ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད
Sanskrit title (Tibetan script, as in the text) པྲ་མཱ་ཎ་བར་ཏི་ཀ་ཊཱི་ཀ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 182 · folio 81b
པར་མི་ནུས་པའི་ཕྱིར་རོ། །དེའི་ཕྱིར་རྗེས་སུ་དཔག་པ་འགའ་ཡང་ཚད་མར་མི་འགྱུར་རོ། །དེ་བཤད་པ་ནི་མེ་ལ་སོགས་པའི་ཡུལ་ཅན་གྱི་རྗེས་སུ་དཔག་པ་གཞན་ལ་ཡང་གནོད་པ་མེད་པར་ངེས་པའི་ཕྱིར་རོ། །དེའི་ཕྱིར་ཚུལ་གསུམ་པ་ལས་སྐྱེས་པའི་རྗེས་སུ་དཔག་པ་ཡང་གནོད་པ་མེད་
པར་གཏན་ལ་ཕབ་པ་ལ་བརྟེན་ནས་ལྟོས་པ་ཉིད་ཡིན་ན་རྗེས་སུ་དཔག་པ་འཇིག་པ་ཉིད་དུ་འགྱུར་རོ། །དེས་ན་གནོད་པ་མེད་པའི་ཡུལ་ཅན་ཉིད་དུ་སྨྲ་བའི་གཞུང་ལ་ཚད་མ་ཞུགས་པ་གནོད་པར་བྱེད་པ་ཡིན་ཏེ་དེ་ཉིད་གནོད་བྱེད་དུ་འཐད་པའི་ཕྱིར་རོ། །མ་ཞུགས་པ་ཐེ་ཚོམ་ཟ་བ་དང་འབྲེལ་པའི་བྱེད་པའི་
ཁྱད་པར་གནོད་པ་ཁས་ལེན་ན་ནི་དེ་ཡོད་པས་རྗེས་སུ་དཔག་པ་མི་འཇུག་པར་ཡང་བརྗོད་པའི་ཕྱིར་རྗེས་སུ་དཔག་པ་ཐམས་ཅད་ལ་ཡིད་བརྟན་དུ་མེད་དེ། གནོད་པར་བྱེད་པ་མེད་པ་ཤེས་པར་མི་ནུས་པའི་ཕྱིར་རོ། །ངེད་ཀྱི་རྗེས་སུ་དཔག་པ་ལ་ནི་ཐལ་བ་འདི་མེད་དེ་དངོས་པོའི་རྩ་བ་ཅན་ཡིན་པའི་ཕྱིར་
རོ། །མངོན་སུམ་ལ་ནི་འགྱུར་བ་ཡིན་ན་དེ་ལ་ཡང་དངོས་པོའི་གནས་ཐབས་རྗེས་སུ་རྟོགས་པ་ཕྱི་མས་སེལ་བ་ཡིན་ནོ། །ཕྱི་རོལ་གྱི་དོན་ལ་མི་སྲིད་ན་ནི། གང་ལ་དེ་མི་སྲིད་པའི་རང་རིག་པ་དེ་ཉིད་རྣམ་པར་དཔྱོད་པ་ལ་མཁས་པ་རྣམས་ཀྱི་ཚད་མ་ཡིན་ནོ། །དེས་ན་དེ་ལྟར་འདིར་ཕྱོགས་སུ་བྱས་
པའི་ཡུལ་ལ་མེད་པར་བརྗོད་པ་ཡིན་ཏེ། ལྐོག་ཏུ་གྱུར་པས་གནོད་པ་འཇུག་པ་མེད་པའི་ཕྱིར་རོ། །གནོད་པ་ཉིད་དུ་དོགས་པས་སྐྱོན་ཅན་དུ་འགྱུར་ན་ནི། རྗེས་སུ་དཔག་པ་ཆད་པར་འགྱུར་རོ། །དེའི་ཕྱིར་མ་བསལ་བ་ཉིད་ཀྱིས་ཕྱོགས་ཕྱོགས་ཀྱི་བདག་ཉིད་ཐོབ་པ་དང་གཏན་ཚིགས་དང་དཔེའི་
ཉེས་པ་རྣམས་མེད་པ་ཡིན་ཡང་སྔོན་གྱི་འཆད་པ་པོ་རྣམས་ཀྱིས་གནོད་པ་མེད་པ་མེད་པའི་ཡུལ་ཅན་ཉིད་བླ་ལྷག་པ་ཉེ་བར་བཀོད་དེ་དེའི་ཕྱིར་དེ་མེད་པར་རྗེས་སུ་དཔག་པ་འདི་འཁྲུལ་པ་ཅན་ཡིན་ནོ་ཞེས་དོགས་པ་བསུ་ནས་སློབ་དཔོན་གྱིས་འདིར་གནོད་པ་མེད་པའི་ཡུལ་ཅན་ཉིད་ཀྱང་གཞུང་གཟུགས་པའི་
ཕྱིར་དོགས་པའི་གནོད་པས་གནོད་པ་ནི་མ་ཡིན་གྱི། འོན་ཀྱང་ཞུགས་པའི་གནོད་པ་དག་ཁོ་ནས་ཡིན་ནོ་ཞེས་དེ་ལྟར་ཉེ་བར་བཀོད་དོ། །གནོད་པ་མ་བྱས་པའི་ཡུལ་ཅན་ཉིད་མེད་པས་ན་ཉེ་བར་བསྟན་པའི་འཇིག་རྟེན་རྒྱས་པར་མཛད་པས་འདི་རྗེས་སུ་དཔག་པར་མི་བཞེད་པ་ཡིན་གྱི། ལྡོག་པ་སྒྲུབ་
Vol. 182 · folio 82a
པར་བྱེད་པ་མ་མཐོང་བ་ཐེ་ཚོམ་གྱི་རྒྱུ་ཡིན་པའི་ཕྱིར་ནི་མ་ཡིན་ནོ་ཞེས་འཆད་པ་པོ་རྣམས་ཀྱིས་འདི་རྣམ་པ་གཞན་དུ་བསལ་ཏོ། །ད་ལྟར་ནི་གཏན་ཚིགས་ཀྱི་ཆོས་ཐམས་ཅད་ཡོད་ཀྱང་གཏན་ཚིགས་མ་ཡིན་པ་ཉིད་དུ་གསུངས་པ་གང་ཡིན་པ་དེ་ནི་མ་མཐོང་བས་རྟོགས་པའི་
ལྡོག་པ་ཅན་ཉིད་ཀྱིས་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་དོ་ཞེས་གྲུབ་པར་འགྱུར་རོ། །དེ་ལྟར་མ་མཐོང་བས་ལྡོག་པ་གྲུབ་པ་ཡིན་ན་ལྷག་མ་དང་ལྡན་པ་འཁྲུལ་པ་ཅན་ཉིད་དུ་མི་འགྱུར་རོ་ཞེས་བསྒྲུབས་ནས་འབྲེལ་པ་ཁས་ལན་ན་འཁྲུལ་པ་ཅན་ཉིད་ཇི་ལྟར་ཡིན་པ་དེ་སྟོན་པ་ནི། ལྡོག་པ་མེད་པ་ནི་
སྟེ་ལྡོག་པ་དང་མི་ལྡན་པ་ནི་ལྷག་མ་དང་ལྡན་པ་ཡིན་ནོ། །ཇི་ལྟར་ཞེ་ན་ཐེ་ཚོམ་ཟ་བའི་ཕྱིར་རོ། །བསྒྲུབ་བྱ་མེད་པ་ལས་གཏན་ཚིགས་མེད་པར་ཐེ་ཚོམ་ཟ་བ་དེའི་ཕྱིར་འདི་ལྡོག་པ་མེད་པ་ཡིན་ནོ། །གང་ཐེ་ཚོམ་ཟ་བ་དེ་ལྡོག་པ་མེད་པ་ཉིད་ཡིན་ནོ་ཞེས་བྱ་བ་དེ་ཉིད་གང་ལས་ཤེ་ན། བཤད་པ་
ནིའི་སྒྲ་ནི་གཏན་ཚིགས་ཏེ། གང་གི་ཕྱིར་ལྡོག་པ་ནི་སྒྲུབ་པ་ཡིན་ལ་དེ་ལ་དེ་ཡང་གྲུབ་པ་ཁོ་ན་ཡིན་ནོ། །དེའི་དོན་འདི་ཡིན་ཏེ་ཐེ་ཚོམ་ཟ་བ་ལྡོག་པ་མེད་པ་ཉིད་དུ་ནི་མི་འགྲུབ་ཀྱི་འོན་ཀྱང་ཐེ་ཚོམ་དུ་གྱུར་པ་ཉིད་ཡིན་པ་དེས་ན་ཇི་ལྟར་ལྡོག་པ་མེད་པར་བརྗོད་ཅེས་བརྩད་པར་འགྱུར་བ་གང་ཡིན་པ་མེད་པ་ཙམ་
ནི་ལྡོག་པར་མི་བརྗོད་ཀྱི་འོན་ཀྱང་འདིར་སྒྲུབ་པར་བྱེད་པའི་ཆོས་སུ་གྱུར་པའི་ལྡོག་པ་བརྗོད་པ་ཡིན་ནོ། །དེ་ཡང་གྲུབ་པ་ཉིད་དེ་ལྟར་འགྱུར་བ་ཡིན་ནོ། །གང་གི་ཕྱིར་འདི་གྲུབ་པ་ཉིད་དེ་ལྟར་འགྱུར་བ་དེའི་ཕྱིར་དེ་ལྟ་བུའི་ངོ་བོ་སྒྲུབ་པར་བྱེད་པ་ཉིད་ནི་ངེས་པ་ལ་ལྟོས་སོ། །འདི་གྲུབ་པ་ནི་ངེས་པ་ཉིད་ཡིན་
ལ། གྲུབ་པ་ཡང་སྒྲུབ་པར་བྱེད་པ་ཡིན་ནོ། །དེས་ན་ངེས་པ་ལ་ལྟོས་པའི་ཕྱིར་ཐེ་ཚོམ་ཟ་ན་ལྡོག་པ་མེད་པར་བརྗོད་དོ། །ཐེ་ཚོམ་ཟ་ན་ལྡོག་པ་མེད་པ་ལ་རག་མོད། འདིར་དེ་ཉིད་ག་ལས་ཤེ་ན། བཤད་པ་དེ་དེར་སྣང་བ་མི་དམིགས་པ་ཡིན་པའི་ཕྱིར་མི་དམིགས་པའི་སྒོ་ནས་བལྟར་རུང་བའི་
ཡུལ་འགའ་ཞིག་ལ་མེད་པར་གྲུབ་ཏུ་ཟིན་ཀྱང་བསྒྲུབ་པར་བྱ་བ་མེད་པ་ལ་སྒྲུབ་པར་བྱེད་པ་མེད་པའི་མཚན་ཉིད་ཀྱིས་མེད་པ་ནི་སྣང་བ་མི་དམིགས་པས་ཀྱང་གྲུབ་པ་ཡིན་ཏེ། འོན་ཀྱང་རྒྱུ་དང་ཁྱབ་པར་བྱེད་པ་མི་དམིགས་པ་དག་ལས་ཡིན་ནོ་ཞེས་དོགས་ནས་ཀྱང་གི་སྒྲ་སྲིད་པ་ལ་ཡིན་ནོ། །འབྲེལ་
Vol. 182 · folio 82b
པ་མེད་པ་ནི་ཐམས་ཅད་ལ་མེད་པ་མི་འགྲུབ་པའི་ཕྱིར་རོ། །བལྟར་རུང་བའི་ཡུལ་འགའ་ཞིག་ལ་མེད་པ་གྲུབ་ཏུ་ཟིན་ཀྱང་སྣང་བ་མི་དམིགས་པ་ཡིན་ཡང་ཐམས་ཅད་དུ་རྣམ་པར་འཇོག་ན་ནི། དེ་ཉིད་ལས་ཐམས་ཅད་ལ་མེད་པར་རྟོགས་པའི་ཕྱིར། བལྟར་མི་རུང་བ་མི་དམིགས་པར་འགྱུར་རོ། །
དེས་ན་མེད་པ་སྒྲུབ་པར་བྱེད་པ་མ་ཡིན་ནོ། །འབྲེལ་པ་ཡོད་ན་ནི་དེ་ལྟར་འགྱུར་བ་ཡིན་ནོ། །དེ་ནི་ཡོད་པ་མ་ཡིན་ནོ། །ལྡོག་པ་མ་མཐོང་བས་སྒྲུབ་པ་མ་ཡིན་པ་ལ་གཏན་ཚིགས་གཞན་ཡང་བསྟན་པའི་ཕྱིར་གལ་ཏེ་མ་མཐོང་བས་ལྡོག་པར་འགྱུར་ཞེས་བྱ་བའི་སྐབས་ལ་གཏན་ཚིགས་
གཞན་སྣོན་འདི་བསྟན་པ་ནི། གཞན་ཡང་ཞེས་བྱ་བ་ཡིན་ནོ། །གལ་ཏེ་མ་མཐོང་བ་ཙམ་གྱིས་མི་མཐུན་པའི་ཕྱོགས་ལས་ལྡོག་ན་དེའི་རྗེས་སུ་འགྲོ་བ་དང་བྲལ་བ་ལྡོག་པ་ཙམ་དང་ལྡན་པ་ཡང་གོ་བར་བྱེད་པའི་གཏན་ཚིགས་སུ་འགྱུར་རོ། །དེ་ཉིད་སྟོན་པ་ནི་གསོན་པོའི་ལུས་འདི་
ནི་ཞེས་བྱ་བ་ཡིན་ནོ། །བདག་མེད་པ་ཡིན་ན་ཞེས་བྱ་བ་ནི་བདག་གིས་སྟོང་ནའོ། །སྲོག་ལ་སོགས་པ་དང་ལྡན་པ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་གསོན་པོའི་ལུས་བདག་མེད་པ་ཡིན་ན་དེའི་ཚེའི་སྲོག་ལ་སོགས་པ་དང་མི་ལྡན་པས་ཁྱབ་པའི་ཕྱིར་དེ་ཡང་དེ་ལ་ཁྱབ་
པར་འགྱུར་རོ། །དེ་ལྟར་རྣམ་པ་འདིས་དེ་ཞེས་བྱ་བ་སྲོག་ལ་སོགས་པ་དང་མི་ལྡན་པ་སྟེ་དེ་ལོག་པས་ཁྱབ་པར་བྱ་བ་བདག་མེད་པ་ལྡོག་པའི་ཕྱིར་བདག་ཡོད་པ་རྟོགས་པར་འགྱུར་རོ། །སྲོག་ལ་སོགས་པ་དང་མི་ལྡན་པ་ལོག་པ་ནི་སྲོག་ལ་སོགས་པ་ཉིད་ཡིན་ལ་བདག་མེད་པ་ལ་སོགས་པ་
ཡང་བདག་ཉིད་དོ། །དེས་ན་སྲོག་ལ་སོགས་པ་ལས་བདག་རྟོགས་པར་འགྱུར་རོ་ཞེས་བརྗོད་པར་འགྱུར་རོ། །དེ་ལྟར་ལྡོག་པ་ཅན་ཉེ་བར་བཀོད་ནས་ཇི་ལྟར་བདག་མེད་པ་སྲོག་ལ་སོགས་པ་མེད་པའི་ཁྱབ་བྱ་ཡིན་པ་དེ་བསྟན་པའི་ཕྱིར་དེ་ཁྱབ་པར་བྱེད་པ་ཉིད་དུ་ཚད་མས་གྲུབ་པར་སྟོན་པ་ནི་བདག་
མེད་པའི་བུམ་པ་ལ་སོགས་པ་མཐོང་བ་དང་། མ་མཐོང་བ་ཡིན་ལ་དེ་དག་ལ་ནི་སྲོག་ལ་སོགས་པ་མེད་པ་ཡང་མཐོང་བ་དེ་བས་ན་སྲོག་ལ་སོགས་པ་མེད་པ་བདག་མེད་པས་ཁྱབ་པ་ཡིན་ནོ། །དེ་ལྟ་ཡིན་ན་གང་གི་ཕྱིར་བདག་མེད་པ་ལ་སྲོག་ལ་སོགས་པ་མེད་པས་ཁྱབ་པ་གྲུབ་པ་དེའི་ཕྱིར་ཁྱབ་པར་
Vol. 182 · folio 83a
བྱེད་པ་སྲོག་ལ་སོགས་པ་གསོན་པོའི་ལུས་ལ་མེད་པར་མངོན་སུམ་ཉིད་ཀྱིས་གྲུབ་པའི་ཕྱིར་བདག་མེད་པ་ཡང་མེད་པར་རྟོགས་པ་དེ་བས་ན། སྲོག་ལ་སོགས་པ་དག་ལས་བདག་རྟོགས་པར་འགྱུར་རོ། །དེ་ལྟ་ཡིན་དང་སྲོག་ལ་སོགས་པ་བདག་མེད་པ་ལ་མེད་པ་ཞེས་
གྲུབ་པ་ཡིན་ཏེ། སྲོག་ལ་སོགས་པ་མེད་པས་བདག་མེད་པ་ལ་ཁྱབ་པའི་ཕྱིར་དང་། ཁྱབ་པར་བྱ་བ་ཡོད་ན་ཁྱབ་པར་བྱེད་པ་གདོན་མི་ཟ་བར་ཡོད་པའི་ཕྱིར་རོ། །དེའི་ཕྱིར་བདག་མེད་པ་ཡོད་ན་སྲོག་ལ་སོགས་པ་མེད་པ་ཡོད་པའི་ཕྱིར་འདིར་བསྒྲུབ་པར་བྱ་བ་མེད་པ་ལ་སྒྲུབ་པར་བྱེད་པ་མེད་པ་
ལྡོག་པ་གྲུབ་བོ། །སྲོག་ལ་སོགས་པ་ཡོད་པ་ན་བདག་ཡོད་པ་ནི་གྲུབ་པ་མེད་པའི་ཕྱིར་ལྡོག་པ་འབའ་ཞིག་དང་ལྡན་པ་ཡིན་ནོ། །དེས་ན་འདི་དེ་ལྟར་གཏན་ཚིགས་སུ་བསྟན་པ་ཡིན་ནོ། །འགྲེལ་པའི་རིམ་པ་ནི་འདི་ནི་བདག་མེད་པ་མ་ཡིན་ཏེ། སྲོག་ལ་སོགས་པ་དང་ལྡན་པ་མ་ཡིན་པར་ཐལ་
བའི་ཕྱིར་རོ་ཞེས་བྱ་བ་སྲོག་ལ་སོགས་པ་དང་མི་ལྡན་པ་བདག་མེད་པ་དང་རྗེས་སུ་འགྲོ་བ་ཉིད་བརྗོད་པར་འགྱུར་བའི་ཕྱིར་ལྡོག་པ་ཅན་དུ་གསལ་བར་བསྟན་པར་མི་འགྱུར་རོ། །དེའི་ཕྱིར་འདི་ནི་བདག་མེད་པ་མ་ཡིན་ན་ཞེས་ལྡོག་པ་ཉེ་བར་བསྟན་ནས་དེ་ལོག་པས་བདག་ཡོད་པར་རྟོགས་པ་ཞེས་བྱ་བ་འདིས་
འདི་ལ་གཏན་ཚིགས་སུ་བསྟན་པའི་ཕྱིར། འདི་ལྡོག་པ་ཅན་ཡིན་པར་ཤིན་ཏུ་གསལ་བར་བསྟན་ཏོ། །དེས་ན་མ་མཐོང་བས་ལྡོག་པ་གྲུབ་པ་ཡིན་ན་འདི་ཡང་གཏན་ཚིགས་ཉིད་དུ་འགྱུར་རོ། །ཇི་ལྟར་མ་མཐོང་བས་ཐམས་ཅད་དུ་བསྒྲུབ་པར་བྱ་བ་མེད་པ་ལ་མེད་པར་འཇོག་པར་བྱེད་པས་དོན་
དེ་ལ་ཚད་མར་བརྟེན་པ་དེ་བཞིན་དུ་བུམ་པ་ལ་སོགས་པ་ལས་བདག་མེད་པ་ཡང་ཡིན་ནོ། །དེས་ན་བདག་དམིགས་པའི་མཚན་ཉིད་དུ་གྱུར་པ་མ་ཡིན་ཡང་བུམ་པ་ལ་སོགས་པ་བདག་མེད་པར་གྲུབ་པའི་ཕྱིར་འདི་ཁྱབ་པར་བྱ་བ་དང་། ཁྱབ་པར་བྱེད་པའི་དངོས་པོ་གྲུབ་པའི་ཕྱིར་རྗེས་སུ་འགྲོ་བ་མེད་
པའི་གཏན་ཚིགས་ལས་ཀྱང་བསྒྲུབ་པར་བྱ་བ་རྟོགས་པར་འགྱུར་རོ། །གང་གི་ཚེ་མ་མཐོང་བ་ཙམ་ཚད་མ་ཡིན་པ་དེའི་ཚེ་ནི་ཉེས་པ་འདི་མེད་དོ་ཞེས་བཤད་པ་ནི་བལྟར་མི་རུང་བ་མི་དམིགས་པས་མེད་པར་མ་གྲུབ་ན། བུམ་པ་ལ་སོགས་པ་བདག་མེད་པར་མ་གྲུབ་པའོ། །དེའི་ཕྱིར་བདག་མེད་པ་
Vol. 182 · folio 83b
ལ་སྲོག་ལ་སོགས་པ་མེད་པས་ཁྱབ་པ་མ་གྲུབ་པས་བདག་མེད་པ་ཡོད་པས་སྲོག་ལ་སོགས་པ་ལྡོག་པའི་ལྡོག་པ་མེད་དེ་སྔར་བཤད་པ་བཞིན་ནོ། །ཇི་སྐད་བཤད་པའི་ཁྱབ་པ་གྲུབ་པས་དེ་ལྟར་འགྱུར་བ་ཡིན་ན་དེ་ནི་མ་གྲུབ་པ་དེ་འགའ་ཡང་བདག་མེད་པར་མ་གྲུབ་པའི་ཕྱིར་རོ། །དེ་ལྟར་ན་བདག་མེད་པ་མེད་ན་སྲོག་
ལ་སོགས་པ་ལྡོག་པ་མེད་དོ། །གལ་ཏེ་དེ་ལྟར་ན་སྲོག་ལ་སོགས་པ་དང་ལྡན་པ་ཉིད་བདག་མེད་པ་ལ་མ་མཐོང་བ་ཙམ་གྱིས་ཁྱབ་པ་མ་གྲུབ་པར་བརྗོད་པར་མི་འགྱུར་རོ་ཞེ་ན། འདིར་འདི་བསྟན་པར་འདོད་པ་ནི་མ་ཡིན་གྱི་འོན་ཀྱང་སྲོག་ལ་སོགས་པ་དང་ལྡན་པའི་ལྡོག་པ་སྒྲུབ་པར་བྱེད་པའི་ཚད་མ་མཐོང་བ་ཙམ་མི་བྱེད་
ན་བདག་མེད་པ་དང་སྲོག་མེད་པ་ཁྱབ་པ་མ་གྲུབ་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །གལ་ཏེ་ཡང་བདག་དམིགས་པའི་མཚན་ཉིད་དུ་གྱུར་པ་མ་ཡིན་པའི་ཕྱིར་བུམ་པ་ལ་སོགས་པ་བདག་མེད་པར་མ་གྲུབ་པ་དེ་ལྟ་ན་ཡང་བདག་མེད་པར་སྨྲས་པ་ལ་བུམ་པ་ལ་སོགས་པ་བདག་མེད་པར་གྲུབ་
པ་ཡིན་ལ་དེ་དག་ལ་སྲོག་ལ་སོགས་པ་མེད་པར་གྲུབ་པ་ཡིན་པ་དེས་ན། ཇི་ལྟར་ཁྱབ་པ་མ་ཡིན་ཞེས་སྨྲས་པ་ནི་གལ་ཏེ་ཁས་བླངས་པའི་ཕྱིར་ཞེས་བྱ་བ་ཡིན་ནོ། །དོགས་པ་འདི་སེལ་བར་བྱེད་པ་ནི་ད་ནི་ཇི་ལྟར་ཞེས་བྱ་བའོ། །འདི་སྐད་བརྗོད་པ་ཡིན་ཏེ་གལ་ཏེ་ཚད་མས་གྲུབ་པ་ལ་མི་ལྟོས་
པར་ངེད་ཀྱིས་ཁས་བླངས་པ་ལས་བུམ་པ་ལ་སོགས་པ་བདག་མེད་པ་ཡིན་ནོ། གསོན་པོའི་ལུས་ལ་ཡང་ཁས་བླངས་པ་ཁྱད་པར་མེད་པའི་ཕྱིར་བདག་དང་བཅས་པ་ཉིད་དུ་མི་འགྱུར་རོ། །གཞན་ཡང་གང་གིས་དེ་ཁས་བླངས་པས་གྲུབ་པར་འདོད་པ་བདག་མེད་པར་སྨྲ་བ་ལ་ཡང་བུམ་པ་
ལ་སོགས་པ་ལ་དམིགས་པའི་མཚན་ཉིད་ཀྱི་མ་གྲུབ་པའི་བདག་མེད་པའི་ཚད་མ་མ་ཡིན་པ་ཇི་ལྟར་འགྲུབ་པར་འགྱུར། འདི་སྐད་བརྗོད་པ་ཡིན་ཏེ། སངས་རྒྱས་པ་ལ་ཡང་མི་དམིགས་པ་ལས་བདག་མེད་པར་གྲུབ་པ་མ་ཡིན་ལ། ཚད་མ་གང་གིས་འདོད་པ་དེ་ནི་གསོན་པོའི་ལུས་ལ་
ཡང་ཉམས་པ་མེད་དོ། །རེ་ཞིག་བདག་མེད་པར་སྨྲ་བས་བུམ་པ་ལ་སོགས་པ་བདག་མེད་པར་ཁས་བླངས་པ་ཡིན་པ་ལ་ནི་འུ་བུ་ཅག་རྩོད་པ་མེད་དོ། །གསོན་པོའི་ལུས་ནི་བདག་ཅག་བདག་དང་བཅས་པས་འདོད་པ་དེས་ན་དེ་ལ་རྩོད་པ་ཡིན་ན། དེས་ན་ཁས་བླངས་པའི་བདག་མེད་པ་
Vol. 182 · folio 84a
ལ་སྲོག་ལ་སོགས་པ་མེད་པའི་ཕྱིར་གོ་བར་བྱེད་པ་ཉིད་དུ་བརྗོད་པས་ནི་བདག་ལུང་ལས་གྲུབ་པ་ཁས་བླངས་པར་འགྱུར་ཏེ། ལུང་གིས་གྲུབ་པའི་དོན་ལ་བརྟེན་ནས་བྱས་པའི་ཁྱབ་པ་གྲུབ་པ་ཅན་ཡིན་པའི་ཕྱིར་རོ། །ལུང་ཙམ་ལས་ཁས་བླངས་པ་ནི་ཚད་མས་སྟོང་པར་
འགྱུར་རོ། །དེ་བཤད་པ་ནི་ཁས་བླངས་པ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་བས་ན་སྲོག་ལ་སོགས་པ་ནི་རྟོགས་པར་བྱེད་པ་མ་ཡིན་པ་ཉིད་དེ་སྲོག་ལ་སོགས་པ་དང་ལྡན་པ་མ་ཡིན་པ་ཉིད་བདག་མེད་པ་མ་གྲུབ་པའི་ཕྱིར་ཏེ་བདག་དང་ལྡན་པར་མ་མཐོང་བས་བདག་
མེད་པ་མ་མཐོང་བའི་ཕྱིར་རོ། །ལ་ལར་བདག་མེད་པར་གྲུབ་པ་ཡིན་པ་དེ་ལྟ་ན་ཡང་འགའ་ཞིག་ལ་བདག་དེ་ལོག་སྟེ། སྲོག་ལ་སོགས་པ་ལོག་ཀྱང་བདག་མེད་པ་ཐམས་ཅད་ལ་སྐབས་ཀྱིས་སྲོག་ལ་སོགས་པ་ལྡོག་པ་མི་འགྲུབ་བོ། །དེས་ན་བདག་མེད་པ་ལ་སྲོག་ལ་སོགས་པ་མེད་
པའི་ཕྱིར། བདག་མེད་པ་དང་སྲོག་ལ་སོགས་པ་ལྡན་པ་མ་ཡིན་པ་དག་ཁྱབ་པ་མ་གྲུབ་བོ། །ཐམས་ཅད་ལ་ལྡོག་པ་མི་གྲུབ་པའི་གཏན་ཚིགས་ནི་འབྲེལ་པ་མེད་པའི་ཕྱིར་ཞེས་བྱ་བ་ཡིན་ནོ། །གལ་ཏེ་མ་མཐོང་བས་ལྡོག་པར་འགྱུར་ན་དེའི་ཚེ། མ་གྲུབ་སྦྱར་བ་བརྗོད་བྱ་མིན། །དེ་ཡང་ཞེས་བྱ་
བའི་ཡང་གི་སྒྲས་ནི་གཏན་ཚིགས་གཞན་སྡུད་པའོ། །གང་ཡང་ཞེས་བྱ་བ་ནི་མ་མཐོང་བ་ཙམ་གྱིས་ལྡོག་ན་གཞུང་གཞན་མི་འཐད་པའི་བསམ་པས་ཡིན་ནོ། །མ་གྲུབ་སྦྱར་བ་དེ་ཡང་གང་ཞེ་ན་བཤད་པ་དེ་བཞིན་དུ་མཐུན་པའི་ཕྱོགས་ལ་ཡོད་པ་དང་། མེད་པ་ཞེས་བྱ་བ་ལ་སོགས་པ་
ལ་ཡང་ཅི་རིགས་པ་བརྗོད་པར་བྱའོ་ཞེས་བྱ་བ་ལ་སོགས་པའི་རང་བཞིན་ཅན་གྱིས་མ་གྲུབ་པ་སྦྱར་བ་གང་ཡིན་པའོ། །སློབ་དཔོན་གྱིས་ཕྱོགས་ཀྱི་ཆོས་ཉིད་ལ། གཉི་ག་ལ་ཡང་རུང་བ་དང་ཐེ་ཚོམ་ཟ་བ་དང་གཞི་མ་གྲུབ་པའི་མཚན་ཉིད་མ་གྲུབ་པ་རྣམ་པ་བཞི་བསྟན་ནས་མཐུན་པའི་ཕྱོགས་དང་
མི་མཐུན་པའི་ཕྱོགས་གཉིས་ལ་ཡོད་པ་དང་མེད་པ་དང་གཉི་གས་གཏན་ཚིགས་རྣམ་པ་དགུ་ལ་བསྒྲེས་པ་ཕྱོགས་ཀྱི་ཆོས་ལ་ཇི་ལྟ་བ་དེ་བཞིན་དུ་མཐུན་པའི་ཕྱོགས་ལ་ཡོད་པ་ཞེས་བྱ་བ་ལ་སོགས་པ་ལ་ཡང་བརྗོད་པར་བྱའོ་ཞེས་བྱ་བ་འདི་ནི་མ་གྲུབ་པར་སྦྱར་བ་ཡིན་ནོ། །མ་གྲུབ་པ་སྦྱར་བ་དེ་
Vol. 182 · folio 84b
ཡང་བརྗོད་པར་བྱ་བ་མ་ཡིན་པར་འགྱུར་ཏེ། གཏན་ཚིགས་རྣམ་པ་དགུ་ལ་ཇི་ལྟར་བཤད་པའི་མ་གྲུབ་པ་མི་བརྗོད་པར་འགྱུར་རོ། །ཐེ་ཚོམ་ཟ་བའི་མ་གྲུབ་པ་བཞག་སྟེ་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་གཉིས་ལ་མ་གྲུབ་པ་གསུམ་བརྗོད་པར་བྱའོ་ཞེས་དགོངས་པ་ཡིན་ནོ། །མདོར་
མ་གྲུབ་པ་སྦྱར་བ་སྤྱིར་བཀག་པ་ཁྱད་པར་གནས་པར་ངེས་པར་བྱའོ་ཞེས་འབྲེལ་པ་སྟོན་པ་ནི་ཐེ་ཚོམ་དུ་གྱུར་ཡང་མ་བཟློག་པར་འགྱུར་རོ་ཞེས་བྱ་བའོ། །ཐེ་ཚོམ་ཟ་བའི་མ་གྲུབ་པ་བཟློག་པར་བྱ་བ་མ་ཡིན་པར་འགྱུར་རོ། །ཕྱོགས་ཀྱི་ཆོས་ཉིད་དུ་ཉེ་བར་བསྟན་པའི་མ་གྲུབ་པ་སྦྱར་བས་ནི་
ཐེ་ཚོམ་དུ་འགྱུར་བ་བཟློག་པར་འགྱུར་རོ། །མི་དམིགས་པ་ཁོ་ནར་ཟད་ན་ཐེ་ཚོམ་ཟ་ལ་ལྡོག་པ་ཡང་མི་དམིགས་པ་ལས་ཡིན་པའི་གཏན་ཚིགས་ཀྱི་ཕྱིར་མ་དམིགས་པ་ཙམ་གྱི་སྒྲུབ་པར་བྱེད་པ་ནི་ཐེ་ཚོམ་ཟ་བ་ཡིན་ནོ། །ལྡོག་པ་ནི་མི་དམིགས་པས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་མཐུན་
པའི་ཕྱོགས་ལ་ཡོད་པའི་མི་མཐུན་པའི་ཕྱོགས་ལ་མེད་པ་ནི་ཐེ་ཚོམ་ཟ་བའི་རང་བཞིན་ཉིད་ཡིན་པ་དེས་ན་ཇི་ལྟར་ཁྱབ་པར་མེད་པར་མ་གྲུབ་པར་སྦྱོར་བར་འགྱུར་མི་དམིགས་པ་ཉིད་ལ་ཐེ་ཚོམ་ངེས་པར་སྟོན་པས་དམིགས་པ་ལ་དེ་མེད་པར་བཤད་པ་ནི་དམིགས་ན་ཞེས་བྱ་བ་ཡིན་ནོ། །ཐེ་ཚོམ་ནི་
ཡོད་པ་མ་ཡིན་པའི་ཕྱིར་དེ་ནི་མི་དམིགས་པ་ཁོ་ན་ལ་ཡིན་པར་རིགས་སོ། །རྟོགས་བཞིན་པ་ཉིད་ཀྱི་ཆོས་ལ་ཐེ་ཚོམ་མེད་པའི་ཕྱིར་ཏེ་ཉམས་སུ་མྱོང་བ་ནི་ཇི་ལྟར་མྱོང་བ་བཞིན་རྟོགས་པ་འཕེལ་བར་བྱེད་པ་ཡིན་པའི་ཕྱིར་རོ། །གལ་ཏེ་ཅི་རིགས་པར་ཞེས་བྱ་བ་ནི་འདི་སྐད་བརྗོད་པ་ཡིན་ཏེ། ཁྱད་པར་
མེད་པར་མ་གྲུབ་པ་སྦྱོར་བ་མ་ཡིན་ཏེ། ཅི་རིགས་པར་ཞེས་སྨོས་པའི་ཕྱིར་རོ། །འདིར་ཐེ་ཚོམ་ཟ་བ་མ་གྲུབ་པ་ནི་དགག་པར་ནུས་པ་མ་ཡིན་ཏེ། མི་དམིགས་པའི་རྩ་བ་ཅན་ཉིད་ཀྱིས་ན་ལྡོག་པ་ཅན་ཐེ་ཚོམ་ཟ་བའི་རང་བཞིན་ཡིན་པའི་ཕྱིར་རོ་ཞེ་ན་དེ་ནི་མ་ཡིན་ཏེ། བརྗོད་པ་གང་ཞིག་གཉི་ག་ལ་
ཡང་ངེས་པ་དེ་ཁོ་ན་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །རྒོལ་བ་དང་ཕྱིར་རྒོལ་བ་ལ་ངེས་པ་སྒྲུབ་པར་བྱེད་པ་ཡིན་པ་ཉིད་ཀྱིས་ལྡོག་པ་ལ་ཐེ་ཚོམ་ཟ་བ་སྒྲུབ་པར་བྱེད་པ་མ་ཡིན་ནོ། །ཅི་རིགས་པར་ཞེས་གསུངས་པ་ནི་གཞི་མ་གྲུབ་པ་ཉིད་ལྡོག་པ་ལ་སྐྱོན་དུ་འགྱུར་བ་མ་ཡིན་ནོ་ཞེས་
Vol. 182 · folio 85a
བསྟན་པའི་ཕྱིར་ཡིན་ནོ་ཞེས་སྨྲ་བའོ། །དེས་ནི་དེ་ལྟར་མ་གྲུབ་པ་སྦྱར་བས་ན་སློབ་དཔོན་ཐེ་ཚོམ་དུ་གྱུར་པ་བཟློག་པར་བྱ་བ་བཞེད་པ་ཡིན་ནོ། །དེས་མི་དམིགས་པ་ལྡོག་པ་སྒྲུབ་པར་བྱེད་པ་དགག་པར་བཤད་པ་ཡིན་ནོ་ཞེས་སྨོས་པ་ནི་དེའི་ཕྱིར་མི་དམིགས་པ་
ཡིན་དུ་ཟིན་ཀྱང་མི་མཐུན་པའི་ཕྱོགས་ལས་ལྡོག་པ་མེད་པར་དགོངས་ཏེ། མི་དམིགས་པ་དེ་དགག་པར་བཤད་པ་ཡིན་ནོ། །ཅིའི་ཕྱིར་ལྡོག་པ་མེད་ཅེ་ན་ཐེ་ཚོམ་ཟ་བས་སོ། །མ་མཐོང་བས་ལྡོག་པ་མེད་པ་ལ་གཏན་ཚིགས་གཞན་སྟོན་པ་ནི་གཞན་ཡང་ཞེས་བྱ་བ་ཡིན་ནོ། །རྗེས་
སུ་འགྲོ་བ་དང་ལྡོག་པ་དང་ལྡན་པ་ནི་གོ་བར་བྱེད་པ་ཡིན་པར་བཤད་དོ། །དེས་ན་དེ་མེད་ན་གོ་བར་བྱེད་པ་མེད་པ་ཡིན་ནོ། །མ་ངེས་པ་ལ་ནི་ལྡོག་པ་ཡོད་པ་མ་ཡིན་ནོ། །དེ་ཡང་རྣམ་པ་གཉིས་ཏེ་ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །དེ་ལ་ཐུན་མོང་པ་གཅིག་ཏུ་རྗེས་སུ་འགྲོ་བ་དང་
ལྡན་པ་ཉིད་ཀྱིས་ལྡོག་པ་མེད་པ་སྟེ་གཞལ་བྱ་ཉིད་དོ། །ཐུན་མོང་མ་ཡིན་པ་ནི་མཉན་བྱ་ཉིད་དེ། ཐམས་ཅད་ལ་མེད་པའི་ཕྱིར་བསྒྲུབ་པར་བྱ་བ་མེད་པ་བཞིན་དུ་བསྒྲུབ་པར་བྱ་བ་ལས་བཟློག་པ་མེད་པ་ལ་ཡང་དེ་མེད་པ་ཉིད་དོ། །དེས་ན་ལྡོག་པས་ཐོབ་པར་བྱ་བའི་གོ་བར་བྱེད་པའི་
བདག་ཉིད་བདག་གིར་བྱེད་པ་མ་ཡིན་ནོ། །གང་ཞིག་གང་མེད་པ་ལ་མེད་པ་དེ་ནི་ཡོད་པ་ན་དེ་མེད་པ་བཟློག་པ་ན་དེ་གོ་བར་བྱེད་པ་ཡིན་ཏེ། དུ་བས་མེ་མེད་པ་བཞིན་ནོ། །མེ་མེད་པ་ལ་དུ་བ་མེད་ལ་དེ་ན་ནི་ཡོད་པ་ཡིན་པ་དེས་ན་མེ་མེད་པ་ཟློག་པར་བྱེད་པའི་ཕྱིར་རོ། །དེས་ན་མཉན་
བྱ་ཉིད་ཀྱང་གལ་ཏེ་མི་རྟག་པ་བུམ་པ་ལ་སོགས་པ་མེད་པས་རྟག་པ་ཉིད་ཀྱི་སྒྲུབ་བྱེད་དུ་འགོད་ན་དེ་ལ་མེད་པས་རང་ཡོད་པས་དེ་མེད་པའི་གོ་བར་བྱེད་པ་ཡིན་པའི་ཕྱིར་མི་རྟག་པ་ཉིད་གྲུབ་པར་འགྱུར་རོ། །དེས་ན་ནམ་མཁའ་ལ་སོགས་པ་རྟག་པ་ལ་ཡང་མ་མཐོང་བའི་ཕྱིར་རང་ཡོད་པས་
རྟག་པ་ཡང་མེད་པར་སྟོན་པ་ཡིན་ཏེ། དེས་ན་གཅིག་ཏུ་ངེས་པའི་ལྡོག་པ་མེད་པས་གོ་བར་བྱེད་པ་མ་ཡིན་ནོ། །དེ་ལྟར་ན་ཐུན་མོང་མ་ཡིན་པ་ལ་ལྡོག་པས་ཐོབ་པར་བྱ་བའི་རྣམ་པར་གཅོད་པ་རྟོག་པར་བྱེད་པ་མ་ཡིན་པར་བརྗོད་པ་གང་ཡིན་པ་དེ་མ་མཐོང་བ་ལ་བརྟེན་ནས་ལྡོག་པར་བརྗོད་
Vol. 182 · folio 85b
ན་མི་འགྲུབ་བོ། །གང་གིས་ཕྱིར་མཉན་བྱ་ཉིད་ལ་སོགས་པ་ཐུན་མོང་མ་ཡིན་པ་རྟག་པ་དང་མི་རྟག་པ་དག་ལ་མ་མཐོང་བའི་ཕྱིར་རྟག་པ་དང་མི་རྟག་པ་རྣམ་པར་གཅོད་པའི་གཏན་ཚིགས་ཉིད་དུ་ཅི་སྟེ་མི་འགྱུར། གང་ཞིག་གང་མེད་པ་ལ་མ་མཐོང་བ་དེ་ནི་དེ་མེད་པ་ལ་མེད་པ་ཁོ་ན་ཡིན་ནོ། །
དེས་ན་མཉན་བྱ་ཉིད་རྟག་པ་མེད་པ་ལ་མ་མཐོང་བའི་ཕྱིར་རྟག་པ་མེད་པ་ལ་མེད་པ་ཁོ་ནའོ། །དེ་ལྟ་མ་ཡིན་ན་བྱས་པ་ཉིད་ཀྱང་མི་རྟག་པ་མེད་པ་ལ་མེད་པར་ཇི་ལྟར་འགྲུབ། དེས་ན་མཉན་བྱ་ཉིད་སྒྲ་ལ་ཡོད་ལ་དེ་ཡང་རྟག་པ་མེད་པ་ལ་མེད་པ་ཡིན་པའི་ཕྱིར་ཇི་ལྟར་རྟག་པ་མེད་པ་རྣམ་
པར་བཅད་པ་གོ་བར་མི་བྱེད། དེ་བཞིན་དུ་མི་རྟག་པ་མེད་པ་ལ་མ་མཐོང་བའི་ཕྱིར་དེ་མེད་པ་ལ་མེད་པ་ཉིད་ཡིན་པའི་ཕྱིར་དེ་རྣམ་པར་གཅོད་པར་བྱེད་པ་ཉིད་དོ། །འགྲེལ་པ་ནི་མཉན་པར་བྱ་བ་ཉིད་ཀྱང་ཞེས་བྱ་བའོ། །གང་གི་ཕྱིར་དེ་རྟག་པ་དང་མི་རྟག་པ་དག་ལ་མ་མཐོང་བའི་ཕྱིར་དེ་
དག་ལས་ལྡོག་པ་ཡིན་ནོ། །པས་ཞེས་བྱ་བ་ནི་གཏན་ཚིགས་དེ་བས་ན་དེ་དག་རྣམ་པར་གཅོད་པའི་གཏན་ཚིགས་ཉིད་དུ་འགྲུབ་སྟེ་སྔར་ཇི་སྐད་བཤད་པ་བཞིན་ནོ། །དེ་མེད་པ་ལ་མེད་པར་ཡང་གྲུབ་ལ། རང་ཡོད་པས་དེ་རྣམ་པར་གཅོད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་འདི་མི་སྲིད་དོ། །
དེས་ན་དེ་རྣམ་པར་གཅོད་པ་ནི་དེ་ལས་ལྡོག་པ་ལས་གཞན་མ་ཡིན་ནོ། །གང་མེད་ན་མེད་པའི་ཕྱིར་གང་ལས་གང་ཞིག་ལྡོག་པ་དེ་ལས་ནི་དེ་རྣམ་པར་བཅད་པ་གཞན་མ་ཡིན་ཏེ། དེ་ཙམ་གྱིས་གྲུབ་པའི་ཕྱིར་རོ། །ཅི་དེ་ལྟར་ན་མཉན་བྱ་ཉིད་གོ་བྱེད་དུ་བཀོད་དམ་ཞེ་ན་མ་ཡིན་ཞེས་སྨྲས་ཏེ་
རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །མ་མཐོང་བ་ཙམ་གྱིས་ལྡོག་པ་གཏན་ཚིགས་ཀྱི་ལྡོག་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་འདི་ཉེ་བར་བཀོད་དེ་དེ་ལྟར་ཡིན་ན་མཉན་པར་བྱ་བ་ཉིད་ཀྱང་རྟག་པ་དང་མི་རྟག་པ་མེད་པ་ལ་མ་མཐོང་བའི་ཕྱིར་དང་དེ་དག་མེད་པ་ལ་མེད་པར་གོ་བར་བྱེད་པར་ཐལ་
བའི་ཕྱིར་རོ། །དེས་ན་རང་ཡོད་པས་དེ་མེད་པ་སྟོན་པར་བྱེད་པ་ཉིད་དོ། །མ་མཐོང་ཡང་མེད་པ་མི་འགྲུབ་པའི་ཕྱིར་དེ་མེད་པ་ལ་མ་མཐོང་བ་ལས་ཀྱང་ལྡོག་པ་མི་འགྲུབ་ན་ནི་རྣམ་པར་གཅོད་པ་མ་ཡིན་པར་འགྱུར་བ་ཡིན་ནོ། །གང་གི་ཚེ་གང་མེད་པ་ལ་མ་མཐོང་བ་དེ་མེད་པ་ལ་མེད་པ་ཉིད་དོ་
Vol. 182 · folio 86a
ཞེས་ངེས་པ་ཡིན་ན་ནི། དེའི་ཚེ་གང་ན་འདི་ཡོད་པ་དེར་དེ་མེད་པར་ཇི་ལྟར་འགྱུར། དེ་མེད་པ་ཡིན་ན་ནི་འདི་ཉིད་མེད་པར་འགྱུར་རོ། །ཡོད་པ་ཡང་ཡིན་ཏེ་དེས་ན་ཇི་ལྟར་དེ་མེད་པ་མེད་པར་མི་འགྲུབ། དེ་བཤད་པ་ནི་རྣམ་པར་གཅོད་པ་མ་ཡིན་པ་དེ་ནི་ཞེས་བྱ་བ་
ནས་རྟོག་པར་མི་བྱེད་ཅེས་བྱ་བའི་མཐར་ཐུག་པར་རོ། །ལྡོག་པ་ཉིད་དུ་མ་ངེས་པའི་ཕྱིར་རྣམ་པར་གཅོད་པ་མ་ཡིན་པར་འགྱུར་གྱི། དེས་ན་ནི་རྣམ་པར་གཅོད་པ་ཁོ་ནའོ། །འདི་ཁྱེད་ཀྱིས་རང་གི་གཞུང་ལ་ཡང་མཉན་པར་བྱ་བ་ཉིད་ཇི་ལྟར་རྣམ་པར་གཅོད་པར་བྱེད་པ་མ་ཡིན་ཞེས་
དོགས་པ་བསུ་ནས་དེ་ལ་རིགས་པ་བརྗོད་པ་ནི་མ་ཡིན་ཏེ། རང་གི་གཞུང་ལ་ཚུལ་གསུམ་མེད་པ་ཉིད་ཀྱིས་འདི་གོ་བར་བྱེད་པ་མ་ཡིན་པར་གྲུབ་པས་རྣམ་པར་གཅོད་པར་བྱེད་པ་ཉིད་དུ་ཐེ་ཚོམ་མི་ཟ་བའི་ཕྱིར་རོ། །གལ་ཏེ་གཞན་ལ་ཡང་དེ་ཉིད་ཀྱིས་གོ་བར་བྱེད་པ་མ་ཡིན་པའི་ཕྱིར་ཐེ་ཚོམ་ཟ་
བར་མི་འགྱུར་རོ་ཞེ་ན། བདེན་ཏེ་གོ་བར་བྱེད་པ་མ་ཡིན་པ་མ་མཐོང་བ་ཚད་མར་བྱེད་ན་གཉི་ག་རྣམ་པར་གཅོད་པ་ཅི་སྟེ་མི་འགྲུབ་ཅེས་བྱ་བར་བསྟན་ཏོ། །ངེད་ཀྱི་ལྟར་ན་ནི་གང་གིས་ཐལ་བ་འདིར་འགྱུར་བ་མ་མཐོང་བ་ཚད་མ་མ་ཡིན་ནོ། །དེས་ན་འདི་ལྡོག་པ་མེད་པར་གཞུང་གཟུགས་
པའི་ཕྱིར་མ་མཐོང་བ་ཚད་མ་ཡིན་པ་དགག་པར་བྱེད་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་རྣམ་པར་གཅོད་པར་བྱེད་པ་ཉིད་དུ་ཐལ་བར་འགྱུར་རོ། །སྐྱེད་པར་བྱེད་པ་ཐམས་ཅད་ངང་གིས་འཇིག་པ་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་མཉན་པར་བྱ་བ་ཉིད་ཀྱིས་ཀྱང་ངང་གིས་འཇིག་པའི་རང་བཞིན་མི་
རྟག་པ་ཉིད་སྒྲུབ་པར་བྱེད་པ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། རྗེས་སུ་འགྲོ་བ་མེད་པར་གོ་བར་བྱེད་པ་ཉིད་དུ་མི་སྲིད་དོ་ཞེས་རྣམ་པར་ངེས་པའི་རྗེས་སུ་འབྲང་བར་བཤད་ཟིན་ཏོ། །འདིར་ཕ་རོལ་པོས་སྨྲས་པ་གལ་ཏེ་ཡང་དེ་མེད་པ་ལ་མེད་པར་རྟོགས་པ་དེ་ལྟ་ན་ཡང་གང་གིས་འདིས་གཅིག་
རྣམ་པར་གཅོད་པ་ན་མ་མཐོང་བ་ཁྱད་པར་མེད་པའི་ཕྱིར་གཞན་ཡང་རྣམ་པར་གཅོད་པར་འགྱུར་བ་འདི་ལྡོག་པའི་འབྲས་བུ་རྣམ་པར་གཅོད་པ་དང་ལྡན་པ་མ་ཡིན་ནོ། །དེ་ནི་འཐད་པ་མ་ཡིན་ཏེ། འདི་ལྟར་ཚད་མ་གཞན་གྱིས་གནོད་པ་ཡིན་ནོ། །དོགས་པ་འདི་ཉིད་རྣམ་པར་འགྲེལ་
Vol. 182 · folio 86b
པ་ནི་ཅི་སྟེ་ཞེས་བྱ་བ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ནི་ཅི་སྟེ་ཞེས་བྱ་བ་ཡིན་ནོ། །གཉི་ག་རྣམ་པར་གཅོད་པ་ཞེས་བྱ་བས་ནི་ཚད་མ་གཞན་ཞེས་བྱ་བའི་ཡུལ་བཤད་པ་ཡིན་ནོ། །ཚད་མ་གཞན་གྱིས་གནོད་པ་ཅི་སྟེ་ཞེ་ན་ཡོད་དོ་ཞེས་བརྗོད་དོ། །གནོད་པར་བྱེད་པའི་ཚད་མ་གཞན་
དེ་ཡང་གང་ཞེ་ན་བཤད་པ་ཕན་ཚུན་རྣམ་པར་གཅོད་པའི་ངོ་བོ་ཅན་རྣམས་ནི་ཞེས་སྨོས་སོ། །གང་དག་ལ་ཕན་ཚུན་རྣམ་པར་གཅོད་པའི་ངོ་བོ་ཡོད་པ་སྟེ་རྟག་པ་ཉིད་ནི་མི་རྟག་པ་ཉིད་རྣམ་པར་བཅད་པའི་རང་བཞིན་ཅན་ཡིན་ལ། མི་རྟག་པ་ཡང་དེ་རྣམ་པར་བཅད་པའི་རང་བཞིན་
ཅན་ཡིན་ནོ། །གལ་ཏེ་ཡང་འདི་དག་ལ་ལྡོག་པ་དང་རྗེས་སུ་འཇུག་པའི་ཆོས་ཀྱི་བདག་ཉིད་ཀྱི་རང་བཞིན་གྱི་ངོ་བོ་ཡང་ཡོད་མོད་ཀྱི་དེ་ལྟ་ན་ཡང་ཕན་ཚུན་རྣམ་པར་གཅོད་པའི་ངོ་བོ་ཉིད་ཀྱིས་སྔོན་པོ་དང་སེར་པོ་ལ་སོགས་པ་དང་མི་འདྲ་བར་བརྗོད་པ་ཡིན་ནོ། །སྔོན་པོ་ནི་སེར་པོ་ལས་ལྡོག་
པ་ཡིན་ཡང་། སྔོན་པོ་བཀག་པ་ཙམ་གྱིས་ངོ་བོ་ནི་སེར་པོ་མི་འགྱུར་ཏེ། དེ་བཀག་པས་དཀར་པོ་ཡང་འགྱུར་བའི་ཕྱིར་རོ། །གང་ཞིག་བཀག་པ་གང་གཟུང་བ་མེད་པ་མ་ཡིན་པ་དེ་དག་ཁོ་ནའོ། །རྣམ་པ་དེ་ལྟ་བུའི་ཁྱད་པར་བསྟན་པའི་ཕྱིར་ཕན་ཚུན་བཀག་པའི་ངོ་བོ་ཅན་དུ་ཉེ་བར་
བཀོད་དོ། །དེ་ལ་དངོས་པོ་ལྡོག་པའི་ཆོས་དང་བྲལ་ན་གདོན་མི་ཟ་བར་རྗེས་སུ་འཇུག་པའི་ཆོས་ཉིད་དོ། །དེ་ནི་ཡོད་པའི་རང་བཞིན་ཡིན་ལ། བྱུང་མ་ཐག་ཏུ་འཇིག་པ་མ་ཡིན་པའི་ཕྱིར་འདི་དེ་ལྟ་བུའི་ངོ་བོར་གནས་པར་ཁས་བླངས་པ་ཡིན་ནོ། །དེ་བཞིན་དུ་རང་གི་རང་བཞིན་དུ་གནས་པ་
མ་ཡིན་པའི་ཕྱིར་ལྡོག་པའི་ཆོས་ཉིད་དུ་ཁས་བླངས་པར་འགྱུར་རོ། །དེ་བས་ན་རྣམ་པ་དེ་ལྟ་བུའི་དོན་རྣམས་ནི་གཅིག་རྣམ་པར་བཅད་པས་གཞན་སྒྲུབ་པ་ཡིན་ནོ། །འདི་མེད་པར་དགག་པ་ཙམ་ཡང་མ་ཡིན་ཏེ། སྔོན་པོ་རྟག་གམ་མི་རྟག་ཅེས་བྱ་བ་ནི་དངོས་པོ་གཞན་མ་བསྒྲུབས་པར་
མཐར་ཕྱིན་པར་མི་འགྱུར་ཏེ་དེ་བཀག་ནས་རྟག་པ་འམ་མི་རྟག་པ་རྟོགས་པའི་ཕྱིར་ཇི་སྐད་སྔར་བཤད་པ་བཞིན་ནོ། །དགག་པ་མ་ཡིན་ཏེ་ཞེས་བྱ་བ་སྐབས་ཀྱིས་གཞན་ཉིད་དོ། །འདི་སྐད་བརྗོད་པ་ཡིན་ཏེ། འདི་མི་རྟག་པ་ཡིན་ནམ་ཞེས་མི་རྟག་པ་བཀག་པས་རྟག་པ་བསྒྲུབ་པར་
Vol. 182 · folio 87a
འགྱུར་བ་ཡིན་ཏེ། དེས་ན་འདི་ལ་དེ་ཡང་དགག་པར་ནུས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་མཉན་པར་བྱ་བ་ཉིད་ལ་སོགས་པའི་ཆོས་ཀྱང་མ་མཐོང་བའི་ཕྱིར་མི་རྟག་པ་མེད་པ་ལས་ལྡོག་ཀྱང་རང་ཡོད་པས་མི་རྟག་པ་མེད་པ་རྟག་པའི་བདག་ཉིད་སེལ་བ་ན་མི་རྟག་པ་ཉིད་རྟོགས་པར་
བྱེད་ཀྱི་དེ་ཡང་མེད་པར་ཤེས་པར་བྱེད་ནུས་པ་ནི་མ་ཡིན་ནོ། །མི་རྟག་པ་ཉིད་མེད་པ་ལ་མེད་པའི་ཕྱིར་ཡོད་པ་ཉིད་ལས་མི་རྟག་པ་ཉིད་རྟག་པ་ཡིན་ཏེ། དེ་ཉིད་ཀྱི་ཚེ་དགག་པ་མི་རུང་བའི་ཕྱིར་རོ། །དེས་ན་མཉན་བྱ་ཉིད་མི་རྟག་པ་མེད་པ་ལ་མེད་པའི་ཕྱིར་རང་ཡོད་པས་རྟག་པ་འགོག་པ་ན་མི་རྟག་པ་ཉིད་སྒྲུབ་པ་
ཡིན་ཏེ་དེ་ནི་དངོས་པོའི་ཆོས་ཡིན་པའི་ཕྱིར་རོ། །རྟག་པ་མེད་པ་ལ་མེད་པའི་ཕྱིར་ནི་རང་ཡོད་པས་མི་རྟག་པ་སེལ་བ་ན་རྟག་པ་སྒྲུབ་པ་ཡིན་པའི་ཕྱིར་ཆོས་གཅིག་གི་ཡུལ་ཡོད་པ་དང་མེད་པར་རྟོགས་པར་འགྱུར་རོ། །དེ་སྨྲས་པ་ནི་བསྒྲུབ་པ་དང་དགག་པ་དག་ནི་འགལ་བའི་ཕྱིར་རོ་
ཞེས་བྱ་བའོ། །དེས་ན་འདི་མེད་པ་ལ་མེད་པ་ཡིན་ཡང་རྟག་པ་དང་མི་རྟག་པ་དག་གཅིག་ལ་མེད་པ་མི་རུང་བའི་ཕྱིར་གང་གིས་རང་ཡོད་པས་རྣམ་པར་གཅོད་པར་ཡང་བྱེད་པར་འགྱུར་བ་དེ་མེད་པ་རྟོགས་པར་བྱེད་པ་ནི་མ་ཡིན་ནོ་ཞེ་ན། འདི་བཟློག་པའི་ཕྱིར་ད་ནི་ཞེས་སྨོས་སོ། །གལ་
ཏེ་མཉན་པར་བྱ་བ་ཉིད་རྟག་པ་དང་མི་རྟག་པ་ལ་མ་མཐོང་བ་ཡིན་ཡང་རྣམ་པར་གཅོད་པར་བྱེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་དེ་མེད་པ་ལ་མེད་པ་མ་ཡིན་ནོ། །དེ་ལྟར་ཡིན་ན་གཉི་ག་ལས་ཕྱི་རོལ་དུ་གྱུར་པ་མི་སྲིད་པ་གནོད་པར་བྱེད་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ན། འོ་ན་ནི་
མ་མཐོང་བ་ལ་གནོད་པའི་ཕྱིར་མ་མཐོང་བ་ལས་མེད་པ་ཡིན་ནོ། །འདི་སྐད་བརྗོད་པ་ཡིན་ཏེ། མ་མཐོང་བ་མེད་པའི་སྒྲུབ་པར་བྱེད་པ་ཡིན་པ་མ་བཀག་པར་ནི་གཉི་ག་ལས་ཕྱི་རོལ་དུ་གྱུར་པ་མི་སྲིད་པ་ཉིད་རྣམ་པར་གཅོད་པར་བྱེད་པ་ལ་གནོད་པར་བྱེད་པ་མ་ཡིན་གྱི་འོན་ཀྱང་མ་མཐོང་བ་
མེད་པའི་སྒྲུབ་པར་བྱེད་པ་ཉིད་ལ་གནོད་པ་ཡིན་ནོ། །དེ་ལ་མི་གནོད་པར་ནི་ཇི་སྐད་བཤད་པའི་ཚུལ་གྱིས་དེས་ཉེ་བར་བཞག་པའི་གཉི་ག་རྣམ་པར་གཅོད་པར་བྱེད་པ་ཉིད་དགག་པར་མི་ནུས་པའི་ཕྱིར་རོ། །དེའི་ཕྱིར་གནོད་པར་བྱེད་པའི་ཚད་མས་ནི་མ་མཐོང་བ་ཉིད་རིག་པར་བྱ་བ་ཡིན་ཏེ།
Vol. 182 · folio 87b
དེས་ན་འདི་ལས་མེད་པར་མི་འགྲུབ་བོ། །འགྲེལ་པ་ནི་དེ་ལྟར་ན་ཞེས་བྱ་བ་ཡིན་ནོ། །དེ་ལྟར་རྣམ་པ་འདིས་མ་མཐོང་བ་ནི་ཚད་མ་མ་ཡིན་ཏེ། རང་གི་ཡུལ་མེད་པར་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྐབས་སུ་བབ་པའི་རྣམ་པ་དེ་ཉིད་གསལ་བར་བྱེད་པ་ནི་གནོད་པ་
སྲིད་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །གང་ལ་གནོད་པ་ཡོད་པ་དེར་ཚད་མ་མ་ཡིན་མོད། དེ་ཙམ་གྱིས་ནི་མ་མཐོང་བ་ཙམ་སྤང་བ་མ་ཡིན་ཏེ། ཟླ་བ་གཉིས་པའི་ཤེས་པ་ཚད་མ་མ་ཡིན་པས་དབང་པོའི་ཤེས་པ་ཐམས་ཅད་ཚད་མ་མ་ཡིན་པར་ཐལ་བའི་ཕྱིར་རོ་ཞེ་ན། དེ་བཞིན་དུ་
ཞེས་སྨོས་སོ། །གནོད་པ་མ་མཐོང་བ་གཞན་ལ་ཡང་ཚད་མ་གཞན་གྱིས་གནོད་པ་སྲིད་པ་འདི་ལྟར་གལ་ཏེ་གང་ཞིག་གང་མེད་པ་ལ་མ་མཐོང་བ་དེ་མེད་པ་ལ་མེད་པར་ངེས་པ་ཡིན་ན་འདི་ཡང་རྟག་པ་དང་མི་རྟག་པ་དག་མེད་པས་ན་དེ་མེད་པ་ལ་མེད་དོ་ཞེས་རྟོགས་པར་འགྱུར་རོ། །གནོད་
པར་བྱེད་པ་མཐོང་བ་ལས་ནི་དེ་མེད་པ་ལ་མ་མཐོང་བ་ཡིན་ཡང་དེ་ལྟ་ན་ཡང་དེ་ཡོད་པ་ཡིན་ནོ་ཞེས་རྟོགས་པར་འགྱུར་རོ། །རྣམ་པ་དེ་ལྟ་བུའི་ཁྱད་པར་དང་ལྡན་པ་གནོད་པ་ན་གཞན་གནོད་པ་མ་ཡིན་པར་རྟོགས་པར་འགྱུར་བ་གང་ཡིན་པ་མ་མཐོང་བ་དེ་ལས་མ་མཐོང་བ་གཞན་ཁྱད་པར་ནི་མེད་
དོ། །ཁྱད་པར་མེད་པས་ནི་དེ་བཞིན་དུ་གཞན་ཡང་དེའི་རང་བཞིན་ཅན་ཡིན་པའི་ཕྱིར་ན་ཇི་ལྟར་མ་གནོད་ཅེས་བྱ་བར་འགྱུར། དབང་པོའི་ཤེས་པ་ལ་ནི་ཚོགས་པ་མི་འདྲ་བས་བསྐྱེད་པར་བྱ་བ་ཉིད་ཀྱི་མངོན་སུམ་དང་མངོན་སུམ་མ་ཡིན་པ་དང་ཁྱད་པར་ཡོད་པ་ཁོ་ནའོ། །དེས་ན་མངོན་སུམ་མ་
ཡིན་པས་གནོད་ཀྱང་མངོན་སུམ་ཚད་མ་མ་ཡིན་པར་འགྱུར་རོ། །འགྲེལ་པ་ནི་མཚན་ཉིད་དང་ལྡན་པ་ཞེས་བྱ་བའོ་སྙམ་པར་བྱ་བ་གང་ཡིན་པ་དང་བྱས་པ་ཉིད་ལ་སོགས་པ་གང་ཡིན་པའི་མ་མཐོང་བ་འདི་ནི་ཐ་དད་པ་ཡོད་པ་མ་ཡིན་ལ་དེ་ཡང་བསྒྲུབ་པར་བྱ་བ་མེད་པ་ལ་སྒྲུབ་པར་བྱེད་
པ་མེད་པའི་སྒྲུབ་པར་བྱེད་པ་ཡིན་པ་ལ་གནོད་པ་ཡིན་ནོ་དེས་ན་འདི་ཡང་དེ་བཞིན་དུ་དོགས་སོ། །འདི་ལྟར་མཉན་བྱ་ཉིད་ནི་སྒྲ་གཅིག་པུའི་ཆོས་ཡིན་པས་བུམ་པ་དང་ནམ་མཁའ་དག་ལ་མེད་པ་ཡིན་གྱི་རྟག་པ་དང་མི་རྟག་པ་དག་ལས་ཐ་དད་པ་ནི་མ་ཡིན་པ་དེ་བཞིན་དུ་བྱས་པ་ཉིད་ཀྱང་བུམ་
Vol. 182 · folio 88a
པ་ལ་སོགས་པ་ཉིད་ཀྱི་ཆོས་ཡིན་པས་ནམ་མཁའ་ལ་མེད་པ་ཉིད་ཀྱིས་མི་རྟག་པ་མེད་པ་ནི་མ་ཡིན་ཏེ། དེས་ན་སྒྲ་ལ་དེ་དམིགས་པས་རྟག་པ་བཟློག་པར་མི་རིགས་སོ། །བྱས་པ་མ་མཐོང་བ་གང་ཡིན་པ་དེ་ལས་འདི་གཞན་པ་ཉིད་ནི་མ་ཡིན་ནོ། །བལྟར་
རུང་བ་མ་མཐོང་བ་ལ་སོགས་པའི་ཁྱད་པར་དང་། མ་མཐོང་བ་ཙམ་ནི་འདི་ལ་ཡང་སྦྱར་བར་སླ་བའི་ཕྱིར་རོ། །དེས་ན་ལྡོག་པར་སྒྲུབ་པར་བྱེད་པའི་མ་མཐོང་བ་ལ་ཡོད་པ་མ་མཐོང་བའི་མཚན་ཉིད་ཀྱིས་འདིར་རིགས་པ་མ་ཡིན་ནོ། །དེས་ན་དེ་ལ་གནོད་ན་དེའི་མཚན་ཉིད་སུན་ཕྱུང་བ་ཁོ་ནར་འགྱུར་
ཏེ། མ་དམིགས་པ་ཉིད་ལ་གནོད་པར་བྱས་པར་གྱུར་པས་ཐམས་ཅད་ལ་ཡིད་བརྟན་དུ་མི་རུང་ངོ་། །རབ་རིབ་ལ་སོགས་པ་ལས་སྐྱེས་པ་ལ་གནོད་པས་ནི་མངོན་སུམ་ལ་གནོད་པ་མ་ཡིན་ཏེ། གཞན་གནོད་པས་གཞན་ལ་འགལ་བ་མ་ཡིན་པའི་ཕྱིར་རོ། །བྱིས་པ་མ་ཡིན་པ་སུ་ཡང་
གནོད་པ་མེད་པ་ཉིད་ཀྱིས་ནི་མངོན་སུམ་ཚད་མར་མི་སྨྲའོ། །འོན་ཀྱང་མི་སླུ་བ་དང་ལྡན་པའི་ཕྱིར་རོ། །དེས་ནི་དེའི་ཡུལ་དེ་ཉིད་ཡིན་པར་གྲུབ་པས་མངོན་སུམ་ཚད་མར་འགྱུར་བ་ཡིན་ནོ་ཞེས་གཞན་དུ་བཤད་ཟིན་ཏོ། །གལ་ཏེ་རྗེས་སུ་དཔག་པའི་ཡུལ་ལ་ཡང་མངོན་སུམ་དང་རྗེས་སུ་
དཔག་པ་དང་འགལ་བ་མཐོང་སྟེ་དེ་དག་གི་ཡུལ་ལས་བཟློག་པའི་དོན་རྟོགས་པར་བྱེད་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་ཡིད་བརྟན་དུ་མི་རུང་བར་མཐོང་བར་ཐལ་བར་འགྱུར་རོ། །འདི་ལྟར་སྔོ་བསངས་ཡིན་ཏེ། དེའི་བུ་ཡིན་པའི་ཕྱིར་ཞེས་བྱ་བའི་རྗེས་སུ་དཔག་པ་ནི་
མངོན་སུམ་གྱིས་གནོད་པ་ཡིན་ལ་བྱས་པའི་ཕྱིར་མི་རྟག་གོ་ཞེས་བྱ་བ་ནི་རྟག་སྟེ་མཉན་བྱ་ཡིན་པའི་ཕྱིར་སྒྲ་ཉིད་བཞིན་ནོ་ཞེས་བྱ་བའི་རྗེས་སུ་དཔག་པ་གནོད་པ་ཡིན་ནོ། །དེས་ན་རྗེས་སུ་དཔག་པ་ཡང་ཚད་མ་མ་ཡིན་པར་འགྱུར་རོ། །དེའི་ཕྱིར་དེ་ཡང་གནོད་པ་མེད་པ་ཙམ་གྱིས་ཚད་མ་
མ་ཡིན་པ་དེ་ཡོད་པ་ནི་ཚད་མ་ཡིན་པར་འདོད་པར་བྱ་བ་ཡིན་པ་དེས་ན་མཐོང་བ་ལ་ཡང་ཁྱད་པར་མེད་དོ་ཞེ་ན། འདི་དགག་པའི་ཕྱིར་མ་ཡིན་ཏེ་ཞེས་སྨོས་སོ། །རྗེས་སུ་དཔག་པའི་ཡུལ་ལ་མངོན་སུམ་དང་རྗེས་སུ་དཔག་པ་དང་འགལ་བ་ཡོད་པ་ནི་མ་ཡིན་ནོ། །ཇི་སྐད་བཤད་པ་བུམ་
Vol. 182 · folio 88b
པ་ལྟ་བུ་ལ་ཞེས་བྱ་བ་ནི་འབྲེལ་པ་ལ་བརྟེན་པ་དངོས་པོའི་རང་བཞིན་རྣམ་པར་དཔྱོད་པས་བསྐྱེད་པ་ལའོ། །དེ་དག་གིས་གནོད་པ་གང་ཡིན་པ་དེ་ནི་རྣམ་པ་དེ་ལྟ་བུ་མ་ཡིན་པས་བསྐྱེད་པ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མ་ཡིན་པ་ཉིད་གནོད་པ་ཡིན་ནོ། །དེ་བཤད་པ་ནི་སྲིད་ན་ནི་ཞེས་
བྱ་བའོ་སྲིད་པ་གང་ལ་ཡོད་པ་ནི་སྲིད་པ་ཅན་དེ་ཡང་སྐབས་ཀྱིས་མངོན་སུམ་དང་རྗེས་སུ་དཔག་པ་དང་འགལ་བ་ཁོ་ན་ཡིན་པ་དེས་ན་མངོན་སུམ་དང་རྗེས་སུ་དཔག་པ་དང་འགལ་བ་སྲིད་པ་དང་ལྡན་པ་ཞེས་བརྗོད་པར་འགྱུར་རོ། །དེ་ནི་རྗེས་སུ་དཔག་པའི་མཚན་ཉིད་ལས་ཕྱི་རོལ་དུ་གྱུར་པའི་ཕྱིར་
རོ། །རྗེས་སུ་དཔག་པ་ནི་དངོས་པོའི་མཐུས་བསྐྱེད་པའི་རྟོགས་པ་མ་ཡིན་གྱི་འོན་ཀྱང་རྟོགས་པའི་དོན་དུ་རྟོགས་པ་འདི་ནི་དངོས་པོ་ཡོད་པའི་རིགས་པ་ལ་བརྟེན་པས་ཡིན་ནོ། །དེ་དང་ཁྱད་པར་མེད་པའི་རང་བཞིན་གྱི་རྗེས་སུ་དཔོག་པ་ལ་གནོད་པ་སྲིད་པའི་ཕྱིར་དེ་ལྟ་བུའི་རིགས་
པས་ཡོད་པའི་ཕྱིར་དོན་གཞན་གྱི་རྗེས་སུ་དཔོག་པར་འགྱུར་བ་གང་ཡིན་པ་འདི་ལ་དངོས་པོ་ཡོད་པའི་རིགས་པ་ཡོད་པ་མ་ཡིན་ནོ། །དོན་གྱི་རང་བཞིན་གྱིས་བསྐྱེད་པའི་རྟོགས་པ་ལ་ནི་སྲིད་པར་འགྱུར་རོ། །དེར་ཡང་གནོད་པར་བྱེད་པ་མེད་པའི་ནི་ཚད་མ་མ་ཡིན་ནོ་ཞེས་གཞན་དུ་
བཤད་ཟིན་ཏོ། །གལ་ཏེ་རྗེས་སུ་དཔག་པའི་ཡུལ་ལ་གནོད་པ་མི་སྲིད་ན་སློབ་དཔོན་ཕྱོགས་ཀྱི་གླང་པོས་འགལ་བ་འཁྲུལ་པ་མེད་པ་ཅན་མི་བརྗོད་པར་འགྱུར་རོ་ཞེ་ན། དོགས་པ་འདི་སྤོང་བ་ནི་འགལ་བ་འཁྲུལ་པ་མེད་པ་ཅན་མ་བརྗོད་པ་ནི་འདོད་པ་ཡིན་ཏེ། དེ་ནི་སློབ་དཔོན་གྱིས་
རྗེས་སུ་དཔག་པའི་ཡུལ་ལ་མ་བརྗོད་པའི་ཕྱིར་རོ། །འོ་ན་གང་ལ་བརྗོད་ཅེ་ན་འདིའི་ཡུལ་ནི་བསྟན་པར་བྱའོ་ཞེས་སྨོས་སོ། །སྐབས་སུ་བབ་པ་ཉིད་ཀྱིས་བསྒྲུབ་པར་བྱ་བ་ལ་གཏན་ཚིགས་གཞན་ཡང་བསྣན་པའི་ཕྱིར་གཞན་ཡང་ཞེས་སྨོས་སོ། །མ་མཐོང་བའི་གཏན་ཚིགས་ཀྱི་ཕྱིར་
གྲང་བ་ཡང་མ་ཡིན་དྲོ་བ་ཡང་མ་ཡིན་པའི་རེག་པ་མཐོང་བ་དང་མི་ལྡན་ཏེ་ལྡན་པ་འགོག་པ་འཁྲུལ་པ་མེད་པ་ཅན་དུ་འགྱུར་རོ། །མ་མཐོང་བའི་མཚན་ཉིད་ཀྱི་ཚད་མ་ནི་གྲང་བ་ཡང་མ་ཡིན་དྲོ་བ་ཡང་མ་ཡིན་པ་རེག་པ་རྟོགས་པར་གྱུར་པ་དང་མི་ལྡན་པ་འགལ་བ་མེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །
Vol. 182 · folio 89a
དེ་དེ་ལྟར་ན་འདི་བཤད་པའི་གཞུང་དང་འབྲེལ་པར་འགྱུར་རོ། །མདོ་འདི་ཉིད་དགྲོལ་བའི་ཕྱིར་སློབ་དཔོན་གྱིས་གཞུང་གང་བསྟན་པའི་དོན་དུ་གཞུང་འདི་ཡིན་པ་དེ་སྟོན་པ་ནི་གལ་ཏེ་ཞེས་བྱ་བ་ཡིན་ནོ། །དགག་པར་རིགས་པ་མ་ཡིན་ནོ་ཞེས་སློབ་དཔོན་གྱིས་གང་
བཤད་པའོ། །དགག་པའི་རང་གི་ངོ་བོ་ཉིད་སྟོན་པས་སློབ་དཔོན་གྱི་གཞུང་གཞན་ཡང་སྟོན་པ་ནི་གལ་ཏེ་མ་མཐོང་བ་ཙམ་གྱིས་མ་མཐོང་བ་ལ་སོགས་པ་དག་ལ་འགོག་པར་བྱེད་ན་མ་མཐོང་བ་ཙམ་གྱིས་འགོག་པ་དེ་ཡང་རིགས་པ་མ་ཡིན་ནོ་ཞེས་བྱ་བའོ། །དགག་པ་དེ་ཇི་ལྟར་རིགས་པ་
མ་ཡིན་ཏེ་རིགས་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན་མི་དམིགས་པ་ཞེས་སྨོས་སོ། །ཕ་རོལ་པོ་དག་གྲང་བ་དང་དྲོ་བའི་རེག་པ་དག་གི་རྟེན་ས་ལ་སོགས་པར་གྲུབ་པ་ཡིན་པས་ན་དེ་ལས་གཞན་དུ་གྱུར་པའི་རྫས་བསྒྲུབ་པར་བྱ་བའི་དོན་དུ་ཡོན་ཏན་ཉིད་ཀྱིས་ཡོན་ཏན་ཅན་ལ་ལྟོས་པ་
གྲང་བ་ཡང་མ་ཡིན་དྲོ་བ་ཡང་མ་ཡིན་པའི་རེག་པའི་རྟེན་ས་ལ་སོགས་པ་ལས་གཞན་དུ་གྱུར་པའི་རླུང་ལ་རྟེན་པ་ཡིན་ནོ་ཞེས་སྒྲུབ་པའི་ཕྱིར་མཐོང་བ་དང་མ་མཐོང་བའི་ས་ལ་སོགས་པ་རྟེན་ཡིན་པ་ཉིད་འགོག་པས་དེ་དག་ལ་མ་མཐོང་བའི་ཕྱིར་མེད་པ་བརྗོད་དོ། །དེ་ལ་སློབ་དཔོན་གྱི་རེག་པ་ས་ལ་
སོགས་པ་མཐོང་བ་དག་ལ་མ་མཐོང་ཡང་མ་མཐོང་བ་ལ་འགྱུར་རོ། །འོན་ཏེ་དེ་དག་ལ་མ་མཐོང་བ་ཉིད་ཀྱིས་མཐོང་བ་མ་ཡིན་ནོ་ཞེས་བརྗོད་ན། དེ་ལ་སློབ་དཔོན་གྱིས་མ་མཐོང་བ་ཙམ་གྱིས་མ་མཐོང་བ་དག་ལ་འགོག་པ་བསལ་བ་ཡིན་ནོ། །འདི་ནི་མ་མཐོང་བ་ལྡོག་པ་བསྒྲུབ་པར་བྱ་བ་
སྨྲ་བ་ལ་མི་འཐད་དོ། །གང་གི་ཚེ་མ་མཐོང་བས་ལྡོག་པ་གྲུབ་པ་དེའི་ཚེ་ས་ལ་སོགས་པ་ལ་ཡང་གྲང་བ་དང་དྲོ་བ་མ་ཡིན་པའི་རེག་པ་དགག་པ་ཅི་སྟེ་མི་འགྲུབ། དེས་ན་ཇི་ལྟར་སློབ་དཔོན་མ་མཐོང་བ་ཙམ་གྱིས་དགག་པ་རིགས་པ་མ་ཡིན་ཞེས་གསུང་། ཆོས་ཅན་མི་སྣང་བ་ལ་
ཆོས་དགག་པ་མི་རིགས་སོ་ཞེ་ན། ལྡོག་པ་ལ་ཡང་ཆོས་ཅན་ཐམས་ཅད་སྣང་བ་མ་ཡིན་ཏེ་འགའ་ཞིག་ལ་མེད་པ་ཙམ་གྱིས་ལྡོག་པ་མི་འགྲུབ་པའི་ཕྱིར་རོ། །དེ་ལྟར་འདིའི་བར་གྱིས་ནི་མ་མཐོང་བས་མཐོང་བ་དང་མི་ལྡན་པ་སློབ་དཔོན་གྱིས་འགལ་བ་ཉིད་དུ་གསུངས་པ་ཡང་མི་
Vol. 182 · folio 89b
འགལ་བ་ཉིད་དུ་འགྱུར་རོ་ཞེས་བསྒྲུབས་ཏེ། ད་ནི་སློབ་དཔོན་གྱིས་བཞེད་གཞུང་གཟུགས་པའི་དོན་དུ། གཞན་གྱི་འདོད་པ་སུན་འབྱིན་པ་སྟོན་པར་བྱེད་པ་ནི་རེག་པ་ཞེས་བྱ་བ་ཡིན་ནོ། །གྲང་བ་ཡང་མ་ཡིན་དྲོ་བ་ཡང་མ་ཡིན་པའི་རེག་པ་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་ཡིན་
པས་དེ་མ་མཐོང་བས་འགོག་པ་ཡིན་གྱི་མ་མཐོང་བ་ཙམ་གྱིས་ནི་མ་ཡིན་ནམ་དེས་ན་ཇི་ལྟར་མི་རིགས་ཤེ་ན་ཇི་ལྟར་མི་རིགས་པ་མ་ཡིན་གང་གི་ཕྱིར་སྣང་བ་དང་སྣང་བའི་རང་བཞིན་སྣང་བ་དང་རིགས་མཚུངས་པའི་ཡུལ་གང་ཡིན་པ་དེ་ཙམ་གྱིས་རེག་པ་འགོག་པ་མ་ཡིན་པའི་ཕྱིར་རོ། །འདི་སྐད་བརྗོད་པ་ཡིན་
ཏེ། འདི་མཐོང་བས་གཟུང་བའི་ཡུལ་གྱུར་པ་ཙམ་ནི་འགོག་པ་མ་ཡིན་ནོ། །དེ་བྱེད་པ་ནི་མི་སྣང་བའི་ཆོས་ཅན་ལ་བརྟེན་པ་ཉིད་ལ་བྱེད་པར་འགྱུར་རོ། །དེས་ན་འདི་བུམ་པ་ལ་སོགས་པ་ལ་སྣང་བའི་རེག་པ་དེ་འགོག་པ་མ་ཡིན་ལ་སྣང་བ་དང་རིགས་གཅིག་པའི་ཡུལ་ལ་འགོག་པ་
ཡང་མ་ཡིན་ནོ། །མཐོང་བའི་རང་བཞིན་དུ་གྱུར་པ་འགོག་པ་ནི་འདི་ན་གྲང་བ་ཡང་མ་ཡིན་དྲོ་བ་ཡང་མ་ཡིན་པའི་རེག་པ་མེད་ལ་འདི་དང་རིགས་གཅིག་པ་གཞན་ཡང་མེད་དོ་ཞེས་བྱེད་པ་ཡིན་ནོ། །འདི་དེ་དང་རིགས་གཅིག་པ་ཉིད་ཀྱང་ཆོས་ཅན་རྣམ་པ་དེ་ལྟ་བུའི་རང་བཞིན་ཡིན་པ་
ཉིད་ཀྱིས་འགྱུར་ཏེ་འདི་ཉིད་དང་རིགས་གཅིག་པ་ལ་ཡང་མེད་དོ་ཞེས་བྱ་བ་ཡིན་ནོ། །དེས་ན་དེ་ལྟར་སྣང་བ་ལ་ནི་སྣང་བ་མི་དམིགས་པ་ཁོ་ནས་འགྱུར་ལ། དེའི་རིགས་ཅན་ལ་ནི་དེ་དང་རིགས་གཅིག་པ་ཉིད་ཀྱིས་རིགས་པ་ཁོ་ན་ལས་ཡིན་ནོ། །འདི་ལྟར་དེ་ནི་དེས་སྟོང་པ་ཉིད་ཀྱིས་དེ་དང་རིགས་
གཅིག་པ་ཡིན་གྱི་ཆོས་གཞན་གྱིས་ནི་མ་ཡིན་ནོ། །དེས་སྟོང་པ་ཉིད་དུ་རིགས་མཚུངས་པ་གང་ཡིན་པ་དེ་ལ་ནི་གྲང་བ་ཡང་མ་ཡིན་དྲོ་བ་ཡང་མ་ཡིན་པའི་རེག་པ་དགག་པ་གྲུབ་པ་ཁོ་ནའོ། །གཞན་དག་ནི་དེ་ལྟར་དགག་པ་བྱེད་པ་མ་ཡིན་གྱི་འོན་ཀྱང་དེས་ནི་ས་ལ་སོགས་པའི་
སྤྱི་བཟུང་ནས་ཏེ། བལྟར་རུང་བ་དང་དེ་དང་མཚུངས་པའི་རྣམ་པ་སྤངས་ཏེ། ས་ལ་སོགས་པ་ཐམས་ཅད་ལ་དགག་པ་སྨྲས་སོ། །དེ་ལ་ཡང་ས་ལ་སོགས་པ་ཐམས་ཅད་སྣང་བ་མ་ཡིན་ལ་ཐམས་ཅད་མཐོང་བ་དང་རིགས་གཅིག་པར་འགྱུར་རོ་ཞེས་བྱ་བར་ཡང་ངེས་པར་བྱ་ནུས་པ་
Vol. 182 · folio 90a
མ་ཡིན་ནོ། །དེའི་རིགས་ཅན་གང་ཡིན་པ་དེ་ནི་དེ་ལྟ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །མ་མཐོང་བ་དག་ལ་ནི་འདིའམ་ཐམས་ཅད་དེའི་རིགས་ཅན་ཡིན་ནོ་ཞེས་བྱ་བའི་ངེས་པ་ཡོད་པ་མ་ཡིན་ནོ། །གལ་ཏེ་ཇི་ལྟར་སྔོན་པོའི་རང་བཞིན་སེར་པོ་ལས་ལྡོག་པའི་
ཕྱིར། དེ་མ་མཐོང་ཡང་གཞན་དུ་སྲིད་པ་མ་ཡིན་པ་དེ་བཞིན་དུ་ས་ལ་སོགས་པ་ཐམས་ཅད་གྲང་བ་དང་དྲོ་བ་མ་ཡིན་པའི་རེག་པ་ལས་ལྡོག་པར་འགྱུར་བའི་ཕྱིར་ཇི་ལྟར་དགག་པར་མི་རིགས་ཤེ་ན། དེ་ལྟར་ནི་མི་ནུས་ཏེ་སྣང་བ་ལ་ནི་མཐོང་བ་ཉིད་ཀྱིས་གྲུབ་པའི་ཕྱིར་སྔོན་པོ་དང་སེར་པོའི་
རང་བཞིན་ལས་ལྡོག་པ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །མི་སྣང་བ་དག་ལ་ནི་མཐོང་བ་ལ་བརྟེན་ནས་དེ་ལྟར་གྱུར་པ་མ་ཡིན་ཏེ། དེ་དེའི་ཡུལ་མ་ཡིན་པའི་ཕྱིར་དང་ཚད་མ་རྣམས་ཡུལ་མ་ཡིན་པ་ལ་བརྟེན་པ་རྣམ་པར་འཇུག་པའི་ནུས་པས་སྟོང་པའི་ཕྱིར་རོ། །དེའི་ཕྱིར་མ་མཐོང་བ་ལ་ནི་རིགས་
པའི་རྩ་བ་ལས་དེ་ལྟར་ཁས་ལེན་པ་ཡིན་ནོ། །གང་གི་ཕྱིར་སྔོན་པོ་ཞེས་བྱ་བར་མཐོང་བའི་སྔོན་པོ་དང་རིགས་གཅིག་པ་ནི་སེར་པོ་ལས་གཞན་ཉིད་ཡིན་པའི་ཕྱིར་དེ་ལས་ལྡོག་པ་ཡིན་ནོ། །འོན་ཏེ་རིགས་གཅིག་ལ་གཞན་པ་ཡང་མ་ཡིན་ན། དེ་ཉིད་ལ་དེ་ལྟར་མིང་བཏགས་པས་ཇི་ལྟར་ལྡོག་
པར་འགྱུར། དེ་བཞིན་དུ་ས་གཞན་ཡང་གལ་ཏེ་དེའི་རིགས་ཅན་ཡིན་ན་ནི་དེར་གྲུབ་བོ། །འོན་ཏེ་རིགས་མི་གཅིག་པ་ཡིན་ན་དེ་ལྟ་བུ་མ་ཡིན་པ་སུ་ཞིག་འགོག །རིགས་མི་མཐུན་པ་ཉིད་ཀྱང་ཇི་ལྟར་དགག་སྟེ་སྤྲོས་པས་ཆོག་གོ། །མ་མཐོང་བས་སྣང་བ་མ་ཡིན་པ་ལ་དགག་པ་མེད་པ་
འབའ་ཞིག་ཏུ་མ་ཟད་ཀྱི་ཆ་འདི་ནི་སྲིད་པར་འགྱུར་བ་ཡང་ཡིན་ནོ་ཞེས་བཤད་པ་ནི་ས་ལ་སོགས་པ་དེ་ལ་ཡང་གྲང་བ་ཡང་མ་ཡིན་དྲོ་བ་ཡང་མ་ཡིན་པ་ལ་སོགས་པའི་ཁྱད་པར་འགའ་ཞིག་ལ་དོགས་པར་འགྱུར་བ་ཡིན་ནོ། །རིག་པའི་ཁྱད་པར་དེ་ལྟ་བུ་ས་ལ་སོགས་པ་བརྟེན་པར་དོགས་པར་
རིགས་པ་ཡིན་ནོ། །འདི་ཡང་ཞེས་བྱ་བ་འདི་དེས་ནི་ཞེས་བརྗོད་པ་དང་འབྲེལ་ཏེ། འགོག་པར་སྨྲས་པས་ཀྱང་དོགས་པར་བྱ་བ་ཡིན་ནོ་ཞེས་པའི་ཐ་ཚིག་གོ། །ཤིང་བལ་དང་རྡོ་བ་དང་ལོ་མ་ལ་སོགས་པ་དག་ས་ལ་སོགས་པའི་རང་བཞིན་དེ་ཡོད་ཀྱང་འཇམ་པ་དང་རྩུབ་པ་ལ་སོགས་པ་རེག་པའི་
Vol. 182 · folio 90b
རྣམ་པ་མང་པོ་མཐོང་བའི་ཕྱིར་ཚ་གྲང་མ་ཡིན་པའི་བདག་ཉིད་ཀྱིས་རེག་པར་ཡང་འགྱུར་རོ། །འཇམ་པ་ཉིད་ལ་སོགས་པ་ནི་རེག་པའི་ཁྱད་པར་མ་ཡིན་པ་མ་ཡིན་ཏེ། དེའི་མཚན་ཉིད་ནི་ལུས་ཀྱི་དབང་པོས་བཟུང་བ་ཙམ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཐམས་ཅད་དུ་མ་མཐོང་བ་ཙམ་གྱིས་དགག་
པར་མི་རིགས་སོ། །འདི་ལ་གལ་ཏེ་ཡང་མ་མཐོང་བས་ལྡོག་པ་གྲུབ་ན་ཆོས་མི་མཐུན་པ་མི་སྨོས་པར་ཐལ་བ་དང་། མཉན་པར་བྱ་བ་ཉིད་རྣམ་པར་གཅོད་པར་བྱེད་པ་ཉིད་དང་བསྟན་པ་གཞན་དག་ཀྱང་མུ་སྟེགས་པ་གཞན་དག་ལ་ཡང་ཐལ་བ་ཡིན་པ་དེ་ལྟ་ན་ཡང་ཕལ་ཆེར་ཐུན་མོང་མ་ཡིན་
པར་སུན་འབྱིན་པ་ཡིན་པའི་ཕྱིར་འདི་རང་གི་སྡེ་པའི་དབང་དུ་བྱས་ནས་ཉེ་བར་བཀོད་པ་ཡིན་ནོ་ཞེས་བཤད་པ་ནི་དེ་ལྟར་སློབ་དཔོན་ལ་ཞེས་སྨོས་སོ། །གང་ཡང་རིགས་པས་གྲུབ་པའི་ཁྱབ་པ་རྟོགས་པ་གཞན་མེད་པའི་ཕྱིར་སློབ་དཔོན་པ་མཐའ་དག་དེ་ལྟར་རྟོགས་པ་ཡིན་པ་དེ་ལྟ་ན་ཡང་འགའ་ཞིག་
ཅེས་བྱ་བ་ནི་བདག་ཉིད་སློབ་དཔོན་པ་ཡིན་པ་ལ་ལྟོས་ནས་ཡིན་ནོ། །ད་ནི་མུ་སྟེགས་པ་གཞན་དང་ཐུན་མོང་དུ་སུན་འབྱིན་པ་ཡང་བཤད་པ་ནི་གཞན་ཡང་ཞེས་བྱ་བ་ཡིན་ནོ། །ཡུལ་དང་དུས་དང་འདུ་བྱེད་པའི་ཁྱད་པར་གྱིས་ནུས་པ་ཐ་དད་ཅེས་བྱ་བ་ངོ་བོ་ཉིད་གཞན་དུ་གྱུར་པ་སྣང་ངོ་། །ཡུལ་
གང་ལ་སྣང་ཞེ་ན་རྫས་ལ་སྨོས་སོ། །དེ་ལྟར་སྣང་བའི་ཡུལ་ནི་དེ་ཡིན་ནོ། །གལ་ཏེ་དེ་ལྟར་ཡིན་མོད་དེ་ལས་ཅིར་འགྱུར་ཞེ་ན། དེ་ལ་ཞེས་སྨོས་ཏེ། དེ་ལྟར་ཡིན་དང་ངོ་། །གཅིག་མཐོང་བས་གཅིག་ཅེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ་མང་པོ་རྣམས་མཐོང་བས་ཀྱང་མ་མཐོང་བ་གཞན་
དེ་ཡོད་པར་ངེས་པ་རིགས་མ་ཡིན། འདི་སྐད་བརྗོད་པ་ཡིན་ཏེ། ཁྱད་པར་ཅན་གྱིས་རང་བཞིན་དུ་གྱུར་པའི་རྫས་ཀྱི་ཁྱད་པར་ལན་ཅིག་གམ་ལན་ཅིག་མ་ཡིན་པར་དམིགས་ཏེ་དེའི་ཕྱིར་རང་བཞིན་དུ་དམིགས་པ་ན་གཞན་དུ་གྱུར་པའི་རང་བཞིན་ཅན་དུ་མ་དམིགས་པའི་ཕྱིར་རང་བཞིན་དེ་
མེད་ན་རྫས་དེ་མ་དམིགས་པ་ལས་ཤིང་མེད་ན་ཤ་པ་མེད་པ་བཞིན་དུ་དེ་མེད་ན་ལྡོག་པས་ན། ཁྱེད་ཀྱི་འདོད་པས་རྫས་དེ་མཐོང་བས་དེའི་རང་བཞིན་དུ་ངེས་པར་ཐལ་བར་འགྱུར་ན་དེ་ལྟར་མི་འཐད་དོ། །འགའ་ཞིག་རྣམ་པ་དེ་ལྟ་བུ་རང་བཞིན་དང་ལྡན་པ་མ་ཡིན་ཡང་རྒྱུའི་ཁྱད་པར་ལས་
Vol. 182 · folio 91a
དེ་ལྟ་བུ་ཉིད་དུ་གྱུར་པ་གཞན་ལ་རང་བཞིན་ཁྱད་པར་སྲིད་པའི་ཕྱིར་རོ། །འགྲེལ་པ་ནི་གལ་ཏེ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཅི་ཞིག་ལྟར་ཏེ་རྒྱུ་མཚན་འགའ་ཞིག་ལས་སོ། །རྒྱུ་མཚན་དེ་ཡང་ཡོད་པའི་ཡིན་གྱི་ཐམས་ཅད་ལ་ཡོད་པར་ནི་མ་ངེས་སོ། །དེས་ན་མི་མཐུན་
པའི་ཕྱོགས་བསྒྲུབ་པར་བྱ་བ་མེད་པ་ལ་མ་མཐོང་བ་གང་ཡིན་པ་དེ་ཙམ་གྱིས་འབྲེལ་པ་མེད་པ་ཡང་དེར་འཁྲུལ་པ་མེད་དོ་ཞེས་བྱ་བ་གང་མེད་ན་འདི་མ་མཐོང་བ་དེ་མེད་ན་མེད་པའོ། །མི་མཐུན་པའི་ཕྱོགས་ལ་མ་མཐོང་བ་སྨོས་པ་ནི་བསྒྲུབ་པར་བྱ་བ་མེད་པ་ལ་མ་མཐོང་བར་བརྗོད་པར་འགྱུར་བ་དེས་ན་འཁྲུལ་
པ་མེད་པ་ནི་བསྒྲུབ་པར་བྱ་བ་མེད་ན་མེད་པ་ཡིན་ནོ། །དེས་ན་དེ་ལྟར་གལ་ཏེ་ཞེས་བྱ་བས་གཞན་གྱིས་འདོད་པ་ཡིན་ནོ་ཞེས་བྱ་བར་བསྟན་ནས་དགག་པའི་ཕྱིར་ཡུལ་འགའ་ཞིག་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་གང་མེད་ན་མ་མཐོང་བ་དེ་ཡོད་ན་དེ་ཡོད་པར་འགྱུར་རོ་ཞེས་བྱ་བ་དེ་ལྟ་བུ་རྗེས་སུ་
འགྲོ་བ་དང་ལྡོག་པའི་བདག་ཉིད་ཅན་གྱི་མི་འཁྲུལ་པ་མ་མཐོང་བ་ཙམ་ལ་བརྟེན་པ་ཡིན་ན། དེའི་ཕྱིར་གང་དུ་དོན་གང་དག་རྣམ་པ་ཇི་ལྟར་མཐོང་བ་དེ་དག་ལ་རྣམ་པ་དེ་ལྟ་བུ་མེད་པར་མཐོང་བ་ཡོད་པར་མི་འགྱུར་བའི་ཕྱིར་དེའི་རང་བཞིན་ཅན་མཐའ་དག་རྣམ་པ་དེ་ལྟ་བུ་ཉིད་དུ་གྱུར་ན། དེ་ལྟར་
ཡང་མ་ཡིན་ཏེ་གཞན་ན་གཞན་དུ་ཡང་སྣང་བའི་ཕྱིར་རོ། །དེ་དེ་ལྟར་གལ་ཏེ་ཞེས་བྱ་བ་ལ་སོགས་པས་མི་འཁྲུལ་པ་མ་མཐོང་བས་འགྲུབ་པར་གཞན་གྱི་བརྗོད་པ་བསྟན་ནས། ཡུལ་འགའ་ཞིག་ན་ཞེས་བྱ་བས་དེ་ཡོད་ཀྱང་དེ་ལྟ་བུ་ཉིད་མ་ཡིན་པར་བཤད་པའི་ཕྱིར་དེ་ནི་རིགས་པ་མ་ཡིན་ཏེ་ཞེས་བྱ་
བས་དགག་པ་སྔོན་དུ་འགྲོ་བའི་སྒོ་ནས་བརྗོད་ཀྱང་དངོས་སུ་ན་འདིས་ཕྱོགས་བཀག་པ་ཡིན་ནོ། །གང་ཞིག་གང་དུ་ཇི་ལྟར་སྣང་བ་ལྟ་བུ་ཞེ་ན། དཔེར་ན་ཞེས་སྨོས་སོ། །འབྲས་བུ་སྨིན་ནས་ཟད་པར་འགྱུར་བའི་ཕྱིར་སྨན་ཁ་ཅིག་ཞིང་འགའ་ཞིག་ལས་རོ་དང་ནུས་པ་དང་སྨིན་པར་བྱེད་པ་ཁྱད་པར་
ཅན་དུ་འགྱུར་ལ་དེ་དག་ཉིད་ཞིང་གཞན་ལས་ནི་རྣམ་པ་དེ་ལྟ་བུ་མ་ཡིན་པ་ལྟ་བུ་སྟེ་དབྱར་ལ་སོགས་པའི་དུས་དང་ལུས་ལ་སོགས་པའི་མཚན་ཉིད་ཀྱིས་ལེགས་པར་བྱ་བའི་ཁྱད་པར་ལས་ཀྱང་དེ་དང་འདྲའོ། །ཡུལ་གང་དུ་ཞིང་དེ་ལས་དུས་དེར་རོ་ལ་སོགས་པ་དེ་དག་དམིགས་པའི་ཡུལ་དེར་སྐྱེས་
Vol. 182 · folio 91b
པ་དེ་རྣམས་ཀྱིས་དེ་ལྟར་མཐོང་ཞེས་ཏེ། ཐམས་ཅད་དེ་ཉིད་ཀྱི་སྨན་དེ་ཡིན་པ་ཉིད་ཀྱིས་རོ་དང་ནུས་པ་དང་སྨིན་པར་བྱེད་པ་ཁྱད་པར་ཅན་དེ་ལྟ་བུ་ཡིན་པར་ནི་འགྲུབ་པར་མི་འགྱུར་རོ། །དེ་ལ་ནི་རྣམ་པ་དེ་ལྟ་བུའི་སྨན་རོ་ལ་སོགས་པ་དེ་མེད་པ་ལ་མི་དམིགས་པ་ཡོད་པ་ཡིན་ཏེ་ཡུལ་དེ་པ་རྣམས་
ཀྱིས་དེ་ལྟ་བུ་མ་ཡིན་པའི་རོ་ལ་སོགས་པ་དང་ལྡན་པའི་སྨན་དེ་མ་མཐོང་བའི་ཕྱིར་རོ། །ཐམས་ཅད་དུ་དེ་ལྟ་བུ་ཉིད་ཀྱང་མ་ཡིན་ཏེ་གཞན་ནི་གཞན་དུ་འགྱུར་བའི་ཕྱིར་རོ། །གང་ལས་འཁྲུལ་པར་འགྱུར་བ་དེ་དེ་ལྟར་དམིགས་ཀྱང་གཞན་དུ་དེ་ལྟ་མ་ཡིན་པར་འགྱུར་བའི་རྒྱུ་ཅི་ཡིན། གལ་
ཏེ་དེ་ལྟར་སྣང་བ་དེ་ཡང་དེ་ལྟ་མ་ཡིན་པར་འགྱུར་ན་ནི། གང་གིས་ཤ་པ་ལ་སོགས་པ་དག་ཀྱང་དེ་ལྟ་མ་ཡིན་པར་འགྱུར་བའི་ཕྱིར་ཤིང་ལ་སོགས་པ་ལ་འཁྲུལ་པར་འགྱུར་བ་ཤ་པ་ལ་སོགས་པ་དག་ཀྱང་ཇི་སྟེ་དེ་ལྟ་མ་ཡིན་པར་མི་འགྱུར་རམ་ཞེ་ན། དོགས་པ་འདི་བསུ་ན། ཡོན་ཏན་གྱི་ཁྱད་
པར་རྣམས་ནི་ཞེས་སྨོས་སོ། །ཡོན་ཏན་དེ་སྤངས་ནས་ཡོན་ཏན་གཞན་དུ་འགྱུར་བ་ནི་རྒྱུའི་ཁྱད་པར་ལ་ལྟོས་པ་ཡིན་ནོ། །དེའི་ཕྱིར་རྒྱུ་ཁྱད་པར་ཡོད་ན་དེ་ལྟ་མ་ཡིན་པར་འགྱུར་བས་དེ་ལྟ་མ་ཡིན་པར་མ་དམིགས་པའི་ཕྱིར་དེའི་རང་བཞིན་ཅན་ནི་དེ་ལྟ་བུ་ཉིད་དུ་ངེས་པ་འཁྲུལ་པར་བྱེད་དོ། །
ཁྱད་པར་གཞན་དང་ལྡན་པ་ལས་རྒྱུ་དེ་ཉིད་ཀྱིས་དངོས་པོ་དེ་ཉིད་སྔར་མཐོང་བའི་ཁྱད་པར་དང་བྲལ་བར་ཁྱད་པར་གཞན་སྐྱེད་པ་གང་ཡིན་པ་ལ་འགལ་བ་ཅི་ཡོད། དེ་ལྟ་ན་འོ་ན་ཤ་པ་ལ་སོགས་པ་ལ་ཡང་ཡོན་ཏན་གྱི་ཁྱད་པར་རྒྱུའི་ཁྱད་པར་ལ་རག་ལས་པའི་ཕྱིར་ཤིང་མ་ཡིན་པ་ལ་སོགས་པའི་
རང་བཞིན་དུ་ཡང་འགྱུར་རོ། །དེ་དག་ལ་ཡང་ཁྱད་པར་གྱི་རྒྱུ་མི་སྲིད་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་གཞན་ལ་དེ་ལྟར་དམིགས་པ་དང་། མ་དམིགས་པ་ནི་རང་ཉིད་ཀྱིས་འཁྲུལ་པར་བྱས་པའི་ཕྱིར་རོ། །འདི་ལ་ནི་ཁྱད་པར་གྱི་རྒྱུ་ཡོད་པ་ཡིན་ལ། གཞན་ལ་ནི་མ་ཡིན་ནོ་ཞེས་མི་རྟོགས་
པའི་ཕྱིར་རོ་ཞེ་ན། སྨྲས་པ་ཆོས་གང་ཞིག་གང་གིས་རང་གི་ངོ་བོ་ཡིན་པ་དེ་ལ་ནི་ཡོན་ཏན་གཞན་གྱི་རྒྱུ་ལས་ཀྱང་ངོ་བོ་དེ་སྤངས་ནས་ཡོན་ཏན་གཞན་དུ་འགྱུར་བ་མ་ཡིན་གྱི། འོན་ཀྱང་རྒྱུ་མཚན་དེ་དང་འབྲེལ་པ་ལས་དེའི་བདག་ཉིད་ཀྱིས་ཆོས་དང་མི་འགལ་བར་དངོས་པོའི་ཆོས་གཞན་དང་
Vol. 182 · folio 92a
གཞན་འབྱུང་བ་ཡིན་ནོ། །དེས་ན་རྒྱུའི་ཁྱད་པར་དང་ལྡན་པ་ལས་ཤ་པ་ཤ་པ་མ་ཡིན་པར་འགྱུར་རོ་ཞེས་ནི་ནུས་པ་མ་ཡིན་ཏེ། ས་ལ་སོགས་པའི་ཁྱད་པར་དང་ལྡན་པ་ལས་ནི་རིང་པོ་དང་ཐུང་ངུའི་ཚད་ལ་སོགས་པར་འགྱུར་བ་ཡིན་ནོ། །གང་གི་ཕྱིར་ཤིང་ཉིད་ནི་ཤ་པའི་རྗེས་
སུ་ཞུགས་པ་ཉིད་ཡིན་པ་དེའི་ཕྱིར་བདག་ཉིད་བཞིན་དུ་རྒྱུ་སྟོང་གིས་ཀྱང་འདི་སྤོང་བ་མ་ཡིན་ནོ། །དེས་ན་ཆོས་གང་ཞིག་དོན་གྱི་བདག་ཉིད་དུ་གྱུར་པ་མ་ཡིན་པའི་ཆོས་དེ་སྤངས་ནས་རྒྱུ་གཞན་ལས་ཆོས་གཞན་འབྱུང་བར་འགྱུར་བ་དེས་ན་ཡོན་ཏན་གྱི་ཁྱད་པར་རྒྱུའི་ཁྱད་པར་ལ་ལྟོས་པར་བཤད་
པ་ཡིན་ནོ། །དེའི་ཕྱིར་སྐྱུ་རུ་ར་ཉིད་རོ་ལ་སོགས་པ་དང་གཅིག་ཏུ་མི་འགྱུར་རོ། །དེ་བས་ན་རྒྱུ་གཞན་གྱི་བྱེད་པ་ནི་དེ་ལ་བརྟེན་པར་འགྱུར་རོ། །གལ་ཏེ་ཆོས་ཐམས་ཅད་ཀྱི་བདག་ཉིད་ཐ་མི་དད་པའི་དོན་ལ་འགའ་ཞིག་ནི་ཆོས་འགའ་ཞིག་དང་གཅིག་ཏུ་གྱུར་པ་ཡིན་ལ།
གཞན་ནི་དེ་ལྟར་མ་ཡིན་ན་ཞེས་བྱ་བ་གང་ལས་ཤེ་ན། དེའི་བདག་ཉིད་ལ་ཇི་ལྟར་རྣམ་པར་དབྱེར་མེད་པ་དེ་ནི་བསྟན་ཟིན་ཏོ། །དེ་བས་ན་ཆོས་དེ་དང་ལྡན་པའི་རང་གི་རྒྱུའི་ནང་དུ་གཏོགས་པའི་ཁྱད་པར་དང་ལྡན་པས་འབྲས་བུ་དེའི་བདག་ཉིད་མ་ཡིན་པའི་ཆོས་ཁྱད་པར་
དུ་འགྱུར་གྱི། གཞན་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ནི་འཐད་པར་འགྲུབ་པ་ཡིན་གྱི་དམིགས་པ་དང་མི་དམིགས་པ་ལ་ལྟོས་པ་ནི་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ཐམས་ཅད་དེ་ཉིད་ཀྱིས་དེ་ལྟ་བུར་ཞེས་བྱ་བ་འདིས་དངོས་པོ་གང་ཞིག་རྒྱུ་ཇི་ལྟ་བུས་བསྐྱེད་པ་དེ་དེ་ལས་བྱུང་བ་ཡིན་ཡང་རྒྱུ་ཁྱད་པར་དང་ལྡན་
པ་ལས་ཁྱད་པར་དང་ལྡན་པར་འགྱུར་བའི་ཕྱིར་རིགས་མཐུན་པའི་རྒྱུས་བསྐྱེད་པ་ཉིད་ཀྱིས་ནི་ཐམས་ཅད་དུ་ཁྱད་པར་མེད་པར་མི་འགྱུར་རོ་ཞེས་བྱ་བའི་རིགས་པ་འདི་རྩ་བར་གྱུར་པས་ཁྱད་པར་གཞན་དང་ལྡན་པའི་དེའི་རང་བཞིན་ཅན་མ་མཐོང་ཡང་དེའི་རང་བཞིན་ལས་ཁྱད་པར་དང་ལྡན་པར་རྟོགས་པར་
མི་ནུས་སོ་ཞེས་བསྒྲུབས་ནས་སྨན་དེའི་རྒྱུ་མ་ཡིན་པ་ལས་དེའི་རང་བཞིན་གྱི་སྨན་མ་མཐོང་བའི་ཕྱིར་སྨན་དེ་ཉིད་ནི་རྒྱུ་དེ་མེད་ན་ལྡོག་པའི་ཕྱིར་དེའི་རང་བཞིན་ལས་དེའི་རྒྱུ་ཅན་དུ་རྟོགས་པས་ཐམས་ཅད་དེ་ཉིད་ཀྱིས་དེ་ལྟར་མི་འགྱུར་བ་མ་ཡིན་པའི་ཕྱིར་ཅི་སྟེ་མི་དགག་ཅེས་དོགས་པ་ལ་རིགས་པས་གྲུབ་པའི་
Vol. 182 · folio 92b
ལྡོག་པ་ཉིད་རྒྱུ་ཁྱད་པར་མེད་ན་ནི་ཞེས་བྱ་བས་འཆད་དོ། །རྒྱུ་ནི་རྣམ་པ་གཉིས་ཏེ། རང་གི་ངོ་བོའི་རྒྱུ་ཞིང་ལ་སོགས་པའི་མཚན་ཉིད་ཁྱད་པར་མེད་པ་ཅན་འབྲས་བུ་ཁྱད་པར་མེད་པ་ཉིད་ཀྱི་སྐྱེད་པར་བྱེད་པ་ཙམ་དུ་གྱུར་པ་དང་རང་གི་ངོ་བོའི་ཁྱད་པར་གྱི་རྒྱུ་སྟེ་རྒྱུའི་ཁྱད་པར་ལས་འབྲས་བུའི་
ཁྱད་པར་མངོན་པར་གྲུབ་པའི་ཕྱིར་རོ། །དེ་ལ་ཁྱད་པར་གྱི་རྒྱུ་བཀག་ན་རང་གི་ངོ་བོའི་རྒྱུ་ལུས་པ་ཡིན་ནོ། །དེས་ན་རྒྱུ་ཁྱད་པར་མེད་པ་རང་གི་ངོ་བོའི་རྒྱུ་དེ་དེ་ལ་རྗེས་སུ་དཔག་པར་འགྱུར་བ་ཡིན་ནོ། །དེའི་དོན་ནི་ཁྱད་པར་གྱི་རྒྱུ་ནི་རྗེས་སུ་དཔག་པར་བྱ་བ་ནི་མ་ཡིན་གྱི་འོན་ཀྱང་རང་གི་ངོ་བོའི་རྒྱུ་
དཔོག་གོ་ཞེས་བྱ་བ་འདི་ཡིན་ནོ། །མ་མཐོང་བ་ཙམ་ལས་ནི་ཁྱད་པར་གྱི་རྒྱུ་ཡང་རྗེས་སུ་དཔོག་པར་འགྱུར་ཏེ། ཞིང་ལ་སོགས་པའི་ཁྱད་པར་ཅན་མེད་ན་འབྲས་བུ་དེ་མ་དམིགས་པ་ལན་འགའ་ཞུགས་པའི་ཕྱིར་རོ། །སྨན་དེ་མཐོང་བས་དེའི་འབྲས་བུ་རྗེས་སུ་དཔོག་གོ། །དེ་ལྟ་ཡིན་དང་ཞིང་ལ་
སོགས་པ་ལ་གནས་པ་མཐོང་བའི་ཁྱད་པར་རྗེས་སུ་དཔོག་པ་ན་ཐམས་ཅད་ཁྱད་པར་མེད་པར་ངེས་པ་ཡིན་པའི་ཕྱིར་ཁྱད་པར་གྱི་རྒྱུ་རྗེས་སུ་དཔག་པ་ནི་སྐབས་སུ་གྱུར་པ་ཕ་རོལ་པོའི་ཕྱོགས་སྒྲུབ་པར་འགྱུར་རོ། །དེ་ལ་རྒྱུ་ཁྱད་པར་མེད་ན་ནི་ཞེས་བྱ་བའི་ངག་འདི་འཇུག་པ་ན་འདིར་དོགས་པའི་ཁྱད་པར་
འདི་ཡང་ཡོད་དེ་ཡུལ་དེ་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པས་ཁྱད་པར་མེད་པ་བཀག་པ་ན་ཕ་རོལ་པོ་དག་འབྲེལ་པ་ཁས་བླངས་ཀྱང་ཁྱད་པར་མེད་ན་ཐལ་བར་སྟོན་པས་སྨྲས་པ། འབྲས་བུ་དེའི་རྒྱུ་ལ་ངེས་པའི་ཕྱིར་ཁྱད་པར་ཅན་གྱི་ཞིང་ལ་སོགས་པའི་འབྲས་བུར་དམིགས་པའི་སྨན་རྣམས་
ནི་ཇི་ལྟར་མཐོང་བའི་ཞིང་ལ་སོགས་པའི་རྒྱུ་ཅན་ཉིད་དུ་རེ་ཞིག་ཐམས་ཅད་དུ་ཁྱད་པར་མེད་པར་རྗེས་སུ་དཔག་པར་བྱ་བ་ཡིན་ནོ། །དེས་ན་དེའི་རྒྱུ་ཅན་དུ་ཁྱད་པར་མེད་པས་ན་བདག་ཉིད་ཐམས་ཅད་ཀྱི་དེའི་རང་བཞིན་དུ་འགྱུར་ཏེ། རྒྱུ་ཁྱད་པར་མེད་ན་འབྲས་བུ་ཁྱད་པར་མེད་པའི་ཕྱིར་རོ། །དེས་ན་དེ་ལ་
གཅིག་མ་མཐོང་བས་གཞན་ལ་དེ་ཡོད་པར་ངེས་པ་མེད་དོ་ཞེས་ཅི་སྟེ་བརྗོད་ཅེ་ན། དེ་བསལ་བའི་ཕྱིར་རྒྱུ་ཁྱད་པར་མེད་ན་ནི་ཞེས་བརྗོད་དོ། །རྒྱུ་ཁྱད་པར་མེད་པ་ནི་ཁྱད་པར་མེད་པའི་རྒྱུ་ཉིད་དོ། །རང་གི་ངོ་བོའི་རྒྱུ་ནི་སྤྱི་ཙམ་ཡིན་པའི་ཕྱིར་རོ། །དེས་ན་ཁྱད་པར་མེད་པའི་རྒྱུ་ཉིད་སྤྱི་ཙམ་
Vol. 182 · folio 93a
རྗེས་སུ་དཔག་པར་ནུས་ཀྱི་ཆོས་གཞན་ནི་མ་ཡིན་ནོ་ཞེས་བརྗོད་པར་འགྱུར་རོ། །གཞན་གྱི་འདོད་པ་དགག་པའི་ཕྱིར་སྐབས་སུ་དཔེ་བཞག་སྟེ། དཔེ་གཞན་སྟོན་པ་ནི་བྱེད་པ་པོ་མ་མཐོང་བ་ཅན་གྱི་ཚིག་ཀྱང་ཞེས་བྱ་བའོ། །གཞོན་ནུ་འབྱུང་བ་དང་རིག་བྱེད་ལ་སོགས་པ་
བདག་ཅག་གིས་བྱེད་པ་པོ་མ་མཐོང་བའི་ཚིག་ཀྱང་སྐྱེས་བུའི་འདུ་བྱེད་པ་སྔོན་དུ་འགྲོ་བ་ཅན་ཡིན་ཏེ་ཞེས་བྱ་བ་སྟེ། དེ་ལྟར་འདི་ནི་རྒྱུ་ཁྱད་པར་མེད་པའི་ཡུལ་ཅན་གྱི་རྗེས་སུ་དཔག་པ་ཡིན་ནོ། །ལ་ལར་གཞན་ལས་འགྲུབ་པར་ཁྱད་པར་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་འདི་དག་ཐམས་ཅད་ཀྱི་
སྒྲུབ་པར་བྱེད་པ་མ་ཡིན་པར་རྣམ་པར་བཞག་པའམ། དེ་རྟག་པར་རང་ཉིད་ཀྱིས་གྲུབ་པ་ཉིད་ཀྱི་ཁྱད་པར་གྱི་རྒྱུར་འགྱུར་བ་གང་ཡིན་པ་སྐྱེས་བུའི་ངག་གི་ཁྱད་པར་གྱི་རྒྱུ་ནི་མ་ཡིན་ནོ། །རང་གི་གྲུབ་པ་ལ་ཁྱད་པར་བསྒྲུབ་པ་མི་སྲིད་ཀྱང་ཁས་བླངས་ནས་བརྗོད་པ་ཡིན་ནོ། །གང་གི་
ཚེ་སྐྱེས་བུ་ངག་གི་རང་གི་ངོ་བོ་ཉིད་ཀྱི་རྒྱུ་ཡིན་པ་དེའི་ཚེ་ནི་ངག་ལས་སྐྱེས་བུ་རྗེས་སུ་དཔོག་པར་རིགས་ཏེ་དུ་བ་ལས་མེ་རྗེས་སུ་དཔོག་པ་བཞིན་ནོ། །དེས་ན་བྱེད་པ་མ་མཐོང་བ་ཡིན་ཡང་སྐྱེས་བུའི་འདུ་བྱེད་པ་སྔོན་དུ་འགྲོ་བ་ཅན་ཡིན་ནོ། །ཚིག་དེ་དང་དེ་དག་སྐྱེས་བུས་བསྡེབས་པའམ་བརྗོད་པ་
ནི་འདུ་བྱེད་པ་ཡིན་ལ་དེ་ཡང་དེའི་སྔོན་དུ་འགྲོ་བ་ཡིན་ནོ། །ཡང་ཇི་ལྟར་ན་སྐྱེས་བུ་ངག་གི་རང་གི་ངོ་བོའི་རྒྱུ་ཡིན་གྱི་ཁྱད་པར་གྱི་ནི་མ་ཡིན་ནོ་ཞེ་ན་ཚིག་ལ་ཞེས་སྨོས་སོ། །གང་ཞིག་སྐྱེས་བུ་དག་གིས་བྱེད་པའི་ངག་གི་ཁྱད་པར་དེ་ནི་ཡོད་པ་མ་ཡིན་ཏེ་དེའི་བདག་ཉིད་ཐམས་ཅད་སྐྱེས་བུ་ལས་
མངོན་པར་འགྲུབ་པའི་ཕྱིར་རོ། །དེ་བཤད་པ་ནི་རྣམ་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པ་དེ་དག་ནི་སྐྱེས་བུ་དག་གིས་བྱེད་པར་མཐོང་བའི་ཕྱིར་རོ། །རྟག་པ་ཡང་དེ་ཉིད་ལ་སྐྱེས་བུ་ཉེ་བར་སྦྱོར་བའི་ཕྱིར་ཐམས་ཅད་སྐྱེས་བུས་བྱས་པར་རྟོགས་པ་ཉམས་པར་འགྱུར་བ་རྗེས་སུ་འགྲོ་བ་དང་
ལྡོག་པ་དག་ལས་ཉེ་བར་སྦྱོར་བ་ཁྱད་པར་ལ་བརྟེན་པར་རྟོགས་པ་ནི་མ་ཡིན་ནོ། །དེས་གཞུང་འདི་འདི་ལྟར་བཤད་པར་བྱ་བ་ཡིན་ནོ། །གལ་ཏེ་སྒྲ་རྣམས་ལ་ནི་ཁྱད་པར་མེད་པ་ཉིད་ལ། སྐྱུ་རུ་ར་ལ་སོགས་པ་ནི་ཡོད་པ་ཡིན་ནོ་ཞེས་བྱ་བ་འདི་ཙམ་ཞིག་བརྗོད་པ་ཡིན་ན་དེ་འདི་ལྟར་ཅི་ལྟར་ངེས་
Vol. 182 · folio 93b
པར་བྱ། དེ་ལྟར་དམིགས་པ་དང་མི་དམིགས་པ་དག་ལས་སོ་ཞེ་ན་མ་ཡིན་ཏེ་མ་དམིགས་པ་ཙམ་གྱིས་མེད་པ་མི་རྟོགས་པའི་ཕྱིར་རོ། །གསལ་བ་འགའ་ཞིག་ལ་ཁྱད་པར་གྱི་རྒྱུ་མ་ཡིན་པས་གསལ་བ་གཞན་ལ་ཡང་མེད་པར་མི་ངེས་པའི་ཕྱིར་རོ། །རྒྱུ་ཁྱད་པར་མེད་པ་ཉིད་ལས་ཀྱང་རྒྱུ་གཞན་
རྣམ་པར་གཅོད་པར་འགྱུར་གྱི་རྟག་པ་ཉིད་ནི་མ་ཡིན་ནོ། །དེས་ན་ནེ་ཙོ་དང་རི་སྐེགས་ལ་སོགས་པའི་རྒྱུ་མཚན་ཅན་དུ་མི་འགྱུར་རོ། །གང་ཞིག་དེ་མེད་པས་རྟག་པ་ཉིད་དུ་མི་འགྱུར་བ་ཁྱད་པར་གྱི་རྒྱུས་རྟག་པར་བྱས་པ་ནི་མ་ཡིན་ནོ། །ཁྱད་པར་དགག་པའི་ཕྱིར་རྒྱུའི་ཁྱད་པར་བཀག་པ་ནི་ཁྱད་པར་
མེད་ན་མེད་པ་ཡིན་པས་སྐྱེས་བུས་མ་བྱས་པ་དགག་པའི་དོན་དུ་ཡིན་ནོ་ཞེ་ན། དེ་ལྟར་མཚོན་པས་མཚོན་པ་ལ་ཡང་སྐབས་དང་འབྲེལ་བར་མི་འགྱུར་རོ། །དེའི་ཕྱིར་ཚོགས་ཇི་སྲིད་ཀྱིས་བསྐྱེད་པར་བྱ་བའི་འབྲས་བུ་དེ་དེ་ལས་བསྐྱེད་པར་བྱ་བ་ལས་མི་འདའ་ཡང་ཐམས་ཅད་ཁྱབ་པར་སྤང་
བར་ནི་མི་ནུས་སོ་ཞེས་དཔེར་ན་སྨན་ཁ་ཅིག་ཅེས་བྱ་བར་བརྗོད་ལ། དེ་ལྟ་ཡིན་ཡང་སྐྱེ་བའི་རྒྱུ་མཚན་སྤངས་པའམ་ཐམས་ཅད་དུ་ཁྱད་པར་གྱི་རྒྱུ་ཁྱད་མེད་པས་ཁྱད་པར་མེད་པ་ཉིད་མ་ཡིན་ནོ་ཞེས་འདི་ཉེ་བར་བཀོད་པ་ཡིན་ནོ། །གཞན་དུ་ན་རྒྱུད་མང་དང་གླིང་བུ་ལ་སོགས་པ་སྒྲའི་ཁྱད་
པར་གྱི་རྒྱུ་ཡིན་པའི་ཕྱིར་དེ་མེད་པར་བཤད་པ་འགལ་བར་འགྱུར་རོ། །དེ་ནི་ཡོད་ཀྱང་རྒྱུའི་བྱེད་པ་ཙམ་ལས་སྐྱེས་པ་ཉིད་མི་ལྡོག་པའི་ཕྱིར་རིག་བྱེད་ལ་སོགས་པ་ནི་སྐྱེས་བུས་བྱས་པ་ཉིད་དོ། །གཞན་གྱི་རྨོངས་པ་སྤང་བའི་ཕྱིར་རབ་ཏུ་གྲགས་པའི་སྨན་ལ་སོགས་པ་དང་མཚུངས་
པའི་དཔེ་གཞན་སྟོན་པ་ནི། དེ་ལྟ་བུར་ཞེས་བྱ་བའོ། །ཇི་ལྟར་ངག་རྣམས་ལས་རྒྱུའི་ཁྱད་པར་བཀག་ནས་རང་གི་ངོ་བོའི་རྒྱུ་རྗེས་སུ་དཔོག་པ་གཞན་གྱིས་འདོད་པའི་རྟག་པ་འགོག་པའི་རྒྱུ་ཡིན་པ་དེ་བཞིན་དུ། ངེད་ཀྱིས་འདོད་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་དགག་པའི་
ཕྱིར་ཕ་རོལ་པོས་རང་གི་ངོ་བོ་ཙམ་གྱི་རྒྱུ་རྗེས་སུ་དཔོག་པས་སོ་སོའི་སྐྱེ་བོ་དང་འཕགས་པའི་ཆོས་མཚུངས་པར་བསྒྲུབ་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་སྐྱེས་བུ་དག་ལ་རྒྱུའི་ཁྱད་པར་ཡོད་ཀྱི་ངག་ལ་ནི་མ་ཡིན་ནོ། །གལ་ཏེ་ངག་ལས་ཡང་ནེ་ཙོ་དང་ཤ་རི་ཀ་ལ་སོགས་
Vol. 182 · folio 94a
པ་ཁྱད་པར་གྱི་རྒྱུ་ཡོད་ཀྱི་བརྗོད་པ་མ་ཡིན་ནམ་ཞེ་ན་བདེན་མོད་ཀྱི་ཁྱད་པར་མཐོང་བ་ལས་རྗེས་སུ་དཔག་ཀྱང་གཞན་འདོད་པའི་བརྟག་པ་ཉིད་མི་འགྲུབ་བོ། །འདིར་ནི་ཁྱད་པར་གྱི་རྒྱུ་ཡོད་ན་ངེད་ཀྱི་འདོད་པ་གྲུབ་པ་ཉིད་དོ། །དེས་ན་དེ་ལྟར་རྒྱུ་ཁྱད་པར་མེད་པར་བརྗོད་
དོ། །སྐྱེས་བུ་སྨོས་པས་ནི་ཁ་ཅིག་ལྷ་རྣམས་ཁོ་ན་ཤེས་པ་དང་འདོད་ཆགས་དང་བྲལ་བ་དང་ལྡན་པ་ཡིན་ནོ་ཞེས་འདོད་པ་དང་འགལ་བར་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ན་སྤྱོད་པ་རྣམས་ལ་ཅུང་ཟད་འདོད་ཆགས་དང་བྲལ་བ་ཡོད་ཀྱང་གཞན་དུ་དེར་སྤྱོད་པ་ཉིད་མི་འགྲུབ་
པས་གཏན་འདོད་ཆགས་དང་བྲལ་བ་མེད་པའི་ཕྱིར་དང་ལྷ་རྣམས་ཀྱིས་དེ་ལྟ་བུའི་ནུས་པ་དང་ལྡན་པ་ཡང་རིགས་པ་ཡིན་པས་བྱ་རྒོད་བཞིན་དུ་ཐམས་ཅད་མཁྱེན་པ་མ་ཡིན་པའི་ཕྱིར་རང་བཞིན་གྱིས་གྲུབ་པའི་དབང་ཕྱུག་ལ་སོགས་པ་བཀག་པ་ན་སྐྱེས་བུའི་རྩོལ་བས་ཐོབ་པར་བྱ་བ་
ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །ཁྱད་པར་གྱི་རྒྱུ་མེད་ན་ནི་རང་གི་ངོ་བོ་ཙམ་གྱིས་རྒྱུ་ལས་ཐམས་ཅད་ཁྱད་པར་མེད་པ་ཉིད་ཡིན་པའི་ཕྱིར་ཁྱད་པར་མེད་པ་དང་ཁྱད་པར་གྲུབ་པས་ཚིག་ལ་སོགས་པ་ལས་དེ་རྗེས་སུ་དཔོག་པར་འགྱུར་རོ། །དེ་བཤད་པ་ནི་གང་གིས་ཚིག་ལ་
སོགས་པ་ཞེས་བྱ་བའོ། །ཁྱད་པར་གྱི་རྒྱུ་ནི་ཡོད་པ་ཡིན་ཏེ་དེའི་ཕྱིར་རང་གི་རྒྱུ་ལས་རིགས་མཐུན་པའི་ཕྱིར་འབྲས་བུ་དམིགས་པའི་ཕྱིར་མི་འམ་གཞན་དུ་དམིགས་པ་སྐྱེ་ལ་རྒྱུ་གཞན་ལས་ནི་སྐྱུ་རུ་ར་ལ་སོགས་པ་བཞིན་ཇི་སྐད་བཤད་པའི་ཁྱད་པར་འགྲུབ་བོ། །གལ་ཏེ་སྐྱུ་རུ་ར་ལ་
སོགས་པ་དག་སྐྱེད་པར་བྱེད་པའི་ཚོགས་པར་གཏོགས་པའི་ཁྱད་པར་ལྷག་པ་དང་ལྡན་པས་ཁྱད་པར་ཅན་དུ་འགྱུར་གྱི་སྐྱེས་མ་ཐག་ཏུ་ནི་མ་ཡིན་ནོ་ཞེ་ན་འགྱུར་མོད། དེ་ལྟ་ན་ཡང་སྐྱེས་བུ་ཞེས་བྱ་བ་སེམས་ཀྱི་ཁྱད་པར་བརྟག་པ་མ་ཡིན་པ་དེས་ན་འདི་སྐྱེ་བ་ཉིད་ན་རྒྱུའི་ཁྱད་པར་ལ་
བརྟེན་ནས་ཁྱད་པར་དུ་འགྱུར་རོ། །ད་ནི་ཁྱད་པར་དེ་ཉིད་དང་ཁྱད་པར་གྱི་རྒྱུ་ཡང་བསྟན་པའི་ཕྱིར། ལེགས་པར་བྱ་བའི་བྱེ་བྲག་ལས། །ཞེས་སྨོས་སོ། །འདིས་ནི་ཁྱད་པར་གྱི་རྒྱུ་བཤད་དོ། །ཡོན་ཏན་ཐམས་ཅད་ལ་ཞེས་བྱ་བས་ནི་ཡོན་ཏན་གྱི་ཁྱད་པར་དང་ཁྱད་པར་དུ་འཕེལ་བ་
Vol. 182 · folio 94b
ཉིད་བཤད་དོ། །རང་གི་རྒྱུ་ལས་སྐྱེ་བ་ཉིད་ལ་སོགས་པ་བརྗོད་པའི་སེམས་ཀྱི་རྒྱུན་སེམས་གཞན་དུ་གཏོགས་པ་སྐྱེད་པར་བྱེད་པའི་རྒྱུ་ཐ་མི་དད་པ་ཡིན་ཡང་མཚུངས་པ་ཉིད་ནི་མ་ཡིན་པ་ཁོ་ན་སྟེ། རྒྱུ་སོ་སོ་ལ་བཟོ་དང་སྒྱུ་རྩལ་ལ་མཁས་པ་ལ་སོགས་པ་ཐུན་མོང་མ་ཡིན་པར་དམིགས་
པའི་ཕྱིར་རོ། །ཁྱད་པར་མེད་པའི་རྒྱུ་ཙམ་ལས་སྐྱེས་པའི་འབྲས་བུ་ནི་ཁྱད་པར་དང་ལྡན་པར་འགྱུར་བ་མ་ཡིན་ནོ། །དེའི་ཕྱིར་རྗེས་སུ་མཐུན་པའི་རྒྱུས་བསྐྱེད་པར་ཁྱད་པར་མེད་ཀྱང་དེའི་ཁྱད་པར་ལ་བརྟེན་ཏེ་ཁྱད་པར་དུ་འགྱུར་བ་ཡིན་ནོ། །མཁས་པ་དེ་ཡང་མཐའ་མེད་པ་ཉིད་དེ། དེ་ལ་
ཡང་རིམ་གྱིས་སྐྱེ་བ་ན་ཁྱད་པར་དུ་འཕེལ་བ་མཐོང་བའི་ཕྱིར་རོ། །དེ་ཐམས་ཅད་ཀྱང་འདུ་བྱེད་པའི་ཁྱད་པར་ཉིད་ལས་ཁྱད་པར་དུ་འགྱུར་བ་ཡིན་ནོ། །བཟོ་དང་སྒྱུ་རྩལ་ལ་སོགས་པ་གོམས་པས་ནི་གང་ལས་དེ་དག་མི་ཤེས་པའི་རྟོགས་པ་པོ་དག་ཚུལ་མཐའ་དག་ལ་མཁས་པར་
འགྱུར་བ་སེམས་ཀྱི་རྒྱུན་ཁྱད་པར་དུ་འཕགས་པ་སྒྲུབ་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་རང་གི་རྒྱུ་ལས་གྲུབ་པའི་སེམས་ལ་རྒྱུའི་ཁྱད་པར་གཞན་ཡོད་པ་ཁོ་ནའོ། །ཅི་ལྟར་འདི་ཡོད་པ་དེ་བཞིན་དུ་ཉོན་མོངས་པ་དང་བྲལ་བ་དང་གཉིས་སུ་མེད་པར་རྟོགས་པ་དང་། ཐམས་ཅད་ཤེས་པ་
ཉིད་ལ་སོགས་པ་གཞན་ལ་ཡང་སྲིད་པའི་ཕྱིར་རོ། །རང་གི་ཚད་མས་རྟོགས་པ་དེ་ཐོབ་པའི་ཐབས་གོམས་པས་དེའི་བདག་ཏུ་འགྱུར་རོ་ཞེས་ལེའུ་གཉིས་པར་སྒྲུབ་པར་འགྱུར་རོ། །མི་སྲིད་པར་སྨྲ་བ་གང་ཡིན་པ་དེ་ལ་ནི་མི་སྲིད་པར་རྗེས་སུ་དཔག་པ་ལ་ཡང་རྒྱུ་མཚན་གནོད་པར་
བྱེད་པའི་ཚད་མ་མེད་དོ། །མི་སྲིད་པ་ལ་རང་བཞིན་ནམ་འབྲས་བུའི་རྗེས་སུ་དཔག་པ་ཡོད་གྲང་ན་རེ་ཞིག་རང་བཞིན་ནི་མེད་དེ། དེ་ནི་གནོད་པར་བྱེད་པས་དེའི་བདག་ཉིད་དུ་གྲུབ་པ་ཉིད་ནི་འགྱུར་བའི་ཕྱིར་རོ། །ཐམས་ཅད་མཁྱེན་པ་ནི་ཐམས་ཅད་མཁྱེན་པ་མ་ཡིན་པ་སྒྲུབ་པས་
གནོད་པའི་ཕྱིར་དེ་ཉིད་དེའི་གནོད་པར་བྱེད་པ་ཡིན་ནོ། །དེས་ན་གལ་ཏེ་སྨ་བ་ལ་སོགས་པ་འགའ་ཞིག་ཐམས་ཅད་མཁྱེན་པ་མ་ཡིན་པ་དང་དེའི་བདག་ཉིད་དུ་གྱུར་པ་ཡིན་ན་དེའི་ཚེ་འདིར་འགྱུར་བ་ཞིག་ན་དེ་ནི་འདི་ལ་མེད་དོ། །ཇི་ལྟར་ཞེ་ན་འདོད་ཆགས་དང་བྲལ་བ་ཞེས་སྨོས་སོ། །
Vol. 182 · folio 95a
འདི་སྐད་བཤད་པ་ཡིན་ཏེ་ཇི་ལྟར་རྟག་པ་ལ་མི་སྲིད་པའི་རིམ་དང་ཅིག་ཅར་ཉིད་དང་ལྡན་པས་ཡོད་པ་མི་རྟག་པའི་རང་བཞིན་དུ་གྱུར་པ་ཉིད་དོ། །ཞེས་རྟོག་པ་དེ་བཞིན་དུ་གང་གིས་འཐད་པ་ལས་བྱུང་བ་ཉིད་ཀྱིས་གནོད་པར་འགྱུར་བ་སྨྲ་བ་ལ་སོགས་པ་ནི་ཐམས་
ཅད་མཁྱེན་པ་མ་ཡིན་པ་དང་འདོད་ཆགས་དང་བྲལ་བ་ལ་སོགས་པ་དང་དེའི་བདག་ཉིད་མ་ཡིན་ནོ། །དེའི་ཕྱིར་གང་གི་ཕྱིར་དེ་ལས་བཟློག་པ་དགག་པའི་ཕྱིར་གནོད་པར་བྱེད་པ་འདི་ཐམས་ཅད་མཁྱེན་པ་མ་ཡིན་པའི་རང་བཞིན་གྱི་གཏན་ཚིགས་སུ་འགྱུར་བ། སྨྲ་བ་ཉིད་དམ་
གཞན་ཐམས་ཅད་མཁྱེན་པ་དང་འདོད་ཆགས་དང་བྲལ་བ་ཉིད་དང་འགལ་བ་ནི་མངོན་སུམ་གྱིས་གྲུབ་པ་ཉིད་དུ་བརྗོད་པར་བྱ་བ་ཡིན་ནོ། །དེའི་ཕྱིར་འདོད་ཆགས་དང་བྲལ་བ་ལ་སོགས་པ་མ་མཐོང་ན་ཆོས་འགའ་དང་ཡང་འགལ་བར་མི་འགྱུར་རོ། །མ་མཐོང་བ་དང་ནི་ཆོས་
འགའ་ཡང་གནོད་པར་བྱ་བ་དང་གནོད་པར་བྱེད་པའི་དངོས་པོར་མི་འགྲུབ་པའི་ཕྱིར་རང་བཞིན་གྱི་གཏན་ཚིགས་དེ་གནོད་པ་མ་ཡིན་ནོ། །གལ་ཏེ་རྟག་པ་དོན་བྱེད་པ་བཞིན་དུ་རིམ་དང་ཅིག་ཅར་དག་གིས་དོན་ཐམས་ཅད་རྟོགས་པར་མི་སྲིད་པ་མ་ཡིན་ནམ། དེས་ན་དོན་བྱེད་པ་ལས་སྐད་
ཅིག་མ་བཞིན་དུ་རེག་པར་བྱ་བ་མངོན་སུམ་དུ་གྱུར་པ་ཉིད་ལས་ཐམས་ཅད་མ་ཡིན་པར་རྗེས་སུ་དཔོག་གོ། །འགྲོ་བའི་ཡུལ་དང་དུས་ཀྱི་དབྱེ་བས་མཐའ་ཡས་སོ། །དེ་ཐམས་ཅད་རིམ་གྱིས་འཛིན་ན་མཐའ་ཡས་པས་འཛིན་པ་མཐའ་ཐུག་པ་མེད་པ་དེའི་ཕྱིར་རིམ་གྱིས་འཛིན་པ་
མ་ཡིན་ནོ། །ཅིག་ཅར་ཡང་མ་ཡིན་ཏེ་མཐའ་ཡས་པ་ཉིད་ཀྱིས་འདི་ཙམ་ཞེས་མི་ངེས་པའི་ཕྱིར་ཐམས་ཅད་རྟོགས་སམ། ཕྱོགས་གཅིག་རྟོགས་ཞེས་མི་འགྲུབ་པའི་ཕྱིར་རོ། །འདི་ནི་འདི་ཙམ་ཁོ་ནར་ཟད་དེ་འདི་ལས་གཞན་ནི་མེད་ལ། དེ་ཡང་རྟོགས་སོ་ཞེས་ཐམས་ཅད་རྟོགས་པ་
འགྲུབ་པའི་ཕྱིར་རོ། །འདི་ཙམ་ཞེས་མ་རྟོགས་ན་ནི་འདི་ཐམས་ཅད་རྟོགས་པ་ཡིན་ནམ། ཕྱོགས་གཅིག་རྟོགས་པ་ཡིན་ཞེས་ཇི་ལྟར་ངེས། འགྲོ་བ་མཐའ་མེད་པ་ལ་འདི་ཙམ་དུ་རྟོགས་པ་མེད་པའི་ཕྱིར་ཇི་ལྟར་འདི་ཐམས་ཅད་འཛིན་པར་འགྱུར་ཞེ་ན་དེ་ནི་མི་འཐད་དེ། གཉི་ག་
Vol. 182 · folio 95b
ལྟར་ཡང་འཛིན་པ་བཀག་པ་མེད་པའི་ཕྱིར་རོ། །སྐྱེས་ཤིང་སྐྱེས་པ་འཛིན་པས་གཞན་དང་གཞན་བཟུང་བ་ཐུག་པ་མེད་པའི་ཕྱིར་ཐམས་ཅད་འཛིན་པར་མི་འགྱུར་བ་གང་ཡིན་པ་དེ་རིམ་གྱིས་འཇུག་ཀྱང་དོན་ཡོད་པའི་དུས་ལས་ལྡོག་པ་མ་ཡིན་ནོ། །འདས་པ་བཟུང་ནས་མ་འོངས་པ་འཛིན་
ལ་དེ་ནས་ནི་ད་ལྟར་འཛིན་པ་འམ་རིམ་པ་གཞན་གྱིས་ཀྱང་རུང་སྟེ་དེའི་ཚེ་སྐྱོན་ཅི་ཞིག་ཡོད། མཐའ་ཡས་པའི་ཕྱིར་མི་འཛིན་ཏོ་ཞེ་ན། རིམ་གྱིས་རྟོགས་པ་ནི་རེ་ཞིག་མ་འབྲེལ་པ་ཡིན་ཏེ། དེ་ལྟར་འཛིན་པ་ཉིད་མི་སྲིད་པའི་ཕྱིར་རོ། །མཐའ་མེད་པ་རྣམས་ལ་འཛིན་པ་མི་འཐད་པ་ཡང་མ་
ཡིན་ཏེ་དེ་ཡོད་པ་དང་མེད་པ་ལ་མི་ལྟོས་པའི་ཕྱིར་རོ། །ཐམས་ཅད་མཁྱེན་པའི་མཁྱེན་པ་ནི་དངོས་པོ་གཞན་གྱི་དབང་དུ་གྱུར་པ་མ་ཡིན་པར་གང་ཞིག་ཇི་ལྟར་བདེན་པ་དེ་དེ་ཁོ་ན་བཞིན་དུ་རྟོགས་པ་ཡིན་ནོ། །དེ་དངོས་པོ་ཡོད་པ་ལ་ལྟོས་པ་ཡིན་ན་ནི་དེ་དག་མཐའ་ཡས་པའི་ཕྱིར་དེའི་ཡུལ་ཅན་གྱི་
འཛིན་པ་མཐར་ཕྱིན་པར་མི་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་འདས་པ་དང་མ་འོངས་པ་ཡུལ་ཉིད་དོ། །རྣམ་པར་རྟོག་པ་དུས་ཀྱི་ཁྱད་པར་ཅན་དུ་འཛིན་པ་ཉིད་དེའི་དུས་བར་འཛིན་པ་ནི་མ་ཡིན་གྱི་འོན་ཀྱང་ལྷན་ཅིག་ཏུ་སྣང་བ་ཡིན་ཏེ། ད་ལྟར་བའི་དུས་བཞིན་ནོ། །དུས་ཀྱང་ཉི་མ་འཆར་བ་ལ་
སོགས་པ་ཡིན་གྱི་གཞན་འདོད་པ་ནི་མ་ཡིན་ནོ། །དེས་ན་ངོ་བོ་ཅན་མཐའ་ཡས་ཀྱང་རང་ཉིད་ངེས་པའི་ཡུལ་དང་དུས་ཀྱི་དངོས་པོ་ལ་མི་ལྟོས་པར་སྣང་བའི་སྤྱོད་ཡུལ་དུ་མི་འགལ་ལོ། །དངོས་པོ་གཅིག་ཉིད་མཐའ་ཡས་པའི་དངོས་པོ་རྣམས་ལ་ལྟོས་པ་འམ་ལྟོས་པར་བྱ་བ་མི་འཐད་དོ། །དེས་
ན་བྱིས་པ་ལས་ཀྱང་ལེགས་བཤད་བླང་བ་ཡིན་པས་འདི་བླངས་སོ། །ཚད་ངེས་པར་མ་ཆད་པ་མཐའ་ཡས་པའི་འགྲོ་བ་མཐའ་དག་བྱེད་པ་པོའི་དབང་ཕྱུག་གཅིག་ནི་མི་སྲིད་དོ། །བྱ་བ་མཐའ་མེད་པའི་ཕྱིར་དབང་ཕྱུག་གིས་འགྲོ་བ་ན་གནས་པའི་དངོས་པོ་རྣམས་བྱེད་པ་ན་ཐམས་ཅད་བྱེད་པ་
ཉིད་དུ་མི་འཐད་དེ། འགྲོ་བ་མཐའ་ཡོད་པ་ཉིད་ཡིན་ན་ཐམས་ཅད་བྱ་བར་འགྲུབ་པའི་ཕྱིར་རོ། །མེ་ལོང་ལྟ་བུའི་ཡེ་ཤེས་ནི་དེའི་གཟུགས་བརྙན་ཙམ་དང་ལྡན་པ་ཡིན་པའི་ཕྱིར་ལྟོས་པ་དང་ལྟོས་པར་བྱ་བ་མ་ཡིན་པ་རང་བཞིན་དང་ལྡན་པའི་དངོས་པོ་དང་རྗེས་སུ་འབྲེལ་པའི་རང་བཞིན་
Vol. 182 · folio 96a
ཐ་དད་པ་དང་མཐའ་ཡས་པ་ཡིན་ཡང་ཐ་མི་དད་ཅིང་མཐའ་ཡོད་པའི་འཛིན་པ་ནི་མི་འགལ་ལོ། །མཐའ་ཡས་པ་ནི་ཚད་ཆད་པ་མེད་པའི་ཕྱིར་ཐམས་ཅད་དང་ཕྱོགས་གཅིག་རྟོགས་པ་ཁྱད་པར་མེད་པས་ཐམས་ཅད་རྟོགས་སོ་ཞེས་རྣམ་པར་གཞག་པར་མི་ནུས་སོ་ཞེས་བྱ་
བ་འདི་ཙམ་ཞིག་བྱིས་པའི་ཚིག་སྙིང་པོ་ཡིན་པར་འགྱུར་གྱི་བྱེད་པ་བཞིན་དུ་འཛིན་པ་མི་སྲིད་པར་གྲུབ་པ་ནི་མ་ཡིན་ནོ། །མཐའ་ཡས་པ་འཛིན་པར་བྱེད་པ་ལ་ནི་འགལ་བ་འགའ་ཡང་མེད་དེ། གཟུང་བའི་ཆོས་འཛིན་པའམ་དེའི་ཆོས་གཟུང་བ་ལས་ཐལ་བར་འགྱུར་བ་མེད་པའི་ཕྱིར་གླང་པོའི་
གཟུགས་བརྙན་ལ་གླང་པོའི་ཆོས་སམ། གླང་པོ་ལ་གླང་པོའི་གཟུགས་བརྙན་གྱི་ཆོས་བཞིན་ནོ། །ཚད་ངེས་པར་ཆད་པ་མེད་པས་ཐམས་ཅད་འཛིན་པ་མེད་པ་ཡང་མ་ཡིན་ནོ། །དཔེར་ན་ཁྱིམ་ནང་ན་གནས་པར་རྟོགས་པའི་བུམ་པ་ལྔ་ལ་གཞན་ཡོད་དམ་མེད་ཅེས་ཚད་ངེས་
པ་མ་བརྟགས་པར་ཕྱིར་སོང་བ་བུམ་པ་ཡོད་དོ་ཞེས་རྟོགས་པར་འགྱུར་གྱི་གྲངས་ངེས་པའམ་འདི་ཙམ་ཉིད་མཐོང་ངོ་ཞེས་ནི་མ་ཡིན་པ་བཞིན་ནོ། །དེ་ཡང་བརྩལ་བས་ནི་གྲངས་དང་མ་དམིགས་པའི་ཕྱིར་གཞན་མེད་པས་འདི་ཙམ་ཉིད་དང་དེ་ཐམས་ཅད་ལ་ཡང་རྟོགས་པ་ཞུགས་པས་ན་
ཐམས་ཅད་རྟོགས་པ་ཉིད་དུ་རྟོགས་སོ། །དེ་ཉིད་ཀྱི་ཕྱིར་ཐམས་ཅད་ཅེས་བྱ་བ་ནི་གྲངས་དང་འདྲ་བར་དངོས་པོའི་ཆོས་མ་ཡིན་ཏེ། གཞན་ལ་ལྟོས་པའི་ཕྱིར་རོ། །གྲུབ་པ་དག་ལ་ནི་ལྟོས་པ་ཡོད་པ་མ་ཡིན་ནོ། །དེས་ན་ཐམས་ཅད་མཁྱེན་པ་ཉིད་དུ་རྟོགས་པ་མེད་ཀྱང་དངོས་པོ་མ་རྟོགས་པ་མ་
ཡིན་ནོ། །ཚད་ངེས་པར་ཆད་པ་ཉིད་ནི་ཐམས་ཅད་མཁྱེན་པ་ཉིད་དམ། མི་དམིགས་པ་ཙམ་གྱིས་རྟོགས་པར་བྱ་བར་མི་ནུས་སོ། །སྒྲ་ལ་སོགས་པ་ནི་རྟག་པ་དང་ཁྱབ་པ་ཉིད་ཀྱིས་ཡུལ་དང་དུས་རྣམ་པར་ཆད་པ་མེད་པའི་ཕྱིར་ཚད་ངེས་པ་མེད་པས་ཀྱང་གླེན་པ་ཞིག་སྟེ། མི་སྣང་བ་མི་
དམིགས་པ་ཙམ་གྱིས་ཚད་མ་ཡིན་པ་བཀག་ནས་རྒྱུ་མི་དམིགས་པ་ཁས་བླངས་པའི་ཕྱིར་རྒྱུ་མེད་པ་ལ་ཡང་དེ་ཉིད་རྟོགས་པར་བྱེད་པ་ཤེས་རབ་ཕུལ་དུ་ཕྱིན་པས་རྟོགས་པར་བྱ་བའི་ཐིབས་པོ་ལ་ཁ་ངན་ཟེར་བས་ངན་སོང་ལ་གཞོལ་བའི་སྙིང་རྗེ་བ་ཉིད་དོ། །རྒྱུ་འདི་ཡིན་ནོ་ཞེས་བསྟན་དུ་མེད་པས་ནི་མེད་
Vol. 182 · folio 96b
པར་སྨྲ་མི་ནུས་ཏེ། དེ་ཉིད་ཀྱིས་ཐེ་ཚོམ་ཟ་བའི་ཕྱིར་རོ། །གལ་ཏེ་དོན་ཐམས་ཅད་རིག་པ་རྣམ་པར་ཤེས་པ་ཉིད་ཡིན་པས་དེ་ལ་ཡིད་ལ་སོགས་པ་ཉིད་རྒྱུར་འགྱུར་བ་མ་ཡིན་ནམ། དེ་དག་ལས་ཀྱང་དེ་སྲིད་པ་མ་ཡིན་པ་དེའི་ཕྱིར་མེད་པ་ཁོ་ནའོ་ཞེ་ན། གལ་ཏེ་དེ་ལྟ་ན་དོན་གྱི་ཡུལ་ཅན་གྱི་ཡིད་མི་
སྲིད་པའི་ཕྱིར་དབང་པོའི་ཤེས་པ་ཡང་མེད་པར་འགྱུར་རོ། །མ་ཡིན་ཏེ་དབང་པོ་ལྷན་ཅིག་བྱེད་པ་ཅན་ལས་དེ་འབྱུང་བའི་ཕྱིར་རོ་ཞེ་ན། འོ་ན་ལྷན་ཅིག་བྱེད་པ་གཞན་དང་ལྡན་པས་དོན་ཐམས་ཅད་པའི་ཡུལ་ཅན་དུ་འགྱུར་རོ། །མ་ཡིན་ཏེ་དེ་མེད་པའི་ཕྱིར་རོ་ཞེ་ན། བློ་གྲོས་མེད་པའི་སྒྲིན་ཤས་
ཆོག་གོ། །སྒོམ་པ་ཚད་མའི་ཡུལ་ཅན་ཉིད་ཀྱིས་ནི། མཁོ་བ་ཡོད་པ་མ་ཡིན་ཏེ་མི་གསལ་བའི་རྣམ་པ་གསལ་བར་བྱེད་པས་མཐར་ཕྱིན་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བཤད་པར་བྱའོ། །དེའི་ཕྱིར་མི་སྣང་བ་མི་དམིགས་པ་ཉིད་ཀྱིས་དེ་མེད་པར་བརྗོད་པར་བྱ་བ་ཡིན་ན་དེ་ནི་ཚད་མ་ཡིན་པའི་ཕྱིར་
སྤང་བར་བྱ་བ་མ་ཡིན་ནོ། །དེའི་ཕྱིར་རྒྱུ་མཚུངས་པ་ཡོད་ཀྱང་ཁྱད་པར་གྱི་རྒྱུ་སྤང་དུ་མེད་པའི་ཕྱིར་རིགས་གཅིག་པ་ཡིན་ཡང་སྐྱེས་བུ་དག་ཁྱད་པར་མེད་པ་མ་ཡིན་ལ་རིགས་མཐུན་པའི་རྒྱུ་ལས་ནི་འདའ་བར་དཀའ་བའི་ཕྱིར་སྐྱེས་བུས་མ་བྱས་པ་ནི་མེད་ལ། དོན་ཐམས་ཅད་འཛིན་པར་
རུང་བའི་སེམས་ནི་ཡོད་པ་ཁོ་ནའོ། །གལ་ཏེ་རྒྱུ་རིགས་མི་མཐུན་ན་འབྲས་བུ་རིགས་མི་མཐུན་པ་ཉིད་དུ་འགྱུར་མོད། །དེས་ན་སྐྱེས་བུས་བྱས་པ་གང་ཡིན་པ་དེ་ནི་སྐྱེས་བུས་མ་བྱས་པ་ལས་གཞན་ཁོ་ན་ཡིན་མོད་ཀྱི་དེ་ལ་ཡང་སྐྱེས་བུས་ཁྱད་པར་བཞིན་དུ་ཐ་དད་པ་བྱེད་པའི་ཁྱད་པར་བལྟར་
མི་རུང་བ་ཉིད་ཀྱིས་ཐ་དད་པར་མི་མངོན་པ་ཡིན་ནོ་ཞེ་ན། ཚིག་རྣམས་ནི་ཞེས་སྨོས་སོ། །སྐྱེས་བུའི་ཁྱད་པར་བཞིན་དུ་ཚིག་རྣམས་ནི་ཁྱད་པར་སྤང་བར་འོས་པ་མ་ཡིན་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་ཁྱད་པར་བལྟར་རུང་བའི་ཕྱིར་རོ། །བལྟར་རུང་བ་མི་སྣང་ན་ནི་མེད་དོ་ཞེས་ངེས་པ་ཁོ་ནའོ། །
ཚིག་གི་ཁྱད་པར་དག་ཀྱང་དེ་ལྟ་བུར་གྱུར་པ་ཡིན་ནོ། །ཁྱད་པར་བལྟར་མི་རུང་བ་ཡིན་པ་དེ་ལྟ་ན་ཡང་འདི་དག་སྐྱེས་བུས་མ་བྱས་པ་ཡིན་ནོ་ཞེས་རྣམ་པར་འཇོག་པ་མི་འཐད་དོ། །དེ་བཤད་པ་ནི་བལྟར་མི་རུང་བ་ཉིད་གཅིག་ཅེས་སྨོས་སོ། །རྒྱལ་བ་སྒྲོགས་པ་ལ་སོགས་པ་ནི་སྐྱེས་བུས་
Vol. 182 · folio 97a
བྱས་པ་ཡིན་ལ། རིག་བྱེད་ནི་སྐྱེས་བུས་མ་བྱས་པ་མ་ཡིན་ནོ་ཞེས་རིགས་མི་མཐུན་པ་ཉིད་མི་འཐད་དོ། །ཅི་སྟེ་ཡང་མངོན་སུམ་ལ་སོགས་པའི་ཚད་མའི་སྤྱོད་ཡུལ་མ་ཡིན་པའི་ཡུལ་ཅན་ཉིད་རིགས་མི་མཐུན་པ་ཡོད་པ་ཡིན་ནོ། །སྐྱེས་བུས་བྱས་པ་ནི་གྲུབ་པའི་རང་
བཞིན་གྱི་དོན་སྟོན་པ་ཡིན་ལ། བྱའོ་ཞེས་བྱ་བ་ཉིད་ནི་རིག་བྱེད་ཀྱིས་རྟོགས་པར་བྱེད་དོ་ཞེ་ན། དེ་ནི་མ་ཡིན་ནོ་ཞེས་བཤད་པ་ནི་དེའི་ཁྱད་པར་རྣམས་ནི་ཞེས་བྱ་བ་ཡིན་ནོ། །དེར་ཁྱད་པར་དུ་འདོད་པ་གང་ཡིན་པ་དེ་ནི་ཞི་བ་ས་ལ་སོགས་པའི་རྒྱུད་གཞན་ལ་ཡང་སྲིད་པ་ཡིན་ནོ། །འདི་དག་
ནི་འདི་ལས་འདིར་འགྱུར་རོ་ཞེས་བྱ་བ་འདི་ལྟར་བྱ་བ་རྟོགས་པར་བྱེད་པ་དག་ལ་ཡང་བྱེད་པ་ཡོད་པ་ཡིན་ལ། གཞན་དག་གི་དགོས་པ་ནི་བྱ་བ་སྟོན་པར་བྱེད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ཡང་གཞན་ལས་སྐྱེས་བུས་བྱས་པ་དང་མ་བྱས་པའི་ཁྱད་པར་གྲུབ་ན་སྲིད་པ་ཡིན་ནོ། །དེས་ན་དེ་ལྟར་
རྟོགས་པར་བྱེད་པ་ཉིད་ནི་སྐྱེས་བུས་ཀྱང་ཕྱོགས་གཅིག་དམིགས་པ་ཁྱད་པར་དང་ལྡན་པ་ཉིད་དུ་རྣམ་པར་འཇོག་པ་ན། ཅི་འདི་སྒྲ་མཐའ་དག་རྟོགས་སམ་སྒྲའི་ཕྱོགས་གཅིག་ཅེས་འདྲི་བ་ལ་ཐམས་ཅད་རྟོགས་སོ་ཞེས་ལན་འདེབས་པས་སྒྲའི་རང་བཞིན་ཚད་ངེས་པར་རྣམ་པར་བཞག་ནས་དེ་ལ་
དམིགས་པར་ནི་བརྗོད་པར་མི་ནུས་ཀྱིས། འོན་ཀྱང་གཅིག་ཡིན་པའི་ཕྱིར་ཆ་མེད་པ་ཉིད་ཀྱིས་ཐམས་ཅད་རྟོགས་སོ་ཞེས་བྱ་བ་ཡིན་ནོ། །དེས་ན་འགྲོ་བ་མཐའ་ཡས་པ་ཡང་ཚད་ངེས་པར་རྣམ་པར་གཞག་ནས་ཐམས་ཅད་རྟོགས་པར་ནི་མི་སྨྲའི། འོན་ཀྱང་མཐའ་ཡས་ཀྱང་ངོ་བོ་དང་ལྡན་པ་
དེའི་ཡུལ་ཅན་གྱི་རྣམ་པར་ཤེས་པའི་ཡུལ་མ་ཡིན་པ་མི་སྲིད་པས་དུས་གསུམ་དང་ལྡན་པ་མཁྱེན་ཏོ་ཞེས་བརྗོད་དོ། །བླུན་པོའི་བརྟག་པ་ལ་ལན་བཏབ་པས་ཆོག་གི་སྲིད་པ་འགོག་པའི་འབྲས་བུའི་གཏན་ཚིགས་ཀྱང་མེད་པར་བཤད་པ་ནི་འདོད་ཆགས་ལ་སོགས་པའི་འབྲས་བུ་ཞེས་བྱ་བའོ། །
འབྲས་བུའི་གཏན་ཚིགས་ཀྱིས་ནི་འདོད་ཆགས་རྗེས་སུ་དཔག་པ་ཉིད་ཀྱིས་འདོད་ཆགས་དང་བྲལ་བ་འགོག་པའི་ཕྱིར་འདོད་ཆགས་ལ་སོགས་པའི་འབྲས་བུ་འཁྲུལ་པ་མེད་པ་ཅན་མེད་པར་བརྗོད་དེ། ཚིག་ལ་སོགས་པ་ནི་དེ་ལྟ་མ་ཡིན་པས་ཡང་སྲིད་པའི་ཕྱིར་རོ། །རང་བཞིན་མི་དམིགས་
Vol. 182 · folio 97b
པས་མེད་པར་སྒྲུབ་པ་ཡང་སེལ་བ་ནི་སྲིད་ཀྱང་ཐམས་ཅད་མཁྱེན་པ་དང་འདོད་ཆགས་དང་བྲལ་བ་ལ་སོགས་པའི་ཁྱད་པར་རྣམ་པ་བལྟར་མི་ནུས་པའི་ཕྱིར་རོ། །བལྟར་རུང་བ་དག་ལ་མཐོང་བ་མེད་པ་ནི་རང་བཞིན་མི་དམིགས་པ་ཡིན་ན། འདི་ནི་བལྟར་རུང་བ་མ་ཡིན་ནོ། །མི་སྣང་
བ་མི་དམིགས་པ་ཚད་མ་ཡིན་པ་ཉིད་དོ་ཞེས་བཤད་པ་ནི། དེ་ལྟ་བུ་དག་ནི་ཞེས་བྱ་བའོ། །ཡུལ་དང་དུས་དང་རང་བཞིན་གྱིས་བསྐལ་པས་བལྟར་མི་ནུས་པ་དག་ལ་ནི་སྤང་བ་སྲིད་པ་མ་ཡིན་ནོ། །གལ་ཏེ་འཇལ་བ་ཚད་མའི་རྒྱུ་ཅན་མ་ཡིན་ནམ། དོན་ཐམས་ཅད་རབ་ཏུ་གྲུབ་པ་ལ་ནི་རྒྱུ་
ཚད་མ་ཡོད་པ་མ་ཡིན་ཏེ། མིག་ལ་སོགས་པ་ངེས་པའི་ཡུལ་ཅན་ཡིན་པའི་ཕྱིར་དང་ཡིད་ཀྱང་ཐམས་ཅད་ཀྱི་ཚེ་ཕྱི་རོལ་གྱི་གཞན་གྱི་དབང་དུ་གྱུར་པས་དེ་ལ་མ་ལྟོས་པར་མི་འཇུག་པའི་ཕྱིར་དང་སྒོམ་པ་ཡང་ཐོས་པ་དང་དཔག་པའི་ཡུལ་ཅན་ཉིད་ཀྱིས་དོན་ཐམས་ཅད་ཀྱི་ཡུལ་ཅན་དུ་མ་
གྲུབ་པའི་ཕྱིར་རོ། །དེའི་ཕྱིར་དོན་ཐམས་ཅད་འཇལ་བ་འགོག་པའི་ཚད་མ་ནི་རྒྱུ་མི་དམིགས་པ་ཉིད་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ་ཇི་ལྟར་ཡོངས་སུ་མཐོང་བའི་ཤེས་པའི་རྒྱུ་དག་ཁོ་ན་དོན་ཐམས་ཅད་གཅོད་པའི་རྒྱུ་ཡིན་ནོ། །ཇི་ལྟར་ཡོངས་སུ་མཐོང་བ་ཐམས་ཅད་དོན་ཐམས་
ཅད་འཇལ་བར་འགྱུར་རོ། །རྒྱུ་མ་ཡིན་ན་ཡང་དེ་དག་དེ་ལ་ནུས་པ་མེད་པས་འཇལ་བ་དེ་རྒྱུ་མེད་པར་ཇི་ལྟར་འགྱུར། སྒོམ་པ་རྒྱུ་མ་ཡིན་ནོ་ཞེ་ན། གལ་ཏེ་སྒོམ་པ་རྒྱུའི་དངོས་པོར་རྟོགས་ན་དེ་མེད་ན་དོན་ཐམས་ཅད་འཇལ་བ་མེད་དོ་ཞེས་བྱ་བར་འགྱུར་རོ། །དེ་ལྟར་ན་ཡང་གང་དུ་དེ་
མེད་པ་དེར་མེད་པར་འགྲུབ་ཀྱི་དེ་ཡོད་པར་ནི་མ་ཡིན་ནོ། །འོན་ཏེ་དེ་ཡང་རྒྱུ་ཉིད་དུ་མི་འཐད་དོ་ཞེ་ན། ད་ནི་རྒྱུ་མ་ཡིན་པ་རྒྱུར་འགྱུར་བ་བཀག་ནས་དེའི་རྒྱུ་ཅན་མ་ཡིན་པའི་འབྲས་བུ་ཅི་འགལ། གལ་ཏེ་ཕ་རོལ་པོས་སྒོམ་པ་དེའི་རྒྱུར་ཁས་བླངས་པའི་ཕྱིར་རོ་ཞེ་ན། ད་ནི་ཁས་བླངས་པ་དེ་
ཡང་དག་པ་མ་ཡིན་པར་འགྱུར་གྱི་ཞེས་ཁས་ལེན་མི་ཤེས་པའི་སྤོབས་པ་ཉམས་པས་དོན་ཡང་ཉམས་པར་འགྱུར་བ་ནི་མ་ཡིན་ནོ། །རྨོངས་པས་དུ་བའི་རྒྱུ་ས་བོན་ཡིན་པར་ཁས་བླངས་པ་ལ་གནོད་པས་མེ་ལས་དུ་བ་ཡོད་པར་འགྱུར་བ་ཡང་བཀག་པ་མ་ཡིན་ནོ། །འོ་ན་རྒྱུ་གཞན་གང་ཡིན་
Vol. 182 · folio 98a
ཞེ་ན། གམ་ན་གནས་པ་ཙམ་རིག་པའི་ཕྱུགས་ཀྱང་སྟོང་པ་ཉིད་ལ་འཁྲུལ་པ་ནི་མ་ཡིན་ན་འདི་ནི་ཕྱུགས་མ་བྱས་པ་མ་ཡིན་ནོ། །འཇིག་རྟེན་མཐོང་བ་ཇི་ལྟ་བ་བཞིན་སྣང་བ་ཉིད་སྒྲའི་དོན་ཡིན་ནོ་ཞེས་སྟོན་པར་འགྱུར་རོ། །བྱ་བའམ་དེའི་ཡུལ་ཅན་གྱི་བྱ་བ་སྒྲུབ་པ་ནི་མེད་
དེ། བསྟན་བཅོས་ཀྱི་སྒྲ་རྣམས་མདོར་བསྡུས་ནས་བྱེ་བྲག་ཏུ་རྟོགས་པར་འདོད་པ་རྣམས་ཀྱིས་རང་བཞིན་དང་རྐྱེན་ལ་སོགས་པ་དེའི་དོན་ཅན་མ་ཡིན་པ་དག་ཀྱང་དེའི་དོན་ཅན་དུ་བརྟགས་པའི་ཕྱིར་དང་། བྱེད་པ་པོ་མི་དྲན་པ་ལ་སོགས་པ་ཡང་འགོག་པར་འགྱུར་བའི་ཕྱིར་རོ། །དེས་ན་དེ་ལྟར་
ཁྱད་པར་བལྟར་མི་རུང་བ་ཉིད་དུ་ཁས་བླངས་ནས་ཐ་དད་པར་བྱེད་པའི་ཁྱད་པར་ཡོད་པ་ཉིད་བསལ་བ་ཡིན་ནོ། །ཁྱད་པར་བལྟར་མི་རུང་བ་ཉིད་ཀྱང་སྲིད་པ་མ་ཡིན་ནོ་ཞེས་འཆད་པ་ནི་སྒྲ་མངོན་སུམ་པ་རྣམས་ལ་ཞེས་བྱ་བ་ཡིན་ནོ། །མངོན་སུམ་དུ་གྱུར་པའི་དངོས་པོ་གང་ཡིན་པ་དེ་ལ་རང་གི་
ངོ་བོ་ཉིད་དུ་གྱུར་པའི་མངོན་སུམ་མ་ཡིན་པའི་ངོ་བོ་མི་སྲིད་དོ། །དེ་ཉིད་ལ་རང་གི་རྣམ་པ་གཏད་པ་ཉིད་ཀྱིས་བདག་ཉིད་ལ་རྟོགས་པ་བསྐྱེད་པ་དང་། གཞན་གཉིས་ནི་མི་འཐད་དོ། །དེ་དེ་ཙམ་གྱི་རང་བཞིན་ཉིད་ཡིན་ན། རང་བཞིན་དེ་གཅིག་པུ་ཉིད་དོ། །དེ་ལྟར་ན་ཡང་བལྟར་མི་རུང་
བ་འགལ་ལོ། །རང་བཞིན་གཞན་ཉིད་ན་ཡང་དེའི་རང་བཞིན་མ་ཡིན་ཏེ། དེས་ན་མངོན་སུམ་མ་ཡིན་པ་ནི་མངོན་སུམ་གྱི་རང་བཞིན་མ་ཡིན་ནོ། །འོ་ན་ཇི་ལྟར་སྐད་ཅིག་མ་ཉིད་ལ་སོགས་པ་སྣང་བ་དང་རང་བཞིན་གཅིག་པ་ཡིན་ཡང་མངོན་སུམ་མ་ཡིན་ན། སྐད་ཅིག་མ་ཉིད་ལ་སོགས་
པ་མངོན་སུམ་མ་ཡིན་པ་ནི་ཅུང་ཟད་ཀྱང་མེད་ཀྱི་འོན་ཀྱང་མདུན་དུ་གསལ་བའི་རང་བཞིན་གྱི་རང་བཞིན་ཉིད་དོ། །དེ་སྣང་བ་ན་ཆ་མེད་པ་དེ་ཉིད་མངོན་སུམ་ཉིད་དང་ལྡན་པ་ཡིན་ནོ། །རང་བཞིན་དེ་མཐའ་དག་རྟོགས་ཤིང་དེ་ཁོ་ན་བཞིན་རྗེས་སུ་བརྟགས་པ་ཡིན་ཡང་ཇི་ལྟར་དོན་
སྐད་ཅིག་ཉིད་ལ་སོགས་པའི་ཆོས་སུ་གྱུར་པ་དེ་བཞིན་དུ་རྟོགས་པ་པོ་དག་གིས་རྟོགས་པར་ནི་མི་ནུས་ཏེ། དེས་ན་འཁྲུལ་པའི་རྒྱུ་མཚན་དང་ལྡན་པ་དེ་ལ་རྟོགས་པ་པོའི་འདུ་བྱེད་མེད་པའི་ཕྱིར་དངོས་སུ་ན་མངོན་སུམ་ཡིན་ཡང་རྟོགས་པ་པོ་དེ་ལྟར་རྟོགས་པ་མེད་པའི་ཕྱིར། དེ་
Vol. 182 · folio 98b
ལས་རྣམ་པར་མི་གནས་པས་མངོན་སུམ་མ་ཡིན་པ་ཉིད་དོ་ཞེས་བསྟན་པར་འགྱུར་རོ། །ཚིག་རྣམས་ཁྱད་པར་དང་ལྡན་པ་ཉིད་ལ་ནི་རིགས་པ་འདི་མི་སྲིད་དོ་ཞེས་བསྟན་པའི་ཕྱིར་འཁྲུལ་པའི་རྒྱུ་མཚན་མེད་པའི་ཕྱིར་ཏེ་ཞེས་སྨོས་སོ། །གང་གིས་ན་སྣང་བ་དེ་ཤེས་པ་གཞན་གྱིས་རྗེས་སུ་
རྟོགས་པ་ཉིད་དུ་འགྱུར་བ་སྐྱེས་བུས་མ་བྱས་པའི་ངག་རྣམས་ལ་ཁྱད་པར་ཡོད་ཀྱང་སྐད་ཅིག་མ་ཉིད་བཞིན་དུ་མངོན་སུམ་མ་ཡིན་པར་ནི་མི་སྲིད་དེ། དེ་དང་རང་བཞིན་གཅིག་པ་ཡིན་ཡང་འཁྲུལ་པའི་རྒྱུ་མཚན་དང་ལྡན་པས་མངོན་སུམ་མ་ཡིན་ནོ་ཞེས་བྱ་བར་ནི་མི་སྲིད་དེ། འཁྲུལ་པའི་
རྒྱུ་མཚན་མེད་པའི་ཕྱིར་ཏེ་འདིའོ་ཞེས་བྱ་བ་ཉིད་དུ་སྣང་བ་འདི་ལ་ནི་འཁྲུལ་པའི་རྒྱུ་མཚན་མེད་དོ་རེ་ཞིག་ཁྱད་པར་མེད་པར་སྒྲོ་འདོགས་པའི་མཚན་ཉིད་འཁྲུལ་པ་ནི་ཡོད་པ་ཉིད་དོ། །དེ་ཉིད་ལས་རྒྱུ་མཚན་བརྟག་པར་བྱ་བ་ཡིན་ནོ་ཞེ་ན་འཁྲུལ་པ་མི་འགྱུར་བའི་ཕྱིར་རོ་ཞེས་སྨོས་སོ། །ཁྱད་པར་མེད་པར་
ནི་འཁྲུལ་པ་ཡིན་ནོ་ཞེས་མ་གྲུབ་བོ། །ཅིའི་ཕྱིར་ཞེ་ན་གནོད་པར་བྱེད་པ་མེད་པས་སོ། །ཇི་ལྟར་བུམ་པ་ལ་སོགས་པ་རྟག་པ་ལས་ཁྱད་པར་མེད་པ་ནི་དོན་བྱ་བ་མེད་པ་ཉིད་སྐད་ཅིག་མའི་བདག་ཉིད་ཡིན་པའི་ཕྱིར་འཁྲུལ་པ་ཡིན་ནོ་ཞེས་རྟོགས་པ་དེ་བཞིན་དུ་ངག་གི་ཁྱད་པར་སྒྲུབ་པའི་ཚད་མ་ནི་
མེད་དོ། །འདི་སྐད་བརྗོད་པ་ཡིན་ཏེ། གང་དུ་མངོན་སུམ་གྱིས་གྲུབ་པའི་དོན་ལ་མངོན་སུམ་དེ་དང་མི་འགལ་བར་ཚད་མ་གཞན་གྱིས་ཆོས་གཞན་སྒྲུབ་པར་སྲིད་པ་དེར་ཁྱད་པར་མེད་པར་རྟོགས་པ་འཁྲུལ་པ་ཡིན་ནོ་ཞེས་བྱ་བར་འཐད་ཀྱི་མངོན་སུམ་གྱིས་ཁྱད་པར་མེད་པའི་རང་བཞིན་དུ་
གྲུབ་པའི་ངག་དག་ལ་ནི་དེ་ལྟར་ཁྱད་པར་སྒྲུབ་པར་བྱེད་པའི་ཚད་མ་གཞན་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་འདིར་མངོན་སུམ་གྱིས་གྲུབ་པའི་དོན་ལ་དེ་དང་མི་འགལ་བར་ཚད་མ་གཞན་གྱིས་ཁྱད་པར་སྒྲུབ་པར་ནུས་པ་མ་ཡིན་ནོ། །ཁྱད་པར་རྟོགས་པ་མེད་པར་མྱོང་བ་དེ་ལ་བྱེད་པ་མེད་
པའི་ཕྱིར་ཁྱད་པར་རྟོག་པ་ཉིད་མ་སྤངས་པར་གྲུབ་པ་དེ་ལ་ཚད་མ་གཞན་གྱིས་ཁྱད་པར་གྲུབ་ན་རྣམ་པར་རྟོག་པ་ཁྱད་པར་མེད་པར་རྟོགས་པ་འཁྲུལ་པར་འགྱུར་བ་ཡིན་ནོ་ཞེས་བྱ་བའི་དོན་འདི་འདིར་བཞེད་པ་ཡིན་གྱི་གནོད་པར་བྱེད་པ་མེད་པས་ན་འཁྲུལ་པ་མེད་པ་ཉིད་དོ་
Vol. 182 · folio 99a
ཞེས་བྱ་བ་ནི་མ་ཡིན་ནོ། །འོན་ཀྱང་མངོན་སུམ་གྱིས་ཁྱད་པར་མེད་པར་གྲུབ་པ་ལ་ཁྱད་པར་བསྒྲུབ་པའི་ཚད་མ་མེད་པ་ཉིད་དོ། །གནོད་པར་བྱེད་པ་མེད་པ་ནི་ངེས་པར་མི་ནུས་ཏེ། ད་ལྟར་གྱི་དུས་ན་དེ་མེད་པར་རྟོགས་ཀྱི་དུས་གཞན་དུ་ནི་མ་ཡིན་པའི་ཕྱིར་རོ། །
དུས་གཞན་དུ་གནོད་པ་བྱེད་པ་ནི་གནོད་པར་བྱེད་པ་མ་ཡིན་པ་མ་ཡིན་ཏེ་ལན་ཅིག་གནོད་པ་མཐོང་བས་ཕྱིས་གནོད་པ་མཐོང་བ་དོན་ཇི་ལྟ་བ་བཞིན་མ་ཡིན་པར་འགྱུར་བའི་ཕྱིར་རོ། །ཤེས་པར་བྱེད་པ་ཙམ་མེད་པས་ཤེས་བྱ་མེད་པ་ནི་མ་ཡིན་ནོ། །གནོད་པར་བྱེད་པ་ཡང་ཚད་མ་མ་ཡིན་
པའི་ཤེས་པར་བྱེད་པ་ཡིན་གྱི་སྐྱེད་པར་བྱེད་པ་ནི་མ་ཡིན་ནོ། །དེ་ལྟ་ཡིན་ན་ནི་རྗེས་སུ་དཔག་པ་གནོད་པ་མེད་པའི་ཡུལ་ཅན་ཉིད་དུ་ངེས་པ་ཁོ་ནར་འགྱུར་བས་དེ་ལ་སློབ་དཔོན་སུན་འབྱིན་པ་བརྗོད་པ་མི་འཐད་པར་འགྱུར་རོ། །དེས་ན་ཇི་སྐད་བཤད་པ་ཉིད་རིགས་སོ། །སྐྱེས་བུ་དག་ལ་ནི་ཁྱད་པར་
མཐོང་བ་ཉིད་ཁྱད་པར་མེད་པར་རྟོགས་པའི་གནོད་པར་བྱེད་པ་ཡིན་ཏེ་གང་གི་ཕྱིར་སྐྱེས་བུ་དག་གི་ཡོན་ཏན་ཐམས་ཅད་ལ་ཁྱད་པར་མཐོང་བ་དེའི་ཕྱིར་རིག་བྱེད་ཀྱི་ཚད་མ་དང་ཐམས་ཅད་མཁྱེན་པའི་སྒྲུབ་བྱེད་མཚུངས་པ་མ་ཡིན་ནོ། །གལ་ཏེ་མངོན་སུམ་གྱི་དངོས་པོ་ལས་ཐ་མི་དད་
པའི་མངོན་སུམ་མ་ཡིན་པའི་རང་བཞིན་མེད་མོད། ཐ་དད་པ་གང་ཡིན་པ་དེ་གོ་མངོན་སུམ་མ་ཡིན་པར་ཇི་ལྟར་མི་འགྱུར་ཞེ་ན། ཚིག་གི་ཁྱད་པར་གཞན་གྱི་ངོ་བོར་གྱུར་པ་ཞེས་སྨྲས་སོ། །ཚིག་གི་ཁྱད་པར་ཐ་དད་པ་ནི་ཚིག་གི་ཁྱད་པར་མ་ཡིན་གྱི། འོན་ཀྱང་དངོས་པོ་གཞན་ཉིད་དུ་
ཟད་དོ། །དེས་ན་གལ་ཏེ་འདི་དག་དེའི་ཕྱིར་འབྲེལ་པར་གྱུར་པ་དེ་ལྟ་ན་ཡང་དངོས་པོ་དངོས་པོ་གཞན་དང་འབྲེལ་པ་ཞེས་པ་ཙམ་གྱིས་ནི་དེ་དང་འབྲེལ་པ་ལས་མ་རྟོགས་པར་འདིའི་རང་བཞིན་རང་བཞིན་གཞན་ལས་ཁྱད་པར་འགྱུར་བ་མ་ཡིན་ནོ། །དེའི་ཕྱིར་མདུན་ན་གནས་པའི་མེ་ལ་མཆོད་
དོ་ཞེས་བྱ་བ་ལ་སོགས་པ་ཁྱད་པར་མེད་པའི་རང་བཞིན་གྱི་ངག་ཐམས་ཅད་སྐྱེས་བུས་བྱེད་དོ། །ཡང་ན་ནི་འགའ་ཡང་མ་ཡིན་ཏེ། བྱང་ཕྱོགས་ཡུལ་ན་ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུ་ཡང་མ་ཡིན་ནོ། །དེས་ན་དེ་ལྟར་གང་ཞིག་རྣམ་པ་ཇི་ལྟ་བུའི་རྒྱུས་བསྐྱེད་པ་དེ་ནི་རྣམ་པ་དེ་ལྟ་བུའི་
Vol. 182 · folio 99b
རྒྱུ་ལས་སྐྱེས་པ་ལས་མི་འདའ་ལ། དེའི་ཁྱད་པར་ནི་ཚོགས་པའི་ཁྱད་པར་ལས་འགྱུར་བ་ཡིན་ནོ། །དེས་ན་སྐྱུ་རུ་ར་ལ་སོགས་པ་དང་སྐྱེས་བུ་དག་ལ་ཁྱད་པར་ཡང་མ་ཡིན་ལ། ངག་ནི་མཐོང་བའི་རྒྱུ་ཅན་ལས་འདའ་བ་མ་ཡིན་ནོ། །དེས་ན་དེ་ལྟར་གཅིག་ལ་མཐོང་བའི་རང་བཞིན་ཐམས་
ཅད་དུ་དེ་ལྟར་ངེས་པ་བསལ་ནས་སྐྱོན་གཞན་ཡང་སྟོན་པས་ཕ་རོལ་པོ་རང་གི་ཁས་བླངས་པ་དང་འགལ་བ་བསྟན་པའི་ཕྱིར། བདག་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བདག་ཏུ་སྨྲ་བ་དག་གིས་འདོད་པའི་བདག་ཀྱང་མི་དམིགས་པ་ཡིན་ལ། མ་དམིགས་ཀྱང་མེད་པར་རྟོགས་པ་
ནི་མ་ཡིན་ནོ། །དེ་བཞིན་དུ་གཞན་དག་ནི་འཇིག་རྟེན་ཕ་རོལ་ཡོད་པ་དགག་པའི་དོན་དུ་ཁུ་བ་དང་ཁྲག་ལ་སོགས་པ་འབྱུང་བ་རྣམས་ཉིད་སེམས་པ་ཡོད་པའི་བདག་ཉིད་ཀྱི་རྣམ་པར་འགྱུར་བ་མངོན་པར་གྲུབ་པ་ཡིན་པར་རྟོགས་སོ། །ལུས་ཞེས་བྱ་བར་མངོན་པར་བརྗོད་པའི་འབྱུང་བ་རྣམས་
ཉིད་ནི་སེམས་པའི་བདག་ཉིད་ཀྱི་ངོ་བོར་སྣང་བ་ཡང་མ་ཡིན་པ་དེའི་ཕྱིར་དེ་མི་དམིགས་པ་ཡོད་པ་ཡིན་ན་མེད་པ་ནི་མ་ཡིན་ནོ། །ས་ཞེས་བྱ་བ་ནི་འབྱུང་བ་ཉེ་བར་མཚོན་པའོ། །སྩོགས་པའི་སྒྲའི་དོན་ནི་རང་ཉིད་སྟོན་པར་འགྱུར་རོ། །མི་དམིགས་པ་གང་ཡིན་པ་དེ་ཁོ་ནའོ། །གཏན་
ཚིགས་མེད་སྒྲུབ་ཡིན་ནམ་ཅི། ཅིའི་ཕྱིར་ཡིན། རང་གི་ངོ་བོ་ཁྱད་པར་མེད་པའི་ཕྱིར་དེ་ཚད་མ་ཡིན་ན། ཐམས་ཅད་ཚད་མ་མ་ཡིན་པའམ། ཡིན་ན་ཡང་ཐམས་ཅད་ཚད་མ་ཡིན་པར་འགྱུར་རོ། །དེས་ན་མི་དམིགས་པའི་ཕྱིར་གཏན་ཚིགས་མི་མཐུན་པའི་ཕྱོགས་ལ་མེད་པར་
རྟོགས་སོ་ཞེས་བྱ་བ་ལ་སོགས་པ་ཡང་འདོད་པར་མི་བྱའོ། །དེ་དག་ལ་མི་དམིགས་ཀྱང་མེད་པར་མ་གྲུབ་ན་མི་མཐུན་པའི་ཕྱོགས་ལ་ཡང་མི་འགྲུབ་བོ། །འགྲེལ་པ་ནི་མི་དམིགས་པ་ཚད་མར་ཞེས་བྱ་བའོ། །མི་དམིགས་པ་སྨྲ་བ་འབྲེལ་བ་མི་འདོད་པར་མི་དམིགས་པ་ཚད་མར་
བྱེད་པ་འདིའི་བདག་ཏུ་སྨྲ་བ་ཡང་གཞི་མེད་པར་འགྱུར་ཏེ། རྟེན་ཡོད་པ་མ་ཡིན་པར་འགྱུར་རོ། །དེའི་རྟེན་བདག་མི་དམིགས་པས་མེད་པར་གྲུབ་པས་ན་ཡོད་པ་མ་ཡིན་པའི་ཕྱིར་རོ། །རྟེན་མེད་པ་ཉིད་ཀྱིས་གཏན་ཚིགས་སྟོན་པས་བདག་ཏུ་སྨྲ་བའི་རྟེན་ལ་དམིགས་པ་མེད་
Vol. 182 · folio 100a
པར་འཆད་པ་ནི། བདག་མངོན་སུམ་མ་ཡིན་པའི་ཕྱིར་ཞེས་བྱའོ། །བདག་དང་གཞན་གྱི་ལུས་ལས་མ་གཏོགས་པ་བདག་རང་ཉིད་མྱོང་བ་ནི་མེད་དེ་དེ་ལས་མ་གཏོགས་པ་འགའ་ཡང་གསལ་བ་མེད་པའི་ཕྱིར་རོ། །གཟུགས་ལ་སོགས་པའི་ཕུང་པོ་
ལས་མ་གཏོགས་པ་རྟོགས་པ་ནི་མེད་དོ། །གལ་ཏེ་ངའོ་སྙམ་དུ་རྟོགས་པས་རིག་པར་བྱ་བ་བདག་མ་ཡིན་ནམ། རིག་བྱ་ཐ་དད་པ་ལ་རིག་པར་བྱེད་པ་འདིའོ་ཞེས་ཐ་དད་པར་རྟོགས་པར་འགྱུར་ཏེ་རིག་པར་བྱ་བ་ཐ་དད་པ་ཁོ་ན་ལ་དེ་ལྟར་རྟོགས་པའི་ཕྱིར་རོ། །གང་གི་ཚེ་རིག་པར་བྱ་བ་རིག་པར་
བྱེད་པའི་རང་གི་བདག་ཉིད་དུ་གྱུར་པ་ཁོ་ན་ཡིན་པ་དེའི་ཚེ་འདི་འཇལ་བར་བྱེད་པ་གཞན་དང་ལྡན་པ་མ་ཡིན་པའི་ཕྱིར་འཇལ་བ་པོའི་རང་གི་བདག་ཉིད་ཐ་དད་པ་མེད་པར་ངའོ་ཞེས་ཐ་དད་པ་མེད་པར་གསལ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འདིའོ་ཞེས་རྟོགས་པ་དང་མ་འདྲེས་པ་ངའོ་སྙམ་པའི་བཟུང་
བ་ནི་བདག་གོ་ཞེས་རྟོགས་པ་ཡིན་ནོ། །ལུས་ལ་སོགས་པ་ནི་ང་སྐྱེ་མ་མོ་སྙམ་དུ་ངའོ་སྙམ་པའི་རྟོགས་པ་དང་ལྡན་པ་ཡིན་ཡང་འདི་ནི་ངའི་ལུས་སོ་སྙམ་དུ་འདིའོ་སྙམ་པའི་རྟོགས་པ་དང་ཡང་ལྡན་པའི་ཕྱིར་རོ། །དེ་བཞིན་དུ་ཤེས་པ་ལ་སོགས་པ་ཡང་རྟོགས་པར་བྱའོ་ཞེ་ན། འདི་ལ་བརྗོད་
པ་གལ་ཏེ་འཇལ་བར་བྱེད་པ་པོ་ཉིད་གྲུབ་ན་ཐ་དད་པ་མེད་པའི་འཇལ་བ་པོ་ལ་ནི་ངའོ་སྙམ་དུ་རྟོགས་ལ། དེ་ལས་ཐ་དད་པའི་ཕྱིར་ནི་འདིའོ་ཞེས་བྱ་བར་འགྱུར་རོ། །ཡུལ་གསལ་བ་ནི་ཡུལ་མངོན་དུ་བྱེད་པའི་བདག་ཉིད་ཅན་ཡིན་ནོ། །དེས་ན་གལ་ཏེ་དེ་ལས་བདག་གཞན་ཉིད་ཡིན་ན་དེའི་
ཡུལ་མངོན་དུ་བྱེད་པའི་ངོ་བོ་མ་ཡིན་པའི་ཕྱིར་ཇི་ལྟར་ཡུལ་ལྐོག་ཏུ་གྱུར་པ་ན་རང་ཉིད་འབའ་ཞིག་འཇལ་བ་པོར་འགྱུར་ཏེ་འོན་ཏེ་ཡུལ་མངོན་དུ་བྱེད་པའི་བདག་ཉིད་གསལ་བ་དེ་ཉིད་འཇལ་བ་པོ་ཡིན་ན་དེ་ལྟར་རང་གིས་རིག་པའི་རང་བཞིན་ལ་ལྟོས་ཏེ་ངའོ་སྙམ་དུ་རྟོགས་པར་འགྱུར་
མོད། འོན་ཀྱང་དེ་ལ་ཡང་འདིའོ་སྙམ་དུ་རྟོགས་པར་ཡོད་པས་ན་གང་ལ་ངའོ་སྙམ་པ་ཉིད་དུ་འགྱུར་བ་དེ་ཁོ་ན་བདག་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །གང་ལ་རྣམ་པ་འདིར་འགྱུར་བ་གསལ་བར་བྱ་བ་ལ་སོགས་སུ་གསལ་བ་སྣང་བ་ནི་མེད་དོ་ཞེས་བསྟན་པར་བྱའོ། །མངོན་དུ་བྱེད་པ་
Vol. 182 · folio 100b
དེ་དང་འབྲེལ་པའི་ཕྱིར་དོན་དེའི་མངོན་སུམ་ཉིད་དོ་ཞེ་ན་མ་ཡིན་ཏེ་འབྲེལ་ཀྱང་ཐ་དད་པ་མི་ལྡོག་པའི་ཕྱིར་ཡུལ་ནི་གསལ་བ་ཉིད་ཀྱི་མངོན་སུམ་ཡིན་གྱི་དེ་དང་འབྲེལ་པ་ནི་མ་ཡིན་ནོ། །འབྲེལ་པར་ནི་གཞལ་བྱ་ཡང་ཁྱད་པར་ཡོད་པ་མ་ཡིན་ནོ། །ཡུལ་མངོན་དུ་བྱེད་པ་པོ་ཉིད་ཀྱིས་
འཇལ་བར་བྱེད་པ་ཡིན་གྱི། ཡུལ་མངོན་སུམ་དུ་བྱེད་པའི་རང་བཞིན་ཉིད་ཀྱིས་ནི་མ་ཡིན་ནོ་ཞེ་ན། མངོན་སུམ་མ་ཡིན་པའི་བྱེད་པ་པོ་ལ་ཡང་དོན་ལྐོག་ཏུ་གྱུར་པ་ཁོ་ནར་འགྱུར་ཏེ། དོན་མངོན་སུམ་གྱི་རྒྱུའི་མངོན་སུམ་དུ་འགྱུར་བ་ནི་མ་ཡིན་ནོ། །བྱེད་པ་པོ་ཡང་རྒྱུ་ལས་ཁྱད་
པར་ཡོད་པ་མ་ཡིན་ཏེ། བྱ་བ་དང་ལྡན་ཡང་ཁྱད་པར་མི་འགྲུབ་པའི་ཕྱིར་རོ། །བདག་ཁོ་ན་འཇལ་བར་བྱེད་པ་པོ་ཡིན་ནོ་ཞེས་བྱ་བ་ཡང་ག་ལས་འཇལ་བའི་བྱ་བ་དང་ལྡན་པའི་ཕྱིར་རོ་ཞེ་ན། འདི་ལ་ཡང་ཚད་མ་ཅི་ཡོད་ངས་ཤེས་སོ་སྙམ་དུ་རྟོགས་པའི་ཕྱིར་རོ་ཞེ་ན། འདི་ལ་བརྗོད་པ།
གལ་ཏེ་རྟོགས་པའི་ངོ་བོའི་རང་བཞིན་ངའོ་སྙམ་དུ་རྟོགས་པ་འདི་བདག་ཉིད་ཀྱི་ཡིན་ན། བྱ་བ་དེ་ནི་རང་གི་ངོ་བོ་ལས་ཐ་དད་པ་ཡིན་པའི་ཕྱིར་རང་དང་འབྲེལ་པའི་བྱ་བ་མ་རྟོགས་པའི་ཕྱིར་རོ། །དེས་ན་བྱེད་པ་པོ་ཉིད་དུ་ག་ལ་རྟོགས་ཏེ་བྱ་བ་རྟོགས་པ་མེད་པར་དེར་མི་འགྱུར་བའི་ཕྱིར་
རོ། །བདག་དང་ཡིད་འབྲེལ་པ་ལས་དེའི་ཡུལ་ཅན་གྱི་མངོན་སུམ་གྱི་བདེ་བ་ལ་སོགས་པ་བཞིན་འཇལ་བ་དང་ལྡན་པར་འཛིན་ཏོ་ཞེ་ན་མ་ཡིན་ཏེ་ཡིད་དང་འབྲེལ་ཀྱང་བདག་ལ་གསལ་བཞིན་པ་ཉིད་མ་སྐྱེས་ན་ཡིན་གྱི་མངོན་སུམ་ཡིན་པར་མི་འགྲུབ་པའི་ཕྱིར་རོ། །འདི་ལ་
གསལ་བཞིན་པ་ཡང་གཞན་ཡོད་པ་མ་ཡིན་ཏེ་རང་ཉིད་རྟོགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །གསལ་བཞིན་པ་ཉིད་ལ་ནི་གསལ་བཞིན་པ་གཞན་དང་གཞན་འགྲུབ་པ་མ་ཡིན་ནོ། །མིན་ན་ཡང་སྔ་ན་མེད་པའི་བྱ་བ་སྐྱེད་པས་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་རོ། །བྱ་བ་དང་བྱེད་པ་པོ་
ནི་འགའ་ཡང་ཡོད་པ་ཡིན་པའི་ཕྱིར་འདི་ནི་འབྲེལ་པ་མ་ཡིན་ནོ། །དེའི་ཕྱིར་གཟུགས་ལ་སོགས་པ་ལས་མ་རྟོགས་པར་གཟུགས་ལ་སོགས་པ་ལྟར་སྣང་ན་བདག་གསལ་བར་འགྱུར་བ་ཡིན་ནོ། །གལ་ཏེ་རེ་ཞིག་ངའོ་སྙམ་དུ་རྟོགས་པ་ཉམས་སུ་མྱོང་བས་གྲུབ་པ་ནི་ཡོད་པ་
Vol. 182 · folio 101a
ཉིད་ལ་གཟུགས་ལ་སོགས་པ་ལས་ཐ་དད་པའི་བདག་གསལ་བ་ཡང་དེ་ཉིད་ཡིན་ནོ། །དེ་ནི་རྣམ་པར་རྟོག་པ་ཡིན་ནོ་ཞེའམ། དེ་ལྟ་བུའི་མྱོང་བ་ཉིད་རྩ་བ་ཡིན་པར་འགྱུར་རོ་ཞེ་ན། འདིར་ཡང་བརྗོད་དེ་དེ་ལྟར་རྟོགས་པར་འགྱུར་བ་རང་ཉིད་གསལ་བ་ཡིན་ན།
བྱ་བ་ལ་སོགས་པ་དང་ལྡན་པར་མ་རྟོགས་པའི་ཕྱིར་བདག་མ་ཡིན་པ་ཁོ་ནའོ། །གསལ་བ་གཞན་གྱི་ཡུལ་ཡིན་ན་ནི་ངོ་བོ་ཞེས་བྱ་བར་མི་འགྲུབ་བོ། །བདག་ཉིད་ཀྱིས་ངའོ་ཞེས་བྱ་བ་དེ་ལྟ་བུའི་རང་བཞིན་དུ་འགྱུར་བ་མ་ཡིན་ཏེ། རྣལ་འབྱོར་པས་གཞན་གྱི་བདག་མངོན་སུམ་དུ་བྱས་པ་
ན་ཡང་དེ་ལྟར་རྟོགས་པར་ཐལ་བའི་ཕྱིར་རོ། །རང་ཉིད་གསལ་བའི་རང་བཞིན་ལ་ཡང་གསལ་བར་བྱ་བ་མེད་པར་ནི་གསལ་བ་མི་འགྲུབ་བོ། །དེ་ལྟར་ཡིན་པར་གྱུར་ན་གསལ་བར་བྱ་བ་ལས་གསལ་བར་བྱེད་པ་ཐ་དད་པར་གྲུབ་པའི་ཕྱིར་མི་འདྲ་བར་རྟོགས་པ་མ་ཡིན་ནོ། །དེའི་
ཕྱིར་བྱ་བ་ལ་སོགས་པ་འབྲེལ་པ་མེད་པར་དེ་ལྟར་སྣང་བཞིན་པ་ཉིད་ལ་ངའོ་སྙམ་པར་རྟོགས་པ་ཡིན་ནོ། །དེ་ལྟར་རྣམ་པར་རྟོག་པའི་རང་བཞིན་ལས་འདའ་བ་མ་ཡིན་པའི་ཕྱིར་ན་བདག་མངོན་སུམ་མ་ཡིན་པ་ཁོ་ནའོ། །ཡང་ན་ཁས་བླངས་པའི་བདག་མ་དམིགས་ཀྱང་རྗེས་
སུ་དཔག་པར་བྱ་བ་ཡིན་པའི་ཕྱིར་མེད་པར་མི་འདོད་པ་གང་ཡིན་པ་དེའི་ཁས་བླངས་པ་ཉིད་ཀྱིས་མི་དམིགས་པའི་ཚད་མ་མ་ཡིན་པས་ན་གཏན་ཚིགས་མེད་པར་ཡང་མི་འགྲུབ་པོ་ཞེས་བརྗོད་པ་ན། གཞན་གྱིས་ཁས་བླངས་པའི་མངོན་སུམ་ཡིན་པ་ཉིད་འབྲས་བུ་གྲུབ་པའི་
ཡན་ལག་ཏུ་ཉེ་བར་བཀོད་པ་ཡིན་ནོ། །གང་དག་མངོན་སུམ་དུ་སྨྲ་བ་དེ་ལ་ནི་མངོན་སུམ་མ་ཡིན་པར་ཡང་སྒྲུབ་པས་དེ་མེད་པ་ཁོ་ནར་འགྱུར་རོ། །རྗེས་སུ་དཔག་པར་བྱ་བ་མ་ཡིན་པ་ཉིད་ཀྱང་འདིས་གྲུབ་པས་ཡང་རྗེས་སུ་དཔག་པར་བྱ་བ་ཡིན་པ་ཉིད་དུ་བརྗོད་པ་དོན་
ཅི་ཡོད། ཅི་སྟེ་ཡང་མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་ཀྱི་དམིགས་པ་མཐའ་དག་ལྡོག་པའི་ཕྱིར་དེ་ལ་དེ་མེད་པ་ནི་འཐད་པ་ཁོ་ནའོ། །བདག་ནི་དེ་ལྟར་མ་ཡིན་ཏེ། དེས་ན་དེ་མེད་པ་མ་ཡིན་ནོ། །འདི་ལྟར་གཏན་ཚིགས་ནི་མི་མཐུན་པའི་ཕྱོགས་ལ་རྗེས་སུ་
Vol. 182 · folio 101b
དཔག་པར་ཡང་ནུས་པ་ཡིན་ཏེ། གཞན་དུ་དམིགས་ན་རྗེས་སུ་དཔག་པ་འབྱུང་བའི་ཕྱིར་རོ། །འདི་ནི་ནམ་ཡང་མི་མཐུན་པའི་ཕྱོགས་ལ་རྟོགས་པར་མ་གྱུར་ཏེ། དེས་ན་རྗེས་སུ་དཔོག་པ་ཡིན་ནོ། །བདག་ལ་ནི་རྗེས་སུ་དཔོག་པ་ཡོད་པ་དེའི་ཕྱིར་དེ་ནི་མངོན་སུམ་མ་ཡིན་ཡང་མེད་
པར་ནི་མི་འཐད་དོ་ཞེ་ན། དེ་ནི་མི་རུང་སྟེ། བདག་རྗེས་སུ་དཔག་པར་བྱ་བར་འདོད་པས་ཀྱང་རྗེས་སུ་དཔག་པ་མེད་པར་དེ་ཁས་མི་ལེན་པའི་ཕྱིར་རོ། །རྗེས་སུ་དཔག་པ་མེད་ཀྱང་གལ་ཏེ་ཡོད་ན་སྐྱོན་ཅི་ཡོད་ཅེས་དེ་ལྟར་ནི་བདག་ཏུ་སྨྲ་བ་རྣམས་ཀྱིས་བདག་འདོད་པ་མ་ཡིན་ཏེ།
ཚད་མ་མེད་པར་ཁས་མི་ལེན་པའི་ཕྱིར་རོ། །དེ་ཚད་མ་ལྟར་སྣང་བ་ཞེས་བྱ་བར་གོ་འགྱུར་མོད། འགའ་ཞིག་ལུང་གིས་གྲུབ་པ་ཉིད་དུ་ཡང་འདོད་པའི་ཕྱིར་རོ། །དེས་ན་རྗེས་སུ་དཔག་པ་བསལ་བ་ནི་དོན་མེད་དོ། །བསལ་དུ་ཟིན་ཀྱང་བདག་ཡོད་པར་ཁས་ལེན་པའི་ཕྱིར་
རོ། །མ་བསལ་བ་ན་ཡང་མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་ཡོད་པ་དང་མི་འདྲ་བའི་ཕྱིར་རྗེས་སུ་དཔག་པ་ཉིད་ཀྱིས་གྲུབ་བོ། །དེའི་ཕྱིར་འདི་བརྗོད་པར་བྱའོ་ཞེ་ན་བརྗོད་པར་བྱ་བ་བདེན་པས་དེ་བརྗོད་དོ། །མི་དམིགས་པ་ཚད་མར་བྱེད་པ་འདིའི་བདག་ཏུ་སྨྲ་བ་
ཡང་གཞི་དམིགས་པ་མེད་པས་འགྱུར་ཏེ་ཞེས་གསུངས་པ་འདིའི་དགོས་པ་ནི་འདི་ཡིན་ཏེ། མི་དམིགས་པ་ཚད་མ་ཡིན་ན་བདག་ཏུ་སྨྲ་བ་ཕ་རོལ་པོ་དབང་དུ་བྱས་ནས་བདག་སྒྲུབ་པར་བྱེད་པའི་རྗེས་སུ་དཔག་པ་སྦྱོར་བ་དེ་རྟེན་མེད་པར་འགྱུར་ཏེ། གཞི་མ་གྲུབ་པར་འགྱུར་རོ། །
བདག་ཏུ་སྨྲ་བའི་བདག་སྒྲུབ་པར་བྱེད་པ་ཚུལ་གསུམ་བརྗོད་པ་ལས་གཞན་ངག་ཙམ་གྱིས་རང་བཞིན་ནི་འགའ་ཡང་མེད་དེ། །གང་གི་ཚེ་གང་མ་དམིགས་པ་དེ་མེད་དོ་ཞེས་ཁས་ལེན་པ་དེའི་ཚེ་བདག་རི་བོང་གི་རྭ་བཞིན་དུ་མེད་པའི་ཕྱིར་དེ་ཉིད་ནི་ཆོས་ཅན་དུ་བྱ་བར་མི་ནུས་
སོ། །ཆོས་ཅན་ལུས་བདག་དང་བཅས་པར་སྒྲུབ་པ་གང་ཡིན་པ་དེ་ཡང་བསྒྲུབ་པར་བྱ་བའི་ཆོས་ཚད་མས་གནོད་པས་ན་ཕྱོགས་ཀྱི་སྐྱོན་བསལ་བར་འགྱུར་རོ། །དེས་ན་གལ་ཏེ་མི་དམིགས་པ་མངོན་སུམ་གྱི་ཚད་མ་ཡིན་ལ་མངོན་སུམ་གྱིས་བསལ་བ་ཡིན་ལ། དེ་སྟེ་
Vol. 182 · folio 102a
རྗེས་སུ་དཔག་པ་ཡིན་ན་ནི་རྗེས་སུ་དཔག་པས་བསལ་བ་ཡིན་ནོ། །དེས་ན་བདག་ཏུ་སྨྲ་བ་རྟེན་མེད་པ་ཉིད་དེ། དེ་སྒྲུབ་པ་ལ་ཕྱོགས་མེད་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་མེ་ལ་སོགས་པ་རྗེས་སུ་དཔག་པ་ལ་ཡང་སྐྱོན་དུ་འགྱུར་རོ་ཞེ་ན་མི་འགྱུར་རོ་ཞེས་ཟེར། དེ་ཉིད་ཀྱི་ཕྱིར་
མདོར་སྩོགས་ཀྱི་སྒྲ་སྨོས་སོ། །འགྲེལ་པའི་འོ་མ་ལ་སོགས་པ་ལ་ཞོ་ལ་སོགས་པ་རྗེས་སུ་དཔོག་པ་ནི་ཉེ་བར་མཚོན་པ་ཡིན་ནོ། །གཏན་ཚིགས་མེད་པའི་ཕྱིར་ཡང་དམ་བཅའ་བ་འདི་སྒྲུབ་པར་ནུས་པ་མ་ཡིན་ཏེ། དེས་ན་འདི་ལས་ཀྱང་བདག་ཏུ་སྨྲ་བ་རྟེན་མེད་དོ་ཞེས་བཤད་པ་ནི། འབྲས་
བུ་མ་གྲུབ་པའི་ཕྱིར་ཞེས་བྱ་བའོ། །གང་གི་ཕྱིར་འདི་མངོན་སུམ་མ་ཡིན་པ་དེའི་ཕྱིར་འབྲས་བུ་མ་གྲུབ་སྟེ། དེས་ན་འབྲས་བུ་ལ་རྗེས་སུ་དཔག་པར་མི་བྱའོ། །དེ་ནི་ཕ་རོལ་པོ་དག་སྲོག་ལ་སོགས་པའི་འབྲས་བུ་ཉིད་ལས་རྗེས་སུ་དཔག་པར་འདོད་པས་དེ་བཀག་པ་ཡིན་ནོ། །གང་
གི་ཕྱིར་དེ་ལས་རྗེས་སུ་དཔག་པར་འགྱུར་བ་དེ་ཡོད་ན་སྔོན་མ་བྱུང་བའི་སྲོག་ལ་སོགས་པའམ་གཞན་འགའ་ཞིག་ཡོད་པར་རྟོགས་པ་ནི་མེད་དོ། །གལ་ཏེ་གང་ཡོད་པར་དམིགས་ན་སྔོན་མ་རྟོགས་པ་གང་ཞིག་ཡོད་པར་དམིགས་པ་དེ་དེའི་འབྲས་བུ་ཡིན་པའི་ཕྱིར་བདག་གི་འབྲས་
བུ་མ་གྲུབ་ན་འོ་ན་ཇི་ལྟར་མིག་དང་གཟུགས་དང་སྣང་བ་དང་ཡིད་ལ་བྱེད་པ་རྣམས་ལས་ཤེས་པ་སྐྱེ་བར་བརྗོད། མིག་མངོན་སུམ་མ་ཡིན་པའི་ཕྱིར་རོ། །གཟུགས་དང་སྣང་བ་དག་ནི་དབང་པོའི་མངོན་སུམ་གྱིས་གཟུང་བར་བྱ་བ་ཡིན་ཡང་དེ་དམིགས་པས་ཤེས་པ་དམིགས་པ་མ་ཡིན་ཏེ།
དེ་དག་ནི་དེ་ཤེས་པ་ཉིད་ཀྱིས་དམིགས་པར་བྱ་བ་ཉིད་ཀྱིས་དེ་སྐྱེས་པའི་སྔར་དེ་མ་གྲུབ་པའི་ཕྱིར་རོ། །དེ་ཡོད་པ་ལས་མངོན་སུམ་ཉིད་ཡིན་ཡང་དེ་ལས་ཤེས་པ་དེ་སྐྱེས་སོ་ཞེས་བྱ་བ་གོ་ག་ལས་ཡིད་ལ་བྱེད་པ་ཡང་རང་རིག་པའི་མངོན་སུམ་གྱིས་གྲུབ་པ་ཡིན་ཡང་དེ་ལས་ཤེས་པ་སྐྱེས་སོ་
ཞེས་བྱ་བར་ནི་མ་གྲུབ་བོ། །དེས་ན་འདི་དག་མངོན་སུམ་ཉིད་ཡིན་ཡང་དེ་འབྲས་བུ་གྲུབ་པའི་ཡན་ལག་ནི་མ་ཡིན་པ་ཁོ་ནའོ་ཞེས་དེ་ལྟར་དོགས་པ་བསུ་ནས། དབང་པོ་ལ་སོགས་པ་ནི་ཞེས་སྨོས་སོ། །སོགས་པ་སྨོས་པས་ནི་གཟུགས་དང་སྣང་བ་ལ་སོགས་པ་གཟུང་ངོ་། །རྣམ་པར་
Vol. 182 · folio 102b
ཤེས་པ་ཉིད་འབྲས་བུ་ཡིན་པས་ན་འབྲས་བུ་རྣམ་པར་ཤེས་པའོ། །ལྟོས་པ་དང་བཅས་པ་གྲུབ་པ་ནི་ལྟོས་པ་དང་བཅས་པའི་གྲུབ་པའོ། །དེས་ན་འདི་ལྟར་འབྲེལ་ཏེ། དབང་པོ་ལ་སོགས་པ་ལྟོས་པ་དང་བཅས་པར་གྲུབ་པས་ཞེས་བྱ་བར་ཏེ་དབང་པོ་ལ་ལྟོས་ནས་གྲུབ་པ་ཞེས་བྱ་བའི་དོན་ཏོ། །
དབང་པོ་ལ་སོགས་པ་ནི་ལྟོས་པ་དང་བཅས་པ་མ་ཡིན་གྱི། འོན་ཀྱང་དེ་དང་འབྲེལ་པ་དེ་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །དེས་ན་འདི་ཆོས་ཅན་ལ་ལྟོས་པ་ན་འབྲས་བུ་རྣམ་པར་ཤེས་པ་ཞེས་འབྲེལ་ཏོ། །དེའི་དོན་འདི་ཡིན་ཏེ་གལ་ཏེ་འབྲས་བུ་རྣམ་པར་ཤེས་པ་དབང་པོ་ལ་སོགས་
པ་ལ་ལྟོས་པ་དང་བཅས་པ་ཉིད་དུ་གྲུབ་པས་རབ་ཏུ་གྲུབ་པ་བརྗོད་ན། རྣམ་པར་ཤེས་པ་དབང་པོ་ལ་སོགས་པའི་འབྲས་བུ་ཡིན་ནོ་ཞེས་རྣམ་པར་ཤེས་པ་དེ་ལ་ལྟོས་པས་གྲུབ་པོ། །ཇི་ལྟར་ན་ཇི་སྲིད་དེ་ཡོད་ན་ཡོད་པར་མ་རྟོགས་པར་རྣམ་པར་ཤེས་པ་དབང་པོ་ལ་སོགས་པ་ལ་ལྟོས་
པར་རྟོགས་ཤེ་ན། རེས་འགའ་ཡིན་པའི་ཕྱིར་ཞེས་སྨོས་སོ། །འདི་སྐད་བརྗོད་པ་ཡིན་ཏེ། རྣམ་པར་ཤེས་པ་ནི་རེས་འགའ་བའི་ངོ་བོ་ཡིན་ནོ། །རེས་འགའ་བ་མ་ཡིན་ན་ནི་གཏན་དུ་ཡོད་པའི་ཕྱིར་གཟུགས་མེད་ཀྱང་འགྱུར་བས་ན་གཟུགས་རྒྱུ་ཡིན་པར་མི་འགྱུར་རོ། །གཟུགས་
མེད་ན་མེད་པའི་ཕྱིར་ན་གཟུགས་དང་རྗེས་སུ་འགྲོ་བ་མ་མཐོང་ཡང་གཟུགས་ལ་ལྟོས་པ་ནི་གཟུགས་ཀྱི་འབྲས་བུ་ཉིད་དོ། །དེ་བཞིན་དུ་ཡིད་ལ་བྱེད་པ་ལ་ཡང་རྟོགས་པར་བྱ་སྟེ། དོན་གཞན་ལ་ཆགས་པས་མི་མཐུན་པར་བྱས་ནས་རྣམ་པར་ཤེས་པ་མི་སྐྱེ་བའི་ཕྱིར་རོ། །མིག་
མེད་ན་མེད་པ་ནི་མ་གྲུབ་སྟེ་དེ་མངོན་སུམ་མ་ཡིན་པའི་ཕྱིར་རོ། །གཟུགས་དང་སྣང་བ་དང་ཡིད་ལ་བྱེད་པ་རྣམས་ཡོད་ན་ཡོད་པ་མ་གྲུབ་ཀྱང་མེད་ན་མེད་པ་གྲུབ་པ་ཁོ་ནའོ། །དབང་པོ་ལ་ནི་གཉི་ག་ཡང་མ་གྲུབ་པོ། །འོན་ཀྱང་གཟུགས་དང་སྣང་བ་དང་ཡིད་ལ་བྱེད་པ་ཡོད་ཀྱང་རྣམ་
པར་ཤེས་པ་རེས་འགའ་བ་ཉིད་ཀྱིས་གཞན་ལ་ལྟོས་པ་དང་ལྡན་པར་རྟོགས་ལ་དེ་ཡང་དབང་པོ་ཞེས་བརྗོད་དོ། །དེ་བསྟན་པ་ནི་འདི་ལས་རྒྱུ་ཅི་ཞིག་ཡོད་དོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་རབ་ཏུ་གྲུབ་པའི་རང་བཞིན་གྱི་ཁྱད་པར་ནི་ལུང་ལས་རྟོགས་པ་ཡིན་གྱི་དེར་ཡང་རྗེས་སུ་
Vol. 182 · folio 103a
དཔག་པ་ནུས་པ་མ་ཡིན་ནོ། །མིག་འབྲས་ཕྱེ་ན་རྣམ་པར་ཤེས་པ་སྐྱེ་བའི་ཕྱིར་དེ་ཡོད་ན་ཡོད་པ་ཡང་རྟོགས་པ་པོ་རང་ཉིད་ཀྱི་མངོན་སུམ་ཇི་ལྟར་མ་ཡིན་ཞེ་ན། གལ་ཏེ་ནང་གི་རིག་པ་ཙམ་གྱིས་རང་བཞིན་ཆ་ཤས་གཞན་ལས་དབང་པོའི་འབྲས་བུ་ཁྱད་པར་
ཅན་དུ་རྟོགས་ན་མངོན་སུམ་དུ་འགྱུར་ཏེ། མེ་དང་དུ་བ་བཞིན་དུ་དངོས་པོ་གཞན་ལས་ལོག་པའི་དངོས་པོ་ཡོད་ན་ཡོད་པར་ཁྱད་པར་ཉིད་ཀྱིས་རྟོགས་པ་ཡིན་ནོ། །དེ་བཞིན་དུ་འབྲས་བུ་ནི་རེག་བྱ་གཞན་ལས་ཁྱད་པར་དུ་རྟོགས་པ་མ་ཡིན་པར་ཡུལ་ཐ་དད་པས་ཐ་དད་པར་སྒྲུབ་པའམ་
རེག་བྱ་གཅིག་གི་བདག་ཉིད་ལུས་ཀྱི་ཕྱོགས་གཅིག་ཉིད་ཀྱིས་རྒྱུ་ཉིད་དུ་རྟོགས་སོ་ཞེ་ན་མ་ཡིན་ཏེ་དེ་ཡང་རྒྱུ་མཚན་གཞན་ལས་རྒྱུ་མ་ཡིན་པར་འགྱུར་བ་རྒྱུ་དང་མི་འདྲ་བ་རྟོགས་པ་མེད་པའི་ཕྱིར་རོ། །དེས་ན་མངོན་སུམ་གྱིས་རྒྱུ་དང་རྒྱུ་མ་ཡིན་པར་མི་རྟོགས་ཏེ། དེ་ནི་རྟག་ཏུ་རྣམ་པར་ཤེས་པ་ཡོད་པ་དང་མེད་པ་དག་
གིས་རྟོགས་པ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་འོ་ན་སྔགས་ལ་སོགས་པས་ནུས་པའི་གེགས་བྱས་པའི་འབར་བའི་རང་བཞིན་ནུས་པ་གེགས་མ་བྱས་པ་ལས་མི་མཐུན་པར་མི་རྟོགས་པའི་ཕྱིར་དེ་ཡང་མངོན་སུམ་གྱིས་རྒྱུ་དང་འབྲས་བུའི་དངོས་པོ་མི་རྟོགས་པར་འགྱུར་རོ་ཞེ་ན། དེ་ནི་
མེད་དེ་འབྲས་བུ་སྒྲུབ་པའི་ཡན་ལག་ཏུ་གྱུར་པ། གཞན་དུ་གྱུར་པ་ཉིད་གནས་བྱ་བ་ཡིན་པའི་ཕྱིར་རོ། །མེའི་སྲེག་པར་ནུས་པ་ནི་དྲོ་བའི་ནུས་པ་ཉིད་ཡིན་ལ། དེ་མེད་ན་ནི་མངོན་སུམ་ཉིད་ཀྱིས་མི་འདྲ་བར་གྲུབ་པ་ཡིན་ནོ། །དྲོ་བའི་ནུས་པ་ཡོད་ཀྱང་སྲེག་པར་བྱེད་པ་མ་ཡིན་ན་ནི་
རྒྱུ་མ་ཡིན་པ་ཉིད་དུ་འགྱུར་བ་ཁོ་ནའོ། །གལ་ཏེ་འབྲས་བུ་ལས་དབང་པོ་དོན་གཞན་ཡིན་ན། དེ་ལ་མི་ལྟོས་པ་ཁོ་ནར་རྣམ་པར་ཤེས་པ་སྐྱེད་པར་ཐལ་བ་མ་ཡིན་ནམ། གཉིས་ཀ་ཡང་རྒྱུ་ཡིན་ན་ཡང་ལྟོས་པའི་ཁྱད་པར་བསྟན་པར་བྱ་བ་ཡིན་ནོ། །ཐ་དད་པ་མེད་ན་ཡང་འབྲས་
བུ་ཤེས་པ་སྐྱེད་པར་བྱེད་པ་ཉིད་དབང་པོ་ཡིན་ནོ་ཞེས་བྱ་བར་འགྱུར་རོ་ཞེ་ན། བརྗོད་པ་ལམ་འདི་སྲིད་དུ་ནི་རྗེས་སུ་དཔག་པ་འགྲོ་བར་ནུས་པ་མ་ཡིན་ཏེ། དེ་འབྲས་བུ་ལྡོག་པ་ལས་འབྲས་བུ་གཅིག་གམ་རང་ཉིད་རྡུལ་ཕྲ་རབ་ཀྱི་ཚོགས་ཡིན་པའི་ཕྱིར་དབང་པོ་དང་ལྷན་ཅིག་ཏུ་གྱུར་
Vol. 182 · folio 103b
པས་དུ་མ་ཡང་རུང་སྟེ་ལྟོས་པར་བྱ་བ་ལྷག་པར་གྱུར་པ་ཉིད་དོ། །ཐ་དད་པ་དང་ཐ་མི་དད་པ་ནི་གཅིག་དང་དུ་མ་ལས་མི་ལྡོག་གོ། །ཅི་ཞིག་ཅིག་ཅེས་བྱ་བ་ལ་སོགས་པ་ནི། སོགས་པའི་སྒྲའི་དོན་ཉིད་ཀྱིས་གཟུགས་ལ་སོགས་པ་ལ་ཡང་འགྱུར་མོད་ཀྱི་དབང་པོའི་ཡུལ་ཅན་ཉིད་
དོ། །དེ་ཉིད་ཀྱི་འབྲས་བུ་རྣམ་པར་ཤེས་པ་རེས་འགའ་བ་གྲུབ་པས་རབ་ཏུ་གྲུབ་པར་ཞེས་བྱ་བ་ཡང་དབང་པོའི་ཡུལ་ཅན་ཁོ་ནའོ། །གཟུགས་ལ་སོགས་པ་ནི་རྣམ་པར་ཤེས་པའི་འབྲས་བུ་ཅན་ཙམ་ཁོ་ནར་བརྗོད་དོ། །ཤེས་པ་གཟུགས་ལ་སོགས་པའི་འབྲས་བུར་གྲུབ་
པ་ན་མངོན་སུམ་དུ་གྱུར་པ་ཉིད་ཡིན་གྱིས་སྒྲུབ་བྱེད་གཞན་ལ་ལྟོས་པ་ནི་མ་ཡིན་ནོ། །རྣམ་པར་ཤེས་པ་དེ་ནི་དེ་ཙམ་གྱི་རྒྱུ་ཅན་མ་ཡིན་པའི་ཕྱིར་དེ་ཡོད་པ་ལས་དབང་པོ་རྗེས་སུ་དཔོག་པ་ཡིན་ནོ། །དེས་ན་དེ་ལྟར་འདི་ལ་མངོན་སུམ་སྒྲུབ་པར་བྱེད་པ་མ་ཡིན་ཡང་རྒྱུ་དང་འབྲས་བུའི་
དངོས་པོ་དང་རྗེས་སུ་དཔག་པ་ཡོད་པ་ཁོ་ནའི། བདག་ལ་ནི་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །ཅི་སྟེ་བདག་མངོན་སུམ་མ་ཡིན་པ་ལ་ཡང་རིགས་པ་འདིར་འགྱུར་རོ་ཞེ་ན། མ་ཡིན་ནོ་ཞེས་བཤད་པ་ནི། བདེ་བ་ལ་སོགས་པའི་འབྲས་བུ་ཅན་རབ་ཏུ་བསྒྲུབ་པས་ནི་ཞེས་སྨོས་
སོ། །བདེ་བ་ལ་སོགས་པའི་འབྲས་བུ་གང་ལ་ཡོད་པ་དེ་རབ་ཏུ་བསྒྲུབ་པས་ནི་དེ་ལྟར་དེ་དབང་པོ་བཞིན་དུའོ། །འདི་ལྟར་ཤེས་པ་རེས་འགའ་བས་དབང་པོ་བསྒྲུབ་པ་དེ་བཞིན་དུ་བདེ་བ་ལ་སོགས་རེས་འགའ་བ་ཉིད་ཀྱིས་འབྲས་བུ་དང་ལྡན་པ་བདག་གི་མཚན་ཉིད་ཀྱི་དངོས་
པོ་བསྒྲུབ་པས་ནི་དོན་ཅུང་ཟད་ཀྱང་རྒྱས་པར་མི་བྱེད་དོ། །འདི་སྐད་བརྗོད་པ་ཡིན་ཏེ། དབང་པོ་བཞིན་དུ་འབྲས་བུའི་ཁྱད་པར་སྒྲུབ་པར་ནུས་པ་ཙམ་གྱིས་ཁྱད་པར་དུ་བྱས་པའི་དངོས་པོ་ཙམ་ནི་ཕ་རོལ་པོ་བདག་གི་དངོས་པོ་ཁས་མ་བླངས་ཀྱི། འོན་ཀྱང་ལོངས་སྤྱོད་པ་
པོ་ལ་སོགས་པའི་ཆོས་ཀྱི་ཁྱད་པར་དུ་བྱས་པ་ཉིད་དོ། །རྣམ་པ་དེ་ལྟ་བུ་ནི་དེ་ལྟར་གྲུབ་པ་མ་ཡིན་ནོ། །ཚད་མ་གཞན་ལས་དེའི་རང་བཞིན་རབ་ཏུ་སྒྲུབ་པོ་ཞེ་ན། གང་ཡང་རུང་བ་ཞེས་སྨོས་སོ། །དེ་ནི་འདི་དང་ལྷན་ཅིག་གཞི་གཅིག་པར་མི་འགྲུབ་སྟེ། བདེ་བ་ལ་
Vol. 182 · folio 104a
སོགས་པའི་རྒྱུ་བྱེད་པ་པོ་ལ་སོགས་པར་མ་གྲུབ་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བདེ་བ་ལ་སོགས་པའི་རྒྱུ་དེ་གཞན་དུ་གྲུབ་པར་བྱ་ནུས་སོ་ཞེས་བཤད་པ་ནི་གང་ཡང་རུང་བས་ཞེས་བྱ་བ་ཡིན་ནོ། །དེ་ལྟ་ཡིན་དང་བདག་མི་དམིགས་པ་མེད་པའི་སྒྲུབ་བྱེད་དུ་སྔར་
བརྗོད་པ་གང་ཡིན་པ་དེ་ཉིད་ལུས་པ་ཡིན་ནོ། །ཁས་བླངས་ནས་ཀྱང་རྗེས་སུ་དཔག་པ་སྒྲུབ་པར་མི་ནུས་སོ་ཞེས་བསྟན་པ་ནི་དེ་ལྟ་ཡིན་དང་ཞེས་བྱ་བ་ལ་སོགས་པའོ། །མི་དམིགས་པ་ཡང་ཚད་མ་མ་ཡིན་ནོ། །དེའི་ཕྱིར་མི་དམིགས་པ་དེས་བདག་དེ་སེལ་བ་ན་མི་དམིགས་
པ་བསྒྲུབ་པ་ཡིན་ནོ་ཞེས་རྣམ་པ་འདི་ཅི་སྟེ་བསལ་ཏེ་བསལ་བར་མི་བྱ་བ་ཉིད་དོ། །མི་དམིགས་པ་སྒྲུབ་པ་མ་ཡིན་ན་འདིར་འགྱུར་བ་ཡིན་ནོ། །གལ་ཏེ་དེ་སྒྲུབ་པ་མ་ཡིན་ན་ནི་ལྡོག་པ་ཇི་ལྟར་སྒྲུབ་པར་བྱེད་པ་ཞེས་བྱ་བ་ནི་འབྱུང་བ་ཉེ་བར་མཚོན་པའོ། །ལུས་ཞེས་བརྗོད་པ་འབྱུང་བ་ཆེན་
པོའི་ཚོགས་པ་ལ་ཤེས་པ་ཡོད་པར་ཏེ། སེམས་པ་ཉིད་དུ་ལུས་ཀྱི་རང་གི་ངོ་བོ་ཉིད་རྣམ་པར་ཤེས་པར་མ་དམིགས་ཀྱང་འདོད་བཞིན་དུའོ། །ལུས་ཀྱི་རང་གི་ངོ་བོ་ཉིད་ནི་རིག་པར་དམིགས་པ་མེད་དེ། གཞན་གྱི་ལུས་རིག་ཀྱང་གཞན་གྱི་ལུས་བཞིན་དུ་གཞན་གྱི་རིག་པ་གསལ་
བར་བྱེད་པའི་ཕྱིར་རོ། །འདི་ལྟར་དཀར་ཤམ་ལ་སོགས་པའི་རྣམ་པ་གཞན་གྱི་ལུས་དམིགས་པ་དེའི་ཚེ་གཞན་གྱི་མལ་དང་སྟན་དང་གོས་ལ་སོགས་པའི་འཇམ་པ་དང་རྩུབ་པ་ལ་སོགས་པའི་རེག་པའི་ཁྱད་པར་དམིགས་པའི་ཕྱིར་དེའི་དམིགས་པའི་དེའི་ལུས་དང་ཐ་མི་དད་པ་ཡིན་
ན་ནི་དམིགས་པ་དེ་གསལ་བར་འགྱུར་རོ། །གསལ་བཞིན་པ་ནི་གསལ་བ་ལས་ཐ་དད་པ་མ་ཡིན་པའི་ཕྱིར་གསལ་བར་བྱ་བ་མི་གསལ་ན་རིག་པ་མ་ཡིན་པའི་ཕྱིར་ཡུལ་གྱི་རྣམ་པ་ཅན་གསལ་བར་བྱེད་པ་རིག་པ་ཉིད་ཡུལ་རིག་པ་ཡིན་པའི་ཕྱིར་རེག་པ་དམིགས་པ་རིག་ན་མིག་
གིས་རེག་པ་དམིགས་པར་འགྱུར་རོ། །དེ་བཞིན་དུ་དབང་པོ་གཞན་དང་གཞན་གྱི་དོན་དང་འབྲེལ་པས་འཆོལ་བར་འགྱུར་རོ། །དེའི་ཕྱིར་འབྱུང་བའི་རྣམ་པར་ཤེས་པ་ཡོད་པ་ཉིད་དུ་དམིགས་པ་མ་ཡིན་ནོ། །དེ་མ་དམིགས་ཀྱང་དེ་ལྟར་འདོད་པ་ན་མི་དམིགས་པ་ཚད་མ་མ་
Vol. 182 · folio 104b
ཡིན་པར་བྱས་བཞིན་དུ་མ་མཐོང་བས་ཐམས་ཅད་མཁྱེན་པ་ལ་སོགས་པ་འགོག་པ་ནི་ཚིག་ལ་སོགས་པ་གཏན་ཚིགས་དང་མི་མཐུན་པའི་ཕྱོགས་ལ་ལྡོག་པར་སྨྲའོ། །གཞན་ནི་ཞེས་བྱ་བ་ལ་སོགས་པ་ལ་མི་དམིགས་ཀྱང་འདོད་བཞིན་དུ་ཞེས་བྱ་བ་དང་། སྨྲའོ་ཞེས་རྗེས་སུ་འཇུག་གོ། །
གང་གི་ཚེ་འོ་མ་ལ་ཞོ་མ་དམིགས་ཀྱང་ཡོད་པ་དེའི་ཚེ་མི་དམིགས་པ་ཚད་མ་མ་ཡིན་པའི་ཕྱིར་ཇི་ལྟར་གཏན་ཚིགས་འདུས་པ་ཉིད་གཞན་གྱི་དོན་མ་ཡིན་པ་ལས་ལྡོག །དེ་ཉིད་ཀྱི་ཕྱིར་ངེས་པ་ཅི་ཡོད་ཅེས་གསུངས་སོ། །འདི་ལ་ནི་མི་དམིགས་པ་ཉིད་ངེས་པ་ཡིན་ན་དེ་ཡང་ཚད་མ་
མ་ཡིན་པའི་ཕྱིར་ངེས་པ་མེད་དོ། །ད་ནི་ཞོ་ལ་སོགས་པ་ལ་འོ་མ་ལ་སོགས་པ་རྗེས་སུ་དཔོག་པ་དང་རྣམ་པ་གཞན་གྱིས་རྗེས་སུ་དཔོག་པ་ཡང་བཟློག་པའི་ཕྱིར་འོ་མ་ལ་སོགས་པ་ཞེས་སྨོས་སོ། །འོ་མ་ལ་སོགས་པ་ལ་ཞོ་ལ་སོགས་པ་དམིགས་པ་རྗེས་སུ་དཔག་པ་ཡིན་ཏེ། དེས་
ན་མ་དམིགས་ཀྱང་མེད་པ་མ་ཡིན་ནོ། །རྗེས་སུ་དཔག་པ་དེ་གང་ཞེ་ན་མི་ནུས་པ་ལས་ཞེས་བྱ་བས་སྟོན་ཏོ། །ནུས་པ་ཞེས་བྱ་བ་ནི་འབྲས་བུ་རྒྱུའི་བདག་ཉིད་ལ་མི་གསལ་བའི་རང་བཞིན་དུ་གནས་པའོ། །དེས་ན་མི་ནུས་པ་ལས་ཞེས་བྱ་བ་ནི་འབྲས་བུའི་བདག་ཉིད་ནུས་པའི་ངོ་བོར་རང་གི་བདག་ཉིད་
ལ་མི་གནས་པ་ལས་ཞེས་བརྗོད་པ་ཡིན་ནོ། །རྒྱུའི་བདག་ཉིད་ལ་མངོན་པར་གསལ་བའི་གསལ་བར་གྱུར་པ་ནི་སྐྱེ་བ་ཞེས་བརྗོད་དོ། །དེས་ན་གང་ལ་གང་ཞིག་མི་གསལ་བའི་རང་བཞིན་མེད་པས་དེ་མངོན་པར་གསལ་བའི་རང་བཞིན་སྐྱེ་བ་ཡོད་པར་ག་ལ་འགྱུར། དེ་ལྟར་གྱུར་ན་ནི་གསེག་མ་
ལས་ཀྱང་འབྱུང་བར་འགྱུར་རོ། །དེ་ལྟར་འདི་མི་དམིགས་པ་ཚད་མ་ཡིན་ན་རྗེས་སུ་དཔག་པ་མི་སྲིད་པ་ཉིད་ཀྱིས་སུན་ཕྱུང་བ་ཡིན་ཡང་རྣམ་པ་གཞན་གྱི་སྒོ་ནས་ཀྱང་འགོག་པ་ནི་ཡང་ནུས་པ་འདི་ཞེས་བྱ་བ་ཡིན་ནོ། །རང་བཞིན་གང་གིས་འབྲས་བུ་རྒྱུ་ལ་གནས་པར་འགྱུར་བ་
ནུས་པ་ཞེས་བྱ་བ་འདི་ཅི་ཞིག་ཡིན། ཅི་འབྲས་བུའི་མཚན་ཉིད་ཀྱི་ཡོད་པ་དེ་ཡིན་ནམ་ཞོ་ཉིད་འོ་མའི་བདག་ཉིད་ལ་གནས་པའི་ནུས་པའི་ངོ་བོར་གནས་པ་ཡིན་པར་འགྱུར་རམ། འོན་ཏེ་རང་བཞིན་གཞན་ཉིད་ལ་འོ་མའི་བདག་ཉིད་ལ་འགལ་བ་མེད་པར་ཞོ་སྐྱེད་པར་བྱེད་པ་ཉིད་ཡིན།
Vol. 182 · folio 105a
རྣམ་པ་དང་པོ་ནི་རེ་ཞིག་མི་རུང་ངོ་ཞེས་དེ་ཉིད་དོགས་པར་བྱས་ནས་བཟློག་པ་ནི་དེ་ཁོ་ན་བཞིན་དུ་ཞེས་བྱ་བའོ། །ཞོ་ཉིད་འོ་མའི་བདག་ཉིད་ལ་ཡོད་ན་ནི། འོ་མ་ལ་ཡང་དེ་ཁོ་ན་བཞིན་དུ་དམིགས་པར་འགྱུར་ཏེ་དེའི་བདག་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ། །མངོན་པར་
མི་གསལ་བའི་ཕྱིར་མ་དམིགས་སོ་ཞེ་ན། མངོན་པར་མི་གསལ་བ་འདི་ཅི་ཞིག་མ་རྟོགས་པའམ། རྣམ་པ་དེ་ལྟ་བུའི་བདག་ཉིད་ལས་རང་བཞིན་གཞན་ཡིན་པས་ཞོའི་བདག་ཉིད་ལས་ངོ་བོ་གཞན་དུ་གྲུབ་པའོ། །གལ་ཏེ་མ་རྟོགས་པ་ཡིན་ན་འོ་མའི་བདག་ཉིད་མ་རྟོགས་པར་མི་
རུང་སྟེ་རྟོགས་པའི་ཕྱིར་རོ། །མངོན་པར་མ་གྲུབ་པ་ཡིན་ན་ཡང་མི་གསལ་བ་དེའི་བདག་ཉིད་ལས་རང་བཞིན་གཞན་ཡིན་པས་ཞོའི་བདག་ཉིད་ལས་ངོ་བོ་གཞན་དུ་འགྲུབ་བོ། །དེ་སྟེ་འོ་མ་དང་རང་བཞིན་གཅིག་པ་ཉིད་ཀྱི་འོ་མའི་བདག་ཉིད་དུ་དམིགས་པ་ཡིན་ནོ་ཞེ་ན། འོ་ན་འོ་
མའི་བདག་ཉིད་ལས་རང་བཞིན་གཞན་མ་ཡིན་པར་གྲུབ་པོ་ཞེས་བཤད་པ་ནི་ཅི་སྟེ་གཞན་ཞིག་ཡིན་ནོ་ཞེ་ན་ཞེས་བྱ་བའོ། །འདི་སྐད་བརྗོད་པ་ཡིན་ཏེ། ཞོ་ཡོད་པར་འདོད་པས་འོ་མ་ཙམ་གྱི་རང་བཞིན་ལ་གུས་པར་བྱ་བ་ནི་མ་ཡིན་ནོ། །དམིགས་པར་ཁས་ལེན་པས་ནི་ཞོའི་
བདག་ཉིད་ཉམས་པའི་ཕྱིར་འཆོལ་བ་མ་གྲུབ་པོ། །དེས་ན་འདི་སྐད་སྨྲ་བའི་འདི་ཉེ་བར་བཏགས་པ་ཙམ་དུ་འགྱུར་རོ་ཞེས་གསུངས་པ་ནི་ཉེ་བར་བཏགས་པ་ཙམ་དུ་ནི་ཞེས་བྱ་བ་ཡིན་ནོ། །དེ་ལྟར་འདི་ནི་མ་མཐོང་བས་ལྡོག་པ་གྲུབ་པར་སྨྲ་བ་འདི་དག་ནི་ཕན་ཚུན་འགལ་བ་སྟེ།
ཕན་ཚུན་གནོད་པ་ཞེས་ཁས་བླངས་པ་ཡིན་ནོ། །དེས་ན་དེ་ལྟར་མེད་ན་མི་འབྱུང་བའི་འབྲེལ་པའི་རྒྱུ་མཚན་ཉིད་ཀྱིས་ངེས་པར་བྱ་སྟེ། དེ་ཁས་མི་ལེན་ན་སྨྲ་བ་ཉིད་འདོད་ཆགས་དང་ལྡན་པ་ལ་སོགས་པའི་གོ་བར་བྱེད་པ་མ་ཡིན་པར་བརྗོད་ནས་མི་མཐུན་པའི་ཕྱོགས་ལ་མ་མཐོང་
བ་ཙམ་གྱིས་ཞེས་བྱ་བ་ལ་སོགས་པས་རང་དང་གཞན་གྱི་ཁས་བླངས་པ་མ་མཐོང་བ་ཙམ་གྱིས་ལྡོག་པ་གྲུབ་པ་བཀག་པ་ཡིན་ནོ། །གལ་ཏེ་མི་མཐུན་པའི་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་མི་འཁྲུལ་པ་མ་ཡིན་ན་འོ་ན་ཇི་ལྟར་ལྡོག་པ་གྲུབ་ཅེ་ན། བཤད་པ་དེའི་ཕྱིར་རང་གི་
Vol. 182 · folio 105b
ངོ་བོས་ངོ་བོ་ཉིད་བཟློག་པར་འགྱུར་རོ། །རང་གི་ངོ་བོས་ཞེས་བྱ་བ་དེ་ཅི་ཞིག་ཡིན་ཞེ་ན། ཇི་ལྟར་བསྟན་པ་བཞིན་དེའི་རང་གི་ངོ་བོ་ཁྱད་པར་དུ་སྟོན་པ་ནི་དེ་ཙམ་དང་འབྲེལ་པ་ཞེས་བྱ་བའོ། །གལ་ཏེ་མི་རྟག་པ་ཉིད་རྩོལ་བ་ལས་བྱུང་བ་ཙམ་དང་འབྲེལ་པ་ནི་མ་ཡིན་ཏེ། རྩོལ་བ་ལས་བྱུང་
བ་ལ་ཡང་ཡོད་པའི་ཕྱིར་རོ། །དེས་ན་དེ་ཙམ་དང་འབྲེལ་པ་ཞེས་ཇི་ལྟར་བརྗོད་ཅེ་ན་བདེན་ཏེ། འོན་ཀྱང་འདིར་འབྲེལ་པའི་དོན་རྣམ་པ་དེ་ལྟར་ནི་མི་འདོད་དོ། །དེ་ཙམ་ཡོད་ན་རྒྱུ་མཚན་གཞན་ལ་མི་ལྟོས་པར་གྲུབ་པའི་ཕྱིར་དེ་ཙམ་ཉིད་ན་ཡོད་པ་ཉིད་ནི་དེ་ཙམ་དང་འབྲེལ་
པར་བརྗོད་པ་ཡིན་ནོ། །དེས་ན་སྒྲུབ་པར་བྱེད་པའི་རང་གི་ངོ་བོ་ཉིད་དེ་ཡིན་པའི་ཕྱིར་དེ་དག་ཡོད་ན་ཡོད་པ་ལས་མི་འདའ་བ། སྒྲུབ་པར་བྱེད་པའི་ཆོས་ཡོད་པ་ཙམ་ནི་ཡོད་པའི་རང་གི་ངོ་བོ་གང་ཡིན་པ་དེ་ཉིད་སྒྲུབ་པར་བྱེད་པ་ཟློག་པར་བྱེད་པ་ཡིན་ནོ། །ཇི་ལྟར་ཟློག་པར་བྱེད་ཅེ་ན་
གལ་ཏེ་མ་བརྗོད་པ་དེ་ལྟ་ན་ཡང་དེ་ཙམ་ལ་ཡོད་པའི་ཤུགས་ཀྱིས་ལོག་པས་ལྡོག་པ་ཉིད་དུ་ངེས་པ་ཡིན་ནོ། །དེ་ཡོད་པས་ཟློག་པར་བྱེད་པའམ་མེད་པས་ཡིན། དེ་ཡོད་པས་ཟློག་པར་བྱེད་པ་ཡིན་ན་ནི་དེ་ཙམ་དང་འབྲེལ་པ་འགལ་ལོ། །དེས་ན་མེད་པ་ཉིད་ཀྱིས་ཟློག་པར་
བྱེད་པ་ཡིན་ནོ། །དེས་ན་དེ་ཡོད་པ་ཙམ་ལ་ཡོད་པ་གང་ཡིན་པ་དེ་ལོག་པ་ན་ཡོད་པ་ལྡོག་པར་བྱེད་དེ། དེ་དེའི་རང་གི་ངོ་བོ་ཡིན་པས་ན་དེ་མེད་པར་མི་འགྲུབ་པའི་ཕྱིར་རོ། །འདི་ལ་རྟོག་པ་ནི་རྣམ་པ་གཉིས་ཏེ། རང་གི་ངོ་བོ་མེད་ན་ངོ་བོ་མེད་པར་འགྱུར་རོ་ཞེས་འབྲེལ་པ་ཙམ་ལས་ལྡོག་
པར་འགྲུབ་པའམ་ཡང་ན་དེ་ལྟ་བུའི་རང་གི་ངོ་བོ་ངོ་བོའི་ཁྱབ་པར་བྱེད་པ་ཡིན་པའི་ཕྱིར་ཁྱབ་པར་བྱེད་པ་མེད་ན་ཁྱབ་པར་བྱ་བ་མེད་པའོ། །འམ་སྨོས་པ་ནི་ལྡོག་པ་ཙམ་གྱི་ཕྱོགས་ལ་ལྟོས་ནས་སམ་ངེས་པའི་ཡུལ་ཅན་ཉིད་ཀྱིས་སོ། །ལྡོག་པའི་རྣམ་པ་འདི་གཏན་ཚིགས་
གང་གི་ཡིན་ཞེ་ན་དཔེར་ན་ཤིང་གིས་ཤིང་ཤ་པ་ལྟ་བུ་སྟེ་ཞེས་སྨོས་སོ། །ཤིང་ཤ་པ་ཉིད་ཀྱིས་ཤིང་ཉིད་སྒྲུབ་པ་ན་བསྒྲུབ་པར་བྱ་བ་ཤིང་ལོག་པ་ན་ཤིང་ཤ་པ་ལྡོག་པར་བྱེད་པ་བཞིན་ནོ། །འདིར་ཡང་ཇི་ལྟར་ཟློག་པར་བྱེད་པ་ཡིན་པ་དེ་བསྟན་པའི་ཕྱིར་དེ་ཙམ་དང་འབྲེལ་
Vol. 182 · folio 106a
པ་ཉིད་སྟོན་ཏེ། ཡལ་ག་ལ་སོགས་པ་དང་ལྡན་པའི་ཁྱད་པར་འགའ་ཁོ་ན་ཞིག་ལ་དེ་སྐད་དུ་ཤིང་ཞེས་གྲགས་པའི་ཕྱིར་རོ། །གཏན་ཚིགས་དེའི་ཕྱིར་ན་ཤིང་དེ་ན་ཤ་པ་དེའི་རང་གི་ངོ་བོ་ཡིན་ཏེ་སྔར་ཇི་སྐད་བཤད་པ་བཞིན་ནོ། །རང་གི་ངོ་བོ་ཡོངས་སུ་
བོར་ནས་ཀྱང་ཇི་ལྟར་ངོ་བོ་ཡོད་པར་འགྱུར་ཏེ་གང་གི་ཕྱིར་རང་བཞིན་འབྲེལ་པའི་ཕྱིར་དེ་མེད་ན་མེད་པའི་མཚན་ཉིད་འཁྲུལ་པ་མེད་པ་ཡིན་ནོ། །དེ་ལྟར་རང་བཞིན་གྱི་གཏན་ཚིགས་ཀྱི་ལྡོག་པ་བསྟན་ནས་འབྲས་བུའི་གཏན་ཚིགས་ཀྱི་ཡང་བཤད་པ་ནི། རྒྱུས་ནི་འབྲས་བུ་
བཟློག་པར་འགྱུར་ཞེས་སྦྲེལ་བར་བྱའོ། །འདིར་ཡང་སྔ་མ་བཞིན་རྣམ་པ་གཉིས་སོ། །འདི་ལ་ཇི་ལྟར་རྒྱུ་ཟློག་པར་བྱེད་པ་ཡིན་པ་དེ་སྟོན་པ་ནི་འཁྲུལ་པ་མེད་པའི་ཕྱིར་ཞེས་བྱ་བའོ། །རྒྱུ་མེད་ན་མི་འབྱུང་བ་ནི་འབྲས་བུའི་རང་བཞིན་དེ་ཉིད་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ཙམ་གྱི་
རང་བཞིན་ཡིན་པའི་ཕྱིར་རོ། །རྒྱུ་ཡང་ལྡོག་པ་ཉིད་ཀྱིས་འབྲས་བུ་ལྡོག་པར་བྱེད་པ་ཡིན་ནོ་ཞེས་རྒྱུ་ཉིད་ཀྱིས་ངེས་པ་ཡིན་ཏེ། ཡོད་པ་ཉིད་ནི་ལྡོག་པར་བྱེད་པ་མ་ཡིན་ཏེ་རྒྱུ་ཉིད་མ་ཡིན་པའི་ཕྱིར་རོ། །རྒྱུ་ལོག་པ་ན་ཞེས་བྱ་བ་ནི་སྔ་མའི་ཆ་རྣམ་པར་འགྲེལ་པའོ། །གཞན་དུ་ན་ཕྱི་མ་
ཡིན་ནོ། །དེ་ལྟར་ན་གཞན་ཕྱོགས་པ་དག་གིས་འདོད་པའི་རྣམ་པ་བཀག་པ་ན་རང་བཞིན་འབྲེལ་པ་ཡོད་པ་ན་དོན་གྱིས་དོན་འཁྲུལ་པ་མེད་དོ་ཞེས་བྱ་བ་འདི་ཉིད་གྲུབ་པ་ཡིན་ནོ་ཞེས་ལྷག་དང་བཅས་ཏེ་སྟོན་པ་ནི་རྒྱུ་དང་འབྲས་བུའི་དངོས་པོ་གྲུབ་པ་ནི་ཞེས་བྱ་བ་ཡིན་ནོ། །ནིའི་
སྒྲ་ནི་སྡུད་པའི་དོན་ཏོ། །དེས་ན་དོན་འདི་ཡིན་ཏེ། རྒྱུ་དང་འབྲས་བུའི་ངོ་བོ་གྲུབ་པ་ཡང་ངོ་བོ་ཉིད། ངེས་པར་བྱེད་དེ་མེད་ན་མི་འབྱུང་བར་བྱེད་དོ། །དེས་ན་དེའི་བདག་ཉིད་གྲུབ་པ་ནི་ཞེས་བྱ་བར་ཡང་རྟོགས་པ་ཉིད་དོ། །དེ་བས་ན་ཞེས་པ་དེའི་ཕྱིར་དེ་ཙམ་དང་འབྲེལ་པའི་
ཞེས་བྱ་བ་ལ་སོགས་པའི་རྣམ་པ་འདིས་ན་རང་བཞིན་འབྲེལ་པ་ཁོ་ན་ལྡོག་གོ། །དེ་ལྟར་ཁས་མི་ལེ་ན་ན་ནི་བསྒྲུབ་པར་བྱ་བ་མེད་ན་སྒྲུབ་པར་བྱེད་པ་མེད་པ་ཞེས་བྱ་བ་ཉིད་མི་འགྲུབ་བོ་ཞེས་གསུངས་པ་ནི། དེ་ལྟ་མིན་ན་ཞེས་བྱ་བ་ཡིན་ནོ། །རང་བཞིན་འབྲེལ་པ་ཁས་མི་
Vol. 182 · folio 106b
ལེན་ན་བསྒྲུབ་པར་བྱ་བ་གཅིག་ལོག་པས་ཇི་ལྟར་གཞན་ནི་ཞེས་བྱ་བ་སྒྲུབ་པར་བྱེད་པ་ལྡོག་པར་འགྱུར། གལ་ཏེ་འགྱུར་ན་ནི་དེའི་ཚེ་བྲམ་ཟེའི་ཁྱེའུ་ལ་རྟ་དང་ལྡན་པ་ལོག་ན། ཕྱུགས་དང་ལྡན་པ་ཡང་ལྡོག་པར་འགྱུར་ཏེ་རྟ་ལག་ན་གཞན་ཉིད་དུ་ཁྱད་པར་མེད་པས་
ཕྱུགས་ཀྱང་ལྡོག་པའི་ཕྱིར་རོ། །འབྲེལ་པ་མེད་པ་ལོག་ན་ལྡོག་པར་འདོད་པས་དེ་དེ་ལྟར་ཅི་སྟེ་མི་འདོད་ཅེས་འདྲི་བའི་སྒོ་ནས་དེ་སྟོན་པ་ནི་མི་ལ་རྟ་མི་བདོག་ཅེས་ཏེ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་མ་འབྲེལ་པ་ལ་ལྡོག་པ་མེད་པར་བསྟན་ནས་རྗེས་སུ་འགྲོ་བ་ཡང་མེད་པར་
བརྗོད་པ་ནི་དེ་བཞིན་གཅིག་ཅིག་ཅེས་བྱ་བ་ཡིན་ནོ། །གཅིག་ཉེ་བས་གཞན་ཉེ་བ་ནི་ངེས་པ་མ་ཡིན་ཏེ། གཞན་དུ་ན་རྟ་ཉེ་ན་ཡང་བ་ལང་ཉེ་བར་འགྱུར་རོ། །ཆོས་ཅན་གཅིག་གམ་དུ་མས་འགའ་ཞིག་ཇི་ལྟར་གྱུར་པ་དེ་ལྟར་གཞན་དུ་ཡང་འགྱུར་བ་ཡིན་ནོ་ཞེས་བྱ་བའི་ངེས་པ་ཡང་
ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་ནི་མཇུག་སྡུད་པའོ། །རང་བཞིན་འབྲེལ་པ་ཁོ་ནས་གཏན་ཚིགས་ཀྱིས་བསྒྲུབ་བྱ་གོ་བར་བྱེད་དོ། །དེ་རྟོགས་པའི་རྒྱུ་མཚན་ལ་བརྟེན་པར་འགྱུར་རོ། །གོ་བར་བྱེད་པ་ཉིད་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་བདག་ཉིད་ལས་ཡིན་ནོ། །དེ་དག་ཀྱང་
གང་ཞིག་གང་ལ་རག་ལས་པའི་རང་བཞིན་ཡིན་པ་དེ་ལ་དེ་ཡིན་པར་འགྱུར་ཏེ། དེས་ན་རང་བཞིན་འབྲེལ་པ་ཉིད་ཀྱིས་གོ་བར་བྱེད་པ་ཡིན་ནོ། །དེ་ཡང་རྣམ་པ་གཉིས་ཏེ་དེའི་ངོ་བོའི་མཚན་ཉིད་དམ་དེ་ལས་བྱུང་བའི་མཚན་ཉིད་ཡིན་ནོ། །གལ་ཏེ་དེའི་བདག་ཉིད་དང་དེ་ལས་བྱུང་བའི་
དབང་ཁོ་ནས་གཏན་ཚིགས་ཀྱིས་བསྒྲུབ་པར་བྱ་བ་གོ་བར་བྱེད་པ་ཡིན་ན། ད་ནི་དཔེ་ལ་དགོས་པ་ཅི་ཡོད་དེ་ཡང་རང་ཉིད་ཀྱིས་དེ་དང་དེ་དག་ཏུ་བསྟན་པ་ལ་སློབ་དཔོན་གྱིས་ཀྱང་ཚད་མ་ཀུན་ལས་བཏུས་པ་ལ་སོགས་པ་བསྟན་པ་ཡིན་ནོ། །འདི་ནི་རྣམ་པ་ཇི་ལྟར་ཡང་ཉེ་བར་སྦྱོར་བ་ནི་མེད་
དོ། །རེ་ཞིག་རང་བཞིན་གྱི་གཏན་ཚིགས་ལ་ནི་བསྒྲུབ་པར་བྱ་བ་རྟོགས་པ་གཏན་ཚིགས་ཀྱི་རང་བཞིན་རྣམ་པར་དཔྱད་པས་འགྲུབ་པ་ཡིན་ཏེ། དེ་ལྟར་ཡང་བྱས་པ་ཉིད་ལ་སོགས་པ་དག་ཏུ་འཇུག་པར་འགྱུར་རོ། །ཤ་པ་ཉིད་ལ་སོགས་པ་ཡང་ཤ་པ་ཉིད་ཤིང་གི་ཁྱད་པར་ཡིན་པའི་ཕྱིར་
Vol. 182 · folio 107a
ཤིང་ཉིད་རྟོགས་སོ། །ཐམས་ཅད་དུ་དེ་ལྟ་བུ་ཉིད་ཡིན་པའི་རྒྱུ་མཚན་འབྲེལ་པ་དེ་ཉིད་ཀྱིས་རྗེས་སུ་འགྲོ་བའི་རང་བཞིན་མཐུན་པའི་ཕྱོགས་ལ་ཡོད་པ་གང་ལས་ཆོད་པ་མེད་པར་དོན་རྟོགས་པར་འགྱུར་བ་ཡང་འཕེན་པ་ཡིན་ནོ། །ལྡོག་པའི་བདག་ཉིད་མི་མཐུན་
པའི་ཕྱོགས་ལ་མེད་པ་ཡང་དེ་བཞིན་ནོ། །གང་གིས་རྗེས་སུ་འགྲོ་བ་བསྒྲུབ་པའི་ཆོས་ཅན་མཐོང་བའི་ཡུལ་དུ་ཉེ་བར་སྦྱོར་བ་ཆོས་མཐུན་པ་ཉིད་ཅན་གྱི་དཔེར་འགྱུར་བ་དང་། ལྡོག་པ་བསྒྲུབ་པ་མཐོང་བའི་ཡུལ་དུ་སྦྱར་བ་ཆོས་མི་མཐུན་པ་ཉིད་ཅན་གྱི་དཔེར་འགྱུར་བ་དེ་གཉིས་ཆོས་ཅན་
ངེས་པའི་ཡུལ་ཅན་ཉིད་དུ་འཇུག་པ་གྲུབ་པའི་ཕྱིར། དེ་གཉིས་བསྒྲུབ་པར་སྟོན་པས་རྟོགས་པར་འགྱུར་བའི་ཆོས་ཅན་དེ་ཉིད་བསྒྲུབ་བྱ་རྟོགས་པའི་སྐབས་སུ་དྲན་པར་བྱེད་པ་གང་ཡིན་པ་མངོན་སུམ་དང་མི་དམིགས་པས་བསྒྲུབ་པའི་རྗེས་སུ་འགྲོ་བ་དང་ལྡོག་པ་ནི་གོ་བར་བྱེད་པའི་
ཡན་ལག་ཏུ་གྱུར་པ་མ་ཡིན་གྱི་འོན་ཀྱང་འབྲེལ་པས་གྲུབ་པ་དག་ཉིད་ཡིན་ནོ། །དེ་ལ་ནི་ཆོས་ཅན་ངེས་པ་ཉེ་བར་བླངས་པས་ཅུང་ཟད་ཀྱང་བྱར་མེད་དོ། །སྒྲུབ་པར་བྱེད་པའི་རང་བཞིན་རྣམ་པར་དཔྱད་པ་ཙམ་ཉིད་ཀྱིས་རྣམ་པ་འདི་ལྟ་བུ་མཐའ་དག་ནི་འདི་ལྟ་བུ་ཡིན་ནོ་ཞེས་རྣམ་
པར་གཞག་པ་གྲུབ་པས་ནི་དཔེར་ན་འདི་བཞིན་ནོ་ཞེས་པར་བཀོད་པ་དོན་མེད་པའི་ཕྱིར་རོ། །གང་གི་དཔེར་ན་འདི་བཞིན་ནོ་ཞེས་ཉེ་བར་བཀོད་པ་དོན་དང་ལྡན་པར་འགྱུར་བ་ཇི་ལྟར་གཅིག་ལས་དེ་ཡོད་པ་དེ་བཞིན་དུ་འགྱུར་རོ་ཞེས་བྱ་བའི་ངེས་པ་ནི་ཡོད་པ་མ་ཡིན་ནོ། །འབྲས་བུའི་
གཏན་ཚིགས་ལ་ཡང་ཚང་བང་ལ་སོགས་པར་མཐོང་བ་རྒྱུ་དང་འབྲས་བུའི་དངོས་པོར་འཛིན་པ་ལ་ཉེ་བར་མཁོ་བ་ཡིན་གྱི། དེར་མཐོང་བའི་ཕྱིར་རིའི་སྤོ་ལ་དེ་དམིགས་པ་མེ་སྒྲུབ་པར་བྱེད་པ་ནི་མ་ཡིན་ནོ། །ཚང་བང་དུ་དུ་བ་ཡོད་ན་མེ་མཐོང་བ་ཞེས་བྱ་བ་ཙམ་གྱིས་ནི་རིའི་
སྤོ་ལ་ཡང་དེ་ལྟར་འགྱུར་བ་ནི་མ་ཡིན་ཏེ་ཕྱུགས་དང་ལྡན་པ་ཡིན་པའི་ཕྱིར་རྟ་དང་ལྡན་པར་ངེས་པ་ནི་མ་ཡིན་ནོ་ཞེས་འདི་ནི་བསྟན་ཟིན་ཏོ། །དུ་བ་ནི་མེའི་འབྲས་བུ་ཡིན་ལ་རྒྱུ་མེད་པར་ཡང་འབྲས་བུ་མི་སྲིད་པའི་ཕྱིར་དུ་བ་ལས་རི་ལ་ཡང་མེ་རྟོགས་པ་ཡིན་ནོ་ཞེ་ན། འོ་ན་ནི་
Vol. 182 · folio 107b
འབྲས་བུ་ཉིད་ཀྱི་རྒྱུ་མཚན་གྱིས་ཐམས་ཅད་དུ་དེ་ལྟར་འགྱུར་བ་འདི་གཞན་ཉིད་ཡིན་གྱིས། ཚང་བང་དུ་དེ་དེ་ལྟར་མཐོང་བའི་རྒྱུ་མཚན་ཅན་ནི་མ་ཡིན་ནོ། །དེར་དམིགས་པས་ནི་རྒྱུ་དང་འབྲས་བུའི་དངོས་པོར་འགྲུབ་ལ། དེ་ལས་ནི་ཐམས་ཅད་དུ་དེ་ལྟར་འགྱུར་བར་རྟོགས་པའི་ཕྱིར་
འདིར་ཇི་སྐད་བརྗོད་པའི་ཚུལ་གྱིས་ཆོས་ཅན་བསྟན་པ་ཉེ་བར་མཁོ་བ་ཡོད་པ་མ་ཡིན་ནོ། །དེས་ན་ཕྱོགས་འདི་ལ་དཔེ་དགོས་པ་ཅི་ཡོད་ཅེས་རང་གི་འདོད་པ་ལས་ལྟོས་ཏེ་དཔེ་འགལ་བར་དོགས་པ་བསུ་ནས་མེད་ན་མི་འབྱུང་བ་དེ་ཉིད་ཅེས་སྨོས་སོ། །བསྟན་ཟིན་པའི་འབྲེལ་པའི་
རྒྱུ་མཚན་ཅན་རྗེས་སུ་འགྲོ་བ་དང་ལྡོག་པའི་བདག་ཉིད་ཅན་གྱི་མེད་ན་མི་འབྱུང་བ་གང་ཡིན་པ་དེ་ཉིད་དཔེ་དག་གིས་རབ་ཏུ་སྟོན་ཏོ། །དེ་ཡང་འབྲེལ་པ་མ་བསྟན་པར་བསྟན་པར་ནུས་པ་མ་ཡིན་ནོ། །རྒྱུ་མ་བསྟན་པ་ཡང་འབྲས་བུ་བསྟན་པར་འགྱུར་བ་གང་ཡིན་པ་རྒྱུ་ཙམ་གྱིས་
ནི་འབྲེལ་པར་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་རྒྱུ་མཚན་མ་ཡིན་གྱི་འོན་ཀྱང་ཚད་མ་ཉིད་ཀྱིས་སོ། །དེས་ན་ཐམས་ཅད་དུ་འདི་ཡོད་ན་ཡོད་པ་ཡིན་ལ་འདི་ལོག་ན་འདི་ལྡོག་གོ་ཞེས་བསྟན་ཀྱང་དེ་སྐད་བརྗོད་པ་ཙམ་གྱིས་ནི་དེ་ལྟར་མི་འགྲུབ་ཀྱི། འོན་ཀྱང་གང་ལས་
དེ་དེ་ལྟར་འགྱུར་བ་དེ་རྟོགས་པ་ཉིད་ཀྱིས་དེ་རྟོགས་པ་ཡིན་ནོ། །དེའི་ཕྱིར་དེའི་བདག་ཉིད་དང་དེ་ལས་བྱུང་བའི་རྒྱུ་མཚན་ཅན་གྱི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་སྟོན་པ་ནི་ཆོས་མཐུན་པ་དང་མི་མཐུན་པའི་དཔེ་དག་གི་བྱ་བ་ཡིན་ནོ། །སློབ་དཔོན་ཕྱོགས་ཀྱི་གླང་པོའི་དགོངས་པ་
ཡང་འདི་ཉིད་ཡིན་ནོ་ཞེས་སྟོན་པ་ནི་དེའི་ཞེས་བྱ་བའོ། །གང་གི་ཕྱིར་དཔེ་དག་གིས་འབྲེལ་པ་ལ་བརྟེན་པའི་རྗེས་སུ་འགྲོ་བ་དང་ལྡོག་པ་བརྗོད་པ་དེའི་ཕྱིར་ཆོས་མི་མཐུན་པའི་དཔེ་འདི་ལ་ངེས་པར་གཞི་མི་འདོད་དེ། རེས་འགའ་ཆོས་མི་མཐུན་པའི་དཔེ་དངོས་པོར་གྱུར་པ་
མ་ཡིན་ཡང་བསྒྲུབ་བྱ་སྒྲུབ་པར་བྱེད་པ་སློབ་དཔོན་བཞེད་པ་ཡིན་ནོ། །དེ་ཡང་དཔེའི་དགོས་པ་འདི་ལྟར་ཡིན་ན་འཐད་པར་འགྱུར་གྱི་དེར་དེ་ལྟར་གྲུབ་པའི་རྒྱུ་མཚན་གྱིས་བསྒྲུབ་བྱ་སྒྲུབ་པར་བྱེད་པ་ཡིན་ན་ནི་མ་ཡིན་ནོ། །ཇི་ལྟར་ཞེ་ན་དེ་དག་མེད་ན་འང་ཞེས་སྨོས་སོ། །བསྒྲུབ་
Vol. 182 · folio 108a
པར་བྱ་བ་མེད་ན་སྒྲུབ་པར་བྱེད་པར་མི་འགྱུར་རོ་ཞེས་བརྗོད་པ་ལས་ཀྱང་འབྲེལ་པ་དེ་རྟོགས་པའི་ཕྱིར་རོ། །དཔེ་ནི་འབྲས་བུ་བསྟན་པའི་དོན་དུ་འཇུག་པ་ཡིན་ན་དེ་ནི་དཔེ་མེད་པར་བརྗོད་པས་ཀྱང་འགྲུབ་པ་ཁོ་ནའོ། །དེས་ན་མེད་པའི་དཔེ་ལ་བརྟེན་པའི་ངག་
དང་དཔེ་མེད་པའི་ངག་ཁྱད་པར་འགའ་ཡང་མེད་དོ། །དེའི་ཕྱིར་བརྗོད་པ་ལས་ཀྱང་དེ་རྟོགས་ཕྱིར་གསུངས་སོ། །ད་ནི་གང་གིས་ཆོས་མི་མཐུན་པའི་དཔེ་ལ་གཞི་མི་བཞེད་པ་དཔེར་ཇི་ལྟར་འབྲེལ་པ་ཉེ་བར་སྟོན་པ་དེ་སྟོན་པས་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དཔེ་
ནི་དེའི་ངོ་བོ་ཞེས་བྱ་བ་དེའི་བདག་ཉིད་དང་རྒྱུའི་དངོས་པོ་སྐྱེད་པར་བྱེད་པ་ཉིད་སྟོན་ཏེ། དེའི་བདག་ཉིད་དང་དེ་ལས་བྱུང་བ་དག་དེ་མི་ཤེས་པ་ལ་རབ་ཏུ་སྟོན་པ་ཡིན་ནོ། །བསྒྲུབ་པར་བྱ་བ་ཉིད་སྒྲུབ་པར་བྱེད་པའི་རང་གི་ངོ་བོ་ཡིན་པའི་ཕྱིར་དེའི་བདག་ཉིད་ནི་བསྒྲུབ་པར་བྱ་བ་ལ་གནས་པའི་
ཆོས་ཡིན་ནོ། །དེ་བཞིན་དུ་རྒྱུའི་དངོས་པོ་ཡང་དེ་ཉིད་ཀྱི་ཕྱིར་འགྲེལ་པར་བསྒྲུབ་པར་བྱ་བའི་ཆོས་ནི་ཞེས་འཆད་པར་འགྱུར་རོ། །འགྲེལ་པ་ནི་དཔེ་ལ་ནི་ཞེས་བྱ་བའོ། །བསྒྲུབ་པར་བྱ་བའི་ཆོས་ནི་དེའི་ངོ་བོར་དེའི་བདག་ཉིད་དུ་སྒྲུབ་པར་བྱེད་པའི་རང་གི་ངོ་བོར་སྟོན་ཏོ། །ཇི་ལྟར་ཞེ་ན་དེའི་རང་གི་ངོ་བོ་
རྒྱུར་གྱུར་པ་ཉིད་ཀྱིས་དེ་ཙམ་དང་འབྲེལ་པས་ཏེ་དེས་སོ། །ཆོས་མཐུན་པའི་དཔེ་ལ་སྒྲུབ་པར་བྱེད་པ་ཡོད་ན་བསྒྲུབ་བྱའི་ཆོས་ཡོད་པར་བརྗོད་པ་ཡིན་ལ་དེ་ཙམ་དང་རྗེས་སུ་འབྲེལ་པ་དེ་ཉིད་ནི་རྗེས་སུ་འགྲོ་བ་ཡིན་ཏེ་ཆོས་མཐུན་པའི་དཔེ་ནི་རྗེས་སུ་འགྲོ་བ་རབ་ཏུ་སྟོན་པ་ཙམ་གྱི་
རང་བཞིན་ཡིན་པའི་ཕྱིར་རོ། །རྗེས་སུ་འགྲོ་བ་དེ་ཡང་དེའི་རང་བཞིན་ངོ་བོ་ཉིད་ཀྱིས་འགྱུར་བ་ཡིན་པ་དེས་ན་རྗེས་སུ་འགྲོ་བ་བསྟན་པས་དེའི་བདག་ཉིད་དུ་རྟོགས་པ་ཡིན་ནོ། །རྗེས་སུ་འགྲོ་བ་བསྟན་པས་དེའི་བདག་ཉིད་བརྗོད་པར་འགྱུར་རོ་ཞེས་བྱ་བ་གང་ཡིན་པ་འདི་ལ་
རིགས་པ་ཅི་ཡོད་ཅེ་ན། བརྗོད་པ་ཅུང་ཟད་བྱས་པ་དེ་ཐམས་ཅད་མི་རྟག་གོ་ཞེས་ཆོས་མཐུན་པའི་དཔེར་རྗེས་སུ་འགྲོ་བ་བསྟན་པ་ན་འབྲས་བུ་བྱས་པའི་ངོ་བོ་ཉིད་སྐྱེད་པར་བྱེད་པའི་རྒྱུ་གང་ཡིན་པ་དེ་ནི་མི་རྟག་པའི་ངོ་བོ་སྐྱེད་པར་བྱེད་དོ་ཞེས་སྐད་ཅིག་གི་འཇིག་པར་སྟོན་པར་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words