར་བ་ཡིན། །གང་གི་ཕྱིར་ནི་དེ་གཉིས་ཀྱང་། །ངེས་པར་རང་ཕྱོགས་ཕྱོགས་སུ་ལྷུང་། །དེ་ཕྱིར་ཚད་མའི་འོངས་པ་ཡི། །དེ་ཉིད་ངེས་པར་ཁས་
བླང་བྱ། །དེ་དང་འགལ་བ་སྔར་གྱི་ནི། །ཁས་བླང་གང་ཡིན་དེ་སེལ་ཏོ། །གང་གི་ཚེ་རྟོགས་པར་བྱེད་པ་རྣམས་ཕྱོགས་དང་རྒོལ་བ་དང་ཕྱིར་རྒོལ་བ་དག་བློ་ཐ་དད་པ་ཡིན་པ་དེ་ལྟ་ན་ཡང་གལ་ཏེ་ཚད་མའི་སྟོབས་ཀྱིས་འོངས་པ་རྒོལ་བའི་ཚིག་ལས་ཕྱིན་ཅི་ལོག་བསལ་བ་དེ་ལ་དེ་དག་གིས་འགལ་བ་མ་
ཡིན་ནོ། །རང་གི་བློས་ངེས་པར་རྟོགས་པར་བྱེད་པ་དེ་དག་གི་དེ་ཡོངས་སུ་དག་པར་འགྱུར་བས་དེར་གཏན་ཚིགས་ཁས་མ་བླངས་པ་ཇི་ལྟར་ཡིན། དེས་ན་རྣམ་པ་ཅི་ཞིག་ལྟར་སྔར་གྱི་ཁས་བླངས་པས་འདི་ལ་གནོད་པ་ཡིན་གྱི། ཚད་མའི་སྟོབས་ལས་འོངས་པ་འདིས་ནི་སྔ་མ་ལ་མ་ཡིན་པའི་ཕྱིར། ཇི་
ལྟར་འདི་མ་འབྲེལ་པ་ཡིན་ནོ་ཞེས་གསང་སྟེ་བརྗོད་དོ། །གང་ལ་བདེན་པར་རློམ་ཡོད་པ། །དེ་ནི་དམིགས་པ་མེད་པར་འདོད། །དེ་ཕྱིར་དེ་བདེན་མི་འདོད་པའི། །ཕྱོགས་ལ་གནོད་པ་ཅི་ཞིག་ཡོད། །འོན་ཏེ་ཡང་འདི་སྙམ་དུ། །ཆོས་དང་ཆོས་མིན་རྟོགས་པ་དང་། །སློབ་མ་བདག་ཉིད་དོན་དམ་དུ། །
གྲུབ་པ་མེད་པར་ཆོས་ལ་སོགས། །ཉེ་བར་སྟོན་པ་འཐད་མ་ཡིན། །དེ་སྒྲུབ་ཕྱིར་ན་སངས་རྒྱས་རྣམས། །ཐ་དད་བཞེད་ཡིན་གསལ་བར་དེས། །མདོ་སྡེ་དག་ཀྱང་ཁས་བླངས་ཕྱིར། །ལུང་དང་འགལ་བར་འགྱུར་བ་ཡིན། །འཇིག་རྟེན་གྱི་ནི་གྲགས་པས་ཀྱང་། །ཕྱོགས་ལ་གནོད་པར་འགྱུར་
བ་ཡིན། །གལ་ཏེ་མ་ལུས་སྒྲུབ་བྱེད་བློ། །ལོག་པར་འདོད་ན་དེ་ཡི་ཚེ། །ཇི་ལྟར་འདོད་ཀུན་མེད་པ་འམ། །མ་ཚང་ལ་སོགས་བརྗོད་པ་ཡིན། །དེ་དག་དམིགས་དང་བཅས་པ་ནི། །དེ་དག་ཉིད་ཀྱིས་མ་ངེས་འགྱུར། །དེ་ལས་གཞན་དུ་ཁས་ལེན་ན། །དེ་ལས་གཞན་པའི་རྟོགས་པ་བརྫུན། །ཕྱོགས་
Vol. 179 · folio 49a
སྩོགས་ནང་དུ་མ་འདུས་ཕྱིར། །དེ་ནི་ཕྱོགས་ལ་སོགས་པ་མིན། །དེ་ནི་ལོག་པར་གྲུབ་ན་ཡང་། །སྔ་མ་ཐམས་ཅད་འགྲུབ་མི་འགྱུར། །དེ་ཚེ་བསྒྲུབ་བྱ་སྒྲུབ་བྱེད་ཀྱི། །ཤེས་པ་ཐ་དད་མེད་པར་འགྱུར། །ཇི་སྲིད་ཇི་སྲིད་དམ་འཆའ་བ། །དེ་ལྟར་དེ་ལས་གཞན་
བརྗོད་པ། །དེ་སྲིད་དེ་སྲིད་ཕྱི་མ་རྣམས། །ལོག་ཕྱིར་སྔ་མ་གནོད་པར་འགྱུར། །རྗེས་སུ་དཔག་པས་གནོད་པ་ན། །འགལ་བ་མི་འཁྲུལ་ཅན་དུ་འང་འགྱུར། །དེ་ལྟར་ཕྱོགས་ནི་ཐམས་ཅད་ལ། །བཟློག་པའི་སྒྲུབ་བྱེད་བརྗོད་པར་བྱ། །ཕྱི་རོལ་དོན་ཡོད་སྙམ་པ་ཡི། །བློ་འདི་ཡང་དག་པ་
ཉིད་ཡིན། །གནོད་དང་བྲལ་བའི་བློ་ཡིན་ཕྱིར། །དཔེར་ན་རྨི་སྩོགས་གནོད་བློ་བཞིན། །དེ་ཡང་ལོག་ཅེས་སྨྲ་ཞེ་ན། །རྨི་སོགས་དག་ལ་གནོད་མེད་པས། །ད་ནི་ཁྱེད་ཀྱི་སྒྲུབ་བྱེད་ལ། །ཆོས་མཐུན་ཅན་དཔེ་མེད་པར་འགྱུར། །རྣམ་ཤེས་ཡོད་དང་ཐ་དད་དང་། །དེ་བཞིན་སྐད་ཅིག་ཉིད་སོགས་
བློ། །གལ་ཏེ་བདེན་པར་ཁས་ལེན་ན། །དེ་ཉིད་ཀྱིས་ནི་མ་ངེས་འགྱུར། །དེ་དག་ལོག་པར་རྟོགས་ན་ཡང་། །ཕྱོགས་ལ་གནོད་པར་ཐལ་བ་ཡིན། །དེ་ལྟ་ཡིན་དང་བཅིངས་པ་དང་། །གྲོལ་སོགས་རྣམ་གཞག་རུང་མ་ཡིན། །དེ་ཕྱིར་ཐར་པའི་འབད་པ་ཡང་། །འབྲས་བུ་མེད་པར་ཐལ་བར་
འགྱུར། །དེ་ནི་མ་ཡིན་ཏེ། འདི་ལྟར། གལ་ཏེ་ད་ལྟ་ལ་བསམས་ཏེ། །འཁོར་བའི་རྟོགས་པ་ལ་གནས་ན། །ཆོས་དང་ཆོས་མིན་སྩོགས་དཔྱོད་འདི། །དེ་ལྟར་མི་འབྱོར་པ་མ་ཡིན། །འདོད་སོགས་དེ་ཉིད་མ་ཡིན་ཡང་། །བྱིས་པའི་རྩེད་མོ་བཞིན་དུ་འདོད། །དེས་ན་འདོད་པ་གྲུབ་དོན་དུ། །ཆོས་སྟོན་
མེད་པར་འགྱུར་མ་ཡིན། །འདོད་པ་སྒྲུབ་པ་ཉིད་ནི་ཆོས་ཡིན་ལ། །དེ་ལས་གཞན་ནི་ཆོས་མ་ཡིན་པའོ། །ཞེས་བྱ་བའི་དབྱེ་བ་འདི་ནི་འཁོར་བར་ངེས་པར་རྟོགས་པ་ཡིན་ཏེ། དེ་ནི་ཐ་དད་པའི་བག་ཆགས་དང་མ་བྲལ་བའི་ཕྱིར་རོ། །གང་གི་ཚེ་གྲོལ་བ་དེའི་ཚེ་ནི་དེ་ལ་འགས་ཀྱང་དོགས་པ་མེད་དོ། །ཕྱིས་
རྩེད་ཀྱང་ཡུལ་ལ་འདོད་པ་གྲུབ་པའི་དོན་དུ་དོན་དམ་པར་རིག་པ་དག་མི་འཇུག་པ་ནི་མ་ཡིན་ནོ། །འདི་ལྟར། འགྲོ་ཀུན་གང་ལ་གང་གིས་ནི། །དེ་ཉིད་བློ་ཡོད་པ་ལ་འཇུག །ཆགས་ཕྱིར་སྡུག་པའི་བློ་ཡིས་ནི། །གཟུགས་ངན་མ་ལ་མི་འཇུག་གམ། །དེ་ཕྱིར་དེ་ཉིད་མིན་པ་ལའང་། །མི་རྣམས་དེ་ཉིད་བློ་
Vol. 179 · folio 49b
ཡིས་འཇུག །གླང་ཆེན་ལྟ་བ་བྱས་ནས་ནི། །དེ་དང་དེ་སྟོན་མིན་ནམ་ཅི། །འདིས་དེར་ནན་ཏན་མཛད་པ་ནི། །འགལ་བ་མེད་པར་བསྟན་པ་ཡིན། །དེ་ཡི་བསམ་པས་གསུངས་པ་ཡི། །མདོ་སྡེ་དག་གིས་ཅི་ཞིག་གནོད། །དེ་ཉིད་རིག་མེད་གྲགས་པ་ཡིས། །གནོད་པ་གྲུབ་པ་སྒྲུབ་པ་
ཡིས། །ཐམས་ཅད་དམིགས་པ་མེད་པ་ནི། །དེ་ལ་ཉེ་བར་སྟོན་པ་ཡིན། །དེ་ལ་སྒྲུབ་པར་བྱེད་པའི་བློ། །ཟད་པར་དམིགས་པ་མེད་པ་མིན། །གང་ཚེ་དེ་ཉིད་རྟོགས་གྱུར་ན། ཐམས་ཅད་མེད་ཀྱང་སྐྱོན་ཡོད་མིན། །དེ་ཚེ་དངོས་པོ་ཐམས་ཅད་ནི། །དམིགས་མེད་བདག་ཉིད་ཡིན་
པར་འདོད། །གལ་ཏེ་དེ་ཡི་སྒྲུབ་བྱེད་ནི། །དམིགས་མེད་དེ་ལས་མི་འགྲུབ་ན། །སླུ་བ་མེད་པ་ཉིད་དེ་ཡིས། །བསྒྲུབ་ཡིན་དམིགས་པ་ཡོད་མ་ཡིན། །དེ་ནི་ཆོས་མཐུ་ཅན་དཔེའི་ཕྱིར། །དེ་ཡིས་མ་ངེས་ག་ལ་འགྱུར། །དེ་ལས་གཞན་པ་ཁས་ལེན་པ། །ཡིན་ན་དེ་ལྟར་རྟོགས་པར་འགྱུར། །
དེ་ལས་གཞན་པའི་རྟོགས་པ་ཡང་། །ལོག་པ་ཡིན་པར་མི་འདོད་མིན། །དེས་ན་ལོག་པ་སྔོན་འགྲོ་ཅན། །སྐྱོན་གྱིས་མི་འདོད་ཇི་ལྟར་སྒྲུབ། །དེ་ལས་གཞན་པ་ཁས་ལེན་ན། །ཐུག་པ་མེད་པ་ཡོད་མ་ཡིན། །གང་ལ་བདེན་པར་མངོན་རློམ་པ། །དེ་ནི་དམིགས་པ་མེད་པར་འདོད། །སླུ་
བ་མེད་པ་གཞན་ལ་ཡང་། །དམིགས་པ་མེད་ནི་ངེས་པར་རྟོགས། །དེ་ལྟ་ཡིན་དང་བཟློག་པ་ཡི། །སྒྲུབ་བྱེད་བསྟན་པར་ཇི་ལྟར་འགྱུར། །གནོད་དང་བྲལ་བའི་བློ་ཉིད་ནི། །མ་གྲུབ་པོ་ཞེས་བསྒྲུབ་ཟིན་ཏོ། །རྨི་སོགས་གནོད་བློ་བདེན་པ་ནི། །མི་དམིགས་པ་ནི་བསྒྲུབས་པ་ཡིན། །དེས་
སྐྱེད་རྗེས་སུ་དཔག་པ་ནི། །གནོད་བྱེད་ཡིན་ཕྱིར་དམིགས་བཅས་སུ། །སྒྲུབ་ལ་གཏན་ཚིགས་གནོད་པ་དང་། །བལ་བའི་བློ་ནི་མ་གྲུབ་པོ། །སྐད་ཅིག་ཉིད་སྩོགས་བློ་ཡིས་ནི། །མ་ངེས་པར་ནི་བརྩད་པ་གང་། །དེ་ནི་མི་རིགས་གང་གི་ཕྱིར། །ཕྱི་བྲལ་ཤེས་པ་སྐད་ཅིག་ཡིན། །རྣམ་ཤེས་
ངོ་བོ་སྐད་ཅིག་ཉིད་གྲུབ་པས། །སྐད་ཅིག་བློ་དེ་དམིགས་དང་བཅས་པ་ཡིན། །དེས་ན་དམིགས་བཅས་ཕྱི་རོལ་ཅན་གྲུབ་པ། །མིན་ཞེས་དེ་ལྟར་གཞན་གྱི་ཕྱོགས་ཡིན་ནོ། །ཕྱི་རོལ་གྱི་དམིགས་པའི་རྐྱེན་མེད་དེ། རྨི་ལམ་གྱི་བློ་བཞིན་ནོ་ཞེས་ཁྱད་པར་དང་བཅས་པ་ཕྱོགས་སུ་བྱེད་དོ། །སྐད་
Vol. 179 · folio 50a
ཅིག་ཉིད་ལ་སོགས་པའི་བློས་མ་ངེས་སོ་ཞེ་ན། མ་ཡིན་ཏེ། རྣལ་འབྱོར་སྤྱོད་པའི་ལྟ་བ་ལ་སྐད་ཅིག་མ་ཉིད་རྣམ་པར་ཤེས་པའི་བདག་ཉིད་དུ་བསྒྲུབ་པར་བྱ་བ་ཡིན་ཏེ། དེས་ན་རྣམ་པར་ཤེས་པའི་བདག་ཉིད་ཀྱི་དམིགས་པ་དང་བཅས་པའི་དཔེས་དེ་ལྟ་བུས་དམིགས་
པ་དང་བཅས་པ་ཉིད་དུ་འགྱུར་རོ། །ཅི་སྟེ་རེ་ཞིག་དམིགས་པ་ཐ་དད་པར་གྲུབ་པོ་ཞེ་ན། སྐད་ཅིག་ཉིད་ཀྱི་བློ་ནི་ཐ་དད་པའི་དམིགས་པ་ཅན་མ་ཡིན་ཏེ། འདི་ལྟར། སྐད་ཅིག་ཉིད་སོགས་མངོན་སུམ་མམ། །རྗེས་སུ་དཔག་པས་རིག་པ་ཡིན། །རྗེས་དཔག་དེ་ལས་གཞན་པ་ཡིས། །
དམིགས་དང་བཅས་པར་གནས་མ་ཡིན། །སླུ་བ་མེད་པ་ཙམ་ལས་ཏེ། །ཤེས་པ་དམིགས་དང་བཅས་མ་ཡིན། །རྗེས་སུ་དཔག་པའི་མི་སླུ་བ་གང་ཡིན་པ་དེ་ནི་ཤེས་པ་རྐྱེན་གཞན་གྱིས་བར་ཆོད་པ་ཡིན་ནོ། །དེས་ན་དེ་ལྟ་བུར་གྱུར་པའི་ཤེས་པ་གཞན་སྐྱེད་པར་བྱེད་པས་རྗེས་སུ་དཔག་པ་
ཚད་མ་ཡིན་གྱི། རང་གི་རྣམ་པ་འཛིན་པས་ནི་མ་ཡིན་ནོ། །ཤེས་པ་གཞན་ཡང་མངོན་སུམ་ཉིད་དོ། །དངོས་སུ་བྱས་ནས་དངོས་པོ་འཛིན་པར་རློམ་པ་ཡིན། དངོས་སུ་བྱས་པ་ཤེས་པའི་རང་བཞིན་སྐད་ཅིག་མ་ཉིད་དེ་ཡང་རང་རིག་པ་ཉིད་ཀྱིས་མ་ཡིན་ཏེ། དེའི་བདག་ཏུ་གྱུར་པ་དེ་ནི་རིག་
པ་གཟུང་བར་མི་ནུས་སོ། །ཅི་སྟེ་བཟློག་པའི་ཚད་མ་ཡོད་པས་རང་རིག་པའི་ཕྱོགས་འདི་ཉིད་མི་འགྲུབ་པོ་ཞེ་ན། དེ་ཡི་རང་བཞིན་རིག་པ་ན། །གང་ཚེ་གཞན་རིག་ཡོད་མིན་པ། །དེ་ཚེ་རང་གི་ངོ་བོ་ཉིད། །མྱོང་བ་གང་གིས་བཟློག་པར་རུང་། །རིག་པ་མེད་པས་རིག་ཅེ་ན། །ཐམས་ཅད་ཀྱིས་ནི་
ཅིས་མི་རིག །དེ་ལྟར་མཐོང་བ་མེད་ཅེ་ན། །རྣམ་པ་གཞན་དུ་འང་མཐོང་ངམ་ཅི། །དོན་མགོན་དེ་ལྟར་བཟློག་པའི་ཕྱིར། །ཇི་ལྟར་མཐོང་དེ་ལྟར་འདོད་བྱ། །མྱོང་ཉིད་བདག་ནི་ལྟ་བོ་ན། །དེ་ཡི་མཐོང་བྱེད་ག་ལས་འདོད། །གལ་ཏེ་རང་རིག་བྱེད་པས་ན། །དེ་ལྟར་སྔོ་སོགས་ལ་ཁྱད་མེད། །
བདག་གི་རྫས་ཉིད་གཞན་ཉིད་ནི། །གལ་ཏེ་དེ་རིག་པས་འཇལ་ན། །སྔོན་པོ་སོགས་ཀྱི་འང་སྔོན་པོ་ཉིད། །རིག་པ་རིག་ལས་ཅིས་མ་ཡིན། །ཇི་ལྟར་བདག་གི་རྫས་ཀྱི་ངོ་བོ་ཉིད་གཞན་རིག་པས་རིག་པ་དེ་བཞིན་དུ་སྔོན་པོ་ལ་སོགས་པ་ལ་ཡང་ཅི་སྟེ་ཁས་མི་ལེན། སྔོན་
Vol. 179 · folio 50b
པོ་ཡང་རང་རྟོགས་པའི་རང་བཞིན་ཉིད་ནི་གཞན་ཡིན་ལ། རྫས་ཀྱི་རང་བཞིན་ཡང་གཞན་ཡིན་པར་འགྱུར་རོ། །བདག་བཞིན་དུ་སྔོན་པོ་ལ་སོགས་པ་ཡང་རྟོགས་པའི་རང་བཞིན་ཡིན་ནོ། །འོན་ཏེ་གཉི་གའི་རང་བཞིན་སངས་རྒྱས་པ་ལ་མ་གྲུབ་པོ་ཞེ་ན། མ་གྲུབ་པ་དེ་ནི་སྤྱོད་པ་ལ་ཡང་མཚུངས་
སོ། །མིང་ཙམ་གྱིས་ནི་གཅིག་གཉི་གའི་རང་བཞིན་དུ་བྱ་བར་མི་ནུས་སོ། །གཅིག་ནི་གཅིག་གི་རང་བཞིན་ཉིད། །ཡིན་ཞེས་ཡིད་ནི་འཇུག་པ་ཡིན། །དུ་མའི་རང་བཞིན་གཅིག་ཅེ་ན། །ཐམས་ཅད་གཅིག་ཏུ་ཐལ་བར་འགྱུར། །རིག་བྱ་རིག་བྱེད་གཅིག་ཅེ་ན། །སྔོན་སྩོགས་ལས་ནི་
ཅིས་མི་འདོད། །རིག་བྱ་རིག་བྱེད་གཅིག་ཡིན་ནོ། །དེ་ཚེ་སྔོན་པོ་བདག་ཡིན་འགྱུར། །ཡུལ་ཐ་དད་པས་མིན་ཞེ་ན། །རང་བཞིན་ཐ་དད་ལས་ཅིས་མིན། །ཐ་དད་རང་བཞིན་ཐ་དད་ལས། །ཡིན་པར་འཇིག་རྟེན་ཀུན་ལ་གྲགས། །ཇི་ལྟར་རང་བཞིན་ཐ་དད་ལ། །ཡུལ་ཐ་དད་པས་ཐ་དད་
འགྱུར། །དེ་ལྟར་ཡུལ་སོགས་ཐ་དད་པ། །ཁྱད་བྱེད་ཐ་དད་བྱེད་པར་འགྱུར། །དེའི་ཕྱིར་རང་རིག་པ་མེད་པར་རིག་པ་མཐའ་དག་དམིགས་པ་མེད་པ་ཉིད་དོ། །བཅིངས་གྲོལ་ལ་སོགས་དབྱེ་བའང་། །དམ་པའི་དོན་དུ་ཡོད་མ་ཡིན། །ཀུན་ལ་མཉམ་པར་མཐོང་བ་ལ། །ཐ་དད་པ་ནི་མེད་པ་ཉིད། །
དོན་དམ་གནས་པ་འཇིག་རྟེན་གང་དུ་ཡང་། །ཐར་པ་ལ་སོགས་འབད་པ་བྱེད་པ་མེད། །གལ་ཏེ་དེར་དོན་མེད་སེམས་རིག་པར་ལྡན། །རི་བོང་རྭ་ལའང་སྒྲུབ་པ་ཅི་ཡང་མེད། །ཇི་ལྟར་འབད་པ་དེ་དོན་དམ་པར་མེད་པ་དེ་བཞིན་དུ་བཅིངས་པ་དང་། གྲོལ་བ་ལ་སོགས་པའི་དབྱེ་བ་ཡིན་པས་
འདི་མཚུངས་སོ། །གཞན་ཡང་། རྣམ་པར་རྟོག་པ་སྐྱེ་བས་ན། །ཕྱི་རོལ་ཡོད་སྩོགས་བརྫུན་བློ་ཡིན། །ཕྱི་སོགས་རྣམ་པར་འབྱེད་པ་ཡི། །སྒྲུབ་བྱེད་རྟོག་པ་མེད་པ་མིན། །རྣམ་པར་རྟོག་པ་མེད་པ་མིན། །རྣམ་པར་རྟོག་པར་བྱེད་པ་ཉིད་ཕྱི་དང་ནང་ཐུན་མོང་བ་དང་། བག་ཆགས་ཀྱི་རྒྱུ་
ཅན་ཞེས་བྱ་བ་ལ་སོགས་པར་རྣམ་པར་འཇོག་པར་བྱེད་ཀྱི། མངོན་དུ་བྱེད་པའི་རང་བཞིན་རྟོག་པ་མེད་པས་ནི་རང་གི་ངོ་བོ་ཉིད་རྟོགས་ཀྱི། གཞན་གྱི་ངོ་བོ་ནི་མ་ཡིན་ནོ་ཞེས་འདི་ལྟར་བསྟན་ཟིན་ཏོ། །དེས་ན་འདི་བསམ་པ་ཡིན་ཏེ། །རྣམ་པར་རྟོག་པ་སྐྱེ་བ་ན། །ཤེས་པ་ཡོད་ཉིད་ལ་སོགས་
Vol. 179 · folio 51a
བློ། །གལ་ཏེ་བརྫུན་འདོད་ལྟ་བྱེད་འདིར། །ཚད་མ་གཞན་གྱིས་རྟོགས་མ་ཡིན། །ཚད་མ་མེད་ཕྱིར་ཤེས་པ་འདི། །ཡོད་ཉིད་ལ་སོགས་དེས་རྙེད་དཀའ། །རྣམ་པར་རྟོག་པ་མེད་པ་ནི་ཕྱི་རོལ་གྱི་ཚུལ་ཉིད་དོ་ཞེས་གྲག་གོ། །རྟོགས་པ་ནི་དོན་གྱིས་གོ་བས་རྟོགས་པར་བྱ་བ་ཡིན་ན།
དོན་གྱིས་གོ་བ་དེ་ནི་རྣམ་པར་རྟོག་པའི་རང་བཞིན་ཡིན་ལ། རྣམ་པར་རྟོག་པ་ཡང་སངས་རྒྱས་པ་ལ་ཚད་མ་མ་ཡིན་པའི་ཕྱིར་ཤེས་པ་ཡོད་པ་ཉིད་ལ་སོགས་པའི་ཚད་མ་མེད་པས་འཇིག་པར་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། གལ་ཏེ་གཞན་མེད་རྣམ་པར་རྟོག །ཚད་མ་ཡིན་པར་རིག་པ་ཡིན། །
གང་ཚེ་རྣམ་པར་རྟོག་པ་དང་། །གཞན་ཡང་ཚད་མ་ཉིད་མིན་ལ། །དེ་ཚེ་ཐམས་ཅད་ཞིག་གྱུར་ཀྱང་། །གཞན་གྱིས་ལེན་པ་ཅི་ཞིག་ཡོད། །དེ་ལྟ་ཐ་སྙད་མེད་ཅེ་ན། །ཀུན་རྫོབ་ཏུ་ནི་སུ་ཡིས་བཟློག །རྣམ་པར་རྟོག་ཉིད་ཀུན་ཡིན་ནམ། །གལ་ཏེ་ཐ་སྙད་ཀྱི་རྒྱུ་མཚན་ཡིན་ན། དེའི་ཕྱིར་དེ་ཉིད་དོན་
དམ་པར་འགྱུར་ཏེ། ཐ་སྙད་ལ་མི་སླུ་བའི་ཕྱིར་རོ་ཞེ་ན་དེ་ཡང་མི་འཐད་དེ། བག་ཆགས་དང་ནི་འབྲེལ་འགྱུར་བ། །མི་མངོན་པ་ཡི་རང་བཞིན་ཅན། །སྣང་བ་བྱུང་བར་གྱུར་པ་ན། །སླུ་བ་མེད་པ་ཅན་ལྟར་སྣང་། །གལ་ཏེ་མིག་སེར་ཅན་གཉིས་དག །གསེར་དུ་མངོན་པར་རློམ་པ་ཡིས། །ཕན་
ཚུན་དུ་ནི་མི་སླུ་བ། །དེ་ལ་དོན་དམ་གང་ཞིག་ཡིན། །འདི་ཡང་བཤད་པར་བྱའོ། །ངེད་ཀྱི་ཤེས་པ་ཐམས་ཅད་ནི། །རྣམ་པར་རྟོག་ཕྱིར་ཕྱིན་ཅི་ལོག །ཉེ་དང་བསྐལ་དང་སེམས་ཅན་ལ། །སྩོགས་པའང་རྙེད་པར་དཀའ་བ་མེད། །འདི་ནི་བཅོམ་ལྡན་ཉེ་བ་དང་། །དེ་ལས་ཆོས་འདི་བསྟན་པ་དང་། །
དེ་དག་ལས་ནི་བཟློག་པ་དང་། །འདི་ཡོད་པ་དང་འདི་མེད་པ། །ཞེས་བྱ་རྙེད་དཀའ་དེ་དག་ནི། །སྒྲུབ་བྱེད་རྣམ་པར་རྟོག་པ་ཡི། །བདག་ཉིད་མི་བདེན་ཕྱིར་ཞེས་ཟེར། །འདི་ནི་བག་ཆགས་སྟོབས་ཀྱིས་ངེས་པའི་ཕྱིར། །དམ་པའི་དོན་དུ་མེད་ཀྱང་ཡོད་པ་ཉིད། །སངས་རྒྱས་ལྟ་བ་གཅིག་ཉིད་ལ། །
ཕྱོགས་སུ་ལྷུང་བ་རིག་པ་ཡིན། །བློ་རྣམས་བརྫུན་པ་ཉིད་ལ་ནི། །གནོད་པར་བྱེད་པའང་དམིགས་པ་མེད། །དེ་ལྟར་བག་ཆགས་ལས་འགྱུར་ཕྱིར། །དེ་ཉིད་གནོད་བྱེད་རྒྱུ་ཡིན་ནོ། །ཞེས་བྱེད་པ་དག་མེད་པར་ནི། །འཁྲུལ་པར་ཇི་ལྟར་ཤེས་ཤེ་ན། །འདི་ནི་གོང་ཏུ་བསྟན་ཟིན་ཏེ། །ཡང་ནས་ཡང་
Vol. 179 · folio 51b
དུ་མི་བརྗོད་དོ། །གལ་ཏེ་བག་ཆགས་ཀྱི་སྟོབས་ཉིད་ལས་གཞན་གྱི་དབང་དུ་གྱུར་པའི་སྲོག་ཆགས་ཀྱི་བདེན་པ་དང་མི་བདེན་པར་སྣང་བ་འབྱུང་བ་ཡིན་ལ། དེ་དག་ཀྱང་གནོད་པར་མི་ནུས་པ་ཡིན་ན། ད་ནི་རྩོད་པ་དང་ཕས་ཀྱི་རྒོལ་བ་རྟོགས་པས་ཅི་ཞིག་བྱ། གལ་ཏེ་དེ་ལས་བག་ཆགས་
སད་པ་མངོན་དུ་གྱུར་ན་རང་ཉིད་ཁོ་ན་རྟོགས་པར་འགྱུར་རོ། །ཅི་སྟེ་མ་ཡིན་ན་ཚིག་བརྒྱས་ཀྱང་མ་ཡིན་ནོ་ཞེ་ན། དེ་ནི་མི་བདེན་ཏེ། ཇི་ལྟར་ང་ཡི་བག་ཆགས་དེ། །འདི་ཡིས་སད་འགྱུར་དེ་བཞིན་དུ། །འདི་ལ་ཡང་ཞེས་རྣམ་ཤེས་ཏེ། །གཞན་ལ་ཚིག་འཇུག་བྱེད་པོ་ཡིན། །དེས་ན་ཇི་སྐད་
དུ། གལ་ཏེ་བློ་ནི་མི་བདེན་ན། །གནོད་པ་ཅི་ཕྱིར་དམིགས་མ་ཡིན། །གནོད་པ་མེད་ཀྱང་དེ་ཡིན་ན། །ཁྱེད་ཀྱི་རྣམ་གཞག་རུང་མི་འགྱུར། །གཉེན་པོ་སད་པའི་ཤེས་པ་ནི། །དམིགས་པས་རྨི་ལམ་ལ་སོགས་བློ། །ངེད་ལས་བརྫུན་པར་འགྱུར་བ་ཡིན། །ཁྱེད་ལ་དབྱེ་བའང་གང་
གིས་བྱས། །དེ་ཡི་ཆོས་དང་མི་མཐུན་ཕྱིར། །ཅི་ལྟར་གནོད་བྱེད་ཤེས་པ་ལ། །རྨི་སྩོགས་གཉེན་པོ་ཉིད་དུ་ནི། །འཇིག་རྟེན་ཀུན་ལ་རབ་གྲགས་བཞིན། །གང་ཞིག་མཐོང་བས་ཀ་སྩོགས་ཀྱི། །ཤེས་པ་ཕྱིན་ཅི་ལོག་འགྱུར་བ། །བསད་པའི་ཤེས་པ་གཉེན་པོ་ནི། །གཞན་ཡོད་མཛེས་པ་
མ་ཡིན་ནོ། །རྟོགས་པའམ་རྨོངས་པ་ཐམས་ཅད་བག་ཆགས་སད་པ་ལས་འགྱུར་བ་དེ་ལྟར་ཡང་གཞན་རྟོགས་པའི་ཕྱིར་ཚིག་ལ་འཇུག་པར་བྱ་བ་ཉིད་དོ། །འདི་ལྟར་རྣམ་པ་འདི་ཉིད་ཀྱིས་བག་ཆགས་དེ་ཉིད་ང་ལ་སད་པར་གྱུར་པ་གཞན་ལ་ཡང་དེ་ཁོ་ན་ལྟར་འགྱུར་རོ་ཞེས་ངེས་པར་རྟོགས་ནས་
སོ་སོར་ངེས་པའི་བག་ཆགས་སད་པར་བྱ་བའི་ཕྱིར། དེ་ལྟ་བུར་གྱུར་པའི་བག་ཆགས་སད་པ་དོན་དུ་གཉེར་བས་ངེས་པར་བཟུང་སྟེ། ཚིག་འཇུག་པ་དེའི་ཕྱིར་དོན་མེད་པ་མ་ཡིན་ནོ། །དེས་ན་གལ་ཏེ་བློ་བརྫུན་པ་ཉིད་ན་ཅིའི་ཕྱིར་གནོད་པ་མ་དམིགས་ཤེ་ན། དེ་ལྟ་བུའི་བག་ཆགས་སད་པ་མེད་
པའི་ཕྱིར་རོ། །འོ་ན་བརྫུན་པ་ཉིད་དུ་ཇི་ལྟར་ཤེས་ཤེ་ན། བག་ཆགས་དང་འབྲེལ་པ་ཉིད་ལས་སོ། །བརྫུན་པ་ནི་རྣམ་པ་གཉིས་ཏེ། མི་བདེན་པའི་དོན་དང་སླུ་བའོ། །ཕྱིན་ཅི་ལོག་གི་བག་ཆགས་སད་པ་ལས་ནི་སླུ་བ་ཡིན་ལ། ཕྱིན་ཅི་ལོག་པའི་བག་ཆགས་སད་པ་ལས་ནི་མི་སླུ་བ་ཡིན་ནོ། །
Vol. 179 · folio 52a
གལ་ཏེ་མི་སླུ་བ་ཡིན་ན་ཇི་ལྟར་དོན་མེད་ཅེ་ན་མི་སླུ་བའི་རྣམ་པ་ཡང་བག་ཆགས་དང་འབྲེལ་པ་ཡིན་པའི་ཕྱིར་རོ། །མི་སླུ་བར་སྣང་བ་ཡང་དོན་གྱི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ནི་མ་ཡིན་ནོ། །མེད་པའི་དོན་ཀྱང་འདི་ཙམ་དུ་ཟད་དོ། །དེས་ན་རྨི་ལམ་ལ་སོགས་པའི་རྟོགས་
པ་དང་མཚུངས་པའི་ཕྱིར་མི་བདེན་པའི་དོན་ཉིད་དོ། །གང་གིས་དེ་མེད་པས་སད་པའི་ཤེས་པ་བདེན་པར་འགྱུར་བ། རྨི་ལམ་ལ་སོགས་པའི་ཤེས་པ་དག་གནོད་པར་བྱེད་པའི་ཤེས་པ་ལས་དོན་མེད་པ་ནི་མ་ཡིན་ནོ། །གལ་ཏེ་བག་ཆགས་དང་འབྲེལ་ན། །འདི་ནི་མི་སླུ་གཞན་མིན་ཅེས། །རྣམ་དབྱེ་འདིར་
ནི་ཇི་ལྟར་འགྱུར། །གཅིག་ལ་འགོལ་བ་ཡོད་མ་ཡིན། །དེ་ནི་མ་ཡིན་ཏེ། བག་ཆགས་དང་ནི་འབྲེལ་ཡིན་ཡང་། །ཇི་ལྟར་སྔོ་སྩོགས་དབྱེ་བ་དང་། །མྱུར་དུ་འཇིག་སོགས་དང་ལྡན་པ། །དེ་བཞིན་མི་སླུ་སྩོགས་ཅིས་མིན། །རྣམ་འགས་མཚུངས་པ་གང་ཡིན་ཏེ། །རྣམ་པ་ཀུན་གྱིས་མཚུངས་སམ་
ཅི། །མི་ཉིད་དུ་ནི་མཚུངས་ན་ཡང་། །བྲམ་ཟེ་དང་གཞན་ཇི་ལྟར་ཡིན། །ཇི་ལྟར་དོན་དང་འབྲེལ་ན་ཡང་། །ཤེས་ཀུན་མི་སླུ་ཅན་ཡིན་པ། །དེ་བཞིན་འདི་ནི་བཟློག་པ་ལའང་། །ཅི་ཕྱིར་ཇི་ལྟར་སྲིད་མ་ཡིན། །དོན་རིག་ཕྱིར་ན་བག་ཆགས་དང་། །འབྲེལ་པ་རྣམ་ཀུན་ཡོད་མ་ཡིན། །གང་ཕྱིར་
ཐམས་ཅད་དོན་ལ་ནི། །འཇུག་པ་ཉིད་དུ་མཐོང་བ་ཡིན། །དེ་ནི་མི་བདེན་ཏེ། དོན་གྱི་བདག་དེ་ཇི་ལྟ་བུར། །མཐོང་བཞིན་གལ་ཏེ་ཡོད་ན་ནི། །གཏན་ཚེ་དོན་ཀུན་འཐོབ་འགྱུར་ཏེ། །ཇི་ལྟར་གནོད་བྱེད་ཤེས་པར་འགྱུར། །འཇིག་རྟེན་པ་མིན་གཉི་གར་བདག་ལྡན་ཕྱིར། །དྲན་པ་ཉམས་
ཕྱིར་ཕྱིན་ཅི་ལོག་འཇུག་ཕྱིར། །གནོད་པ་དང་བཅས་དེ་ལྟའི་དོན་ཡོད་མིན། །དེས་ན་མི་སླུ་བ་དང་ལྡན་མ་ཡིན། །དོན་དེ་ནི་འཇིག་རྟེན་པ་མ་ཡིན་ཏེ། མི་སླུ་བའི་ཤེས་པ་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །ཡང་ན་དེ་ཡོད་པ་ཡང་ཡིན་ལ་མེད་པ་ཡང་ཡིན་ཏེ། དེས་ན་སྣང་བ་ཡང་ཡིན་
ལ་གནོད་པ་ཡང་ཡིན་ནོ། །ཡང་ན་དོན་དེ་ཡུལ་གཞན་ན་གནས་པ་མངོན་སུམ་དུ་སྣང་བ་དྲན་པ་ཡིན་གྱི། དེ་ན་གནས་པ་ཉིད་ནི་མ་ཡིན་ནོ། །དེས་ན་དེ་མ་ཐོབ་པ་ཡིན་ནོ། །དེ་བཞིན་དུ་ཕྱིན་ཅི་ལོག་ཏུ་སྣང་བ་ལ་ཡང་སྦྱར་བར་བྱའོ་ཞེ་ན། འདི་ནི་ཚད་ལ་འཇུག་པ་མེད་པ་ཡིན་ཏེ། སྔོན་སྦྲུལ་
Vol. 179 · folio 52b
མཐོང་བ་མེད་པར་ནི། །ཐག་ལ་སྦྲུལ་བློ་འགར་ཡོད་མིན། །སྔོན་གྱི་མངོན་པའི་རྗེས་འབྲངས་ཕྱིར། །ཇི་ལྟར་བག་ཆགས་རྒྱུ་མ་ཡིན། །སྔོན་མཐོང་བ་མེད་པར་ཐག་པ་ལ་སྦྲུལ་གྱི་བློར་མི་འགྱུར་རོ། །རིག་པ་འདི་ནི་སྔོན་མཐོང་བ་ལས་ཡིན་ཏེ། འདི་ལ་དོན་ནི་མེད་དོ་ཞེས་འཇིག་
རྟེན་ཐམས་ཅད་ཀྱིས་ངེས་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་ནི་རྒྱུ་དང་འབྲས་བུའི་དངོས་པོ་མཐའ་དག་ཆད་པ་ཉིད་དུ་འགྱུར་ཏེ། སྣང་བ་ཙམ་ནི་རང་རིག་པ་ཙམ་འབའ་ཞིག་རྒྱུ་དང་འབྲལ་བ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །དེའི་ཕྱིར་རྒྱུ་དང་འབྲས་བུའི་དངོས་པོ་ནི་ངེས་པ་ཉིད་མ་ཡིན་ནོ། །འདི་ལ་
ཕྱིན་ཅི་ལོག་ལ་སོགས་པར་སྣང་བ་དང་ལྡན་པར་རྟོགས་པ་ནི་མེད་དོ། །འོན་ཏེ་འདི་ཡང་ཕྱིན་ཅི་ལོག་ལ་སོགས་པར་སྣང་བ་ཉིད་ཀྱིས་དོན་མེད་པ་ཡིན་ནོ་སྙམ་ན། གལ་ཏེ་ཕྱིན་ཅི་ལོག་སོགས་རིག །སྔོན་རིག་རྒྱུ་ལས་བྱུང་ཡིན་ན། །དེས་ན་རྟོགས་པ་གཞན་དག་ཀྱང་། །དེ་ལྟ་ཉིད་
ཅེས་རྟོགས་པར་འགྱུར། །གཞན་ལ་དོན་ཐོབ་ཡོད་དེས་ན། །འཇིག་རྟེན་པ་མིན་སྩོགས་མིན་ན། །ཀུན་དོན་ཐོབ་ཡོད་མིན་ཞེས་ལ། །སྔ་མ་ཉིད་དུ་བསྒྲུབས་ཟིན་ཏོ། །གལ་ཏེ་དོན་ཅེས་ངེས་པའི་ཕྱིར། །དེ་ལྟ་མིན་ན་དེ་མི་འཐད། །འཇིག་རྟེན་མིན་ལས་ཕྱི་རོལ་གྱི། །དོན་ཅེས་
ངེས་པ་གང་དེ་ཡང་། །དོན་མིན་ཞེས་བྱར་ངེས་པ་ནི། །མི་འཇུག་ཕྱིར་དོན་ཅིས་མ་ཡིན། །འདི་ནི་དོན་མེད་ངེས་ཡིན་པ། །དེས་ན་མ་ངེས་ཉིད་མ་ཡིན། །བག་ཆགས་གཞི་ཅན་ཤེས་པ་ནི། །དོན་སྣང་བ་ཡི་གནོད་བྱེད་ཡིན། །དེས་ན་གཉེན་པོ་མི་སྲིད་པའི། །སད་པའི་བློ་ནི་ཡོད་མ་ཡིན། །
ཤེས་པའི་སྔོན་མཐོང་བ་ལས་ཏེ། །དེ་ཡང་དེ་ལས་གཞན་ལས་ཡིན། །རིག་པ་ཐམས་ཅད་ཐོག་མེད་ཀྱི། །བག་ཆགས་དང་འབྲེལ་ལས་སྐྱེས་ཡིན། །དེ་ཉིད་ཕྱིར་ན་དམིགས་མེད་དུ། །སྨྲ་བ་འདི་ནི་རྣམ་པར་མཛེས། །དེས་ན་འདི་ཡང་བསལ་བ་ཡིན་ཏེ། སད་པའི་ཀ་སོགས་བློ་རྣམས་
ཀྱི། །གཉེན་པོ་གནོད་པར་བྱེད་པའི་བློ། །རྣལ་འབྱོར་པ་ལ་སྐྱེ་འགྱུར་བ། །དེས་ན་རྨི་སོགས་དང་མཚུངས་ཉིད། །དེ་ཡི་གནས་སྐབས་ཐོབ་རྣམས་ཀྱི། །སྲོག་དང་ལྡན་པ་ཐམས་ཅད་ལའང་། །གནོད་པ་འདི་ནི་སྐྱེ་འགྱུར་བ། །དེས་ན་གཉེན་པོ་བཅས་པར་གྲུབ། །ཚད་མས་ཡོངས་སུ་
Vol. 179 · folio 53a
དག་པའི་དོན་ལ་གོམས་པའི་སྟོབས་ཀྱིས་གདོན་མི་ཟ་བར་རྣལ་འབྱོར་པ་རྣམས་ཀྱི་མངོན་སུམ་གྱི་ཚད་མར་གྱུར་པ་བཟློག་པ་ལ་གནོད་པར་བྱེད་པ་སྐྱེ་བ་ཡིན་ནོ། །དེས་ན་རེ་ཞིག་སྐྱེ་བ་འདི་ལ་ནི། །འགའ་ལ་ཡང་ནི་དམིགས་མ་ཡིན། །དེ་ཡི་གནས་སྐབས་
རྟོགས་རྣམས་ལ། །ཇི་ལྟར་འགྱུར་བ་ཅི་ཆ་ཡོད། །ཅེས་བྱ་བ་བསལ་བ་ཡིན་ནོ། །བསྒོམ་པའི་མཐུ་ནི་རིག་པ་ཉིད་དོ། །དེས་ན་གདོན་མི་ཟ་བའི་ཤེས་པ་དེར་འགྱུར་རོ་ཞེས་ཅིའི་ཕྱིར་མི་རིག །དེས་ན་ཇི་སྐད་དུ། ངེད་ཀྱི་རྣལ་འབྱོར་པ་རྣམས་ལ། །ཁྱེད་ཀྱིས་བཤད་པའི་གཉེན་པོ་ནི། །
ཁྱེད་བཤད་ཕྱིན་ཅི་ལོག་སྣང་བའི། །གནོད་པའི་བློ་ནི་འབྱུང་བར་འགྱུར། །བརྗོད་པ་དེ་ནི་ཤིན་ཏུ་མ་འབྲེལ་པ་ཉིད་དོ། །འདི་ལྟར། ཚད་མའི་དབང་གིས་མ་འོངས་པ། །བསྒོམས་པའི་སྟོབས་ལས་བྱུང་བ་ཅན། །རྣལ་འབྱོར་པ་གང་དེ་དག་གི །དེ་འདྲའི་རྣལ་འབྱོར་ཅན་བློ་ལ། །མྱ་
ངན་ལ་སོགས་བསླད་པའི་བློ། །དཔེར་ཅིས་མེད་ཅེས་བསྒྲུབས་ཟིན་ཏོ། །ཁྱེད་ཀྱི་ལ་ནི་དཔེ་འགའ་ཡང་། །ཡོད་པ་ཉིད་ནི་མ་ཡིན་ཏེ། །དེས་ན་ཀ་བ་ལ་སོགས་བློ། །གཉེན་པོ་དང་ནི་བཅས་པར་འགྱུར། །བློ་ཡིན་ཕྱིར་ན་གནོད་བྱ་ཡང་། །སྨིག་རྒྱུ་ལ་]སོགས་བློ་བཞིན་ནོ། །སྨིག་རྒྱུ་ལ་
སོགས་བློ་རྣམས་ཀྱིས། །གཉེན་པོ་དང་བཅས་འདོད་པ་ཉིད། །གཟུང་བ་གཞན་ཉིད་ཡིན་པས་ཀྱང་། །དེ་ཡི་བདག་ཏུ་གནོད་ཅེ་ན། །འདི་ནི་ལྟག་ཆོད་སྨྲས་པ་སྟེ། །དེ་ལྟར་གནོད་བྱེད་གནས་མ་ཡིན། །ཇི་ལྟར་རྣམ་པ་འགའ་ཞིག་ལྟར། །རྩ་བ་གཅོད་པར་བྱེད་པ་ནི། །གནོད་བྱེད་ཡིན་པར་
བརྗོད་འདོད་དེ། །དེས་འདི་བླུན་པོའི་སྤྱོད་པ་ཡིན། །གཉེན་པོ་ཙམ་ནི་བརྗོད་པར་འདོད་པ་མ་ཡིན་ཏེ། འོན་ཀྱང་གནོད་པར་བྱེད་པའི་གཉེན་པོ་ཉིད་དོ། །དེས་ན་གཉེན་པོ་ཙམ་སྒྲུབ་པ་ནི་མ་འབྲེལ་པ་ཡིན་ནོ། །གནོད་བྱེད་ཀྱིས་ཀྱང་མ་ངེས་དང་། །དེ་ལས་གཞན་པ་འང་སྔ་མ་བཞིན། །སད་
སོགས་ཤེས་པ་གཞན་ཉིད་དུ། །སྒྲུབ་བྱེད་ཤེས་པ་བརྫུན་པ་ཉིད། །འདིར་ཡང་ལེན་ནི་ངེད་ཅག་གིས། །སྔ་མ་ཉིད་དུ་བསྟན་ཟིན་ཏོ། །སད་སོགས་ཤེས་པ་ཐམས་ཅད་ནི། །རང་གི་ཆ་ཙམ་དམིགས་པ་ཡིན། །ཇི་ལྟར་ཐ་སྙད་རབ་གྲུབ་པ། །དེ་ནི་བརྗོད་པར་འགྱུར་བ་ཡིན། །དེ་དག་རྨི་ལམ་ལ་
Vol. 179 · folio 53b
སོགས་བཞིན། །ལོག་བློ་གཉེན་པོ་དང་བཅས་འགྱུར། །སྔ་མ་ཉིད་དུ་ལེན་བརྗོད་དེ། །ཡང་ནས་ཡང་དུ་མི་བརྗོད་དོ། །འདི་ལྟར་བློ་ཀུན་ལོག་པ་ཉིད་ཡིན་ཡང་། །བསྒོམས་པ་ཡི་ནི་ཁྱད་རིམ་ལས། །བག་ཆགས་ཆེ་ཆུང་ཡོད་པའི་ཕྱིར། །གནོད་བྱ་གནོད་བྱེད་དངོས་འདི་ཡིན། །ཇི་ལྟར་ཕྱི་དང་
རྗེས་འབྲེལ་ཕྱིར། །ལོག་པ་ཉིད་ནི་མ་ཡིན་ཡང་། །ཁྱེད་ཀྱི་གནོད་བྱ་གནོད་བྱེད་ཀྱི། །དངོས་འདི་ཡིན་ལྟར་བྱེ་བྲག་མེད། །དེ་ལ་ཕྱིན་ཅི་ལོག་ལ་སོགས་པའི་སྣང་བའི་ཕྱིར་དེ་ཡིན་པ་དེ་བཞིན་དུ་འདིར་ཡང་བག་ཆགས་བརྟན་པ་དང་། མི་བརྟན་པ་དག་ལས་གནོད་བྱ་གནོད་བྱེད་ཀྱི་དངོས་པོ་ཡིན་
པས་སྐྱོན་མེད་དོ། །གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་རྣལ་འབྱོར་པ་ཉིད་དང་། འདོད་ཆགས་ལ་སོགས་པ་ཟད་པ་དང་། མཚན་མ་མཁྱེན་པ་ཉིད་དང་ལྡན་པ་ཡིན་ནོ། །ཁྱད་པར་དེ་ཡང་གནོད་པར་བྱས་པའི་ཕྱིར་འགལ་བ་མ་ཡིན་ནམ། འདི་ལྟར། ཆགས་སོགས་ཟད་དང་རྣལ་འབྱོར་
པ། །དེ་བཞིན་མཚན་མ་མཁྱེན་ལ་སོགས། །ཁྱད་པར་ཇི་སྙེད་འདོད་པ་དག །ཐམས་ཅད་བཟློག་ཕྱིར་འགལ་བ་ཉིད། །ཀ་བ་ལ་སོགས་པའི་ཤེས་པ་ལ་གནོད་པར་བྱེད་པ་སངས་རྒྱས་ལ་སོགས་པའི་ཤེས་པ་ལ་འདོད་ཆགས་ལ་སོགས་པ་ཟད་པ་དང་། མཚན་མ་ལ་སོགས་པའི་ཁྱད་པར་ཇི་
སྙེད་པ་དེ་དག་གནོད་པར་བྱས་པའི་ཕྱིར་གཏན་ཚིགས་འགལ་བར་ཡང་འགྱུར་རོ། །འདི་ལྟར། གང་གི་ཚེ་རྨི་ལམ་ལ་སོགས་པ་ལྟར་གཉེན་པོ་དང་བཅས་པའི་ལོག་པའི་བློ་ཡིན་པས་ཀ་བ་ལ་སོགས་པའི་ཤེས་པ་གནོད་པར་བྱས་པ་དེའི་ཚེ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱང་གཉེན་པོ་དང་
བཅས་པའི་ཕྱིར་ལོག་པར་ཐལ་ཏེ། རྨི་ལམ་ལ་གནོད་པར་བྱེད་པ་ཀ་བ་ལ་སོགས་པའི་ཤེས་པ་བཞིན་ནོ་ཞེ་ན། འདིར་སྨྲས་པ། གལ་ཏེ་ཁྱད་པར་འགལ་བས་གནོད་ན་འདིར། །སྐྱོན་མེད་གཏན་ཚིགས་མེད་པར་མི་འགྱུར་རམ། །གཏན་ཚིགས་ཐམས་ཅད་ནུས་པ་ལྡོག་འགྱུར་ཏེ། །ཀུན་
དང་མི་འགལ་བ་ནི་ཡོད་མ་ཡིན། །དཔེར་ན་རྨི་ལམ་གྱི་བློ་ཀ་བ་ལ་སོགས་པའི་བློས་གཉེན་པོ་དང་བཅས་པའི་ཕྱིར་ལོག་པར་སྒྲུབ་པ་དེ་བཞིན་དུ་བློ་ཉིད་ཀྱི་ཕྱིར་རྣལ་འབྱོར་པའི་མ་ཡིན་པའི་ཤེས་པ་གཉེན་པོ་དང་བཅས་པ་ཡང་ཡིན་ཏེ། རྨི་ལམ་གྱི་བློ་ཉིད་བཞིན་ནོ། །དེ་ལྟར་ན། ཇི་ལྟར་དུ་
Vol. 179 · folio 54a
བ་མེ་སྒྲུབ་པ་དེ་བཞིན་དུ་འདི་ན་ད་ལྟ་མེ་མེད་པ་ཡང་སྒྲུབ་པའི་ཕྱིར་བསྒྲུབ་བྱ་སྒྲུབ་པའི་གཏན་ཚིགས་ཉིད་འགའ་ཡང་མེད་པར་འགྱུར་རོ། །གཞན་ཡང་བློ་ཉིད་ཀྱི་ཕྱིར་གཉེན་པོ་དང་བཅས་པ་ཙམ་ཞིག་སྒྲུབ་ཀྱི། ཁྱད་པར་གྱི་གཉེན་པོ་དང་བཅས་པ་ཉིད་ནི་མ་ཡིན་ནོ། །
དེ་ལྟར་ན། ཇི་ལྟར་བྱས་པ་སྒྲ་མི་རྟག་པ་ཉིད་དུ་སྒྲུབ་པར་བྱེད་པ་དེ་བཞིན་དུ་ནམ་མཁའི་ཡོན་ཏན་ཉིད་ལས་བཟློག་པ་ཡང་སྒྲུབ་པར་བྱེད་པའི་ཕྱིར་འགྱུར་རོ། །བསྟན་བཅོས་ཁས་བླངས་པའི་ཕྱིར་ནམ་མཁའི་ཡོན་ཏན་ཉིད་ཀྱང་བསྒྲུབ་བྱ་ཡིན་པར་ནི་མི་འགྱུར་ཏེ། འདོད་པ་བསྒྲུབ་པར་བྱ་
བ་ཡིན་ནོ་ཞེས་འཆད་པར་འགྱུར་རོ། །དེའི་ཕྱིར་ཁྱད་པར་འགལ་བས་གཏན་ཚིགས་སུན་ཕྱུང་བར་མི་འགྱུར་རོ། །གལ་ཏེ། ད་ལྟའི་གནོད་བྱེད་བློ་བཞིན་དུ། །སྐྱེ་བོ་མང་པོས་མ་གནོད་ཕྱིར། །རྗེས་སུ་དཔག་པས་གནོད་པ་འམ། །ཡང་ན་བཟློག་པའི་སྒྲུབ་བྱེད་བརྗོད། །ཀ་བ་ལ་སོགས་
པའི་བློ་ནི་བདེན་པ་ཡིན་ཏེ། སྐྱེ་བོ་མང་པོའི་གནོད་པ་མེད་པའི་ཕྱིར་ད་ལྟར་བའི་གནོད་པའི་བློ་བཞིན་ནོ། །རྩོད་པའི་གཞིར་གྱུར་པ་ཀ་བ་ལ་སོགས་བློ་ནི་གནོད་པར་བྱ་བ་མ་ཡིན་ཏེ། སྐྱེ་བོ་མང་པོའི་བློ་གནོད་པར་བྱེད་པ་དེའི་ཡུལ་ཅན་ཉིད་དུ་མ་སྐྱེས་པའི་ཕྱིར། རྨི་ལམ་ལ་སོགས་པ་
ལ་གནོད་པར་བྱེད་པའི་བློ་བཞིན་ནོ་ཞེ་ན། དེ་ནི་མི་མཐུན་པ་ཡིན་ཏེ། འདི་ལྟར། གལ་ཏེ་འབྲེལ་པ་མེད་པར་ནི། །མ་མཐོང་བ་ཙམ་འདོད་པ་ཡིན། །བསྒྲུབ་བྱ་སྒྲུབ་པར་བྱེད་ན་ནི། །ལན་འདི་རིགས་པར་ལྡན་པ་ཉིད། །དོན་དམ་པར་ནི་རྨི་ལམ་ལ་གནོད་པའི་བློ་གནོད་པར་བྱ་བ་མ་ཡིན་པ་
མ་ཡིན་ཏེ། མངོན་སུམ་ཉིད་གནོད་པར་བྱེད་པ་མཐོང་བའི་ཕྱིར་རོ། །ཀུན་རྫོབ་ཏུ་ནི་ཀ་བ་ལ་སོགས་པའི་བློ་གནོད་པར་བྱ་བ་མ་ཡིན་ཡང་ངེད་ལ་ཆད་པ་ཅི་ཡང་མེད་དོ། །འོ་ན་རྨི་ལམ་ལ་སོགས་བཞིན། །མི་བདེན་བློ་ཡིས་ཇི་ལྟར་གནོད། །ཆེ་ཆུང་ཁྱད་པར་ཡོད་ཕྱིར་ཞེས། །དང་པོ་ཉིད་
དུ་བསྟན་ཟིན་ཏོ། །གཞན་ཡང་། སད་པའི་བློ་ནི་བདེན་པའི་ཕྱིར། །རྨི་ལམ་མཐོང་བའི་གནོད་བྱེད་མིན། །དེ་ཡི་གཞན་བྱ་དམིགས་མེད་ཕྱིར། །མི་བདེན་ཡང་དེ་མེད་དམ་ཅི། །གནོད་པར་བྱེད་པ་ཞེས་བྱ་བ་རང་གི་དམིགས་པ་བདེན་པ་ཉིད་ཀྱིས་ནི་གནོད་པར་བྱེད་པ་མ་ཡིན་གྱི། འོན་ཀྱང་
Vol. 179 · folio 54b
དེ་མི་དམིགས་པའི་ཕྱིར་རོ་ཞེས་འདི་ནི་བཤད་ཟིན་ཏོ། །མི་དམིགས་པའི་རང་བཞིན་དེ་ཡང་ཕྱིན་ཅི་ལོག་དམིགས་པའི་རང་བཞིན་ཉིད་དོ། །དེ་ནི་རང་གི་ཆ་རིག་པ་ལ་ཡང་ཉམས་པ་མེད་པ་ཉིད་དོ། །འདི་ལྟར། ངོ་བོ་འམ་གཞལ་བྱ་གཞལ་ཡང་རུང་། །དེ་ཀུན་ཐམས་ཅད་དེ་ལས་བཟློག །
དེ་ནས་རང་གི་ཆར་གནས་ཀྱང་། །སད་བློས་གཞན་ལ་གནོད་པར་འགྱུར། །གལ་ཏེ་འདི་ཡང་འཁྲུལ་པ་ཡིན་ན་དེའི་ཚེ་ཅི་ལ་བརྟེན་ནས་རྨི་ལམ་ལ་སོགས་པའི་བློ་འདིར་གནོད་པར་བྱ་བ་ཡིན་ཞེ་ན། དེ་ཡང་མི་བདེན་ཏེ། སྒྲུབ་བྱེད་དོན་ནི་གྲུབ་པ་ན། །རྨི་སྩོགས་བློ་དང་མཚུངས་པར་འགྱུར། །
དེའི་ཚེ་ངེད་ལ་གནོད་བྱ་དང་། །གནོད་བྱེད་དངོས་པོས་ཅི་ཞིག་དགོས། །གལ་ཏེ་གཞན་བརྗོད་པར་བྱ་སྟེ། །སྔར་གྱི་སྒྲུབ་བྱེད་སྐྱོན་ཡང་འདིར། །དེ་ལྟར་དྲན་བྱ་བསྒྲུབ་བྱ་དང་། །ཐ་དད་མེད་པས་བརྗོད་མིན་ཕྱིར། །གཏན་ཚིགས་གཉི་ག་ལ་མ་གྲུབ། །རྟོགས་པར་བྱེད་པའི་ཕྱིར་བློ་འམ། །
འདིས་རྟོགས་པར་བྱ་བའི་ཕྱིར་བློ་ཞེས་རྣམ་པར་རྟོག་པའོ། །དེ་ལ་ཡང་ཉེས་པ་སྔ་མ་བཞིན་ཏེ། བསྒྲུབ་པར་བྱ་བ་དང་ཐ་མི་དད་པས་དམ་པའི་དོན་གྱི་ཕྱོགས་གཅིག་ཡིན་པས་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་གཏན་ཚིགས་རྟོགས་པ་ཉིད་ནི་གཉི་ག་ལ་མ་གྲུབ་པོ། །གལ་ཏེ་རྟོགས་པའི་ཁྱད་
པར་ནི་ཆོས་ཅན་ཡིན་ལ་སྤྱི་སྒྲུབ་བྱེད་ཡིན་པའི་ཕྱིར་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་མ་ཡིན་ནོ་ཞེ་ན། དེ་ལ་བརྗོད་པ། ཐ་དད་ཐ་མི་དད་པ་ཡི། །རྟོགས་པའི་སྤྱི་ནི་ཁྱེད་ཅག་ལ། །ཡོད་མིན་ཤིན་ཏུ་ཐ་དད་ཀྱང་། །འདྲ་བ་དང་ནི་ལྡོག་པ་ཡང་། །ངེད་ཀྱི་ཕྱོགས་ལ་འགའ་ཡོད་མིན། །དེས་
འདི་གོ་བྱེད་ཉིད་མི་འགྱུར། །དེ་ནི་གཉི་ག་ལ་སྒྲུབ་པའི། །གཏན་ཚིགས་སྤྱི་ནི་ཡོད་མ་ཡིན། །འདི་ནི་མི་རིགས་ཏེ། འདི་ལྟར། ཐ་དད་ཐ་དད་མེད་པ་ཡི། །རྟོགས་པའི་སྤྱི་ཉིད་མི་འདོད་མིན། །ལྡོག་པར་མཚུངས་ཉིད་དངོས་པོར་ནི། །རྗེས་འགྲོ་མེད་ཅེས་བཤད་པར་འགྱུར། །དེའི་ཕྱིར་
གཅིག་ཏུ་འཛིན་པ་དང་ལྡན་པའི་ཕྱིར། རྟོགས་པ་རྟོགས་པ་ཞེས་བྱ་བའི་དོན་ནི་གཏན་ཚིགས་ཉིད་དེ། བརྒྱུད་པས་དངོས་པོ་དང་འབྲེལ་པའི་ཕྱིར་རོ། །རྟོགས་པ་ཞེས་བྱ་བའི་དོན་ནི་ཅི་ཞེ་ན། ཉམས་སུ་མྱོང་བའི་སྟེ། བདག་གི་རང་བཞིན་མྱོང་བ་ཙམ་མོ། །དེས་ན། ཕྱོགས་དང་དེ་འདྲ་ལ་གནས་པའི། །
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words