ཚད་མ་རྣམ་འགྲེལ་གྱི་རྒྱན་གྱི་འགྲེལ་བཤད

Sanskrit title (Tibetan script, as in the text) པྲ་མཱ་ཎ་བརྟི་ཀཱ་ལངྐ་ར་ཊཱི་ཀཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 180 · folio 244a

གཉིད་ལོག་པའི་དུས་ན་ཤེས་པ་སྔ་མ་ཤོས་ལས་ཀྱང་དབང་པོའི་བྱ་བ་མེད་ན། ཕྱི་རོལ་གྱི་ཡུལ་ཇི་ལྟར་ཤེས་པ་ཡིན་རྣམ་པར་རྟོག་པ་ཅན་ནི་མ་ཡིན་ཏེ། མཐོང་བ་མེད་ན་ལྡང་བའི་ཕྱིར་རོ། །བདག་གོ་ཞེས་བྱ་བའི་ཕུང་པོ་ཉམས་སུ་མྱོང་བ་མེད་ན་མི་འབྱུང་བ་ཡིན་ཏེ་ཡུལ་མ་

རྟོགས་ན་མི་འབྱུང་བའི་ཕྱིར་རོ་སྙམ་དུ་སེམས་པ་ལ། བསྡད་པ་ནི་ཞེས་བྱ་བ་སྨོས་ཏེ། མུན་ཁུང་དུ་ངའི་ལག་ནོམ་ཡིན་ཞེས་བྱ་བ་བཞིན་དུ་ནང་གི་རེག་པའི་ཤེས་པ་ཇི་ལྟར་གོམས་པའི་འཇིགས་པ་དང་བརྟན་པ་ལ་སོགས་པ་དང་ལྡན་པའི་བདེ་བའི་ཚོར་བ་ནི་གཞན་སྒྲུབ་པར་བྱེད་པ་མ་ཡིན་པ་ཁོ་ན་སད་

པ་ཡིན་གྱི་དབང་པོའི་ཤེས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྔ་མའི་སེམས་ལས་འབྱུང་བ་སྔར་འཇུག་པ་གོམས་པའི་བག་ཆགས་ཡིན་གྱི་གཉིད་ཀྱི་དུས་སུ་འབྱུང་བ་ནི་མ་ཡིན་ལ་དེའི་སད་པ་ཡང་དེ་དང་དེ་རྗེས་སུ་མཐུན་པའི་ལུས་ཀྱི་རྣམ་ཤེས་ཁོ་ན་ཡིན་པར་བསྟན་པ་ནི། འཇིགས་དང་

བརྟན་སོགས་འདུ་བྱེད་ལས། །ཞེས་བྱ་བའོ། །དེས་ན་ལུས་དང་ཞེས་བྱ་བ་དེ་ལ་དེ་ནས་ཞེས་བྱ་བ་འདིས་སྔ་མ་སྔ་མའི་སེམས་ཀྱི་འདུ་བྱེད་ཀྱི་རྗེས་སུ་འགྲོ་བ་ཉིད་རྒྱུ་ཉིད་དུ་བསྟན་པ་ཡིན་ནོ། །དེ་ལྟ་ཡིན་པ་ནི་བདེན་ན་གང་གིས་ཆུང་ངུ་བསལ་བྱ་ཡིན་པ་དེའི་ཚེ་ཆེན་པོ་ཡང་གསོ་བས་བསལ་བར་བྱ་

བ་ཡིན་ནོ། །གང་གི་ཚེ་ཆེན་པོ་མ་ཡིན་པ་དེའི་ཆུང་ངུ་ཡང་མ་ཡིན་ཏེ། ཉེས་པ་རྣམས་ཀྱིས་ཡོངས་སུ་གྱུར་པ་ཐ་དད་པ་ལས་གསོ་བྱེད་དང་གསོ་བྱ་མ་ཡིན་པ་མི་མཉམ་པས་ཐ་དད་པའི་ཕྱིར་མེ་དང་ཕྲད་པ་ཙམ་གྱིས་སྨན་གྱི་བསྐྱེད་བྱའི་གསེར་ཞུ་བ་ཉིད་བཞིན་དུ་ཚོགས་པའི་དབྱེ་བས་འབྲས་བུ་ཐ་དད་

པར་ཁས་བླངས་པའི་ཕྱིར་སྐྱོན་གཅིག་འཕེལ་བར་གྱུར་པ་ལས་ཐམས་ཅད་ཀྱང་འཕེལ་བར་བྱེད་པའི་ཕྱིར་ཐམས་ཅད་ཀྱང་སྐྱེད་བྱེད་ཉིད་དུ་ཐམས་ཅད་ལ་བྱེ་བྲག་མེད་པ་མ་ཡིན་ཏེ་ཐམས་ཅད་ལས་སྐྱེས་པ་ཡིན་ཡང་དབང་བྱེད་པའི་ཁྱད་པར་དུ་རྣམ་པར་གཞག་པའི་ཕྱིར་རོ། །ཇི་སྐད་དུ་མཛེ་ནད་

ཐམས་ཅད་དང་རླུང་ནད་ཐམས་ཅད་དང་མཁྲིས་ནད་ཐམས་ཅད་དང་བད་ཀན་ཐམས་ཅད་དང་འབུ་སྲིན་དང་བཅས་པ་རྣམས་ཀྱི་ནང་ནས་གང་ཤས་ཆེ་བ་དེ་འཛིན་པ་ཡིན་ནོ། །ལན་ནི་ནང་དང་དེའི་བསྐྱེད་བྱའི་རྣམ་པར་འགྱུར་བ་འཆོས་པར་བྱེད་པ་ནི། སླར་གསོ་བར་བྱེད་པའི་སྨན་ལ་སོགས་པ་མེད་པའི་

Vol. 180 · folio 244b

ཕྱིར་གསོ་བྱ་མིན་པར་བརྗོད་པ་ཡིན་ལ་ཁྱེད་ཀྱི་འདོད་པ་ལ་ནི་དེ་མི་སྲིད་དོ། །ཤི་ན་ཉེས་པ་མཉམ་པར་བྱེད་པས་འབད་པ་མེད་པར་འཆོས་པར་བྱེད་པ་གྲུབ་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །རྙེད་པར་དཀའ་ཕྱིར་ཞེས་བྱ་བ་སྟེ། ཁོ་བོའི་ཕྱོགས་ལ་ནི་གནས་པ་སྒྲུབ་པར་བྱེད་པའི་ལས་ཟད་པ་ཡིན་ན་ཚེ་ཟད་པའི་

ཕྱིར་ནད་དེའི་རྣམ་པར་འགྱུར་བ་ཡང་གསོ་བྱ་མ་ཡིན་པར་འགྱུར་ཏེ་ལས་ཟད་པ་ཡིན་ན་འཆོས་པར་མི་སྲིད་པའི་ཕྱིར་རོ། །འདི་ལྟར་གལ་ཏེ་ལས་མ་ཟད་པ་ཡིན་ན་འཆི་བ་ལས་གཞན་དུ་ཡང་འཆོས་པར་འགྱུར་བ་ཞིག་ན་དེ་ཡང་མི་སྲིད་པར་བསྟན་པ་ནི། ཚེ་ཟད་ཕྱིར་ཞེས་བྱ་བའོ། །རྣམ་པར་འགྱུར་བ་

ནི་རྒྱུ་ཤི་བ་ལ་སོགས་པ་ཡིན་དུ་ཟིན་ཀྱང་གསོ་བྱ་མ་ཡིན་པར་བསྟན་པ་ནི། ཉེས་པ་འབའ་ཞིག་ཡིན་ན་གསོ་བ་མེད་པ་ཉིད་ཅེས་བྱ་བའོ། །ཉེས་པ་མི་མཉམ་པ་ལ་སོགས་པ་རྣམ་པར་འགྱུར་བའི་རྒྱུས་སེམས་ཀྱི་རྒྱུན་ཆད་པ་མ་ཡིན་ནམ་རྒྱུ་འཇིག་ན་ཡང་ཇི་ལྟར་འབྱུང་བ་ཡིན་ཐོ་བ་ལ་སོགས་པ་

འཇིག་བྱེད་ཀྱིས་བཤིག་པའི་བུམ་པ་ནི་དེས་བཤིག་པ་ཡིན་ན་ཡང་འབྱུང་བ་མ་ཡིན་ནོ་སྙམ་པའི་ཁྱད་པར་ཅན་གྱི་ལུས་ནི་སེམས་གནས་པའི་སྒྲུབ་བྱེད་དུ་འདོད་པ་ཡིན་ནོ་ཞེ་ན་ཡང་། བདེན་མོད་ཀྱི་ཡོད་པའི་སེམས་དེ་ནི་དེ་ལྟར་འགྱུར་གྱི་མེད་པ་ནི་མ་ཡིན་ནོ། །རྒྱུ་ཡང་དེ་བཞིན་དུ་ཡིན་ནོ་ཞེ་ན་ཡང་

མ་ཡིན་ཏེ། ཁུ་བ་ལ་སོགས་པ་རིམ་གྱིས་སྐྱེས་པའི་སེམས་ཀྱི་བསྐྱེད་བྱའི་རྒྱུ་ཡིན་གྱི་དེ་བཞིན་དུ་སྐྱེ་བ་ནས་འཇིག་པ་གཉིད་ལོག་པ་ན་རྣམ་པར་ཆད་པའི་འབྲས་བུ་ནི་མ་ཡིན་ནོ། །ཇི་ལྟར་རྒྱུ་ཡིན་ཞེ་ན་ཡང་མ་ཡིན་ཏེ། དེའི་ཚེ་འབྲས་བུ་དབུགས་འབྱིན་པ་མཐོང་བས་སེམས་གཏན་རྒྱུན་ཆད་པར་རྟོགས་པ་

མ་ཡིན་པའི་ཕྱིར་ཡིན་གྱི། དེའི་ཚེ་རིག་པར་ཁས་བླངས་པའི་ཕྱིར་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ལ་ཤི་བར་ཞེས་བྱ་བ་སྨོས་ཏེ། འང་གི་སྒྲས་ནི་རིམ་པ་ལས་བཟློག་པའོ། །དུག་སོགས་ཀྱི་སོགས་པའི་སྒྲ་ནི་བརྒྱལ་བ་ལ་སོགས་པའི་རྒྱུ་མཚན་གང་གི་ཡིན་པ་དེ་དེ་ལྟར་ཡིན་ཏེ། ལོག་པའི་སྔགས་དང་

སྨན་ལ་སོགས་པས་སོ། །དེ་ཡི་སོས་ཟིན་བཅད་ལས་ཀྱང་། །ཞེས་བྱ་བའི་ཡང་གི་སྒྲ་ནི་ལྡོག་པའི་རྒྱུ་གཞན་ཏེ་རྣམ་གྲངས་ཀྱི་དོན་ཏོ། །རྣམ་པར་འགྱུར་བ་ནི་ལུས་ལ་ཡོད་པའི་སེམས་རྒྱུན་ཆད་པའི་འདུ་བྱེད་ཡིན་ལ་དེའི་རྒྱུ་ནི་དུག་ལ་སོགས་པའི་བསྐྱེད་བྱ་མི་མཉམ་པ་ཡིན་ཏེ། དེ་དང་བྲལ་ན་རྒྱུ་ལོག་ན་

Vol. 180 · folio 245a

དེའི་ཡང་རྒྱུ་སོས་བཅད་པ་ཡིན་ནོ། །དེ་བཞིན་དུ་རྣམ་པར་འགྱུར་བའི་རྒྱུ་དང་བྲལ་བ་ཡིན་ན་དེ་སྟེ་ཤི་བ་ཞེས་སླར་ཡང་འཚོ་བར་མི་འགྱུར་བ་ནི་ཅིས་སླར་མི་འཚོ་སྟེ་འཚོ་བ་ཁོ་ནར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཅི་ཞེས་བྱ་བ་ནི་སླར་ལྡོག་པའི་དོན་ཡིན་པའི་ཕྱིར་རོ། །ཅིས་ཞེས་འདྲི་བའི་དོན་ཉིད་

ཁས་བླངས་ནས་ཅིས་འཚོ་བར་མི་འགྱུར་ཞེས་འཆད་པ་ལ། ཤི་བ་ཉེས་པ་མཉམ་གྱུར་ཚེ། །ཞེས་བྱ་བ་འདིས་དོན་རྟོགས་པར་འགྱུར་རོ། །འདི་སྐད་བསྟན་པར་འགྱུར་ཏེ། བྲལ་བའི་སེམས་ཀྱང་འཇིག་པའི་རྒྱུ་དང་བྲལ་ན། ལུས་དེ་ཉིད་ལ་སླར་སྐྱེ་བར་མཐོང་བ་ཡིན་གྱི་བུམ་པ་ལ་སོགས་པ་ནི་མ་ཡིན་ན། དེའི་ཕྱིར་ཇི་ལྟར་ལུས་

སེམས་ཀྱི་མཉམ་པའི་ཁྱད་པ་ཅན་ནི་གནས་པ་གྲུབ་པར་བྱེད་པ་དེ་ལྟར་མཐོང་བའི་ཕྱིར་རོ། །དེ་བཞིན་དུ་རྒྱུ་ཡང་མ་ཡིན་ཏེ། དེ་ལྟར་མཐོང་བའི་ཁྱད་པར་མེད་པའི་ཕྱིར་རོ། །ཉེས་པ་འབའ་ཞིག་ནི་སེམས་རྒྱུན་ཆད་པར་བྱེད་པ་ཁས་བླངས་པ་ཡིན་ན་གསོ་མིན་མེད་པ་ཉིད་དེ་སེམས་སླར་མི་

འབྱུང་བ་མ་ཡིན་པའི་ཕྱིར་རྣལ་མ་འགྲུབ་པའི་ཕྱིར་རོ། །ལས་ཟད་པ་རྒྱུ་མཚན་ཡིན་པ་ལ་ནི་སྐྱོན་འདི་མེད་དོ། །ལུས་ཉེ་བར་ལེན་པའི་སེམས་ཀྱང་འཇིགས་པ་དང་མྱ་ངན་དང་འཆི་བ་ལ་སོགས་པ་ཅིས་ཀྱང་དེ་རྣམ་པར་འགྱུར་བ་ཞེས་མ་ཡིན་ཡང་བསྒྱུར་བྱའམ་འཇིག་པར་འགྱུར་བ་མ་ཡིན་ནམ།

དཔེར་ན་རྩིག་པ་ལ་སོགས་པ་མི་འགྱུར་ཡང་རི་མོ་ལ་སོགས་པ་ལག་པ་ལ་སོགས་པ་དང་མྱུ་གུ་ལ་གནོད་པ་ཅན་ལ་སོགས་པ་དང་། གཟུགས་ལ་སོགས་པ་མེ་དང་ཕྲད་པ་ལྟ་བུའོ། །རྩིག་པ་དང་བུམ་པ་ལ་སོགས་པ་ནི་རྣམ་པར་བསྒྱུར་བྱའམ་བཤིག་བྱ་མ་ཡིན་ཏེ། དེ་ཉིད་ཡིན་

པར་རྟོགས་པའི་ཕྱིར་རོ་སྙམ་དུ་སེམས་པ་ལ། ཉེར་ལེན་འགྱུར་བ་མེད་པར་ནི་སྟེ་གང་ཞིག་གང་གི་ཉེ་བར་ལེན་པ་ཡིན་དེ་རྣམ་པར་འགྱུར་བ་མ་ཡིན་པས་སོ། །ཉེ་བར་ལེན་པ་ནི་རྣམ་པ་གཉིས་ཏེ་གནས་སྐབས་པའི་དང་རྒྱུན་གྱིའོ། །ཉེ་བར་ལེན་པར་བྱ་བ་རྣམ་པར་བསྒྱུར་བའམ་གཞིག་པར་བྱེད་པར་མི་

ནུས་སོ། །རེ་ཞིག་རྩིག་པ་ལ་སོགས་པའི་རི་མོའི་ཉེ་བར་ལེན་པ་མ་ཡིན་ཏེ། དེ་ལྟ་མོད་ཀྱི་ཐ་མི་དད་པའི་ལྗང་གུ་ལ་སོགས་པ་ཡིན་ཏེ་བུམ་པའི་འཇིམ་པ་ལྟ་བུ་ཡིན་ལ་དེ་ཡང་ལག་པ་ལ་སོགས་པས་འཇིག་པར་བྱེད་པ་རྩིག་པ་ནི་རྟེན་ཙམ་ཡིན་ནོ། །དེ་བཞིན་དུ་མེ་དང་ཕྲད་པར་གྱུར་བའི་

Vol. 180 · folio 245b

བུམ་པ་ལས་བུམ་པ་གཞན་དམར་པོར་གྱུར་པ་བཤད་པ་ཡིན་ནོ། །ཐམས་ཅད་ལ་ཡང་ཐ་མི་དད་པའི་ཉེ་བར་ལེན་པ་ཡིན་ཏེ་ཉེ་བར་བླངས་པའི་ངོ་བོ་ཡིན་པའི་ཕྱིར་ཏེ། ཅིག་ཤོས་རྒྱུ་མཚན་ཙམ་མམ་རྒྱུ་ཡང་ཡིན་ལ་རེ་ཞིག་སེམས་ཀྱི་རྒྱུ་ལུས་མ་ཡིན་ཏེ། ཐ་མི་དད་པར་ཁས་ལེན་པའི་ཕྱིར་རོ། །ཐ་དད་

པ་ནི་རྒྱུ་ཡིན་ཏེ་རྟག་ཏུ་དེའི་རྗེས་སུ་འཇུག་པས། །གང་ཞིག་ཡོད་པ་ཕན་འདོགས་བྱེད། །ཅེས་པ་བསྟན་པས་སོ། །རྒྱུ་མཚན་ཡང་མ་ཡིན་ཏེ། ཐ་མི་དད་པའི་ཕྱིར་རོ། །ལུས་དང་སེམས་དག་ནི་འཇིམ་པ་དང་བུམ་པ་དང་གཟུགས་བཞིན་དུའམ་ཐ་མི་དད་པ་ཡིན་ནོ། །ཐ་དད་པ་ལ་ནི། །གང་ཞིག་ཡོད་པས་

ཕན་འདོགས་བྱེད། །ཅེས་བསྟན་པ་ཡིན་ཞིང་ལུས་ཀྱི་རྗེས་སུ་བྱེད་པ་ཉིད་མ་ཡིན་ཏེ། རང་རིགས་གོམས་པའི་རྗེས་འཇུག་ཕྱིར། །ཞེས་ཀྱང་བསྟན་པ་ཡིན་ནོ། །མྱུ་གུ་ལ་སོགས་པ་ལས་ཐ་མི་དད་པའི་ཆུ་ནི་ཉེ་བར་ལེན་པ་ཡིན་གྱི་ཐ་དད་པ་ནི་དེའི་གནས་པའི་རྒྱུ་ཡིན་ནོ། །ལུས་ནི་མཉམ་པའི་ཁྱད་

པར་གྱི་ཤི་བའི་གནས་སྐབས་དང་འཚོ་བའི་གནས་སྐབས་ཀྱི་ལུས་ལ་བྱེ་བྲག་ཅི་ཡང་མེད་པའི་ཕྱིར་སེམས་མི་ལྡོག་པར་ཐལ་བར་འགྱུར་རོ། །འདི་སྐད་བསྟན་པར་འགྱུར་ཏེ་ཉེ་བར་བླང་བྱ་ནི་ཉེ་བར་ལེན་པའི་རྣམ་པར་འགྱུར་བའམ་རྒྱུའི་རྣམ་པར་འགྱུར་བ་ལས་ཡིན་གྲང་ན་རེ་ཞིག་རྒྱུའི་རྣམ་པར་འགྱུར་བ་

ལས་ནི་མ་ཡིན་ཏེ། ཉེ་བར་ལེན་པའི་འགྱུར་བ་ལས་དེ་འགྱུར་བ་ཡིན་པར་ཡོད་པས་ཕན་འདོགས་བྱེད་ཅེས་བྱ་བས་བསྟན་པ་ཡིན་ལ་ད་ལྟར་ནི་དངོས་སུ་ཉེ་བར་ལེན་པའི་འགྱུར་བ་ལས་རྣམ་པར་འགྱུར་བ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་སོ། །གང་ཞིག་གང་གི་འགྱུར་བ་ཁོ་ནར་རྣམ་པར་འགྱུར་དེ་དེའི་ཉེ་བར་ལེན་པ་

ཡིན་གྱི་ལུས་ནི་སེམས་ཀྱི་དེ་ལྟ་བུར་མ་ཡིན་ཏེ། འཇིགས་པ་དང་མྱ་ངན་ལ་སོགས་པས་ཀྱང་རྣམ་པར་འགྱུར་བའི་ཕྱིར་རོ། །ཉེ་བར་ལེན་པའི་མཚན་ཉིད་ལ་གནོད་པ་མེད་པའི་ཕྱིར་བཤད་པ་འདིའི་དབང་དུ་བྱས་ནས་བསྟན་པ་ནི།། དངོས་གང་ཞེས་བྱ་བ་འདིས་དོན་རྟོགས་པའི་ཕྱིར་མི་རིགས་སོ། །དེའི་ཕྱིར་

སེམས་ལུས་ཀྱི་ཉེ་བར་བླང་བྱ་ཉིད་ཁས་བླངས་པས་དེ་རྣམ་པར་འགྱུར་བ་མ་ཡིན་ན་མི་འགྱུར་ཏེ་མི་འཇིགས་པ་ཡིན་ནོ་ཞེས་བྱ་བ་ཁོ་ན་ལེགས་པ་ཡིན་ཏེ། གནས་སྐབས་ཀྱི་རྗེས་སུ་འཇུག་པའི་ཕྱིར་རོ། །འོན་ཏེ་ལུས་མི་འགྱུར་ཡང་སེམས་འགྱུར་བ་ཡིན་ན་དེ་ལྟ་ན་དེ་དེའི་ཉེ་བར་ལེན་པ་མ་ཡིན་ཏེ། བ་

Vol. 180 · folio 246a

མེན་ལ་བ་ལང་བཞིན་ནོ། །དེའི་ཕྱིར་ལུས་ཉེ་བར་ལེན་པ་ཉིད་དུ་ཁས་བླངས་པ་སྤངས་པར་འགྱུར་བར་བསྟན་པ་ནི། འགྱུར་བ་མེད་པར་ནི་ཞེས་བྱ་བའོ། །བ་མེ་ན་ནི་བ་ལང་གི་ཉེ་བར་ལེན་པ་མ་ཡིན་ཏེ། ཐ་དད་པའི་ཕྱིར་རོ། །སེམས་ཀྱི་ཡང་ལུས་དེ་བཞིན་དུ་ཡིན་ཏེ་ཐ་དད་པར་སྒྲུབ་པར་

བྱེད་པའི་སོ་སོར་སྣང་བའི་དབྱེ་བ་ལ་སོགས་པ་ལ་ཁྱད་པར་མེད་དོ་ཞེས་བསྟན་པ་ནི་སེམས་དང་ལུས་ཀྱང་དེ་བཞིན་དེ་ཐ་དད་པ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་ན་ཐ་དད་པ་དག་ལ་ཉེ་བར་ལེན་པ་ལ་སོགས་པ་ཉིད་མེད་པས་ཇི་ལྟར་ངེས་པས་ལྷན་ཅིག་གནས་པར་བྱེད་པ་ཡིན། །དེ་རྒྱུ་སྟེ་ལུས་ཀྱི་རྒྱུ་སྟེ་

ལུས་ཀྱི་རྒྱུ་ནི་སེམས་ཀྱི་རྒྱུ་སེམས་གཞན་དང་ལྷན་ཅིག་བྱེད་པ་ལས་སམ། སེམས་ཀྱི་རྒྱུ་ཡང་རུང་དེའི་རྒྱུ་ལས་ཀྱི་མིང་ཅན་གྱི་ནུར་ནུར་པོ་ལ་སོགས་པ་སྐྱེ་བའི་འབྲས་བུ་ལུས་དང་སེམས་ཀྱི་བདག་ཉིད་ཅན་དང་ལྷན་ཅིག་གནས་པ་ཙམ་གྱི་དེ་ཁོ་ན་ཉིད་དུ་ནི་ཐ་དད་པ་ཡིན་ནོ། །རྒྱུ་དབྱེ་མེད་

ཕྱིར་ལྷན་ཅིག་གནས། །ཞེས་བྱ་བ་འདི་ནི་འབྲས་བུ་སེམས་དང་རྒྱུ་ལུས་ཡིན་པར་ཁས་བླངས་པ་ཡིན་ལ་འདི་ནི་ཐ་དད་པར་ཁས་བླངས་པས་སོ། །གང་གི་ཕྱིར་ཐ་མི་དད་པ་ཉིད་དག་གི་ཉེ་བར་ལེན་པ་ལ་སོགས་པ་ཉིད་ཡིན་པ་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ལྟ་བུའོ། །ཕྱོགས་སྔ་མ་དང་གྲུབ་པའི་མཐའ་

ལ་ཡང་ཟངས་མའི་ཞུ་བ་བདག་ཉིད་ཅན་གྱི་མེ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་བླངས་པའི་ཐ་དད་པ་ནི་དེ་ཉེ་བར་འཚོ་བ་ཉིད་དུ་བསྟན་པ་ཡིན་གྱི་དུས་ཐ་དད་པ་ནི་གནས་སྐབས་པའི་རྒྱུའམ་རྒྱུན་གྱི་ཡང་རྒྱུ་ཡིན་གྱི་ཉེ་བར་ལེན་པ་ནི་མ་ཡིན་ནོ། །དེ་ལྟར་ཡང་། གང་ཞིག་ཡོད་པས་ཕན་འདོགས་བྱེད། །

ཅེས་བྱ་བ་ལ་སོགས་པས་བསྟན་པ་ཡིན་ནོ། །དེ་ཡང་ཉེ་བར་ལེན་པ་འབའ་ཞིག་མ་ཡིན་ཡང་དེ་ལྟར་ཉེ་བར་བཏགས་པ་ཡིན་གྱི་གནས་སྐབས་འདི་ལ་ཐ་སྙད་གདགས་པར་འོས་པ་མ་ཡིན་ནོ། །དེའི་ཕྱིར་གནས་སྐབས་པའི་རྒྱུའི་དངོས་པོ་ནི་ཉེ་བར་ལེན་པའི་རྒྱུ་ཉིད་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་

ནི་གནས་སྐབས་པ་དང་རྒྱུན་གྱི་རྒྱུའི་རྣམ་པར་དབྱེ་བའི་ཚིག་ཡིན་པར། གང་ཞིག་ཡོད་པས་ཕན་འདོགས་བྱེད། །ཅེས་བྱ་བ་འདིའི་གནས་སྐབས་སུ་བསྟན་པར་བྱའོ། །ཡང་ན་འབྲས་བུའི་བདག་ཉིད་ཁོ་ན་གནས་སྐབས་པ་དང་རྒྱུན་གྱི་རྒྱུ་མེ་དང་འཇི་བ་ལ་སོགས་པ་ཉེ་བར་ལེན་པ་ཡིན་པའི་

Vol. 180 · folio 246b

ཕྱིར་ཞེས་བརྗོད་ཀྱི་དུས་ཐ་དད་པ་ནི་མ་ཡིན་ཏེ། དེའི་རྒྱུ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ་འཇི་བར་འགྱུར་བ་མེད་པར་བུམ་པ་ལ་སོགས་བཞིན་དང་མེ་དང་ཟངས་མའི་ཞུ་ཉིད་ཡིན་ཞེས་བྱ་བར་ཡང་བསྟན་པ་ཡིན་ནོ། །དེས་ན་སྐྱོན་མེད་དོ། །སེམས་ཀྱི་ཉེ་བར་ལེན་པ་ཅི་ཞིག་ཡིན་རང་གི་ངོ་བོ་ཁོ་ན་ཡིན་ཏེ་

འབྱུང་བ་བཞིན་ནོ། །ཉེ་བར་ལེན་པ་གཞན་ནི་ཐམས་ཅད་དུ་སྲིད་པ་མ་ཡིན་ལ་རྒྱུ་ནི་སེམས་སྔ་མ་ཉིད་དོ། །དེའི་རྒྱུན་གྱི་རྒྱུའམ་ཉེ་བར་ལེན་པ་ལ་རང་གི་འབྲས་བུ་དང་མཚམས་སྦྱོར་བ་ལ་གནོད་པའི་རྒྱུ་གང་ཡང་མེད་པ་ཁོ་ནར། ཐ་མའི་སེམས་ནི་སེམས་གཞན་དང་། །མཚམས་སྦྱོར་བ་ལ་

འགལ་ཅི་ཡོད། །ཅེས་བྱ་བ་ལ་སོགས་པས་བསྟན་པ་ཡིན་ནོ། །དེ་ཉིད་ཀྱང་འོན་ཏེ་ཡང་ཇི་ལྟར་ཆུ་ལ་སོགས་པ་ལས་འབྲས་བུའི་རྒྱུན་གྱི་ཁྱད་པར་ཞེས་བྱ་བ་ནས་བརྩམས་ནས་རྒོལ་བ་དང་ལན་ཡང་བརྗོད་པ་ཡིན་ནོ། །འགྱུར་བའི་རྒྱུ་དང་འབྲལ་བས་ན། །དེ་ཅིས་སླར་ཡང་འཚོ་མི་འགྱུར། །ཞེས་

བྱ་བ་ལ་སོགས་པས་ལུས་ཀྱི་ཚོགས་པ་ལ་དགོངས་ནས་དེ་བསྟན་པ་ཡིན་ལ་ད་ནི་རྒྱུ་ཙམ་ལྡོག་ན་འབྲས་བུ་ལྡོག་པར་བྱེད་པ་མ་ཡིན་གྱི་འོ་ན་ཅི་ཞེ་ན། ཉེ་བར་ལེན་པའོ། །ལུས་ནི་ཉེ་བར་ལེན་པ་མ་ཡིན་ཏེ། ཉེ་བར་ལེན་པའི་མཚན་ཉིད་དང་མི་ལྡན་པར་བསྟན་པ་ནི། ཉེ་བར་ལེན་པའི་རྒྱུ་མ་

ཡིན་པར་ལོག་ན་ཞེས་བྱ་བའོ། །འོན་ཏེ་མཚན་ཉིད་དེ་དང་ལྡན་པའི་ལུས་ཡིན་པ་དེ་ལྟ་ན་ནི་དེའི་རྣམ་པར་འགྱུར་བ་ཁོ་ནས་སེམས་འགྱུར་བར་བསྟན་པ་ནི། གལ་ཏེ་ཡིན་ན་ཞེས་བྱ་བའོ། །དོན་འདི་ཉིད་ཚིགས་སུ་བཅད་པས་བསྟན་པ་ནི། གང་གི་ཕྱིར་ཞེས་བྱ་བའོ། །གལ་ཏེ་ཐ་དད་པའི་

ལུས་ཉེ་བར་ལེན་པ་ཡིན་པའི་དབང་དུ་བྱས་ནས་ལུས་མི་འགྱུར་བ་ལ་ནི་འཆི་བའི་གནས་སྐབས་ན་ཡང་སེམས་བསྒྲུབ་བྱ་མ་ཡིན་ཞེས་བརྗོད་པ་ཡིན་ན་ནི་འཇི་བའི་རྣམ་པར་འགྱུར་བ་མེད་ན་བུམ་པའི་རྣམ་པའི་རྣམ་པར་འགྱུར་བ་ཞེས་བྱ་བ་ཇི་ལྟར་ཐ་དད་པའི་འཇི་བའི་འགྱུར་བས་བུམ་པར་འགྱུར་བ་མ་

ཡིན་ཏེ། དེ་བུམ་པའི་དུས་ན་མེད་པའི་ཕྱིར་དེ་འགྱུར་བ་མེད་པ་ཉིད་ཀྱིས་བུམ་པ་འཇིག་པ་ཡིན་ནོ། །འོན་ཏེ་འཇི་བ་ཞིག་པ་མེད་ན་བུམ་པའི་འགྱུར་བ་སྟེ་སྐྱེ་བ་མ་ཡིན་ན་ཞེས་བྱ་བ་དོན་ཡིན་ན་དེ་ལྟ་ན་ཡང་དོན་ལ་འབྲེལ་པ་མེད་པ་ཡིན་ཏེ་ལུས་མ་ཞིག་ན་སེམས་མི་སྐྱེ་བ་ནི་མ་ཡིན་ནོ། །དེས་ན་ཉེ་བར་ལེན་

Vol. 180 · folio 247a

པ་དང་ཅིག་ཤོས་དག་ནི་དེ་དག་གི་མ་ཡིན་ནོ་ཞེས་བྱ་བའི་དོན་ཡིན་ཏེ། གནས་སྐབས་དང་མི་འབྲེལ་བ་ཡིན་ལ། ལུས་ནི་གནས་པ་ཡིན་ན་སེམས་ལྡོག་པ་མེད་པར་ཐལ་བར་འགྱུར་ཞེས་བྱ་བ་ནི་གནས་སྐབས་ཡིན་ཞིང་དོན་དམ་དང་ཡང་མ་འབྲེལ་བའི་ཕྱིར་སྔར་གྱི་ལུས་ལྡོག་པ་མེད་ན་

སེམས་མི་སྐྱེ་བ་མ་ཡིན་ནོ། །དེའི་ཕྱིར་འབྱུང་བ་དང་འབྱུང་བ་ལས་གྱུར་པ་བཞིན་དུ་ཐ་མི་དད་པའི་ཉེ་བར་ལེན་པ་ལ་དགོངས་ནས་བུམ་པ་ཉེ་བར་བླང་བྱར་བསྟན་པ་ཡིན་ནོ། །རྣམ་པར་འགྱུར་བ་ཡང་ཞིག་པ་ཁོ་ན་ཡིན་པའི་ཕྱིར་གདོན་མི་ཟ་བར་ལུས་འགྱུར་བ་ཁོ་ནས་སེམས་འགྱུར་བ་མ་ཡིན་ནོ་ཞེས་བྱ་

བ་ལ་སོགས་པ་ཡང་ཐ་མི་དད་པ་ལ་དགོངས་པ་ཁོ་ན་ཡིན་ཏེ། དེ་ཞིག་ཀྱང་མི་འཇིག་པའི་ཕྱིར་དེ་ནི་དེའི་ཉེ་བར་བླང་བྱ་མ་ཡིན་པར་བསྟན་པ་ནི། གནས་སྐབས་རྒྱུ་ཡི་དངོས་པོ་ནི། །ཞེས་བྱ་བ་སྟེ། མྱུ་གུ་ལ་ཆུ་བཞིན་དུ་གནས་སྐབས་པའི་རྒྱུ་ལོག་ན་དེས་བྱས་པའི་གནས་སྐབས་ཉིད་ལྡོག་པ་

ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེས་ན་དེ་ལྟར་དེའི་མི་འཇིག་པ་དང་འཇིག་པ་དག་གིས་འཇིག་པ་ཅན་དང་མི་འཇིག་པའི་ཉེ་བར་བླང་བྱ་ཡིན་པར་བརྗོད་པ་དེ་ལས་བཟློག་པའི་ཉེ་བར་བླང་བྱ་དང་ཅིག་ཤོས་སུ་འགྱུར་བའི་ཕྱིར་ཐ་མི་དད་པ་ལ་དགོངས་པ་ཡིན་པར་བསྟན་པ་ནི། རྒྱུན་གྱི་རྒྱུ་ཞེས་བྱ་བ་སྟེ་བུམ་

པའི་ཁོངས་སུ་གཏོགས་པའི་འཇི་བ་ནི་བུམ་པའི་རྒྱུན་གྱི་རྒྱུ་ཡིན་ལ་དེ་ལྡོག་པ་ནི་རྒྱུ་ལོག་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་སྔོན་པོ་ལ་སོགས་པ་རྣམ་པའི་སེམས་ལ་ནི་སེམས་ཀྱི་ངོ་བོ་རྒྱུན་གྱི་རྒྱུ་ཡིན་ནོ། །ཐ་དད་པ་ཡིན་ན་ནི་རྒྱུ་ཁོ་ན་ཡིན་ཏེ། ཇི་སྐད་དུ། གང་ཞིག་ཡོད་པས་ཕན་འདོགས་

བྱེད། །ཅེས་བསྟན་པའོ། །གནས་སྐབས་པའི་རྒྱུའི་དངོས་པོ་ནི་ཞེས་བྱ་བ་འདི་ལ་དཔེ་བརྗོད་པ་ནི། མེ་དང་ཟངས་མིའི་ཞེས་བྱ་བའོ། །གལ་ཏེ་ལུས་སེམས་ཀྱི་ཉེ་བར་ལེན་པ་མ་ཡིན་ན་འཇི་བ་དང་བུམ་པ་བཞིན་དུ་ཇི་ལྟར་ལྷན་ཅིག་གནས་པ་ཡིན། དེའི་སེམས་ནི་ལུས་དང་ལྷན་ཅིག་གནས་པའི་ཕྱིར་

ཉེ་བར་ལེན་པ་དག་ཅིག་ཤོས་ཉིད་ལས་ནི་མ་ཡིན་པའི་ཕྱིར་རོ། །ཟངས་མ་དང་ལྷན་ཅིག་འབྱུང་བའི་མེ་བཞིན་དུ་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པས་ཐ་དད་པ་མ་ཡིན་པར་བསྟན་པ་ནི། སེམས་ནི་ལུས་དང་ལྷན་ཅིག་ཏུ། །ཞེས་བྱ་བ་སྟེ་དེ་དག་གི་རྒྱུ་དག་ལྷན་ཅིག་བྱེད་

Vol. 180 · folio 247b

པའི་ཕྱིར་རོ་ཞེས་བྱ་བར་སྦྱར་རོ། །ལྷན་ཅིག་བྱེད་པ་ཉིད་ཀྱང་ལྷན་ཅིག་གནས་པས་རང་གི་འབྲས་བུའི་བྱེད་པ་པོ་ཉིད་ཡིན་གྱི་རྒྱུ་ལུས་ཀྱི་འབྲས་བུ་སེམས་མ་ཡིན་པར་བསྟན་པ་ནི། འབྲས་མིན་ན་ནི་སེམས་ཉིད་ཅེས་བྱ་བ་སྟེ། །སེམས་དང་མ་བྲལ་བའི་ལུས་ཀྱི་རྒྱུ་ལུས་ལ་སྲིད་པ་དང་བཅས་པའི་

ལས་ཀྱི་བག་ཆགས་དང་འབྱུང་བ་ཆེན་པོ་ཡོངས་སུ་གྱུར་པའི་ནུར་ནུར་པོ་ལ་སོགས་པ་ཡིན་པར་བསྟན་པ་ནི། ལུས་ཀྱི་རྒྱུ་ནུར་ནུར་པོ་ཞེས་བྱ་བ་སྟེ། ལུས་ཀྱི་རྒྱུ་ནི་སེམས་ཀྱི་རྒྱུ་ལ་བརྟེན་ནས་བག་ཆགས་དང་བཅས་པའི་སེམས་ཁོ་ན་ཡིན་ནོ། །དེའི་ཕྱིར་ལུས་ཁོ་ན་སེམས་ཀྱི་རྒྱུའི་བསྐྱེད་བྱ་ཡིན་

པའི་ཕྱིར་སེམས་ཀྱི་བསྐྱེད་བྱ་ཡིན་གྱི། སེམས་ནི་ལུས་ཀྱི་རྒྱུའི་བསྐྱེད་བྱ་མ་ཡིན་ཞེས་བྱ་བའི་དོན་ཏོ། །ལུས་ཀྱི་རྒྱུ་ལ་མི་བརྟེན་པའི་སེམས་རང་གི་རྒྱུ་ལས་བྱུང་བ་ནི་ལུས་མེད་ཀྱང་འབྱུང་བ་ཡིན་པར་བསྟན་པ་ནི་ལུས་ལོག་ན་ནི་ཞེས་བྱ་བའོ། །གནས་སྐབས་པའི་རྒྱུ་ལོག་ན་གནས་སྐབས་

ཉིད་ལྡོག་པ་ཡིན་ཞེས་བྱ་བ་ནི་མ་ངེས་པ་ཡིན་ཏེ། མེ་དང་ཕྲད་བ་ལྡོག་ཀྱང་དེས་བྱས་པའི་རྣམ་པར་འགྱུར་བ་མི་ལྡོག་པའི་ཕྱིར་རོ་ཞེས་ཟེར་བ་ནི་འོན་ཏེ་དེ་ཡང་ཞེས་བྱ་བ་སྟེ། དེ་ཞེས་བྱ་བ་ནི་མྱུ་གུ་རྣམ་པར་འཕེལ་བ་ལ་སོགས་པའི་མཚན་ཉིད་དེ་ལྡོག་པ་ཡིན་ཞེས་བྱ་བ་དང་སྦྱར་རོ། །ཇི་

ལྟར་ལུས་ནི་རང་གི་ཉེ་བར་ལེན་པ་ལ་གནོད་པ་གང་ལས་ལྡོག་པ་དེ་བཞིན་དུ་སེམས་ཀྱང་རང་གི་ཉེ་བར་ལེན་པ་ལ་གནོད་པར་བྱེད་པ་ལས་ལྡོག་པར་འགྱུར་བ་བཞིན་དུ་ལྡོག་པར་འགྱུར་པའི་ཕྱིར། ལུས་ཁོ་ན་བཞིན་དུ་རྒྱུན་ཆད་པར་འགྱུར་རོ་ཞེས་ཟེར་བ་ནི་མེ་ལ་སོགས་པས་ཞེས་བྱ་བའོ། །

གལ་ཏེ་སེམས་ཉེ་བར་ཆད་པ་ཡིན་ན་སྐྱེ་པའི་དང་པོར་ཅི་ལས་སྐྱེ་བར་འགྱུར་བ་ཡིན་ཞེ་ན་ཡང་། ཇི་ལྟ་ཨུཏྤ་ལའི་རྩ་བ་བ་ལང་གི་ལྕི་བ་ལས་འབྱུང་བ་བཞིན་དུ་འབྱུང་བ་ཆེན་པོ་ཡོངས་སུ་གྱུར་པའི་ནུར་ནུར་པོ་ལ་སོགས་པ་ཁོ་ན་ལས་སྐྱེ་བ་ཡིན་ནོ་ཞེས་ཟེར་བ་ནི། ཡང་ཇི་ལྟར་ཞེས་བྱ་བའོ། །ལན་

ནི་འབྲུ་ལ་སོགས་པའི་ཞེས་བྱ་བ་སྟེ། ལུས་ལ་སོགས་པའི་ཉེ་བར་ལེན་པ་ནི་མེ་ལ་སོགས་པས་གནོད་པར་ནུས་པ་ཡིན་གྱི་རྒྱུའི་ངོ་བོ་སེམས་ཀྱི་ཉེ་བར་ལེན་པ་ནི་མ་ཡིན་ཏེ། ཐག་རིང་བ་ཡང་དེའི་འདུ་བྱེད་པའི་རྗེས་སུ་བྱེད་པའི་འབྲས་བུ་ལ་གོམས་པ་ཇི་ལྟ་བ་བཞིན་ནུས་པའི་ཕྱིར་གནོད་པར་བྱེད་པ་

Vol. 180 · folio 248a

མ་ཡིན་ཞེས་བྱ་བ་ནི་ཡོད་པའི་ཕྱིར་ཡང་ཉེ་བར་གནས་པ་ཡིན་ཞེས་བྱ་བའི་དོན་ཏོ། །དེའི་འདུ་བྱེད་པའི་རྗེས་སུ་བྱེད་པ་ཉིད་ཀྱི་ཕྱིར་སེམས་ནི་དང་པོར་ལུས་ལས་སྐྱེ་བ་མ་ཡིན་ཏེ། བ་ལང་གི་ལྕི་བ་ལས་ཨུཏྤ་ལའི་རྩ་བ་ལྟ་བུར་རོ་ཞེས་བསྟན་པ་ནི་ལུས་ལས་ཞེས་བྱ་བའོ། །རྒྱུ་མ་

ཉམས་པ་ཡིན་ན་སེམས་ཀྱི་ངོ་བོ་འབྲས་བུའི་བདག་ཉིད་ཀྱི་ཉེ་བར་ལེན་པ་ཡང་མ་ཉམས་པ་ཁོ་ན་ཡིན་པར་བསྟན་པ་ནི། ཉེར་ལེན་གནོད་པ་མེད་པར་ནི། །ཞེས་བྱ་བ་ནི། སེམས་སྔ་མ་པ་ཉིད་ཇི་ལྟར་གོམས་པའི་སྐྱེད་བྱེད་ནི་བར་དུ་ཆད་པ་ཉིད་ཀྱང་སྐྱེད་པར་བྱེད་པའི་ཕྱིར་གཉིད་ལོག་པའམ་གཞན་ཡང་དེ་ལ་གནོད་

པ་བྱེད་པར་ནུས་པ་མ་ཡིན་པར་བསྟན་པ་ནི། སྔོན་གྱི་འདུ་བྱེད་ལ་ལྟོས་ཅན། །ཞེས་བྱ་བའོ། །དེ་དེ་ལྟར་སེམས་པ་ལ་གནོད་པར་བྱེད་པ་མི་སྲིད་པའི་ཤེས་པ་ཡིན་པའི་ཕྱིར་ཤི་བ་ལ་ཡང་གཉིད་ལོག་པ་བཞིན་དུ་སྐྱེད་པར་བྱེད་པ་ཁོ་ན་ཡིན་པར་བསྟན་པ་ནི། བར་དུ་ཆོད་པ་ལས་ཀྱང་ཞེས་བྱ་བའོ།། །

གཉིད་ལོག་པ་ན་ཆད་པ་གོམས་པ་ཁོ་ན་ལས་ཇི་ལྟར་ཡིན་པ་དེ་ཁོ་ན་བཞིན་དུ་ཤི་བ་ལ་ཡང་ཡིན་པའི་ཕྱིར་ཁྱད་པར་མེད་པར་བསྟན་པ་ན། ཤི་བ་དང་གཉིད་ལོག་པ་དག་ལ་ཞེས་བྱ་བའོ། །གལ་ཏེ་གོམས་པ་ལས་ཀྱང་སེམས་ཆད་པ་ཡིན་ན་གཏན་རྣམ་པར་ཆད་པར་འགྱུར་ཏེ། དེ་ལྟར་གོམས་པ་སྲིད་

པའི་ཕྱིར་རོ་སྙམ་དུ་སེམས་པ་ནི། འོན་ཏེ་རེས་འགའ་ཞེས་བྱ་བའོ། །རེ་ཞིག་གོམས་པ་ལས་བྱུང་བའི་རྣམ་པར་ཆད་པའི་སེམས་ནི་མཚམས་སྦྱོར་བ་ཁོ་ནར་མཐོང་བར་བསྟན་པ་ནི། སད་པ་མེད་པའི་ཞེས་བྱ་བ་སྟེ། ནུས་པ་ཅན་གྱི་ཚོགས་པ་མཐོང་བའི་ཕྱིར་སྲིད་པ་ལས་བཟློག་པ་ཉིད་ཡིན་ཏེ། དེ་འདྲ་

ཕྱིས་ཀྱང་འགྱུར་བ་ཡིན། །ཞེས་བྱ་བའི་རིགས་པས་བསྟན་པ་ནི། རང་གི་བདག་ཉིད་ཀྱིས་སོ། །གཞན་ནི་རྒྱུད་གཞན་གྱིས་སོ། །གཞན་ཞེས་བྱ་བ་ནི་ཞེས་བྱ་བའོ། །འཚོ་བའི་སེམས་ནི་སྔ་མ་དང་ཕྱི་མའི་མཐའ་དང་བྲལ་བ་གཏན་རྣམ་པར་ཆད་པ་ཁོ་ནར་དམིགས་པ་ཡིན་ཞེས་བྱ་བ་ཡང་འགལ་བའི་

འབྲས་བུ་དམིགས་པ་ཡིན་པའི་ཕྱིར་མི་རིགས་པར་བསྟན་པ་ནི། སྔོན་གྱི་མཐའ་ཅན་ལ་ལྟོས་ཅན། །ཞེས་བྱ་བའོ། །སྐྱོན་དང་བཅས་པའི་སེམས་སེམས་གཞན་དང་མཚམས་སྦྱོར་བར་བྱེད་པ། དེ་ཅི་འདྲ་ཞིག་འཕེན་བྱེད་འགྱུར། །ཞེས་བྱ་བས་བསྟན་པ་མ་ཡིན་ནམ། དགྲ་བཅོམ་པ་ལ་ནི་

Vol. 180 · folio 248b

དེ་མེད་པས་རྒྱུ་མ་ཚང་བའི་ཕྱིར་རྣམ་པར་ཆད་པར་འགྱུར་བ་ཁོ་ན་ཡིན་ནོ་སྙམ་དུ་སེམས་པ་ལ། འདོད་ཆགས་དང་བྲལ་བས་ཞེས་བྱ་བ་སྨོས་ཏེ། གཞན་ལ་མི་ཕྱོགས་པས་ཡོངས་སུ་འདོར་བའི་ངོ་བོའི་སྡང་བའི་ཕྱོགས་ཡོད་པའི་ཕྱིར་དགྲ་བཅོམ་པ་ལ་ཡང་ཇི་ལྟར་རྒྱུ་མ་ཚང་བ་ཡིན། ཇི་ལྟར་

གཞན་ལ་མི་ཕྱོགས་པ་མ་ཡིན་པ་ནི་བདག་དང་བདག་གིར་མངོན་པར་ཞེན་པ་མ་ཡིན་པའི་སྙིང་པོ་ཅན་ཡིན་པའི་ཕྱིར་འདོད་ཆགས་མ་ཡིན་གྱི་སྙིང་རྗེ་མ་ཡིན་ནམ་དེ་བཞིན་དུ་མི་ཕྱོགས་པ་ནི་ཞེ་སྡང་མ་ཡིན་ནོ་སྙམ་དུ་སེམས་པ་ལ། ཐམས་ཅད་དུ་ཡོངས་སུ་འདོར་བའི་ངོ་བོའི་ཞེ་སྡང་ནི་ཕ་རོལ་

གྱི་ཡུལ་ཅན་ཡིན་པའི་ཕྱིར་ལ་མི་ཕྱོགས་པ་ནི་དེའི་ཕྱོགས་ཁོ་ན་ཡིན་པར་བསྟན་པ་ནི་གཞན་གྱི་དོན་ལ་དགའ་བ་མེད་པས་ཞེས་བྱ་བའོ། །གལ་ཏེ་ཡང་དགྲ་བཅོམ་པ་ལ་ནི་རྒྱུ་མ་ཚང་བའི་ཕྱིར་རྣམ་པར་ཆད་པ་ཡིན་ལ་དེ་མེད་པས་རྣམ་པར་མ་ཆད་པ་ཁོ་ན་སྲིད་པའི་ཡུལ་ཡིན་པར་བསྟན་པ་

ནི། ཡང་ན་ཞེས་བྱ་བ་སྟེ། འདོད་ཆགས་དང་བྲལ་བ་ཉིད་ཀྱི་ཤེས་པ་ལ་ཁོ་ན་ཞེས་བྱ་བར་རིམ་པ་མ་ཡིན་པའི་ངེས་པར་བཟུང་བ་ཡིན་ནོ། །ཐམས་ཅད་དུ་རྣམ་པར་ཆད་པ་ནི་རྟག་ཏུ་རྣམ་པར་ཆད་པ་ཡིན་ལ་ད་ལྟར་བའི་ཤེས་པའི་སྐད་ཅིག་ལ་དམིགས་པ་ནི་སྔ་མ་དང་ཕྱི་མས་དབེན་པ་ཉིད་

ཁོ་ན་དེ་རྣམ་པར་ཆད་པར་དམིགས་པ་ཡིན་ཞེས་བྱ་བ་ནི་བདག་ཅག་གི་འདོད་པ་ཡིན་ནོ། །དེའི་ཕྱིར་འཇིག་རྟེན་ཕ་རོལ་མེད་པ་དེ་ཁོ་ནར་ཁྱེར་འདོད་པ་ཡང་བདག་གི་འདོད་པར་འོས་པ་ཡིན་པའི་ཕྱིར་ལན་གདབ་པར་དཀའ་བ་ནི་རྒོལ་བ་འདི་ལ་ལན་མེད་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལན་

ནི། སྔོན་གྱི་འདུ་བྱེད་ལ་ལྟོས་ཅན། །ཞེས་བྱ་བ་སྟེ། སྔ་མ་དང་ཕྱི་མའི་མཐའ་དག་ལ་སེམས་གཅིག་ཁོ་ན་ཡང་མ་ཡིན་ལ་གཞན་དང་གཞན་ཡང་མ་ཡིན་ཞེས་བྱ་བ་ནི་ཁོ་བོའི་འདོད་པ་ཡིན་གྱི་གཞན་དང་གཞན་ཡང་མ་དམིགས་པ་ཡིན་ཞེས་བྱ་བ་དེ་ལྟར་ནི་མ་ཡིན་ཏེ། མ་མཐོང་བ་ནི་མེད་པའི་

སྒྲུབ་བྱེད་མ་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་བློ་གནས་པ་ཡི་རྟེན། །བློ་ཉིད་ལ་ནི་བརྟེན་པ་འགའ། །ཞེས་བྱ་བ་དང་། དེ་ཡི་ཤེས་པས་ཕན་འདོགས་ཕྱིར། །ཡོད་ན་ལུས་ལ་བརྟེན་པར་བཤད། །ཅེས་ཀྱང་གསུངས་པ་ཁོ་ན་ཡིན་པར་བསྟན་པ་ནི། རྟེན་ལྡོག་པས་

Vol. 180 · folio 249a

ལྡོག་པ་ནི་བཟློག་དུ་མེད་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་ལུས་ཀྱི་ཉེ་བར་བླང་བྱ་སེམས་ཡིན་ན་ལུས་རྣམ་པར་འགྱུར་བ་མ་ཡིན་པ། ཤི་བའི་གནས་སྐབས་ན་ཡང་མི་ལྡོག་པར་འགྱུར་རོ། །འོན་ཏེ་ལྡོག་ན་ནི་ལུས་ཀྱི་ཉེ་བར་བླང་བྱ་

མ་ཡིན་ཏེ། ཐ་དད་པའི་ཕྱིར་རོ་ཞེས་བྱ་བ་ནི། ཚིགས་སུ་བཅད་པ་གཉིས་ཀྱི་དོན་ཡིན་ནོ། །འོན་ཏེ་སེམས་ཐ་དད་པ་ཡིན་ཡང་དེ་འདིའི་རྟེན་ཡིན་གྱི་བ་ལང་ལ་སོགས་པ་བཞིན་དུ་རང་དབང་ནི་མ་ཡིན་ནོ། །དེའི་ཕྱིར་རི་མོ་བཞིན་དུ་རྟེན་ལོག་ནའམ་གཞན་

དུ་ཡང་ལྡོག་པར་བྱེད་པ་ཉེ་བར་ཞུགས་པས་ལྡོག་པར་འགྱུར་རོ། །དེའི་ཕྱིར་ལུས་མེད་ན་ལྡོག་པར་ཐལ་བར་འགྱུར་རོ་སྙམ་དུ་སེམས་པ་ལ། རྟེན་ནི་བཀག་པ་ཡིན་པའི་ཕྱིར་རོ་ཞེས་གང་གསུངས་པ་དེ་ཉིད་རྣམ་པར་འགྲེལ་པ་ནི། ཡོད་མེད་དག་ལ་རྟེན་མེད་ཕྱིར། །ཞེས་བྱ་བ་སྟེ། རེ་ཞིག་

ཐ་མི་དད་པའི་དངོས་པོ་ནི་རྟེན་མ་ཡིན་ཏེ། ཉེ་བར་ལེན་པ་ཡིན་པའི་ཕྱིར་རོ། །ཐ་དད་པར་ནི་འགྱུར་ན་དེ་ཡང་ཡོད་པའི་ནི་མ་ཡིན་ཏེ། བསྐྱེད་བྱའི་དུས་བཞིན་དུ་རྟེན་དང་བརྟེན་པ་མ་ཡིན་པ་ཁོ་ན་སྐྱེ་བར་འགྱུར་རོ། །རི་མོ་བཞིན་དུ་ཡིན་ནོ་ཞེ་ན། ཐ་དད་པ་མ་ཡིན་པ་ནི་ཉེ་བར་ལེན་པ་ཡིན་ནོ། །ཐ་དད་པ་

ཡིན་ན་མེ་དང་ཟངས་མའི་ཞུ་བ་ཉིད་བཞིན་དུ་ལྷན་ཅིག་སྐྱེ་བ་ཡིན་ནོ། །རྒྱུ་ལྷན་ཅིག་ཡོད་པའི་ཕྱིར་མེད་པའི་ཡང་རྟེན་མ་ཡིན་ནོ། །འདུ་བར་རྟོགས་པ་ཡང་ཉེ་བར་ལེན་པ་དང་ཉེ་བར་བླང་བྱ་ཉིད་ཀྱི་རྒྱུ་མཚན་ནམ། ལྷན་ཅིག་སྐྱེ་བའི་རྒྱུ་མཚན་ཡང་ཡིན་ནོ། །ཉེ་བར་ལེན་པ་དང་ཉེ་བར་བླང་བྱའི་འབྲེལ་

པ་ནི་འདུ་བ་ཡིན་ཞེས་བྱ་བ་ཡང་གཏམ་ཙམ་ཡིན་ལ་ཐ་མི་དད་པ་དག་གིའམ་ཐ་དད་པ་དག་གི་ཐ་མི་དད་པ་ན་ལྷན་ཅིག་སྐྱེ་བ་ཙམ་ཉིད་ཀྱིས་དེ་རྟོགས་པ་འབྱུང་བའི་ཕྱིར་ཐ་མི་དད་པའམ་ལྷན་ཅིག་སྐྱེ་བ་ཡང་རུང་དེ་ལྟ་བུའི་འདུ་བ་ཡིན་གྱི་གཞན་ནི་མ་ཡིན་ཏེ་མ་མཐོང་བའི་ཕྱིར་རོ། །གང་གི་ཕྱིར་སོ་སོར་མ་

ཡིན་པར་གྲུབ་པ་རྣམས་ཀྱི་འབྲེལ་པ་ནི་འདུ་བ་ཡིན་ལ་སོ་སོ་བར་གྲུབ་པ་ནི་འབྱུང་བ་དང་རི་དྭགས་རྟེན་དང་རྟེན་ཅན་སོ་སོ་པ་ནི་རང་གི་ཆ་ཤས་འདུ་བ་ཡིན་ནོ། །དེ་ཉིད་ཀྱང་མཚོན་ཆ་ཡིན་གྱི་མཚན་ཉིད་ནི་མ་ཡིན་ཏེ། སོ་སོ་བར་རྟོགས་པ་དང་ལྡན་པ་ནི་མ་ཡིན་ནོ། །དེ་ལས་ཀྱང་སོ་སོ་མ་ཡིན་པ་

Vol. 180 · folio 249b

གྲུབ་པས་ནི་སོ་སོ་མ་ཡིན་པ་རྟོགས་པ་ཉིད་ཡིན་ཏེ་གཞན་དུ་ན་མཚན་ཉིད་དུ་མི་རིགས་པའི་ཕྱིར་རོ། །དེ་ལ་ཡང་བརྡ་ཇི་ལྟ་བ་བཞིན་དུ་འདུ་བའི་ཤེས་པ་ཡང་ཡིན་ཏེ་དེ་ཡོད་ན་འབྱུང་བ་ཉིད་ཡིན་ན་འབྲས་བུ་རྟོགས་པ་ལྟ་བུའོ། །དེ་ནི་དུ་བ་ལས་མེའི་ཤེས་པ་བཞིན་དུ་དེའི་ཤེས་པའི་རྒྱུ་མཚན་

ཡང་མ་ཡིན་ཏེ། དེ་ལྟར་རྟོགས་པ་མེད་པའི་ཕྱིར་རོ། །དེ་དག་གི་དུ་བ་དག་ལས་མེ་ལ་སོགས་པ་བཞིན་དུ་ངེས་པར་རྟོགས་པ་མ་ཡིན་ལ་དོན་གྱིས་གོ་བ་ཡང་མ་ཡིན་ནོ། །བསྲེག་པའི་ནུས་པ་འབྲུམ་བུ་ལ་སོགས་པ་བཞིན་དུ་སོ་སོ་བར་མ་རྟོགས་པ་འབའ་ཞིག་ཙམ་གྱིས་ཐ་མི་དད་པར་དམིགས་

པས་བརྡའི་དབང་གིས་འདུ་བ་ཡིན་པར་མངོན་པར་སེམས་པར་བྱེད་པ་ཡིན་གྱི་དེ་ལས་གཞན་པའི་ཤེས་པ་ནི་མ་ཡིན་ནོ། །སོ་སོ་བར་རྟོགས་པ་དང་ལྡན་པ་ཉིད་ཡིན་ན་ཕྲད་པ་ཡིན་ལ། དབྱེ་བ་ནི་དེ་ལྟ་བུའི་ཕྲད་པ་ལས་སོ་སོ་བར་གྱུར་པ་ཡིན་ཞེས་བྱ་བ་ནི་རྣམ་པར་དབྱེ་བ་ཡིན་ནོ། །དེ་བཞིན་

དུ་རྒྱུའི་དབང་གིས་སྟེང་མ་དང་འོག་མ་ཉིད་དུ་སྐྱེ་བ་ཙམ་ནི་རྟེན་ལ་སོགས་པ་ཉིད་ཡིན་ནོ། །ལྟུང་བ་ལ་དེ་དག་ཡོད་ན་མི་ལྟུང་བ་དེ་གནས་པ་ནི་དེའི་རྒྱུ་ཡིན་ན་དངོས་པོའི་རྟེན་དུ་འགྱུར་བའི་ཕྱིར་གཞི་ཡིན་པར་བརྗོད་པ་མ་ཡིན་ནམ་དེ་ལྟར་སྐྱེ་བ་ཙམ་ནི་མ་ཡིན་ཏེ། དེ་བསྟན་པ་ནི། རྟེན་

ཡོད་པ་གནས་པའི་རྒྱུ་ཡིན་ཞེ་ན་ཞེས་བྱ་བའོ། །ལན་ནི། དངོས་པོ་པ་ལས་གཞན་མིན་ཕྱིར། །ཞེས་བྱ་བའོ། །གང་གི་ཕྱིར་ལྟུང་བའི་དངོས་པོ་ཁོ་ན་ལྟུང་བ་ཡིན་གྱི་གཞན་ནི་མ་ཡིན་ཞིང་དེ་ཉིད་ལྟུང་བ་ཡང་ཡིན་པར་འགྱུར་རོ་ཞེས་བྱ་བར་མི་རིགས་ཏེ་དེ་གཞན་ཡིན་པའི་ཕྱིར་

རོ། །ལྟུང་བ་དང་གཅིག་མ་ཡིན་ཏེ། སྣང་བ་ཐ་དད་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་སྐྱེ་བ་ཙམ་ནི་རྟེན་ལ་སོགས་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེ་ལྟ་བུར་སྐྱེ་བ་ལ་དེ་རྒྱུ་མཚན་ཡིན་ནོ་ཞེ་ན་མ་ཡིན་ཏེ། དེ་རྒྱུ་དང་ལྷན་ཅིག་པའི་སྔ་མ་ཤོས་དེའི་རྒྱུ་མཚན་ཡིན་པའི་ཕྱིར་རོ། །དེའི་དུས་སུ་

འབྱུང་བ་ཙམ་ནི་མ་ཡིན་ཏེ། རྒྱུ་མཚན་མ་ཡིན་པའི་ཕྱིར་རོ། །ཁྱད་པར་ལ་ཡང་ཅུང་ཟད་འགའ་ཁོ་ན་རྟེན་ཉིད་དུ་རྟོགས་པ་ཡིན་ཏེ། བརྡའི་དབང་དུ་བྱས་པའི་ཕྱིར་རོ། །ཡང་ན་དེའི་རྒྱུ་དང་རྒྱུའི་ལྷན་ཅིག་བྱེད་པས་རྒྱུ་མཚན་ཡིན་ཏེ། རང་གི་འབྲས་བུ་དང་གཅིག་ཏུ་བྱེད་པའི་ཕྱིར་དེ་ཉིད་

Vol. 180 · folio 250a

དུ་གྱུར་བར་རྟེན་དུ་ཉེ་བར་བཏགས་པ་ཡིན་ནོ། །ཐ་དད་པ་ཡིན་ཡང་སྔ་མ་དང་ཕྱི་མ་ཉིད་ཀྱིས་དངོས་པོ་གཅིག་ཉིད་དུ་གནས་པའི་ཕྱིར་རོ། །རེས་འགའ་བ་ཉིད་ཀྱིས་དངོས་པོ་ལས་ཐ་དད་པར་ཡིན་ཡང་སོ་སོར་སྣང་བ་ཐ་དད་པ་དང་འགལ་བས་དེ་ཉིད་ཀྱིས་ཤེས་པ་ནི་དེ་མི་

བྱེད་པའི་དངོས་པོ་རྣམ་པར་གཅོད་པའི་ཡུལ་ཡིན་པའི་གཅིག་ཉིད་ཡིན་གྱི་ཕ་རོལ་པོ་གཞན་གྱིས་མངོན་པར་འདོད་པ་མེད་དོ་ཞེས་སྲིད་པའི་དོན་ལའམ་ཁས་ལེན་པའི་དོན་ལ་ཡང་གི་སྒྲ་ཡིན་ཏེ། གལ་ཏེ་འདི་ལྟར་སྲིད་པའམ་ཁས་ལེན་པ་ཡིན་ན་དེས་ནི་སྔ་མ་དང་ཕྱི་མ་དག་གི་གཅིག་

པ་ཉིད་ཡིན་ཡང་གནས་པ་དང་གཡོ་བ་ཡང་ཚད་མས་གྲུབ་བ་ཡིན་པར་འཐད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་འདི་བསལ་བ་ཡིན་ནོ། །བྱེད་པར་ནུབ་པར་བྱེད་པའི་རྒྱུ་མཚན་སྐད་ཅིག་པར་སྨྲ་བ་ཡང་མ་ཡིན་ཏེ། སོ་སོར་སྣང་བས་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་བྱེད་པ་ནུབ་པ་ནི་མ་ཡིན་ནོ། །དེའི་

རྒྱུ་ནི་དེ་ཁོ་ནའི་རྒྱུ་ཁོ་ན་སྟེ་དངོས་པོའི་རྟེན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཁོ་ནའི་བྱེད་པ་མ་ཡིན་པའི་ཕྱིར་དངོས་པོའི་རྟེན་ནི་མ་ཡིན་ཏེ། དེ་ལྟ་ཡིན་ན་ཁམས་གསུམ་པོ་རྟེན་དུ་ཐལ་བར་འགྱུར་རོ། །དེས་ནི་དངོས་པོ་སྟེ། སེམས་ལ་ཅི་ཞིག་བྱ་སྟེ་རྟེན་མ་ཡིན་པའི་ལུས་ཀྱིས་ནི་ཕན་བྱས་

པ་མེད་པ་སྟེ་རང་གི་རྒྱུའི་དབང་གིས་འབྱུང་བའམ་མི་འབྱུང་བ་ཡིན་ཞེས་བྱ་བའི་དོན་ཏོ། །ཉེ་བར་ལེན་པ་མ་ཡིན་པའི་ལུས་ནི་སེམས་ཀྱི་རྟེན་དུ་འགྱུར་རོ་ཞེས་རྒོལ་བ་ལ་བརྟེན་པ་ཉིད་ཡིན་དུ་ཆུག་ཀྱང་རྩིག་པ་ལ་རི་མོ་བཞིན་དུ་ལུས་ལ་སེམས་ནི་མ་ཡིན་ཏེ་འཕོ་བའི་ཕྱིར་རོ་ཞེས་རང་ཉིད་ཀྱིས་

ལན་འདེབས་པ་ནི། དེ་ཡང་མི་བདེན་རི་མོ་ལ། །ཞེས་བྱ་བ་ལ་སོགས་པས་སོ། །ལུས་དང་སེམས་ཐ་མི་དད་ན་གང་ཞིག་གང་ལ་བརྟེན་པ་ཡིན་ཞེས་བྱ་བ་ནི། གཞན་ཡང་རྟེན་ཉིད་ནི་ཞེས་བྱ་བ་སྟེ། ལུས་གྲུབ་པ་ཡིན་ཡང་སེམས་ཀྱི་དབྱེ་བ་ལ་ཐེ་ཚོམ་ཟ་བའི་ཕྱིར་དེ་དག་ཐ་དད་པ་མ་ཡིན་པར་ཟེར་བ་ནི་

མ་ཡིན་མོད་ཅེས་བྱ་བའོ། །སྔ་མའི་རྒྱུ་ལས་དེ་བཞིན་དུ་སྐྱེ་བའི་ཕྱིར་མེ་དང་ཟངས་མའི་ཞུ་བ་ཉིད་བཞིན་དུ་ལྷན་ཅིག་སྐྱེ་བ་ཙམ་ཡིན་གྱི་རྟེན་དང་བརྟེན་པའི་དངོས་པོར་མི་རིགས་པ་མ་ཡིན་ནམ་རྣམ་ཤེས་སྐྱེ་བཞིན་པའི་ཚད་མ་དང་ལྡན་པ་ཉིད་ཀྱིས་ཤེས་བཞིན་པ་ནི་རྟེན་དང་བརྟེན་པ་ཉིད་

Vol. 180 · folio 250b

དུ་འཐད་པ་ཡིན་སྙམ་དུ་སེམས་པ་ལ། རེ་ཞིག་མེད་པ་ལ་ནི་ཞེས་བྱ་བ་སྟེ། རྣམ་པར་ཤེས་པ་ནི་སྐྱེ་བཞིན་པ་ན་རྟོགས་པའི་ངོ་བོ་ཡིན་པའི་ཕྱིར་ཚད་མ་ཉིད་དུ་སྐྱེ་བཞིན་པ་ཡིན་པར་ནི་རིགས་ན་བརྟེན་པ་ནི་རྟེན་གྱིས་ཕན་བཏགས་པ་ཡིན་གྱི་དུས་ཐ་མི་དད་པ་ལ་ནི་མི་རིགས་ཏེ། གཞན་ཕན་གདགས་བྱ་དང་

ཕན་འདོགས་བྱེད་དག་འབྲས་བུ་དང་རྒྱུའི་ཁྱད་པར་ཉིད་ཀྱི་གཞི་ཡིན་ལ་དུས་ཕྱིས་དེ་གང་གིས་བར་དུ་བཅད་པ་ནི་དེ་ལས་གཞན་པ་ཡིན་ནོ། །བོང་བུའི་རྭ་ལ་ནི་རྟེན་གང་ཡང་མེད་པའི་ཕྱིར་དུས་ཐ་དད་པ་ནི་གདོན་མི་ཟ་བར་བརྟེན་པར་བྱ་བ་ཡིན་ནོ་ཞེས་དགོངས་པས་རང་གི་རྒྱུ་ལས་སྐྱེས་པ་ནི་རང་གི་

ངོ་བོ་ཙམ་དུ་དེ་ལས་ཁྱད་པར་ཅི་ཡང་མེད་དོ། །ཁྱད་པར་ཡོད་ན་དེ་ཉིད་ལས་དེ་ཡིན་པའི་ཕྱིར་དེ་ཁོ་ན་རྟེན་ཡིན་གྱི་དུས་མཚུངས་པ་ལ་ནི་ཡིན་པར་བསྟན་པ་ནི། མེད་པ་ནི་རྒྱུ་ལས་སྐྱེ་བར་འདོད་པ་འབའ་ཞིག་ཏུ་མ་ཟད་དེ་ཞེས་བྱ་བའོ། །ཇི་ལྟར་སྐྱེ་བའི་དུས་སུ་ཡོད་པའི་རྟེན་མ་ཡིན་པ་ནི་དེ་བཞིན་དུ་

དུས་ཕྱིས་ཀྱང་ཡོད་པར་ཁྱད་པར་མེད་པའི་ཕྱིར་བརྟེན་པ་མ་ཡིན་ནོ་ཞེས་བྱ་བ་ནི་མི་རིགས་ཏེ། སྐྱེས་པ་ནི་བྱ་བའི་ཡུལ་ཉིད་ཀྱིས་རྟེན་ཡིན་པའི་ཕྱིར་སྟ་རེའི་ཤིང་ལྟ་བུ་ཡིན་ནོ་སྙམ་དུ་སེམས་པ་ལ། ཡོད་པ་ལ་ཡང་ཞེས་བྱ་བ་སྟེ། སྟ་རེ་དང་མེ་ལ་སོགས་པའི་འབྲས་བུ་ཁོ་ན་ཤིང་ཡིན་ཏེ། དུས་

ཀྱི་དབྱེ་བ་ལས་རྣམ་པར་འགྱུར་བ་འབྱུང་བ་ཡིན་ཞེས་བྱ་བའི་དོན་ཏོ། །འོན་ཏེ་དེ་ཡོད་པའི་རྟེན་ཏེ་བྱ་བ་བྱེད་པ་ཡིན་ཏེ་ལྟུང་བ་ལ་སོགས་པ་བཀག་པས་དེ་ལ་ཕན་འདོགས་པའི་ཕྱིར་རོ། །མ་ཡིན་ཏེ། ལྟུང་བ་བཀག་པ་ནི་རང་གི་རྒྱུ་ཁོ་ན་ལས་ཡིན་པར་འདོད་པར་བསྟན་པ་ནི་ཡོད་པ་ཡང་

ཞེས་བྱ་བའོ། །རང་གི་རྒྱུ་ལས་དངོས་པོའི་རང་གི་ངོ་བོས་མི་ལྟུང་བ་ཡིན་ཏེ་རྟེན་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་སྐྱེས་པ་ལ་ཡང་ཞེས་བྱ་བ་སྟེ། བདག་ཉིད་ཐམས་ཅད་ཅེས་བྱ་བ་ནི་རང་གི་ངོ་བོས་སོ། །གནས་པ་རང་གི་ངོ་བོ་དག་གི་དབྱེ་བ་རྗེས་སུ་འགྲོ་བ་དང་ལྡོག་པ་གྲུབ་པ་ཡིན་ནོ་

ཞེས་ཟེར་བ་ནི། གནས་པ་ནི་ཞེས་བྱ་བ་སྟེ། གནས་པ་དང་ཐ་དད་པ་མེད་པ་ཞེས་བྱ་བ་ནི་ཐ་མི་དད་པར་བྱེ་བྲག་མེད་པའི་ཕྱིར་བྱེ་བྲག་ལ་གནས་པ་མེད་པའི་ཕྱིར་རོ་ཞེས་བྱ་བར་སྦྱར་བར་བྱ་བའོ། །ཤིང་ལ་སོགས་པའི་ཡན་ལག་ཅེས་བྱ་བ་ནི་ཡན་ལག་དག་ཀྱང་སོ་སོ་མ་ཡིན་པར་གྲུབ་པའི་ཕྱིར་

Vol. 180 · folio 251a

འདུ་བའི་འབྲེལ་བ་ཡིན་ནོ། །འོ་ན་ཏེ་ཡན་ལག་གི་རྟེན་དང་རྟེན་ཅན་སོ་སོ་ཡིན་པའི་ཕྱིར་སོ་སོ་བར་གྲུབ་ཡིན་ན། འདི་ལ་ཡང་བརྗོད་པ་ནི། ཤིང་ལ་སོགས་པ་ཞེས་བྱ་བའོ། །ཤིང་ནི་རང་གི་ཡན་ལག་ལ་འཇུག་པ་ཡིན་ལ་རང་གི་ཡན་ལག་དེ་ཡང་ཡིན་ཞེས་སོ་སོ་

བ་གྲུབ་པ་ཉིད་དུ་འགྱུར་རོ། །འདུ་བ་ཁས་ལེན་པ་ཡིན་ན་ནི་སོ་སོ་བ་གྲུབ་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་འབྲེལ་པ་ཡིན་ནོ། །འདུ་བ་ཅན་གྱི་རང་གི་ཡན་ལག་ལ་འདུས་པ་ཉིད་ནི་ཐ་མི་དད་པ་གྲུབ་པ་ཉིད་ཡིན་པ་འདི་ལ་བརྗོད་པ་ནི། དེ་ལྟ་ན་ཡང་ཞེས་བྱ་བ་སྟེ། སོ་སོ་བ་མ་ཡིན་པ་གྲུབ་པ་ཉིད་

ཀྱིས་འདུ་བ་མཚོན་བར་བྱ་བ་ཡིན་ལ། དེས་ཀྱང་སོ་སོ་བ་མ་ཡིན་པ་ཉིད་གྲུབ་པ་ཡིན་པས་པན་ཚུན་ལྟོས་པའི་ཕྱིར་གཉི་ག་མ་གྲུབ་པ་ཡིན་ལ། དེ་ཡང་མཚན་ཉིད་དང་མཚོན་བྱར་མི་རིགས་ཏེ་མཚོན་བྱ་དང་མཚན་ཉིད་དག་ཐ་དད་པར་རྟོགས་པས་འདུ་བ་གང་ཡིན་པ་དེ་ནི་མ་ཡིན་ནོ་ཞེས་བྱ་བར་སྦྱར་

རོ། །འདུ་བ་ཅན་དག་གི་ཡང་ཕྱོགས་གཅིག་གིས་འབྱར་བ་ནི། བིལ་བ་དང་སྐྱུ་རུ་ར་དག་བཞིན་དུ་ཕྲད་པ་ཡིན་གྱི་འདུ་བ་ནི་མ་ཡིན་ནོ་ཞེས་བསྟན་བ་ནི། ཡན་ལག་མེད་པའི་དངོས་པོ་ཞེས་བྱ་བའོ། །དེ་ལྟ་མོད་ཀྱི་ཡན་ལག་གིས་ཡིན་ནོ། །དེ་ལྟ་ན་ཡང་འདུ་བ་ནི་མ་ཡིན་ཏེ། འདུ་བ་ཅན་དག་གི་

དབྱེ་བ་མ་མཐོང་བས་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དབྱེ་བ་མཐོང་ཡང་ཡན་ལག་དང་ཕྲད་པས་འདུ་བ་མ་ཡིན་པར་འགྱུར་རོ་ཞེས་བསྟན་བ་ནི། ཡན་ལག་ཅན་དང་ཞེས་བྱ་བའོ། །ཡན་ལག་མ་ཡིན་པ་དང་འབྱར་བ་ཡང་དེ་དག་གིས་དབྱེ་བ་དམིགས་པ་ཡིན་པ་ཁོ་ན་ཡིན་ལ་ཡན་ལག་ཐམས་

ཅད་དང་ལྡན་བ་ནི་ཡན་ལག་ཅན་ཡིན་ལ་རྣམ་པར་དབྱེ་བ་དམིགས་པ་ནི་ཡན་ལག་རྣམས་ཡིན་ནོ་སྙམ་དུ་སེམས་པ་ནི། རྗེས་སུ་ཞུགས་པ་དང་མ་ཞུགས་བ་ཞེས་བྱ་བའོ། །རྣམ་པར་དབྱེ་བ་འདོད་པ་རྣམས་ཤེས་བ་གཅིག་ཏུ་སྣང་བ་རྣམས་ལ་རྣམ་པར་དབྱེ་བ་ཉེ་བར་མཚོན་པར་མ་བྱས་པས་དབྱེ་བ་མེད་པར་མཆོག་ཏུ་འཛིན་པ་

ཡིན་གྱི་ཤེས་པ་གཅིག་པོ་དེའི་བྱ་བའི་རྗེས་སུ་འཇུག་པ་འཛིན་པ་མ་གཏོགས་པར་དབྱེ་བ་མེད་པར་འཛིན་པ་ནི་མ་ཡིན་ནོ་ཞེས་བསྟན་བ་ནི། འཐད་པ་མ་ཡིན་ཏེ་ཞེས་བྱ་བའོ། །སེམས་ཀྱི་རྟེན་དང་བརྟེན་པ་ཉིད་ཀྱང་བཀག་བའི་ཉེ་བར་བསྡུ་བས་རྒྱུ་དང་ལྷན་ཅིག་པས་འབྲས་བུ་དང་ལྷན་ཅིག་གནས་པ་

Vol. 180 · folio 251b

དེའི་ཐ་སྙད་ཀྱི་ཡུལ་ཡིན་པར་བསྟན་པ་ནི། དེའི་ཕྱིར་ཞེས་བྱ་བའོ། །ལུས་ཉེ་བར་ལེན་པ་ཉིད་ཡིན་པ་ཡང་གོང་དུ་བཀག་པ་ཁོ་ན་ཡིན་པར་བསྟན་པ་ནི་ལུས་ནི་ཞེས་བྱ་བའོ། །གལ་ཏེ་ཡང་སེམས་གནས་པར་བྱེད་པའི་ཕྱིར་ལུས་རྟེན་པ་ཡིན་ན། ལུས་ནི་གནས་པ་ཡིན་ན་སེམས། །ལྡོག་པ་མེད་པར་ཐལ་བར་

འགྱུར། །ཞེས་བྱ་བ་འདི་ཉིད་བཟླས་ནས་བསྟན་པ་ནི། འཇིག་པ་མེད་པར་ཐལ་བར་འགྱུར་ཏེ་ཞེས་བྱ་བའོ། །འོན་ཏེ་ལུས་ཡོད་ཀྱང་མི་མཉམ་པ་ལ་སོགས་པས་སེམས་འཇིག་པར་འདོད་པ་ཡིན་ཞེས་ཟེར་བ་ནི། གལ་ཏེ་འཇིག་རྒྱུ་ལས་འདོད་ན། །ཞེས་བྱ་བའོ། །ལན་ནི་དེ་ལས་ཐལ་བར་མཚུངས་པ་ཡིན་

ཞེས་བྱ་བ་ལ་ཐལ་འགྱུར་ནི། ཤི་བ་ཉེས་པ་མཉམ་གྱུར་ཚེ། །སླར་ཡང་འཚོ་བ་དག་ཏུ་འགྱུར། །ཞེས་བྱ་བའོ། །འོན་ཏེ་རང་གི་རྒྱུ་ལས་བྱུང་བའི་འཇིག་པའི་རྒྱུས་འཇིག་པར་འགྱུར་བ་ཁོ་ན་ཡིན་ན། དེ་ལ་ཡང་གནས་པའི་རྒྱུས་ཀྱང་ཅི་ཞིག་བྱ་ཞེས་བྱ་བ་སྟེ། འཇིག་པའི་རྒྱུའི་སྔོན་རོལ་ན་དེ་

མེད་པའི་ཕྱིར་རང་ཉིད་ཁོ་ན་གནས་པ་ཡིན་ཏེ། འཇིག་པ་འབའ་ཞིག་ལས་ཀྱང་ཟད་ཀྱང་མི་བྱེད་པ་ཁོ་ན་མ་ཡིན་གྱི་གནས་པའི་རྒྱུ་འདི་ལ་ཡང་ངོ་། །འོན་ཏེ་འཇིག་པའི་རྒྱུའི་སྔ་རོལ་ན་ཡང་གནས་པའི་རྒྱུ་མེད་ན་མི་གནས་པ་ཡིན་ཏེ། འཇིག་པ་ཡིན་ནོ་ཞེས་བྱ་བའི་དོན་ནི། གལ་ཏེ་འཇིག་རྒྱུ་ཁྱད་པར་

དུ་ངེས་གནས་ཞེས་བྱ་བའོ། །ལན་ནི། འཇིག་པ་དངོས་ཆོས་ཉིད་ཅེས་བྱ་བ་སྟེ། དངོས་པོའི་ཆོས་ནི་དེ་ཙམ་དང་རྗེས་སུ་འབྲེལ་པར་བྱེད་པས་གང་གིས་ཀྱང་བར་དུ་བཅད་པར་མི་ནུས་ཏེ་རང་བཞིན་གྱིས་མི་ལྡོག་པའི་ཕྱིར་རོ་ཞེས་བསྟན་པ་ནི་དངོས་པོ་ཡོད་ན་དེ་ཙམ་དང་རྗེས་སུ་འབྲེལ་པ་ཅན་ཡིན་པའི་

ཕྱིར། གནོད་མེད་དེ་འཇིག་པ་འདི་གཞན་དུ་བྱེད་པར་མི་ནུས་སོ། །འདིས་ནི་འཇིག་པ་རྒྱུ་མེད་པ་ཅན་ཡིན་ན་སྐད་ཅིག་གཉིས་པ་བཞིན་དུ་སྐད་ཅིག་དང་པོ་ལ་ཡང་འགྱུར་རོ་ཞེས་བྱ་བ་བསལ་བ་ཡིན་ནོ། །གང་གི་ཕྱིར་དངོས་པོ་ཡོད་ན་དེའི་ཆོས་སུ་འགྱུར་ལ་རང་ཉིད་འཇིག་པ་དང་ཅིག་ཤོས་ཀྱི་ཕྱོགས་

དག་ལ་གནས་པའི་རྒྱུ་ཅུང་ཟད་ཀྱང་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འགྲེལ་པ་མཛད་པས་ནི། ཐལ་འགྱུར་མཚུངས་པ་དེ་ལ་ཡང་། །ཞེས་ངག་གཅིག་གིས་དེ་ལ་ཡང་སྟེ་འཇིག་པ་ལ་ཡང་ཡིན་གྱི་གནས་པའི་རྒྱུ་འབའ་ཞིག་ལ་ནི་མ་ཡིན་ནོ། །དེ་དངོས་པོ་ལས་ཐ་མི་དད་པ་ཡིན་ན། དངོས་པོ་

Vol. 180 · folio 252a

ཁོ་ན་ཡིན་ལ་རྒྱུ་དེས་བྱས་པའི་ཐ་དད་ཡིན་ན་དེས་དངོས་པོ་ལ་ཅི་ཞིག་བྱས་ཞེས་སྦྱོར་བར་བྱེད་པ་ཡིན་ནོ། །མེ་ལས་དོན་གཞན་འབྱུང་ན་ནི། ཡང་ན་གལ་ཏེ་ཞེས་བྱ་བ་སྟེ། རང་གི་རྒྱུ་ལས་འཇིག་པ་འབྱུང་ན་གནས་པར་བྱེད་པ་ལས་མི་འཇིག་པར་འགྱུར་རོ་ཞེས་བྱ་བར་ནུས་པ་

མ་ཡིན་ཏེ། དེ་ལས་སྐྱེས་པ་ནི་རྟག་པ་ཉིད་དུ་མི་རིགས་པའི་ཕྱིར་རོ། །མི་རྟག་པ་ཉིད་ཀྱི་རྒྱུས་འཇིག་པ་ནི་ཐ་དད་པ་དང་ཐ་མི་དད་པ་དག་ཏུ་མི་རིགས་པའི་ཕྱིར་རྒྱུ་གཞན་མེད་པ་ནི་དངོས་པོའི་ཆོས་ཁོ་ན་ཡིན་པར་བསྟན་པ་ནི། དེའི་ཕྱིར་འཇིག་པ་ཡང་ཞེས་བྱ་བ་སྟེ། རྩོད་པ་ནི་དོན་འདི་དག་དངོས་པོའི་

ཆོས་ཉིད་ཅེས་བྱ་བ་དེ་ཁོ་ན་ལན་བཟླས་པ་ཡིན་ནོ། །ཕྱོགས་འདི་ལ་ཡང་གནས་པའི་རྒྱུས་ཀྱང་ཅི་ཞིག་བྱ་ཞེས་བྱ་བ་རྒྱུ་ཁོ་ན་འཇོག་བྱེད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ན་དུས་གཅིག་ཁོ་ན་དེས་དེ་ལྟར་བསྐྱེད་པ་ཡིན་ན་ཡང་དེས་ཅི་དགོས་ཞེས་བསྟན་པ་ནི། ཡང་ན་གལ་ཏེ་ཞེས་བྱ་བའོ། །དུས་

ཐ་དད་པའི་ཆུ་ལ་སོགས་པའི་རྟེན་བུམ་པ་ལ་སོགས་མ་ཡིན་པ་མ་ཡིན་ནམ། དེའི་ཚེ་འབོ་བའི་ཕྱིར་བོ་བ་ལ་ནི་རྟེན་ཡོད་པ་མ་ཡིན་ན་ཇི་ལྟར་མི་འབོ་བ་བོ་བའི་རྟེན་ཡིན། དངོས་པོ་གཞན་ལྷན་ཅིག་བྱེད་པ་ལས་དེ་ཉིད་ལ་དེ་དང་ལྷན་ཅིག་བྱེད་པ་ཉིད་ནི་ལྷན་ཅིག་པ་ཉིད་ཡིན་ཏེ། ལྷན་ཅིག་པ་ནི་མི་ལྟུང་

བ་ཡིན་པའི་ཕྱིར་རྟེན་ཉིད་རྒྱུ་མ་ཡིན་པར་གྲུབ་པ་ཡིན་ནོ། །འོན་ཏེ་ལྷན་ཅིག་པ་མ་ཡིན་པ་ཡང་ལྷན་ཅིག་བྱེད་པ་ཉིད་ཡིན་ན་ནི་དེ་རྟག་ཏུ་ཡོད་པའི་ཕྱིར་རྟག་ཏུ་མི་ལྟུང་པར་འགྱུར་རོ། །རུང་བའི་ཡུལ་ན་གནས་པ་ཡིན་ནོ་ཞེ་ན་ཡང་ཇི་ཙམ་ལ་རུང་བ་ཉིད་རྒྱུ་ཤེས་པར་དཀའོ། །དེའི་ཕྱིར་རང་ཉིད་ཉེ་

བར་ལེན་པ་ལས་སྐྱེ་བ་ནི་དེ་ཡོད་ན་མི་ལྟུང་བ་ཡིན་པའི་ཕྱིར་རྟེན་ཉིད་ཡིན་གྱི་དེ་དེ་ལྟར་སྐྱེ་བ་ཙམ་ནི་མ་ཡིན་ལ། ལུས་ཀྱི་འདི་ཡང་སེམས་རེ་རེ་ལ་ཡོད་པའི་ཕྱིར་དེ་ཡང་དེའི་རྟེན་དུ་འགྱུར་རོ་སྙམ་དུ་སེམས་པ་ནི། གལ་ཏེ་དཔེར་ན་ཆུ་སོགས་ཀྱི། །ཞེས་བྱ་བ་སྟེ། ལྟུང་བ་བཀག་པས་རྒྱུ་ཉིད་མ་ཡིན་ནོ་ཞེས་

བྱ་བའི་དོན་ཏོ། །ལན་ནི་འདི་ལའང་མཚུངས་པ་སྟེ། སེམས་དང་ལུས་དག་ལ། ཡོད་མེད་དག་ལ་རྟེན་མེད་ཕྱིར། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་སྟེ། འདི་ལ་ཡང་ཆུ་དང་དོན་གཞན་དག་ཏུ་མཚུངས་པ་ཡིན་ཏེ་ཆུ་དང་ཅིག་ཤོས་ཀྱང་ཉེ་བར་ལེན་པ་དང་ཉེ་བར་འགྲོ་བ་དག་གི་ཡུལ་

Vol. 180 · folio 252b

མཚུངས་པར་སྐྱེད་པར་བྱེད་པ་ལ་ཕན་ཚུན་ཕན་འདོགས་པ་མེད་པ་ནི་རྟེན་དང་བརྟེན་པ་ཉིད་མ་ཡིན་ཞིང་སྐྱེས་པ་དེ་གཉིས་ཀྱི་དེ་དང་འདྲ་བ་གཞན་གཉིས་ཡིན་ལ་དེས་ཀྱང་དེ་དང་འདྲ་བ་གཞན་ཡིན་པའི་ཕྱིར་གང་ལ་ཡང་ཕན་འདོགས་པ་མེད་དོ།། །སྔ་མ་དང་མཚན་ཉིད་མི་མཐུན་པ་འབྲས་བུའི་རྒྱུན་

འབའ་ཞིག་གཞན་ཡོད་ན་ཡང་དག་པར་དམིགས་པ་སྔ་མ་དང་ཕྱི་མ་གཅིག་པ་ཉིད་དུ་མངོན་པར་སེམས་པ་ནི་རྟེན་ནམ་ཅིག་ཤོས་སུ་ཤེས་པ་ཡིན་ནོ། །སྔ་མས་ཕྱི་མ་ལ་ཕན་བྱེད་པ་ནི་དེའི་དུས་སུ་མ་ཡིན་ལ། དེ་མ་ཡིན་པའི་དུས་སུ་ཡང་མ་ཡིན་ཏེ། དེའི་འབྲས་བུ་ཡིན་པའི་ཕྱིར་དེ་ཉིད་དུ་སྒྲོ་

འདོགས་པའི་ཡུལ་ཡིན་པར་དེ་ལྟར་བརྗོད་པ་ཡིན་པར་བསྟན་པ་ནི། དངོས་རྣམས་སྐད་ཅིག་རེ་རེར་ནི། །ཞེས་བྱ་བ་སྟེ། སྐད་ཅིག་གཅིག་ལ་འགྲོ་བ་སྲིད་པ་མ་ཡིན་ཏེ། སྐད་ཅིག་གཞན་ན་མེད་པའི་ཕྱིར་གང་གེགས་བྱེད་པས་རྟེན་དུ་འགྱུར། ཉེ་བར་ལེན་པ་དང་། ཡུལ་ཐ་དད་པའི་

འབྲས་བུ་ཁོ་ན་འགྲོ་བ་ཡིན་ལ། དེ་ཡོད་ན་མི་འབྱུང་བའི་ཕྱིར་ཇི་ལྟར་དེ་ལ་དེའི་དུས་སུ་གེགས་མི་བྱེད་པ་ཡིན། འདི་ལྟ་བུའི་རྟེན་ཉིད་ནི་དེའི་དུས་ཀྱི་ཆུ་ལ་སོགས་པ་ལ་སྲིད་པ་ཡིན་གྱི་སེམས་ལ་ནི་མ་ཡིན་ཏེ། ལུས་ལ་གནས་པའི་འབྲས་བུ་མ་ཡིན་པའི་ཕྱིར་དང་། སེམས་དང་སེམས་

ལས་བྱུང་བ་རྣམས་ནི་ཡུལ་ན་མི་གནས་པར་ཁས་བླངས་པའི་ཕྱིར་རོ། །ཡོན་ཏན་དང་སྤྱི་དང་ལས་རྣམས་ཀྱང་འགྲོ་བ་མེད་པ་ཉིད་ཡིན་ལ། ལས་དང་ལྡན་པ་དང་། ཡོན་ཏན་དང་ལྡན་པ་དང་། འདུ་བ་ཅན་གྱི་རྒྱུ་ཡང་རྫས་ཡིན་པར་ཁས་བླངས་པ་ཡིན་པར་བསྟན་པ་ནི།

ཆུ་སོགས་ཀྱི་ནི་རྟེན་འགྱུར་གྱི། །ཞེས་བྱ་བའོ། །ཆུ་དང་ཅིག་ཤོས་ཀྱང་ལྷན་ཅིག་པ་མ་ཡིན་པ་དེ་ལྟ་བུའི་འབྲས་བུ་སྐྱེད་པར་བྱེད་པ་ཡིན་ལ། ལྷན་ཅིག་པ་ཉིད་ཀྱང་རྒྱུ་མ་ཡིན་པའི་རྟེན་ཉིད་ཡིན་ཏེ། དེ་ཡང་སྣང་བ་ཉིད་ཁོ་ན་ཡིན་ནོ་ཞེས་ཟེར་བ་ནི། གལ་ཏེ་རྟེན་གྱི་དངོས་པོ་

མཐོང་བའི་ཕྱིར་ཇི་ལྟར་མ་མཐོང་ཞེ་ན་ཞེས་བྱ་བའོ། །ཉེ་བར་ལེན་པ་དང་ཉེ་བར་འགྲོ་བ་དག་གིས་སྐད་ཅིག་དེ་དག་གི་ལྷན་ཅིག་སྐྱེ་བ་ཙམ་ཡིན་གྱི་ཕན་ཚུན་བྱ་བ་ཅི་ཡང་མེད་ལ་བརྟོག་པའི་རྒྱུའི་སྟོབས་ཀྱིས་དེ་བཞིན་དུ་སྐྱེ་བ་ཙམ་ལས་འདོད་པ་གྲུབ་པ་ཡང་མ་ཡིན་ཏེ། བྱ་བའི་དུས་ན་མེད་པའི་ཕྱིར་རོ་ཞེས་

Vol. 180 · folio 253a

བསྟན་པ་ནི། མ་མཐོང་བ་ཉིད་ལ་མཐོང་བར་མངོན་པར་རློམ་པ་ཡིན་ནོ། །དེའི་དུས་ན་བྱ་བ་མེད་པ་ཁོ་ན་ཡིན་པར་བསྟན་པ་ནི། འཛིན་པའི་ཕྱིར་བརྟེན་པ་ཡིན་ནོ་ཞེས་བྱ་བའོ། །དེ་དག་སྐྱེ་བའི་རྒྱུ་ཉིད་ཀྱི་རྟེན་ཉིད་ནི་སེམས་ལ་སོགས་པའི་རྒྱུན་ལྡོག་པར་བྱེད་པ་མ་ཡིན་ཏེ། དེ་

ལོག་ན་དེ་བཞིན་དུ་སྐྱེས་པ་ཉིད་ལྡོག་པའི་ཕྱིར་དང་། ཉེ་བར་ལེན་པ་ལ་སོགས་པ་ལས་གཞན་དུ་སྐྱེ་བ་ཡོད་པའི་ཕྱིར་རོ། །དེའི་དུས་ཀྱི་རྟེན་ཉིད་ལ་སེམས་ལུས་ཀྱི་ཉེ་བར་ལེན་པའམ། དེ་དང་འདུ་བ་ཅན་ཡང་དེ་ལོག་ན་ལྡོག་པར་འགྱུར་རོ། །སེམས་དང་ཡོན་ཏན་ཉིད་དུ་ཕྲད་པ་མེད་པའི་

ཕྱིར་ཇི་ལྟར་བསམས་པ་ཡིན་ཞེ་ན། དངོས་པོ་དང་དངོས་པོ་མེད་པ་ཉིད་ཅེས་བྱ་བ་སྟེ། མེད་པ་ནི་སྔ་ན་མེད་པ་ཡིན་གྱི། གཅིག་ལ་གཅིག་མེད་པ་ནི་མ་ཡིན་ཏེ། ཅིག་ཅར་བ་ཡིན་པའི་ཕྱིར་ལ་དེ་ཡང་རྒྱུ་ཡོད་ན་ཡོད་པ་ཁོ་ནས་དེ་ཉིད་ཡིན་པའི་ཕྱིར་རོ། །འདིས་ནི་མེད་པ་འཇོམས་པ་བཤད་པ་ཡིན་

ནོ། །གང་གི་ཚེ་འཛིན་པར་བྱེད་པའི་རིམ་པ་དང་། དེའི་རྟོགས་བྱ་གཟུང་བ་ཡང་དེ་བཞིན་དུ་སྣང་བ་ནི་རིམ་པ་མ་ཡིན་པ་མི་རིགས་པ་ཁོ་ནའོ་ཞེས་བསྟན་པ་ནི། འཛིན་པར་བྱེད་པ་ཞེས་བྱ་བའོ། །འདིའི་བར་དུ་རྟེན་ལ་སོགས་པ་ཉིད་འབད་པས་བཀག་པ་ཡིན་ཏེ་དེའི་རྟོགས་པ་ཡིན་ན་

བག་ཆགས་ཙམ་འབྱུང་བ་ཉིད་ཀྱིས་ཐོག་མ་མེད་པ་ཉིད་དུ་གསལ་བའི་ཕྱིར་འཇིག་རྟེན་ཕ་རོལ་གྲུབ་པ་ལ་གཏན་ཚིགས་གཞན་ཉིད་ཡང་དག་པར་བསྟན་པའི་དོན་དུ། འདི་ནི་རྣམ་པར་རྟོག་པ་ཙམ་དུ་ཟད་དོ་ཞེས་བྱ་བ་སྨོས་སོ། །བག་ཆགས་ཙམ་ལས་བྱུང་བ་ཉིད་ཡིན་ན་ཡིད་ཀྱིས་

རྒྱལ་སྲིད་ཀྱི་རྣམ་པར་རྟོག་པ་བཞིན་དུ་ངེས་པ་མེད་པར་འགྱུར་བ་མ་ཡིན་ནམ་སྙམ་དུ་སེམས་པ་ལ། ཡུལ་ངེས་པའི་རྒྱུ་མཚན་ནི་རྟེན་ལ་སོགས་པ་ཉིད་ཀྱི་ཡིན་པར་བསྟན་པ་ནི། སྐད་ཅིག་རེ་རེར་འཇིག་པ་རྣམས་ཀྱི་ཞེས་བྱ་བའོ། །གལ་ཏེ་རྒྱུ་ཉིད་རྟེན་ཡིན་ན་དེའི་ཡུལ་དུ་རྟོག་པ་དངོས་པོའི་

ཡུལ་དུ་འགྱུར་པ་བསྟན་པ་ནི། སྔ་མ་དང་ཕྱི་མ་དག་ཅེས་བྱ་བ་སྟེ། དེ་ལ་གཅིག་པ་ཉིད་དུ་སྒྲོ་འདོགས་པ་ནི་ཐོག་མ་མེད་པའི་བག་ཆགས་ཀྱིས་བྱས་པ་ཡིན་ཞེས་བྱ་བའི་དོན་ཏོ། །དེའི་དུས་ཀྱི་རྟེན་ཉིད་ཡིན་ན་དངོས་སུ་ཡིན་པའི་ཕྱིར་དེ་འཛིན་པའི་ཤེས་པ་གཞན་བཞིན་དུ། བག་ཆགས་ལས་

Vol. 180 · folio 253b

འབྱུང་བ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རྒྱུ་ཉིད་ཀྱི་ངོ་བོའི་དངོས་པོ་ཁོ་ན་འཇིག་རྟེན་ཕ་རོལ་འགྲུབ་པར་བྱེད་པར་མི་འགྱུར་རོ། །བདེན་ཏེ། རྒྱུའི་ངོ་བོའི་རྟེན་ལ་དེ་ཉིད་དུ་སྒྲོ་གཏགས་པ་ནི་དེའི་དུས་སུ་རྒྱུ་མ་ཡིན་པ་ལ་ཡང་ཡིན་པའི་ཕྱིར་བག་ཆགས་ཀྱི་ནུས་པ་བསལ་བར་བྱེད་པ་ཡིན་ནོ། །དེ་ལྟར་

ན་འཇིག་རྟེན་ཕ་རོལ་གྲུབ་པ་ཡིན་པར་བསྟན་པ་ནི། ཡིད་ཀྱི་རྟོག་པ་ཐམས་ཅད་ནི། །ཞེས་བྱ་བའོ། །རྟོག་པ་ནི་སྣང་བཞིན་པ་ཅན་གྱི་ཡུལ་ཅན་མ་ཡིན་ནམ་ཁྱད་པར་ཅན་ཙམ་ཡུལ་ཡིན་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི། དངོས་པོ་དུ་མ་ཉིད་ལས་ཞེས་བྱ་བ་སྟེ། དྲན་བཞིན་པ་དང་མཐོང་བཞིན་པ་

གཅིག་པ་ཉིད་དུ་སྒྲོ་འདོགས་པ་ནི་ཉམས་སུ་མྱོང་བ་ཙམ་ལས་འབྱུང་བ་མ་ཡིན་ཏེ། དྲན་པ་དང་ཉམས་སུ་མྱོང་བ་དག་ཐ་དད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་གཅིག་ལ་དྲན་པ་དང་ཉམས་སུ་མྱོང་བ་ཉིད་དུ་མ་ཉིད་ཡིན་པས་རྗེས་སུ་འབྲེལ་པ་མ་ཡིན་པའི་ཕྱིར། རྗེས་སུ་འབྲེལ་པ་ཅན་གྱི་བག་

ཆགས་ཀྱི་རྟོག་པ་ཡིན་པ་དེ་བཞིན་སྔ་མ་ལ་ཡིན་ལ། དེ་ལས་ཀྱང་སྔ་མའི་ཡུལ་གཞན་ཡིན་ལ་ཡུལ་དེ་ལ་རྗེས་སུ་འབྲེལ་པར་མི་འགྱུར་བ་ཡིན་ནོ་ཞེས་ཟེར་བ་ལ་འགྱུར་བ་ཡིན་པར་བསྟན་པ་ནི། གཅིག་ནི་སྔར་ཡང་མ་དམིགས་པ། །ཞེས་བྱ་བའོ། །སྐྱེ་བ་གཅིག་ལ་མཐོང་བ་ཉིད་ལ། རྗེས་

སུ་འབྲེལ་པ་ཡིན་པའི་ཕྱིར་དེ་ཙམ་ཁོ་ན་ལ་འབྱུང་བའི་བག་ཆགས་ཡིན་གྱི་སྐྱེ་བ་གཞན་ལ་འབྱུང་བ་ནི་མ་ཡིན་པའི་ཕྱིར་ཇི་ལྟར་ཐོག་མ་མེད་པ་ཉིད་ཡིན་སྙམ་དུ་སེམས་པ་ལ། སྐྱེ་བ་དང་པོ་ལ་མཐོང་བ་ལ་གཉིས་པ་མཐོང་བ་ཡིན་ན་རྗེས་སུ་འབྲེལ་བ་ནི་སྐྱེ་བ་སྔ་མ་ལས་བྱུང་བའི་བག་ཆགས་མེད་ན་

མི་འབྱུང་བར་བསྟན་པ་ནི། དེས་ན་སྐྱེ་བ་གཞན་དུ་ཡང་ཞེས་བྱ་བའོ། །བདག་ནི་སྔ་མ་དང་ཕྱི་མ་དག་ལ་རྗེས་སུ་འཇུག་པ་ཡིན་ཡང་དེ་ལྟ་ན་ནི་མ་ཡིན་ཏེ། རྗེས་སུ་འབྲེལ་པར་ནུས་པའི་དོན་རྣམས་ལ་ཉམས་སུ་མྱང་བ་དང་དྲན་པ་དང་དེའི་འདུ་བྱེད་པ་རྣམས་ལ་ལྟོས་པའི་ཕྱིར་རོ། །སྔ་མ་དང་

ཕྱི་མ་དག་གཅིག་པ་ཉིད་དུ་ཉམས་སུ་མྱོང་བ་ལས་དེའི་རྒྱུ་ལ་ལྟོས་པ་ཉིད་ཀྱིས་དེ་གྲུབ་པ་ཡང་མ་ཡིན་ཏེ། དེ་ཙམ་ལས་སྐྱེ་བའི་ཕྱིར་རོ་ཞེས་བསྟན་པ་ནི། དེ་བཞིན་དུ་ཞེས་བྱ་བའོ། །འདུ་བ་ཅན་གྱི་རྒྱུས་ཡོན་ཏན་མི་འཇིག་ཅེས་བྱ་བ་ནི། གལ་ཏེ་ཇི་ལྟར་འགྲོ་བ་ཅན་ཉིད་ཅེས་བྱ་བ་

Vol. 180 · folio 254a

ལ་སོགས་པ་ནས། འཇིག་པ་ཉིད་ཡིན་ནོ་ཞེས་བྱ་བའི་བར་གྱིས་ཐེ་ཚོམ་ཟ་བ་ལ་རྒྱུ་ལས་སམ་ཐོབ་པའི་བདག་ཉིད་ཅན་གྱི་དངོས་པོ་ཇི་ལྟར་འཇིག་པར་བྱེད་པ་ཡིན། སྐད་ཅིག་གཉིས་པ་ལ་རྒྱུའམ་རིགས་པས་འཇིག་པར་བྱེད་པ་ཡིན་པར་ནི་མི་རིགས་ཏེ་དེ་མ་

མཐོང་བའི་ཕྱིར་རོ། །དེའི་ཕྱིར་སྐད་ཅིག་མ་གཉིས་པ་ལ་དངོས་པོ་ནི་རྒྱུ་མེད་པས་མེད་པའི་ཕྱིར་རྒྱུ་ནི་སྐད་ཅིག་རེ་རེ་ཞིང་ཡོན་ཏན་གྱི་སྐྱེད་བྱེད་ཡིན་པར་གྲུབ་པར་བསྟན་པ་ནི། འགྲོ་བ་ལ་སོགས་པའི་ཞེས་བྱ་བ་སྟེ། གང་དུ་འགྲོ་བ་ལ་སོགས་པ་ཡིན་པ་དེར་གནས་པར་བྱེད་པས་རྟེན་ཡིན་ལ་དེ་

མེད་ན་སྐད་ཅིག་རེ་རེ་ཞིང་སྐྱེད་བྱེད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་རྒྱུའི་དབང་གི་དེ་ཉིད་དུ་སྒྲོ་བཏགས་པའི་ཡུལ་གྱི་ལྷན་ཅིག་སྐྱེ་བ་ཙམ་ནི་རྟེན་ཡིན་གྱི་གཞན་ནི་མ་ཡིན་པ་དེ་བཞིན་དུ་སོ་སོ་བར་ཤེས་པ་དང་ལྡན་པའི་དེ་བཞིན་དུ་སྐྱེ་བ་ཙམ་ནི་འདུ་བ་ཡིན་ཏེ་ཇི་ལྟར་བརྡར་བྱས་པ་དེ་བཞིན་དུ་

རྟོགས་པའི་ཕྱིར་གཞན་འགའ་ཞིག་ཁོ་ན་ནི་མ་ཡིན་ལ་དེ་ལྟར་སྐྱེ་བ་ཙམ་གྱིས་བྱེད་པ་པོ་ཉིད་དམ་འབྲས་བུ་ཉིད་གཞན་ནི་མ་ཡིན་ཞིང་དེ་ལྟར་སྐྱེས་པ་ནི་རྒྱུའི་དབང་གིས་དེ་ལྡོག་པས་གཞན་དུ་མི་འགྱུར་བ་ཡང་མ་ཡིན་པར་བསྟན་པ་ནི། འདིས་ནི་འཕྲོད་པ་འདུ་བ་དང་ཞེས་བྱ་བའོ། །འགྲེལ་པར་ནི།

རྣམ་པར་གནས་པ་རྒྱུ་ཉིད་མ་ཡིན་ཡང་དེར་གནས་པའམ་འདུ་བ་ཅན་ཉིད་དུ་ཡང་དེ་ཉིད་ལ་འགྱུར་བ་ཡིན་གྱི་དེ་ལའམ་གཞན་ལ་ཡང་ཞེས་བྱ་ནི་མ་ཡིན་ནོ། །འདུ་བ་ཅན་གྱི་རྒྱུ་ནི་མི་རྟག་པ་ལ་ལྟོས་ནས་བཤད་པ། རྣམ་གནས་ཉིད་ནི་རྟག་པ་ལ་ལྟོས་ནས་བཤད་པ་ཡིན་ནོ། །འདུས་པ་ཡང་རིགས་

བཞིན་དུ་རྒྱུ་ཉིད་ཀྱིས་རྟེན་གཞན་ལ་རྣམ་པར་གནས་པ་མ་ཡིན་ནམ། རྟེན་འཇིག་ན་སེམས་མི་འཇིག་པའི་འདུ་བ་ཅིའི་ཕྱིར་བསལ་བར་བྱེད་པ་ཡིན་སྙམ་དུ་སེམས་པ་ནི། འདུས་པ་ཡིན་ཡང་ཞེས་བྱ་བའོ། །རྟེན་དང་བརྟེན་པ་སྔོན་དུ་འགྲོ་བ་ཅན་གྱི་འདུ་བ་ནི་དེ་བཀག་ན་བཀག་པ་ཁོ་ན་ཡིན་པར་བསྟན་

པ་ནི། རྟེན་དང་བརྟེན་པའི་དངོས་པོ་ཞེས་བྱ་བའོ། །རང་གི་ངོ་བོ་གཉིས་སུ་མཐོང་བ་སྔོན་དུ་འགྲོ་བ་ཅན་འདུ་བའི་ཤེས་པ་ཡིན་ན་སོ་སོ་བ་གྲུབ་པ་ཉིད་དུ་འགྱུར་བར་བསྟན་པ་ནི། རིགས་པ་སོགས་པ་རྒྱུ་མེད་པར་རྣམ་པར་གནས་པ་ཞེས་བྱ་བའོ། །གཞན་ཡང་འདིས་དུ་བ་ཁས་བླངས་པ་ཡིན་ཡང་

Vol. 180 · folio 254b

འཇིག་རྟེན་ཕ་རོལ་འགྲུབ་པ་ཡིན་པར་བསྟན་པ་ནི། ཡང་ན་ཞེས་བྱ་བའོ། །གལ་ཏེ་འཇིག་རྒྱུ་ལས་འདོད་ན་ཞེས་བྱ་བ་འདི་ལ་ཐལ་བ་མཚུངས་པ་དང་། སླར་ཡང་འཚོ་བར་འགྱུར་ཞེས་བྱ་བ་དང་གང་གི་ཚེ་ཡང་འཇིག་བྱེད་མེད་པ་དེའི་ཚེ་ཡང་དེ་མེད་པ་ཉིད་ཀྱིས་གནས་པ་ཡིན་པའི་ཕྱིར་དེའི་

རྒྱུས་ཀྱང་ཅི་ཞིག་བྱ་ཞེས་བྱ་བ་འདིས་ཀྱང་སྔར་དང་ཕྱིས་ཀྱང་ཉེ་བར་དགོས་པ་མེད་པར་ལན་བཏབ་ཟིན་པ་ཡིན་ནོ། །གལ་ཏེ་འགྱུར་ན་འཇིག་བྱེད་མ་བྱུང་བའི་དུས་སུ་ཡང་འགྱུར་ལ་དེའི་ཚེ་ལྟོས་པ་ཡིན་ཡང་བྱ་བ་བྱེད་པ་མ་ཡིན་ཏེ། དབང་མེད་དུ་འཇིག་པ་ཡིན་པའི་ཕྱིར་ལ་དེའི་ཕྱིར་གནས་པར་

བྱེད་པས་ནི། རྟེན་མ་ཡིན་པར་བསྟན་པ་ནི། །གཞན་ལས་ཏེ། འཇིག་པའི་རྒྱུ་ལས་དངོས་པོ་འཇིག་པར་གལ་ཏེ་འགྱུར་ན། གནས་པར་བྱེད་པས་ཅི་ཞིག་མེད་པ་གནས་པར་བྱེད་པ་ཉིད་དང་བདག་ཉིད་འབྲེལ་པ་ཅི་ཞིག་བྱེད་པ་ཡིན་ཏེ། འཇིག་པ་ལ་འདི་འབའ་ཞིག་དབང་དུ་གྱུར་པ་ཁོ་ན་

ཡིན་ཞེས་བྱ་བའི་དོན་ཏོ། །དབང་པོ་ལ་ནི་དགོས་པ་ཅི་ཡང་མེད་པ་ཡིན་ཏེ། གང་གི་ཕྱིར་དེ་མེད་ན་ཡང་འཇིག་པའི་རྒྱུ་གཞན་རྣམས་ཁོ་ནས་ངེས་ཏེ་དངོས་པོའི་འཇིག་པར་འགྱུར་ཏེ་འཇིག་པ་ལ་ཡང་དེ་རྣམས་ནུས་པ་མེད་པ་ཡིན་ཞེས་བྱ་བ་ཕུལ་དུ་བྱུང་བའི་ཚིག་ནི་བཞད་གད་ཀྱི་ཚིག་ཡིན་

ནོ། །དེའི་ཕྱིར་ནུས་མེད་ཡིན་ཞེས་བྱ་བ་ནི་ཉེ་བར་བསྡུ་བའོ། །ཡང་ན་དངོས་པོ་ནི་སྐད་ཅིག་མ་མ་ཡིན་པ་ཁོ་ན་ཡིན་ཏེ། དེ་ལ་འཇིག་པའི་རྒྱུ་ནུས་པ་ཅན་མ་ཡིན་ལ་གནས་པའི་རྒྱུ་མེད་ན་མི་གནས་པ་ཁོ་ན་ཡིན་པའི་ཕྱིར་དེའི་རྒྱུ་ཚོལ་བ་ཡིན་ལ་དེ་ཡང་གང་གི་ཚེ་ཉེ་བར་གནོད་པ་ཡོད་པའམ་མེད་པ་དེའི་ཚེ་གནས་པར་

བྱེད་པ་མ་ཡིན་ནོ། །དེས་ན་རང་ཉིད་ཁོ་ན་འཇིག་པ་ཡིན་ནོ། །འཇིག་པ་ནི་དངོས་པོའི་ཆོས་ཡིན་ཡང་གནས་པར་བྱེད་པ་མེད་པ་དང་ཉེ་བར་གནོད་པ་ཡོད་པ་དག་ལ་དེ་ལྟར་འགྱུར་གྱི་ཐམས་ཅད་དུ་ནི་མ་ཡིན་ཏེ། ཇི་ལྟར་མཐོང་བའི་དངོས་པོ་རྣམ་པར་གཞག་པ་ལ་སོགས་པ་ཡིན་པར་སེམས་པར་དོགས་

པ་ལ། དེ་འཇིག་འགྱུར་ཞེས་བྱ་བ་སྟེ། ལུས་སམ་གཞན་ཡང་རུང་བ་རྟེན་ནི་སེམས་ལ་སོགས་པའི་ལས་གཞན་པ་ཉེ་བར་གནོད་པའི་རྒྱུ་རྣམས་ཀྱིས་གནོད་པ་མ་ཡིན་པ་ཁོ་ན་ཡིན་ཏེ། སེམས་དང་མཚུངས་པའི་ཆོས་གཞན་གཟུགས་དང་རོ་ལ་སོགས་པ་དང་རིད་པ་ལ་སོགས་པར་

Vol. 180 · folio 255a

མཐོང་བའི་ཕྱིར་རང་གི་ངོ་བོ་གང་ཁོ་ནས་དེ་རྣམས་ཀྱི་རྟེན་ཡིན་པ་དེ་ཁོ་ནས་སེམས་ཀྱི་ཡན་ལག་གཞན་དུ་ནི་མ་ཡིན་ནོ། །རང་གི་ངོ་བོ་ཐ་དད་པས་དངོས་པོ་ཐ་དད་པ་ཡིན་ཏེ་དེ་ཐ་དད་པ་ནི་དེའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་ན་གཞན་གྱི་འདོད་པར་ལྟུང་བ་ཡིན་ཏེ་

ལུས་ལས་གཞན་པ་དེའི་རིགས་དེའི་རྟེན་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །ཐལ་བར་མཚུངས་པ་ཡིན་ཞེས་བྱ་བ་ནི། ཤི་བ་ཉེས་པ་མཉམ་འགྱུར་ཚེ། །ཞེས་བྱ་བས་ཤིན་ཏུ་བཤད་པ་ཡིན་པའི་ཕྱིར་ཟློས་པ་ཉིད་མ་ཡིན་ནོ། །དེ་ནི་སེམས་ལ་སོགས་པའི་དངོས་པོའོ། །འཇིག་པར་འགྱུར་

བ་ནི་གཞན་མེད་ན་དེ་ཉེ་བར་གནོད་པ་མེད་ན་ཡང་ངོ་། །དེའི་མེད་པར་ཡང་དེ་དང་མཐུན་པའི་ཆོས་གཞན་མཐོང་བ་ལས་ཤེས་པ་ཡིན་ནོ། །དེའི་ཕྱིར་སེམས་ལ་ནི་གནས་པའི་རྒྱུར་མངོན་པར་འདོད་པའི་ལུས་ལ་སོགས་པ་རྣམས་ལ་ནུས་པ་མེད་པ་ཡིན་ཏེ། སྔ་རོལ་དུ་ཡང་དེ་ཡོད་ཀྱང་དེ་མེད་

པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །འོན་ཏེ་ཤི་བའི་གནས་སྐབས་ན་ཡང་སེམས་ཡོད་པ་ཁོ་ན་ཡིན་ཏེ་གནས་པའི་རྒྱུ་མ་ཉམས་པར་ཡོད་པའི་ཕྱིར་རོ། །ནད་ལ་སོགས་པས་ཕྲ་མོ་ཉིད་དུ་འགྱུར་བ་འབའ་ཞིག་ནི་མ་དམིགས་པ་ཡིན་ལ་རང་གི་བྱ་བ་མི་བྱེད་པ་ཐལ་བར་འགྱུར་བ་ལ་སོགས་པ་ན།

དེའི་རྒྱུ་ལོག་ན་ལྡོག་པ་ཡིན་ནོ་སྙམ་དུ་སེམས་པ་ལ་གནས་པ་སྒྲུབ་པར་བྱེད་པའི་རྟེན་ཡང་རྟེན་གཞན་གྱིས་མི་གནོད་པའི་ཕྱིར་འཇིག་པ་མ་ཡིན་ལ་དེའི་ཚེ་ཡང་མི་ལྡོག་པར་འགྱུར་བར་བསྟན་པ་ནི། རྟེན་བཅས་ཐམས་ཅད་གནས་ལྡན་དང་། །ཞེས་བྱ་བ་སྟེ། རྟེན་ལ་ཉེ་བར་གནོད་པས་སམ་རྟེན་

ལོག་པས་བརྟེན་པ་ལྡོག་པ་ཡིན་ལ་དེ་ཡང་དེའི་རྟེན་ལ་ཉེ་བར་གནོད་པས་སམ། རྟེན་ལོག་པས་དེ་ཡང་དེ་བཞིན་དུ་ཡིན་ནོ། །མཐའི་རྡུལ་ཕྲ་རབ་རྣམས་ཀྱི་ཉེ་བར་གནོད་པའམ་འཇིག་པ་ཡང་མ་ཡིན་པའི་ཕྱིར་སྐྱེ་བ་ཅན་མ་ལུས་པའི་རྗེས་སུ་འཇུག་པ་ཁོ་ནར་ཐལ་བར་འགྱུར་རོ་ཞེས་བྱ་བའི་

དོན་ཏོ། །གནས་པ་དང་ལྡན་པ་གང་ཡིན་པ་དེ་རྟེན་དང་བཅས་པར་ཁས་བླངས་པ་ཡིན་ཞེས་སྦྱར་བར་བྱ་སྟེ། རྟེན་ལ་ཉེ་བར་གནོད་པ་ཁོ་ནར་བྱེད་པར་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །ཚིགས་སུ་བཅད་པ་དང་པོས་ནི་དེ་ཡོད་པས་སྦྱར་བའི་དེའི་ཡོད་པ་མ་ཡིན་པར་བསྟན་པ་ཡིན་ལ། གཉིས་པས་ནི་

Vol. 180 · folio 255b

དེའི་མེད་པས་སྦྱར་བའི་དེའི་མེད་པ་མ་ཡིན་པར་རོ། །དེའི་ཕྱིར་གནས་པར་བྱེད་པའི་ནུས་པ་མ་ཡིན་ནོ། །ད་ལྟར་ནི་གནས་བྱའི་རང་གི་ངོ་བོ་ཁོ་ན་འཇིག་པ་དང་འཇིག་པ་མ་ཡིན་པའི་བདག་ཉིད་དུ་བརྟགས་ནས་གནས་པར་བྱེད་པའི་ནུས་པ་མི་སྲིད་པ་ཡིན་པར་བསྟན་པ་ནི། གལ་ཏེ་རང་འཇིག་ངང་ཚུལ་བདག་

ཅེས་བྱ་བ་སྟེ། འཇིག་པ་ཉིད་ནི་སྐད་ཅིག་མ་ཉིད་མ་ཡིན་ཏེ། འཇིག་པ་དངོས་ཆོས་ཉིད་ཅེས་བསྟན་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན་དུས་ཇི་སྲིད་པ་ཡིན་པ་ཕ་རོལ་པོ་འདོད་པའི་ཕྱིར་གང་ཡང་ཟློས་པ་མ་ཡིན་ནོ། །འགྲེལ་པ་མཛད་པས་ནི་འདི་རྣམས་བསྡུ་བའི་ཚིགས་སུ་བཅད་པས་བསྟན་པ་ཡིན་ནོ། །

མར་མེ་ལ་སོགས་པ་རྟེན་ཡིན་པ་དང་། འོད་ལ་སོགས་པ་བརྟེན་པ་ཡིན་པར་འདིས་བཤད་པ་ཡིན་ནོ། །གང་ལ་འགྲོ་བའི་གེགས་སྲིད་པ་ཡིན་ཡང་། འབྲས་བུ་དང་རྒྱུ་ཉིད་མ་གཏོགས་པའི་རྟེན་དང་རྟེན་ཅན་ཉིད་མ་ཡིན་ན། དེ་ལ་སྲིད་པ་མེད་པ་ལྟ་ཅི་སྨོས། མར་མེ་དང་འོད་གཉིས་པོ་འདི་ནི་

དེའི་འམ་གཉིས་ལས་འབྱུང་བ་ཡིན་གྱི། ཕན་ཚུན་ཕན་པ་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བ་དེ་དག་ཙམ་ནི་ཚད་མའི་ཡུལ་མ་ཡིན་ནོ། །དེའི་ཕྱིར། སེམས་དང་ལུས་ཀྱང་དེ་བཞིན་ནོ། །དེ་རྒྱུ་ལྷན་ཅིག་བྱེད་པ་ལས། །སྐྱེ་བའི་འབྲས་བུ་ལྷན་ཅིག་གནས། །མེ་དང་ཟངས་མའི་ཞུ་ཉིད་བཞིན། །ཞེས་

བྱ་བ་འདི་གྲུབ་པ་ཡིན་ནོ། །དེའི་དུས་སུ་མར་མེ་འོད་ཀྱི་རྟེན་ཡིན་དུ་ཟིན་ཀྱང་དེ་ཡོད་ན་ཡོད་པའི་ཕྱིར་ཏེ་དེ་སྦྲུལ་ལ་སོགས་པའི་རྣམ་པར་འགྱུར་བ་ཡིན་ཡང་དེ་ལ་བརྟན་པ་མ་ཡིན་ཏེ། མར་མེ་མེད་ན་དེ་ཡོད་ཀྱང་མེད་པའི་ཕྱིར་ཏེ། ལུས་ནི་སེམས་ཀྱི་དེ་ལྟ་མ་ཡིན་ནོ། །ལུས་ཡོད་ཀྱང་མར་མེ་ལ་འོད་བཞིན་དུ་སེམས་

མ་ཡིན་པ་མ་ཡིན་ནམ། སྨྲས་པ། ལུས་ཀྱི་ཕུལ་བྱུང་འགྲིབ་མེད་པར། །ཞེས་བྱ་བ་སྟེ། མ་མཐོང་བ་ཙམ་ཡིན་པ་ཁོ་ན་ལས་དེའི་འབྲས་བུ་ཉིད་འབའ་ཞིག་ནི་མ་ཡིན་ཏེ། མ་བག་མར་ལེན་པ་རིགས་པའི་ཡུལ་དུ་བྱུང་བའི་པཎྜི་ཁར་རྫུར་མ་བག་མར་ལེན་པར་རིགས་པ་ཉིད་མེད་ན་མ་མཐོང་བ་ཡང་

དེའི་འབྲས་བུ་ཉིད་དུ་མི་ཤེས་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། དེའི་བྱ་བའི་ཁྱད་པར་གྱིས་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་དེ་ཉིད་ལ་ཐེ་ཚོམ་ཟ་ན་དེ་ལ་དཔྱོད་པ་ནི་ཤེས་རབ་ཡིན་ལ་ཤེས་རབ་ཅན་ཡིན་པའི་ཕྱིར་དེ་ཉིད་ལས་རིག་པ་ཡིན་ཞེས་བསྟན་པས་སོ། །ཇི་ལྟར་བཟུང་བ་

Vol. 180 · folio 256a

རྣམས་དེ་ཁོ་ན་བཞིན་དུ་ཉེ་བར་སྟོན་པ་ནི་ཡིད་གཞུངས་པ་ཡིན་ལ་དེ་ཡང་བློ་འདི་འཛིན་པ་དང་དྲན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རང་གི་རིགས་གོམས་པའི་འགྲིབ་པ་དང་ཕུལ་དུ་བྱུང་བའི་བདག་ཉིད་ཀྱི་ཁྱད་པ་ཅན་ཡིན་ན་འགྲིབ་པ་དང་ཕུལ་དུ་བྱུང་བ་དང་ལྡན་པར་འགྱུར་རོ། །

ལུས་ཀྱི་ཁྱད་པར་གྱི་བསྐྱེད་བྱ་བློ་མ་ཡིན་ནམ། དེ་ལྟ་ཡིན་ན་ལུས་མེད་ན་མེད་པའི་ཕྱིར་མར་མེ་ལ་བརྟེན་པའི་འོད་བཞིན་དུ་དེ་ལ་བརྟེན་པ་ཡིན་པར་འགྱུར་རོ་སྙམ་དུ་སེམས་པ་ལ། འདི་ནི་མར་མེའི་འོད་ལ་སོགས། །བརྟེན་པ་རྣམས་ལ་ཡོད་མ་ཡིན། །ཞེས་བྱ་བ་སྨོས་ཏེ། འོད་ནི་མར་

མེའི་བྱེད་པའི་དབྱེ་བའི་རྗེས་སུ་འབྲང་བར་བྱེད་པས་དེ་ཉིད་ལ་བརྟེན་པ་ཡིན་གྱི་གཞན་ལ་ནི་མ་ཡིན་ནོ། །དེ་བཞིན་དུ་བློ་ཡང་ཤེས་རབ་ལ་སོགས་པའི་ངོ་བོ་ནི་བློའི་བདེ་པའི་ཁྱད་པར་གྱི་རྗེས་སུ་བྱེད་པས་དེ་ལ་བརྟེན་པ་ཁོ་ནར་ཤེས་པ་ཡིན་གྱི་ལུས་ལ་བརྟེན་པ་ནི་མ་ཡིན་ཏེ། འདི་ནི་གཞན་ལ་

མ་བརྟེན་པ་ཡིན་ནོ། །གལ་ཏེ་དུས་ཐ་དད་པའི་བློ་ཇི་ལྟར་བློ་གཞན་གྱི་རྟེན་ཡིན་ཞེ་ན། བག་ཆགས་ཀྱི་སྒོ་ནས་བློ་ཕྱི་མ་ལ་ཉེ་བ་ཡིན་པའི་ཕྱིར་སྐྱོན་མེད་དོ། །དེའི་དུས་སུ་བྱུང་བའི་སེམས་ལས་བྱུང་བ་ལ་ནི་སེམས་དེ་ཉིད་ཡོད་པ་ཡིན་ལ་དེ་ལྟར་བཤད་པ་ནི། །གང་ཞིག་ཡོད་པས་ཕན་འདོགས་

བྱེད། །ཅེས་བྱ་བ་འདིས་རྟོགས་པའི་དོན་ཡིན་ནོ། །དེ་ལ་ཡང་སེམས་ཁོ་ན་སེམས་གཞན་གྱི་རྒྱུ་ཡིན་ཏེ། དེའི་བྱ་བའི་རྗེས་སུ་འབྲང་པའི་ཕྱིར་རོ། །ལུས་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ཁོ་ན་དོན་ཡིན་ནོ། །དེའི་ཕྱིར་གཞན་དུ་བརྗོད་པ་ནི་གལ་ཏེ་དངོས་པོའི་རྒྱུན་དེ་ལྟར་སྐྱེ་བ་ནི་རྒྱུ་དང་བཅས་པའི་ཕྱིར་རྟེན་

ཡིན་ན་ལུས་ཀྱང་སེམས་ཀྱི་རྒྱུ་ཡིན་པའི་ཕྱིར་རྟེན་ཡིན་པར་འགྱུར་རོ། །དེ་རྒྱུ་ཉིད་ཡིན་པར་ནི། དེ་རྒྱུ་ལྷན་ཅིག་བྱད་པ་ལས། །སྐྱེ་བའི་འབྲས་བུ་ལྷན་ཅིག་གནས། །ཞེས་བྱ་བ་འདིས་སྨྲས་པ་ཡིན་ནོ་སྙམ་དུ་སེམས་པ་ལ། བློ་ཡི་བྱེད་པའི་ཁྱད་པར་གྱིས། །ཞེས་བྱ་བ་སྨོས་ཏེ། ལུས་ཀྱི་རྒྱུ་ནི་དེ་ལ་སྲེད་

བ་དང་བཅས་པའི་ལས་ཀྱི་མིང་ཅན་སེམས་ཀྱི་རྒྱུ་སེམས་གཞན་རང་གི་འབྲས་བུ་ལ་བྱ་བ་བྱེད་པ་པོ་དང་ལྷན་ཅིག་ཏུ་རང་གི་འབྲས་བུ་ལ་བྱ་བ་བྱེད་པ་པོ་ཡིན་ཏེ་དེ་ལ་བརྟེན་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ལུས་དང་ལྷན་ཅིག་པ་ཡིན་གྱི་དེས་སམ་དེའི་རྒྱུས་སེམས་བྱེད་པ་ལས་ནི་མ་ཡིན་ནོ། །གང་གི་

Vol. 180 · folio 256b

ཕྱིར་སེམས་ནི་ཤེས་རབ་ལ་སོགས་པ་ཡིན་ལ་སེམས་ཉིད་ཀྱི་ཁྱད་པར་ལ་རང་གི་ཁྱད་པར་གྱི་རྗེས་སུ་བྱེད་པ་ཡིན་གྱི་ལུས་ལ་སོགས་པ་ནི་མ་ཡིན་ནོ། །དེའི་ཕྱིར་དེ་ལ་བརྟེན་པ་ཁོ་ན་ཡིན་གྱི་ལུས་ལ་སོགས་པ་ལ་བརྟེན་པ་ནི་མ་ཡིན་ནོ། །རི་མོ་ལ་སོགས་པ་ལ་ཡང་ཤེས་རབ་ལ་སོགས་པའི་སེམས་ཀྱི་ཁྱད་པར་ལ་

རང་གི་ཁྱད་པར་གྱི་རྗེས་སུ་བྱེད་པ་མ་ཡིན་ནོ། །དེ་ལ་བརྟེན་པ་ཡང་མ་ཡིན་ཏེ་རྩིག་པ་ལ་བརྟེན་པའི་ཕྱིར་རོ། །དེ་བཞིན་དུ་མར་མེ་ལ་མར་མེའི་འོད་ཡིན་ནོ། །དེ་བཞིན་དུ་སེམས་ཀྱང་སེམས་གཞན་གྱི་རྗེས་སུ་བྱེད་པ་ནི་ལུས་ལ་བརྟེན་པར་འགྱུར་རོ་སྙམ་དུ་སེམས་པ་ལ་འདི་ནི་མར་མེའི་འོད་ལ་ལ་སོགས་ཞེས་བྱ་བ་སྨོས་

ཏེ། གལ་ཏེ་ཡང་རི་མོ་དང་མར་མེ་དང་མར་མེའི་འོད་ལ་སོགས་པ་ཡང་སེམས་ཀྱི་ཁྱད་པར་བྱེད་པ་ཡིན་ཡང་དེ་བཞིན་དུ་རྩིག་པ་ལ་སོགས་པ་ལེགས་པར་སྦྱངས་པའི་ཁྱད་པར་ཡང་ཡིན་ནོ། །ལེགས་པར་སྦྱར་བའི་རྩིག་པ་ལ་ནི་མཁས་པ་ཡང་རི་མོ་ཕུན་སུམ་ཚོགས་པ་ལ་དབང་བྱེད་པ་

མེད་དོ། །དེའི་ཕྱིར་སེམས་ཁོ་ན་རྟེན་བྱེད་པ་ནི་མ་ཡིན་ནོ། །སེམས་ནི་ཇི་སྐད་བསྟན་པའི་རིགས་པས་སེམས་གཞན་ཡིན་གྱི་ལུས་ནི་མ་ཡིན་ནོ། །བརྟེན་པ་རྣམས་ལ་ཞེས་བྱ་བ་ནི་སེམས་ལས་ཐ་དད་པར་རྗེས་སུ་སྒྲུབ་པར་བྱེད་པ་ཉིད་དུ་བསྟན་པ་ཡིན་ནོ། །གང་གི་ཕྱིར་གཞན་ལ་མི་རྟེན་པ་འདི་དེ་རྣམས་

ལ་ཡོད་པ་མ་ཡིན་ཏེ་དེ་ཉིད་དུ་དམིགས་པའི་ཕྱིར་རོ། །དེ་མ་ཡིན་པ་གཞན་དུ་ཡང་ཞེས་བྱ་བ་ནི་མར་མེ་གཞན་ལས་གཞན་པ་ནི་བུམ་པ་ལ་སོགས་པའོ། །བློ་རྟེན་དུ་གྱུར་པ་ལ་རྟེན་ཤེས་རབ་ལ་སོགས་པ་བརྟེན་པ་ཡིན་ཏེ་དེ་རྣམས་རྟེན་དང་བརྟེན་ཅན་ཉིད་ཡིན་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་མར་མེ་ལ་བརྟེན་པ་

ཡིན་ཡང་སྦྲུལ་གྱིས་འོད་རྣམ་པར་འགྱུར་བ་མ་ཡིན་ནམ། ལུས་ལ་བརྟེན་པའི་སེམས་ཀྱང་སེམས་ཀྱི་འགྱུར་བས་འགྱུར་བ་ཡིན་ནོ་སྙམ་དུ་སེམས་པ་ནི། གལ་ཏེ་མར་མེའི་འོད་ཀྱང་ཞེས་བྱའོ། །སྤྲུལ་ལས་འོད་རྣམ་པར་འགྱུར་བ་ཡིན་པས། མར་མེའི་འགྱུར་བ་རྟོགས་པ་བཞིན་དུ་སེམས་འགྱུར་བ་ལས་

དེའི་འགྱུར་བས་ལུས་ཀྱི་འགྱུར་བ་རྟོགས་པ་མ་ཡིན་པར་བསྟན་པ་ནི། བློའི་བྱེད་པ་ཐ་དད་པའི་ཞེས་བྱ་བའོ། །བཅུད་ཀྱིས་ལེན་པ་དང་བཟའ་བའི་ཁྱད་པར་ཉེ་བར་མཁོ་བ་ལས་ཇི་ལྟར་གོམས་པ་ཉིད་ཀྱི་ཤེས་རབ་ལ་སོགས་པ་རྣམས་བརྗོད་ནས་དེ་ལས་བཟློག་པ་ལ་སྐྱོན་བསྟན་པ་ནི། བཅུད་

Vol. 180 · folio 257a

ཀྱིས་ལེན་པ་ལ་སོགས་པས་ཞེས་བྱ་བའོ། །འོན་ཏེ་བློ་ཙམ་ནི་བཅུད་ཀྱིས་ལེན་པ་ལ་སོགས་པ་ཉེ་བར་མཁོ་བ་ལས་བྱས་པའི་ལུས་ལས་འབྱུང་བ་ཡིན་པ། དེའི་ཁྱད་པར་ནི་གོམས་པ་ལས་ཡིན་ནོ་སྙམ་དུ་སེམས་པ་ལ། མངོན་སུམ་དྲན་

པ་མ་གཏོགས་པ། །ཞེས་བྱ་བའོ། །དེ་བཞིན་མངོན་སྤྱོད་པ་ཞེས་བྱ་བ་ནི། དྲན་པའི་རྗེས་སུ་འཇུག་པ་མེད་ཀྱང་ཞེས་བྱ་བའི་དོན་ཏོ། །ཤེས་རབ་དང་ཡིད་གཞུངས་པ་དག་གི་མཚན་ཉིད་གཞན་བསྟན་པ་ནི། སོ་སོ་སོ་སོར་ཞེས་བྱ་བ་སྟེ། དེའི་རིགས་ཀྱི་དོན་ཡིན་པས་ཏེ་གོམས་པའི་

བསྐྱེད་བྱའི་ཁྱད་པར་གྱི་རིགས་ཀྱི་དོན་ལས་སོ། །དེ་ལྟར་འགྱུར་ན་དབང་པོའི་རྣམ་ཤེས་ནི་དབང་པོའི་བདག་ཉིད་ཀྱི་ལུས་ཀྱི་ཁྱད་པར་གྱི་རྗེས་སུ་བྱེད་པ་ཡིན་ལ། དེ་ལས་བྱུང་བ་ཉིད་ཀྱིས་ཡིད་ཀྱི་རྣམ་ཤེས་བསྐྱེད་པ་ཡིན་ནོ། །དེའི་ཕྱིར་དེ་ཡང་བརྒྱུད་པས་ལུས་ལ་བརྟེན་པ་ཡིན་ལ་དེ་

ལོག་ན་ལྡོག་པར་འགྱུར་བ་ནི་དབང་པོའི་རྣམ་ཤེས་བཞིན་དུ་འཇིག་རྟེན་ཕ་རོལ་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ལ། དེ་ལས་ཀྱང་སྟེ་ལུས་ལས་འདི་སྟེ་སེམས་ཀྱི་ཁྱད་པར་གྱི་སེམས་ཉིད་ལས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་གཞན་གྱི་འདོད་པ་ཡིན་ལ་དེ་ལྟར་ན་འཇིག་རྟེན་ཕ་རོལ་ངེས་པ་ཅན་

དུ་མི་འགྱུར་རོ། །ཀྱང་གི་སྒྲ་ནི་རང་ཁོ་ནའི་དོན་ཡང་ཡིན་ཏེ་དེས་ན་རང་ཁོ་ན་ལས་ཞེས་བྱ་བ་ཡིན་ནོ། །རེ་ཞིག་ཡིད་གཞུངས་པ་ནི་ཇི་ལྟར་གཟུང་བ་དྲན་པ་ཡིན་ལ། འཛིན་པ་ཡང་དབང་པོའི་ལས་ཡིན་ལ་ཤེས་རབ་ནི་འཛིན་པའམ་དྲན་པ་ཡང་ཡིན་རུང་ཐམས་ཅད་དུ་དེ་ཁོ་ན་ལས་

ཡིན་ལ་གོམས་པ་ནི་དེ་སྔོན་དུ་འགྲོ་བས་འཇུག་པ་ཡིན་ཞེས་བྱ་བ་འདི་ཕན་འདོགས་མེད་པར་མིན་ཞེས་བྱ་བ་དང་སྦྱར་རོ། །གང་གི་ཚེ་ཡིན་ཞེ་ན། སེམས་ལ་ཕན་འདོགས་པ་མེད་པའི་ངང་ཚུལ་གང་གིས་ཡིན་པ་དེའི་ཚེ་སྟེ་ཕན་འདོགས་པའི་སེམས་ཁོ་ན་ལ་དབང་པོའི་ཤེས་པ་ཡང་

ཡིན་ཏེ། སྔ་མའི་རྣམ་ཤེས་རྣམ་པར་གཡེང་བ་དང་ཅིག་ཤོས་དག་ལས་ཕྱི་མའི་རྣམ་ཤེས་རྣམ་པར་གཡེང་བ་དང་ཅིག་ཤོས་མཐོང་བའི་ཕྱིར་རོ། །སྔ་མ་ཡང་དེ་བཞིན་དུ་ཡིན་ལ་དེ་ལས་ཀྱང་དེ་བཞིན་ཡིན་པའི་ཕྱིར་འཇིག་རྟེན་ཕ་རོལ་གྲུབ་པ་ཡིན་ནོ། །ཡང་ན་དེ་ལས་ཀྱང་སྟེ་དབང་

Vol. 180 · folio 257b

པོའི་ངོ་བོའི་ལུས་ལས་ཁྱད་པར་ཏེ་རྣམ་ཤེས་ནི་གཟུགས་ལ་སོགས་པ་འཛིན་པ་ལ་ངེས་པའི་ངོ་བོ་ནི་རྗེས་སུ་བྱེད་པའི་སེམས་ལ་འགྱུར་བ་མིན་པ་ཁོ་ན་སྟེ། སེམས་དང་དབང་པོ་ལ་སོགས་པ་ལས་རྣམ་པར་ཤེས་པའི་ཁྱད་པར་དུ་འགྱུར་བ་ཡིན་གྱི་གཅིག་ལས་མ་ཡིན་ཏེ། ཆོས་ཅན་མེད་

པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །བློ་དང་དབང་པོ་ལ་སོགས་པའི་བསྐྱེད་བྱར་མངོན་པར་འདོད་པའི་ཁྱད་པར་ཡིན་ལ་དེ་ཡང་དེ་ལ་གོམས་པའི་ཁྱད་པར་ལས་དབང་པོ་ལ་སོགས་པའི་བྱ་བ་ལ་ཡང་གཉིད་ལོག་པ་ལ་སོགས་པ་དང་སད་པ་ལ་ཡང་རི་ལ་སོགས་པ་སྣ་ཚོགས་པར་

འགྱུར་ལ་སེམས་ལ་ནི་ཕན་འདོགས་པ་མ་ཡིན་པས་གོམས་པའི་སྒོ་ནས་དབང་པོ་ལས་ཀྱང་མི་འབྱུང་ལ་ཕན་པ་བྱེད་པ་ཡིན་ན་དེ་ལ་དབང་པོ་ཡང་ཕུལ་དུ་བྱུང་བར་འགྱུར་ཏེ་དེ་ཁོ་ན་ལས་བྱུང་བའི་ཕྱིར་རོ། །ཉེ་བར་མཁོ་བའི་བཅུད་ཀྱིས་ལེན་པ་ལས་སམ་ཏིང་ངེ་འཛིན་གྱི་ཁྱད་པར་ལས་ནང་གི་

ལུས་ཁྱད་པར་ཅན་དུ་འབྱུང་བ་མ་ཡིན་དུ་ཟིན་ཀྱང་རྒྱས་པ་ལ་སོགས་པས་ཆགས་པ་ལ་སོགས་པ་དང་། ཤེས་རབ་ལ་སོགས་པ་ཡང་རུང་བ་སྔ་ན་མེད་པ་དེ་ཡོད་ན་འབྱུང་བའི་ཕྱིར་དེའི་བསྐྱེད་བྱ་ཉིད་དུ་ཤེས་པ་མ་ཡིན་ནམ། དེའི་ཚེ་བདེ་བ་ལ་སོགས་པའི་བསྐྱེད་བྱ་ཉིད་ཀྱིས་སེམས་ཀྱི་

བསྐྱེད་བྱ་ཉིད་ཁོ་ན་ཡིན་ནོ་ཞེས་ཟེར་ན་ཡང་ལན་མ་ཡིན་ཏེ། རང་གི་རིགས་གོམས་པ་ལས་བྱུང་བ་ཉིད་ཀྱིས་སེམས་ཀྱི་བསྐྱེད་བྱ་ཉིད་དུ་ཁས་ལེན་པ་ཡིན་ན་དེ་ཡང་ཡོད་པ་མ་ཡིན་ནོ། །འདི་ལ་བརྗོད་པ་ནི་ཆགས་སོགས་འཕེལ་བ་ཞེས་བྱ་བ་སྟེ། བཅུད་ཀྱིས་ལེན་ལ་སོགས་པས་

རྒྱས་བ་ཡིན་ན། རྒྱས་པའམ་གཞན་གྱིས་ཀྱང་ཆགས་པ་དང་། ཤེས་རབ་སོགས་པ་འཕེལ་བ་ནི་རེས་འགའ་ཡིན་གྱི་ཐམས་ཅད་དུ་མ་ཡིན་ཏེ། རྒྱས་པ་ཡོད་ཀྱང་རེས་འགའ་འབྲས་བུ་མཐོང་བ་ལས་དེའི་སྐྱེད་པར་བྱེད་པའི་རྒྱུ་རྟོགས་པ་མཐོང་བའི་ཕྱིར་དེ་

རང་གི་རིགས་གོམས་པ་ཁོ་ན་ཆགས་པ་དང་ཤེས་རབ་ལ་སོགས་པ་རྟོགས་པ་ཡིན་ལ། རང་གི་རིགས་གོམས་པ་ཡང་བཅུད་ཀྱིས་ལེན་ལ་སོགས་པས་བསྐྱེད་པའི་འབྱུང་བའི་ཁྱད་པར་འཛིན་པར་བྱེད་པའི་བདེ་བ་ལ་སོགས་པའི་དབང་གིས་ཤེས་རབ་ལ་སོགས་པའི་ངོ་བོས་བག་

Vol. 180 · folio 258a

ཆགས་སད་པ་ཡིན་པའི་ཕྱིར་དེ་ཙམ་གྱི་བསྐྱེད་བྱ་ཉིད་ཡིན་ན་ཐམས་ཅད་དེ་རྟེན་པར་བྱེ་བྲག་མེད་པར་འགྱུར་རོ། །འདིས་ནི་སྨན་གྱི་བྱེ་བྲག་ལས་ནད་ཞི་བ་ལ་སོགས་པའི་འབྲས་བུ་རེས་འགའ་བ་ནི་མ་མཐོང་བའི་རྒྱུ་གཞན་གོ་བར་བྱེད་པར་བཤད་པ་ཡིན་ཏེ་འབྲས་བུ་ཐམས་ཅད་དེ་ཙམ་ལས་

ཡིན་པར་མི་སྲིད་པའི་ཕྱིར་རྒྱུ་གཞན་དུ་རྟོགས་པར་བྱེད་པ་ཡིན་ནོ། །ཡང་ན་བཅུད་ཀྱིས་ལེན་པ་ལ་སོགས་པས་འབྱུང་བའི་ཁྱད་པར་ནང་གི་རེག་བྱའི་ངོ་བོ་སྐྱེ་བ་ཡིན་ལ་ཕྱི་རོལ་བཞིན་དུ་ཤེས་པ་ལ་ཡང་བག་ཆགས་སད་པའི་དབང་གིས་བདེ་བ་ལ་སོགས་པ་འབྱུང་བ་ན་ཆགས་པ་དང་ཤེས་རབ་ལ་

སོགས་པ་ནི་རང་གི་ས་བོན་སྨིན་པ་ལས་བྱུང་བ་མ་ཡིན་པའི་ཕྱིར་ཁམས་མཉམ་པ་ལ་སོགས་པའི་རྒྱས་པ་ལ་སོགས་པ་ཉིད་ཀྱི་རྒྱུ་མཚན་ནི་དེ་ཡིན་ནོ། །ནང་གི་རེག་བྱ་དེ་ཡང་རེག་པའི་དབང་པོ་ལས་སྐྱེས་པའི་ཤེས་པ་བཟུང་བ་ཡིན་ལ་དེ་ལས་ཀྱང་བདེ་བ་ལ་སོགས་པ་དེ་ཉིད་ཡིན་ནོ། །དོན་ནི་

དམིགས་པ་ཡིན་ལ་དེ་ལོག་ཀྱང་ཤེས་པ་ལྡོག་པ་མ་ཡིན་ནོ། །རྟེན་ཡིན་ནོ་ཞེ་ན། དོན་གྱི་སྒོ་ནས་འགྱུར་བ་ཡིན། །ཞེས་བྱ་བ་དར་གོ་བར་བྱེད་པ་ཁོ་ན་ཡིན་ནོ། །དེ་ཡང་ཁམས་མཉམ་པ་ལ་སོགས་པ་ཞེས་བྱ་བའི་སོགས་པའི་སྒྲས་མི་མཉམ་པ་ཡིན་ལ་ངེས་ཀྱང་རང་གི་ཤེས་པ་ཡིན་

ཞིང་དེ་ལས་ཀྱང་སྡུག་བསྔལ་ཡིན་ཏེ་དེའི་བག་ཆགས་སད་པའི་ལས་དེ་ཁོ་ན་མི་མཉམ་པའི་འཛིན་བྱེད་ཡིན་ལ་འཛིན་བྱེད་ཀྱང་ཐམས་ཅད་སྔར་གོམས་པ་ཁོ་ན་ལས་འབྱུང་བ་ཡིན་ལ་དབང་པོ་ནི་དེའི་རྗེས་སུ་འཇུག་པར་བྱེད་པ་ཡིན་ཏེ། ཡུལ་འཛིན་པ་ལ་སོ་སོར་ངེས་པ་ཙམ་གྱིས་བྱ་བ་ཡིན་པའི་ཕྱིར་

ཞེས་བྱ་བ་ལ་སོགས་པར་སྦྱར་བར་བྱའོ། །རང་གི་སྡུག་བསྔལ་ལས་རྗེས་སུ་དཔག་པ་ལས་གཞན་སྡུག་བསྔལ་བ་ཡིན་པར་ཤུགས་ཀྱིས་གོ་པ་ཡིན་ལ། དེའི་ཕྱིར་གཞི་ལ་རྒྱུ་ནི་ཞེ་སྡང་ཕྱིར་གཞིལ་པའི་རྒྱུ་ཡིན་ནོ། །ཕྱི་རོལ་གྱི་ཆེས་ཡིད་དུ་འོང་པའི་ཡུལ་ན་དམིགས་པ་ན་ནང་གི་དོན་ཉེ་བ་ལས་

བདེ་བ་སྐྱེ་བ་མ་ཡིན་ནམ། དེ་དེ་ལ་དམིགས་པ་ནི་མ་ཡིན་ནོ། །བདེན་ཏེ་རྟེན་ཁོ་ན་དེ་འདིའི་ཡིན་པར་བསྟན་པ་ནི། གང་གི་ཚེ་ཞེས་བྱ་བའོ། །གང་གི་ཚེ་དམིགས་པ་དེའི་ཚེ་རྟེན་མ་ཡིན་པར་བསྟན་པ་ནི། དེ་ལོག་པས་ལྡོག་པ་ཡང་མ་ཡིན་ནོ་ཞེས་བྱ་བའོ། །འདུས་པ་ལ་སོགས་པ་མི་མཉམ་པ་ནི་ཁྱད་པར་

Vol. 180 · folio 258b

ཉིད་ཡིན་ལ་དེ་ནས་ནི་རེག་པའི་བསྐྱེད་པ་དེའི་ཤེས་པ་ཡིན་ལ་དེ་ལས་ཀྱང་བག་ཆགས་སད་པ་ལས་སམ། གཏི་མུག་ལ་སོགས་པ་ཁོ་ན་ལས་སམ། རེག་པའི་དབང་པོ་ལས་འདུས་པའི་ཡུལ་འཛིན་པར་བྱེད་པ་ནི། རི་མོ་དང་གླུར་བྱ་བ་ལ་སོགས་པའི་དྲན་ཤེས་བཞིན་དུ། གོམས་

པ་ལས་བྱུང་བ་ཡིན་ཞེས་བྱ་བ་ལ་སོགས་པ་དང་སྦྱར་བར་བྱ་བ་ཡིན་པར་བསྟན་པ་ནི། འདིས་ནི་འདུས་པ་ལ་སོགས་པས་ཞེས་བྱ་བ་སྟེ། འདུས་པ་ལ་སོགས་པའི་སྒྲས་བཟུང་བའི་ཕྱིར་བཅུད་ཀྱིས་ལེན་ལ་སོགས་པ་དྲན་པ་ཉམས་པ་ལ་སོགས་པའི་སྒྲུབ་བྱེད་ཡིན་པར་བཤད་པ་ནི། དེར་ཡང་ཞེས་བྱ་བ་སྟེ།

བཅུད་ཀྱིས་ལེན་ལ་སོགས་པའི་དབང་གིས་ནང་གི་དོན་ཁམས་མཉམ་པ་ལ་སོགས་པའི་ངོ་བོར་དམིགས་པའོ། །འདི་སུ་ཞིག་ཅེ་ན། བག་ཆགས་ལས་བྱུང་བའི་དྲན་པ་ཉམས་པ་ནི། རང་དང་གཞན་གྱི་རྣམ་པར་དབྱེ་བ་མི་ཤེས་པའོ། །ལུས་ཀྱི་རྣམ་པར་འགྱུར་བ་ནི། ནང་གི་འབྱུང་བ་ཡོངས་སུ་

གྱུར་པའོ། །མ་ཡིན་ནོ་ཞེས་བྱ་བ་ནི་རྟེན་ཉིད་དགག་པའོ། །ཇི་ལྟར་མིག་ལ་སོགས་པ་ཞེས་བྱ་བ་ནི་མི་མཉམ་པའི་དཔེའོ། །ཐམས་ཅད་རྒྱུ་ཡིན་པར་ཐལ་ལོ་ཞེས་བྱ་བ་ནི་སྔོན་གྱི་གོམས་པ་སད་པར་བྱེད་པ་ཉིད་ཁས་མི་ལེན་ན་ཐམས་ཅད་ཀྱི་བྱེད་པ་པོ་ཤེས་རབ་ལ་སོགས་པ་ཐམས་ཅད་དུ་བྱེད་པར་

འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ཞེས་བྱ་བ་ནི་གནས་སྐབས་ཀྱི་ཉེ་བར་བསྡུ་བ་ཡིན་ནོ། །བཟུང་བའི་དངོས་པོ་ཡང་བདེ་བ་དང་རྨོངས་པ་ལ་སོགས་པ་སྐྱེད་པར་བྱེད་པར་མཐོང་བ་ཁོ་ན་ཡིན་པར་བསྟན་པ་ནི། དཔེར་རྒྱུད་ཁྱད་པར་ལ་ལ་ལ་ཞེས་བྱ་བའོ། །ཕན་པ་བྱེད་པའི་སེམས་ཁོ་ན་ལ་

སེམས་ཀྱི་དབང་པོ་ལས་སམ་གོམས་པ་ལས་ཁྱད་པར་ཡིན་པར་ནི་བདེན་ན། དེ་ནི་མ་ལ་སོགས་པའི་རྒྱུད་ལས་དང་པོ་སྐྱེས་པ་ནི་ཕྱི་མ་ཕྱི་མའི་རྒྱུར་འགྱུར་བ་ལས་གོམས་པ་ལས་སམ་དབང་པོ་ལས་ཁྱད་པར་དུ་འགྱུར་རོ། །གང་ལ་ཡང་དང་པོ་ཉིད་དུ་ཁྱད་པར་ཅན་གྱི་ཤེས་རབ་ལ་སོགས་

པའམ་ང་རྒྱལ་དང་བཅས་པའི་ཡིད་ཀྱི་རྣམ་ཤེས་ཡིན་ལ། དེ་ལ་ཡང་མ་ལ་སོགས་པ་གོམས་པ་ཁོ་ན་རྒྱུ་ཡིན་ཏེ། དེ་ནི་དེ་མེད་ན་མེས་པོའི་ཡིན་ལ་དེའི་ཡང་དེ་མེད་ན་ཡང་མེས་ཀྱི་ཡིན་པར་རྟོགས་པར་བྱ་བ་ཡིན་ཏེ། ཐག་རིང་བ་ལ་རྒྱུ་ཡིན་པ་སྔོན་པོའི་ཤེས་པའི་སེར་པོའི་ཤེས་པ་ལ་སོགས་པ་

Vol. 180 · folio 259a

ཐག་རིང་པོ་སྔོན་པོའི་ཤེས་པ་བཞིན་དུ་འདོད་པ་ཁོ་ན་ཡིན་ནོ། །དྲོད་གཤེར་ལས་སྐྱེས་པ་མ་ལ་སོགས་པ་མེད་པའི་ཕྱིར་ཇི་ལྟར་ཡིན་ན་ཞེས་བྱ་བ་འདི་ནི་ཁྱེད་ལ་ཡང་མཚུངས་སོ། །ལུས་གཞན་ལ་ཡོད་པ་རང་གི་རྒྱུད་ཀྱིས་བསྐྱེད་པ་ཡིན་ནོ་ཞེ་ན་ཡང་བདག་གི་ཡང་དེ་ཁོ་ན་ཡིན་

པའི་ཕྱིར་བྱེ་བྲག་མེད་དོ་ཞེས་སྙམ་དུ་སེམས་པ་ལ། དེ་ཕྱིར་ངེས་པར་གང་ཉིད་ཀྱི། །ཞེས་བྱ་བ་སྟེ། དེའི་ཕྱིར་སེམས་ལུས་ལ་བརྟེན་པ་མ་ཡིན་ཏེ། དེའི་ཁྱད་པར་རྗེས་སུ་འཇུག་པ་མ་ཡིན་པའི་ཕྱིར་རོ། །དེའི་ཉིད་ཀྱི་ཕྱིར་རྒྱུད་གཞན་གྱི་སེམས་ལ་བརྟེན་པ་མ་ཡིན་ནོ། །གང་གི་ཕྱིར་དེའི་

ཁྱད་པར་ཡང་ངེས་པས་རྗེས་སུ་འཇུག་པ་མ་ཡིན་ནོ། །དེ་བཞིན་དུ་རྒྱུད་གཅིག་ལ་བྱིས་པའི་ཉམས་སུ་མྱོང་བ་ལང་ཚོ་ལ་སོགས་པ་ན་ལུས་ཐ་དད་ཀྱང་དྲན་པ་ཡིན་གྱི་དེའི་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་དག་ནི་ཇི་སྐད་བསྟན་པའི་རིགས་པས་སེམས་ལ་ཕན་འདོགས་པར་བྱེད་པ་མ་ཡིན་ནོ། །རྒྱུད་གཞན་

གྱི་སེམས་ཀྱི་བསྐྱེད་བྱའི་འདུ་བྱེད་པའི་རྗེས་སུ་འབྲང་པས་དེར་ཉམས་སུ་མྱོང་བ་ལང་ཚོ་ལ་སོགས་པའི་གནས་སྐབས་སུ་ཉམས་སུ་མྱོང་བ་བཞིན་དྲན་པ་དང་གཉིད་ལོག་པ་ལ་སོགས་པའི་གནས་སྐབས་ཀྱི་ལུས་ཀྱི་དབྱེ་བ་ཉམས་སུ་མྱོང་བ་ལྟ་བུའོ། །སྐྱེ་བའི་དང་པོར་རང་ཉིད་རྒྱུད་ཀྱི་འདུ་བྱེད་

པ་རྗེས་སུ་འཇུག་པ་ཡང་མེད་པ་ཉིད་མ་ཡིན་ནམ། དེར་ཉམས་སུ་མྱོང་བ་ཡང་མི་དྲན་པའི་ཕྱིར་རོ། །མངལ་གྱི་གནས་སུ་ཁྱད་པར་ཅན་གྱི་སྡུག་བསྔལ་གྱི་འདུ་བྱེད་པ་ཉིད་ཉམས་པའི་ཕྱིར་དེའི་ཚེ་མི་དྲན་པ་ཡིན་ལ་འདི་ལ་ནི་དེ་མི་སྲིད་པ་ཡིན་ནོ། །འདི་ལ་ཡང་གང་ཉིད་ཀྱི་ཞེས་བྱ་བ་ངེས་པའི་

དོན་ལ་ཉིད་ཀྱི་སྒྲ་ཡིན་ནོ། །གང་ཁོ་ན་ཚིག་བརྗོད་པ་དེ་ཁོ་ན་རྟོག་གི་ངན་པ་བཞིན་དུ་ངེས་པས་ཞེས་རྗེས་སུ་འཇུག་པའི་ཁྱད་པར་ཅན་གྱི་དེ་ཡང་མ་ཡིན་པ་ལས་ལོག་པའི་ཚིག་ཡིན་ནོ། །ཡང་ན་བསྒོམ་པར་བསྟན་པའི་འདུ་བྱེད་གང་གི་རྒྱུད་ཡིན་པའི་བསྒོམ་པ་ལས་སེམས་ཀྱང་རྗེས་སུ་འཇུག་

པར་བྱེད་པ་དེའི་ཁྱད་པར་གྱི་ཁྱད་པར་ཅན་ཉིད་ཀྱིས་ཡིན་གྱི་མཁས་པའི་རྒྱུད་ཀྱིས་གོམས་པ་ལ་དེའི་སེམས་བཞིན་དུ་བུའི་སེམས་ཀྱང་རྗེས་སུ་འཇུག་པ་མ་ཡིན་ཏེ། རེས་འགའ་བའི་རྗེས་སུ་འཇུག་པ་ཅིག་ཤོས་ཀྱི་འདུ་བྱེད་པ་འབྱུང་བ་བཀག་པ་མ་ཡིན་པ་ནི་དེའི་འདུ་བྱེད་པའི་བསྐྱེད་བྱའི་བདག་

Vol. 180 · folio 259b

ཉིད་དུ་ངེས་པར་བྱེད་པ་མ་ཡིན་ནོ། །དེའི་ཕྱིར་མ་ལ་སོགས་པའི་སེམས་ཀྱང་ལུས་བཞིན་དུ་རྟེན་མ་ཡིན་ཏེ། དེ་ལ་ཁྱད་པར་མེད་ཀྱང་ཁྱད་པར་ཡོད་པའི་ཕྱིར་རོ་ཞེས་བསྟན་པ་ནི། བློ་ཡི་བྱེད་པའི་ཁྱད་པར་གྱིས། །ཞེས་བྱ་བའོ། །དེའི་ཕྱིར་ངེས་པ་གང་ཉིད་ཀྱི། འདུ་བྱེད་ཅེས་བྱ་བ་ནི་དེའི་

ཁྱད་པར་ལ་ཡང་ཁྱད་པར་ཡིན་པའི་ཕྱིར་ཞེས་བྱ་བའོ། །སྔོན་པོ་ལ་སོགས་པ་དང་བདེ་བ་ལ་སོགས་པའི་ཤེས་པ་བཞིན་དུ་འམ་བཀྲེས་པ་ལ་སོགས་པ་བཞིན་དུ་ཐག་རིང་པོའི་གོམས་པ་ལས་བྱུང་བ་ཉིད་ཡིན་ནའང་སེམས་པ་ལ་སོགས་པའི་གོམས་པའི་བསྐྱེད་བྱ་ཉིད་དུ་ཤེས་པ་ནི་མ་ཡིན་

ཏེ། ཕའི་གོམས་པ་ཡིན་ན་ཡང་བུའི་ནི་དེ་ལས་བཟློག་པ་ཡིན་པའི་ཕྱིར་རོ། །རྗེས་སུ་དཔག་པ་ཡང་གོམས་པ་ཙམ་ལས་མཐོང་བའི་ཕྱིར་རང་གོམས་པ་ཁོ་ནར་གནས་པ་ཡིན་ནོ། །སྔོན་པོ་ལ་སོགས་པའི་ཤེས་པ་དང་བཀྲེས་པ་ལ་སོགས་པ་རྣམས་ཀྱང་འདི་ཁོ་ནར་རྟོགས་པ་ཡིན་ཏེ། དེ་

རྣམས་ཀྱི་རྒྱུ་ཡང་བདག་ཉིད་གོམས་པ་ཁོ་ན་ཡིན་པའི་ཕྱིར་རོ། །མེས་པོའི་གོམས་པ་ཁོ་ན་འདིའི་གོམས་པ་ཡང་མ་ཡིན་ཏེ། མེས་པོ་གསོན་པ་ན་ཡང་དེའི་གོམས་པའི་ཁྱད་པར་གྱིས། འདིའི་སེམས་ཁྱད་པར་དུ་མ་མཐོང་པའི་ཕྱིར་རོ། །རང་གི་གོམས་པ་ནི་ཁྱད་པར་གྱི་རྒྱུར་ལ་ལར་མཐོང་

བ་ཡིན་ནོ། །ཡང་ན་ལུས་བཞིན་དུ་གཞན་གྱི་སེམས་ཀྱང་རྟེན་མ་ཡིན་ཏེ་དེ་ལ་ཁྱད་པར་མེད་ཀྱང་རང་གོམས་པའི་ཁྱད་པར་གྱིས་ཁྱད་པར་མ་ཡིན་པའི་ཕྱིར་རོ། །བློའི་བྱེད་པའི་ཁྱད་པར་གྱིས་ཞེས་བྱ་བ་ནི་འདི་ཁོ་ནས་བསྟན་པ་ཡིན་པར་རྒྱུད་གཅིག་ལ་ཡང་བློ་རྣམས་མཚུངས་པའི་ཕྱིར་རོ་ཞེས་ལྷག་པར་

བསྟན་པ་ནི། དེའི་ཕྱིར་ངེས་པ་གང་ཉིད་ཀྱིས། །ཞེས་བྱ་བ་སྟེ། གང་དང་གང་གི་སེམས་དང་སེམས་གང་དང་གང་ཡིན་པར་སྔོན་པོ་ལ་སོགས་པ་ཉིད་དུ་འདུ་བྱེད་ཀྱི་རྗེས་སུ་འཇུག་པ་དེ་དང་དེ་ནི་དེ་དང་དེའི་རྟེན་ཡིན་ཏེ། ཐམས་ཅད་ཀྱི་ཐམས་ཅད་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་ལུས་དང་

གཞན་གྱི་སེམས་དང་སེམས་གཞན་རྣམས་ལ་བྱེ་བྲག་མེད་ཀྱང་ཁྱད་པར་ཅན་གྱི་སེམས་གང་ཕུལ་དུ་བྱུང་ན་གང་ཕུལ་དུ་བྱུང་བར་འགྲོ་བ་དེ་ནི་དེ་ལ་བརྟེན་པ་ཡིན་ཞེས་ཉེ་བར་བསྡུ་བ་ནི། དེའི་ཕྱིར་སེམས་ལ་བརྟེན་པ་ཡིན་ཞེས་བྱ་བའོ། །དེའི་ཕྱིར་སེམས་ལ་བརྟེན་པ་ཡིན་ནོ་ཞེས་བྱ་བར་རྣམ་པར་

Vol. 180 · folio 260a

འགྲེལ་པ་ནི། དེ་ཕྱིར་སེམས་ཉིད་ལོག་ན་སེམས་ལྡོག་གོ་ཞེས་བྱ་བའོ། །གོང་དུ་ལུས་དེ་དང་དེ་ལ་བརྟེན་པ་དང་དབང་པོ་ཙམ་ལ་བརྟེན་པ་ཉིད་ཀྱང་བཀག་པ་ཡིན་ལ་གལ་ཏེ་དབང་པོ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་ནི་དབང་པོའི་ཤེས་པ་ཉིད་ཀྱིས་བརྒྱུད་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་ཡིན་ནོ། །བརྒྱུད་

པས་འབྱུང་བ་དངོས་སུ་འབྱུང་བ་ཁོ་ན་ཡིན་ཏེ་དེ་ཉིད་དུ་ངོ་ཤེས་པའི་ཕྱིར་རོ་ཞེས་ཟེར་བ་ནི། མེ་གཞན་དང་གཞན་ལས་ཞེས་བྱ་བ་སྟེ། སྔ་ན་མེད་པ་ནི་ཕྱི་མའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་རྒོལ་བ་ལ་སེལ་བར་བྱེད་པ་ཡིན་ཏེ་དབང་པོའི་ཤེས་པ་མ་གཏོགས་པར་ཡིད་ཀྱི་རྒྱལ་སྲིད་དང་དབང་ཕྱུག་དང་གཙོ་བོ་ལ་

སོགས་པའི་ང་རྒྱལ་དང་བཅས་པའི་རང་རིག་པའི་རྟོག་པ་རབ་འབྱམས་དགག་པར་མི་ནུས་སོ། །དོན་ཡུལ་མ་ཡིན་པའི་ཕྱིར་སེལ་བའི་ཡུལ་ལ་ཡིན་ཏེ། རུང་བ་པོ་རྣམས་ཀྱིས་མ་ཤེས་པ་རང་གིས་ཤེས་པའི་ཕྱིར་ཤེས་པ་ཙམ་ནི་སྔ་མ་སྔ་མ་ལས་བྱུང་བ་ཉིད་ཀྱི་ཕྱིར་འཇིག་རྟེན་ཕ་རོལ་པོ་ཡིན་ནོ་ཞེས་

བྱ་བའི་དོན་ཏོ། །དུ་བའི་བསྐྱེད་བྱ་ཁོ་ན་དེ་ཉིད་དུ་གཏོགས་པའི་ཕྱིར་མེའི་བསྐྱེད་བྱ་ཡིན་ནོ་ཞེས་བྱ་བ་ལ། དུ་བ་མེ་ལས་ཅི་འདྲ་བ་ཞེས་བྱ་བ་སྟེ། ཡིད་ནི་ཤེས་རབ་ལ་སོགས་པའོ། །ཐམས་ཅད་ལ་ཁྱབ་པ་ཞེས་བྱ་བ་ནི། རང་རིག་པ་ཙམ་ལས་བྱུང་བའི་ཕྱིར་རོ། །མེའི་བསྐྱེད་བྱ་ཡིན་པའི་དུ་བ་ནི་རྒྱུན་

ཡིན་ལ་ཤེས་རབ་ལ་སོགས་པ་ཡང་ལུས་ཀྱི་བསྐྱེད་བྱ་ཡིན་པས་རྒྱུན་ཡིན་པར་འགྱུར་རོ་སྙམ་དུ་སེམས་པ་ལ། དུ་བ་ནི་ཞེས་བྱ་བ་སྨོས་ཏེ། མེའི་བསྐྱེད་བྱའི་དུ་བ་བཞིན་དུ་ལུས་ཀྱི་བསྐྱེད་བྱ་ཤེས་རབ་ལ་སོགས་པའི་རྒྱུན་མ་ཡིན་ཏེ། འོན་ཀྱང་གོམས་པའི་བསྐྱེད་བྱ་ཉིད་དོ། །དབང་པོའི་ཤེས་པའི་

བསྐྱེད་བྱ་ཉིད་ཀྱི་རྣམ་ཤེས་ཡིན་དུ་ཟིན་ཀྱང་དབང་པོ་ཉིད་ལས་དབང་པོའི་རྣམ་ཤེས་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྔ་མ་པའི་རྣམ་ཤེས་ཉིད་ལས་ཡིན་ཏེ་དེའི་བྱ་བའི་རྗེས་སུ་བྱེད་པའི་ཕྱིར་ཡིན་ལ། དབང་པོ་ནི་ངེས་པ་ཙམ་གྱིས་དེའི་རྗེས་སུ་འཇུག་པར་བྱེད་པ་ཡིན་པར་བསྟན་པ་ནི། གལ་ཏེ་

རྣམ་ཤེས་འགའ་ཞིག་ནི། །ཞེས་བྱ་བའོ། །རྣམ་ཤེས་སྔ་མའི་བྱ་བ་དང་རྗེས་སུ་མཐུན་པ་ཉིད་ཡང་སྟེ། དབང་པོ་དང་སྣང་བ་དང་ཡུལ་ཙམ་ཉིད་ལས་དེ་སྐྱེ་བ་ཡིན་ཡང་མ་ངེས་པའི་ཕྱིར་མ་སྐྱེས་པ་བཞིན་དུ་ཐ་སྙད་བྱེད་པ་མ་ཡིན་ནམ། ཇི་ལྟར་སྔོན་པོའི་རྣམ་པར་རིག་པ་ཡང་མ་ངེས་པའི་ཕྱིར་སྔོན་པོ་ཞེས་

Vol. 180 · folio 260b

བརྗོད་པ་མ་ཡིན་ལ་ངེས་པར་ཡིན་ན་ནི་དེ་ལྟར་འགྱུར་རོ་སྙམ་དུ་སེམས་པ་ནི། དེ་ནི་སྐྱེས་མོད་ཀྱི་ཞེས་བྱ་བའོ། །དེ་ལྟར་ན་ཐམས་ཅད་དུ་རིག་པ་མེད་པ་ནི་ངེས་པ་མེད་པ་ཁོ་ནའི་ཕྱིར་ཞེས་ཐ་སྙད་དུ་བྱེད་པ་ཡིན་གྱི། རང་མེད་པས་ནི་མ་ཡིན་པ་དེ་ལྟ་མིན་ན། རིག་པ་ལ་ཐེ་ཚོམ་ཟ་བས་འགར་ཡང་བུམ་

པ་ལ་སོགས་པ་མེད་པར་མི་འགྱུར་བར་བསྟན་པ་ནི། གལ་ཏེ་རྣམ་ཤེས་ཞེས་བྱ་བ་སྟེ། དེ་ཡང་ཞེས་བྱ་བ་ནི་རྣམ་ཤེས་སོ། །དེ་ཞེས་བྱ་བ་ནི་ངེས་པའི་རྒྱུ་རིག་པའོ། །དེ་བཞིན་དུ་རིག་པའི་རྒྱུ་དབང་པོ་ལ་སོགས་པ་ཉམས་པ་ཡིན་ནོ། །དེ་དེ་ལྟར་སྔ་མའི་རྣམ་ཤེས་དང་ལྷན་ཅིག་པའི་དབང་པོ་ནི་རང་གི་

ཤེས་པའི་རྒྱུ་ཡིན་པར་བསྟན་ནས་ད་ལྟར་ནི་སྔ་མའི་རྣམ་ཤེས་ཉིད་ལས་འདིར་འབྱུང་བ་ཡིན་པའི་ཕྱིར་དབང་པོའི་རྒྱུ་མ་ཡིན་པར་བསྟན་པ་ནི། གོམས་པའི་སྟོབས་ལས་བྱུང་བ་ཡིན་ཞེས་བྱ་བ་སྟེ་མི་འཁྲུལ་བ་ཉིད་ནི་མི་སླུ་བ་ཡིན་ཏེ། དོན་ཡོད་པའི་ཕྱིར་དང་། འཁྲུལ་པ་ཉིད་ལ་ནི་དེ་

མེད་པའི་ཕྱིར་དབང་པོ་ཡོད་པ་དང་མེད་པས་བྱས་པ་ནི་མ་ཡིན་ཏེ། དབང་པོ་ཡོད་ཀྱང་རབ་རིབ་ཅན་གྱིས་སླུ་བ་ཡོད་པའི་ཕྱིར་རོ་ཞེས་བསྟན་པ་ནི། དོན་ཡོད་པ་དང་མེད་པ་ལས་ཞེས་བྱ་བ་སྟེ་སད་པ་ཞེས་བྱ་བ་ནི་དབང་པོ་འདིའི་ཁྱད་པར་རོ། །གཉིད་ལོག་པའི་དབང་པོ་ནི་གོམས་པ་

ལས་བྱུང་བ་ཡིན་ཡང་སད་པ་ནི་མ་ཡིན་པ་མ་ཡིན་ནམ། རང་གི་རྒྱུ་མེད་པའི་ཕྱིར་རོ་སྙམ་དུ་སེམས་པ་ལ། འབྲས་བུ་དབང་པོ་ཐ་མི་དད་པའི་ཕྱིར་དང་། གོམས་པའི་བསྐྱེད་བྱའི་ཁྱད་པར་ཉིད་ནི་སད་པའི་དབང་པོ་ལ་ཡང་ཡོད་པའི་ཕྱིར་གོམས་པའི་བསྐྱེད་བྱ་ཉིད་ཁོ་ན་ཡིན་པར་བསྟན་

པ་ནི། འབྲས་དངོས་ཞེས་བྱ་བ་སྟེ། གོམས་པ་ལས་བྱུང་བའི་དབང་པོ་ལ་ནི་མ་ལ་སོགས་པའི་རྒྱུ་ལྷན་ཅིག་བྱེད་པ་ཡིན་ཞེས་བྱ་བའི་དོན་ཏོ། །རྣམ་ཤེས་འབའ་ཞིག་ནི་མ་ཡིན་ཏེ། དབང་པོ་ཡང་གོམས་པའི་བསྐྱེད་བྱ་ཡིན་པའི་ཕྱིར། རྣམ་ཤེས་ཀྱི་བསྐྱེད་བྱ་ཡིན་པར་ཉེ་བར་བསྡུ་

པ་ནི། དེས་ན་དབང་པོ་ཉིད་ཅེས་བྱ་བའོ། །དེ་ཡང་འདི་ལྟར་སེམས་འབྱུང་བ་ལ་བརྟེན་པ་ཉིད་ཀྱི་འཇིག་རྟེན་ཕ་རོལ་པོ་མ་ཡིན་པའི་སེམས་ཀྱི་རྟེན་ཉིད་དུ་སྒྲུབ་པ་ལ་གཏན་ཚིགས་དབང་པོའི་བསྐྱེད་བྱ་ཉིད་མ་གྲུབ་པ་ཡིན་ལ་འགལ་བར་ཡང་བསྟན་ནས་ད་ནི་སྐྱེ་བ་སྔ་མ་པའི་རང་གི་

Vol. 180 · folio 261a

སེམས་རྟེན་ཉིད་དུ་སྒྲུབ་པ་ལ། འདུ་བྱེད་པ་ཙམ་གྱི་རྗེས་སུ་བྱེད་པ་ཅན་ཉིད་ནི་མ་ངེས་པ་ཡིན་ཏེ། སྐྱེ་བ་འདི་པ་ཙམ་ལ་སོགས་པའི་སེམས་ཀྱི་རྟེན་ཉིད་ལ་ཡང་ཡོད་པའི་ཕྱིར་ལ་དེའི་འདུ་བྱེད་པའི་རྗེས་སུ་བྱེད་པ་ཅན་ཉིད་དུ་མ་གྲུབ་པར་བསྟན་པ་ནི། འཇིག་རྟེན་ཕ་རོལ་པོའི་ཞེས་

བྱ་བའོ། །དེའི་འདུ་བྱེད་པའི་རྗེས་སུ་འཇུག་པ་ཉིད་གཏན་ཚིགས་ཡིན་པས་མ་གྲུབ་པ་ཡང་མ་ཡིན་ཏེ། ངེས་པས་སེམས་ཀྱི་འདུ་བྱེད་པའི་རྗེས་སུ་འཇུག་པའི་ཕྱིར་མཐོང་བ་ཡིན་པར་བསྟན་པ་ནི། ཕ་དང་མ་ཡི་རང་བཞིན་གྱིས། །ཞེས་བྱ་བའོ། །དེ་འགྱུར་ཡང་ཞེས་བྱ་བ་འདི་ལས་བཟློག་པའི་སྐྱོན་བསྟན་

པ་ནི་གལ་ཏེ་དེའི་ཞེས་བྱ་བའོ། །ཕ་དང་མའི་སེམས་ཀྱི་འདུ་བྱེད་པ་འབའ་ཞིག་ལས་ནི་བུའི་སེམས་ཀྱི་འདུ་བྱེད་པ་མ་ཡིན་པ་མ་ཡིན་ནམ། དེ་ལྟ་མོད་ཀྱི་དེར་སྒྲོ་འདོགས་པར་བྱེད་པའི་ལྷན་ཅིག་བྱེད་པ་ལས་ཡིན་ནོ། །ཇི་ལྟར་དེ་དག་ཉིད་དེ་ལས་གཞན་པའི་ལྷན་ཅིག་བྱེད་པ་ལས་ཡིན་ནོ་སྙམ་

དུ་སེམས་པ་ནི། འོན་ཏེ་ཇི་ལྟར་ཞེས་བྱ་བ་སྟེ། དེ་དག་གི་འདུ་བྱེད་པ་གང་ཡིན་པ་དེར་སྒྲོ་འདོགས་པ་འདོན་པ་པོའམ་འཆད་པ་པོ་ལྷན་ཅིག་བྱེད་པའི་རྒྱུ་གང་ཡིན་པ་དེ་དེའི་རང་བཞིན་ཉིད་ནི། དེ་སྟེ་ཕ་དང་། དེའི་སྟེ་མ་དང་འབྲེལ་པ་ཅན་དུ་འགྱུར་རོ། །འདོན་པ་པོ་ནི་མ་ལ་སོགས་པའི་ལྷན་ཅིག་

བྱེད་པའི་རྒྱུ་ཡིན་ཏེ་དེའི་ངོ་བོ་ཉིད་ཀྱིས་ནི་མ་ཡིན་ནོ་ཞེ་ན་མ་ཡིན་ཏེ། དེ་ཡང་དེའི་རྒྱུ་ཡིན་པར་བྱེ་བྲག་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འདུ་བྱེད་པ་ཡང་ཞེས་བྱ་བ་ནི། འདོན་པ་བོས་རག་ལས་པར་བྱ་བ་ལའོ། །རེས་འགའ་ནི་མངོན་པ་འདོད་པ་མེད་ནའོ། །དེ་རྣམ་པར་འགྱུར་བ་མེད་ཀྱང་

འགྱུར་བ། །ཞེས་བྱ་བའི་རྣམ་པར་འགྲེལ་པ་ནི། དེ་ལྟ་མ་ཡིན་པར་ཞེས་བྱ་བའོ། །མ་ལ་སོགས་པའི་རང་བཞིན་གྱི་རྗེས་སུ་འཇུག་པ་མ་ཡིན་དུ་ཟིན་ཀྱང་མཁན་པོའི་འདུ་བྱེད་པའི་རྗེས་སུ་འཇུག་པ་ཡང་རང་གི་འདུ་བྱེད་པའི་རྗེས་སུ་འཇུག་པ་ལ་འགལ་བ་མེད་པ་ཁོ་ན་ཡིན་ནོ་སྙམ་དུ་སེམས་པ་

ནི། མཁན་པོའི་ཞེས་བྱ་བའོ། །རང་གི་རྣམ་ཤེས་སྔོན་དུ་འགྲོ་བ་མངོན་པར་འདོད་པའི་ཁྱད་པར་ཁོ་ན་ལས་དེ་འབྱུང་བའི་ཕྱིར་སྐྱོན་མེད་པ་ཡིན་པར་བསྟན་པ་ནི། མ་ཡིན་ཏེ། དེ་མེད་ན་ཞེས་བྱ་བའོ། །དེ་རྣམ་པར་འགྱུར་བ་མེད་ཀྱང་འགྱུར་བའི་ཕྱིར་ཞེས་བྱ་བ་འདི་ནི་འཇིག་རྟེན་ཕ་རོལ་སྒྲུབ་པར་བྱེད་པའི་མཆོག་

Vol. 180 · folio 261b

ཡིན་པར་བསྟན་པ་ནི། དེས་ན་འཇིག་རྟེན་ཕ་རོལ་མེད་པར་ནི་ཞེས་བྱ་བའོ། །འདུ་བྱེད་རྗེས་སུ་འཇུག་ཅེས་བྱ་བ་ནི། ཕའིའོ་ཞེས་བྱ་བ་ལ་ལྟོས་པ་ཡིན་ནོ། །ཅི་ལས་ཤེས་ཤེ་ན། ཕའི་རང་བཞིན་རྗེས་སུ་འཇུག་པར་ཞེས་བྱ་བའོ། །འོན་ཏེ་ཇི་ལྟར་ཞེས་བྱ་བ་འདི་རེས་འགའ་ཞེས་བྱ་བ་ལ་ལྟོས་པ་

ཡིན་ཏེ་དེ་རྒྱུ་མ་ཡིན་ན་རེས་འགའ་ཡང་མི་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་རྒྱུ་དེའི་འབྲས་བུ་གཞན་ལས་ཀྱང་ཇི་ལྟར་འབྱུང་བར་བསྟན་པ་ནི་ཕའི་རང་བཞིན་ཐམས་ཅད་ཅེས་བྱ་བའོ། །རང་གི་སེམས་ཀྱི་བསྐྱེད་བྱ་ཁོ་ན་ཡིན་ན། ཇི་ལྟར་རེས་འགའ་ཕའི་རང་བཞིན་གྱི་རྗེས་སུ་འཇུག་

པར་བྱེད་ཅེས་པ་སེལ་བ་བསྟན་པ་ནི། དེའི་རང་བཞིན་ཞེས་བྱ་བ་སྟེ་ཕའི་རང་བཞིན་ནོ། །དེའི་ཕྱིར་སེམས་ཅན་ཐམས་ཅད་རང་གི་རྒྱུད་ཁོ་ནའི་འདུ་བྱེད་པའི་རྗེས་སུ་འཇུག་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་སྐད་དུ་ཡང་དེའི་ཕྱིར་ངེས་པར་བདག་ཉིད་ཀྱི་འདུ་བྱེད་ཀྱི་ནི་རྗེས་སུ་

འཇུག་པ་ཞེས་གསུངས་པའོ། །འདི་ཁོ་ནས་རང་གི་རྒྱུད་ཀྱི་འདུ་བྱེད་པའི་རྗེས་སུ་འཇུག་པའི་ངེས་པས་རྣམ་ཤེས་གཅིག་སྲོག་ཆགས་ཐམས་ཅད་ཀྱི་རྣམ་ཤེས་རྣམས་ཀྱི་སྐྱེ་གནས་ཡིན་ནོ་ཞེས་མ་ལ་སོགས་པའི་རྣམ་ཤེས་བཞིན་དུ་གསལ་བ་ཡིན་པར་བསྟན་པ་ནི། འོན་ཏེ་ཇི་ལྟར་ཞེས་

བྱ་བའོ། །གལ་ཏེ་འདུ་བྱེད་པའི་རྗེས་སུ་འཇུག་པ་ཡིན་ན་བདག་ཉིད་ཐམས་ཅད་ཀྱིས་འགྱུར་གྲང་ན་དེའི་རང་བཞིན་བཞིན་དུ་ཅིག་ཤོས་ཀྱང་མི་འགྱུར་བར་བསྟན་པ་ནི། འཇིག་རྟེན་ཕ་རོལ་ཏུ་སྨྲ་བ་ལ་ཡང་ཞེས་བྱ་བའོ། །སྔོན་གྱི་འདུ་བྱེད་པའི་རྗེས་སུ་བྱེད་པའི་མངོན་པར་འདོད་པའི་ཁྱད་པར་ལ་

སོགས་པ་རེ་ཞིག་རྗེས་སུ་འཇུག་པ་ཡིན་ལ། དེས་དེའི་བསྐྱེད་བྱ་ཡིན་པར་ཤེས་པས་རང་བཞིན་གཞན་གྱི་རྗེས་སུ་འཇུག་པ་ལ་རྒྱུ་མཚན་གཞན་ཡིན་པར་བརྟག་པར་བྱ་བ་ཡིན་པར་བསྟན་པ་ནི་མ་ཡིན་ཏེ། རྣམ་པར་གཡེང་བའམ་ཞེས་བྱ་བ་སྟེ། མ་ལ་སོགས་པ་དང་རྒྱུད་གཅིག་ཡིན་ན་

བུའི་རང་གི་ཉམས་སུ་མྱོང་བའི་ཉམས་སུ་མྱོང་བ་དྲན་པ་ནི་དེའི་ལུས་ལ་ཡང་འགྱུར་རོ་ཞེས་དེའི་རྒྱུད་ཉིད་ལ་འབྲས་བུ་མེད་པར་བསྟན་པ་ནི། དེ་ཉིད་ཀྱི་ལུས་བཞིན་དུ་ཅེས་བྱ་བའོ། །དུག་གི་སྲིན་བུ་བཞིན་ནོ་ཞེས་བྱ་བ་ནི། ཕ་རོལ་པོའི་བསམ་པའི་དཔེ་ཡིན་ལ་དེའི་ནི་སེམས་ཐམས་ཅད་དེ་ཁོ་

Vol. 180 · folio 262a

ནའི་ཚེ་འབྱུང་བ་ཡིན་གྱི་སྐྱེ་བ་གཞན་ལ་ནི་དེ་འབྱུང་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བྱིས་པ་ཉིད་ལ་འབྲས་བུའི་ཁྱད་པར་མེད་པས་སེམས་གསལ་པོར་མ་གྱུར་པ་ཡིན་ལ་དེ་ཁྱད་པར་ཡིན་ན་ནི། ལང་ཚོ་ལ་སོགས་པ་ན་གསལ་པོར་འགྱུར་བ་མ་ཡིན་ནམ་བཟའ་བའི་ཁྱད་པར་ལས་

འབྱུང་བ་ཆེན་པོ་ཁྱད་པར་སྐྱེ་བའི་ཕྱིར་ལུས་ཀྱི་ཁྱད་པར་ལས་ཁྱད་པར་ཡང་མ་ཡིན་ཏེ། བཅུད་ཀྱིས་ལེན་བཞིན་དུ་འབྱུང་བའི་ཁྱད་པར་གྱིས་བསྐྱེད་པའི་བདེ་བའི་རེག་པའི་ཁྱད་པར་གྱིས་བག་ཆགས་ཀྱི་ཁྱད་པར་སད་པ་ལས་སེམས་ཀྱི་ཁྱད་པར་འབྱུང་བར་མངོན་པར་བརྗོད་པའི་ཕྱིར། འགའ་ཆོ་

ཆགས་སོགས་རྒྱས་སོགས་ཀྱིས། །འཕེལ་པ་བདེ་སྡུག་ལས་སྐྱེས་ཡིན། །ཞེས་གསུངས་པས་སོ། །དེའི་ཕྱིར་བཟའ་བའི་བྱེ་བྲག་མེད་ཀྱང་ལུས་ཡོངས་སུ་གྱུར་པའི་ཁྱད་པར་ཁོ་ན་ལས་བློའི་ཁྱད་པར་སྐྱེ་བར་མཐོང་བའི་ཕྱིར། དེའི་བསྐྱེད་བྱ་ཡིན་པ་ནི་གོམས་པས་ཁྱད་པར་དུ་ཡིན་

ཡིན་ནོ་སྙམ་དུ་སེམས་པ་ལ་ཇི་ལྟར་ཐོས་སོགས་ཀྱི་ཡུལ་དུ་བྱེད་པ་ནི་གོམས་པའོ། །སེམས་ལ་བྱས་པ་ནི་ཤེས་རབ་ལ་སོགས་པའི་སེམས་ཀྱི་བདག་ཉིད་ཀྱིས་གསལ་བར་བྱེད་པ་ཡིན་ལ་དེ་བཞིན་དུ་ལུས་ཀྱི་བདག་ཉིད་ཀྱིས་ཀྱང་གསལ་བར་འགྱུར་ཏེ། དེའི་རྗེས་སུ་འབྲང་བའི་སེམས་ལས་

ཐ་དད་པ་མེད་པའི་ཕྱིར་དབྱེ་བ་ཕུལ་དུ་བྱུང་བ་ལས་བྱུང་བའི་ཤེས་པ་ལ་གོམས་པ་ལས་འབྱུང་བ་ཐ་དད་པ་མ་ཡིན་ནོ། །དེའི་ཕྱིར་དེ་ཡང་དེ་བཞིན་དུ་ལུས་ཕུལ་དུ་བྱུང་བའི་རྗེས་སུ་བྱེད་པ་ཁོ་ནར་འགྱུར་བ་ཡིན་གྱི་བྱིས་པ་ཉིད་ལ་སོགས་པ་ལ་ནི་མ་ཡིན་ཏེ། གོམས་པས་ཕུལ་དུ་བྱུང་བ་མེད་པའི་

ཕྱིར་རོ། །འོན་ཏེ་སེམས་ཙམ་ནི་ལུས་ལས་ཡིན་ལ་གོམས་པ་ལས་ནི་དེའི་ཁྱད་པར་ཡིན་ནོ། །མ་ཡིན་ཏེ། ཁྱད་པར་ལས་གཞན་པའི་དེ་ཙམ་ནི་མ་མཐོང་པའི་ཕྱིར་དང་ཁྱད་པར་ཐམས་ཅད་ཀྱང་གོམས་པ་ལས་བྱུང་བའི་ཕྱིར། ལུས་ལས་བྱུང་བ་མ་ཡིན་པ་ཉིད་ཀྱི་ཤེས་པ་ཁོ་ན་ཡིན་ཏེ།

གོམས་པའི་བསྐྱེད་བྱར་མངོན་པར་འདོད་པ་ལས་འདི་ཁྱད་པར་མེད་པའི་ཕྱིར་རོ། །ཡོན་ཏན་ཞེས་བྱ་བ་ནི་གཞན་གྱི་འདོད་པས་ཡོན་ཏན་ཉིད་དུ་མངོན་པར་འདོད་པ་ཡང་དེ་བཞིན་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འགྲེལ་པ་མཛད་པས་ནི་སེམས་བཞིན་དུ་ལུས་ཀྱང་གསལ་བར་འགྱུར་བ་སྟེ་

Vol. 180 · folio 262b

དམིགས་པར་འགྱུར་བ་ནི་ལུས་ལས་ཐ་མི་དད་པའི་ཕྱིར་ཏེ་ཡོན་ཏན་ཉིད་ཀྱིས་དེའི་དམིགས་པ་ཡིན་ན། གཟུགས་ལ་སོགས་པ་བཞིན་དུ་དམིགས་པར་འགྱུར་བ་ཞིག་ན་དམིགས་པ་ནི་མ་ཡིན་ནོ། །དེའི་ཕྱིར་ལུས་ཉིད་བློ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཇི་ལྟར་ཐོས་སོགས་འདུ་བྱེད་པ། །སེམས་ལ་བྱས་

བ་ཞེས་བྱ་བ་འདིས་ནི་བློའི་ཁྱད་པར་ཐེ་ཚོམ་གྱི་ཡུལ་ཡིན་པར་བསྟན་པ་ནི་ཐ་དད་པ་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ཡང་དེ་གྲུབ་ན་ཡང་བློའི་ཁྱད་པར་ལ་ཐེ་ཚོམ་ཟ་བའི་ཕྱིར་རོ་ཞེས་སྨོས་སོ། །དངོས་པོ་གྲུབ་ཀྱང་མི་རྟག་པ་ཉིད་དུ་མ་གྲུབ་པ་མ་ཡིན་ནམ། མ་ཡིན་ཏེ། སྔ་མ་དང་ཕྱི་མའི་རྣམ་པར་དབྱེ་བ་དང་བྲལ་བའི་

དངོས་པོ་དམིགས་པ་ཁོ་ན་མི་རྟག་པ་ཉིད་མངོན་བར་བརྗོད་པའི་ཕྱིར་རོ། །དེ་ལྟར་ལུས་རིག་པས་གཟུགས་ལ་སོགས་པ་རིག་པ་བཞིན་དུ་བློའི་ཁོངས་སུ་གཏོགས་པ་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །ཐོས་པ་ལ་སོགས་པའི་འདུ་བྱེད་པའི་བསྐྱེད་བྱ་ལུས་ཀྱི་གནས་སྐབས་ལས་ཕུལ་དུ་བྱུང་

བའམ། སྐྱེ་བའི་དང་པོ་ལ་བྱུང་བའི་ཁྱད་པར་གྱི་ཁྱད་པར་ལས་དེའི་བསྐྱེད་བྱར་འགྱུར་བ་མ་ཡིན་ནམ། འདི་ལས་གཞན་ནམ་གཞན་མ་ཡིན་པའི་སེམས་པ་ཅན་ཙམ་བྱུང་བ་ཙམ་ལས་བྱུང་བ་ཡོད་པ་མ་ཡིན་ལ་ཁྱད་པར་ཡང་གོམས་པ་ལས་གཞན་པ་ལས་མི་འབྱུང་བའི་ཕྱིར་སྐྱེ་བ་སྔ་མ་ལས་འདིར་འོངས་པར་འགྱུར་

བ་ཡིན་ནོ། །བློ་དང་ལྡན་པ་འདི་རང་དབང་དུ་འདི་ཡིན་པར་མི་རིགས་ཏེ་གང་གི་ཕྱིར་བློ་དང་ལྡན་པ་ནི་སྡུག་བསྔལ་དུ་མ་ཅན་གྱི་སྐྱེ་བའི་རྒྱུན་རང་དབང་དུ་མངོན་པར་འདོད་པ་མ་ཡིན་ཏེ། ལས་ཀྱི་དབང་གིས་ཡིན་ནོ་ཞེ་ན། ལས་སམ་དེའི་རྒྱུ་ལས་ཡང་ཇི་ལྟར་འཇུག་པ་ཡིན་འདི་ནི་དཔྱད་པར་བྱ་བ་

ཡིན་ནོ། །དེའི་ཕྱིར་དེ་བཞིན་དུ་སྐྱེ་བའི་འཆི་བ་ཁས་ལེན་པ་ལ་དེའི་རྒྱུ་ནི་ད་ལྟར་བ་བཞིན་དུ་དབང་ཕྱུག་ཡིན་པར་འགྱུར་ཏེ། འཛུད་བྱེད་ཡིན་པའི་ཕྱིར་རོ། །ཁྱད་པར་ནི་འདི་ཙམ་ཡིན་ཏེ་དེ་ད་ལྟར་བ་ནི་མ་ཉེས་པ་ཡིན་ན་དེའི་རྒྱུ་ཡིན། གཞན་ནི་གཞན་དུ་ཡིན་ནོ། །འཆི་བ་གང་ཡང་ལ་ལའི་

ཐབས་ཀྱིས་ཡིན་གྱི་གཞན་གྱི་ནི་གཞན་དུ་ཡིན་ཏེ། ལས་ཐ་དད་པའི་ཕྱིར་རོ། །དེའི་དབྱེ་བ་ཡང་དེའི་བཀའ་དྲིན་དང་ཅིག་ཤོས་ཀྱི་དབྱེ་བ་ལས་སོ། །དེ་ཡང་འདོད་པའི་དབྱེ་བ་ལས་ཡིན་ལ་འདོད་པ་ཡང་དེའི་དེ་བཞིན་དུ་གོམས་པའི་དབྱེ་བ་ལས་ཡིན་གྱི་རང་བཞིན་གྱི་དབྱེ་བ་ལས་ནི་མ་ཡིན་ཏེ།

Vol. 180 · folio 263a

འབྲས་བུའི་དབྱེ་བ་མཐའ་ཡས་པ་ལ་དངོས་པོ་ཐ་དད་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཐ་དད་པ་ཡང་རང་བཞིན་ཐ་དད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །སྲོག་ཆགས་རྣམས་ཁོ་ན་རང་བཞིན་གྱི་དབྱེ་བས་མཐའ་ཡས་པ་ཡིན་ན་དབང་ཕྱུག་ཀྱང་མཐའ་ཡས་ཤུགས་ཀྱིས་ཐོབ་པ་མ་ཡིན་ཏེ། དེ་

རྣམས་ཁོ་ན་དེ་ལྟ་བུའི་རང་བཞིན་དུ་འགྱུར་རོ། །དེའི་ཕྱིར་དབང་ཕྱུག་གཅིག་བུ་ཁོ་ན་ཇི་ལྟར་གོམས་པའི་འདོད་པའི་དབྱེ་བས་བཀའ་དྲིན་དང་ཅིག་ཤོས་ལ་སོགས་པ་ནི་དབྱེ་བ་དང་ལྡན་པ་ནི་སྣ་ཚོགས་པའི་སྐྱེ་བའི་འཆི་བ་སྒྲུབ་པར་བྱེད་པ་ཡིན་པར་གྲུབ་པ་ཡིན་ཏེ་འབྲས་བུའི་ཁྱད་པར་གྱི་དམན་པའི་གནས་

ཡོངས་སུ་ལེན་པ་ནི། གཞན་དབང་མ་ཡིན་པ་ཉིད་དང་འགལ་བས་ཁྱད་པར་གྱི་རྒྱུ་སྒྲུབ་པའི་ཕྱིར་རོ། །དེ་ཡང་། དབང་མེད་ཤེས་མེད་སྐྱེ་བོ་འདི། །རང་གི་བདེ་སྡུག་གང་ཡིན་པ། །དབང་ཕྱུག་གིས་འཕངས་མཐོ་རིས་སམ། །ངན་འགྲོ་ཉིད་དུ་འགྲོ་བ་ཡིན། །ཞེས་སྨོས་པ་ནི། གོང་དུ་ནི་བློ་དང་

ལྡན་པ་སྔོན་དུ་འགྲོ་བའི་ངོ་བོ་ནི་ཚིག་ལ་སོགས་པ་ཡོད་པ་མ་ཡིན་ལ་འབྲས་བུའི་ངེས་པ་ཡང་རྒྱུ་ཙམ་ལ་ཚད་མ་ཡིན་གྱི། ཁྱད་པར་ལ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ལ་ད་ལྟར་ནི་སྐྱེ་བ་དང་ལྡན་པ་ཉིད་གོམས་པའི་བསྐྱེད་བྱའི་ཁྱད་པར་གྱི་སེམས་དང་ཁྱད་པར་མེད་པའི་ཕྱིར་འཇིག་རྟེན་ཕ་རོལ་རྗེས་

སུ་དཔག་པ་བཞིན་གཞན་གྱིས་བཙུད་པར་ཁྱད་པར་མེད་པའི་ཕྱིར་སྦྱོར་བྱེད་དབང་ཕྱུག་རྗེས་སུ་དཔག་པ་ཡིན་པར་བསམས་པ་ནི་འདིའི་བྱེ་བྲག་ཡིན་ནོ་ལན་ནི་བདག་ལ་ཆགས་པ་དང་ལྡན་པ་ཞེས་བྱ་བའོ། །བདེན་མོད་ཀྱི་གོམས་པའི་བསྐྱེད་བྱའི་སེམས་འཆིང་བའི་མིང་ཅན་ལས་འཛུད་བྱེད་

རྗེས་སུ་དཔོག་པ་ཡིན་ནོ་མངོན་པར་འདོད་པའི་ཁྱད་པར་ཅན་ཁོ་ན་ཡིན་པ་ནི་ཐོས་པ་གོམས་པ་བཞིན་དུ་མཐོང་བར་རྗེས་སུ་དཔོག་པ་ཡིན་གྱི་གཞན་ནི་མ་ཡིན་ཏེ། གོམས་པའི་བསྐྱེད་བྱའི་ཁྱད་པར་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ཡིན་ཏེ། ཕན་ཚུན་འཆིང་བ་ཡིན་པའི་ཕྱིར་ཞེས་བྱ་བའི་

དོན་ཏོ། །སེམས་ཅན་གཞན་གྱིས་བཀྲི་མིན་པ། །ཞེས་བྱ་བས་ནི། གཞན་གྱིས་ཁས་བླངས་པའི་འཛུད་བྱེད་བཀག་པ་ཡིན་ཏེ། དེས་གོམས་པའི་བསྐྱེད་བྱའི་ཁྱད་པ་ཉིད་ལ་མ་ཁྱབ་པའི་ཕྱིར་དང་། མངོན་པར་འདོད་པའི་ཁྱད་པར་གྱིས་ཁྱད་པར་དེ་གྲུབ་བ་ཡིན་པར་བསྟན་པ་ནི། བདག་

Vol. 180 · folio 263b

ལ་ཆགས་པ་དང་ལྡན་པ་ཞེས་བྱ་བ་སྟེ། ཇི་ལྟར་བདག་ལ་ཆགས་པ་འཛུད་བྱེད་ཡིན་པར་བསྟན་པ་ནི། བདེ་སྡུག་འདོར་ཐུབ་ཅེས་བྱ་བ་སྟེ། བདག་ལ་མངོན་པར་འདོད་པ་ནི། བདག་ལ་ཕན་པ་བྱེད་པའི་ཕྲེང་བ་དང་ཙན་དན་ལ་སོགས་པ་ལའམ། སྦྱིན་པ་ལ་སོགས་པ་ལ་འབྲས་

བུ་མཐོང་བ་དང་། ཅིག་ཤོས་ལ་མངོན་པར་དགའ་བར་བྱེད་པ་ཡིན་ལ། དེ་ལ་མངོན་བར་དགའ་བར་བྱེད་པ་ནི། །དེ་དོན་དུ་མི་གཉེར་བ་འཇོམས་པ་ཡིན་ལ་མངོན་པར་འདོད་པ་དང་། སླར་གནོད་པ་དག་རབ་ཏུ་སྦྱོར་བས་དེ་དང་རྗེས་སུ་མཐུན་པའི་ལས་རྣམས་འཕེལ་བར་བྱེད་པ་

ཡིན་ལ། དེ་རྣམས་ཀྱི་བདེ་འགྲོའམ་ངན་འགྲོར་སྐྱེ་བ་ཡིན་ནོ། །བདག་ཉིད་ཤེས་ན་གནོད་པ་བྱེད་པ་དེ་ལ་མངོན་པར་འདོད་པར་མི་འགྱུར་ལ་སྒྲུབ་བྱེད་སྦྱིན་པ་ལ་སོགས་པ་ལ་མངོན་པར་དགའ་བར་འགྱུར་གྱི་ངན་འགྲོ་ལ་ནི་མ་ཡིན་ཏེ། གནོད་པ་བྱེད་པའི་ཕྱིར་ལ་གནོད་པ་བྱེད་

པ་ལ་ནི་མངོན་པར་དགའ་བ་མ་ཡིན་ནོ། །འདིར་བརྗོད་པ་ནི། ངན་འགྲོ་ལ་ཡང་བདག་ལ་ཆགས་པས་བདེ་བ་དང་སྡུག་བསྔལ་ལ་སོགས་པ་དང་སྔོན་པོ་ལ་སོགས་པར་སྣང་བ་རྣམས་གོམས་པའི་བསྐྱེད་བྱའི་ཁྱད་པར་ཡིན་པའི་ཕྱིར་རང་གི་རིགས་གོམས་པ་ལ་ལྟོས་པ་ཁོ་ན་ཡིན་པར་

ཤེས་པར་བྱའོ། །གནོད་པ་བྱེད་པ་དེ་རྣམས་བདག་ཉིད་དང་ལྡན་པ་ཇི་ལྟར་གོམས་པར་བྱེད་ཅེ་ན། བདག་ལ་ཆགས་པའི་ཕྱིར་རོ། །དེ་ནི་དེ་ལྟར་ཆགས་པར་འགྱུར་བས་གནོད་པ་བྱེད་པ་ལ་གནོད་པས་བསོད་ནམས་མ་ཡིན་པ་འཕེལ་བར་བྱེད་ལ་འཕེལ་བ་དེ་རྣམས་ཀྱིས་ཀྱང་དེ་བཞིན་དུ་དེ་དེ་ལྟ་

བུའི་སྲིད་པ་ཡིན་བར་ལུང་ལས་གོ་བ་ཡིན་ནོ། །གོམས་པའི་བསྐྱེད་བྱ་ཉིད་ཡིན་ན། ཇི་ལྟར་ལས་རྒྱུ་མཚན་ཡིན་དེ་ལྟ་ཡིན་ན་དབང་ཕྱུག་ཀྱང་འགྱུར་བ་ནི་མ་ཡིན་ཏེ། དབང་པོ་རྣམས་སམ་ཤེས་པའམ་ཤེས་རབ་ལ་སོགས་པ་རྣམས་གོམས་པའི་བསྐྱེད་བྱའི་ཁྱད་པར་ཡིན་

པའི་ཕྱིར་རོ། །དགེ་བའི་སེམས་པ་ལ་དང་པའི་རྗེས་སུ་འཇུག་པ་ལས་བྱུང་བ་རྣམས་བདེ་བར་གཤེགས་པ་རྣམས་ལ་མངོན་པར་གསལ་བར་འགྱུར་ལ། མི་དགེ་བའི་སེམས་ལ་ནི་དེ་ལས་བཟློག་པ་ཡིན་པའི་ཕྱིར་གོམས་པ་ལས་བྱུང་བ་ཉིད་དགེ་བ་དང་ཅིག་ཤོས་ཀྱི་བསྒོམ་པ་

Vol. 180 · folio 264a

ལས་བྱུང་བ་རྣམས་ལ་ཁྱད་པར་མེད་པ་ཡིན་ཏེ་དེ་འདྲ་བ་དང་མཐུན་པ་ཡིན་ཞེས་བྱས་ནས་སོ། །གཞན་ནི་ཡུལ་ཏེ་སྣོད་ཡོངས་སུ་གྱུར་པ་ལ་སོགས་པ་ཕྱི་རོལ་གྱི་རྒྱུ་མཐུན་པ་དང་ལྷན་ཅིག་པའི་དུས་སུ་རྒྱུ་དེ་ལས་བྱུང་བ་ཡིན་པར་བརྗོད་པ་ཡིན་གྱི། དེ་ཙམ་གྱིས་

གྲུབ་པའི་ཕྱིར་རོ། །དབང་ཕྱུག་ལ་སོགས་པར་རྟོགས་པ་ནི་མི་རིགས་ཏེ་མི་འདྲ་བར་སྨིན་པ་ནི་རྣམ་པར་སྨིན་པ་ཡིན་པའི་ཕྱིར་ཞེས་བྱས་ནས་རྒྱུ་མཐུན་པ་སྒྲུབ་པར་བྱེད་པ་ཉིད་དེ་དང་ལྷན་ཅིག་བྱུང་བའི་རྣམ་པར་སྨིན་པ་སྒྲུབ་པར་བྱེད་པ་ཉིད་དུ་རིགས་པ་ཡིན་གྱི་དབང་ཕྱུག་ལ་སོགས་པ་

ནི་མ་ཡིན་ཏེ། ཕྱོགས་གཅིག་ལ་ཡང་ནུས་པ་ཡོངས་སུ་མི་ཤེས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དམན་པའི་གནས་ཡོངས་སུ་འཛིན་པས་ནི་མ་ཡིན་ནོ། །འབྱུང་བའི་བསྐྱེད་བྱ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་ཕྱོགས་སྔ་མ་ནི། ཇི་ལྟར་ཐོས་སོགས་འདུ་བྱེད་དང་། །ཞེས་བྱ་བ་ལ་སོགས་པས་

གོམས་པའི་བསྐྱེད་བྱའི་ཁྱད་པར་ཉིད་བསལ་ནས། འདིས་བསལ་བར་བྱ་བ་ནི། དེ་ཕྱིར་འོ་ན་གལ་ཏེ་འབྱུང་བ་ཆེན་པོ་ཙམ་ལས་བྱུང་བ་མ་ཡིན་གྱི་ཞེས་བྱ་བ་ནས་བརྩམས་ནས་མི་འདོད་དོ་ཞེས་བྱ་བའི་བར་གྱིས་བསྟན་པའི་རྗེས་སུ་བརྗོད་པ་ཡིན་ནོ། །དབང་ཕྱུག་གིས་བསྐུལ་བར་ཡང་མི་འདོད་

དོ་ཞེས་བྱ་བའི་ཕྱོགས་སྔ་མ་ཡིན་པར་ཤེས་པར་བྱའོ། །བདག་ཏུ་ལྟ་བ་ཡིན་ཡང་ཆགས་པར་མ་བྱས་ན་མི་འཆིང་པ་ཡིན་ནོ་ཞེ་ན། བརྗོད་པ། སྡུག་བསྔལ་དང་མི་རྟག་པ་ལ་རྒྱུ་མཚན་ལས་བྱུང་བ་ལ་རྒྱུ་མཚན་དུ་ཐ་སྙད་འདོགས་པའི་ཕྱིར་སྡུག་བསྔལ་ནི་རང་བཞིན་གྱིས་མི་རྟག་པ་ཡིན་ལ་

དེ་ལས་བཟློག་པ་ནི་རྟག་པ་ཡིན་ཏེ། དེ་ཡང་བདེ་བའི་ངོ་བོའི་ཁོངས་སུ་གཏོགས་པ་ཡིན་ལ་དེ་ལ་བློ་གྲོས་ཏེ་བདག་གོ་ཞེས་བྱ་བ་ནི་བློ་ཡིན་ལ་དེ་ཁོ་ན་ཆགས་པ་ཡིན་ཏེ། མངོན་པར་འདོད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །བདག་ཏུ་ལྟ་བ་ནི་རྟག་པ་དང་བདེ་བ་བདག་ཉིད་ཀྱི་ཡུལ་ཡིན་པ་ཉིད་ཀྱིས་མངོན་

པར་འདོད་པའི་རང་བཞིན་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བདག་ལ་ཕན་འདོགས་པར་བྱེད་པ་ལ་སྐྱེ་བའི་དང་པོ་ལ་སྲེད་པ་ཡང་དེ་ལ་ཆགས་པ་ལས་འགྱུར་བའི་ཕྱིར་གཉིས་པོ་དེ་འཆིང་བའི་རྒྱུ་ཡིན་གྱི་དབང་ཕྱུག་ནི་མ་ཡིན་ཏེ། ནུས་པ་མི་ཤེས་པའི་ཕྱིར་རོ། །འདས་པའི་སྲིད་པ་ལས་

Vol. 180 · folio 264b

འདིར་འོངས་པ་དང་འདི་ལས་ཀྱང་མ་འོངས་པར་འགྲོ་བ་ནི་ཡུལ་ནས་ཡུལ་གཞན་བཞིན་དུ་འབྱུང་བའི་བསྐྱེད་བྱ་མ་ཡིན་ན་རྟོགས་བར་འགྱུར་ལ་དམིགས་པའི་ཡུལ་ཡིན་ཡང་མ་དམིགས་པའི་ཕྱིར་འབྱུང་བྱ་བསྐྱེད་བྱ་ཁོ་ན་ཉིད་ཡིན་ཏེ་དེ་ཡོད་ན་འབྱུང་བའི་ཕྱིར་ཞེས་ཟེར་བ་ནི། གལ་ཏེ་འགྲོ་འོང་མ་མཐོང་ན། །ཞེས་བྱ་

བའོ། །དེ་འདི་ནི་མི་རིགས་ཏེ། སྔ་མ་བཞིན་དུ་གོམས་པའི་བསྐྱེད་བྱའི་ཁྱད་པ་ཉིད་ལ་སོགས་པ་ལས་འབྱུང་བའི་བསྐྱེད་བྱ་ཉིད་ཡིན་པ་གསལ་བའི་ཕྱིར་རོ། །དེའི་ཕྱིར་འཇིག་རྟེན་ཕ་རོལ་གྱི་འགྲོ་བ་ལ་སོགས་པ་མ་མཐོང་པ་ནི་ནུས་པ་དང་ལྡན་པའི་སྐྱེས་བུས་བཙུད་པས་མྱུར་དུ་འཕངས་པའི་བོང་བ་ལ་

སོགས་པའམ། དབུགས་འབྱིན་པར་བྱེད་པ་བཞིན་དུ་ཤུགས་དང་ལྡན་པ་ཁོ་ནའི་ཕྱིར་ཉེ་བར་མཚོན་པར་མི་འགྱུར་རོ། །བདག་ལ་ཆགས་པ་དང་སྲིད་པ་དག་ཁོ་ན་འཛུད་བྱེད་ཉིད་དུ་བརྗོད་པ་ཡིན་ནོ་ཞེ་ན། བདེན་ཏེ། དེ་གཉིས་ཀྱང་འགྲོ་བ་ལ་སོགས་པར་ཉེ་བར་མཚོན་པ་མ་ཡིན་པར་མཚོན་པ་ཡིན་ཏེ།

སྐུལ་བྱེད་ཀྱང་ཞེས་བྱ་བ་ནི། འགྲོ་བ་དང་འོང་བར་མཐོང་བའི་ཤུགས་དང་ལྡན་པའི་འཛུད་བྱེད་སྔོན་དུ་འགྲོ་བ་ཅན་ནི་ཕན་བྱེད་ཀྱི་ཁྱད་པར་འཕེན་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ན་མ་རིག་པ་དང་སྲེད་པ་དག་གིས་བཙུད་པས་འགྲོ་བ་ནི་མཐོང་བའི་ལུས་ལ་ཡོད་པའི་ཕྱིར་དེ་མེད་ན་

སྐྱེ་བ་སྔ་མ་ལས་འཇིག་རྟེན་འདི་དང་འདི་ལས་ཀྱང་ཕ་རོལ་དུ་ཇི་ལྟར་འོངས་པ་དང་འགྲོ་བ་ཡང་ཡིན་རྣམ་ཤེས་ལས་གཞན་ཉེ་བར་བརྟེན་པ་མེད་ན་འགྲོ་བའམ། གཞན་ཡང་མ་ཡིན་ཏེ། སྐད་ཅིག་མ་ཡིན་པའི་ཕྱིར་དང་ལུས་ལ་སྲེད་པ་དང་བཅས་པ་ནི་ངེ་མེད་ན་སྐྱེ་བ་སྔ་མ་མི་གནས་པའི་ཕྱིར་རོ། །

དེའི་ཕྱིར་འགྲོ་བ་དང་འོང་བ་དག་མཐོང་བའི་ཕྱིར་རྣམ་ཤེས་འཇིག་རྟེན་ཕ་རོལ་པ་མ་ཡིན་ནོ། །འོན་ཀྱང་བདག་ནི་མ་ཡིན་ཏེ། རྟག་པ་དང་ཁྱབ་བདག་ཉིད་དག་གི་ལུས་གཞན་དང་འབྲེལ་པའི་ཕྱིར་ལ་དེ་ཡང་ཉིན་ཞག་གཞན་ལ་མཐོང་བ་ཉིན་ཞག་གཞན་ལ་བདག་འདི་མཐོང་བར་འགྱུར་བ་

ཡིན་ནོ་ཞེས་ཤེས་པ་ལས་ཡོད་པ་མ་ཡིན་ནོ། །སྐད་ཅིག་མའི་ཤེས་པ་རྣམས་ལ་ནི་དེ་ལྟ་བུ་མི་སྲིད་དོ། །དེའི་ཕྱིར་དེ་རྣམས་ནི་གཅིག་མ་ཡིན་ལ་བདག་དེ་ནི་འཇིག་རྟེན་ཕ་རོལ་པ་ཡིན་ནོ་ཞེས་ཟེར་བ་ནི། གལ་ཏེ་འགྲོ་འོང་ཞེས་བྱ་བའོ། །ལན་ནི། དབང་པོ་མི་གསལ་ཕྱིར་མི་

Vol. 180 · folio 265a

མཐོང་། །ཞེས་བྱ་བའོ། །འགྲོ་བ་དང་འོང་བ་དག་གི་མ་མཐོང་བ་ནི་ཤུགས་སམ་འཕེན་བྱེད་ཡིན་པར་གོ་བར་བྱེད་པ་མ་ཡིན་གྱི་འགྲོ་བ་དང་འོང་བ་ཡང་བདག་ལ་ཆགས་པས་འཕངས་པ་འབའ་ཞིག་ཁོ་ན་ཡིན་གྱི་དབང་པོས་རྟོགས་པ་ནི་མ་ཡིན་ཏེ། གསལ་

པོ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་འདི་ཡོད་ན་དོན་གྱིས་གོ་བ་ལ་ནུས་པ་མེད་དོ། །འཛུད་བྱེད་གཞན་ཡིན་པར་སྨྲ་བ་པོ་ཡང་གསལ་པོ་ཉིད་ལ་སྐུར་པ་འདེབས་པ་ཡང་མ་ཡིན་ནོ། །ལུས་འདི་བསྲེགས་པའམ་བོར་བ་མ་ཡིན་ནམ། དེ་ཇི་ལྟར་འགྲོ་བ་དང་འོང་བ་ཡིན། །ལུས་

གཞན་ཁོ་ན་མ་འོངས་པའི་སྲིད་པའི་རྣམ་པ་ཅན་ནི་དེའི་ཚེ་འབྱུང་བའི་ཕྱིར་སྐྱོན་མེད་དོ། །འདི་ནི་སད་པའི་ལུས་ལས་གཞན་པའི་ལུས་རྨི་ལམ་ན་མཐོང་བ་ཡིན་ནོ། །དེ་ཁོ་ན་ལ་ཇི་ལྟར་འཕོ་བ་ཡིན་ཞེ་ན། རྨི་ལམ་ལུས་ཁོ་ན་ལྟ་བུ་ཡིན་པའི་ཕྱིར་སྐྱོན་མེད་དོ། །འདི་སྐད་

བསྟན་པར་འགྱུར་ཏེ། སྐད་ཅིག་མའི་རྣམ་ཤེས་ནི་སྔ་མ་དང་ཕྱི་མའི་རྣམ་པས་དབེན་པའི་དམིགས་པ་ནི་དེ་དང་ལྷན་ཅིག་པ་ཉིད་དུ་འཛིན་པའི་དོན་བྱེད་པར་རྣམ་པར་གཞག་པར་བྱེད་པ་ཡིན་གྱི་རང་གི་ངོ་བོ་དང་འགལ་བས་ནི་མ་ཡིན་ནོ། །གོམས་པས་ཉེ་བར་བསྐྱེད་པའི་ཁྱད་པར་ནི་རང་གི་

རིགས་ལ་ལྟོས་པ་ནི་དེ་མེད་པས་དུས་གཞན་ལ་ལྟོས་པ་ཡིན་ཏེ། དེ་ཇི་ལྟར་རྒྱུར་གྱུར་པ་དེ་བཞིན་དུ་བརྟག་པར་བྱ་བ་ཡིན་པའི་ཕྱིར་རྟོག་པ་ནི་མཐོང་བའི་རྗེས་སུ་འབྲང་བ་ཡིན་ལ། མཐོང་བ་ཡང་ཉིན་ཞག་རེ་རེ་ལ་རྨི་ལམ་གྱི་ལུས་ཀྱང་ལུས་ཀྱི་བར་དུ་ཆོད་པའི་སད་པའི་ལུས་སོ། །

དེ་བཞིན་དུ་འདི་ལ་ཡང་འཇིག་རྟེན་འདི་དང་ཕ་རོལ་ཏུ་བྱུང་བའི་ལུས་དག་གི་བར་དུ་འབྱུང་བ་ནི་ཡུལ་གཞན་ཡིན་ནོ། །ཇི་ལྟར་ཡང་གཉིད་ལོག་པ་ན་དགག་པའི་སེམས་ནི་ལུས་གཞན་ན་སད་པའི་སེམས་ལ་གཞན་མེད་ཀྱང་སྐྱེད་བྱེད་ཡིན་པ་དེ་བཞིན་དུ་སྐྱེ་བ་གཞན་གྱི་སེམས་ནི་ཡུལ་

དང་དུས་ཀྱིས་བར་དུ་ཆོད་པའི་སེམས་ཀྱིའོ། །དེ་ལྟར་ཡང་ཡུལ་ཐག་རིང་པོའི་ཟླ་བ་ནི། ཆུ་སྣོད་རྣམས་ཀྱི་ཆུ་ལ་བདག་ཉིད་སྣང་བར་བྱེད་ལ་དེ་ནི་གཟུགས་བརྙན་ཡིན་པར་བརྗོད་ཀྱི་ཆུ་ལས་གཞན་པ་ཉིད་གཟུགས་བརྙན་གྱི་ངོ་བོ་ནི་མ་ཡིན་ཏེ། ཐོགས་པ་དང་བཅས་པ་དག་ནི་གཅིག་

Vol. 180 · folio 265b

ལ་མི་འཇུག་པའི་ཕྱིར་རོ། །ཡང་ན་ཐོགས་པ་དང་བཅས་པ་ཉིད་གསེར་ལ་དངུལ་ཆུ་བཞིན་དུ་དངོས་པོ་གཞན་ཡིན་ལ་རང་གི་ཡུལ་ལ་གཟུགས་འཛིན་པ་ནི་སོ་སོར་སྣང་བ་དང་འགལ་བ་ཡིན་གྱི། གཞན་དང་གཞན་པ་ཙམ་གྱིས་ཁས་བླངས་པར་འོས་པ་ནི་མ་ཡིན་ནོ། །དེ་ལ་དབང་

པོ་ལས་འདས་པའི་དུ་བ་འབའ་ཞིག་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན། ཐོགས་པ་མེད་པ་ནི། རི་ལ་སོགས་པ་གང་ལ་ཡང་ཐོགས་པ་མེད་པ་ཡིན་ཏེ། གསེར་ལ་དངུལ་ཆུ་ལྟ་བུ་ནི་ཕྲ་བའི་ཕྱིར་རོ། །འགྲོ་བ་དང་འོང་བ་མ་མཐོང་བ་མ་ཡིན་ཏེ། གང་གི་ཕྱིར་སྲིད་པ་བར་དོའི་ལུས་ནི་མེད་

པ་ཁོ་ན་ཡིན་ནོ། །དེ་ལྟ་ཡིན་ཡང་སྐྱེ་བ་སྔ་མའི་མཐའི་སེམས་ཀྱིས་སྐྱེ་བ་འདིའི་དང་པོའི་སེམས་ཐག་རིང་བ་ཡིན་ཡང་གཉིད་ལོག་པར་རྩོམ་པའི་སེམས་ཀྱིས་སད་པའི་སེམས་བཞིན་དང་ཟླ་བས་གཟུགས་བརྙན་བཞིན་དུ་བསྐྱེད་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ན་ལུས་ལ་མེ་ལོང་

ལ་སོགས་པ་ལ། ལུས་ཀྱི་གཟུགས་བརྙན་ཡོད་པ་འདི། །གཞན་ལ་ཡང་དེ་བཞིན་དུ་མཐོང་བ་ཡིན་ནོ། །གང་གི་ཕྱིར་ལུས་ཅན་ཡིན་ཡང་ཕྲ་བའི་ཕྱིར། འགའ་ཞིག་ལ་ལར་ཐོགས་མེད་དེ། །ཇི་ལྟར་བུམ་པར་ཆུ་བཞིན་དང་། གསེར་ལ་དངུལ་ཆུ་བཞིན་

མཐོང་བ་ཡིན་ནོ། །འགྲེལ་པ་མཛད་པས་ནི་ཕྲ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པས་སྲིད་པ་བར་མ་དོ་མ་མཐོང་བའི་རྒྱུ་ཡིན་ནོ་ཞེས་ཟེར་བ་ལ། མ་ཡིན་ཞེས་བྱ་བས་འགེགས་པར་བྱེད་པ་ཡིན་ཏེ་གང་གི་ཕྱིར་མ་མཐོང་བའི་ཕྱིར་ཏེ་གཞན་དུ་ཡང་རྨི་ལམ་བཞིན་དང་གཟུགས་བརྙན་

བཞིན་དུ་སྲིད་པ་གཞན་མཚམས་སྦྱོར་བ་རིགས་པ་ཉིད་ཀྱིས་མེད་པའམ་ནི་སྲིད་པ་བར་མའི་ལུས་ཡིན་པར་བསྟན་པ་ནི། འོན་ཀྱང་ཞེས་བྱ་བའོ། །འགའ་ཞིག་ཏུ་འགྲོ་བར་འདོད་པའི་སེམས་ལུས་མེད་ན་འགྲོ་བའི་ཡུལ་ཐག་རིང་པོར་ཇི་ལྟར་འགྲོ་བ་ཡིན། ལུས་མེད་པ་

ཉིད་དུ་འགྲོ་བ་མི་སྲིད་པའི་ཕྱིར་རོ། །ལུས་ཡོད་པ་ཡིན་ན་ཐག་རིང་པོར་ཡང་དེ་འགྲོ་བ་ཁོ་ནས། ཡུལ་པ་ཊ་ལི་པུ་ཏྲ་ནས། ཡུལ་པཱ་ཎ་ཌི་དང་། མ་ཐུ་རར་འགྲོ་བ་ལྟ་བུ་ཡིན་ནོ་སྙམ་དུ་སེམས་པ་ལ། དེ་ལྟར་འདིར་ནི་མ་ཡིན་ཏེ་ཞེས་བྱ་བ་སྟེ། དུས་ཀྱིས་བར་དུ་ཆོད་པ་ནི་

Vol. 180 · folio 266a

གཉིད་ཀྱིས་ཆོད་ཀྱང་སང་བ་ན་འབྱུང་བའོ། །འདི་ལ་ཡུལ་གྱིས་བར་དུ་ཆོད་པ་བསྟན་པ་ནི། གང་ཞིག་ནི་གྲོང་དང་ཞེས་བྱ་བའོ། །ཡུལ་གྱིས་བར་དུ་ཆོད་པ་བསྟན་པ་ནི། འགའ་ཞིག་ནི་འདི་ན་འདུག་པ་ཉིད་ཅེས་བྱ་བ་སྟེ་རྒྱུན་གྱིས་སོ། །རྨི་ལམ་ན་

ནི་དེ་ལྟ་མ་ཡིན་ཏེ། གང་ལས་གང་དུ་འདི་འགྲོ་བ་དེ་དག་གི་བར་ན་ལུས་དང་སེམས་ཀྱི་རྒྱུད་དམིགས་པ་མ་ཡིན་ཏེ། དེ་མེད་པའི་ཕྱིར་ཏེ། བག་ཆགས་བརྟན་པོ་མེད་པའི་ཕྱིར་རོ། །སོ་སོར་སྣང་བཞིན་པའི་གཟུགས་བརྙན་མེད་པའི་ཕྱིར་ནི་མ་ཡིན་ཏེ། དམིགས་

པ་ནི་ཡོད་པར་བརྗོད་པ་ཡིན་པར་བསྟན་པའི་ཕྱིར་རོ། །དེའི་ཕྱིར་རྨི་ལམ་བཞིན་དུ་འཕོ་བ་ནི་འཇིག་རྟེན་ཕ་རོལ་ཏུ་འབྱུང་བ་མི་བདེན་པ་མ་ཡིན་ནོ། །འོན་ཏེ་སད་པའི་ཤེས་པ་ནི་རྨི་ལམ་དུ་མཐོང་བ་ལས་བཟློག་པར་འཛིན་པ་ཡིན་པའི་ཕྱིར་དེས་རྟོགས་པ་མེད་པའི་བདག་

ཉིད་གསལ་བར་བྱེད་པ་ནི་རྣམ་ཤེས་ཀྱི་ནུས་པ་ཡིན་པའི་ཕྱིར་དེ་སྣང་བ་ཡིན་ནོ་སྙམ་དུ་སེམས་པ་ལ། སད་པའི་སོ་སོར་སྣང་བ་ཡང་བདག་ཉིད་ཁོ་ནའི་མ་ཡིན་ཏེ། མི་བདེན་པའི་རྨི་ལམ་དུ་དེ་ལས་བཟློག་པར་འཛིན་པར་སྣང་བའི་ཕྱིར་རོ་ཞེས་བསྟན་པ་ནི། གལ་ཏེ་སྣང་བ་གཞན་ཐོབ་པས། །ཞེས་བྱ་བའོ། །དེས་ན་སྐྱེ་

བ་གཞན་པ་ཡང་། །ཞེས་བྱ་བ་སྟེ། སད་པ་ན་མཐོང་བའོ། །གལ་ཏེ་བཟུང་བ་ཉིད་དུ་སྣང་བཞིན་པ་ཡང་མི་བདེན་པ་ཡིན་ནོ། །བྱེ་བྲག་མེད་པར་འགྱུར་ཏེ་ཁྱད་པར་མེད་པའི་ཕྱིར་རོ། །གཉི་ག་ཡང་གཉིས་ཀ་ལ་ལྟོས་པས་བཟློག་པ་ཉིད་ཀྱིས་ཕན་ཚུན་གེགས་བྱེད་པའི་ཕྱིར་རོ། །གེགས་བྱེད་པ་སྟོབས་མཉམ་

པ་དག་མ་ཡིན་ནམ། རྨི་ལམ་དུ་མཐོང་བ་ནི་རྒྱུ་མེད་པ་ཡིན་ཏེ་སྐྱེད་བྱེད་མེད་པའི་ཕྱིར་རོ། །དམིགས་པར་བྱེད་པའི་དབང་པོ་ལ་སོགས་པ་མེད་པའི་ཕྱིར་གློ་བུར་དུ་དམིགས་བཞིན་པ་ནི། སད་པ་ན་མཐོང་བ་དང་ལྡན་པས་མཉམ་པ་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་

རྨི་ལམ་གྱི་ཞེས་བྱ་བའོ། །ལན་ནི། སད་པའི་བུམ་པ་ལ་སོགས་ཀྱང་། །ཞེས་བྱ་བ་སྟེ། སྐྱེད་བྱེད་ཀྱང་ངོ་། །དེ་མེད་ཀྱང་དམིགས་བྱེད་ཡོད་པའི་ཕྱིར། དེ་ལ་དམིགས་པ་ཡིན་ནོ་ཞེ་ན། རྨི་ལམ་ན་ཡང་བག་ཆགས་ལ་སོགས་པ་དམིགས་བྱེད་ཡོད་པ་ཁོ་ན་ཡིན་ཏེ་དེ་

Vol. 180 · folio 266b

མེད་ན་མི་འབྱུང་བའི་ཕྱིར་རོ་ཞེས་བསྟན་པ་ནི། འོན་ཏེ་ཚོགས་པ་ལས་ནི་འབྱུང་བར་མཐོང་བ་ཞེས་བྱ་བ་སྟེ། སྐྱེད་བྱེད་མེད་པར་གཉིས་ཀ་ལ་ཡང་མཚུངས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལ་སྐྱེད་བྱེད་དུ་རྟོགས་པའི་རྒྱུ་མཚན་རེས་འགའ་བའི་དམིགས་པ་ནི། རྨི་ལམ་ན་

ཡང་ཞེས་བྱ་བའོ། །ཐུན་མོང་མ་ཡིན་པ་གཉིད་ལོག་ཀྱང་རྨི་ལམ་བཞིན་དུ་དེ་རྣམས་ལ་ཁྱད་པར་མེད་པར་བསྟན་པ་ནི། གཞན་གྱིས་ཞེས་བྱ་བའོ། །ཐུན་མོང་པ་ཁོ་ན་རི་ལ་སོགས་པ་རྣམས་མ་ཡིན་ནམ། དམིགས་བྱེད་ཀྱི་ཚོགས་པ་དང་བྲལ་བས་ལོང་

བ་བཞིན་དུ་འབའ་ཞིག་དམིགས་པ་མ་ཡིན་ནོ་སྙམ་དུ་སེམས་པ་ལ། རྨི་ལམ་དུ་མཐོང་བ་ཡང་ཐུན་མོང་བ་ཡིན་ཏེ། རྨི་ལམ་གྱི་ཚོགས་པ་དང་བྲལ་བས་འབའ་ཞིག་ནི་མ་ཡིན་ནོ། །དེའི་ཕྱིར་དེ་ཡང་བདེན་པ་ཁོ་ན་ཡིན་པར་བསྟན་པ་ནི། ཇི་ལྟར་འཁོར་བའི་ཞེས་

བྱ་བའོ། །རྨི་ལམ་དུ་མཐོང་བ་ཉིད་ཀྱིས་རྒྱུའི་སྐྱོན་གྱིས་འབྱུང་བ་ཡིན་ལ་དེས་ན་མི་བདེན་པ་མ་ཡིན་ནམ། སད་པ་ན་མཐོང་བ་ནི་མ་ཡིན་ཏེ། གང་གི་ཕྱིར་གཉིད་དང་བྲལ་བའི་སེམས་ནི་རང་རིག་པ་ཡིན་པར་བདག་ཉིད་རིག་པ་ནི་སད་པའི་གནས་སྐས་སུ་

བརྗོད་དོ། །དེའི་ཕྱིར་དེ་ནི་དེའི་གནོད་བྱེད་ཡིན་ནོ་སྙམ་དུ་སེམས་པ་ནི་སད་པར་རྟོགས་པ་ཞེས་བྱ་བའོ། །གཉིད་དང་བྲལ་བ་རང་ཉིད་རིག་པ་དེ་ནི་རྨི་ལམ་དུ་མངོན་པར་འདོད་པ་ལ་ཡང་མཚུངས་པར་བསྟན་པ་ནི། རྨི་ལམ་དུ་ཡང་སད་པའི་བློ། །ཞེས་བྱ་བའོ། །

བདེན་པ་དང་། ཅིག་ཤོས་ཉིད་ནི་ད་ལྟར་ཡང་གཉིས་ཀ་ལ་གནས་པ་མ་ཡིན་ཏེ། གསལ་བར་སྣང་བའི་ཁྱད་པར་གྱིས། །ཞེས་བསྟན་པ་ནི། སད་པར་འདོད་པའི་ཞེས་བྱ་བའོ། །སད་པར་འདོད་པའི་གནས་སྐབས་ལ་རྨི་ལམ་དུ་མཐོང་བ་མེད་དོ་ཞེས་

བྱ་བར་ཤེས་པ་ཡིན་ཏེ། དེས་ན་མི་བདེན་པ་ཡིན་ནོ། །དེའི་ཕྱིར་ཁྱད་པར་མེད་པ་མ་གྲུབ་པོ། །སྔ་མ་ལ་ནི་གནོད་མེད་ན། ཕྱི་མ་སྐྱེ་བ་གྲུབ་པ་ནི་སྙམ་དུ་སེམས་པ་ནི། འོན་ཏེ་འདི་ནི་མི་བདེན་ནོ་ཞེས་བྱ་བའོ། །གང་གི་ཕྱིར་འདི་མེད་དོ་ཞེས་བྱ་བའི་ཤེས་པ་དེ་

Vol. 180 · folio 267a

ནི་དེའི་རྨི་ལམ་ན་ཡང་དེ་དང་བྲལ་བའི་དམིགས་པ་ཡོད་པ་ཡིན་ཏེ། གོམས་པ་མེད་པ་འབའ་ཞིག་ལས་ནི་དེ་ལས་བྱུང་བ་དེ་མ་ཡིན་ལ། དེའི་ཕྱིར་འདི་ལ་ཡང་ཁྱད་པར་མེད་པ་ཁོ་ན་ཡིན་པར་བསྟན་པ་ནི། སད་པའི་རྟོག་པ་ལ་ཡང་ཞེས་བྱ་བ་སྟེ། །

དེ་ལྟར་རྟོགས་པ་ཉིད་ཀྱིས་ནི་མེད་དོ་ཞེས་བྱ་བར་རྟོགས་པ་ཁོ་ནས་སོ། །དེ་ཉིད་ཅེས་བྱ་བ་ནི་མེད་པ་ཉིད་དོ། །དེའི་མཚན་ཉིད་ཀྱིས་ཀྱང་ཞེས་བྱ་བ་ནི་དེའི་ངོ་བོ་ཉིད་དེ་མེད་པ་ཉིད་ཤེས་བྱར་གནས་པ་ཡིན་ན། དེའི་ཤེས་པ་རྒྱུ་ཉིད་ལས་དེ་འབྱུང་བ་མ་ཡིན་ཏེ། ཐལ་ཆེས་པའི་ཕྱིར་

རོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་མེད་དོ་ཞེས་བྱ་བའི་ཤེས་པ་ལས་དེ་ཉིད་དུ་མི་འགྱུར་ཏེ། སོ་སོར་སྣང་བ་གསལ་བའི་ཕྱིར་རོ་ཞེས་ཟེར་པ་ལ་གཞན་ཡང་མི་བདེན་ནོ་སྙམ་པའི་བྱ་བ་སྟེ། བདེན་ལས་ཞེས་བྱ་བ་ནི་མ་ཡིན་པར་དགག་པ་ཡིན་ལ་བདེན་མེད་དེ་འདིར་དགག་པ་ཡིན་ཞེས་

བྱ་བ་ནི་མེད་པར་དགག་པའོ། །དེའི་རང་བཞིན་ཏེ། རྨི་ལམ་དུ་མཐོང་བའི་གསལ་བ་ནི་དེ་དང་འགལ་བ་ནི་དམིགས་པའི་ཕྱིར་གཉིས་ཀ་ཡང་མི་རིགས་སོ། །འཐད་པ་མ་ཡིན་ཞེས་བྱ་བ་ནི་མ་ཡིན་པར་དགག་པ་བསྟན་པ་ཡིན་ལ་ཞེས་བྱ་བར་མི་འཐད་དོ་ཞེས་བྱ་བས་

ནི་མེད་པར་དགག་པ་ཡིན་ནོ། །སྔ་མ་ལ་འཐད་པ་ནི་དེ་ལས་གཞན་ཉིད་ཅེས་བྱ་བའོ། །ཕྱི་མ་ལ་ནི། མེད་པ་ཡང་མ་ཡིན་ཏེ་ཞེས་བྱ་བའོ། །ཡུན་རིང་ནས་དམིགས་པའི་ལྟོས་པ་ཙམ་ཁྱད་པར་མ་ཡིན་པར་བསྟན་པ་ནི། སྐྱེད་མོས་ཚལ་གྱིས་ཞེས་བྱ་བའི་

སྟེ་རང་གི་རྣམ་པ་ཉིད་ལ་ཕྱི་རོལ་ཏུ་མངོན་པར་སེམས་པ་ནི་རྟོག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་མངོན་པར་སེམས་པ་ལ་མི་སླུ་བ་ཅན་ཡིན་པའི་ཕྱིར། གནོད་པ་མེད་པར་བསྟན་པ་མ་ཡིན་ནམ། རྨི་ལམ་དུ་མཐོང་བས་གནོད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་

དོན་ཡིན་ནོ་ཞེས་ཟེར་བ་ནི། གལ་ཏེ་རྨི་ལམ་དུ་དམིགས་པའི་བུམ་པ་ཞེས་བྱ་བའོ། །མི་སླུ་བ་ཅན་ཉིད་ཁོ་ན་ཡིན་ཞེས་ཟེར་བ་ནི་བཀྲུས་མ་ཐག་ཏུ་ཞེས་བྱ་བའོ། །ལན་ནི། རྨི་ལམ་མཐོང་བ་བག་ཆགས་པའི། །ཞེས་བྱ་བ་སྟེ། རབ་ཏུ་དགའ་བ་ལ་ལོངས་སྤྱོད་པའོ། །

Vol. 180 · folio 267b

དེ་ལ་མི་སླུ་བ་ལ་གནོད་པ་ཅན་མེད་པ་ནི་རྣལ་མ་ཡིན་ནོ། །ཅི་ལས་ཤེ་ནོ། རྨི་ལམ་དུ་སླར་ཡང་དེ་ཉིད་ལའམ་གཞན་ལ་ཡང་ངོ་། །འདི་ནི་ཞེས་བྱ་བ་ནི། རབ་ཏུ་དགའ་བ་ལ་ལོངས་སྤྱོད་པའོ། །རིག་ཕྱིར་རོ་ཞེས་བྱ་བ་ནི་དེའི་ཚེ་ཁོ་ན་དོན་བྱེད་པར་ཉམས་སུ་

མྱོང་བས་མི་སླུ་བའི་ཕྱིར་རོ། །དེའི་ཕྱིར་སད་པ་དང་རྨི་ལམ་ཡང་མི་སླུ་བ་དང་ཅིག་ཤོས་དག་གིས་ཚད་མ་དང་ཅིག་ཤོས་དག་ཡིན་ཞེས་བྱ་བའི་དོན་ཏོ། །རྨི་ལམ་དང་ཅིག་ཤོས་ཉིད་ལ་མཐོང་བ་ཉིད་ཀྱིས་དེ་དག་གིས་མི་བདེན་པ་དང་ཅིག་ཤོས་ཉིད་དུ་རྣམ་པར་

ཕྱེ་བ་ཁོ་ན་ཡིན་ན་རྣམ་པར་དབྱེ་བའི་རྒྱུ་གཞན་ཅི་དགོས་སྙམ་དུ་སེམས་པ་ལ། རྨི་ལམ་ཅིག་ཤོས་ཞེས་བྱ་བ་སྟེ། སོ་སོར་སྣང་བ་ཉིད་ནི་དེ་ཉིད་དང་ཅིག་ཤོས་ཀྱི་རྣམ་པར་དབྱེ་བ་བྱེད་པ་མ་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །སླུ་བ་དང་ཅིག་ཤོས་ཀྱི་རྣམ་པར་

དབྱེ་བ་མ་གྲུབ་པ་ཡིན་ཞེས་བྱ་བའི་དོན་ཏོ། །སྐྱེས་མོས་ཀྱིས་འདི་ལ་དམིགས་པ་མེད་པའི་ཕྱིར་ཞེས་བྱ་བ་མི་རིགས་པ་མ་ཡིན་ནམ། གང་གི་ཕྱིར་མེད་པའི་ཕྱིར་ཞེས་བྱ་བ་འདི་ནི་དམིགས་པ་མ་ཡིན་ཏེ། །མེད་དོ་ཞེས་བྱ་བ་འདི་དམིགས་པ་ཡིན་པའི་ཕྱིར་རོ། །ཉེ་བར་

བརྟེན་པ་དང་བྲལ་ན་ཤེས་ན་ཅུང་ཟད་སྐྱེ་མི་འགྱུར་སྙམ་དུ་སེམས་པ་ལ། འདི་ནི་མེད་ཅེས་ཤེས་པ་ནི་ཞེས་བྱ་བ་ནི་སྟེ། གཞན་གྱིས་རྟོགས་པར་ཞེས་བྱ་བ་ནི་མངོན་སུམ་ན་མ་རྗེས་སུ་དཔག་པས་སོ། །གཟུགས་དང་རོ་ལ་སོགས་པ་ནི་དེར་སྣང་བའི་མངོན་སུམ་གྱིས་རྟོགས་

པ་ཡིན་ཏེ། དེས་ན་ཡོད་པ་ཉིད་ནི་གཞན་ལས་དབེན་པ་དང་བྲལ་བས་མི་སྣང་བའི་ཕྱིར་རོ། །དེ་དེས་དབེན་པའི་ངོ་བོ་ཁོ་ན་ཡིན་པའི་ཕྱིར་ཤེས་པ་ཡིན་ཏེ་དེ་ལ་རུང་བའི་ཡུལ་ཅན་རྣམས་ཀྱིས་མི་ཤེས་ཀྱང་རང་ཉིད་ཤེས་པའི་ཕྱིར་རོ། །དེ་དང་བྲལ་བའི་ངོ་བོ་འབའ་ཞིག་ནི་མངོན་སུམ་གྱི་

རྗེས་སུ་འབྲང་བས་ཤེས་པ་ནི་བདག་གི་རྣམ་པའི་སྐྱེད་བྱེད་དུ་མངོན་པར་སེམས་པ་ཡིན་ནོ། །དེས་ན་འདིའི་དམིགས་བྱ་ནི་མངོན་པར་སེམས་པ་མ་གཏོགས་པ་གཞན་མ་ཡིན་པར་བསྟན་པ་ནི། དེ་ལྟ་བུར་གྱུར་པ་ཞེས་བྱ་བའོ། །བག་ཆགས་ལས་བྱུང་བ་ཡང་དེ་ཁྱད་པར་

Vol. 180 · folio 268a

གང་གིས་ངེས་པ་ཅན་གྱི་ཕྱི་རོལ་གྱི་ངོ་བོ་ལ་མངོན་པར་རློམ་པ་ཡིན་ནོ་སྙམ་དུ་སེམས་པ་ནི། ཁྱད་པར་གང་གིས་ཞེས་བྱ་བ་སྟེ། འདིའི་མངོན་པར་རློམ་པའི་བྱ་བ་འདི་ཕྱི་རོལ་གྱིས་བྱས་པའི་ཕྱིར་རོལ་ཡུལ་ཡིན་པས་དེ་ལ་དམིགས་པ་མེད་པ་ཡིན་ཞེས་བྱ་བའི་དོན་ཏོ། །

ལན་ནི་དེ་ལ་སེམས་གཏད་པ་ཞེས་བྱ་བ་སྟེ། དྲན་བཞིན་པའི་དགག་བྱ་ལ་གཏད་པས་མ་རྨོངས་པར་དྲན་པའི་འདུ་བྱེད་ཀྱི་དམིགས་པ་མེད་པ་སྟེ། །གཞན་དམིགས་པས་རྨི་ལམ་ལས་ཁྱད་པར་དུ་བྱེད་པ་ཡིན་ནོ། །འདི་སད་པ་ཡང་ཡིན་ལ་བདག་ཉིད་ཀྱང་ཡིན་པ་དེ་ལ་

མངོན་པར་རློམ་པ་དེ་འདི་ལ་ཡོད་པ་དེས་རྨི་ལམ་གྱིས་སོ། །དེ་ལྟ་བུའི་དམིགས་པའི་བསྐྱེད་བྱ་ཤེས་པ་དེ་ནི་དེར་རློམ་པ་ཡིན་ལ་དེ་འཛིན་བྱེད་ནི་མ་ཡིན་ལ། དེའི་མེད་པ་ཉིད་འཛིན་པ་ནི་མ་ཡིན་ནོ། །དེའི་ངོ་བོ་སྣང་བ་བཞིན་དུ་སྣང་བ་མ་ཡིན་པའི་ཕྱིར་ཞེས་བྱ་བའི་

དོན་ཏོ། །དེ་ཉིད་སད་པ་ཡིན་པར་དབྱེ་བ་གང་གིས་མངོན་པར་འདོད་པ་ཡིན་ཞེས་བྱ་བ་ལ་སད་པར་མངོན་པར་རློམ་པ་ཞེས་བྱ་བ་སྨོས་ཏེ། ཉལ་བའི་ལུས་ནི་རྨི་ལམ་ནའོ། །གཞན་ལ་ནི་གཞན་དུ་ཞེས་བྱ་བའི་ཁྱད་པར་ཡིན་ནོ། །མ་ངེས་པ་ཉིད་ནི་མ་ངེས་པ་ཅན་

ནོ། །རྗེས་སུ་སྒྲུབ་པ་མེད་པ་ནི་རྣམ་པར་རྟོག་པ་མེད་ཀྱང་དེའི་རྩ་བ་དབེན་པ་དམིགས་པ་ཡོད་པས། དེའི་འབྲས་བུ་ཐེ་ཚོམ་མེད་པར་འགྲོ་བའི་ཐ་སྙད་ནི། མི་དམིགས་པའི་མཚན་ཉིད་ཡིན་པའི་ཕྱིར་གཙོ་བོ་ནི་རྩ་བ་ཡིན་ཏེ། མེད་ཅེས་བྱ་བའི་རྣམ་པར་རྟོག་པ་ཡང་དེའི་

རྗེས་སུ་འབྲང་བ་ཉིད་ཀྱིས་ཚད་མ་ཡིན་པའི་ཕྱིར་རོ། །དེ་དང་བྲལ་བ་ཚད་མ་མ་ཡིན་ནམ་ཞེས་ཟེར་བ་ལ། རྣམ་པར་རྟོག་པ་ཞེས་བྱ་བའོ། །ཕན་ཚུན་འགལ་བ་ནི་སྐད་ཅིག་མ་དང་། དེ་མ་ཡིན་པ་དང་རྣམ་པར་རིག་པ་ཙམ་དང་དེ་མ་ཡིན་པ་དག་གོ། །དེའི་ཕྱིར་སོ་

སོར་སྣང་བཞིན་པ་ནི་རྨི་ལམ་མམ་གཞན་དུ་ཡང་བརྫུན་པ་མ་ཡིན་ནོ། །དེ་ལྟ་ཡིན་ན་མི་བདེན་པ་ཉིད་ཇི་ལྟར་ཡིན། ཐ་སྙད་པ་རྣམས་ནི་རྨི་ལམ་དུ་མཐོང་བ་ལ་མངོན་པར་རློམ་པ་ཡིན་པར་བསྟན་པ་ནི། དེའི་ཕྱིར་ཞེས་བྱ་བ་སྟེ། འདིས་ནི་མ་ངེས་པ་ཉིད་མི་སྣང་བ་མི་དམིགས་པ་ཡིན་ནོ་

Vol. 180 · folio 268b

ཞེས་བྱ་བའི་དོན་ཏོ། །སེམས་ཀྱི་ཉེ་བར་ལེན་པ་ཉིད་ལུས་ཡིན་ལ་ཤི་བ་ལུས་ལ་ཡང་ཡོད་པས། ལུས་ནི་གནས་པ་ཡིན་པར་སེམས། །ལྡོག་པ་མེད་པར་ཐལ་བར་འགྱུར། །ཞེས་བྱ་བ་ལ་སོགས་པས་བསྟན་ནས་ད་ལྟར་ནི་གང་གི་ཚེ་ཡང་ཡོད་པ་དེའི་ཚེ་ཡང་དེ་ཉེ་བར་ལེན་པ་མ་ཡིན་ཏེ། བཟློག་པར་

དམིགས་པ་མ་ཡིན་ཞེས་བསྟན་པ་ནི། གཞན་ཡང་རིག་པ་ལུས་ལས་ཐ་མི་དད་པ་དང་ཞེས་བྱ་བའོ། །ལུས་ཉེ་བར་ལེན་པ་ནི་ཐ་མི་དད་པ་ཡིན་ན་འཇི་བ་དང་བུམ་པ་དག་གིས་ཉེ་བར་ལེན་པ་དང་ཉེ་བར་བླང་བྱ་བཞིན་དུ་མངོན་པར་གསལ་བའི་སེམས་པ་ཅན་དུ་སྨྲ་བ་པོའི་མངོན་པར་འདོད་པ་ཞེས་

བྱ་བ་རྡུལ་ཕྲ་རབ་ཀྱིས་ལུས་ཀྱི་ཕྱོགས་ཀྱི་སྐྱོན་ནི་ཡན་ལག་ཅན་གྱི་ཕྱོགས་ལ་ཡང་མཚུངས་པ་ཡིན་པར་བསྟན་པ་ནི། འོན་ཏེ་ཡན་ལན་ཅན་ཞེས་བྱ་བ་སྟེ། རྡུལ་ཕྲ་རབ་རྣམས་ཡོད་ན་ཡན་ལག་ཅན་རྡུལ་ཕྲ་རབ་གཉིས་པ་ལ་སོགས་པ་རིམ་གྱིས་འབྱུང་བའི་ཕྱིར་རོ། །རེ་ཞིག་རྡུལ་ཕྲ་རབ་

གཉིས་པ་ནི་རྡུལ་ཕྲ་རབ་ལ་གནས་པ་ཡིན་ལ་རྒྱུ་ལ་ཡོན་ཏན་གྱི་རིམ་གྱི་ཡོན་ཏན་དང་ལྡན་པའི་སེམས་པ་རྡུལ་ཕྲ་རབ་ཀྱི་སེམས་པ་ཅན་དུ་འགྱུར་བའི་འབྲས་བུ་ལས་སཱ་ལུའི་ཁྱད་པར་བཞིན་དུ་མེད་པ་ཁོ་ན་ནི་མ་ཡིན་ཏེ། དེ་མི་མཐོང་བའི་དབང་གིས་འབྱུང་བ་ཡིན་པར་ནི་མི་རིགས་ཏེ་མི་མཐོང་བ་

ཁས་མི་ལེན་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་མྱོས་པའི་ནུས་པ་བཞིན་དུ་རྣམ་ཤེས་ནི་མ་ཡིན་ཏེ། དེ་བཞིན་དུ་འབྲས་བུ་འོག་མ་རྣམས་ལ་ཡང་རྒྱུའི་རིམ་གྱིས་རྡུལ་ཕྲ་རབ་འཛིན་པའི་ཉེ་བར་མཚོན་པའི་དོན་ཉིད་ཀྱི་ཕྱིར་སེམས་པ་ཅན་བརྗོད་བྱ་ཡིན་ནོ། །འོན་ཏེ་དེ་དག་ལས་སྐྱེས་པ་ཞེས་བྱ་བ་འདིས་ལུས་

ལས་སེམས་པ་ཅན་ཐ་དད་པ་ཡིན་ལ། རྒྱུའི་དོན་ནི་ཉེ་བར་ལེན་པའི་དོན་དུ་ཡིན་ཏེ་སེམས་པ་ཅན་གྱི་ལུས་ཡིན་ཞེས་བྱ་བའི་དོན་ཏོ། །ཕྱོགས་འདི་ལ་ཡང་དེའི་འཛིན་བྱེད་མེད་པའི་ཕྱིར་དེ་དག་ལས་སོ་ཞེས་འཛིན་པ་ཡིན་པར་བསྟན་པ་ནི། དེ་ལྟ་ཡིན་ན་ཞེས་བྱ་བའོ། །ཤེས་པ་ནི་རང་དང་གཞན་གྱི་

རིག་པ་མ་ཡིན་ནམ་ཞེ་ན། རང་རིག་པ་ནི་གཞན་རིག་པ་མ་ཡིན་ནོ་ཞེས་བྱ་བ་སྟེ། ཤེས་པ་ནི་རང་ལ་ཡོད་པར་རིག་པའི་བྱ་བ་ཡིན་ན། ཇི་ལྟར་ཕྱི་རོལ་ལ་རྣམ་པར་གཅོད་པ་ཡིན་ཐ་དད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་ཤེས་པ་རང་ཉིད་ཁོ་ན་རིག་བྱ་ཡིན་ན་གཞལ་བྱ་ཡང་དེ་བཞིན་དུ་

Vol. 180 · folio 269a

འགྱུར་རོ། །དེའི་ཕྱིར་འདི་ནི་རིག་བྱེད་གཞན་ཡིན་པ་ཁོ་ནར་རིག་པ་ཡིན་ཏེ། གསལ་བྱེད་མར་མེ་ལ་ཡང་དེ་ཡོད་དོ་སྙམ་དུ་སེམས་པ་ནི། འོན་ཏེ་གཞན་རིག་པ་ཉིད་ནི་གཟུགས་ལ་སོགས་པ་ལྟ་བུའོ། །བདེ་བ་ཉིད་ཀྱང་རིག་བྱ་ཡིན་པའི་ཕྱིར་གཞན་ཁོ་ནས་ཡིན་ནོ་ཞེས་ཟེར་བ་ནི།

གཞན་དུ་གྱུར་པ་ཉིད་ཅེས་བྱ་བའོ། །ལན་ནི་གཞན་དུ་གྱུར་པ་ཞེས་བྱ་བ་སྟེ། སྔོན་པོ་དང་བདེ་བ་ལ་སོགས་པ་ཐམས་ཅད་གཞན་དུ་གྱུར་པ་ཁོ་ན་རིག་པ་ཡིན་པའི་ཕྱིར་རྣམ་ཤེས་མེད་པར་འགྱུར་རོ། །བདེ་བ་ལ་སོགས་པ་འཛིན་པར་བྱེད་པ་གཞན་དོན་གྱིས་གོ་བས་སམ། བདག་དང་ཡིད་ཕྲད་པ་ལས་

བྱུང་བའི་མངོན་སུམ་གྱིས་རིག་པ་ཁོ་ན་མ་ཡིན་ནམ་སྙམ་དུ་སེམས་པ་ལ། གང་ལ་རིག་པ་ཞེས་བྱ་བ་སྨོས་ཏེ། རིག་བྱ་ཉིད་དུ་ཐམས་ཅད་སྣང་བ་ཡིན་ན་རིག་བྱེད་ཉིད་དུ་འགལ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་རེག་པར་བྱེད་པ་ཉིད་ཀྱིས་རིག་པར་བྱེད་པ་ནི་དེ་གང་ཡིན་ལུས་ལ་སོགས་པ་ཡང་

མ་ཡིན་ལ་བདེ་བ་ཡང་མ་ཡིན་ཏེ། རིག་བྱ་ཡིན་ཏེ། རིག་བྱ་ཡིན་པའི་ཕྱིར་རོ། །གཞན་ཡང་མ་ཡིན་ཏེ། མི་སྣང་བའི་ཕྱིར་རོ་ཞེས་བསྟན་པ་ནི། བདེ་བ་དང་སྔོ་སོགས་ཞེས་བྱ་བའོ། །སྣང་བ་མ་ཡིན་པར་ནི་བདེན་མོད་ཀྱི་རྟོགས་པ་ཡིན་ནོ་ཞེ་ན། རྟོགས་བཞིན་པ་ནི་རི་བོང་གི་རྭ་བཞིན་དུ་

རྟགས་མ་ཡིན་པའི་ཕྱིར་རོ། །མེད་པ་ཡིན་པར་བསྟན་པ་ནི། མིག་སོགས་ཞེས་བྱ་བའོ། །བདེ་བ་ལ་སོགས་པའི་ཤེས་པ་ནི་གཞན་དུ་མི་འཐད་པས་མིག་ལ་སོགས་པའི་བྱེད་པའི་ངོ་བོ་བདག་གི་རྣམ་པར་འགྱུར་བའི་བློར་བརྟགས་པ་ཡིན་པའི་ཕྱིར་རྟགས་མེད་པ་ཡིན་པར་བསྟན་པ་

ཡིན་ནོ་སྙམ་དུ་སེམས་པ་ལ། འབྲས་བུའི་སྒོ་ནས་ཞེས་བྱ་བའོ། །གང་ཁོ་ན་འབྲས་བུའི་ཤེས་པའི་རྟགས་ཡིན་པ་དེ་ཁོ་ན་བསྒྲུབ་བྱར་ཇི་ལྟར་འགྱུར་ཞེས་བསྟན་པ་ནི། དེ་ཡང་ནུས་པ་ཉིད་ཅེས་བྱ་བའོ། །གཟུགས་ལ་སོགས་པ་རྣམས་ཀྱི་མིག་ལ་སོགས་པའི་བྱ་བ་ཡིན་ན། རེས་འགའི་

ངོ་བོ་ཡིན་ལ་ཤེས་པ་དེ་ཕྱིས་ཀྱང་མི་འབྱུང་བ་དེས་ན་དབང་པོ་ལ་ཡོད་པའམ། བདག་ལ་ཡོད་པའི་རྣམ་པར་འགྱུར་བའི་ངོ་བོར་རྟོགས་པ་ཡིན་ལ་དེ་ནི་ནུས་པ་ཡིན་ནོ་སྙམ་དུ་སེམས་པ་ནི་དམིགས་པའི་གནས་སྐབས་ཞེས་བྱ་བའོ། །དབང་པོ་ལ་སོགས་པའི་འགྱུར་བའི་དབང་གིས་

Vol. 180 · folio 269b

དམིགས་བྱའི་ངོ་བོ་རྡུལ་ཕྲ་རབ་རེ་རེར་འགྱུར་བར་བསྟན་པ་ནི། རྡུལ་ཕྲ་རབ་རེ་རེར་ཞེས་བྱ་བའོ། །དབང་པོ་ལ་སོགས་པའི་དབང་གིས་ཤེས་པ་འབྱུང་བ་ཁོ་ནར་དབང་པོ་རྟོགས་པ་ཉིད་མ་ཡིན་ནམ། གཞན་ནི་མ་ཡིན་ནོ། །དེའི་ཕྱིར་སྔར་ཇི་ལྟ་བའི་ངོ་བོ་ཡིན་པ་དེ་ལྟ་བུ་ཁོ་ན་ཡིན་གྱི་དེ་ལ་ཁྱད་པར་ནི་

མེད་དོ་སྙམ་དུ་སེམས་པ་ལ་ཁྱད་པར་མེད་པར་ནི་ཞེས་བྱ་བའོ། །ཁྱད་པར་མེད་ན་ཤེས་པ་ཡོད་ཀྱང་ཅི་ལས་གཟུགས་རྟོགས་པ་ཡིན། གང་གི་ཕྱིར་གཟུགས་ནི་གཟུགས་སོ་ཞེས་བྱ་བའི་ལོང་བའི་རྣམ་པར་རྟོག་པ་ཡང་སྔོན་པོ་ལ་སོགས་པ་མཐོང་བ་ནི་མ་ཡིན་ནོ། །གཟུགས་

དང་ཤེས་པ་དག་ལྷན་ཅིག་པས་སྐྱེ་བ་ཁོ་ན་ཁྱད་པར་ཡིན་ཞེས་བྱ་བར་ནི་མི་རིགས་ཏེ། ལྷན་ཅིག་པ་ཡིན་པ་བཞིན་དུ་ལྷན་ཅིག་པ་ལ་ཡང་ཁྱད་པར་མེད་པའི་ཕྱིར་རོ། །རང་ཉིད་ལ་ཡོད་པའི་ཁྱད་པར་མེད་ན་དེ་རིག་པ་ཞེས་བྱ་བ་མ་ཡིན་ནོ། །དེ་བསྟན་པ་ནི། ལྷན་ཅིག་ཉིད་ན་

ནུས་དཔོག་ཅིང་། །ཞེས་བྱ་སྟེ། རྗེས་སུ་དཔོག་པར་བྱ་བ་ཡིན་པའི་ཕྱིར་ནུས་པ་དམིགས་པ་ནི་མ་ཡིན་ལ་ཁྱད་པར་མེད་པའི་ངོ་བོ་ཡིན་པའི་ཕྱིར་མ་གྲུབ་པའི་ལྷན་ཅིག་པ་ནི་གཏན་ཚིགས་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དེ་བཞིན་དུ་རིག་བྱ་ཉིད་ཡིན་ན་རིག་བྱེད་

མེད་པ་དེའི་ཕྱིར་རང་རིག་པ་ཁོ་ན་རིག་པར་བྱེད་པ་ཡིན་གྱི་སྔོན་པོ་དང་བདེ་བ་ལ་སོགས་པ་ནི་རིག་པ་ལས་གཞན་པ་མ་ཡིན་ལ་དེ་ཉིད་རིག་པའི་བདག་ཉིད་ཡིན་པའི་ཕྱིར་རྣམ་པར་ཤེས་པ་ཡིན་པར་བསྟན་པ་ནི། དེའི་ཕྱིར་ཞེས་བྱ་བ་སྟེ། དེ་ནི་སེམས་ཙམ་ཡང་ཡིན་ལ་རང་རིག་

པ་ཡང་ཡིན་པའོ། །རྣམ་ཤེས་ཀྱི་བདེ་བ་ལ་སོགས་པ་ཞེས་བྱ་བའི་གཞི་མཐུན་པ་ནི་རིག་པ་ཅན་གྱིས་མ་རྟོགས་པ་མ་ཡིན་ནམ། སངས་རྒྱས་པས་ནི་རྟོགས་པ་ཡིན་པར་དེ་དག་ཙམ་གྱིས་བརྗོད་པ་ཡིན་ནོ། །གསོར་མདུང་རྣམས་ཁྱེར་ལ་ཤོག་ཅེས་བྱ་བ་བཞིན་དུ་ཤེས་པ་

ནི་བདེ་བ་ཞེས་བྱ་བར་ཉེ་བར་བཏགས་པར་འགྱུར་རོ་སྙམ་དུ་སེམས་པ་ལ་གཞི་མཐུན་པ་ནི་གཙོ་བོ་དང་ཞེས་བྱ་བ་སྟེ། སྐྱེས་བུ་སེམས་པ་ཞེས་བྱ་བ་བཞིན་དུ་གཙོ་བོ་ཁོ་ན་ཡིན་ཏེ། དབྱེ་བ་མ་དམིགས་པས་གསོར་མདུང་ཅན་བཞིན་དུ་ཉེ་བར་བཏགས་པར་མི་རིགས་པའི་ཕྱིར་རོ་

Vol. 180 · folio 270a

ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཞེས་བྱ་བ་ནི་གཙོ་བོ་དང་ཅིག་ཤོས་ཀྱི་རྣམ་པར་དབྱེ་བ་སྟེ་རྒྱུའི་རྗེས་སུ་འབྲངས་ནས་ཁས་བླང་བྱ་ཡིན་གྱི་ཕན་ཚུན་བསྲེས་པའི་འབྲས་བུ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །མེ་ལོང་གཞག་པ་ལ་བཞིན་དུ་བློ་གཅིག་པུ་ལ་སྔོན་པོ་ལ་སོགས་པ་གཞན་གྱི་

གཟུགས་བརྙན་འཕོ་བ་ཉིད་དུ་སྣང་བ་མ་ཡིན་ནམ། དེའི་ཕྱིར་འཛིན་པ་དང་ཐ་དད་པ་ཁོ་ན་ཡིན་ནོ་སྙམ་དུ་སེམས་པ་ལ། གོམས་ལས་དེ་ལྟ་བུར་གྱུར་པའི་ཞེས་བྱ་བ་སྟེ། སྔོན་པོ་ལ་སོགས་པ་ཉིད་སྔོན་གྱི་བག་ཆགས་ཀྱི་དབང་གིས་རྨི་ལམ་དུ་རྟོགས་པའི་བདག་ཉིད་ནི་གཞན་དང་གཞན་དུ་

ཡང་འགྱུར་གྱི་རྟོགས་པའི་ངོ་བོ་ནི་གཞན་མ་ཡིན་ཏེ། དེ་ཡོད་ཀྱང་སྔོན་པོ་ལ་སོགས་པའི་རང་གི་ངོ་བོ་ལ་ཁྱད་པར་མེད་པའི་ཕྱིར་རོ། །ཁྱད་པར་ཡོད་ན་ཡང་དམིགས་པ་ལས་གཞན་མེད་པའི་ཕྱིར་རོ་ཞེས་བྱའི་དོན་ཏོ། །གལ་ཏེ་སྔོན་པོའི་ཁོངས་སུ་གཏོགས་པ་ཡིན་པ་དེ་ལྟ་ན་སེར་པོ་ནི་དེ་མ་

ཡིན་པའི་ཕྱིར་དེ་རིག་པ་མ་ཡིན་ལ་ངོ་བོ་གཅིག་པ་ཉིད་ཀྱི་བློའི་ཕྲེང་བ་ཡིན་ནོ་སྙམ་དུ་སེམས་པ་ལ། གཟུགས་སོགས་གཞན་དང་གཞན་དག་ཏུ། །ཞེས་བྱ་བ་སྟེ། སྔོན་པོ་རིག་པ་བཞིན་དུ་སེར་པོ་རིག་པ་ཡང་བག་ཆགས་ཇི་ལྟ་བ་བཞིན་དུ་འབྱུང་བ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དམིགས་པ་

མེད་པའི་ཤེས་པ་ཁོ་ན་ལུས་ལ་བརྟེན་པ་མ་ཡིན་ནམ་སྙམ་དུ་སེམས་པ་ལ། རྣམ་པར་ཤེས་པ་ནི་ཞེས་བྱ་བ་སྟེ། གཞན་དེ་རྟེན་དང་ངོ་། །དེ་ལས་ཅིར་འགྱུར་ཞེ་ན། དེས་ན་བདེ་བ་ཞེས་བྱ་བ་སྟེ། ཉེ་བ་ལས་བག་ཆགས་སད་པ་ནི་བདེ་བ་ལ་སོགས་པའི་ཤེས་པ་དང་འདྲེས་པ་ཡང་དང་པོ་དེ་ལྟར་

སྐྱེས་པ་ཁོ་ན་ཡིན་ནོ། །གཞན་གྱི་བདེ་བ་ལ་སོགས་པ་དང་འདྲེས་པར་འགྱུར་བར་མི་རིགས་པ་མ་ཡིན་ནམ། གང་གི་ཕྱིར་མངོན་དུ་མ་བྱས་པའི་ཤེས་པ་དང་འདྲེས་པར་འགྱུར་བར་མི་རིགས་པ་མ་ཡིན་ནོ་སྙམ་དུ་སེམས་པ་ལ། གང་གི་ཚེ་རྣམ་པ་ཐམས་ཅད་ཀྱི་རྟགས་འཛིན་པས་རྣམ་པ་ཐམས་

ཅད་རིག་པ་ཡིན་ལ་གོམས་པས་ནི་གསལ་བ་ཡིན་ཞིང་དེའི་ཚེ་མངོན་དུ་བྱེད་པས་ན་མངོན་སུམ་གྱི་ཤེས་པ་ནི་གཞན་གྱི་བདེ་བ་དང་། སྔོན་པོ་བཞིན་དུ་འདྲེ་བར་བྱེད་པར་བརྗོད་པ་ཡིན་པར་བསྟན་པ་ནི་གོམས་པ་ལས་ཞེས་བྱ་བའོ། །རྣམ་པར་དབྱེ་བ་འདི་ཅི་ལས་ཡིན་ཞེས་བྱ་བ་ནི་རིག་པ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words