ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད
Sanskrit title (Tibetan script, as in the text) པྲ་མཱ་ཎ་བར་ཏི་ཀ་ཊཱི་ཀ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 182 · folio 108b
འགྱུར་བའི་ཚད་མ་བརྗོད་པར་འགྱུར་བ་ཡིན་ནོ། །དེ་ལྟར་མ་ཡིན་ན་ནི་བྱས་པའི་མཚན་ཉིད་ཀྱི་ཆོས་གཅིག་ཡོད་པ་ན་གཞན་མི་རྟག་པ་ཡང་ཡོད་པར་འགྱུར་རོ་ཞེས་བྱ་བའི་ངེས་པ་མེད་པའི་ཕྱིར་འཁྲུལ་བར་དོགས་པར་འགྱུར་རོ། །དེ་ལྟར་ཡིན་དང་འདི་འཁྲུལ་པ་མེད་པར་
བསྟན་པ་ཉིད་དུ་མི་འགྲུབ་བོ། །དེས་ན་འདི་ཇི་ལྟ་མི་འཁྲུལ་པར་བརྗོད་པ་དེ་གང་ལས་དེ་ལྟ་བུ་ཉིད་དུ་འགྲུབ་པ་དེ་མཚོན་པར་བྱེད་པ་ཉིད་ཡིན་ན་དེ་ལྟར་རྟོགས་པའི་རིགས་པ་དེ་ཉིད་ཀྱིས་བསྟན་པར་བྱས་པ་ཇི་ལྟར་རྟོགས་པ་དེ་ཁོ་ན་བཞིན་དུ་འགྱུར་རོ། །དེ་བཤད་པ་ནི་ཚད་
མ་དེས་ཀྱང་ཞེས་བྱ་བ་ནས་བཀག་པའི་ཕྱིར་རོ་ཞེས་བྱ་བའི་མཐར་ཐུག་པའོ། །གལ་ཏེ་གང་བྱས་པ་དེ་ཐམས་ཅད་མི་རྟག་པ་སྟེ་དཔེར་ན་བུམ་པ་བཞིན་ནོ་ཞེས་བསྟན་པ་ཉིད་ཀྱིས་དེ་ལྟར་འགྲུབ་ན་གཞན་མཚོན་པར་བྱེད་པ་ལ་མི་ལྟོས་པར་འགྱུར་རོ། །ཅི་སྟེ་ཡང་རང་
ཉིད་མ་གྲུབ་ཅིང་ནུས་པ་གཞན་ཡང་མཚོན་པར་མི་བྱེད་པ་ནི་ཐེ་ཙོམ་ཟ་བ་ཡང་ངེས་པ་དང་ལྡན་པ་ཉིད་དུ་བསྟན་པར་འགྱུར་བའི་ཕྱིར་དེ་ཇི་ལྟ་བ་བཞིན་མ་ཡིན་པ་ཁོ་ནར་བསྟན་པར་འགྱུར་རོ། །ནུས་པའི་རིགས་པ་མཚོན་པར་བྱེད་པས་ནི་དེའི་རྩ་བ་ཅན་གྱི་བསྟན་པ་དེ་ལྟ་བུ་
ཁོ་ནའོ་ཞེས་བྱ་བར་གྲུབ་པ་ཁོ་ནའོ། །འདི་ལྟར་དཔེས་ནི་འདི་ན་ཇི་ལྟ་བར་ཐམས་ཅད་དུ་དེ་བཞིན་ནོ་ཞེས་མངོན་སུམ་གྱི་བྱེད་པ་ཉེ་བར་སྡུད་པ་ཡིན་ནོ། །མངོན་སུམ་ཙམ་ནི་ནུས་པ་མ་ཡིན་ཏེ། གཅིག་ཏུ་ཅི་ཞིག་ལྟར་ཉམས་སུ་མྱོང་བས་ཐམས་ཅད་དུ་དེ་ལྟ་བུ་ཉིད་དུ་མི་
འགྲུབ་པའི་ཕྱིར་རོ། །དེས་ན་ཇི་ལྟར་དཔེ་མེད་པའི་སྒྲ་ཉིད་ཀྱིས་བརྗོད་ན་སྒྲ་ནུས་པ་མེད་པའི་ཕྱིར་ཇི་ལྟ་བ་བཞིན་རྟོགས་པ་མེད་པ་དེ་བཞིན་དུ། དཔེས་ཀྱང་ཕྱོགས་གཅིག་པའི་མངོན་སུམ་ཉེ་བར་ལེན་ན་མི་རྟོགས་པ་ཁོ་ནའོ། །དེས་ན་ངག་བཞིན་དུ་མངོན་སུམ་ཡང་
འདི་ལ་ནུས་པ་མེད་པ་དེས་ན་ནུས་པ་མཚོན་པ་ཉིད་དེའི་བྱེད་པ་ཡིན་ནོ། །དཔེ་ནི་འབྲེལ་པ་མཚོན་པར་བྱེད་པ་ཉིད་ཡིན་གྱི་སྟོན་པར་བྱེད་པ་ནི་མ་ཡིན་ཏེ། དེ་བཞིན་དུ་ངེས་པ་དང་ལྡན་པར་རྟོགས་པ་དེ་མེད་ན་མེད་པའི་ཕྱིར་རོ། །བསྟན་པ་ནི་འདིར་ཇི་ལྟ་བ་བཞིན་ནོ་ཞེས་བྱ་
Vol. 182 · folio 109a
བ་འདི་ཙམ་ཞིག་རྟོགས་པ་ཡིན་གྱི་འབྲེལ་པ་ནི་མ་ཡིན་ནོ། །དེར་དེའི་བདག་ཉིད་འཛིན་པའི་ཚད་མ་འཇུག་པ་ཡང་མ་ཡིན་ཏེ། འདིར་ཆོས་གཞན་གཞན་གྱི་བདག་ཉིད་ཀྱི་ཆོས་ཉིད་རྟོགས་ཀྱི། ཆོས་ཅན་ངེས་པ་ལ་བརྟེན་པ་ཉིད་དུ་ནི་མ་ཡིན་པའི་ཕྱིར་རོ། །
ངེས་པའི་ཆོས་ཅན་ཡང་དཔེར་བརྗོད་པ་མ་ཡིན་ནོ། །འབྲས་བུའི་གཏན་ཚིགས་ལ་ཡང་གང་ན་དུ་བ་ཡོད་པ་དེ་ན་མེ་ཡོད་དེ། དཔེར་ན་ཚང་བང་བཞིན་ནོ་ཞེས་བྱ་བ་འདི་ནི་འབྲེལ་པ་མ་ཡིན་ནོ། །དུ་བ་ཡོད་ན་མེ་ཡོད་ན་ནི་འབྲལ་པ་མ་ཡིན་ཏེ། འོན་ཀྱང་མེ་ཡོད་ན་དུ་བ་ཡོད་པའོ། །
གལ་ཏེ་འབྲེལ་པ་འཛིན་པའི་ཚད་མའི་ཡུལ་ཉིད་ཀྱིས་ཚང་བང་ཉེ་བར་ལེན་པ་ཡིན་ན་ནི་འབྲེལ་པ་ཇི་ལྟ་བ་བཞིན་འགྱུར་གྱི་བཟློག་པར་ནི་མ་ཡིན་ནོ། །དེ་ན་འདིར་ཡང་ཆོས་མཐུན་པ་ཉིད་ཅན་གྱི་དཔེས་རྗེས་སུ་འགྲོ་བ་ཉིད་སྟོན་པ་ན་དེ་དག་གཞན་དུ་མི་འཐད་པས་འཕངས་པ་འབྲེལ་
པ་ཉེ་བར་སྟོན་པར་བྱེད་པ་ཡིན་ནོ། །དེ་ཡང་གལ་ཏེ་ཆོས་ཅན་དེ་ཉིད་ལ་མཐོང་བ་ཡིན་ན་དེ་ཉིད་དེ་འཛིན་པའི་ཚད་མའི་ཡུལ་དུ་འགྱུར་རོ། །ཅི་སྟེ་གཞན་དུ་རྒྱུ་དང་འབྲས་བུའི་དངོས་པོ་བཟུང་ལ་དེ་ཡང་ཤེས་བཞིན་པ་ཉིད་གང་ན་དུ་བ་ཡོད་ན་མེ་ཡོད་པར་དམིགས་པར་འགྱུར་
བ་དེ་དཔེར་བྱེད་ན་ནི་དེའི་ཚེ་འབྲེལ་པ་འཛིན་པའི་ཚད་མའི་ཡུལ་གཞན་ཉིད་ཡིན་ལ། དཔེ་ཡང་གཞན་ཉིད་ཡིན་པར་གསལ་ཏེ། གལ་ཏེ་འདི་དཔེ་མེད་པའི་ངག་གིས་ཀྱང་མཚོན་པར་ནུས་པའི་ཕྱིར་དཔེས་དོན་མེད་དོ་ཞེ་ན་མ་ཡིན་ཏེ། དཔེ་ཡོད་ན་ངག་དེར་མཐར་ཐུག་པར་འགྱུར་
བའི་ཕྱིར་རོ། །དཔེས་སྟོང་པ་ནི་ཉེ་བར་དགོད་པ་མ་ཡིན་ཏེ་འགལ་བ་མེད་པའི་ཕྱིར་དང་རྟོགས་པར་བྱེད་པའི་ཚུལ་མི་འདྲ་བའི་ཕྱིར་རོ། །དེའི་ཕྱིར་དེ་སྟོན་པའི་ངག་ལས་ཆོས་མཐུན་པའི་དཔེ་གཞན་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དམ་བཅའ་བ་ལ་སོགས་པ་ལྟར་སྦྱོར་བར་བྱེད་
པ་མ་ཡིན་པས་མི་བརྗོད་པ་གསལ་བ་ཡིན་ཏེ་རྗེས་སུ་འགྲོ་ལྡོག་གི་ངག་གི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་རང་བཞིན་གྱི་གཏན་ཚིགས་ཆ་དེའི་ངོ་བོར་སྟོན་པ་དཔེའི་བྱེད་པ་ཡིན་པར་བསྟན་ནས། འབྲས་བུའི་གཏན་ཚིགས་ལ་བཤད་པ། ཡང་ན་དཔེ་ལ་
Vol. 182 · folio 109b
བསྒྲུབ་པར་བྱ་བའི་ཆོས་ནི་དངོས་པོ་ཐ་དད་པ་ལ་འབྲས་བུའི་མཚན་ཉིད་དོན་གཞན་གྱི་རྒྱུ་དངོས་པོར་སྟོན་ཏོ། །གང་གི་ཚེ་དཔེས་དུ་བ་ཡོད་ན་མེ་ཡོད་པར་བསྟན་ནས་སྔར་བཤད་པའི་ཚུལ་དུ་དུ་བ་ལ་སོགས་པ་དོན་གཞན་དུ་གྱུར་པ་ལ་རྒྱུའི་དངོས་པོ་ཉིད་དུ་བསྟན་པར་གྱུར་པ་ཡིན་ཏེ།
དེ་ལྟར་བཤད་པ་ནི་དེ་ཡོད་པ་ཉིད་ན་ཡོད་པའི་ཕྱིར་རོ་སྟེ། དེ་ཡོད་ན་ཡོད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྗེས་སུ་འགྲོ་བ་བསྟན་པས་མེ་དུ་བའི་རྒྱུ་ཡིན་ནོ་ཞེས་བྱ་བར་རྟོགས་པ་ཡིན་ཏེ། དེ་ལྟར་རྟོགས་པ་མེད་པར་རྗེས་སུ་འགྲོ་བ་ཉིད་མི་འགྲུབ་པའི་ཕྱིར་རོ། །ད་ནི་
ཆོས་མི་མཐུན་པའི་དཔེས་ཀྱང་འབྲེལ་པ་གྲུབ་པ་ཉིད་དུ་སྟོན་པ་ནི། དེ་ལྟར་ཞེས་བྱ་བའོ། །དེའི་ངོ་བོ་དེའི་བདག་ཉིད་དང་རྒྱུ་དང་འབྲས་བུའི་ངོ་བོ་དེ་དག་རབ་ཏུ་གྲུབ་པ་ཡིན་ན་ཆོས་མི་མཐུན་པའི་དཔེ་ལ་ལྡོག་པ་རབ་ཏུ་གྲུབ་པོ། །ཆོས་མི་མཐུན་པའི་དཔེ་ནི་ལྡོག་པ་བསྟན་པའི་
དོན་ཡིན་ལ། དེ་ཡང་འབྲེལ་བ་གྲུབ་ན་འགྲུབ་བོ། །དེས་ན་དེ་ནི་དེ་ཉིད་མཚོན་པ་ན་ལྡོག་པ་སྟོན་པ་ཡིན་ནོ། །གཏན་ཚིགས་གཉི་གར་ཡང་ལྡོག་པའི་རང་གི་ངོ་བོ་ཉིད་བཤད་པ་ནི། མི་རྟག་པ་ཉིད་མེད་ན་ཞེས་བྱ་བ་ཡིན་ནོ། །དེ་ཡང་འབྲེལ་པའི་རྩ་བ་ཅན་ཉིད་དུ་སྟོན་པ་ནི་འདི་
ལྟར་ཞེས་བྱ་བ་ཡིན་ནོ། །གལ་ཏེ་ཆོས་མཐུན་པ་དང་མི་མཐུན་པ་ཅན་གྱི་ངག་དག་ལས་དེ་དག་གི་དཔེ་ཐ་མི་དད་ན་རང་གི་དོན་གྱི་རྗེས་སུ་དཔག་པ་ལ་མེད་པར་འགྱུར་རོ་ཞེ་ན། འདི་ལ་བཤད་པ། ཇི་ལྟར་སྦྱོར་བ་མཐོང་བ་གོམས་པ་ལས་རང་གི་དོན་གྱི་རྗེས་སུ་དཔག་པར་སྒྲ་
མེད་ཀྱང་སྒྲའི་རྟོགས་པའི་ཚུལ་དུ་འཕེན་པར་བྱེད་པ་དང་འཕང་བར་བྱ་བའི་ངོ་བོར་ཆོས་མཐུན་པའམ་མི་མཐུན་པར་ཁྱབ་པ་རྟོགས་པ་དེ་བཞིན་དུ་དཔེ་སྟེང་ཐོགས་སུ་ངེས་པ་ཇི་ལྟར་བསྟན་པའི་མེད་ན་མི་འབྱུང་བའི་ངོ་བོར་གྱུར་པ་ཡིན་ནོ། །དེའི་ཕྱིར་དཔེ་ལ་ཁྱབ་པ་བརྗོད་པ་
ལས་ལྷག་པའི་ཉེ་བར་སྦྱོར་བ་ནི་མེད་དོ། །དེ་ཉིད་ཀྱི་ཕྱིར། གཏན་ཚིགས་མཚན་ཉིད་གསུམ་ཉིད་ལས། དཔེ་ནི་ལོགས་སུ་བརྗོད་མ་ཡིན། །ཞེས་བཤད་དོ། །རྣམ་པ་འགའ་ཞིག་ལྟར་ཡང་ཉེ་བར་སྦྱོར་ན་ནི་མཚན་ཉིད་གསུམ་བརྗོད་པ་ཡང་ལོགས་སུ་བརྗོད་པར་འགྱུར་
Vol. 182 · folio 110a
རོ། །འབྲེལ་པ་གྲུབ་པས་ལྡོག་པ་གྲུབ་པའི་ཕྱིར་གཞི་མེད་ཀྱང་གཏན་ཚིགས་ཀྱི་ལྡོག་པ་རབ་ཏུ་འགྲུབ་པར་འགྱུར་རོ། །གང་གི་ཚེ་དཔེ་ལ་དེ་ལྟར་དམིགས་པ་དང་མ་དམིགས་པ་དག་གིས་ཁྱབ་པ་འགྲུབ་པ་དེའི་ཚེ་ནི་གཞི་མེད་པར་ལྡོག་པར་མི་འགྱུར་ཏེ།
མི་རྟག་པ་མེད་པའི་ཕྱིར་རྟའི་རྭ་ལ་སོགས་པ་ལ་བྱས་པ་མེད་པ་ཡིན་ནམ་འོན་ཏེ་རྟའི་རྭ་ཉིད་མེད་པའི་ཕྱིར་དངོས་པོའི་ཆོས་ཉིད་ཀྱིས་བྱས་པ་ཉིད་དང་མི་ལྡན་པ་ཡིན་ནོ་ཞེས་སོ། །དེས་ན་དེ་མེད་པའི་ཕྱིར་དེ་ལ་མེད་པའི་ཕྱིར་འདི་ཅིར་ཡང་མི་རུང་ངོ་། །དེ་མེད་པ་ཉིད་ཀྱིས་མི་འཇུག་པ་ཡིན་
གྱི་མི་རྟག་པ་མེད་པའི་ཕྱིར་ནི་མ་ཡིན་ནོ་ཞེས་མི་འཇུག་པ་གཞན་དུ་གྲུབ་པས་ན་ལྡོག་པ་མ་ངེས་པ་ཉིད་དུ་འགྱུར་རོ། །གང་གི་ཚེ་གཞི་ཡོད་ཀྱང་དེ་ཙམ་ལ་བསྒྲུབ་བྱ་མེད་ན་མེད་པ་ངེས་པའི་རྟེན་མ་ཡིན་པའི་ཕྱིར་དཔེ་ལ་གནས་པའི་ངེས་པས་དོན་འགའ་ཡང་མེད་པ་དེའི་ཚེ་དེར་
ཡང་གཉི་ག་འདོད་རྒྱལ་བར་མེད་པ་ཡིན་ནོ་ཞེས་དོགས་ལ་འདིར་ཡང་དངོས་པོའི་ཆོས་ཡིན་པའི་ཕྱིར་མེད་པ་རི་བོང་གི་རྭ་ལ་སོགས་པ་ལ་བྱེད་པ་ཡིན་ནོ་ཞེས་དོགས་པས་གཞི་མེད་ཀྱང་ཁྱད་པར་མེད་ལ། སྒྲ་བཞིན་དུ་མངོན་སུམ་ཡང་རང་ཉིད་ངེས་པའི་རང་བཞིན་ཡིན་པ་ཡལ་བར་
དོར་ཏེ་ངེས་པའི་རྒྱལ་མཚན་མཚོན་པར་བྱེད་པ་ཉིད་ཀྱིས་ངེས་པར་བྱེད་པ་ཡིན་པ་ན་གཞི་ཡོད་པ་དང་མེད་པ་དག་ལ་ཁྱད་པར་ཡོད་པ་མ་ཡིན་ནོ། །གལ་ཏེ་དཔེ་དང་བཅས་པའི་ཁྱབ་པར་བརྗོད་པ་ཡང་དོན་མ་ངེས་པ་ཉིད་ཀྱིས་འབྲེལ་པ་ཉིད་མཚོན་པ་ན་ངེས་པར་འགྱུར་བ་ཡིན་པ་ན་འོ་ན་
འབྲེལ་པ་དེ་ཉིད་མཚོན་པར་བྱ་བའི་ཁྱབ་པ་བརྗོད་པས་ཅི་བྱ་ཞེ་ན། ཇི་ལྟར་འབྲེལ་པ་ཡོད་ཀྱང་རྗེས་སུ་འགྲོ་བ་དང་ལྡོག་པས་ཆོད་པས་བསྒྲུབ་པར་བྱ་བ་རྟོགས་པ་འདི་ནི་གཏན་ལ་ཕབ་ཟིན་ཏོ། །དེས་ན་དེའི་ཡན་ལག་དང་མི་འབྲལ་བའི་ཕྱིར་རང་དབང་མ་ཡིན་ནོ། །དེ་ལྟར་ན་ཕྱོགས་ལ་
སོགས་པའི་རྣམ་པར་དབྱེ་བ་ནི་ངག་ཙམ་གྱི་རང་བཞིན་ཉིད་མ་ཡིན་ནོ། །དངོས་པོའི་ཡན་ལག་ཏུ་མ་གྱུར་པ་བརྡ་ཙམ་གྱིས་ནི་བསྟན་བཅོས་བྱེད་པ་དག་མཚན་ཉིད་སྟོན་པ་མ་ཡིན་ནོ། །འདི་ལྟར་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པས་ནི་རྗེས་སུ་འགྲོ་
Vol. 182 · folio 110b
ལྡོག་གཉིས་བརྗོད་ལ། རྟོགས་པར་བྱ་བའི་ཆོས་ཀྱི་རྟེན་གྱིས་ནི་དེ་དག་ལས་ཕྱོགས་གཞན་ཁོ་ནའོ། །ཁྱབ་པ་སྟོན་པའི་སྐབས་སུ་ནི་ངེས་པའི་ཆོས་ཅན་འཛིན་པ་ཡན་ལག་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པར་བྱ་བ་ཉིད་དམ་དཔེ་ཉིད་ལ་ཁྱབ་པར་བརྗོད་པར་བྱའི་ཞེས་བྱ་བ་འདི་གཉི་
ག་ཡང་མ་འབྲེལ་པ་ཡིན་ཏེ། གང་དང་གང་བྱས་པ་དེ་དང་དེ་མི་རྟག་པ་ཡིན་ནོ་ཞེས་ངེས་པ་ཡོངས་སུ་འཛིན་པ་མེད་པས་ན་འདི་གང་གི་ཁྱབ་པ་མ་ཡིན་རྗེས་སུ་དཔག་པར་བྱ་བ་ཙམ་ལ་མི་བརྟེན་པའི་ཕྱིར་རོ། །ཕྱིའི་ཁྱབ་པ་ཡང་མ་ཡིན་ཏེ། དཔེ་ཙམ་ལ་མི་གནས་པའི་ཕྱིར་རོ། །
དེ་ལྟར་སྤྲོས་པས་ཆོག་གོ། །དེ་ལྟར་ན་འོ་ན་རྗེས་སུ་འགྲོ་ལྡོག་བཞིན་དུ་འབྲེལ་པ་ཡང་གཞན་གྱི་དོན་གྱི་རྗེས་སུ་དཔག་པར་བརྗོད་པར་བྱ་བ་ཡིན་པའི་ཕྱིར་ཚིག་ཡན་ལག་གསུམ་པར་མི་འགྱུར་རོ་ཞེ་ན་མ་ཡིན་ཏེ་ཁྱབ་པའི་ཚིག་རྟོགས་ན་འབྲེལ་པ་དོན་གྱིས་གོ་བའི་ཕྱིར་རོ། །
དེ་མ་རྟོགས་ན་ནི་བརྗོད་པའི་ཁྱབ་པ་ཡང་མི་རྟོགས་པས་དེ་བརྗོད་པ་དོན་མེད་པར་འགྱུར་བའི་ཕྱིར་རོ། །འབྲེལ་པ་ནི་གཏན་ཚིགས་ཀྱི་མཚན་ཉིད་མ་ཡིན་གྱི་འོན་ཀྱང་ཚུལ་གསུམ་ཉིད་ཡིན་པས་འདི་ཚུལ་གཞན་དུ་མི་འགྱུར་རོ། །དེས་ན་དེ་ལྟར་དེ་དག་མེད་ནའང་དེ་མེད་ཅེས་བྱ་བ་གཞུང་གཟུགས་པའི་ཕྱིར་
མི་མཁས་པའི་དབང་དུ་བྱས་ཏེ་གཞི་མེད་པར་ཡང་ཞེས་བྱ་བ་འདིའི་མཐར་ཐུག་པར་དཔེའི་དགོས་པ་འབྲེལ་པ་ཙམ་ཡིན་པར་བརྗོད་པ་ཡིན་ནོ། །མཁས་པའི་དབང་དུ་བྱས་ནས་ཀྱང་གཞུང་གཟུགས་པའི་ཕྱིར་གང་དག་ལ་ཞེས་བྱ་བ་སྨོས་སོ། །གང་དག་ལ་དེའི་ངོ་བོ་དང་
རྒྱུའི་དངོས་པོ་དེའི་བདག་ཉིད་དང་དེ་ལས་བྱུང་བ་རབ་ཏུ་གྲུབ་པ་ལའོ། །མཁས་པའི་དབང་དུ་བྱས་ནས་ཚུལ་གཞན་དུ་བསྟན་པའི་ཕྱིར་རོ་ཞེས་སྨོས་སོ། །འབྲེལ་པ་རིག་པའི་མཁས་པ་དེ་རྣམས་ལ་ནི་འབྲེལ་པ་རབ་ཏུ་སྟོན་པའི་ཐབས་དང་འབྲེལ་བ་གཏན་ཚིགས་
འབའ་ཞིག་བརྗོད་པར་ཟད་དོ། །གཏན་ཚིགས་ནི་བརྗོད་ལ་འབྲེལ་པ་རབ་ཏུ་སྟོན་པའི་ཐབས་དང་བྲལ་བ་ཞེས་བྱ་བས་ནི་ཕྱོགས་ཀྱི་ཆོས་ཙམ་འབའ་ཞིག་བརྗོད་པར་བྱའོ་ཞེས་བཤད་པར་འགྱུར་རོ། །ཚུལ་གསུམ་མེད་ན་རྟགས་ཉིད་དུ་མི་འགྱུར་བའི་ཕྱིར་རོ། །འདི་
Vol. 182 · folio 111a
སྐད་བརྗོད་པ་ཡིན་ཏེ། མཁས་པའི་དབང་དུ་བྱས་ནས་ནི་གཏན་ཚིགས་ཙམ་བརྗོད་པ་ཉིད་རིགས་པའི་ཕྱིར་དཔེ་ཉིད་ཀྱིས་ཅུང་ཟད་ཀྱང་བྱར་མེད་པའི་ཕྱིར་གཞིས་ནི་གསལ་བར་ཡང་བྱར་མེད་དོ། །འདི་ལྟར་མེ་དུད་ཀྱི་འབྲེལ་པ་རིག་པའི་མེ་དོན་དུ་གཉེར་
བ་དམིགས་ནས་གང་ན་དུ་བ་འདི་ཡོད་པ་དེར་སོང་ཤིག་ཅེས་བརྗོད་པ་ཡིན་ནོ། །དེས་ན་མི་མཁས་པ་འབྲེལ་པ་མི་རྟོགས་པ་ལ་དེ་དག་མེད་ན་དེ་མེད་ཅེས་བརྗོད་པ་ཙམ་གྱིས་འགྱུར་བའི་ཆོས་མི་མཐུན་པའི་དཔེ་དང་། ཆོས་མཐུན་པའི་དཔེའི་གཞི་དོན་མེད་དོ། །མཁས་པ་ལ་ནི་
བརྗོད་པ་དང་དཔེའམ་དེའི་གཞི་ཡང་རུང་སྟེ། འདི་ཐམས་ཅད་དགོས་པ་མེད་དོ་ཞེས་གང་གི་དོན་དུ་ཞེས་བྱ་བ་ལ་སོགས་པས་འཆད་དོ། །ལྡོག་པ་ནི་འབྲེལ་པ་རབ་ཏུ་བསྟན་པའི་དོན་ཡིན་ན་དེ་ནི་གྲུབ་པ་དེས་ན་དེ་གྲུབ་པ་དེའི་ཚེ་དཔེ་བརྗོད་པས་ཅི་ཞིག་བྱ། དེ་ལྟ་ཡིན་དང་སྐབས་
ཀྱི་དོན་གྲུབ་པ་ཉིད་དོ་ཞེས་བཤད་པ་ནི་དེ་རབ་ཏུ་བསྟན་ན་ཡང་ཞེས་བྱ་བ་ཡིན་ནོ། །དཔེ་བརྗོད་པ་ཉིད་དགོས་པ་མེད་ན་དེ་རབ་ཏུ་བསྟན་པ་ཡིན་ན་འགྱུར་བའི་ཆོས་མི་མཐུན་པའི་དཔེ་གཞི་གང་ཡིན་པ་དེ་ཡང་དོན་མེད་པ་ཁོ་ནའོ། །དཔེ་བརྗོད་ན་དེའི་ཚེ་གཞིའི་ཡུལ་ཅན་གྱིས་
དཔྱོད་པ་འཇུག་པ་ཞིག་ན་དེ་བརྗོད་པ་ཡང་མེད་ན་ནི་གཞི་ཉེ་བར་མཁོ་བ་མེད་པར་གདོན་མི་ཟ་བ་ཁོ་ནའོ། །སློབ་དཔོན་ཡང་འདི་བཞེད་པ་ཡིན་ནོ་ཞེས་བཤད་པ་ནི་སྙམ་དུ་དགོངས་ཤིང་བྱ་བའོ། །འོ་ན་གང་གི་ཚེ་ཕྱིར་རྒོལ་བ་ནམ་མཁའ་ལ་སོགས་པའི་རྟག་པ་ཁས་མི་ལེན་
པའི་ཚེ་ཇི་ལྟར་རྟག་པ་ལ་བྱས་པ་ཉིད་ལྡོག་ཅེ་ན་ཞེས་དོགས་པ་བསུ་ནས་དེའི་ཐེ་ཚོམ་ཉིད་མེད་དེ། དེ་མེད་པས་དེ་ལ་མི་འཇུག་པའི་ཕྱིར་རོ་ཞེས་སློབ་དཔོན་ཕྱོགས་ཀྱི་གླང་པོ་གཞི་སྤོང་བར་མཛད་དོ། །དེས་ན་དེ་ལྟར་དཔེ་མེད་པ་གཞི་སྤོང་བར་གསུངས་པས་འབྲེལ་པ་
བཞེད་པ་ཁོ་ནའོ་ཞེས་བསྟན་ནས་ཚུལ་གཞན་གྱིས་ཀྱང་སློབ་དཔོན་འབྲེལ་པ་ཞལ་གྱིས་བཞེས་པར་སྟོན་པ་ནི་དེ་ཉིད་ཀྱི་ཕྱིར་ཞེས་བྱ་བའོ། །དཔེ་ལ་དེའི་ངོ་བོ་དང་། རྒྱུའི་དངོས་པོ་སྟོན་པའི་མཚན་ཉིད་གང་གིས་གཞི་སྤོང་བར་བཤད་པའི་གཏན་ཚིགས་དེ་ཉིད་ཀྱི་
Vol. 182 · folio 111b
ཕྱིར་གང་གིས་འབྲེལ་པ་ཤེས་པའི་རྟོགས་པ་པོ་དེ་ལ་གཉིས་ལས་ཞེས་བྱ་བ་སྐབས་སུ་བབས་པའི་དཔེ་གཉིས་ཀྱི་ནང་ནས་གང་ཡང་རུང་བ་ཞིག་སྨྲས་པས་དོན་གྱིས་གོ་བས་ཤུགས་ཀྱིས་ཐོབ་པ་དེ་རྒྱུར་གྱུར་པས་དྲན་པ་ཡང་དག་སྐྱེ་བར་འགྱུར་རོ། །འདི་སྐད་བརྗོད་པ་ཡིན་ཏེ་གང་གི་
ཚེ་དཔེ་འབྲེལ་པ་རབ་ཏུ་སྟོན་པར་བྱེད་པ་དེའི་ཚེ་དེ་རྣམ་པ་གཉིས་ཡིན་ཡང་གང་ཡང་རུང་བ་ཞིག་བརྗོད་པས་འབྲེལ་བ་ཤེས་པ་ན་དཔེ་གཉིས་པ་ལས་དྲན་པ་ཉེ་བར་སྐྱེ་བར་འགྱུར་རོ། །འདི་ཉིད་སྟོན་པ་ནི་ཡང་ན་ཞེས་བྱ་བའོ། །ཡང་ན་དོན་གྱིས་གོ་བས་གང་ཡང་རུང་བས་གཉི་ག་
རབ་ཏུ་བསྟན་པའི་ཕྱིར་རོ་ཞེས་བཤད་པ་གང་ཡིན་པ་སྟེ་སྔར་བཤད་པ་འབའ་ཞིག་ཏུ་མ་ཟད་ཀྱི་དེར་ཡང་སློབ་དཔོན་དཔེས་དེའི་ངོ་བོ་དང་རྒྱུའི་དངོས་པོ་སྟོན་པར་དགོངས་ཏེ། དོན་གྱིས་གོ་བས་གཅིག་བརྗོད་པས་དཔེ་ཅིག་ཤོས་འགྲུབ་པར་བཤད་དོ། །ཡང་ཇི་ལྟར་ན་དཔེ་དེའི་ངོ་བོ་དང་
རྒྱུའི་དངོས་པོ་སྟོན་པ་ཡིན་ལ། དོན་གྱིས་གོ་བས་གཞན་དྲན་པར་ཡང་ཇི་ལྟར་འགྱུར་ཞེ་ན་འདི་ལྟར་ཞེས་སྨོས་སོ། །འབྲེལ་པ་ཉེ་བར་སྟོན་པ་མདོར་བསྡུས་ནས་བཤད་ཀྱང་རྒྱས་པར་འཆད་དོ། །གང་བྱས་པ་དེ་ནི་མི་རྟག་པའོ་ཞེས་སྨྲས་ན་ཞེས་བྱ་བས་ནི་ཆོས་མཐུན་པ་
བསྟན་ཏོ། །དཔེའི་སྐབས་ཡིན་ཡང་ཆོས་མཐུན་པ་ཙམ་བརྗོད་པ་ནི་ཇི་སྐད་བརྗོད་པའི་ཚུལ་དུ་དཔེ་ཐ་དད་པ་མ་ཡིན་པར་བསྟན་པའི་དོན་དུའོ། །གསལ་བར་ཏེ་གདོན་མི་ཟ་བར་མི་རྟག་པ་གང་ཡིན་པ་འདི་ནི་བྱས་པ་འདིའི་ངོ་བོ་ཉིད་དོ། །ངོ་བོ་ཞེས་བྱ་བ་འདི་ཅི་ཞིག་ཅེ་ན་བཤད་པ་དེ་ཙམ་དང་
འབྲེལ་པའོ། །གང་ཞིག་གང་ཡོད་པ་ཙམ་དང་འབྲེལ་པ་དེ་ནི་དེའི་ངོ་བོ་ཡིན་ལ། མི་རྟག་པ་ཉིད་ཀྱང་བྱས་པ་ཡོད་པ་ཙམ་དང་འབྲེལ་པ་ཡིན་ནོ། །གལ་ཏེ་གང་བྱས་པ་དེ་ནི་མི་རྟག་པའོ་ཞེས་སྨྲས་ན་ནི་འདིའི་ངོ་བོ་ཉིད་དོ་ཞེས་རྟོགས་པར་ཇི་ལྟར་འགྱུར་ཞེ་ན། དེ་ཡོད་པར་ངེས་
པའི་ཕྱིར་རོ་ཞེས་སྨོས་སོ། །མི་རྟག་པ་དེ་ཡོད་པར་ངེས་པའི་ཕྱིར་འདི་དེའི་ངོ་བོ་ཡིན་ནོ་ཞེས་ཤེས་སོ། །གང་བྱས་པ་དེ་མི་རྟག་པའོ་ཞེས་བྱ་བ་ལ་མི་རྟག་པ་ཉིད་ཡོད་པ་ངེས་པར་རྟོགས་ཏེ། གང་བྱས་པ་ཞེས་བྱས་པ་མཐའ་དག་ཡོངས་སུ་བཟུང་ནས་བསྟན་པའི་ཕྱིར་རོ། །འདི་སྐད་
Vol. 182 · folio 112a
བརྗོད་པ་ཡིན་ཏེ། བྱས་པ་ལས་མི་ལྡོག་པ་ངེས་པར་བསྟན་པས་མི་རྟག་པ་དེ་ཙམ་དང་འབྲེལ་པའི་རང་བཞིན་ངོ་བོ་ཡིན་པར་རྟོགས་པ་ཡིན་ནོ། །དེའི་བདག་ཉིད་དུ་མི་ཤས་ན་དེ་ལྟར་ཉེ་བར་སྟོན་པ་མ་ཡིན་པ་དེས་ན་ཡོད་པ་བཞིན་དུ་དེའི་ངོ་བོར་ཚད་མས་མཐོང་བ་
ཉིད་དུ་དེ་ཉིད་ལས་རྟོགས་སོ། །དེ་བཤད་པ་ནི་ཚད་མས་མཐོང་བ་ཡིན་ནོ་ཞེས་བྱ་བའོ། །གལ་ཏེ་དེའི་བདག་ཉིད་མ་ཡིན་ཡང་དེ་ཡོད་པར་ངེས་པ་ཡོད་པ་མ་ཡིན་ནམ་དེས་ན་ཇི་ལྟར་དེ་ལས་དེ་ཙམ་དང་འབྲེལ་པའི་རང་གི་ངོ་བོར་རྟོགས་ཤེ་ན་དོན་ཐ་དད་པ་མེད་ན་ཞེས་སྨོས་སོ། །རེ་
ཞིག་མི་རྟག་པ་ནི་བྱས་པ་ལས་གཞན་མ་ཡིན་ནོ། །གཞན་མ་ཡིན་པ་དེ་ཡོད་པར་ངེས་པ་གང་ཡིན་པ་དེ་ནི་ཆོས་གཅིག་གི་བདག་ཉིད་དུ་གོ་བར་བྱེད་དོ། །གཞན་མ་ཡིན་ཡང་བྱས་པ་རྩོལ་བ་ལས་བྱུང་བ་ལ་ངེས་པ་མ་ཡིན་པའི་ཕྱིར་རོ། །དེས་ན་ཇི་སྐད་བསྟན་པའི་རྗེས་སུ་འགྲོ་བ་བརྗོད་ན་
དེའི་བདག་ཉིད་དུ་རྟོགས་པར་འགྱུར་རོ། །དེ་བས་ན་དེའི་ངོ་བོ་ཡིན་ནོ་ཞེས་དེའི་བདག་ཉིད་དུ་ཤེས་པས་ན་དོན་གྱི་རང་བཞིན་རྣམ་པར་དཔྱོད་པའི་དོན་གྱིས་གོ་བས་མི་རྟག་པ་ཉིད་མེད་ན་བྱས་པ་ཉིད་མེད་དོ་ཞེས་བྱ་བར་འགྱུར་རོ། །མི་རྟག་པ་ཉིད་མེད་ན་བྱས་པ་མེད་དོ་ཞེས་རྟོགས་
པའི་བྱེད་པ་ཡང་ཡོད་ལ། རྣམ་པ་འདི་ལྟ་བུའི་ངག་གི་དོན་གྱི་རྣམ་པའི་དོན་ཀྱང་ཡོད་པ་ཡིན་ནོ། །དེས་ན་ཞེས་བྱ་བའི་སྒྲ་དོན་འཛིན་པའི་བདག་ཉིད་ཡིན་ན་ནི་དེའི་ངོ་བོར་ཤེས་པ་ལ་དེ་ལྟ་བུའི་དོན་དུ་འགྱུར་བར་བརྗོད་པར་འགྱུར་ན། དེ་ནི་དེའི་ཅི་ཡང་མ་ཡིན་ནོ། །དེས་ན་རྟོགས་པའི་
བྱེད་པ་ཉིད་ཀྱིས་རྣམ་པ་དེ་ལྟ་བུའི་ངོ་བོའི་རྟོགས་པ་བསྟན་པ་ཡིན་ཏེ་རྟོགས་པ་མེད་པ་ལ་དེ་མེད་པའི་ཕྱིར་རོ། །འདིས་ནི་རྗེས་སུ་འགྲོ་བ་བརྗོད་པ་ཉིད་ཀྱིས་ལྡོག་པ་འཕངས་པ་ཡིན་ནོ། །དེས་ན་དེའི་ངོ་བོར་ཤེས་པ་ཞེས་བརྗོད་པར་བྱ་བ་ཁོ་ནའོ། །འདི་ལྟར་གལ་ཏེ་མི་རྟག་པ་
མེད་པར་ཡང་བྱས་པ་ཡོད་ན་ནི་གང་བྱས་པ་དེ་མི་རྟག་པའོ་ཞེས་བྱ་བ་ཉིད་དུ་མི་འགྱུར་ཏེ། བྱས་པ་རྟག་པ་ཡོད་པའི་ཕྱིར་རོ། །དེས་ན་རྗེས་སུ་འགྲོ་བ་ཉིད་ཀྱིས་ལྡོག་པ་འཕངས་པས་འབྲེལ་པ་མདུན་དུ་འགྲོ་བ་ལ་མི་ལྟོས་སོ། །དེ་བཞིན་དུ་རྗེས་ཐོགས་སུ་སྟོན་པར་འགྱུར་
Vol. 182 · folio 112b
བའི་ལྡོག་པ་ཡང་ངོ་ཞེས་དེའི་དགོངས་པ་འདི་ཡིན་ཏེ་གལ་ཏེ་ཡང་འགའ་ཞིག་ཏུ་བྱས་པ་ཡོད་པར་མི་རྟག་པ་ཡོད་པར་འགྱུར་བས་བྱས་པ་དེ་མི་རྟག་པ་ཞེས་བྱ་བ་ཡིན་མོད་ཀྱི། དེ་ལྟ་ན་ཡང་གང་བྱས་པ་ཞེས་དེ་ལྟར་ཁྱབ་པ་མི་འགྲུབ་པོ། །གལ་ཏེ་དེ་ལྟར་བརྗོད་པ་ཙམ་གྱིས་
དེ་ལྟ་ཡིན་པར་འགྱུར་ན་ཁྱབ་པ་བརྗོད་པས་ལྡོག་པ་འཕེན་པར་འགྱུར་རོ་འབྲེལ་པ་ཉིད་ལས་དེ་ལྟར་འགྱུར་བ་ཡིན་ཏེ་དེས་ན་གཅིག་གིས་གཞན་འབྲེལ་བའི་སྒོ་ཁོ་ན་ནས་འཕེན་ཏོ། །དེ་ལྟ་ན་ནི་འབྲེལ་པ་ལས་རྗེས་སུ་འགྲོ་བ་ཡིན་ལ་རྗེས་སུ་འགྲོ་བ་ཉིད་ཀྱིས་ཀྱང་ལྡོག་པ་འཕེན་
པར་འགྱུར་གྱིས་རྗེས་སུ་འགྲོ་བས་ནི་འབྲེལ་པ་རྟོགས་ལ་དེ་ལ་ལྡོག་པ་འཕེན་པ་ནི་མ་ཡིན་ནོ། །འདི་ལྟར་བྱས་པ་ཐམས་ཅད་མི་རྟག་ཅེས་འབྲེལ་པ་ལ་དོན་གྲུབ་ན། གང་གི་ཕྱིར་བྱས་པ་ཐམས་ཅད་མི་རྟག་པ་ཡིན་པ་དེ་ཉིད་ཀྱི་ཕྱིར་མི་རྟག་པ་མེད་ན་བྱས་པ་མེད་དོ་ཞེས་
འགྲུབ་བོ་ཞེ་ན་འདི་ལ་བརྗོད་པ། འདིར་གཅིག་ནི་བརྗོད་པའི་སྒོ་ནས་འཕེན་ལ་གཞན་ནི་ཚད་མའི་སྒོ་ནས་སོ། །དེས་ན་གལ་ཏེ་བྱས་པ་ཐམས་ཅད་མི་རྟག་ཅེས་བྱ་བས་ལྡོག་པ་འཕེན་པ་དེ་ལྟ་ན་ཡང་ཐབས་གང་གི་གཞི་ལས་རྗེས་སུ་འགྲོ་བ་གྲུབ་པ་ཐབས་དེའི་གཞིར་གྱུར་
པ་ཉིད་ཀྱིས་ལྡོག་པ་ཡིན་ནོ། །དེས་ན་དེ་ཉིད་ཀྱི་དེ་འཕེན་ཏོ། །དེ་ཉིད་ཀྱི་ཕྱིར་རང་གི་ངོ་བོར་མེད་པར་ཡོད་པར་འགྱུར་ན་ནི་མ་ཡིན་ཏེ་ཞེས་སྨོས་སོ། །མི་རྟག་པ་བྱས་པའི་རང་གི་ངོ་བོ་ཡིན་པའི་ཕྱིར་དེའི་བདག་ཉིད་དུ་རྟོགས་ན་གང་གི་ཕྱིར་དེའི་རང་གི་ངོ་བོ་ཡིན་པ་དེའི་ཕྱིར་དེ་
མེད་ན་མེད་པར་རྟོགས་པའི་ཕྱིར་དོན་གྱི་གོ་བས་ལྡོག་པ་རྟོགས་སོ། །དེ་དེའི་རང་གི་ངོ་བོ་ཉིད་ཡིན་ན་དེ་དང་ཐ་དད་པ་མེད་པ་ཉིད་ཀྱི་རང་བཞིན་ཡིན་ནོ། །དེས་ན་མི་རྟག་པ་ཉིད་མེད་པ་གང་ཡིན་པ་དེ་ཉིད་བྱས་པ་མེད་པ་ཡིན་ནོ། །གང་གི་ཚེ་དེའི་བདག་ཉིད་རབ་ཏུ་སྟོན་པའི་
རྗེས་སུ་འགྲོ་བས་འབྲས་བུ་ལྡོག་པ་འཕེན་པར་མི་བྱེད་པ་དེའི་ཚེ་ནི་རྗེས་སུ་འགྲོ་བ་ཉིད་མི་འགྲུབ་པོ་ཞེས་བཤད་པ་ནི་དེ་ལྟ་མ་ཡིན་ན་ཞེས་བྱ་བ་ཡིན་ནོ། །ཐ་དད་པ་མེད་པ་མ་ཡིན་ན་བྱས་པ་ཡོད་ན་མི་རྟག་པ་ཉིད་ཡོད་དོ་ཞེས་བྱ་བ་ཉིད་དུ་མི་འགྱུར་རོ། །དེས་ན་དེ་ལྟར་རྗེས་སུ་
Vol. 182 · folio 113a
འགྲོ་བས་འབྲེལ་པ་རྟོགས་པར་བྱེད་པ་ན་ལྡོག་པ་འཕེན་ཏེ། དེ་ལྟ་མ་ཡིན་ན་རྗེས་སུ་འགྲོ་བ་ཉིད་མ་གྲུབ་པར་ཐལ་བའི་ཕྱིར་རོ་ཞེས་བསྒྲུབས་ནས་ཚུལ་འདི་ཉིད་ཆོས་མི་མཐུན་པ་བརྗོད་པ་ལ་ཡང་ཡོད་དོ་ཞེས་བཤད་པ་ནི། དེ་བཞིན་དུ་ཞེས་བྱ་བ་ཡིན་
ནོ། །དེར་ཇི་ལྟ་བ་བཞིན་དུ་འདིར་ཡང་དེ་མེད་ན་དེ་མེད་དོ་ཞེས་སྨྲས་ན་ལྡོག་པ་བརྗོད་པ་ཉིད་ཀྱིས་དེ་རྟོགས་པའི་ཕྱིར་དེའི་ངོ་བོ་ཉིད་དུ་རྟོགས་པས་དེའི་ངོ་བོ་ཉིད་དུ་རིག་པ་ལ་རྗེས་སུ་འགྲོ་བ་དྲན་པ་འབྱུང་ངོ་། །ཆོས་མི་མཐུན་པ་བརྗོད་པ་ལས་དེའི་བདག་ཉིད་དུ་རྟོགས་པ་དེའི་ངོ་
བོ་ཉིད་དུ་རིག་པ་འཐོབ་པོ། །རེ་ཞིག་ཐབས་གཞན་གྱིས་རྗེས་སུ་འགྲོ་བ་རྟོགས་པ་ནི་མ་ཡིན་གྱི། འོན་ཀྱང་དེའི་བདག་ཉིད་ཁོ་ནས་ཡིན་ནོ་ཞེས་བསྟན་པའི་ཕྱིར་དེའི་ངོ་བོ་ཉིད་དུ་རིག་ཅེས་བྱ་བ་དང་དེའི་ངོ་བོ་ཉིད་དུ་རྟོགས་པས་ཞེས་བཤད་དོ། །དེ་ལྟར་བརྗོད་པས་ཇི་ལྟར་དེའི་
ངོ་བོ་ཉིད་དུ་རྟོགས་པ་དེ་བཤད་པ་ནི་འདི་ལྟར་མི་རྟག་པ་ཞེས་བྱ་བའི་ཆོས་འདི་ནི་འདིའི་ངོ་བོ་ཉིད་ཡིན་ཏེ། དེས་ན་མི་རྟག་པ་ཉིད་མེད་ན་བྱས་པ་ཉིད་མེད་པ་ཡིན་ནོ། །དེ་ལྟ་མ་ཡིན་ཏེ་དེའི་བདག་ཉིད་མ་ཡིན་ན་ནི་དོན་གཞན་དེ་མེད་ན་མེད་པར་མི་རུང་བའི་ཕྱིར་རོ། །དེ་ལྟར་རྣམ་པ་
འདིས་དེའི་ངོ་བོ་ཉིད་དུ་རྟོགས་པ་ཡིན་ནོ། །ཇི་སྐད་བཤད་པའི་རྣམ་པ་ཉིད་འབྲས་བུའི་གཏན་ཚིགས་ལ་ཡང་བསྟན་པའི་ཕྱིར་དེ་བཞིན་དུ་ཞེས་སྨོས་སོ། །གང་ན་དུ་བ་ཡོད་པ་དེ་ན་མེ་ཡོད་དོ་ཞེས་སྨྲས་ན། དུ་བ་ནི་མེའི་འབྲས་བུ་ཡིན་ནོ་ཞེས་ཇི་སྐད་བརྗོད་པའི་རྗེས་སུ་འགྲོ་བས་
དེའི་འབྲས་བུ་ཉིད་དུ་ཤེས་པ་དོན་གྱིས་གོ་བས་ལྡོག་པ་རྟོགས་པར་འགྱུར་རོ་ཞེས་ཤིན་ཏུ་རིང་བར་འབྲེལ་ཏོ། །ཇི་ལྟར་དུ་བ་མེའི་འབྲས་བུ་ཡིན་ནོ་ཞེས་རྗེས་སུ་འགྲོ་བས་ཤེས་ཤེ་ན་བཤད་པ། དེས་ན་དུ་བ་ཡོད་ན་གདོན་མི་ཟ་བར་མེ་ཡོད་དོ། །དེ་ལྟ་མ་ཡིན་ཏེ་འབྲས་བུ་ཉིད་མ་
ཡིན་ན་དུ་བ་དེ་དང་འབྲེལ་པ་དེ་ཡོད་ན་ཡོད་པའི་མཚན་ཉིད་དེར་ངེས་པ་མེད་པའི་ཕྱིར་མེའི་མཚན་ཉིད་ཀྱི་ངོ་བོར་རང་དབང་ཅན་དུ་འགྱུར་རོ། །དུ་བ་ཡོད་ན་གདོན་མི་ཟ་བར་ཡོད་པ་སྤངས་ཏེ་དེ་ཡོད་ཀྱང་མེད་པར་འགྱུར་རོ་སྙམ་པར་དོགས་པའོ། །འབྲས་བུ་མ་ཡིན་པ་བྱས་པ་
Vol. 182 · folio 113b
ཡོད་ན་ཡང་མི་རྟག་པ་ཡོད་པ་མ་ཡིན་ནམ་ཞེ་ན། དོན་གཞན་ཞེས་སྨོས་སོ། །དངོས་པོ་ཐ་དད་འབྲེལ་པ་ངེས་པ་མི་འཐད་དོ། །མེ་ཡང་དུ་བ་ལས་ཐ་དད་པ་ཡིན་ནོ། །ད་ལྟ་ཡིན་དང་མེ་མེད་ཀྱང་དུ་བ་ཡོད་པར་འགྱུར་རོ་ཞེས་བཤད་པ་ནི། དེས་ན་ཞེས་བྱ་བའོ། གང་གི་ཕྱིར་མེ་རང་
དབང་དུ་འགྱུར་ཏེ་དུ་བ་ཡོད་པ་ཡིན་ཡང་མེད་པ་དེས་ན་དུ་བ་ཡོད་ཀྱང་མེ་མེད་པའི་ཕྱིར་དུ་བ་འབའ་ཞིག་ཏུ་གྱུར་པས་ན་མེ་མེད་ཀྱང་དུ་བ་མེད་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། རང་གི་ངོ་བོ་མ་ཚང་བ་མེད་པའི་ཕྱིར་རོ། །གང་གི་ཚེ་མེ་ལས་དུ་བའི་རང་གི་ངོ་བོ་མཐོང་བས་དུ་བ་མེའི་
གཞན་གྱི་དབང་དུ་གྱུར་པ་དེའི་ཚེ་ཇི་སྐད་བསྟན་པའི་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བའི་རིགས་པས་དུ་བ་ཡོད་པ་ན་ཡང་མེ་ཡོད་པ་ཡིན་ནོ། །གང་གི་ཕྱིར་ཚུལ་གསུམ་པ་གཏན་ཚིགས་སུ་སྔར་བསྟན་པ་དེས་ན་གདོན་མི་ཟ་བར་ཡོད་པར་ངེས་པ་ཁས་བླངས་པའི་ཕྱིར་
གཞན་གྱི་དབང་དུ་གྱུར་པ་ཁོ་ནའོ། །དེས་ན་མེ་ལས་གདོན་མི་ཟ་བར་འབྱུང་བ་དོར་ན་དུ་བ་ཡང་དེའི་འབྲས་བུ་མ་ཡིན་ཏེ། དེས་ན་འདི་མེ་མེད་ཀྱང་རང་གི་ངོ་བོ་འགའ་ཡང་ཉམས་པ་མེད་པས་ལྡོག་པ་མི་འགྲུབ་པོ། །དེས་ན་ཐམས་ཅད་དུ་དུ་བ་ཡོད་ན་མེ་ཡོད་དོ་ཞེས་རྗེས་
སུ་འགྲོ་བ་སྨྲས་པས་ཀྱང་ལྡོག་པ་འཕེན་པ་མ་ཡིན་ནོ། །དེས་ན་འདི་ལྟར་རྒྱུ་དང་འབྲས་བུའི་དངོས་པོ་ཉེ་བར་བསྟན་པ་མེད་ན་རྗེས་སུ་འགྲོ་བ་མེད་ལ། ལྡོག་པ་དོན་གྱི་འཕེན་པ་ཡང་ཉམས་པ་མེད་དོ་ཞེས་བསྒྲུབས་ནས་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་ན་འཐད་དོ་ཞེས་བཤད་པ་ནི་
འབྲས་བུ་ཡིན་ན་ནི་ཞེས་བྱ་བའོ། །འབྲས་བུ་ཡོད་ན་ནི་གདོན་མི་ཟ་བར་རྒྱུ་ཡོད་དོ། །གང་གི་ཕྱིར་རྒྱུ་རྒྱུ་ཉིད་ཡིན་པ་ནི་འདི་ཁོ་ན་སྟེ། འབྲས་བུ་ཞེས་བྱ་བའི་དོན་ཡོད་ན་རང་གི་ངོ་བོ་ཉེ་བར་འཇོག་པ་སྟེ་ཉེ་བར་གནས་པ་གང་ཡིན་པའོ། །ཅིའི་ཕྱིར་དེ་ལྟར་ཡིན་ཞེ་ན། འབྲས་བུ་
ཡང་ཞེས་སྨོས་སོ། །འབྲས་བུ་ཉིད་ནི་དེ་ཡོད་པ་ཉིད་ན་ཡོད་པ་ཡིན་ནོ། །དེས་ན་འབྲས་བུ་ཡོད་པ་རྒྱུ་མེད་ན་མེད་པས་གདོན་མི་ཟ་བར་རྒྱུ་ཡོད་པར་འགྱུར་རོ། །དེས་ན་དེའི་རྩ་བ་ཅན་དོན་གཞན་ཡོད་ན་རང་གི་ངོ་བོ་ཉེ་བར་གནས་པ་ནི་རྒྱུའི་རྒྱུ་ཉིད་ཡིན་ནོ། །འབྲས་བུར་བསྟན་ན་ནི་
Vol. 182 · folio 114a
འདི་འཐད་པ་ཡིན་ན་དུ་བ་ལ་འདི་ཡོད་ཅེས་བྱ་བ་ག་ལས་ཤེ་ན། དེ་ཡང་དུ་བ་ལ་ཡོད་དོ་ཞེས་སྨོས་སོ། །དེ་ཡོད་པ་ཉིད་ནི་ཡོད་པའི་རང་བཞིན་འབྲས་བུ་ཉིད་དུ་བ་ལ་ཡོད་པ་དེ་ལྟ་བས་ན་དུ་བ་ནི་མེའི་འབྲས་བུ་ཡིན་ནོ། །དེས་ན་རྣམ་པ་འདིས་ལྡོག་པས་ཀྱང་
རྗེས་སུ་འགྲོ་བ་གྲུབ་པར་བཤད་པ་ནི་དེ་བཞིན་དུ་ཞེས་བྱ་བའོ། །མེ་མེད་ན་དུ་བ་མེད་དོ་ཞེས་ལྡོག་པ་སྨྲས་ན་གོར་མ་ཆག་པར་མེ་ལས་དུ་བ་འབྱུང་ངོ་ཞེས་རྟོགས་པ་ཉེ་བར་སྐྱེའོ། །དེས་ན་ལྡོག་པ་བརྗོད་པས་མེ་ལས་དུ་བ་འབྱུང་བར་རྟོགས་ཏེ། ཤུགས་ཀྱིས་རྗེས་སུ་འགྲོ་བ་རྟོགས་
པར་འགྱུར་རོ། །གཏན་ཚིགས་བཤད་པ་དེ་ལྟ་མ་ཡིན་ན་ཞེས་བྱ་བ་སྟེ། མེ་ལས་དུ་བ་འབྱུང་བ་མ་ཡིན་ན་ལྡོག་པ་ཉིད་མི་འགྲུབ་པོ། །དེ་གྲུབ་པས་ནི་དེ་ལས་བྱུང་བ་ཉིད་དུ་རྟོགས་པར་བྱེད་ལ། དེ་ལས་ཀྱང་ཤུགས་ཀྱིས་རྗེས་སུ་འགྲོ་བ་རྟོགས་སོ། །ཕ་རོལ་པོ་དག་གང་ཞིག་གང་
མེད་ན་མེད་དོ་ཞེས་རྟོགས་པ་དེས་ན་དེ་ཙམ་གྱིས་འབྲེལ་པ་རྟོགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རྟག་པ་དང་ཞེས་སྨོས་སོ། །ཉན་པའི་ཤེས་པ་མེད་པ་ལས་རྟག་པའི་དོན་ཡོད་ན་མཐོང་བ་ནི་མེད་དེ་ནམ་མཁའ་ལ་མེད་པའི་ཕྱིར་རོ། །དེས་ན་འདི་རྟག་པའི་འབྲས་བུ་མ་ཡིན་ནོ། །
མི་རྟག་པ་ལ་ཡང་མ་ཡིན་ཏེ་བུམ་པ་ལ་མེད་པའི་ཕྱིར་རོ། །དེས་ན་མི་རྟག་པའི་འབྲས་བུ་མ་ཡིན་ནོ། །དེས་ན་ཉན་པའི་ཤེས་པ་གཉི་གའི་འབྲས་བུ་མ་ཡིན་ཡང་གཉི་ག་མེད་ན་ཡང་མེད་པ་ཡིན་ནོ། །དེས་ན་གང་ཞིག་གང་མེད་ན་མེད་པ་དེ་ཙམ་གྱིས་གལ་ཏེ་དོན་གཞན་ཡིན་ན་དེ་དེའི་
འབྲས་བུ་ཡིན་ན་ཉན་པ་ཉིད་རྟག་པ་མེད་པ་བུམ་པ་ལ་མེད་པས་ན་རྟག་པའི་འབྲས་བུར་འགྱུར་རོ། །དེ་བཞིན་དུ་མི་རྟག་པ་མེད་ན་ནམ་མཁའ་ལ་མེད་པས་མི་རྟག་པའི་འབྲས་བུར་འགྱུར་རོ། །འདི་ནི་རྟག་པ་དང་མི་རྟག་པའི་འབྲས་བུ་མ་ཡིན་མོད་ཀྱི་དེ་ལྟ་ན་ཡང་དེ་མེད་ན་མེད་པ་
ཡིན་ནོ། །དེས་ན་དོན་གཞན་དེ་མེད་ན་མེད་པ་ཙམ་གྱིས་ནི་དེའི་འབྲས་བུར་རྟོགས་པ་མ་ཡིན་པས་ན་དེ་བཞིན་དུ་མེ་མེད་ན་དུ་བ་མེད་དོ་ཞེས་སྨྲས་ན་ཞེས་བྱ་བ་ལ་སོགས་པ་མི་འཐད་པར་བརྗོད་པ་ཡིན་ནོ་ཞེས་དེ་དེ་ལྟར་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཉན་བྱ་ཉིད་ལྡོག་པ་ཅན་དུ་གསུངས་
Vol. 182 · folio 114b
པའི་ཕྱིར་འདིར་ལྡོག་པ་འབྲེལ་པ་མཚོན་པར་བྱེད་པ་ཉིད་དུ་བརྗོད་པ་ལ། སློབ་དཔོན་གྱི་ལུགས་ཀྱི་རྗེས་སུ་འབྲངས་ནས་གལ་ཏེ་ལྡོག་པས་འབྲེལ་པ་གོ་བར་བྱེད་ན་འདི་ཡང་དེ་བཞིན་དུ་རྟོགས་པར་འགྱུར་རོ་ཞེས་བརྩད་པ་ཡིན་ནོ། །འདི་བཟློག་པའི་ཕྱིར་མེད་པ་ཉིད་མ་ཡིན་ཏེ་ཞེས་གསུངས་
སོ། །རྟག་པ་དང་མི་རྟག་པའི་དོན་མེད་ན་ཉན་པ་ཉིད་མེད་པ་མ་ཡིན་ནོ། །འདི་སྐད་བརྗོད་པ་ཡིན་ཏེ། འདི་ལ་ནི་ལྡོག་པ་གྲུབ་པ་མ་ཡིན་ནོ། །གལ་ཏེ་ཡིན་ན་ནི་དོན་གཞན་ཉིད་ཡིན་པ་འབྲས་བུར་མི་འགྱུར་བ་མ་ཡིན་ནོ། །ལྡོག་པ་མེད་དོ་ཞེས་ཇི་ལྟར་རྟོགས་ཤེ་ན། དེ་ལས་དེ་དག་ཉིད་ལ་
ཞེས་སྨོས་སོ། །སློབ་དཔོན་གྱིས་མཉན་པར་བྱ་བ་ཉིད་ཐུན་མོང་མ་ཡིན་པའི་ཕྱིར་ཐེ་ཚོམ་སྒྲུབ་པར་བྱེད་པ་མ་ངེས་པ་ཉིད་དུ་ཉེ་བར་བཀོད་དོ། །དེས་ན་གལ་ཏེ་འདི་རྟག་པ་དང་མི་རྟག་པ་མེད་ན་མེད་པ་ཡིན་ལ་ཉན་པའི་ཤེས་པ་དེ་ལས་རྟག་པ་དང་མི་རྟག་པ་དག་ལ་ཐེ་ཚོམ་ཟ་བར་མི་འགྱུར་རོ། །
དེ་བཤད་པ་ནི་དེ་ལྟ་བུ་མ་ཡིན་ན་ཞེས་བྱ་བའོ། །གང་ཞིག་གང་མེད་ན་ཞེས་ངེས་པ་དེ་ཡོད་པ་ནི་དེ་ཡོད་པ་མཚོན་པར་བྱེད་པ་ཡིན་པའི་ཕྱིར་ངེས་པ་ཡིན་གྱི་ཐེ་ཚོམ་གྱི་རྒྱུར་ནི་མི་འགྱུར་རོ། །གལ་ཏེ་གཉི་ག་མེད་པར་ཡང་མེད་པ་ན་དེ་མཚོན་པར་བྱེད་པ་ཉིད་དུ་ཐལ་བར་འགྱུར་ལ། གཉི་ག་གཅིག་སྲིད་པ་
ཡང་མ་ཡིན་པ་ངེས་ན་ཐེ་ཚོམ་ཟ་བ་ཡིན་ནོ་ཞེས་དེ་ལྟ་ན་ནི་འོ་ན་གཉི་ག་མེད་ན་མེད་པ་ཉིད་ཅེས་བྱ་བར་མ་གྲུབ་པས་ལྡོག་པ་མེད་དོ། །འོ་ན་འདི་ཇི་ལྟར་སློབ་དཔོན་གྱིས་ལྡོག་པ་དང་ལྡན་པར་གསུངས་ཤེ་ན། ཡོད་པར་ངེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་རྟག་པ་དང་མི་
རྟག་པ་ལས་ལྡོག་པར་ངེས་པ་མེད་པར་བསྟན་པའི་ཕྱིར་མེད་དོ་ཞེས་བརྗོད་ཀྱི་དེ་མེད་ན་མེད་པ་ཁོ་ནའོ་ཞེས་བརྗོད་པའི་དོན་དུ་མ་ཡིན་ནོ། །གལ་ཏེ་ནམ་མཁའ་དང་བུམ་པ་དག་ལ་མཉན་པ་མེད་པ་མ་ཡིན་ནམ། ཇི་ལྟར་དེ་མེད་པ་ལ་མེད་པ་ཉིད་དུ་མ་ངེས་ཤེ་ན། ནམ་མཁའ་ལ་
སོགས་པ་ལ་མེད་པ་ཉིད་དུ་ངེས་པ་ནི་བདེན་མོད་ཀྱི་རྟག་པ་དང་མི་རྟག་པ་ལ་ནི་མ་ཡིན་ནོ། །གལ་ཏེ་རྟག་པ་དང་མི་རྟག་པ་དག་ཀྱང་དེ་ལ་མེད་པར་ངེས་པ་མ་ཡིན་ནམ། དེ་ཡང་བདེན་མོད་ཀྱི་རྟག་པ་དང་མི་རྟག་པ་མེད་པའི་ཕྱིར་དེ་ལ་མེད་པ་ཡིན་ནམ་འོན་ཏེ་སྒྲ་གཅིག་པུའི་ཆོས་
Vol. 182 · folio 115a
མ་ཡིན་པས་ཐུན་མོང་མ་ཡིན་པའི་ཕྱིར་ཞེས་ཐེ་ཚོམ་མི་ཟའོ། །དེས་ན་སྒྲ་རྟག་པའམ་མི་རྟག་པ་ཡིན་ཞེས་ཐུན་མོང་མ་ཡིན་པ་གོ་བར་བྱེད་པ་མ་ཡིན་པ་ཉིད་དོ། །ཡོད་པ་བཞིན་དུ་མཉན་བྱ་གོ་བར་བྱེད་པ་མ་ཡིན་ནམ་ཞེས་རྣམ་པར་ངེས་པའི་རྗེས་སུ་འབྲང་བར་གཏན་
ལ་ཕབ་པའོ། །དེས་ན་དེ་ལྟར་དེའི་འབྲས་བུ་ཉིད་མ་ཡིན་ཡང་ཉན་པའི་ཤེས་པ་དེའི་ལྡོག་པའི་རྗེས་སུ་བྱེད་པའི་ཕྱིར་ལྡོག་པས་འབྲས་བུ་ཉིད་དུ་མཚོན་པ་མ་ཡིན་ནོ་ཞེས་བརྗོད་ལ་དེ་ལ་ལྡོག་པ་ཉིད་མེད་པར་བཤད་དོ། །དེ་མེད་པ་ཡང་ཐེ་ཚོམ་སྒྲུབ་པར་བྱེད་པའི་ཕྱིར་རོ། །དེ་མེད་པ་ལ་
མི་དམིགས་པ་ཡོད་ཀྱང་ལྡོག་པ་མེད་ཅིང་དེ་ལས་ཇི་ལྟར་ཐེ་ཚོམ་སྒྲུབ་པར་བྱེད་པ་ཡིན་ཞེས་དོགས་པ་ལ་རྟག་པ་འམ་མི་རྟག་པ་དང་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་དུ་མ་གྲུབ་པའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར་གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དཔེའི་བདག་ཉིད་གཉིས་ཡོད་
པ་ལས་ཆོས་མི་མཐུན་པས་ཞེས་རྗེས་ཐོགས་ཉིད་དུ་ཁྱད་པར་དུ་སྟོན་པའི་ཕྱིར་འདིར་ཁྱད་པར་མེད་ཀྱང་ཆོས་མཐུན་པའི་དཔེ་ཉིད་ཡིན་པར་འགྱུར་རོ། །གང་གི་ཚེ་ཆོས་མཐུན་པའི་དཔེས་མེ་དང་དུ་བ་དག་རྒྱུ་དང་འབྲས་བུའི་དངོས་པོར་མི་སྟོན་པ་དེའི་ཚེ་རྗེས་སུ་འགྲོ་བ་ཉིད་མི་འགྲུབ་
པའི་ཕྱིར་དངོས་པོ་ཉིད་མ་གྲུབ་ན་ཤུགས་འགྲུབ་པར་ག་ལ་འགྱུར། གང་གི་ཤུགས་ཀྱིས་འཕངས་པ་གང་ཡིན་པ་དེ་ནི་དེ་མ་གྲུབ་པར་མི་གྲུབ་པོ། །དེ་བཞིན་དུ་ཆོས་མི་མཐུན་པའི་དཔེས་མེ་དང་དུ་བ་དག་རྒྱུ་དང་འབྲས་བུའི་དངོས་པོར་མི་སྟོན་པ་དེའི་ཚེ་མེད་པ་མི་འགྲུབ་པའི་ཕྱིར་རྗེས་
སུ་འགྲོ་བ་དྲན་པར་ལྟ་ག་ལ་འགྱུར། ཡང་ཅིའི་ཕྱིར་འདི་ལ་བརྟེན་ནས་བསྟན། གང་གི་ཕྱིར་འདི་ལ་འབྲས་བུ་མ་ཡིན་ན་རྗེས་སུ་འགྲོ་བ་མེད་པ་ནི་དེ་ལྟ་མ་ཡིན་ན་དོན་གཞན་དེ་དང་འབྲེལ་པ་ངེས་པ་མེད་པའི་ཕྱིར་བཤད་ཟིན་ལ་དེ་བཞིན་དུ་ལྡོག་པ་མེད་པ་ཡང་དེ་ལྟ་མ་ཡིན་ན་དེ་མེད་
ན་ཅི་སྟེ་ཡོད་པར་མི་འགྱུར་ཞེས་བཤད་ཟིན་པ་མ་ཡིན་ནོ་ཞེ་ན། ལྷ་རྣམས་དགའ་བས་སྐབས་མི་ཤེས་སོ། །ཉན་པའི་ཤེས་པ་ཉིད་ལ་འབྲས་བུ་ཉིད་མེད་པ་ཁོ་ནས་ལྡོག་པ་མེད་པར་བརྗོད་པར་བྱ་བ་ཡིན་ནོ། །གལ་ཏེ་དེ་དེ་ལ་བརྟེན་པ་ཉིད་ཀྱིས་ཅིའི་ཕྱིར་མ་བརྗོད། གཞི་གཞན་
Vol. 182 · folio 115b
ལ་གནས་པར་བརྗོད་པ་ཅི་བྱ་ཞེས་རྩོད་ན། དེ་ལ་འདིར་བརྗོད་པ་རྗེས་སུ་འགྲོ་ལྡོག་དང་ལྡན་པར་རྟོགས་པའི་གཏན་ཚིགས་ལ་ཡང་རྒྱུ་དང་འབྲས་བུའི་དངོས་པོ་མེད་ན་དེ་མེད་པར་བསྟན་པས་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་དེ་འབའ་ཞིག་གི་ཐབས་ཅན་དེ་མེད་ན་མི་འབྱུང་བ་
ཡིན་པའི་ཕྱིར་ཉན་པའི་ཤེས་པ་ཉིད་དོན་གཞན་ཡིན་པ་ན་འབྲས་བུ་ཉིད་དུ་མ་ངེས་པ་ཁོ་ནས་ལྡོག་པ་མེད་པ་ཡིན་པར་འགྱུར་རོ། །དེས་ན་དེ་ལྟར་གཏན་ཚིགས་རྣམ་པ་གསུམ་ཉིད་ཚུལ་གསུམ་དང་ལྡན་པ་ཡིན་ནོ་ཞེས་གཞུང་གཟུགས་པར་བྱ་བ་འབྲེལ་པ་རྣམ་པ་གཉིས་
ཀྱིས་གཉིས་བསྒྲུབས་ནས་གསུམ་པ་ཡང་དེའི་རྩ་བ་ཅན་ཉིད་དུ་བསྟན་པའི་ཕྱིར། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ད་ནི་དེའི་ཕྱིར་རྒྱུ་དང་རང་བཞིན་དག་ཅེས་མདོར་སྨོས་པ་དེའི་ཕྱིར་གྱི་སྒྲའི་འབྲེལ་པ་སྒྲུབ་པའི་ཕྱིར་རོ། །དཔེས་རང་བཞིན་འབྲེལ་
པ་འདི་ཁོ་ན་རབ་ཏུ་སྟོན་པ་ཡིན་གྱི་བྱ་བ་གཞན་ནི་མེད་དོ་ཞེས་བྱ་བ་རྒྱུ་གཞན་མེད་པར་བརྗོད་པ་ཡིན་ནོ། །རང་བཞིན་འབྲེལ་པ་ཡང་དེ་ལྟར་མཐོང་བའི་ཕྱིར་དེ་མེད་ན་མི་འབྱུང་བ་ཙམ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཇི་སྐད་བཤད་པའི་ཞེས་སྨོས་སོ། །དེ་གང་གི་དོན་དུ་
བསྟན་པ་གང་གིས་འདིར་བརྗོད་མ་ཐག་པ་དེ་རྒྱུ་ཉིད་དུ་བསྟན་པའི་ཕྱིར། གཅིག་ཡོད་ན་ཞེས་སྨོས་ཏེ་སྒྲུབ་པར་བྱེད་པ་ཡོད་ན་གཞན་ཞེས་བྱ་བ་བསྒྲུབ་བྱ་རབ་ཏུ་གྲུབ་པར་བྱ་བའི་ཕྱིར་རོ། །དེ་ལྟ་ན་ཡང་དོན་འདི་སྐབས་སུ་བབས་པའི་དོན་གྱི་རྒྱུར་མི་འགྱུར་བའི་ཕྱིར་དེ་
རབ་ཏུ་གྲུབ་པ་ལ་གཏན་ཚིགས་བཤད་པ་ནི་དེ་མེད་ན་ཞེས་བྱ་བ་སྟེ་བསྒྲུབ་བྱ་མེད་ན་སྒྲུབ་བྱེད་མི་སྲིད་པའི་ཕྱིར་རོ། །གཏན་ཚིགས་དེའི་ཕྱིར་རྒྱུ་དང་རང་བཞིན་དག་མེད་པ་སྟེ། སྐྱེད་པར་བྱེད་པ་དང་ཁྱབ་པར་བྱེད་པ་མི་དམིགས་པ་ན། འགའ་ཞིག་དགག་པ་བསྒྲུབ་པར་བྱ་
བའི་ཡང་གཏན་ཚིགས་ཡིན་ཏེ་བསྒྲུབ་པར་བྱ་བ་ཡིན་ནོ། །དགོངས་པ་འདི་ཡིན་ཏེ་གང་གི་ཕྱིར་རང་བཞིན་འབྲེལ་པ་ཡོད་ན་དེ་མེད་ན་ལྡོག་པའི་ཕྱིར་གཞན་ཡོད་ན་གཞན་ཡོད་པ་ཡིན་པ་དེས་ན་འདི་ཇི་ལྟར་བསྒྲུབ་པའི་ཡན་ལག་ཡིན་པ་དེ་བཞིན་དགག་པ་ལ་ཡང་ཡིན་ཏེ་
Vol. 182 · folio 116a
ལྡོག་ན་ལྡོག་པའི་ཕྱིར་རོ། །རང་བཞིན་འབྲེལ་པའི་རྩ་བས་མེད་པར་འགྱུར་ན་ཡོད་པར་ཡང་མི་འགྱུར་རོ། །དེས་ན་ལྡོག་ན་ལྡོག་པར་བྱེད་པ་རང་བཞིན་འབྲེལ་པ་ཡིན་པ་དེས་ན་དཔེས་ཉེ་བར་བསྟན་པ་ན་གཏན་ཚིགས་ཀྱི་ཡན་ལག་
མ་ཡིན་ཡང་གང་ཞིག་དགག་པར་འདོད་པ་དེ་བཀག་པ་ཡང་རང་བཞིན་འབྲེལ་པ་ལ་བརྟེན་པ་ཁོ་ནས་རྟོགས་པ་ཡིན་ནོ། །ཇི་ལྟར་གང་ཞིག་གང་དུ་རང་བཞིན་འབྲེལ་པ་ལྡོག་ན་འབྲེལ་པའི་ཡུལ་གྱི་དོན་ཉེ་བར་གནས་པ་ལས་མི་འདའ་བས་ན་དེ་སྒྲུབ་པའི་གཏན་ཚིགས་འབྲེལ་
པའི་རྩ་བ་ཅན་ཡིན་པ་དེ་བཞིན་དུ་འབྲེལ་པའི་རྟེན་ལོག་ན་ཡང་འབྲེལ་པ་ལོག་པའི་ཕྱིར་དེ་ལོག་པས་འབྲེལ་པ་ལྡོག་པ་རྟོགས་པ་ཁོ་ནའོ། །འབྲེལ་པ་དེ་ཡང་རྣམ་པ་གཉིས་ཏེ། དེའི་བདག་ཉིད་དང་། དེ་ལས་བྱུང་བའི་རང་བཞིན་ནོ། །དེས་ན་ཇི་ལྟར་གཏན་ཚིགས་གཉིས་ཡིན་པ་
དེ་བཞིན་དུ་དེའི་རྩ་བ་ཅན་གྱི་དགག་པ་ཡང་རྣམ་པ་གཉིས་ཁོ་ན་སྟེ། ཁྱབ་པར་བྱེད་པ་དང་། རྒྱུ་མི་དམིགས་པའི་རང་བཞིན་གྱིས་སོ། །དེས་ན་དེ་ལྟར་གཉིས་འབྲེལ་པའི་རྩ་བ་ཅན་དུ་བཤད་པ་དེ་བཞིན་དུ་གསུམ་པ་ཡང་ཡིན་ནོ། །འདི་ཉིད་འཆད་པ་ནི་འབྲེལ་པའི་ཡུལ་
རྒྱུ་དང་ཁྱབ་པར་བྱེད་པ་དེ་དག་ཁོ་ན་ལྡོག་པ་ན་རང་དང་འབྲེལ་པ་འབྲས་བུ་དང་ཁྱབ་བྱ་ཟློག་པར་བྱེད་པས་གཏན་ཚིགས་དེའི་ཕྱིར་རོ། །འདིས་ནི་སྐབས་སུ་བབ་པ་ཇི་ལྟར་གཏན་ཚིགས་ཉིད་དུ་ཉེ་བར་སྦྱོར་བ་དེ་བསྟན་ནས་དེ་ཉིད་དགག་པའི་གཏན་ཚིགས་ལ་ཡང་སྟོན་པ་ནི་དོན་
འགའ་ཞིག་དགག་པ་ལ་ཡང་བསྒྲུབ་པར་འདོད་པས་རྒྱུ་འམ་ཁྱབ་པར་བྱེད་པ་དང་འབྲེལ་པ་ནི་རང་བཞིན་ལྡོག་པ་གཏན་ཚིགས་སུ་བརྗོད་པར་བྱའོ། །འདི་ལྟར་འབྲས་བུ་ཁྱབ་པར་བྱ་བ་དག་དེར་རང་བཞིན་འབྲེལ་པའི་ཕྱིར་གལ་ཏེ་ཡང་ལྡོག་པ་དག་ལ་འབྲེལ་པ་མེད་པ་
དེ་ལྟ་ན་ཡང་འདི་འབྲེལ་པའི་རྩ་བས་གོ་བར་བྱ་བ་དང་གོ་བར་བྱེད་པའི་དངོས་པོས་མི་འཁྲུལ་པར་གྲུབ་པ་ཁོ་ནའོ། །འབྲེལ་པ་མེད་ན་ནི་ཇི་ལྟར་གཅིག་ལོག་པས་གཞན་ལྡོག་པ་སྒྲུབ་པར་བྱེད། དེས་ན་དེ་ལྟར་འབྲེལ་པ་རྣམ་པ་གཉིས་ཀྱིས་སྒྲུབ་པའི་གཏན་ཚིགས་བཞིན་དུ་
Vol. 182 · folio 116b
དགག་པའི་གཏན་ཚིགས་ཀྱང་རྣམ་པ་གཉིས་སུ་འགྱུར་རོ། །དེས་ན་གཙོ་བོའི་སྦྱོར་བ་ལ་ལྟོས་ནས་མི་དམིགས་པ་རྣམ་པ་གཉིས་ཉིད་དུ་འགྱུར་རོ། །དེ་ལྟར་ཡང་ནུས་པ་མ་ཡིན་ཏེ་འདི་གཉིས་ཕན་ཚུན་རྗེས་སུ་མི་འགྲོ་བའི་ཕྱིར་གཅིག་ཉིད་དུ་མ་གྲུབ་པས་གཏན་ཚིགས་རྣམ་
པ་བཞིར་ཐལ་བའི་ཕྱིར་རོ། །སྔར་བཤད་པའི་ཚུལ་གྱིས་རང་བཞིན་མི་དམིགས་པར་ནི་འདི་གཉི་ག་ཡང་བསྟན་པར་ནུས་པ་དེས་ན། དེ་ཡང་གཙོ་བོ་ཉིད་དུ་བསྟན་པའི་ཕྱིར་བཤད་པ། དམིགས་པར་ནི་རིགས་ལྡན་དེ་དམིགས་པའི་མཚན་ཉིད་དུ་གྱུར་པའི་དགག་པར་བྱ་
བ་དེ་མི་དམིགས་པ་ཡང་དགག་པའི་གཏན་ཚིགས་སོ་ཞེས་འབྲེལ་པ་བརྗོད་པའོ། །གཉི་ག་བསྡུས་པའི་དོན་དུ་གཉི་གར་ཡང་། ཡང་གི་སྒྲ་སྦྱར་ཏེ། ཡང་ཇི་ལྟར་རང་བཞིན་མི་དམིགས་པར་ཡང་དག་པའི་གཏན་ཚིགས་ཞེས་འབྲེལ་པར་འགྱུར་ཞེ་ན། དེ་སྟོན་པ་ནི་དགག་
པའི་ཡུལ་ཅན་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་དམིགས་པ་ཉིད་ཀྱིས་དགག་པ་འགྲུབ་པའི་ཕྱིར་རོ། །དེ་ལྟ་ན་འོ་ན་དགག་པའི་གཏན་ཚིགས་ཀྱི་སྒྲའི་དོན་དེའི་ཡུལ་ཅན་གྱིས་ཐ་སྙད་ཀྱི་དོན་ཡིན་པ་དེས་ན་རྒྱུ་དང་རང་བཞིན་མི་དམིགས་པ་ཞེས་བྱ་བ་དེར་
རྗེས་སུ་འགྲོ་བ་འགལ་ལོ་ཞེ་ན། དེའི་ཕྱིར་བཤད་པ་རྒྱུ་དང་ཁྱབ་པར་བྱེད་པ་མི་དམིགས་པ་ནི་དགག་པ་དང་དགག་པའི་ཐ་སྙད་གཉི་གའི་གཏན་ཚིགས་ཡིན་ནོ། །འདི་སྐད་བརྗོད་པ་ཡིན་ཏེ་གང་ཞིག་སྔ་མ་དང་འབྲེལ་པར་མི་འགྱུར་བ་འདིར་དགག་པའི་སྒྲས་ཐ་
སྙད་བརྗོད་པའམ་གང་གིས་ཕྱི་མ་དང་འབྲེལ་པར་མི་འགྱུར་བ་མེད་པ་ཉིད་བརྗོད་པ་ཡང་མ་ཡིན་གྱི་འོན་ཀྱང་མེད་པའི་ཡུལ་ཅན་གྱི་རྟོགས་པ་ཡིན་ནོ། །དེས་ན་རང་བཞིན་མི་དམིགས་པར་མེད་པ་སྒྲུབ་པར་བྱེད་པ་བཀག་པའི་ཕྱིར་རྟོགས་པ་ཙམ་གྱི་མཐར་ཐུག་
པར་འགྱུར་བ་ཡིན་ནོ། །དེ་ལྟར་ཇི་སྐད་བཤད་པའི་ཚུལ་གྱིས་དངོས་སུ་ན་མི་དམིགས་པ་རྣམ་པ་གསུམ་སྟེ། འབྲེལ་པ་རྣམ་པ་གཉིས་ཀྱིས་ལྐོག་ཏུ་གྱུར་པ་མེད་པ་ནི་མི་དམིགས་པ་རྣམ་པ་གཉིས་ཁོ་ནས་རྟོགས་པའི་ཕྱིར་གཉིས་གཙོ་བོ་ཡིན་ནོ། །རང་བཞིན་
Vol. 182 · folio 117a
མི་དམིགས་པ་ལ་ནི་མེད་པ་མངོན་སུམ་ཉིད་ཡིན་ནོ། །འོན་ཀྱང་དེར་དེ་གཉིས་ཀྱང་ཁོངས་སུ་བསྡུ་བའི་གཞི་ཡིན་པས་གཙོ་བོར་བགྲང་བ་ཁོ་ན་སྟེ་དེས་ན་མི་དམིགས་པའི་སྦྱོར་བ་རྣམ་པ་གསུམ་ཁོ་ནའོ། །གལ་ཏེ་རྣམ་པ་གསུམ་ཁོ་ན་ཡིན་ན་སྔར་དབྱེ་
བ་གཞན་དུ་ཡང་བསྟན་ཅེ་ན། བཤད་པ་རྣམ་པ་གསུམ་ཡིན་ཡང་རྣམ་པ་དུ་མར་བཤད་དོ། །གལ་ཏེ་རྣམ་པ་གསུམ་ཉིད་རྣམ་པ་དུ་མ་ཡིན་པའི་ཕྱིར་རྣམ་པ་གསུམ་ཉིད་བཤད་པར་འགྱུར་བ་མ་ཡིན་ནམ། རྣམ་པ་གསུམ་རྣམ་པ་དུ་མར་ཞེས་བརྗོད་པ་ན་དེ་ཉིད་བརྗོད་
པར་འགྱུར་བ་བདེན་མོད་ཀྱི། རྣམ་པ་གསུམ་ཡིན་ཡང་མི་དམིགས་པ་རྣམ་པ་དུ་མ་ཡིན་ནོ་ཞེས་བརྗོད་པ་ན། དེ་ལས་གཞན་པའི་རྣམ་པ་རྟོགས་པར་འགྱུར་བ་ཁོ་ནའོ། །དེ་བཤད་པ་ནི་དེ་དང་དེ་འགལ་ལ་སོགས་པ་ཞེས་བྱ་བ་ཡིན་ནོ། །དེ་མ་རྟོགས་པའི་སྦྱོར་བའི་བྱེ་
བྲག་དང་དེ་དང་འགལ་བ་རྟོགས་པའི་སྦྱོར་བའི་བྱེ་བྲག་གིས་སོ། །གང་དག་མ་དམིགས་པས་མེད་པར་འགྲུབ་པར་བརྗོད་པ་རྒྱུ་མི་དམིགས་པ་ལ་སོགས་པ་དེ་དག་ནི་འདིར་དེ་མ་རྟོགས་པའི་སྒྲས་བསྟན་ལ་འགལ་བ་དམིགས་པ་ལ་སོགས་པ་ནི་རྟོགས་པ་ལ་སོགས་
པའོ། །གང་རྟོགས་པས་མེད་པར་རྟོགས་པ་དེ་དག་ལས་གཅིག་བསྟན་པས་གཞན་ཡོངས་སུ་བཟུང་བའི་དོན་དུ་འདིས་སོགས་པའི་སྒྲ་ཡིན་ནོ། །གང་མ་རྟོགས་པས་མེད་པར་རྟོགས་པ་དེ་ནི་འགའ་ཞིག་བརྗོད་པ་མ་ཡིན་པའི་ཕྱིར་འདིར་སོགས་པའི་སྒྲས་ཅི་
ཡང་བྱར་མེད་དོ། །འདི་ཉིད་རྣམ་པར་འགྲེལ་པ་ནི་དགག་པའི་གཏན་ཚིགས་ནི་གཙོ་བོར་རྣམ་པ་གསུམ་ཁོ་ན་སྟེ། ཇི་སྐད་བཤད་པ་ཡིན་ནོ། །དེ་ལྟར་གྱི་སྒྲ་འཆད་པས་དེ་དག་ཉིད་རང་གི་ངོ་བོས་སྟོན་ཏེ། རྒྱུ་དང་ཁྱབ་པར་བྱེད་པ་དང་རང་གི་བདག་ཉིད་མི་དམིགས་པའོ། །
དེ་དག་ཀྱང་སོ་སོར་དམིགས་སུ་ཡོད་པ་སྟེ་གཞན་དུ་ན་དངོས་པོ་མེད་པ་མི་འགྲུབ་པའི་ཕྱིར་རོ། །དེ་ལྟར་ངེས་པ་ཞེས་བྱ་བ་ནི་ཤེས་པ་གཅིག་ལ་འདྲེན་པ་ཅན་རྟོགས་པས་དམིགས་པའི་མཚན་ཉིད་ཀྱིར་གྱུར་པར་རྟོགས་པ་འོ། །ཚིག་ལེ་འུར་བྱས་པའི་ཕྱེད་འོག་མ་བཤད་
Vol. 182 · folio 117b
པའི་ཕྱིར་དེ་ནི་ཞེས་སྨོས་ཏེ་དེ་དང་དེ་འགལ་ལ་སོགས་པ་རྟོགས་པ་དང་མ་རྟོགས་པ་དབྱེ་བའི་སྒོ་ནས་ཞེས་བྱ་བས་ནི་འདིར་ཇི་ལྟར་གང་ཞིག་གང་དང་འབྲེལ་པ་དེ་སྟོན་ཏོ། །དེ་མ་རྟོགས་པ་ནི་རྒྱུ་ལ་སོགས་པ་མི་དམིགས་པའོ། །དེ་དང་འགལ་བ་རྟོགས་པ་ནི་འགལ་བ་དམིགས་
པའོ། །སོགས་པའི་སྒྲའི་དོན་བརྗོད་པ་ནི་འགལ་བའི་འབྲས་བུ་རྟོགས་ཞེས་བྱ་བ་ལ་སོགས་པའི་ཞེས་བྱ་བ་ཡིན་ནོ། །འདིར་སྦྱོར་བ་རྣམ་པ་གསུམ་དུ་གང་ཞིག་གང་གི་ཁོངས་སུ་འདུ་བར་བསྟན་པ་དེ་ནི་སྔར་བསྟན་ཟིན་ཏོ། །དེས་སྦྱོར་བ་རྣམ་པ་གསུམ་པོ་འདི་ཉིད་རྣམ་པ་དུ་མར་བརྗོད་
པ་ཡིན་ནོ། །གལ་ཏེ་སྔར་ནི་རང་བཞིན་འགལ་བ་དམིགས་པ་རང་རྒྱུད་དུ་བསྟན་གྱི་ཇི་ལྟར་ཉེ་བར་བསྟན་པ་དབྱེ་བ་རྣམ་པ་གསུམ་ལས་གང་རུང་ཞིག་གིས་རྣམ་པར་དབྱེ་བ་ནི་མ་ཡིན་ནོ། །ཁྱབ་པར་བྱེད་པ་མི་དམིགས་པ་ནི་སྔར་རང་རྒྱུད་དུ་མ་ཡིན་པར་བསྟན་ལ། འདིར་ནི་
རང་རྒྱུད་དུ་བསྟན་ཏེ། དེས་ན་ཇི་ལྟར་མི་འགལ་ཞེ་ན། བརྗོད་པ་དབྱེ་བ་མཐའ་དག་རང་བཞིན་མི་དམིགས་པ་ཉིད་ཀྱི་ནང་དུ་འདུ་བའི་ཕྱིར་འདིར་འབྲེལ་པ་བསྟན་པའི་དོན་དུ་ཉེ་བར་བསྟན་པ་ན་འབྲེལ་པ་ལ་རང་དབང་དུ་བསྟན་པས་དེ་ལྟར་བསྟན་པ་མི་འགལ་ལོ། །དེས་ན། །འགལ་
དང་འབྲས་བུ་དག་གྲུབ་དང་། །ཞེས་བྱ་བ་ལ་སོགས་པ་སྦྱོར་བའི་དབྱེ་བ་རྣམ་པ་བཞི་བཤད་པ་ནི་དེ་དག་ཁོངས་སུ་བསྡུ་བའི་གཞི་ཡིན་པའི་ཕྱིར་རོ། །སྦྱོར་བ་གཞན་ཁོངས་སུ་འདུ་བ་ཅན་དེ་དག་ཀྱང་རང་བཞིན་མི་དམིགས་པའི་ཁོངས་སུ་འདུའོ། །འདིར་ནི་འབྲེལ་པ་བསྟན་པའི་ཕྱིར་
གཉིས་བཀོད་ལ་དངོས་པོ་མེད་པ་མངོན་སུམ་དུ་བྱས་པ་ནི་གསུམ་པ་ཡིན་ཏེ། ཐམས་ཅད་ཁོངས་སུ་འདུ་བའི་གཞི་ཡིན་པའི་ཕྱིར་གཏན་ཚིགས་རྣམ་པ་གསུམ་དུ་འགྲུབ་པའི་རྒྱུའི་ཕྱིར་རོ། །འགལ་བ་དམིགས་པ་ཡང་རྒྱུ་དང་འབྲས་བུའི་འབྲེལ་པའི་རྩ་བར་གྱུར་པ་ཅན་ཁོ་ནའོ། །
དེ་ཉིད་ཀྱི་ཕྱིར་དེ་དང་འགལ་བར་གྲུབ་པ་འདི་ཡང་ཁོངས་སུ་རྒྱུ་མ་གྲུབ་པ་ཞེས་རྒྱུ་འགལ་བའི་འབྲས་བུ་དམིགས་པ་རྒྱུ་མི་དམིགས་པ་ཁོངས་སུ་འདུས་པར་བཤད་དོ། །དེ་ལྟར་མ་ཡིན་ན་འགལ་བ་དམིགས་པ་ཉིད་དུ་འཆད་པར་འགྱུར་རོ། །དེས་ན་དེ་ལྟར་རང་གི་དོན་གྱི་རྗེས་
Vol. 182 · folio 118a
སུ་དཔག་པར་རྟགས་ཀྱི་སྦྱོར་བ་རྣམ་པ་འདི་གསུམ་ཁོ་ན་ཡིན་པས་རང་གི་དོན་གྱི་རྗེས་སུ་དཔག་པའི་མཚན་ཉིད་ནི་དེ་ཉིད་དུ་ཉེ་བར་བསྡུ་བར་རིགས་པ་ཡིན་ནོ། །དེས་ན་དེ་ལྟར་གཏན་ཚིགས་ཀྱི་མཚན་ཉིད་དུ་གྱུར་པའི་ཚུལ་གསུམ་དུ་འདུས་པའི་ཕྱིར་དེར་འདུ་བའི་རྒྱུ་རང་བཞིན་འབྲེལ་
པ་ཡིན་པར་བསྟན་པ་ཡིན་ནོ། །དེ་ལ་ཡང་མི་དམིགས་པ་རང་བཞིན་གྱི་གཏན་ཚིགས་ཀྱི་ནང་དུ་འདུ་བའི་ཕྱིར་གཉིས་ཉིད་དུ་ལུས་པར་འགྱུར་རོ། །དེས་ན་ཚུལ་གསུམ་དོན་དམ་པར་གཉིས་སུ་གྱུར་པའི་གསུམ་དུ་བསྡུས་པའི་ཕྱིར་འབྲེལ་པ་རྣམ་པ་གཉིས་ཁོ་ནར་བརྗོད་དོ། །འོན་ཏེ་
ཚུལ་གསུམ་ཙམ་གཏན་ཚིགས་ཀྱི་མཚན་ཉིད་ཡིན་ན་དེ་གསུམ་དུ་ཉེ་བར་བསྡུ་བས་ཅི་དགོས། གསལ་བ་གསུམ་དུ་བསྟན་པའོ་ཞེ་ན། གལ་ཏེ་གསལ་བ་གསུམ་ཁོ་ན་དེ་ལྟ་བུར་གྱུར་པ་ཡིན་ན། མཚན་ཉིད་དེ་དང་ལྡན་པ་ཁོ་ནས་དེ་ལྟར་རྟོགས་པས་ན་གྲངས་ཀྱིས་ཅི་བྱ། འོན་ཏེ་གཞན་ལ་
ཡང་མཚན་ཉིད་དེ་ཡོད་པ་ཉིད་ན་བགྲངས་ཀྱང་དེ་མི་སྤོངས་སོ་ཞེས་དོགས་པ་ལ་རྒྱུ་དང་འབྲས་བུའི་དངོས་པོའམ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ངེས་པ་ནི་ངེས་པར་བྱེད་པ་ལས་ཡིན་པར་འཐད་དོ། །ངེས་པ་ཡང་མེད་ན་མི་འབྱུང་བ་ཡིན་ཏེ། མེད་ན་མི་འབྱུང་ངེས་པ་སྟེ་ཞེས་གང་བཤད་
པའོ། །མེད་ན་མི་འབྱུང་བ་ཡང་ཡིན་ལ། ངེས་པ་ཡང་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་ངེས་པ་མེད་ན་མི་འབྱུང་བ་ཡིན་ཏེ། མེད་ན་བཤད་དོ། །མེད་ན་མི་འབྱུང་བ་ཡང་རྗེས་སུ་འགྲོ་ལྡོག་ཉིད་དེ། ཇི་སྐད་དུ་མེད་ན་མི་འབྱུང་བ་ནི་ཇི་སྐད་བཤད་པའི་ཁྱབ་པ་ཡིན་ནོ་ཞེས་བཤད་དོ། །
རྗེས་སུ་འགྲོ་བ་ནི་ངེས་པའི་བདག་ཉིད་ཁོ་ན་སྟེ་དེ་ལྟ་མ་ཡིན་ན་སྒྲུབ་བྱེད་ཡོད་ན་བསྒྲུབ་བྱ་ཡོད་པའི་ངེས་པ་མ་གྲུབ་པས་བསྒྲུབ་བྱ་རྟོགས་པར་མི་འགྱུར་བ་ཁོ་ནའོ། །དེ་བཞིན་དུ་ལྡོག་པ་ཡང་ངེས་པ་ཁོ་ན་སྟེ། དེ་ཉིད་ལ་ཁྱབ་པར་བྱ་བ་ཡོད་པ་ཡིན་པའི་ཕྱིར་རོ། །དེས་ན་ངེས་པའི་བདག་
ཉིད་ཀྱི་མེད་ན་མི་འབྱུང་བ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ཁོ་ནའོ། །དེ་ནི་ངེས་པར་བྱེད་པ་ཁོ་ན་ལས་འགྱུར་རོ། །ངེས་པར་བྱེད་པ་ཡང་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་ཏེ་མེའི་རྒྱུན་དུ་བའི་རྒྱུན་འཕེན་པར་བྱེད་པ་ཉིད་ཀྱིས་ན། དུ་བ་ཡོད་ན་ཡོད་པར་མི་འཁྲུལ་བའི་ཕྱིར་དང་། གཞན་
Vol. 182 · folio 118b
ལས་ལན་ཅིག་ཀྱང་མི་འབྱུང་བའི་ཕྱིར་དེ་མེད་ན་མེད་པའི་ཕྱིར་རོ། །རང་བཞིན་ཡང་ངེས་པར་བྱེད་པ་ཡིན་ཏེ། ཆོས་དེ་ཆོས་གཞན་གྱི་བདག་ཉིད་ཡིན་པས་དེ་ཡོད་པ་ན་ཡོད་པའི་ཕྱིར་དང་། མེད་ན་མེད་པའི་ཕྱིར་དེ་ལྟར་རྗེས་སུ་འགྲོ་བ་དང་ལྡོག་པ་གྲུབ་པའི་ཕྱིར་རོ། །དེས་ན་ངེས་པར་
བྱེད་པ་ལ་བརྟན་ནས་ངེས་པ་ཡིན་པ་དེས་ན་དེའི་བདག་ཉིད་དང་དེ་ལས་བྱུང་བ་དག་ཁོ་ན་ལས་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཏུ་འགྱུར་བ་ཡིན་ནོ། །ངེས་པར་བྱེད་པའི་རྒྱུ་མཚན་གྱིས་ངེས་པ་ཡིན་མོད། འདི་རྟོགས་པ་ནི་རང་འཛིན་པའི་རྟོགས་པ་ལ་བརྟེན་པར་འགྱུར་རོ། །ཇི་ལྟར་
འབྲས་བུའི་རང་བཞིན་རྒྱུའི་རྒྱུ་མཚན་ཅན་ནི་གང་གི་ཚེ་རང་གི་ངོ་བོས་རྟོགས་པ་དེའི་ཚེ་རང་འཛིན་པའི་རྟོགས་པ་ལ་ཡིན་ནོ། །དེའི་འབྲས་བུ་ཉིད་ཀྱིས་དུ་བ་མེ་ལ་ངེས་པ་ནི་མངོན་སུམ་ཁོ་ན་སྟེ། དེ་ཡོད་ན་མེ་ཡོད་པར་རྟོགས་པའི་ཕྱིར་དང་དེ་བཞིན་དུ་མེ་མེད་ན་ཡོད་པར་རྟོགས་པ་མེད་
པའི་ཕྱིར་རོ། །འབྲས་བུ་ཉིད་ཀྱིས་འདི་ཡོད་ན་དེ་ཡོད་པ་དང་། དེ་མེད་ན་འདི་ལྡོག་པ་ཡིན་ལ་དེ་ནི་མངོན་སུམ་ཁོ་ནས་རྟོགས་པ་ཡིན་ནོ། །དེ་བཞིན་དུ་ཤ་པ་ཡང་དེའི་བདག་ཉིད་ཁོ་ནས་ཤིང་ལ་ངེས་པ་ཡིན་ལ་ངེས་པར་ཡང་མངོན་སུམ་ཁོ་ནས་རྟོགས་སོ། །དེས་ན་གང་ཞིག་གང་གི་
འབྲས་བུ་ཡིན་པ་དང་གང་གང་གི་རང་བཞིན་ཡིན་པ་དེ་ནི་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པ་ལས་མི་འདའ་བའི་ཕྱིར། གནས་པའི་དངོས་པོ་རྟོགས་པར་བྱེད་པའི་ཚད་མ་གཞན་ཁོ་ན་ཡིན་ནོ་ཞེས་དོགས་པ་ལ་དེའི་ཡུལ་ཅན་གྱི་ཚད་མ་གཞན་སེལ་བ་ནི་མ་མཐོང་བ་
ལས་མིན་ཞེས་བྱ་བས་ནི་ལྡོག་པའི་རྟོགས་པ་བསལ་ཏེ། མཐོང་ལས་མིན་ཞེས་བྱ་བས་ནི་རྗེས་སུ་འགྲོ་བའི་རྟོགས་པའོ། །འདི་སྐད་བཤད་པ་ཡིན་ཏེ་འདིར་གོ་བར་བྱེད་པའི་ཡན་ལག་ཏུ་གྱུར་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་སྐབས་ཡིན་ནོ། །དེ་དག་གཏན་ཚིགས་ཤེས་པའི་ཡན་ལག་
མ་ཡིན་ན་ནི་དངོས་པོར་གནས་པ་ཙམ་དུ་བསྟན་པ་དོན་མེད་པ་ཁོ་ནའོ། །དེ་དག་རང་གི་རྒྱུའི་དབང་གི་བདག་ཉིད་གྲུབ་པ་ཡིན་ཡང་དེ་ལྟར་རྟོགས་པར་བྱེད་པའི་ཚད་མ་གང་ཡིན་པ་དེ་ཉིད་བསྟན་པར་བྱ་བ་ཡིན་ཏེ། རྣམ་པ་འདི་ལྟ་བུའི་དངོས་པོ་འདིའི་རྒྱུ་མཚན་ནི་འདི་ཡིན་ནོ་ཞེས་རྣམ་པར་གཞག་
Vol. 182 · folio 119a
པའི་ཡན་ལག་མ་ཡིན་པའི་དོན་བསྟན་པས་ཅི་བྱ་དངོས་པོ་དཔྱོད་པ་ནི་དེ་བསྟན་པར་བྱ་བ་ཡིན་གྱི་རྗེས་སུ་དཔག་པའི་ཡན་ལག་ཏུ་ནི་མ་ཡིན་ནོ། །དེས་ན་འབྲེལ་པའི་རྒྱུ་མཚན་ཅན་གྱི་མེད་ན་མི་འབྱུང་བ་ནི་འབྲེལ་པའི་ཚད་མ་ཅན་ཁོ་ན་ཡིན་ན་འབྲེལ་པ་ཉེ་བར་བཀོད་པ་
ཡིན་ནོ། །འདི་ལྟར་དུ་བ་དང་མེ་ཡོད་པ་དང་མེད་པར་རྟོགས་པར་བྱེད་པའི་མངོན་སུམ་ཙམ་གྱིས་ནི་མེད་ན་མི་འབྱུང་བ་ངེས་པ་མ་ཡིན་གྱི་འོན་ཀྱང་འབྲས་བུ་ཉིད་ཀྱིས་ཏེ། ཐམས་ཅད་དུ་དེ་ལྟར་ཡིན་པར་མངོན་སུམ་གྱིས་མི་རྟོགས་པའི་ཕྱིར་དང་། དེ་མེད་པར་སྐབས་ཀྱིས་སྒྲུབ་པར་
བྱེད་པ་ཉིད་ཀྱང་མེད་པའི་ཕྱིར་རོ། །དེ་བཞིན་ཤ་པ་ཞེས་དེ་ལྟར་རྟོགས་པ་འདི་ཅི་ཡོད་ཞེས་རྣམ་པར་དཔྱོད་པ་ན་གང་གི་ཚེ་ཁྱད་པར་ཅན་གྱི་དབྱིབས་རྟོགས་པ་དེའི་ཚེ། ཤ་པ་འདི་ནི་ཤིང་གི་རང་བཞིན་ཉིད་དོ་ཞེས་རྟོགས་པ་ཉིད་དོ། །ཇི་ལྟར་རྟགས་རྟོགས་པ་བཟུང་བ་དག་ལ་ཆོས་རྣམས་
ཀྱི་རང་བཞིན་ནི་རྣམ་པར་དཔྱད་པར་ནུས་པ་ཁོ་ན་སྟེ། དཔེར་ན་སྐད་ཅིག་མ་ཞེས་བྱ་བར་ལྡོག་པའི་བདག་ཉིད་དུ་རྟོགས་པ་དང་། ནུས་པ་ཞེས་བྱ་བ་དབྱིབས་དང་། དཀར་པོ་ཞེས་བྱ་བ་གཟུགས་སུ་རྟོགས་པ་བཞིན་ནོ། །དེས་ན་ཇི་ལྟར་དཀར་པོའི་དཀར་པོ་ཉིད་ཡིན་པས་དེར་འཁྲུལ་པ་
མེད་པ་དེ་བཞིན་དུ་ཤ་པ་ཉིད་ཀྱང་ཤིང་ལ་མི་འཁྲུལ་ཏེ་ཤ་པ་ཉིད་བཞིན་ནོ་ཞེས་འདི་གཉི་ག་ཡང་འཆད་པར་འགྱུར་རོ། །དེས་ན་གང་ལས་གསུམ་ལ་ཚུལ་གསུམ་ཡོད་པ་དང་། རྟོགས་པའི་རྒྱུ་མཚན་ཡོད་པའི་ཕྱིར་རྟོགས་པར་འགྱུར་བ་དེ་ཉིད་བཤད་པའི་ཕྱིར་གསུམ་ཉིད་ལ་དེ་ཉེ་
བར་བསྡུས་སོ། །དེ་ལ་ཡང་དེ་ཡོད་པ་དང་རྟོགས་པ་དག་གི་རྒྱུ་མཚན་ཡོད་པའི་ཕྱིར་གསུམ་ལ་ཚུལ་གསུམ་ཡོད་མོད། གཞན་ཡང་ཡོད་པར་འགྱུར་བ་དེས་ན་དེ་ནི་རྣམ་པ་གསུམ་ཉིད་ཅེས་བྱ་བའི་ངེས་པ་མི་རིགས་སོ་ཞེ་ན། གཞན་དུ་ཞེས་སྨོས་སོ། །ཇི་ལྟར་བཤད་པའི་ངེས་པར་བྱེད་
པ་མེད་ན། ཐ་དད་པ་གཞན་དོན་ཐ་དད་པ་གཞན་དག་དང་། ངེས་པར་ཡོད་པའི་ངེས་པ་གང་ཡིན་པ་སྟེ་དེ་ལས་རང་གི་ངོ་བོ་ཐོབ་པ་མ་ཡིན་པའི་ཕྱིར་དེ་མེད་ན་ཅི་སྟེ་མེད། དེས་ན་ཇི་ལྟར་ཡོད་པ་ངེས་པ་ཡིན། དོན་གཞན་རྒྱུ་མཚན་ཅན་གྱི་ཆོས་ཞེས་བྱ་བས་ནི། དེ་ཡོད་པ་ཙམ་དང་རྗེས་
Vol. 182 · folio 119b
སུ་འབྲེལ་པ་ཉིད་མེད་པར་བརྗོད་དོ། །དེས་ན་འདི་ཐ་དད་པར་གྱུར་པས་དེའི་བདག་ཉིད་མེད་དོ། །གོས་ལ་ཚོན་བཞིན་ནོ་ཞེས་བྱ་བ་ནི་དེའི་བདག་ཉིད་མེད་ན་གདོན་མི་ཟ་བར་ཡོད་པར་ངེས་པ་མེད་པའོ། །འདིར་གཞན་དུ་ཞེས་བྱ་བ་འབྲེལ་པའི་བདག་ཉིད་ལས་ཀྱང་གཞན་དུ་གྱུར་པ་
ཡིན་པས་ན་རྒྱུ་དང་འབྲས་བུའི་དངོས་པོ་མེད་ན་གཞན་དག་དང་ངེས་པར་ཡོད་པའི་ངེས་པ་མེད་པར་བསྟན་པས་ཐ་དད་པའི་དངོས་པོ་ལ་དེའི་བདག་ཉིད་ཀྱང་མེད་པའི་ཕྱིར་དེའི་བདག་ཉིད་མེད་པ་ཡང་བརྗོད་པར་ནུས་མོད་ཀྱི། དེ་ལྟ་ན་ཡང་ཐ་དད་པ་མེད་པ་ཙམ་ནི་དེའི་བདག་ཉིད་མ་ཡིན་
གྱི་འོན་ཀྱང་ཆོས་གཅིག་གི་བདག་ཉིད་ཡིན་ནོ། །དེས་ན་དེ་མེད་པར་བསྟན་པའི་ཕྱིར་དེ་ཉིད་དེ་ལྟར་བརྗོད་དེ། དེ་ཡོད་ཙམ་དང་རྗེས་སུ་འབྲེལ་པ་འཕེན་པར་བྱེད་པ་ཡིན་པའི་ཕྱིར་རོ། །ཡང་ན་གཞན་དུ་ཞེས་བྱ་བས་ནི་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་ལས་ཐ་དད་པར་བརྗོད་པ་ཡིན་
ཏེ། རྒྱུ་དང་འབྲས་བུའི་དངོས་པོ་ལས་མེད་ན་མི་འབྱུང་བ་ངེས་པ་ཡིན་ཏེ། གཞན་དུ་གཞན་ནི་གཞན་དག་དང་། །ངེས་པར་ཡོད་པའི་ངེས་པ་གང་། །ཞེས་འབྲེལ་པའི་ཕྱིར་རོ། །དོན་གཞན་རྒྱུ་མཚན་ཅན་གྱི་ཆོས་ཞེས་བྱ་བས་ནི་དེ་ཙམ་དང་རྗེས་སུ་འབྲེལ་པའི་མཚན་ཉིད་ལས་
ཐ་དད་པའོ། །གོས་ལ་ནི་ཚོན་དོན་གཞན་གྱི་རྒྱུ་མཚན་ཅན་གྱི་ཆོས་ཡིན་ཏེ། དེས་ན་གོས་དེ་ལ་གདོན་མི་ཟ་བར་འགྱུར་བ་ཡིན་ནོ། །གོས་ཡིན་པ་ཙམ་གྱིས་ནི་སྒྲུབ་པར་བརྗོད་མི་ནུས་སོ། །དེས་ན་གོས་ནི་ཚོན་དོན་གཞན་ལས་འགྱུར་བའི་ཕྱིར་དེ་ལ་གོས་མི་འཁྲུལ་པ་མ་
ཡིན་ཏེ། །འབྲེལ་པ་མེད་པའི་ཕྱིར་རོ། །བར་སྐབས་ཀྱི་ཚིགས་སུ་བཅད་པ་ཞེས་བྱ་བ་ནི་མདོ་མ་ཡིན་པར་བརྗོད་པའོ། །དེས་ན་དེ་ལྟར་འབྲེལ་པ་ཉིད་ལས་གཏན་ཚིགས་གོ་བར་བྱེད་པ་ཡིན་པར་བསྒྲུབས་ཏེ། གང་དག་དོན་གཞན་གྱི་རྒྱུ་ཅན་ཡང་དངོས་པོའི་རང་བཞིན་དུ་
ཁས་བླངས་ནས་མི་རྟག་པ་ལ་སོགས་པའི་རང་བཞིན་གྱི་ཆོས་གཅིག་གི་བདག་ཉིད་ཀྱིས་འཐོབ་པ་དེ་ཙམ་དང་རྗེས་སུ་འབྲེལ་པ་ཉིད་སྤོང་བ་དེ་དག་ལ་འབྲེལ་པ་བསྒྲུབ་པའི་དོན་ཉིད་དགག་པའི་ཕྱིར། གཞན་ཡང་ཞེས་སྨོས་སོ། །གང་གི་ཕྱིར་མི་རྟག་པ་ཉིད་ཀྱི་མཚན་ཉིད་
Vol. 182 · folio 120a
ཀྱི་ཆོས་དོན་གཞན་གྱི་རྒྱུ་མཚན་ཅན་ཡིན་ན་དེའི་ཕྱིར་གཞན་ཉིད་ཡིན་པར་འགྱུར་རོ། །དངོས་པོ་བདག་ཉིད་ཐོབ་པའི་མི་རྟག་པ་ཉིད་འཇིག་པ་ཞེས་བྱ་བ་དེ་ནི་འཇིག་པའི་རྒྱུ་ལས་འབྱུང་བ་ཡིན་ནོ། །དེས་ན་འདི་དངོས་པོ་དེའི་རང་བཞིན་དུ་མི་འགྱུར་རོ། །གཞན་དེ་
སྐད་སྨྲ་བས་ནི་རྒྱུ་མཐའ་དག་འཇིག་པའི་བདག་ཉིད་སྐྱེད་པ་ཉིད་ཀྱིས་བྱས་པ་ཉིད་འཇིག་པ་ལས་ཐ་དད་པ་མ་ཡིན་ཏེ། རྒྱུ་དང་འབྲེལ་པས་བྱས་པ་ཡིན་ལ་རྒྱུ་དང་འབྲེལ་པས། མི་རྟག་པ་ཉིད་ཀྱང་ཡིན་ནོ་ཞེས་བྱ་བ་དེའི་བདག་ཉིད་སྤང་བར་འགྱུར་བ་དེ་བཞིན་དུ་མི་རྟག་པ་ཉིད་
ཀྱང་སྤང་བར་འགྱུར་རོ། །འདི་ལྟར་འདི་མི་རྟག་པའི་བདག་ཉིད་དུ་སྐྱེ་བ་ནི་མ་ཡིན་ཏེ། དེ་ལྟར་ཁས་བླངས་ན་དེའི་བདག་ཉིད་དུ་གྲུབ་པའི་ཕྱིར་རོ། །དེས་ན་མི་རྟག་པ་ཕྱིས་འབྱུང་ན་བྱས་པ་ལས་མི་རྟག་པ་ཉིད་གཞན་ཁོ་ནར་འགྱུར་རོ། །གཞན་ནི་གཞན་གྱི་རང་བཞིན་ཅན་
དུ་འགྱུར་བ་མ་ཡིན་ན་དེས་ན་དངོས་པོ་མི་རྟག་པར་མི་འགྱུར་ཏེ། དཔེར་ན་བུམ་པ་སྣམ་བུར་མི་འགྱུར་བ་བཞིན་ནོ། །འགྲེལ་པ་ནི་དེ་གྲུབ་ན་ཞེས་བྱ་བའོ། །དོན་གཞན་གྱི་རྒྱུ་མཚན་ལས་གཉིས་འགྱུར་བ་ཡིན་ཏེ། རྒྱུ་དོན་གཞན་ཡིན་པ་ཉིད་ཀྱིས་དངོས་པོ་གྲུབ་ཀྱང་མི་
རྟག་པ་ཉིད་མ་སྐྱེས་པ་དང་། དེ་བཞིན་དུ་རྒྱུ་ཐ་དད་པའི་ཕྱིར་དེའི་རྒྱུ་གཞན་ཡིན་པར་འགྱུར་བ་དེས་ན་རྒྱུ་གཞན་ཡིན་པས་སྐྱེས་པ་དང་མ་སྐྱེས་པའི་མཚན་ཉིད་ཆོས་འགལ་བ་གནས་པར་འགྱུར་རོ། །རྒྱུ་ཡོད་པ་ཉིད་ན་འབྲས་བུ་འགྲུབ་པའི་ཕྱིར་གཞན་གྱི་རྒྱུ་ཅན་དེ་གྲུབ་ཀྱང་རང་གི་རྒྱུ་
མེད་པས་མ་གྲུབ་པ་ནི་ཕྱིས་ཉིད་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་རྒྱུ་ཐ་དད་པ་སྤང་ངོ་། །དེས་ན་གང་སྐྱེས་ཀྱང་མ་སྐྱེས་པ་གང་ཡིན་པ་དེ་དེའི་རང་བཞིན་མ་ཡིན་པའི་ཕྱིར་དངོས་པོ་མི་རྟག་པར་མི་འགྱུར་ཏེ། མི་རྟག་པ་སྟོང་པ་ཉིད་དུ་བདག་ཉིད་ལ་རང་གི་རྒྱུ་ལས་མི་རྟག་པ་ཉིད་མེད་པའི་ཕྱིར་རོ། །
གལ་ཏེ་དེ་དང་འབྲེལ་པའི་ཕྱིར་དེ་དེའི་རང་བཞིན་ཡིན་པ་དེས་ན་དེའི་རང་བཞིན་དུ་རིགས་པ་མ་ཡིན་ན་ཞེས་བྱ་བ་གང་ཡིན་པའི་ཚིག་གི་ཚུལ་ནི་གསོག་ཏུ་འགྱུར་རོ། །འོན་ཏེ་འབྲེལ་པར་རིགས་པ་མ་ཡིན་ནོ་ཞེས་བརྗོད་ན། དེ་ནི་ཅིར་ཡང་མི་རུང་སྟེ། ཐ་དད་པ་ལ་ལྟོས་ནས་སུན་འབྱིན་པ་བརྗོད་
Vol. 182 · folio 120b
པའི་སྐབས་ཡིན་པའི་ཕྱིར་དང་། ཐ་དད་ཀྱང་དེའི་རང་བཞིན་དུ་འཐད་པའི་ཕྱིར་རོ། །བརྗོད་པ་དེའི་རང་བཞིན་དུ་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་འདིར་ཐ་མི་དད་པ་འགོག་པ་ཡིན་ནོ། །རང་བཞིན་ཞེས་བྱ་བ་ནི་དངོས་པོའི་རང་གི་ངོ་བོ་ཐ་མི་དད་པ་ལ་བརྗོད་ཀྱི། འབྲེལ་ཀྱང་དངོས་པོ་དངོས་པོ་
གཞན་གྱི་རང་བཞིན་དུ་འགྱུར་བ་ནི་མ་ཡིན་ནོ། །སེར་པོ་དང་སྔོན་པོ་བཞིན་དུ་འབྲེལ་ཞེས་བྱ་བར་འགྱུར་གྱི་རང་བཞིན་དུ་ནི་མ་ཡིན་ནོ། །གྲུབ་པ་དང་མ་གྲུབ་པ་དག་དང་རྒྱུ་ཐ་དད་པའི་ཕྱིར་ཐ་དད་པ་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་འདི་ཉིད་ག་ལས་ཤེ་ན། དངོས་པོ་རྣམས་ཀྱི་ཐ་དད་པའམ་
རྒྱུ་ཐ་དད་པ་ནི་འདི་ཁོ་ན་ཡིན་ཏེ་ཞེས་སྨོས་སོ། །གང་ནི་ཐ་དད་པ་ཡིན་ལ་རྒྱུ་ཐ་དད་པ་ཡང་གང་ཡིན་ཞེ་ན་ཆོས་འགལ་བར་གནས་པའམ་རྒྱུ་ཐ་དད་པ་གང་ཡིན་པའོ་ཞེས་བཤད་དོ། །ཆོས་འགལ་བ་གནས་པ་ནི་ཐ་དད་པ་ཡིན་ལ་རྒྱུ་ཐ་དད་པ་ནི་རྒྱུ་ཐ་དད་པ་ཡིན་ནོ། །གང་དག་གི་ཆོས་
ཕན་ཚུན་འགལ་བ་དང་གཅིག་ཏུ་གྱུར་པ་ཆོས་འགལ་བ་གནས་པ་དེ་ཉིད་དེ་དག་གི་ཐ་དད་པ་ཡིན་ནོ། །དེ་བཞིན་དུ་གང་ཞིག་ཚོགས་པ་གཞན་ལ་སྐྱེ་བ་ན་གང་ཞིག་གཞན་ལས་སྐྱེ་བ་རྒྱུ་ཐ་དད་པ་དེ་ནི་དེ་དག་གི་རྒྱུ་ཐ་དད་པ་ཡིན་ནོ། །ཐ་དད་པ་ནི་རྣམ་པ་གཉིས་ཏེ་གསལ་བ་ཐ་དད་པ་དང་།
སྐལ་བ་མཉམ་པ་དང་མི་མཉམ་པ་ཐ་དད་པའོ། །དེ་ལ་གང་གི་རྒྱུ་བྱེད་པ་ན་གང་གི་རྒྱུ་བྱེད་པ་མེད་པ་དེ་ནི་རིགས་པ་མཚུངས་པའམ་དེ་ལྟ་མ་ཡིན་ཡང་བླ་སྟེ། གསལ་བ་ཐ་དད་པར་ངེས་པ་ཡིན་ནོ། །འདིར་ནི་འདི་ཉིད་སྐབས་སུ་བབ་པ་ཡིན་ནོ། །རིགས་མི་མཐུན་པ་ནི་རིགས་མི་མཐུན་པ་
ལས་སྐྱེས་པ་ཡིན་ནོ་ཞེས་འདི་ནི་འཆད་པར་འགྱུར་རོ། །དེ་ལ་གྲུབ་པ་ཉིད་ནི་མ་གྲུབ་པར་མི་འགྱུར་བའི་ཕྱིར་གྲུབ་པ་དང་མ་གྲུབ་པ་དག་ཐ་དད་པ་ཡིན་ནོ། །གང་ཞིག་རྒྱུའི་མཐུ་ལས་བདག་ཉིད་ཐོབ་པ་ན་རྒྱུ་གཞན་ལས་འགྱུར་བ་གང་ཡིན་པ་དེ་ཡང་ཐ་དད་པ་ཁོ་ནའོ། །དེ་དག་ཐ་དད་དོ་ཞེས་
བྱ་བ་འདི་ཉིད་ཇི་ལྟར་རྟོགས། ཚད་མས་དེ་ལྟར་རྟོགས་སོ་ཞེ་ན། གང་ཞིག་དོན་ཐམས་ཅད་ངེས་པར་ནུས་པའི་ཚད་མ་ནི་མེད་དེ་ཇི་སྲིད་རིག་པ་ཙམ་རྣམ་པར་འཇོག་པ་ཡིན་པའི་ཕྱིར་དང་། རིག་པ་མ་ཡིན་པ་རྣམས་ཀྱང་རིག་པ་དང་འདྲ་བའི་ངེས་པ་ཡང་མི་རྟོགས་པའི་ཕྱིར་ཐམས་
Vol. 182 · folio 121a
ཅད་མཁྱེན་པ་མ་ཡིན་པ་ལ་ཐམས་ཅད་རིག་པ་མེད་པའི་ཕྱིར་རོ། །དེས་ན་ལ་ལར་གྲུབ་པ་དང་མ་གྲུབ་པ་ཐ་དད་པར་རིག་ཀྱང་གཞན་དུ་དེ་ལྟ་མ་ཡིན་པར་ཡང་འགྱུར་ཏེ། དེས་ན་ཚད་མ་ཇི་ལྟ་བ་བཞིན་ཁོ་ནར་རྟོགས་པའི་ཕྱིར་ཆོས་འགལ་བར་གནས་པ་ཐ་དད་
པར་བྱེད་པ་མ་ཡིན་ནོ་ཞེ་ན་འདིར་བརྗོད་པ། འདི་ནི་དངོས་པོའི་གནས་ཐབས་ཡིན་གྱི། འདི་ཚད་མའི་བྱེད་པ་ནི་མ་ཡིན་ནོ། །ཡོད་པ་དང་ཁྱད་པར་རྟོགས་པ་དག་ལ་ནི་མངོན་སུམ་དང་རྗེས་སུ་དཔག་པའི་བྱེད་པ་འཇུག་གི །རྣམ་པ་འདི་ལྟ་བུ་ནི་འདི་ལྟར་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་
འདི་ནི་དངོས་པོའི་གནས་ཐབས་ཡིན་ཏེ། དཔེར་ན་གང་བྱས་པ་དེ་མི་རྟག་གོ་ཞེས་བྱ་བ་བཞིན་ནོ། །གལ་ཏེ་དངོས་པོའི་གནས་ལུགས་ཀྱང་རང་ཉིད་གསལ་བ་ནི་མ་ཡིན་ལ། དེ་གསལ་བ་གང་ཡིན་པ་དེ་ཡང་ཚད་མ་ཡིན་པ་དེས་ན་འདི་ནི་གང་ཇི་ལྟར་དམིགས་པ་དེ་དེ་ཁོ་ན་ལྟར་
བླང་བར་བྱ་ཞེས་བྱ་བ་དེ་ཉིད་དུ་འགྱུར་རོ། །རྣམ་པ་འདི་ལྟ་བུའི་དངོས་པོ་ཡོད་དོ་ཞེས་བྱ་བ་འདི་ཡང་ཤེས་པ་ཡུལ་དུ་མ་བྱས་པར་རང་ཉིད་གསལ་བར་ནི་མི་འཐད་དོ། །ཚད་མ་མེད་པར་དངོས་པོའི་གནས་པ་གྲུབ་པ་ནི་འགའ་ཡང་མེད་དོ་ཞེ་ན། འདིར་ངེས་པར་གཟུང་བར་གྱིས་
ཤིག །དུས་དེར་གྲུབ་པ་དང་། དུས་གཞན་དུ་གྲུབ་པ་དག་རྟོགས་པ་དེ་ཉིད་ཀྱིས་རྟོགས་སམ་མ་རྟོགས། གལ་ཏེ་མ་རྟོགས་ན་ནི་ཚད་མ་ཉིད་མེད་པར་ཐལ་ལོ། །རྣམ་པར་རྟོག་པ་རྣམས་དངོས་པོའི་ཡུལ་ཅན་མ་ཡིན་པ་ཉིད་ཀྱིས་མ་རྟོགས་པ་ཁོ་ནའོ་ཞེ་ན་མ་ཡིན་ཏེ་དེར་ལྟག་པར་ཞེན་
པའི་ཕྱིར་དང་། དེ་ལྟ་བུ་ཉམས་སུ་མྱོང་བ་ལ་བརྟེན་པའི་ཕྱིར་དོན་དམ་པར་རྟོགས་པ་མ་ཡིན་ཡང་རྟོགས་པར་སྒྲུབ་པར་འགྱུར་བའི་ཕྱིར་རོ། །འོན་ཏེ་རྟོགས་པ་ཡིན་ན་དེ་ལྟ་ན་རྟོགས་པ་དེ་ལ་གནས་པ་འདི་ངེས་པར་བརྟག་ནུས་སོ། །རྣམ་པར་རྟོག་པ་ནི་འདོད་པ་ཙམ་ལ་རག་ལས་ནས་འཇུག་
པའི་ཕྱིར་ཇི་སྲིད་འདོད་པ་རྗེས་སུ་འཇུག་པ་ན་ཡུལ་འདི་ནི་རྣམ་པ་འདི་ལྟ་བུའི་ཞེས་དེས་རྟོགས་པ་ངེས་པར་བརྟག་པར་བྱ་བ་ཁོ་ནའོ། །དེ་ཉིད་ཀྱི་ཕྱིར་བརྗོད་པ་དང་འདྲེར་རུང་བ་ཉིད་རྣམ་པར་རྟོག་པ་ཉིད་དུ་བཤད་དོ། །དེས་ན་ཇི་ལྟར་འདིའི་རྗོད་པར་བྱེད་པ་འདི་ཡིན་ནོ་ཞེས་རང་གི་ངོ་བོར་མ་
Vol. 182 · folio 121b
གྱུར་པའི་ཆོས་དག་ཏུ་ངེས་པར་རྟོགས་པ་དེ་བཞིན་དུ་རང་གི་ངོ་བོར་གྱུར་བས་ཀྱང་ངོ་། །གལ་ཏེ་བདག་ཉིད་གང་དུ་འདི་ངེས་པར་བརྟག་པ་དེ་གལ་ཏེ་འདིའི་བདག་ཉིད་ཡིན་ན་ནི་དེ་རིག་པས་རིག་པ་ཉིད་པས་འདི་ལ་ངེས་པར་རྟོགས་པ་གཞན་གྱིས་ཅི་བྱ། བདག་ཉིད་མ་ཡིན་ན་ཡང་སྒྲོ་འདོགས་པ་
ཙམ་དུ་འགྱུར་གྱི་དེའི་བདག་ཉིད་རྣམ་པར་དཔྱོད་པ་ན་མ་ཡིན་ནོ་ཞེ་ན། བརྗོད་པ་ཆར་ལྷག་པར་ཞེན་པ་ཉིད་ཀྱིས་རྣམ་པར་རྟོག་པ་ཆོས་ཙམ་ལ་བརྟེན་པས་ཀྱང་ཆོས་གང་ཞིག་ཆོས་གཞན་གང་གི་བདག་ཉིད་ཡིན་པ་དེ། དེ་རྟོགས་པ་ན་མ་རྟོགས་ཀྱང་དེ་ལྟ་བུའི་རང་བཞིན་གྱི་ཆོས་དེ་རྟོགས་པ་ལ་
གནས་པ་ན། ཡོད་པ་ཉིད་དོ་ཞེས་རྟོགས་པ་དེས་མ་རྟོགས་ཀྱང་རྟོགས་པ་གཞན་གྱི་ཡུལ་དུ་བྱ་བར་ནུས་སོ། །ཇི་ལྟར་དངོས་པོ་ཆ་མེད་པར་ཡུལ་དུ་བྱེད་པའི་བདག་ཉིད་མངོན་སུམ་གྱིས་སྔོན་པོ་མྱོང་བ་ན། དེ་ཇི་ལྟར་མྱོང་བ་བཞིན་དུ་རྟོགས་པ་པོའི་གཞན་དབང་དུ་གྱུར་པའི་རྟོགས་པ་ལ་གནས་པའི་
ཕྱིར་ངེས་པར་བརྟག་པར་བྱ་བའི་རང་བཞིན་ཡིན་པ་ན་རྣམ་པར་རྟོག་པ་རྣམས་ཕྱིའི་ཡུལ་ཅན་ཡིན་པའི་ཕྱིར་གལ་ཏེ་ཡང་སྤྱིས་དབེན་པའི་རང་བཞིན་ངེས་པ་མ་ཡིན་པ་དེ་ལྟ་ན་ཡང་སྣང་བའི་སྔོན་པོ་རང་བཞིན་གཅིག་ཏུ་སྣང་བ་འདི་རང་གི་ངོ་བོའམ་ངོ་བོ་གཞན་གྱི་རྗེས་སུ་སོང་བར་མི་སྣང་བའི་ཕྱིར་སྤྱིའི་
བདག་ཉིད་མ་ཡིན་པས་བདག་ཉིད་དེ་ལ་སྤྱིས་སྟོང་པ་ཉིད་ཡོད་དོ་ཞེས་དེའི་རང་བཞིན་རྣམ་པར་འབྱེད་པ་ཉིད་ལ་ངེས་པ་བཞིན་ནོ། །དེའི་ཕྱིར་ཆོས་གཞན་གྱི་བདག་ཉིད་ཅན་སྣང་བའི་ཆོས་ཀྱི་རྣམ་པར་དབྱེ་མི་ནུས་པའི་རང་བཞིན་ནི་མི་སྣང་ཡང་རྣམ་པར་དཔྱད་པ་ལས་ངེས་པར་འགྱུར་རོ། །དེ་
བས་ན་རང་གི་རྒྱུ་མཚན་གྱིས་བསྐྱེད་པའི་རྟོགས་པས་རྟོགས་པའི་རང་བཞིན་དེའི་དུས་སུ་གྲུབ་པའམ། དུས་གཞན་དུ་གྲུབ་པ་ལས་ཐ་དད་པའི་བདག་ཉིད་རྟོགས་པ་དེས་མ་རྟོགས་ཀྱང་ཆོས་དེ་དང་བདག་ཉིད་གཅིག་པས་ཡོད་དོ་ཞེས་རྟོགས་པ་གཞན་དག་གིས་རྟོགས་པ་ཡིན་ནོ། །གལ་ཏེ་
རྣམ་པར་རྟོག་པ་རྣམས་དོན་གྱི་ངོ་བོ་ཡོད་པ་ལ་མི་ལྟོས་པའི་ཕྱིར་དེ་རྟོགས་པའི་རང་བཞིན་ལ་ཇི་ལྟར་རྟོགས་བཞིན་པའི་རང་བཞིན་ཉིད་མེད་ན་དེའི་བདག་ཉིད་ཅན་གྱི་རང་བཞིན་གཞན་ཡོད་པར་ལྟ་ག་ལ་འགྱུར། རང་བཞིན་ཡོད་ན་རྟོགས་པར་འགྱུར་བ་ཡིན་ཏེ། དཔེར་ན་ལོགས་གཅིག་རྟོགས་
Vol. 182 · folio 122a
པའི་བུམ་པ་ལ་ལོགས་གཞན་ཡོད་པའི་ཕྱིར་ཡང་རྟོགས་པར་འདོད་ན་དེ་ཡང་རྟོགས་པར་འགྱུར་བ་བཞིན་ནོ། །དེ་བཞིན་དུ་འདི་ནི་མངོན་སུམ་ལ་མི་བརྟེན་པ་དེའི་དུས་སུ་གྲུབ་པར་རྟོགས་པ་ལ་གང་གིས་བདག་ཉིད་དུ་གྱུར་པའི་རང་བཞིན་མ་རྟོགས་ཀྱང་རྟོགས་པར་
འགྱུར་བ་དེ་ཡོད་པ་མ་ཡིན་ནོ་ཞེ་ན། བདེན་མོད་ཀྱི་འོན་ཀྱང་ཕྱི་རོལ་ཇི་ལྟར་རྟོགས་བཞིན་པའི་དོན་ཡོད་པས་དེའི་རང་གི་ངོ་བོས་ཉེ་བའི་རང་བཞིན་གཞན་རྟོགས་པར་མི་སྨྲའི། འོན་ཀྱང་རྟོགས་པ་ལ་དེ་ལྟར་ཡོད་པའི་ཕྱིར་རོ། །ཇི་ལྟར་སྔོན་པོར་རྟོགས་པ་སྐྱེས་པ་ན་དེའི་ཡུལ་དུ་གྱུར་པ་
སྔོན་པོའི་རྣམ་པར་རྟོག་པ་གཞན་གྱིས་ངེས་པར་རྟོགས་པ་དེ་བཞིན་དུ། དེའི་དུས་སུ་གྲུབ་པ་རྟོགས་པ་ན་ཡང་ཇི་ལྟར་རྟོགས་པའི་རང་བཞིན་དེ་ངེས་པར་བརྟགས་པ་དེ་བཞིན་དུ་དེ་ཉིད་ཀྱི་རང་བཞིན་དུ་གྱུར་པའི་རང་བཞིན་གཞན་ཡང་ཡིན་ཏེ། རྟོགས་པ་དང་། མ་རྟོགས་པས་
ཐ་དད་ཀྱང་རང་གི་ངོ་བོས་ཁྱད་པར་མེད་པའི་ཕྱིར་རོ། །རྟོགས་པའི་བདག་ཉིད་ངེས་པར་རྟོགས་པ་ནི་དྲན་པར་འགྱུར་གྱི། མ་རྟོགས་པ་ལ་ནི་དངོས་པོའི་གནས་ཐབས་ཁོངས་སུ་ཆུད་པ་ཡིན་ནོ། །འོ་ན་དེའི་རང་གི་ངོ་བོས་དེ་རྟོགས་པ་ན་རྟོགས་པ་ལ་རྣམ་པར་གནས་པ་གློ་ན་ཉེ་བར་
གནས་པ་ལྟར་རྟོགས་སམ། ཡང་ན་རྟོགས་བཞིན་པ་དེའི་རང་གི་ངོ་བོ་ལས་རྟོགས། རྣམ་པར་རྟོག་པ་སྔ་མ་ལ་ནི་རྟོག་པ་རྣམ་པར་དཔྱོད་པ་དོན་མེད་དོ། །ཕྱི་མ་ལ་ཡང་གང་གིས་དེ་རྟོགས་པ་དང་མ་རྟོགས་པ་དག་གི་འབྲེལ་པར་རྟོགས་པར་བརྗོད་དགོས་སོ། །དེས་ན་ཚད་མ་ཇི་ལྟ་བ་
བཞིན་དངོས་པོ་རྟོགས་པའི་ཚུལ་གཞན་གྱིས་མ་ཡིན་པའི་ཕྱིར་འགལ་བའི་ཆོས་གནས་པ་ཞེས་བྱ་བ་འདི་ཅི་ཞིག་ཅེ་ན་རྣམ་པར་རྟོག་པ་ནི་མངོན་སུམ་བཞིན་དུ་རྟོགས་པ་ཉེ་བར་གནས་པའི་དོན་གྱི་རང་བཞིན་རྟོགས་པ་ནི་མ་ཡིན་ཏེ་སྒྲ་ལ་སོགས་པའི་རྒྱུ་མཚན་མེད་པར་འདོད་པ་ཙམ་གྱིས་
ཉེ་བར་གནས་པར་མི་རྟོགས་པའི་ཕྱིར་རོ། །དེས་ན་མཐོང་བའི་ཆ་སྔོན་མ་མཐོང་བ་མཐོང་བ་ལྟར་རང་གི་རྒྱུ་མཚན་ཉིད་ལ་ནི་རྟོགས་བཞིན་པའི་ཆོས་ཀྱི་བདག་ཉིད་དུ་གྱུར་པ་མ་རྟོགས་པའི་ཆོས་རྟོགས་པ་མ་ཡིན་ནོ། །འོ་ན་ཅི་ལྟར་རྟོགས་ཤེ་ན། རྟོགས་པའི་ཆོས་ཉིད་ལས་སོ། །འབྲེལ་པ་
Vol. 182 · folio 122b
རྟོགས་པ་ལ་ལྟོས་པ་ཡང་མ་ཡིན་ཏེ་ཐ་དད་པ་མེད་པའི་ཕྱིར་རོ། །འོ་ན་ཅི་ལྟར་དེ་རྟོགས་པ་ན་མ་རྟོགས་ཤེ་ན། ཆོས་ཐ་མི་དད་ཀྱང་ལྟོས་པའི་དབང་གིས་ཐ་དད་པར་བརྟགས་པའི་ཕྱིར་རོ། །དཔེར་ན་ལོ་མ་ལ་སོགས་པ་དང་ལྡན་པའི་ཁྱད་པར་ཁོ་ན་ཤ་པའི་ཕྱིར་ཤ་པ་ཞེས་བྱ་བས་ཤིང་ཉིད་ཀྱི་
ནང་དུ་འདུག་པ་ཡིན་ཡང་སེང་ལྡེང་ལ་ཡང་ཡོད་པའི་ཕྱིར་རྣམ་པར་རྟོག་པས་ཐ་དད་པར་བྱེད་པ་དེ་བཞིན་དུ་དེའི་དུས་སུ་གྲུབ་པ་དུས་གཞན་དུ་གྲུབ་པ་ལས་རང་བཞིན་ཐ་དད་པ་ཡིན་ཡང་ཐ་དད་པ་ཙམ་གྱི་ཁྱད་པར་དུ་གྱུར་པ་ཞེས་བྱ་བར་མི་འགྲུབ་པོ། །ཁྱད་པར་དུ་གྱུར་པའི་ཆོས་དེའི་
བདག་ཉིད་ཅན་ཡོངས་སུ་དོར་བར་མི་ནུས་པ་ཡང་རྟོགས་བཞིན་པའི་རང་བཞིན་ཉིད་ཡིན་པ་དེས་ན་དེ་རྟོགས་ན་རྟོགས་པར་འགྱུར་རོ། །ཐ་དད་པ་མེད་ཀྱང་མ་རྟོགས་པའི་ཕྱིར་ཇི་ལྟར་རྟོགས་ཤེ་ན། དེའི་རྣམ་པར་ངེས་པར་བརྟགས་པ་ལས་སོ་ཞེས་བརྗོད་དོ། །ངེས་པར་རྟོགས་པ་
ཞེས་བྱ་བ་འདི་ཅི་ཞིག །སྨྲས་པ་གལ་ཏེ་དེའི་དུས་སུ་གྲུབ་པ་རང་བཞིན་གཅིག་ཏུ་གྱུར་ན་དུས་གཞན་དུ་གྲུབ་པ་བཞིན་དུས་དེར་གྲུབ་པ་དུས་དེར་མི་འགྱུར་བའམ། དུས་གཞན་དུ་གྲུབ་པ་ཡང་དུས་དེ་ཉིད་དུ་འགྱུར་ཏེ་ཐ་དད་པ་མེད་པའི་ཕྱིར་རོ། །གཅིག་ཉིད་ནི་བདག་ཉིད་གཞན་མེད་པ་
ཡིན་ལ་དེ་ཡང་ཐ་དད་པ་མེད་པ་ཡིན་ནོ། །བདག་ཉིད་གཞན་དང་ལྡན་པ་ནི་དུ་མ་ཉིད་དོ། །དེས་ན་དེ་ལྟར་དེས་དེ་དང་དུས་གཞན་དུ་གྲུབ་པ་དག་དུས་ཐ་དད་པ་དང་གཅིག་ཉིད་བདག་ཉིད་གཞན་དང་བྲལ་བའི་རང་བཞིན་ཡིན་པར་རྣམ་པར་ཕྱེ་ནས་དེ་དག་ཐ་དད་པར་ངེས་པ་ཡིན་ནོ། །
རྣམ་པར་འབྱེད་པ་ཞེས་བྱ་བ་འདི་ཅི་ཞིག་ཅེ་ན། མངོན་སུམ་ལ་སོགས་པ་དག་ལས་ཤེས་པའམ། སྒྲ་ལ་སོགས་པས་རྟོགས་པ་རྨོངས་པ་མེད་པའི་རྟོགས་པས་རྣམ་པར་ཕྱེ་ནས་ངེས་པར་སེམས་པའོ། །འདི་ལྟར་འགའ་ཞིག་ཤིང་ཉིད་ལ་སྐྱེས་བུ་ཞེས་རྟོགས་ཏེ་དེས་ན་དེས་ཤིང་ལ་
རྣམ་པར་ཕྱེ་ནས་ངེས་པར་རྟོགས་པ་ན། སྐྱེས་བུའི་བདག་ཉིད་མ་ཡིན་པར་ངེས་པ་ཇི་ལྟར་ཤིང་ནི་ལོ་མ་ལ་སོགས་པ་དང་ལྡན་པ་ཡིན་ལ། སྐྱེས་བུ་ནི་རྐང་ལག་ལ་སོགས་པ་དང་ལྡན་པ་ཡིན་ནོ། །ལོ་མ་ལ་སོགས་པ་ཉིད་ཀྱང་རྐང་ལག་ལ་སོགས་པ་མ་ཡིན་པས་ན། སྐྱེས་བུ་ལས་ཤིང་
Vol. 182 · folio 123a
གཞན་ཡིན་ནོ། །ཤིང་ཉིད་ཀྱང་ལོ་མ་ལ་སོགས་པ་ལས་གཞན་མ་ཡིན་པ་དེས་ན། དེ་ལྟར་ཤིང་ཉིད་རྣམ་པར་ཕྱེ་བ་ཉིད་ཀྱིས་སྐྱེས་བུ་ལས་གཞན་ཉིད་དུ་རྟོགས་པ་དེ་བཞིན་དུ་དེ་དང་དེ་མ་ཡིན་པའི་དུས་སུ་གྲུབ་པ་དག་དང་། དུས་ཐ་དད་པ་ཉིད་ཀྱང་གཞན་མ་ཡིན་ནོ། །
བདག་ཉིད་གཅིག་པ་ལས་ཀྱང་གཅིག་ཉིད་གཞན་མ་ཡིན་ནོ། །ལོ་མ་ལ་སོགས་པ་དང་ལྡན་པ་ཉིད་ཤིང་ཡིན་ནོ་ཞེས་ནི་མངོན་སུམ་ལས་ངེས་ན་གཅིག་ཉིད་རྣམ་པ་གཅིག་པ་ཡིན་ནོ་ཞེས་བྱ་བ་གོ་བ་ལས་མངོན་སུམ་ཉིད་ལས་སོ་ཞེ་ན་འོ་ན་གཞན་དེའི་བདག་ཉིད་མ་ཡིན་པ་ཞེས་བྱ་བར་འགྱུར་རོ་ཞེ་ན། གལ་ཏེ་
དེ་ལྟ་ན་ཤིང་ལོ་མ་ལ་སོགས་པ་དང་མི་ལྡན་པར་འགྱུར་རོ། །དེ་ལྟར་ནི་མི་ནུས་ཏེ་ལོ་མ་ལ་སོགས་པ་དང་མི་ལྡན་པ་གཞན་དག་ཡོད་ཀྱང་ལོ་མ་ལ་སོགས་པ་དང་ལྡན་པ་ལ་ཤིང་ཞེས་ཐ་སྙད་འདོགས་སོ། །དེས་ན་ལོ་མ་ལ་སོགས་པ་དང་ལྡན་པ་གང་ཡིན་པ་དེ་ཉིད་དེ་ལྟ་མ་ཡིན་ནོ་ཞེས་ནི་མི་
ནུས་སོ། །གཞན་ལོ་མ་ལ་སོགས་པ་དང་མི་ལྡན་པ་ཡང་འགོག་པ་ནི་མ་ཡིན་ནོ། །འོན་ཀྱང་དེ་ལ་ཡང་ཤིང་ཞེས་རྟོགས་ན་མིང་ཙམ་གཞན་དུ་འགྱུར་བའི་ཕྱིར་དངོས་པོ་ལ་འགལ་བ་མེད་དོ་ཞེ་ན་དེ་ལྟར་ན་རོ་གཅིག་ནི་བདག་ཉིད་གཅིག་པ་ཅན་དང་། ཐ་མི་དད་པ་ཡིན་ལ་གཞན་དུ་ནི་མ་
ཡིན་ནོ་ཞེས་མངོན་སུམ་ལ་རྟོགས་སམ། སྲིད་པ་རྣམ་པར་གཞག་ཀྱང་རུང་སྟེ་ཕུང་པོ་གཉིས་སུ་ངེས་པའི་ཕྱིར་ཏེ། དེས་ན་ཁྱད་པར་འགའ་ཡང་མེད་དོ། །དེས་ན་གང་ཞིག་གང་གི་བདག་ཉིད་དུ་གྱུར་པའི་ཆོས་དེ་རྟོགས་པ་ན། ཡོངས་སུ་མ་བཏང་བའི་བདག་ཉིད་ཁོ་ནར་རྟོགས་པའི་
ཕྱིར་དེའི་རང་བཞིན་རྣམ་པར་ཕྱེ་བ་ཉིད་ལ་དེ་རྟོགས་པ་ཡིན་ནོ། །དེས་ན་ཆོས་འགལ་བ་གནས་པ་ཐ་དད་པར་བྱེད་པ་ལ་ཚད་མ་ཚོལ་བར་བྱེད་པ་གང་ཡིན་པ་འདིའི་དེའི་བདག་ཉིད་ལ་ཚད་མས་རྟོགས་པ་ལ་ལྟོས་པ་ནི་མ་ཡིན་པ་མ་ཡིན་ནོ། །ཆོས་འགལ་བ་གནས་པ་ཐ་དད་པར་བྱེད་པ་ཉིད་
ལ་གྲུབ་པ་དང་། མ་གྲུབ་པ་དག་ཐ་དད་པའི་བདག་ཉིད་དང་འབྲེལ་བར་ཚད་མ་འགའ་ཞིག་གི་རྟོགས་པ་ལྟོས་པར་བྱ་བ་འགྱུར་བ་ནི་མ་ཡིན་གྱི། འོན་ཀྱང་དེ་ཚད་མའམ་ཚད་མ་ཡིན་པས་རྟོགས་པ་ན་གྲུབ་པ་ཉིད་ཀྱིས་རང་བཞིན་མ་གྲུབ་པ་དང་། ཐ་དད་པ་ནི་རང་གི་ངོ་བོ་རྣམ་པར་
Vol. 182 · folio 123b
འབྱེད་པ་ཉིད་ལས་རྟོགས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གལ་ཏེ་དོན་བདག་འདི་འདོད་ན་དེ་ལས་བདག་གིས་ཅི་ཞིག་བྱ་ཞེས་བཤད་དོ། །དེས་ན་གསལ་བ་མེད་པར་ནི་དངོས་པོའི་རང་བཞིན་རང་ཉིད་མི་འགྲུབ་ལ་གསལ་བ་ཡང་ཚད་མ་ཡིན་པའི་ཕྱིར་ཚད་མ་ཇི་ལྟ་བ་བཞིན་དོན་གྲུབ་པོ་ཞེས་སྨྲས་པ་
དེ་མི་རིགས་ཏེ་ཚད་མས་རྟོགས་པའི་རང་བཞིན་མ་རྟོགས་པ་ཡང་རྟོགས་པའི་བདག་ཉིད་ལས་རྟོགས་པ་ཡིན་ནོ། །རྟོགས་པ་དང་མ་རྟོགས་པ་འབྲེལ་པ་འཛིན་པའི་ཚད་མ་ལ་ལྟོས་པ་ཡང་མ་ཡིན་ནོ། །རང་གི་ངོ་བོ་ཉིད་ཀྱིས་དེ་ལྟར་འགྱུར་བ་དེ་དེ་ལྟ་མ་ཡིན་པར་སྲིད་པ་ཡང་མ་ཡིན་ཏེ། སྔོན་པོའི་སྔོན་
པོ་ཉིད་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་རང་གི་ངོ་བོ་ཉིད་ཀྱིས་དེ་ལྟར་འགྱུར་བ་ལ་གལ་ཏེ་ཚད་མ་དེ་ལྟར་མ་ཡིན་པར་འགྱུར་ན་ཕྱིན་ཅི་ལོག་ཁོ་ནར་འགྱུར་རོ། །དེ་ལྟ་ན་འོ་ན་འདི་རྟགས་ཉིད་ལས་རྟགས་ཅན་རྟོགས་པ་ཞེས་བྱ་བར་འགྱུར་རོ། །ཁྱད་པར་ནི་འདི་ཡིན་ཏེ། འབྲེལ་པ་ཚད་
མ་གཞན་གྱིས་ངེས་པ་མ་ཡིན་ནོ་ཞེས་བྱ་བའོ་ཞེ་ན། བདེན་ཏེ་ངེས་པའི་ཆོས་ཅན་ལ་གནས་པར་རྟོགས་ན་རྗེས་སུ་དཔག་པ་ཉིད་དུ་འགྱུར་རོ། །ཚད་མ་ནི་དངོས་པོ་ལ་བརྟེན་པ་ཡིན་ལ། དངོས་པོ་ཡང་ཡུལ་དང་དུས་དང་རྣམ་པར་ངེས་པ་ཡིན་ནོ། །ཤེས་རབ་ཕུལ་དུ་བྱུང་བས་ཐོབ་
པར་བྱ་བ་དངོས་པོ་རྣམ་པར་དཔྱོད་པའི་རྩ་བ་ཅན་འགའ་ཞིག་ལ་དེ་ལྟར་འགྱུར་བ་གང་ཡིན་པ་དེ་ནི་ཡུལ་ངེས་པ་སྒྲུབ་པ་མ་ཡིན་པའི་ཕྱིར་ཚད་མ་མ་ཡིན་ནོ་ཞེས་རྣམ་པར་གཞག་གོ། །དེའི་ཕྱིར་གྲུབ་པ་མ་ཡིན་པ་དེ་མ་གྲུབ་པ་ལས་ཐ་དད་པ་ཡིན་ནོ་ཞེས་བྱ་བ་འདི་ནི་དངོས་པོ་རྟོགས་པ་
ཙམ་ཡིན་ཏེ་གྲུབ་པ་ཙམ་དུ་རྟོགས་པ་བཞིན་ནོ། །དོན་གང་དག་གིས་གཅིག་པར་མི་སྲིད་པའི་ཆོས་དང་། གཅིག་པ་འགལ་བའི་ཆོས་དང་གཅིག་གི་རང་བཞིན་དུ་གྱུར་པའི་བདག་ཉིད་དེ་ཉིད་དེ་དག་གི་ཐ་དད་པ་ཆོས་འགལ་བར་གནས་པ་ཡིན་ནོ། །དོན་དེ་སྐྱེས་ཀྱང་མ་སྐྱེས་པའི་
མི་རྟག་པ་ཉིད་གང་ཡིན་པ་དེ་ནི་དེ་དང་གཅིག་པ་མ་ཡིན་པའི་ཕྱིར་དངོས་པོ་མི་རྟག་པར་མི་འགྱུར་རོ། །དེ་བཞིན་དུ་རྒྱུ་ཐ་དད་པ་ཡང་སྐྱེད་པར་བྱེད་པ་ཐ་དད་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འདི་ཐ་དད་པ་བྱེད་པ་ཉིད་ཀྱི་རིགས་པ་གཞན་བསྟན་པའི་ཕྱིར་གལ་ཏེ་དེ་དག་ཀྱང་ཞེས་
Vol. 182 · folio 124a
སྨོས་ཏེ། ཆོས་འགལ་བར་གནས་པ་དང་རྒྱུ་ཐ་དད་པ་དག་ཀྱང་ཐ་དད་པར་བྱེད་པ་མ་ཡིན་ན་རིལ་རྫས་གཅིག་ཏུ་འགྱུར་རོ། །འགལ་བའི་དངོས་པོ་གཞན་དང་གཅིག་ཏུ་གྱུར་པ་ལ་ལྟོས་ནས་དེ་གནས་པ་དང་ལྡན་པའི་དངོས་པོའི་ཐ་དད་པ་ཡང་ཆོས་འགལ་བར་གནས་
པ་ཡིན་ནོ་ཞེས་བྱ་བར་ནུས་ལ། འགལ་བའི་ཆོས་དེ་ལོགས་ཤིག་ཏུ་གྱུར་པ་ལ་ལྟོས་ནས་ནི་ཐ་དད་པར་བྱེད་པ་ཡང་ཡིན་པས་གཉི་ག་ལྟར་བསྟན་ཏོ། །གང་ཞིག་གང་ལ་ལྟོས་ནས་རང་བཞིན་ངེས་པ་གལ་ཏེ་ཐ་དད་དང་ཐ་མི་དད་པ་དང་། རྒྱུ་ཐ་དད་པས་ཀྱང་ཐ་དད་པ་མ་ཡིན་ན་ནི་དངོས་པོ་
མཐའ་དག་བདག་ཉིད་གཅིག་ཏུ་འགྱུར་ཏེ། གཅིག་གི་རང་བཞིན་ནི་དེ་ཡིན་པའི་ཕྱིར་རོ། །གང་གི་ཚེ་ཆོས་འགལ་བ་དང་འབྲེལ་ཀྱང་ཐ་མི་དད་པ་དེའི་ཚེ། དེ་དག་གཅིག་ཉིད་དེ། ཐ་དད་པ་མེད་ན་དངོས་པོ་རྣམས་ལ་ཐ་མི་དད་པ་ཉིད་ངེས་པའི་ཕྱིར་རོ། །ཐ་མི་དད་པ་དེ་ཡང་འགྲོ་བ་མཐའ་
དག་གིས་ཐོབ་པར་འགྱུར་ཏེ་ཆོས་འགལ་བར་གནས་པའི་བདག་ཉིད་ཀྱི་ཐ་དད་པ་དེ་ལ་ཡོད་པའི་ཕྱིར་དང་དེ་ཡང་ཐ་དད་པ་མ་ཡིན་པས་གཅིག་ཏུ་འགྱུར་བའི་ཕྱིར་རོ། །འགྲོ་བ་གཅིག་ཉིད་དུ་ཁས་བླང་བར་ནུས་པ་མ་ཡིན་ནོ་ཞེས་བཤད་པ་ནི་རིལ་གཅིག་ཡིན་པ་དེས་ན་ལྷན་ཅིག་སྐྱེ་བ་དང་འཇིག་
པ་དག་སྟེ། གཅིག་གང་ཡིན་པ་དེ་ཉིད་གཞན་ཡིན་པས་ཇི་ལྟར་དེ་སྐྱེས་པ་ན་སྐྱེས་པ་ཉིད་ཡིན་པ་དང་ཞིག་པ་ན་ཡང་ཞིག་པ་ཉིད་ཡིན་པ་དེ་བཞིན་དུ་དོན་གཞན་དག་ཀྱང་དེ་ཁོ་ན་ལྟར་འགྱུར་ཏེ། དེ་དང་ཐ་མི་དད་པའི་ཕྱིར་རོ། །དེ་བཞིན་དུ་ཐམས་ཅད་ལ་ཐམས་ཅད་ཉེ་བར་སྦྱོར་བར་འགྱུར་རོ། །མེ་ཡང་
གཤེར་བར་བྱེད་ནུས་པར་འགྱུར་ཏེ། དེ་ཆུ་ལས་ཐ་དད་པ་མ་ཡིན་པའི་ཕྱིར་ཆུ་ཉིད་བཞིན་ནོ། །ཆུ་ཡང་འབར་བར་ནུས་པར་འགྱུར་ཏེ། མེ་ཉིད་བཞིན་ནོ། །དེ་བཞིན་དུ་རང་བཞིན་གཅིག་པར་འགྱུར་བ་ལ་སོགས་པ་ཡང་རྟོགས་པར་བྱའོ། །རྣམ་པ་དེ་ལྟ་བུའི་རང་བཞིན་མེད་ན་ནི་གཅིག་
ཉིད་དུ་མི་འགྱུར་རོ། །སོ་སོར་སྐྱེ་བ་དང་འཇིག་པ་དང་ཉེ་བར་སྦྱོར་བ་དང་ལྡན་པ་དང་། རང་བཞིན་ཐ་དད་ན་ནི་རང་བཞིན་ཇི་ལྟ་བ་བཞིན་རྣམ་པར་གནས་པས་གཅིག་ཅེས་བྱ་བར་མི་འགྲུབ་པའི་ཕྱིར་རོ། །དེ་བཤད་པ་ནི་དེ་ལྟ་མ་ཡིན་ན་ཞེས་བྱ་བ་ཡིན་ནོ། །མིང་ཐ་དད་པར་ཟད་དེ་རྣམ་པ་ཐ་
Vol. 182 · folio 124b
དད་པ་ལ་སོགས་པའི་དོན་ཁས་བླངས་ནས་དེ་སྐད་བརྗོད་པའི་ཕྱིར་རོ། །ཆོས་འགལ་བ་དང་ལྡན་པ་ཐ་དད་པར་བྱེད་པ་ཡིན་ན། དེ་དང་ལྡན་པའི་དོན་རྣམས་ཐ་དད་པ་མེད་པའི་ཕྱིར་གཅིག་ཏུ་ཐལ་བར་འགྱུར་རོ། །གལ་ཏེ་རྣམ་པ་དེ་ལྟ་བུའི་རང་བཞིན་དེ་ཐ་དད་པ་མ་ཡིན་ན་འགལ་བ་དང་
ལྡན་པ་གཞན་ཡང་མི་འགྱུར་རོ། །གཅིག་པ་ཉིད་མ་ཡིན་ན་ཡང་ལྷན་ཅིག་སྐྱེ་བ་ལ་སོགས་པར་འགྱུར་རོ་ཞེས་བྱ་བ་འདིའི་མཐར་ཐུག་པ་འདི་ནི་དངོས་པོ་གནས་པའི་འགལ་བའི་ཆོས་དང་འབྲེལ་པ་ཐ་དད་པར་བྱེད་པ་ཉིད་དུ་སྒྲུབ་པའི་ཕྱིར་ཉེ་བར་བཀོད་པ་ཡིན་གྱི་འགལ་བའི་ཆོས་འདུ་བ་
ཐ་དད་པར་བྱེད་པ་མ་ཡིན་ན་འདི་ཡང་རིགས་པ་གཞན་གྱི་རང་བཞིན་མ་ཡིན་པར་འགྱུར་བས་ཉེ་བར་མི་འགོད་པར་འགྱུར་བ་གང་ཡིན་པ་འགལ་བའི་ཆོས་འདུས་པ་ཐ་དད་པ་མ་ཡིན་པའི་ཕྱིར་དེ་བཞག་སྟེ་གལ་ཏེ་དེ་དག་ཀྱང་ཞེས་བྱ་བ་ལ་སོགས་པ་འདི་ཉེ་བར་བཀོད་པ་ནི་མ་ཡིན་ནོ། །དེ་ལྟར་མི་
རྟག་པ་ཉིད་དོན་གཞན་གྱི་རྒྱུ་ཅན་དུ་མི་རིགས་པར་བསྟན་པ་ལ་གཞན་དག་གི་རྒྱུ་དོན་ཐ་དད་པ་ཉིད་མེད་ཀྱང་ཞེས་སྨྲས་སོ། །དོན་གཞན་གྱི་རྒྱུ་མཚན་ཅན་ཡིན་ན་གཞན་ཉིད་དུ་བརྗོད་དོ། །དེ་ལྟར་གྱུར་ན་འབྲས་བུའི་བདག་ཉིད་ལ་གྲུབ་པ་དང་མ་གྲུབ་པའི་མཚན་ཉིད་ཆོས་འགལ་བར་ཐལ་བ་
དང་། རྒྱུ་རྒྱུ་གཞན་ཉིད་དུ་འགྱུར་བས་ཐ་དད་པ་བྱེད་པ་ཡིན་ནོ་ཞེས་བྱ་བ་དེ་ནི་མི་རྟག་པ་ཉིད་གཞན་གྱི་རྒྱུ་མཚན་ཅན་མ་ཡིན་ཡང་འགྱུར་རོ། །ཡོད་པ་ཉིད་ལས་འཇིག་པའི་ངང་ཅན་དུ་སྐྱེ་བའི་ཕྱིར། རྒྱུ་ཐ་དད་པ་ཐ་དད་པའི་རྒྱུ་མེད་མོད་འབྲས་བུའི་རང་གི་ངོ་བོ་ལ་ལྟོས་ཏེ། གྲུབ་པ་དང་མ་
གྲུབ་པའི་མཚན་ཉིད་ཀྱི་ཆོས་འགལ་བ་གོ་ཇི་མེད། དེ་ཉིད་སྟོན་པ་ནི་དངོས་པོའི་དུས་ན་མི་རྟག་པ་ཉིད་མ་གྲུབ་པའི་ཕྱིར་ཞེས་བྱ་བ་ཡིན་ནོ། །མི་རྟག་པ་ཉིད་ནི་དངོས་པོ་ཞིག་པ་ཡིན་ནོ། །འཇིག་པའི་ངང་ཅན་ཉིད་ཀྱང་ཞིག་པ་ཉིད་རབ་ཏུ་སྦྱོར་བར་བྱེད་པ་བྱས་ཏེ་མི་རྟག་པ་ཉིད་དུ་བརྗོད་དོ། །
དེ་ལྟ་མ་ཡིན་ན་འཇིག་པའི་ངང་ཅན་ཡང་དངོས་པོའི་ངོ་བོར་གྱུར་པའི་རང་བཞིན་ཡིན་པས་ཇི་ལྟར་སྔོན་པོ་ལ་སོགས་པ་མི་རྟག་པ་མ་ཡིན་པ་དེ་བཞིན་དུ་འཇིག་པའི་ངང་ཅན་ཉིད་ཀྱང་འགྱུར་རོ། །དེ་བས་ན་དོན་གྱི་མི་རྟག་པ་ཉིད་ན་ཞིག་པ་ཡིན་ནོ། །དེ་ཡང་ཡོད་པའི་དུས་ན་ཡོད་པ་མ་ཡིན་ཏེ།
Vol. 182 · folio 125a
དངོས་པོ་མེད་པའི་རང་བཞིན་ཡིན་པའི་ཕྱིར་དང་། མེད་པ་ཡང་དངོས་པོའི་དུས་ན་མེད་པའི་ཕྱིར་རོ། །དེས་ན་ཐ་དད་པ་ནི་འགལ་བའི་ཆོས་གནས་པ་ཡིན་ལ། དེ་ཡང་དངོས་པོ་དང་མི་རྟག་པ་ལ་ཡོད་པའི་ཕྱིར་རྒྱུ་དོན་ཐ་དད་པ་ཉིད་མེད་ཀྱང་དེའི་རང་བཞིན་མ་
ཡིན་པར་མཚུངས་སོ་ཞེ་ན། དངོས་པོ་ཞིག་པ་ལས་དངོས་པོ་མི་རྟག་པ་ཞེས་བྱ་བའི་དོན་དེ་ཡིན་ཡང་། མི་རྟག་པ་ཉིད་ནི་དངོས་པོའི་རང་བཞིན་ལ་བརྗོད་པར་བྱ་བ་ཡིན་ནོ། །དེས་ན་ཞིག་པ་ནི་མི་རྟག་པ་ཉིད་མ་ཡིན་ཏེ་དེ་ལ་དངོས་པོའི་རང་བཞིན་ཉིད་མེད་པའི་ཕྱིར་རོ། །འོན་ཀྱང་
འཇིག་པར་འགྱུར་བ་གང་ཡིན་པ་དེ་ཉིད་མི་རྟག་པ་ཡིན་ནོ། །དེས་ན་འཇིག་པའི་ངང་ཅན་ཉིད་མི་རྟག་པ་ཡིན་གྱི་མེད་པ་ཙམ་ནི་མ་ཡིན་ནོ་སྙམ་དུ་དགོངས་ནས་མི་རྟག་པ་ཉིད་ཅེས་བྱ་བ་ཞེས་གསུངས་སོ། །གང་ཞིག་དེ་ལྟ་བུར་གྱུར་པའི་མི་རྟག་པ་ཉིད་ཅེས་བྱ་བ་ཕྱིས་འགྲུབ་པར་འགྱུར་
བ་ནི་འགའ་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །དོན་གཞན་གྱི་རྒྱུ་ཅན་ཉིད་མ་ཡིན་ན་ནི་མི་རྟག་པ་ཉིད་དངོས་པོའི་དུས་ན་གྲུབ་པས་དངོས་པོ་མེད་པར་བརྗོད་མི་ནུས་ཏེ་ཕྱིས་འགྲུབ་པར་འགྱུར་བ་ཡིན་ན་རྒྱུ་གཞན་འཇུག་པ་ལ་བརྟེན་པར་བྱ་བ་ཡིན་པའི་ཕྱིར་རོ། །དེས་ན་རྒྱུ་ཐ་དད་པ་མེད་ན་གྲུབ་པ་དང་
མ་གྲུབ་པའི་མཚན་ཉིད་ཀྱི་ཆོས་འགལ་བ་དང་འབྲེལ་པ་ཡང་མེད་དོ། །དེས་ན་རྒྱུ་དོན་ཐ་དད་པ་ཉིད་མེད་ན་མི་རྟག་པ་ཉིད་ཅེས་བྱ་བ་གང་ཕྱིས་འགྲུབ་པར་འགྱུར་བ་ནི་འགའ་ཡང་མེད་པ་ཉིད་དེ། འོན་ཀྱང་དངོས་པོ་སྐད་ཅིག་མར་གནས་པའི་ཆོས་ཅན་དེ་ཁོ་ན་ཕྱི་མ་ལ་ལྟོས་ནས་རང་གི་ངོ་བོ་མེད་པ་ཡིན་པའི་
ཕྱིར་འཇིག་པའི་ངང་ཅན་ཡིན་ནོ་ཞེས་བརྗོད་པར་འགྱུར་ཏེ། བྱུང་མ་ཐག་ཏུ་མེད་པར་འགྱུར་བ་ལ་དེ་སྐད་བརྗོད་པའི་ཕྱིར་རོ། །དེའི་ཕྱིར་འཇིག་པའི་ངང་ཅན་ཉིད་མི་རྟག་པ་ཡིན་ནོ། །འཇིག་པའི་ངང་ཅན་ཉིད་ཀྱི་བྱུང་མ་ཐག་ཏུ་མེད་པའི་འཇིག་པར་འགྱུར་བ་ལ་མི་རྟག་པ་ཞེས་བརྗོད་དོ། །
འཇིག་པ་དོན་གཞན་གྱི་རྒྱུ་ཅན་ལ་ཡང་གལ་ཏེ་ཐ་དད་པར་བརྗོད་པ་དེ་ལྟ་ན་ཡང་དངོས་པོ་མི་རྟག་པ་ཉིད་ནི་ཉམས་པ་མ་ཡིན་ཏེ། བྱས་པའི་བདག་ཉིད་ཀྱི་མི་རྟག་པ་ཉིད་ཡོད་པ་ཡིན་ཡང་འཇིག་པ་མེད་པའི་ཕྱིར་རོ། །མ་བྱུང་བ་ལས་སྐྱེས་པ་གང་ཡིན་པ་དེ་ཉིད་མི་རྟག་པ་ཡིན་ཏེ། སྔར་མེད་
Vol. 182 · folio 125b
པའི་ཕྱིར་རོ། །ཕྱིས་མེད་པས་ནི་འཇིག་པས་མི་རྟག་པར་འགྱུར་རོ། །དེས་ན་སྔར་མེད་པ་ཐོབ་པ་ལ་ཕྱིས་འབྱུང་བ་དེའི་རང་བཞིན་ཉིད་ཡིན་ཡང་དེའི་མཚན་ཉིད་ཀྱི་མི་རྟག་པ་ཉིད་ཡོད་པ་ཁོ་ནའོ་ཞེ་ན། དེ་ལྟ་བུའི་མི་རྟག་པ་ཉིད་བྱས་པ་གྲུབ་པ་ཉིད་ན་གྲུབ་མོད། ཕྱིས་ཀྱང་མེད་པ་གང་ཡིན་པ་དེ་ནི་
བྱས་པ་གྲུབ་ཀྱང་མ་གྲུབ་པའི་ཕྱིར་ཐ་དད་དེའི་རང་བཞིན་མ་ཡིན་པ་དེ་འདིར་སྒྲུབ་པར་མི་ནུས་སོ། །གལ་ཏེ་མི་རྟག་པ་ཉིད་དངོས་པོའི་ཞིག་པའམ་དེ་དང་འབྲེལ་པ་ཅན་གྱི་སྤྱི་དེ་ལྟ་བུའི་རྟོགས་པའི་རྟེན་དུ་གྱུར་པ་མ་ཡིན་ནམ། དེས་ན་དངོས་པོ་དེ་ཁོ་ན་མི་རྟག་པ་ཉིད་དོ་ཞེས་ཅི་སྟེ་བརྗོད། གལ་ཏེ་
དངོས་པོ་ཉིད་མི་རྟག་པ་ཡིན་ན་ནི་དངོས་པོ་མི་རྟག་པ་སྙམ་དུ་དོན་གཞན་དུ་རྟོགས་པར་མི་འགྱུར་ཏེ། དངོས་པོ་མི་རྟག་པ་ཞེས་ཐ་དད་པ་མེད་པར་རྟོགས་པར་ཐལ་བའི་ཕྱིར་རོ་ཞེ་ན། འདི་ལ་བཤད་པ་ཆོས་དང་ཆོས་ཅན་གྱི་ཚིག་ཐ་དད་པ་ལ་སྟེ། ཚིག་ཐ་དད་པའི་ཡུལ་ལ་ཡང་རྒྱུ་མཚན་
བཤད་པར་བྱའོ། །ཡུལ་དུ་གྱུར་པའི་དངོས་པོ་གཅིག་ཉིད་ལ་འདི་ཇི་ལྟར་ཐ་དད་པ་དེ་ལྟར་ཐ་དད་པ་དེ་ལྟར་ནི་འོག་ཏུ་སྟོན་པར་འགྱུར་རོ། །དེ་དེ་ལྟར་མི་རྟག་པ་ཉིད་ཕྱིས་འགྲུབ་པ་སྤངས་ཏེ། མི་རྟག་པ་དངོས་པོ་ཉིད་ཡིན་ན་ཡང་མི་རྟག་པ་ཉིད་རྟོགས་པའི་དུས་ནི་ཕྱི་ནས་ཡིན་ནོ་ཞེས་
བསྟན་པའི་ཕྱིར་བཤད་པ། ཕྱིས་འདི་ངེས་པའི་དུས་ཡིན་པ་དེས་ན་དེའི་ཚེ་རྟག་པ་ཉིད་དུ་རྣམ་པར་གཞག་གོ། །གང་གིས་དངོས་པོའི་དུས་ན་མ་རྟོགས་པའི་ཕྱིར་མ་གྲུབ་པས་ན་གཞན་དུ་རྣམ་པར་གཞག་པ། གང་གི་ཚེ་རྟོགས་པ་དེ་ཉིད་ཀྱི་ཚེ་སྐྱེས་པ་ནི་མ་ཡིན་ནོ་ཞེས་སོ་སོར་གྲུབ་པ་
དགག་པའི་ཕྱིར་རྟོགས་པ་ཙམ་ཉིད་དུས་ཐ་དད་པར་བཤད་པ་ཡིན་ནོ། །ཡང་ཅིའི་ཕྱིར་ཕྱིས་ངེས་པའི་དུས་ཡིན་ཞེ་ན། བཤད་པ། མི་དམིགས་པས་མི་གནས་པར་རྟོགས་པའི་ཕྱིར་རོ། །གང་གི་ཚེ་འདི་གྱོ་མོའི་གནས་སྐབས་སུ་བུམ་པར་མ་དམིགས་པ་དེའི་ཚེ་འདི་མི་གནས་པར་
རྟོགས་པ་སྐྱེའོ། །གལ་ཏེ་མི་རྟག་པ་ཉིད་དངོས་པོའི་རང་གི་ངོ་བོ་ཉིད་མ་ཡིན་ནམ། དེས་ན་འདིར་མི་དམིགས་པའི་རྩ་བ་ལས་མི་གནས་པར་རྟོགས་པ་ལ་ལྟོས་ཀྱི། སྔོན་པོ་ཉིད་ལ་སོགས་པའི་ཆོས་ལྟར་དངོས་པོ་རང་གི་ངོ་བོ་རྟོགས་པ་ཉིད་ཀྱིས་འདིར་ཇི་ལྟར་ངེས་པར་མ་གྱུར་ཅེ་ན།
Vol. 182 · folio 126a
བཤད་པ། སྐད་ཅིག་མར་གནས་པའི་ཆོས་ཉིད་དེ་ནི་དངོས་པོ་འདིའི་རང་བཞིན་ཏེ། རང་གི་རྒྱུ་ཁོ་ན་ལས་དེ་ལྟར་སྐྱེས་པའི་ཕྱིར་དེ་སྐད་ཅིག་མར་གནས་པའི་ཆོས་ཉིད་དུ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ནི་རང་བཞིན་གྱི་རྒྱུ་མཚན་ནོ། །དེ་ནི་མཐོང་བཞིན་དུ་ཡང་
ཡོད་པ་དམིགས་པས་མི་རྟོགས་སོ། །འདི་སྐད་བརྗོད་པ་ཡིན་ཏེ། གལ་ཏེ་ཡང་འབྲས་བུ་ལ་སོགས་པ་དང་ཁྱད་པར་མེད་པའི་མི་རྟག་པ་ཉིད་གང་ཡིན་པ་རང་བཞིན་གཅིག་ཏུ་གསལ་བ་ཡིན་ལ་རྣམ་པ་ཁྱད་པར་ཅན་གྱི་གསལ་བས་སྟོང་པའི་མངོན་སུམ་ཡང་ངེས་པ་ཐ་དད་པར་བྱེད་པ་མ་
ཡིན་པ་དེ་ལྟར་ན་ཡང་འབྲས་བུ་ཉིད་ཀྱིས་རྗེས་སུ་འགྲོ་བ་དང་ལྡོག་པ་ལྟར་མི་རྟོག་པ་ཉིད་རྟོགས་པའི་རྒྱུ་མཚན་རང་བཞིན་ཁྱད་པར་ཅན་དམིགས་པའི་མཚན་ཉིད་དེའི་རང་བཞིན་མི་དམིགས་པ་ཡོད་པ་ཉིད་དེ། དེས་དབེན་པར་རྟོགས་པས་དེ་མེད་པར་རྟོགས་པའི་ཕྱིར་རོ། །དེས་ན་
གལ་ཏེ་རྒྱུན་མི་འཆད་པར་མིག་བགྲད་ནས་ལྟ་བ་ན་དེ་ལ་ཡང་བུམ་པའི་རྒྱུན་དམིགས་པ་བར་དང་བཅས་པ་ཉིད་དུ་གྱུར་ན་ནི་དེའི་ཚེ་འདི་འབྱུང་ཞིང་མེད་པར་འགྱུར་རོ་ཞེས་མི་རྟག་པ་ཉིད་དུ་རྟོགས་པར་འགྱུར་རོ། །དེས་ན་གང་གི་ཕྱིར་རང་བཞིན་ཁོ་ན་མི་རྟག་པ་ཉིད་ཡིན་པ་དེ་ལྟ་ན་ཡང་
འཇིགས་པ་ཉིད་ལྷུར་གྱུར་པས་དེ་ལྟར་འགྱུར་བའི་ཕྱིར་དེ་རྟོགས་པའི་རྒྱུ་མཚན་ནི་དེ་མེད་པར་དམིགས་པ་ཁོ་ན་ཡིན་ནོ། །འདི་ལ་ནི་ཡོད་པ་དམིགས་པ་ཉིད་ཡོད་ཀྱི་མེད་པ་ནི་མ་ཡིན་ནོ། །གལ་ཏེ་མེད་པ་དམིགས་པ་ཞེས་བྱ་བ་དངོས་པོ་མེད་པ་དམིགས་པ་ནི་མ་ཡིན་ཏེ། དེའི་
རང་བཞིན་དང་བྲལ་བས་དམིགས་པའི་རྟེན་མ་ཡིན་པའི་ཕྱིར་རོ། །འོན་ཀྱང་དངོས་པོ་དེས་དབེན་པའི་དངོས་པོ་གཞན་དམིགས་པ་ཉིད་དེ། དེ་ནི་སྐད་ཅིག་མ་ལ་ཡང་ཡོད་པ་ཡིན་ཏེ། དེ་ལ་ཡང་སྐད་ཅིག་སྔ་མས་དབེན་པ་སྐད་ཅིག་གཉིས་པ་ལ་ཡོད་པའི་ཕྱིར་རོ། །སྐད་ཅིག་མ་སྐད་
ཅིག་མ་སྔ་མས་དབེན་པར་རྟོགས་པ་མ་ཡིན་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། མི་རྟོགས་པའི་རྒྱུ་ཉིད་བརྗོད་པར་བྱ་བ་ཡིན་པའི་ཕྱིར་རོ་ཞེ་ན། གལ་ཏེ་སྔོན་པོ་རྟོགས་ནས་མ་རྟོགས་པ་ལས་ཡང་རྟོགས་པ་ན་དེའི་ཚེ་སྐད་ཅིག་མ་རྟོགས་པར་འགྱུར་བ་ཁོ་ན་སྟེ། སྐྱེས་པ་ཙམ་ཉིད་ན་མི་
Vol. 182 · folio 126b
མངོན་པར་འགྱུར་བའི་གློག་འགྱུ་བའི་སྔ་མ་བཞིན་ནོ། །དེ་ལྟར་ནི་མ་ཡིན་ཏེ་རྒྱུན་བར་མཚམས་མེད་པའི་ཕྱིར་རོ། །དངོས་པོ་སྐད་ཅིག་བར་ཆོད་ན་ནི་དེའི་རྒྱུན་ལ་བརྟེན་ནས་འབྱུང་བའི་དངོས་པོ་གཞན་སྐྱེ་བར་འགྱུར་ཏེ་རྒྱུ་མེད་པ་ཅན་དུ་ཐལ་བའི་ཕྱིར་རོ། །འོན་ཀྱང་རྒྱུ་ནུས་པ་ཡོད་པ་
ཉིད་ཡིན་ཏེ་དེས་ན། དངོས་པོ་སྐྱེ་བ་ཡིན་ནོ། །དེ་ཡང་རྒྱུའི་དངོས་པོ་ཡོད་པ་དང་བར་མ་ཆོད་པར་སྐྱེ་བའི་ཕྱིར། དེ་ནི་སྐད་ཅིག་མ་གཉིས་ཙམ་དུ་ཟད་ཀྱི་འདི་ལ་དངོས་པོ་མེད་པའི་སྐད་ཅིག་མ་གསུམ་པ་མེད་པ་དེས་ན་རྒྱུ་དང་འབྲས་བུ་བར་མ་ཆོད་པ་ཡིན་ནོ། །དེས་ན་གལ་ཏེ་དངོས་པོ་ལ་སྐད་
ཅིག་མ་གཞན་དག་གིས་དབེན་པ་ཡིན་མོད་ཀྱི། དེ་ལྟ་ན་ཡང་གལ་ཏེ་ཡོད་པ་བར་དང་བཅས་པར་དམིགས་པར་གྱུར་ན་སྐད་ཅིག་མར་འཇིག་པ་ཉིད་རྟོགས་པ་ཉིད་དོ། །བར་མེད་པ་ཡིན་ན་ནི་ལྡོག་པ་མེད་པའི་རང་བཞིན་གཅིག་ཁོ་ན་ཡིན་ནོ། །དངོས་པོ་གཞན་བར་མ་ཆོད་པར་ཡོད་པ་ཡིན་
ཞེས་མ་ངེས་པའི་ཕྱིར་མི་རྟོགས་སོ། །ཡོད་པར་བར་མ་ཆད་པའི་ཕྱིར་ན་སྐད་ཅིག་མ་ཉིད་མ་རྟོགས་པ་ཙམ་དུ་ཡང་མ་ཟད་ཀྱི། འོན་ཀྱང་ཕྱིན་ཅི་ལོག་ཏུ་ཡང་རྟོགས་པར་འགྱུར་རོ་ཞེས་སྟོན་པ་ནི་དངོས་པོ་དེ་རྟག་ཏུ་དེ་ལྟར་ཡོད་པར་གནས་ལ་དོགས་པས་བསླུས་པའོ། །རྟག་པར་རྟོགས་པ་ངེས་
པའི་རང་བཞིན་ཡིན་ཡང་ཚད་མ་མེད་པའི་ཕྱིར་དོགས་ཞེས་བརྗོད་དོ། །འདི་སྐད་བཤད་པ་ཡིན་ཏེ། དངོས་པོ་ཡོད་པ་ཁོ་ན་རྟག་ཏུ་དམིགས་པའི་ཕྱིར་འདི་ནི་ཡོད་པ་ཁོ་ནའོ་ཞེས་ཕྱིན་ཅི་ལོག་ཏུ་གྱུར་ལ་སྐད་ཅིག་མ་ཉིད་དུ་ངེས་པའི་རྒྱུ་མེད་པ་དམིགས་པ་མེད་པས་ནི་མི་རྟག་པ་ཡིན་ནོ། །གལ་ཏེ་སྐད་ཅིག་སོ་སོར་
བར་དུ་རྟོགས་པ་མེད་པ་མེད་པའི་ཕྱིར་ལྡོག་པ་མ་རྟོགས་པས་སྐད་ཅིག་མ་ཉིད་དུ་མི་ངེས་ན་བུམ་པ་ལ་སོགས་པ་ལ་མཐའི་གནས་སྐབས་སུ་མི་འགྱུར་ཏེ། དེ་ཡང་གྱོ་མོ་ལ་སོགས་པ་ཡོད་པ་བར་མ་ཆོད་པར་བྱུང་བ་དམིགས་པའི་ཕྱིར་རོ། །དེ་སྟེ་དེར་དེས་དབེན་པ་དེ་དག་ཉིད་དམིགས་པའི་ཕྱིར་
ལྡོག་པ་མ་རྟོགས་ན་དེ་ལྟར་ན་འདི་ནི་སྔ་མ་ལ་ལྟོས་ཏེ་སྐད་ཅིག་ཕྱི་མ་ཕྱི་མ་རྣམས་ལ་ཡང་ཁྱད་པར་མེད་དོ་ཞེ་ན། འདི་ཟློག་པའི་ཕྱིར་འདྲ་བ་གཞན་དང་གཞན་འབྱུང་བས་བསླུས་པ་ཞེས་གསུངས་སོ། །གྱོ་མོའི་གནས་སྐབས་སུ་མི་འདྲ་བའི་སྐད་ཅིག་སྐྱེ་བ་དམིགས་པའི་ཕྱིར་འཁྲུལ་པ་ལྡོག་
Vol. 182 · folio 127a
གོ། །བུམ་པའི་རྒྱུན་དམིགས་པར་ནི་བུམ་པའི་སྐད་ཅིག་གཉིས་པ་འདྲ་བ་ཁོ་ན་དམིགས་སོ། །དེས་ན་སྐད་ཅིག་གཉིས་པ་ལ་སོགས་པར་བུམ་པའི་སྐད་ཅིག་ཉིད་དམིགས་པས་རྟག་ཏུ་དེ་ཡོད་པར་དགོས་པ་ཡིན་ཏེ། མི་འདྲ་བ་དམིགས་པའི་བདག་ཉིད་དེ་མི་དམིགས་
པ་སྐད་ཅིག་མ་ཉིད་དུ་ངེས་པའི་རྒྱུ་དེ་མེད་པར་རྟོགས་པ་མེད་པའི་ཕྱིར་རོ། །གལ་ཏེ་གྱོ་མོ་ལ་སོགས་པ་དག་ལ་ཡོད་པ་དམིགས་པ་ཡོད་ཀྱང་བུམ་པ་ལ་གནས་པར་རྟོགས་པ་མེད་པ་མ་ཡིན་ནམ། འགྱུར་མོད། གནས་པར་རྟོགས་པའི་རྒྱུ་ཙམ་ཉིད་ཀྱིས་ནི་ཡོད་པ་དམིགས་པ་བསྟན་པ་མ་ཡིན་གྱི།
འོན་ཀྱང་འདི་ནི་མི་རྟག་པ་ཉིད་མི་ངེས་པའི་རྒྱུར་བསྟན་པ་ཡིན་ནོ། །དེ་ལ་ཡང་མེད་པར་མི་དམིགས་པ་མི་རྟག་པ་ཉིད་དུ་ངེས་པའི་རྒྱུར་འཁྲུལ་པ་མེད་དོ། །དེས་ན་ཡོད་པ་དམིགས་ན་དེ་ལྟར་ཡོད་པར་དོགས་པ་འཁྲུལ་པ་ཡིན་ནོ། །ཡོད་པ་དམིགས་པ་ཡོད་ཀྱང་མི་འདྲ་བ་གཞན་བྱུང་ན་མི་
གནས་པར་རྟོགས་པའི་རྒྱུ་ཡིན་པའི་ཕྱིར་འཇིག་པ་རྟོགས་པ་ལ་འདི་གཉི་ག་རྒྱུ་རང་དབང་དུ་གྱུར་པ་ཡིན་ནོ། །གང་གི་ཚེ་རྟོགས་པ་ནང་དུ་མངོན་དུ་ཕྱོགས་པ་ན་དེའི་བདག་ཉིད་དམ་རྣམ་པར་འགྱུར་བ་འགའ་ཡང་མ་དམིགས་པའི་ཕྱིར་རྟོགས་པ་མ་རྟོགས་ཏེ་སླར་ཡང་དེ་ལྟ་བུར་
གྱུར་པ་ཉིད་དམིགས་པ་དེའི་ཚེ་འཐད་པས་གྲུབ་པ་ཉིད་ཀྱི་སྐད་ཅིག་མར་ངེས་པ་འབྱུང་བ་ཡིན་ནོ། །དེ་བཞིན་དུ་མི་འདྲ་བ་གཞན་འབྱུང་བ་ན་བར་ཆད་པ་མེད་པར་ཡོད་པ་ཉིད་གསལ་ཡང་འཇིགས་པ་ཉིད་དུ་རྟོགས་སོ། །དེས་ན་འདི་གཉིས་ན་ཕན་ཚུན་ལྟོས་པ་མ་ཡིན་ནོ། །འདི་གཉིས་
གནས་པར་རྟོགས་པ་བརྗོད་པ་ན་དེ་ལས་བཟློག་པས་ནི་མི་གནས་པར་རྟོགས་པར་བརྗོད་པར་འགྱུར་བ་དེས་ན་དེ་ལ་ལྟོས་ཏེ་འམ་ཞེས་སྨོས་སོ། །གནས་པར་རྟོགས་པ་ལ་ནི་ཡོད་པ་དེ་དམིགས་པ་གཞན་འབྱུང་བ་ལ་ལྟོས་ཏེ། རྒྱུ་མཚན་མ་ཡིན་ཏེ་མཐའི་གནས་སྐབས་ན་ཡོད་པ་དམིགས་
པ་ཡོད་ཀྱང་རྟོགས་པ་མེད་པའི་ཕྱིར་རོ། །གལ་ཏེ་ཡང་སྐྱེས་བུ་དག་ལ་བྱིས་པ་དང་གཞོན་ནུ་ལ་སོགས་པ་མི་འདྲ་བ་ཡོད་ལ། བུམ་པ་ལ་སོགས་པ་ལ་ཡང་གྱོ་མོ་ལ་སོགས་པའི་གནས་སྐབས་སུ་འདྲ་བ་ཡོད་པ་དེ་ལྟར་ན་ཡང་སྔ་མ་ལས་གཅིག་གི་རྒྱུ་མཚན་གྱི་འདྲ་བ་རྗེས་སུ་
Vol. 182 · folio 127b
འཇུག་ལ་གཞན་དུ་ནི་མ་ཡིན་ནོ། །འདྲ་བ་ཐམས་ཅད་དེ་ལྟར་རྟོགས་པའི་རྒྱུ་མ་ཡིན་པའི་ཕྱིར་རོ། །གང་ཇི་ལྟ་བུའི་རྒྱུ་ཡིན་པ་དེ་ནི་རྟོགས་པ་ངེས་པ་ཉིད་ལས་ངེས་པར་བྱ་བ་ཡིན་ནོ། །གལ་ཏེ་བར་དང་བཅས་པའི་ཡོད་པ་མ་དམིགས་པའི་ཕྱིར་དང་བར་མེད་པར་གསལ་བ་ལ་ཡང་
མི་འདྲ་བར་དམིགས་པ་མེད་པའི་ཕྱིར་སྐད་ཅིག་མ་ཉིད་མི་ངེས་ན་རྣལ་འབྱོར་པ་རྣམས་ལ་ཡང་མི་རྟག་པར་རྟོགས་པ་མེད་པར་འགྱུར་རོ་ཞེ་ན། བློ་ཞན་པ་ཞེས་སྨོས་སོ། །བློ་ཞན་པ་ནི་རང་ཉིད་དོན་རྟོགས་པའི་མཐུ་མེད་དོ། །ཚུ་རོལ་མཐོང་བའི་དོན་གྱི་ཕན་པ་ལ་ལྟོས་པ་ཉིད་
ཀྱི་དོན་རྟོགས་པའི་ཕྱིར་རོ། །དོན་རྣམས་ལ་རང་དབང་དུ་དཔྱོད་པ་རྣལ་འབྱོར་པ་རྣམས་ནི་དོན་གྱི་རྒྱུ་མཐའ་དག་ལ་སྔ་མ་དང་ཕྱི་མར་འབྱུང་བའི་སྐད་ཅིག་རྣམས་ཅིག་ཅར་རྟོགས་པ་ན་ཚུ་རོལ་མཐོང་བའི་ཡུལ་དུ་གྱུར་པ་ལ་སོགས་པ་དུས་གཅིག་ཏུ་ཡོད་པ་དག་ཕན་ཚུན་ཐ་དད་པར་
རྟོགས་པའི་ཕྱིར་ཇི་ལྟར་སྐད་ཅིག་ཉིད་དུ་མི་རྟོགས། ཡང་ན་ཕྱི་རོལ་གྱི་རྒྱུ་མཚན་དེ་ལྟར་བསྟན་པ་ཡིན་ནོ། །ཡིད་ཀྱི་འཁྲུལ་པ་ནི་ངེས་པར་ཕྱི་རོལ་གྱི་རྒྱུ་མཚན་ལས་སྐྱེས་པ་མ་ཡིན་ཏེ། ཟླ་བ་གཉིས་ལ་སོགས་པ་བཞིན་ནོ། །དེས་ན་ཡིད་ཉམས་པ་མེད་པར་ཐག་པ་ལ་ཡང་སྦྲུལ་
དུ་འཁྲུལ་པ་མི་འཐད་པའི་ཕྱིར་རོ། །དེ་ན་བློ་ཞན་པ་ཞེས་བྱ་བ་ནི་ནང་གི་རྒྱུ་མཚན་བསྟན་པའི་ཕྱིར་བཤད་པ་ཡིན་ནོ། །འཁོར་བ་ཉིད་ཀྱིས་བདག་དང་བདག་གིར་ལྟ་བའི་ཕྱིར་རྟག་པའི་བག་ཆགས་ཀྱིས་ཉམས་པར་བྱས་པ་ཞེས་བྱ་བའི་དོན་ཏོ། འོ་ན་ཕྱི་རོལ་གྱི་རྒྱུ་མཚན་བསྟན་
པས་དོན་ཅི་ཡོད་ཅེ་ན། ཉམས་སུ་མྱོང་བ་དེ་ལྟར་རིག་པར་བྱེད་པ་ཡིན་ན་དེ་ཡང་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །སྐད་ཅིག་མ་ཐ་མ་ནི་གང་གི་དེ་མ་ཐག་པ་ཁོ་ནར་དངོས་པོའི་རང་བཞིན་མི་དམིགས་པར་འགྱུར་བ་སྟེ་དེ་མཐོང་བ་རྣམས་ཀྱིས་ངེས་པའི་ཕྱིར་རོ། །དེའི་ཚེ་ནི་མི་འདྲ་
བ་ཉིད་ཀྱི་དངོས་པོ་གཞན་མེད་པ་དམིགས་པ་ཡིན་ཏེ། ཐམས་ཅད་ཉེ་བར་ལེན་པ་ཅན་མེད་པའི་འཇིག་པ་གྲུབ་པའི་ཕྱིར་རོ། །དངོས་པོའི་རང་བཞིན་དུ་གྱུར་པ་དེ་མཐོང་ཡང་ངེས་པ་མེད་པ་གང་ཡིན་པ་འདི་ནི་མི་རྟག་པ་ཉིད་ཀྱི་རྣམ་པ་ཡིན་པར་མ་ཟད་ཀྱི་འོན་ཀྱང་གཞན་ལ་ཡང་ཡོད་དོ་ཞེས་
Vol. 182 · folio 128a
བསྟན་པའི་ཕྱིར་འབྲས་བུ་སྐྱེད་པའི་ནུས་པ་ཞེས་སྨོས་སོ། །རྒྱུ་མཐོང་ཡང་མ་མཐོང་བར་གྱུར་པ་གང་ཡིན་པ་འབྲས་བུ་སྐྱེད་པའི་ནུས་པ་ནི་རྒྱུ་ལས་གཞན་མ་ཡིན་པ་ཁོ་ནའོ། །འདི་ནི་དེ་ལྟར་མཐོང་ཡང་རྒྱུའི་རང་གི་ངོ་བོ་བཞིན་ངེས་པ་མ་ཡིན་གྱི། འོན་ཀྱང་དེ་ཡོད་
ན་འབྲས་བུ་དམིགས་པ་ཁོ་ན་ལས་སོ། །དེས་ན་འབྲས་བུ་སྒྲུབ་པར་བྱེད་པའི་ནུས་པའི་རྒྱུའི་དངོས་པོ་ཉིད་ཡིན་ཡང་འབྲས་བུ་མ་དམིགས་ན་རྒྱུ་རྟོགས་སུ་ཟིན་ཀྱང་རྟོགས་པ་པོའི་རྒྱུར་རྟོགས་པར་མི་འགྱུར་གྱི་འོན་ཀྱང་འབྲས་བུ་མཐོང་བ་ཁོ་ནས་ཡིན་ནོ། །དེ་བཞིན་དུ་མི་རྟག་པ་ཉིད་དངོས་
པོའི་རང་བཞིན་ཡིན་ཡང་མཐའི་སྐད་ཅིག་མཐོང་བ་ཉིད་ན་རྟོགས་པར་འགྱུར་བ་ཡིན་ནོ། །དེས་ན་མི་རྟག་པ་ཉིད་དེ་རྟོགས་པ་མ་རྟོགས་ཀྱང་དོན་གྱི་རང་བཞིན་དུ་གྱུར་པ་ཁོ་ནར་རིགས་སོ། །དེ་ལྟར་མ་ཡིན་ཏེ་གལ་ཏེ་དངོས་པོ་ཉིད་མི་རྟག་པ་ཡིན་པར་མ་གྱུར་ན་དེའི་ཚེ་མི་རྟག་པ་ཉིད་
ལས་ཐ་དད་པ་ཁོ་ནར་འགྱུར་རོ། །རྒྱུ་མཚན་གང་རྩ་བར་གྱུར་པས་དངོས་པོ་འདི་དེའི་ངོ་བོ་མ་ཡིན་པར་འགྱུར་བའི་རྒྱུ་མཚན་དེ་སྟོན་ཏེ། གཞན་གྱི་རྒྱུ་མཚན་ཅན་ཡིན་ནམ་ཞེས་བྱ་བ་ནི་འཇིག་པ་རྒྱུ་དང་ལྡན་པར་སྨྲ་བའི་འདོད་པས་སོ། །རྒྱུ་མཚན་མེད་པ་ཅན་ཉིད་ཡིན་ཡང་རུང་
སྟེ་ཞེས་བྱ་བས་ནི་འཇིག་པ་འབྱུང་བ་པོ་ཉིད་དུ་དམིགས་ཏེ་རྒྱུ་མེད་པར་འདོད་པ་ཉིད་ལ་ཡིན་གྱི་དངོས་པོ་མ་ཡིན་ཏེ། དངོས་པོ་ནི་འགའ་ཡང་མེད་དོ་ཞེས་བྱ་བ་འདི་ལ་ནི་བརྒལ་བ་འདི་མེད་པ་ཁོ་ནའོ། །དངོས་པོ་མེད་པ་དང་དངོས་པོ་གཞན་དུ་གྱུར་པ་མ་ཡིན་མོད། འོན་ཀྱང་དེ་ནི་
དངོས་པོའི་ངེས་པ་ཉིད་ཡིན་པར་བསྟན་ཏོ། །དངོས་པོ་ནི་ཁྱད་པར་ཉིད་ཀྱི་སྒོ་ནས་བསྟན་པར་འགྱུར་བ་ཡིན་ཏེ། དཔེར་ན་དེ་ཡོད་པ་ཉིད་ཀྱིས་བ་གླང་ངོ་སྙམ་དུ་རྟོགས་པའི་རྟེན་དུ་གྱུར་པའི་ཕྱིར་དེའི་རང་བཞིན་བ་ལང་ཉིད་ལ་སོགས་པས་བསྟན་པ་དེ་བཞིན་དུ་ཕན་ཚུན་མེད་པའི་བདག་
ཉིད་ཀྱིས་ངེས་པ་ཡང་གཅིག་ལ་གཅིག་མེད་པས་བསྙད་པ་ཡིན་ལ་དུས་ངེས་པ་ནི་སྔ་ན་མེད་པ་དང་ཞིག་ནས་མེད་པ་ཡིན་ཏེ། དེས་ན་དོན་གཞན་ཉིད་ཡིན་མོད། ཅི་འགལ་ཞེ་ན། དེ་ལྟ་ན་ནི་ཞེས་སྨོས་སོ། །མི་རྟག་པ་ཉིད་གཞན་ཡིན་ན་དངོས་པོ་དེ་དང་ལྡན་པར་ཏེ་མི་རྟག་པར་མི་
Vol. 182 · folio 128b
འགྱུར་རོ། །ཅིའི་ཕྱིར་ཞེ་ན་མི་དགོས་པའི་ཕྱིར་རོ། །ངེས་པ་ཞེས་བྱ་བའི་དངོས་པོ་མེད་པ་ཡོད་པའི་ཕྱིར་དོན་དེ་ངེས་པར་མི་འགྱུར་རོ། །དངོས་པོ་མེད་པའི་བདག་ཉིད་ཀྱི་ངེས་པ་ཁྱད་པར་ཡིན་ཡང་། དེའི་དངོས་པོ་གཞན་དང་འབྲེལ་པའམ། དུས་གཞན་ཁྱབ་པའི་རང་བཞིན་དེ་ནི་
གཞན་དུ་འགྱུར་བ་མ་ཡིན་ནོ། །དེ་དང་ལྡན་པ་ཉིད་ཀྱིས་ངེས་པ་ཡིན་ནོ་ཞེ་ན། བཤད་ཟིན་ཏོ། །དེ་ལྟ་བུའི་རང་བཞིན་ནི་གཞན་ཡོད་ཀྱང་དེ་ལྟ་མ་ཡིན་པར་མི་འགྱུར་བའི་ཕྱིར་རོ། །འོན་ཏེ་དངོས་པོ་གཞན་ལ་སོགས་པ་དང་མ་འབྲེལ་བ་འདིའི་རང་བཞིན་ཉིད་ཡིན་ན་དངོས་པོ་མེད་
པ་གཞན་གྱིས་ཅི་ཡང་བྱར་མེད་དོ། །འདིའི་དེ་ལ་ཉེ་བར་སྦྱོར་བ་ན་ནི་འདི་ཁོ་ན་སྟེ། དེ་ཡོད་ན་དངོས་པོ་ངེས་པ་ཉིད་གང་ཡིན་པའོ་ཞེ་ན། དེ་ལྟ་ན་ཡང་དེའི་རང་གི་ངོ་བོ་ཉིད་ཡོད་ན་དེ་ལྟར་འགྱུར་བའི་ཕྱིར་ངོ་བོ་ཉིད་ཀྱིས་ནི་དངོས་པོ་མེད་པ་དངོས་པོ་མེད་པ་ལ་ཉེ་བར་སྦྱོར་བ་མ་ཡིན་
གྱི། འོན་ཀྱང་ནུས་པ་ཉིད་ཀྱིས་ཡིན་ནོ། །དེས་ན་དེའི་རྒྱུ་ཉིད་དེ་ལྟ་བུ་སྒྲུབ་པར་ནུས་པར་བརྟགས་ཏེ་ཁྱད་པར་གཞན་དོར་བ་ཁོ་ནར་རིགས་སོ། །དེ་བཤད་པ་ནི། འོན་ཏེ་དགོས་ན་ནི་དངོས་པོ་དེའི་ངེས་པའི་མཚན་ཉིད་ལ་འདི་ཕན་འདོགས་ན་ནི་རང་གི་ངོ་བོ་ཉིད་ཀྱིས་ངེས་པ་ཡིན་
པའི་ཕྱིར་དེ་ཉིད་འདིའི་བདག་ཉིད་དུ་གྱུར་པའི་མི་རྟག་པ་ཡིན་པས་མི་རྟག་པ་གཞན་གྱིས་ཅི་ཞིག་བྱ། ཞིག་པའི་མཚན་ཉིད་ཀྱི་དོན་གཞན་དང་ལྡན་པས་དངོས་པོ་ངེས་པ་འདིར་གྲུབ་པ་གང་ཡིན་པ་འདི་ནི་རིགས་པ་ཡང་མ་ཡིན་ནོ། །ཁྱད་པར་ཉིད་ཀྱིས་དེ་དེ་ལྟ་བུར་འགྲུབ་པ་ལ་
ཉེ་བར་མཁོ་ན་དུས་མཚུངས་པའི་དོན་ལ་བརྟེན་ནས་ཉེ་བར་སྦྱོར་བར་བརྗོད་པར་བྱ་བ་ཡིན་ནོ། །དེས་ན་འདིར་རང་གི་རྒྱུ་ལས་དེ་ལྟ་བུའི་དངོས་པོར་མ་གྲུབ་པ་ཉིད་དོ། །དེས་ན་རང་ཡོད་པའི་དུས་བཞིན་དུ་དུས་གཞན་དང་འབྲེལ་པར་རུང་བའི་ཕྱིར་རང་གི་ངོ་བོས་འཇིག་
པའི་ངང་ཅན་མ་ཡིན་པའི་ཕྱིར་ན་རང་བཞིན་གྱིས་མི་གཡོ་བ་ཡིན་ནོ། །དེ་ལྟ་ཡིན་དང་དོན་གཞན་དང་ལྡན་ཡང་གཡོ་བ་ཉིད་དུ་མི་འཐད་པའི་ཕྱིར་རོ། །དེས་ན་དེ་ལྟར་དོན་གཞན་གྱི་རྒྱུ་མཚན་ཅན་ཡིན་ན་ཆོས་འགལ་བ་གནས་པས་གཞན་ཉིད་དུ་བསྒྲུབས་ཏེ། རྒྱུད་དོན་ཐ་དད་པ་
Vol. 182 · folio 129a
ཉིད་མེད་ཀྱང་ཞེས་བྱ་བ་ལ་སོགས་པས་རང་གི་ཕྱོགས་ལ་ཡང་ཕྱིས་འགྲུབ་པར་འགྱུར་བ་ཉིད་ཀྱིས་གཞན་ཉིད་དུ་མཚུངས་པར་ཐལ་བར་རྟོག་པ་བསལ་ནས་དེ་ལྟ་མ་ཡིན་ན་ཞེས་བྱ་བ་ལ་སོགས་པས་དེ་ཉིད་སྐབས་སུ་བྱས་ཏེ། དེ་ལྟ་ན་ནི་ཞེས་བྱ་བས་མི་འཐད་དོ་ཞེས་
བསྟན་ཏོ། །དེ་ནི་རྣམ་པ་དེ་ལྟ་བུའི་མི་རྟག་པ་ལ་རྗེས་སུ་དཔག་པ་ཡང་མི་སྲིད་དོ་ཞེས་བཤད་པ་ནི། མི་རྟག་པ་ཉིད་ཀྱི་ཆོས་སམ། གཞན་དེ་ཡང་གཞན་ལས་འབྱུང་བ་ནི་བྱས་པ་ཉིད་ལ་སོགས་པ་སྒྲུབ་པར་བྱེད་པའི་རྒྱུ་ཉིད་ཡིན་པར་འགྱུར་ཏེ་དེ་ལས་བྱས་པ་སྐྱེས་པ་དེས་ན་འདིར་རྗེས་སུ་
དཔོག་པའམ། ཡང་ན་བྱས་པས་སྐྱེད་པའི་ཕྱིར་འབྲས་བུ་ཡིན་པ་གཅིག་ཏུ་འགྱུར་གྲང་། འདི་སྐད་བརྗོད་པ་ཡིན་ཏེ་རེ་ཞིག་སྔར་བཤད་པའི་ཚུལ་གྱིས་མི་རྟག་པ་ཉིད་དོན་གཞན་ལས་འབྱུང་ནས་གཞན་ཉིད་དུ་ནི་གནས་པ་ཡིན་ནོ། །རྗེས་སུ་དཔོག་པར་བྱེད་པའི་གཏན་ཚིགས་ཀྱི་འབྲེལ་
པ་ནི་ལྷག་པར་གྱུར་པས་འདི་ལྟར་འགྱུར་བ་ཡིན་ནོ། །རྒྱུ་དང་འབྲས་བུ་གཉི་ག་མ་ཡིན་པ་ཉིད་ཀྱང་ཇི་ལྟར་དོགས་པར་མ་བྱས་ཞེས་བྱ་བ་ནི་རང་ཉིད་སེལ་བར་བྱེད་དེ། གང་ཞིག་རྒྱུ་ཡང་མ་ཡིན་ལ་འབྲས་བུ་ཡང་མ་ཡིན་པ་དེ་ནི་འབྲེལ་པ་མེད་པའི་ཕྱིར་ཇི་སྐད་བརྗོད་པའི་རྣམ་པར་རྟོག་པ་
ཉིད་འཐད་པ་ཡིན་ནོ། །འབྲེལ་པ་མེད་ན་སྐབས་ཀྱི་དོན་དང་འགལ་བ་ཅི་ཞིག་རྒྱུ་དང་འབྲས་བུ་མ་ཡིན་པ་དེ་ལ་འབྲེལ་པ་མེད་པ་ལས་ཡོད་པར་རྗེས་སུ་དཔག་པ་རྟགས་མཐོང་བ་ལས་དེ་ཡོད་པ་ཉིད་དུ་རྟོག་པ་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར་ཕྱོགས་གཉིས་ཉིད་དོགས་པར་བྱ་བ་ཡིན་ནོ། །
རྒྱུ་དང་འབྲས་བུ་ཉིད་སྲིད་པ་དེ་ལ་རེ་ཞིག་རྒྱུ་ནི་མ་ཡིན་ཏེ། ཕྱིས་འབྱུང་བའི་ཕྱིར་རོ། །བྱས་པ་ཉིད་དུ་འདོད་པའི་དངོས་པོ་གང་ཡིན་པའི་ཕྱིས་རྒྱུ་གཞན་ལས་འབྱུང་བའི་མི་རྟག་པ་ཉིད་དེ་ནི། དེའི་རྒྱུ་མ་ཡིན་ཏེ་ཕྱིས་འབྱུང་བའི་ཕྱིར་རོ། །གྲུབ་པའི་དོན་ཡོད་པ་ལ་ལྟོས་ཏེ་ཕྱིས་ཡོད་པར་འགྱུར་
བ་ཡིན་ནོ། །གྲུབ་ཟིན་པའི་རང་བཞིན་གྱིས་དངོས་པོ་ལ་ནི་རྒྱུ་འགའ་ཞིག་ཡོད་པ་མ་ཡིན་ནོ། །དེས་ན་ཕྱིས་འབྱུང་བ་ནི་རྒྱུ་མ་ཡིན་ནོ། །ཅི་སྟེ་ཡང་གྲུབ་པ་དང་རྗེས་སུ་འབྲེལ་པ་རྗེས་སུ་འབྲེལ་པས་འབྲས་བུ་ཉིད་དུ་འདོད་དེ། རྒྱུ་གྲུབ་པ་ཉིད་ལས་འབྲས་བུ་བདག་ཉིད་ཐོབ་པའི་
Vol. 182 · folio 129b
ཕྱིར་རོ་ཞེ་ན། དེ་ལ་ཡང་ག་ལས་ངེས་འབྲས་བུ་ནི་གདོན་མི་ཟ་བར་རྒྱུ་ཡོད་ན་འགྱུར་བ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་བདག་ཉིད་ཀྱི་ངེས་པ་འདི་ཡོད་པ་མ་ཡིན་ནོ། །དེས་ན་འབྲས་བུ་ཡིན་པའི་ཕྱིར་ངེས་པ་མེད་པ་འདི་ལ་རྗེས་སུ་དཔག་པ་སྲིད་པ་མ་ཡིན་ནོ། །མི་རྟག་པ་ཉིད་ལ་སོགས་པའི་ཆོས་
དེ་བྱས་པ་ཉིད་ལ་སོགས་པའི་དངོས་པོ་གྲུབ་ནས་ཕྱིས་གྲུབ་པའི་དངོས་པོ་དེ་གང་ལས་འགྱུར་བ་དེ་ལས་ཐ་དད་པའི་དོན་གཞན་དེ་ལས་འབྱུང་ནའོ། །འདིས་ནི་སྔར་གྲུབ་པར་བསྟན་པས་མདོའི་ཕྱིས་ཀྱི་སྒྲས་རྣམ་པར་བཀྲོལ་ཏེ། ཇི་ལྟར་གྲུབ་ཟིན་པའི་དངོས་པོ་དེའི་རྒྱུ་ཡིན། འབྲས་བུ་ན་ཡང་
ག་ལ་ངེས་ཞེས་བྱ་བ་བཤད་པ་ནི་འབྲས་བུ་ཡང་རྒྱུ་ལ་གདོན་མི་ཟ་བ་མ་ཡིན་པས་ཏེ་རྒྱུ་ཡོད་ན་འབྲས་བུ་གདོན་མི་ཟ་བར་ཡོད་པ་ནི་མ་ཡིན་ནོ་ཞེས་བརྗོད་ཟིན་ཏོ། །གལ་ཏེ་ལྟོས་པ་དང་བཅས་པའི་འབྲས་བུ་རྒྱུ་ལ་གདོན་མི་ཟ་བ་མ་ཡིན་མོད། དེ་ལས་ཅིར་འགྱུར་ཞེ་ན། བཤད་པ།
འབྲས་བུ་དེ་ཡོད་པར་ཏེ་བདོག་པར་གོ་བར་བྱེད་པའི་གཏན་ཚིགས་མ་ངེས་པ་ཉིད་ཡིན་ནོ། །གང་གི་ཚེ་དེ་ཡོད་པ་གོ་བར་བྱེད་པའི་གཏན་ཚིགས་མ་ངེས་པ་ཞེས་གདོན་པ་དེའི་ཚེ་ཡང་རྒྱུ་གོ་བར་བྱེད་པ་མ་ཡིན་པ་ཉིད་དུ་བརྗོད་པར་འགྱུར་བ་ཁོ་ནའོ། །འབྲས་བུའི་ཡུལ་ཅན་ཉིད་ནི་
དེ་ཞེས་སྐབས་སུ་བབ་པ་ཉིད་དོ། །རྗེས་སུ་དཔག་པས་ནི་ཡོད་པའི་རྗེས་སུ་དཔག་པར་བྱ་བ་རྟོགས་པ་ཡིན་ནོ། །གང་གི་ཚེ་འདི་ངེས་པར་རྒྱུ་ཡོད་ན་ཡོད་པ་མ་ཡིན་པ་དེའི་ཚེ་འབྲས་བུ་རྗེས་སུ་དཔག་པར་བྱ་བ་ལ་རྒྱུ་མ་ངེས་པ་ཉིད་དོ། །གང་གི་ཕྱིར་དེ་ལྟར་མ་ཡིན་པ་དེའི་ཕྱིར་
དོན་གཞན་གྱི་རྒྱུ་མཚན་ཅན་གྱི་ཆོས་ནི་གདོན་མི་ཟ་བར་ཡོད་པ་མ་ཡིན་པས་ཡོད་པར་རྗེས་སུ་དཔག་ཏུ་མེད་དེ་རྟགས་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བའོ། །དེ་ལྟར་འདི་ཡན་ཆད་ཀྱིས་ནི་དེ་ཉིད་ལ་རང་བཞིན་འབྲེལ་པས་མེད་ན་མི་འབྱུང་བ་ཡིན་པའི་ཕྱིར་ཚུལ་གསུམ་
ཉིད་ལ་འདུས་པ་ཡིན་ནོ་ཞེས་བསྒྲུབས་ཏེ་རྒྱུ་ལ་རང་བཞིན་ཇི་སྙེད་ཅིག་ཅེས་བྱ་བ་ལ་སོགས་པས་གསུམ་པོ་དེའི་བསྒྲུབ་བྱ་བརྗོད་དོ། །དེས་རྒྱུ་མ་ཚོགས་པས་ཞེས་བྱ་བ་དང་མི་མཐུན་ཕྱོགས་ལ་མ་མཐོང་བ་ཞེས་བྱ་བ་ལ་སོགས་པས་དེ་ལས་གཞན་དག་གཏན་ཚིགས་ལྟར་སྣང་
Vol. 182 · folio 130a
བར་བསྟན་པའི་སྒོ་ནས་མཐོང་བ་དང་མ་མཐོང་བའི་རྩ་བ་ཅན་ལྡོག་པ་སྔོན་དུ་འགྲོ་བ་ཅན་འབྲེལ་བའི་རྩ་བ་ཅན་དུ་བསྟན་ཏོ། །འབྲས་བུ་ནི་རྒྱུའི་བདག་ཉིད་ལ་འབྲེལ་ལ་ངོ་བོ་ནི་རང་བཞིན་ལ་ཡིན་ནོ་ཞེས་འབྲེལ་པ་ཉེ་བར་བཀོད་པ་ཉིད་ཀྱིས་བསྒྲུབས་སོ། །དེ་ནི་མི་འཁྲུལ་པ་འབྲེལ་
པའི་རྩ་བ་ཅན་ཡིན་ཡང་ཚད་མ་གང་གིས་གྲུབ་པ་དེ་བརྗོད་དོ། །དེ་རེ་ཞིག་བསྒྲུབ་བྱ་བསྟན་པའི་རིམ་པས་དང་པོ་འབྲས་བུའི་གཏན་ཚིགས་ཀྱི་དབང་དུ་བྱས་ཏེ་བརྗོད་པ་ནི་འོ་ན་གལ་ཏེ་ཞེས་བྱ་བ་ཡིན་ནོ། །མཐོང་བ་དང་མ་མཐོང་བ་དག་གིས་རྗེས་སུ་འགྲོ་བ་དང་ལྡོག་པ་གྲུབ་པ་ནི་བསལ་
བ་ཡིན་ནོ། །གལ་ཏེ་དུ་བ་མེའི་འབྲས་བུ་ཡིན་པ་དེ་ལྟ་ན་ཡང་དེ་ཡོད་ན་མེ་ཡོད་ལ་མེ་མེད་ན་དེ་མེད་དོ་ཞེས་བྱ་བ་དེ་ལྟ་བུའི་བདག་ཉིད་འབྲས་བུར་གྱུར་པ་འདིའི་མི་འཁྲུལ་པ་ནི་དེ་ལྟ་བུ་འཛིན་པར་བྱེད་པའི་མངོན་སུམ་དང་མི་དམིགས་པ་དག་ཁོ་ནས་རྟོགས་པ་ཡིན་ནོ། །དོན་གཞན་ནི་འབྲས་བུ་ཉིད་རྒྱུ་ལ་
མི་འཁྲུལ་ལོ་ཞེས་བྱ་བར་འགྱུར་མོད། མི་འཁྲུལ་པ་དེ་ནི་རྗེས་སུ་འགྲོ་བ་དང་ལྡོག་པའི་ཡུལ་ཅན་ཡིན་པའི་ཕྱིར། མཐོང་བ་དང་མ་མཐོང་བ་མ་རྟོགས་པའི་ཚད་མ་གཞན་གང་གིས་འགྲུབ། འབྲས་བུ་རྒྱུ་ལ་མི་འཁྲུལ་པ་མ་རྟོགས་པར་ནི་དེ་ལྟར་རྣམ་པར་གཞག་པར་མི་
འཐད་ལ། ཚད་མ་མེད་པར་རྟོགས་པ་ཡང་མེད་དོ། །ཚད་མ་ཡང་དེར་ཅི་ཇི་ལྟར་བསྟན་པ་ལས་གཞན་མེད་དེ། དེས་ན་མཐོང་བ་དང་མ་མཐོང་བ་དག་བཀག་པའི་ཕྱིར་རང་དང་གཞན་གྱི་བདག་ཉིད་གང་གིས་རྟོགས་པའི་ཐབས་བཀག་པས་ཇི་ལྟར་འབྲས་བུ་རྒྱུ་ལ་མི་འཁྲུལ་ཏོ་
ཞེས་གཞན་གྱི་དོན་དུ་སྟོན་པར་བྱེད་དེ། དེས་ན་མཐོང་བ་དང་མ་མཐོང་བ་དག་རྗེས་སུ་འགྲོ་བ་དང་ལྡོག་པའི་རྟེན་མ་ཡིན་ན་དུ་བ་མེ་ལ་མི་འཁྲུལ་པ་འགྲུབ་པོ་ཞེ་ན། འདི་དགག་པའི་ཕྱིར་སློབ་དཔོན་དེ་རྟོགས་ན་དེའི་རང་བཞིན་ལས་མི་འཁྲུལ་པར་རྟོགས་པར་བྱ་བ་ཡིན་གྱི་ཚད་མ་
ལ་ལྟོས་པ་ནི་མ་ཡིན་སྙམ་དུ་དགོངས་པས་ཚད་མས་རྟོགས་པའི་རང་བཞིན་གྱི་འབྲས་བུ་ཉིད་སྟོན་པ་ནི། འདི་ལྟར་ཞེས་སྟོན་པ་ཡིན་ནོ། །མེ་ཡི་འབྲས་བུ་དུ་བ་སྟེ། །འབྲས་བུའི་ཆོས་ཀྱི་རྗེས་འཇུག་ཕྱིར་ཏེ། མེའི་འབྲས་བུའི་ངོ་བོ་ཉིད་ཀྱི་རྗེས་སུ་བྱེད་པའི་ཕྱིར་རོ། །གང་གི་
Vol. 182 · folio 130b
འབྲས་བུའི་ཆོས་ཀྱི་རྗེས་སུ་འཇུག །ཅེས་བྱ་བ་ལ་ལྟོས་པ་ན་གང་གི་འབྲས་བུ་ཡིན་པ་དེའི་འབྲས་བུའི་ཆོས་ཀྱི་རྗེས་སུ་འཇུག་པ་ཉིད་རྟོགས་པ་ཁོ་ནའོ། །འབྲས་བུའི་རང་བཞིན་གང་ཡིན་པ་དེ་ནི་མེ་ལ་ལྟོས་ནས་དུ་བ་ལ་ཡོད་དོ། །དེས་ན་དུ་བ་མེའི་འབྲས་བུ་ཡིན་ནོ། །དེ་ལྟ་བུ་ཡིན་པ་
ཉིད་ནི་ཚད་མ་མེད་པར་དེ་ལྟར་གཞག་པར་མི་ནུས་པའི་ཕྱིར་དེའི་རང་བཞིན་དུ་རྣམ་པར་གནས་པར་ཉེ་བར་བཀོད་པ་ཁོ་ནས་འབྲེལ་པ་སྟོན་པའི་ཚད་མ་དོན་གྱིས་སྨོས་པ་ཡིན་ནོ། །འབྲས་བུའི་ཆོས་དེ་ཡང་གང་ཞེ་ན་འབྲས་བུའི་བདག་ཉིད་ལ་བྱེད་པ་ནི་མ་ཡིན་ཏེ། ངོ་བོ་མེད་པའི་དོན་ལ་དེ་
མི་རུང་བའི་ཕྱིར་རོ། །འཇིམ་གོང་ལ་སོགས་པའི་ངོ་བོ་ཉིད་དོ་ཞེ་ན། དེ་ངི་ལྟར་ངོ་བོ་ཡིན་པ་དང་། ཇི་ལྟར་བྱེད་པའི་ཡུལ་ཡིན་པ་དེ་ལྟར་ནི་འབྲས་བུ་མ་ཡིན་ལ་ཇི་ལྟར་འབྲས་བུ་ཡིན་པ་དེ་ལྟར་ནི་ངོ་བོ་དང་བྱེད་པའི་ཡུལ་མ་ཡིན་ནོ། །དེས་ན་འབྲས་བུ་ལ་བྱེད་པ་མ་ཡིན་ནོ། །བྱེད་པ་དང་མ་འབྲེལ་
པ་ནི་འབྲས་བུ་བྱེད་པའི་ཡུལ་དུ་ཡང་མི་འགྱུར་ལ་བྱེད་པ་པོ་མ་ཡིན་ཡང་དངོས་པོ་བྱེད་པ་གཞན་དང་འབྲེལ་པར་མི་འགྱུར་རོ། །དེས་ན་འབྲས་བུ་བྱེད་པ་པོ་ཉིད་ཡིན་པས་འབྲས་བུ་དང་རྒྱུ་དག་ལ་བྱ་བ་འགྲུབ་བོ་ཞེས་བྱ་བར་འགྱུར་གྱི། རྒྱུས་ནི་འབྲས་བུ་ལ་མ་ཡིན་ནོ། །འབྲེལ་
པ་མེད་པར་ནི་ཡུལ་དང་ཡུལ་ཅན་འགའ་ཡང་མེད་དོ། །དེ་ཡང་རྒྱུ་དང་འབྲས་བུའི་དངོས་པོའམ་འཕྲོད་པ་འདུ་བ་ཡིན་པས་དེ་དང་འབྲེལ་པ་ཉིད་ཀྱིས་བྱེད་པ་པོ་རྣམས་བྱེད་པ་པོ་ཉིད་ཡིན་པས་འབྲས་བུ་ཡང་བྱེད་པ་པོ་ཉིད་དམ། ཡང་ན་ནི་བྱེད་པ་པོའི་ཡུལ་ཡང་མ་ཡིན་པའི་ཕྱིར་རྒྱུ་འབྲས་བུ་
ལ་བྱེད་པ་མ་ཡིན་ནོ། །བྱེད་པ་ཉིད་ལས་དེ་སྐྱེ་བའི་ཕྱིར་དེ་ལ་དེ་བྱེད་པ་ཡིན་ནོ་ཞེ་ན། གལ་ཏེ་བྱེད་པས་མ་རེག་པའི་ལུས་ཅན་ཉིད་ཡིན་ན་ནི། བྱེད་པ་ཡོད་ན་འབྱུང་བ་ཉིད་ཡིན་པས་དེ་ལས་སྐྱེས་པར་བརྗོད་པ་རྒྱུ་ཡོད་ན་འབྱུང་བ་ཞེས་བྱ་བར་འགྱུར་རོ། །དེ་སྟེ་རེག་ན་རེག་
པ་ཇི་ལྟ་བུ་འབྲེལ་པའོ། །བྱེད་པ་པོ་ཡང་དེ་ཉིད་ཡིན་པའི་ཕྱིར་འབྲས་བུ་བྱེད་པ་པོ་མ་ཡིན་པ་མ་ཡིན་ནོ། །དེས་ན་བྱ་བ་ཉིད་ཡིན་གྱི་འབྲས་བུ་ནི་མ་ཡིན་ནོ། །དེས་ན་ས་མཐའ་དག་པ་རྟོགས་པའི་ཡན་ལག་ཏུ་ཉེ་བར་བརྟག་པ་བྱ་བ་དང་བྱེད་པ་པོ་ལ་སོགས་པའི་རྗེས་སུ་འགྲོ་བས་རྒྱུས་
Vol. 182 · folio 131a
འབྲས་བུ་བྱེད་དོ་ཞེས་བྱ་བའི་སྒྲས་ཡིད་བསླུས་པ་ནི་དངོས་པོའི་ཆོས་ཡོངས་སུ་མ་ཤེས་པས་ལྷུང་ཚབས་ཆེན་པོར་འགྱུར་རོ། །བྱེད་པ་ཡང་འབྲས་བུ་མ་ཡིན་པ་རྒྱུ་དང་འབྲེལ་པ་ཡིན་ཏེ་མི་རྟག་པའི་ཕྱིར་རོ། །བྱེད་པའི་ཡུལ་མ་ཡིན་པར་ཡང་འབྲས་བུ་མ་ཡིན་
ཏེ་དེས་ན་སྔ་མས་ཐུག་པ་མེད་པ་ཉིད་བརྗོད་པ་ཡིན་ནོ། །དེའི་ཕྱིར་འབྲས་བུའི་ཆོས་ནི་སྔོན་མེད་པ་ཕྱིས་རང་གི་ངོ་བོ་ཡོད་པའི་སྐྱེ་བ་ཉིད་ཡིན་ནོ། །དེ་ནི་རྟག་ཏུ་གྲུབ་པའི་རང་བཞིན་ལ་མེད་དེ། གཏན་དུ་ཡོད་པའི་ཕྱིར་རོ། །རྟག་པར་མེད་པ་ཉིད་ལ་ཡང་མ་ཡིན་ཏེ། དངོས་པོ་མེད་པ་
ཉིད་དུ་རོ་གཅིག་པའི་ཕྱིར་རོ། །དེའི་ཕྱིར་ངོ་བོ་མེད་པའི་ཕྱིར་མེད་པ་ཉིད་ཕྱིས་ཡོད་པ་ནི་དེ་ལས་སྐྱེས་སོ་ཞེས་བརྗོད་དོ། །འཆད་པར་འགྱུར་བའི་ཚུལ་གྱིས་འདིས་རྒྱུ་མེད་པར་ནི་མི་འཐད་པ་དེས་ན་དངོས་པོ་ནུས་པ་ཡོད་པ་ལས་སྐྱེས་པའི་ངོ་བོར་འདོད་པར་བྱའོ། །དེས་ན་ནུས་པའི་
རང་བཞིན་གྱི་དངོས་པོ་དེ་ཡོད་པའི་ཕྱིར་སྔར་མེད་པའི་འབྲས་བུ་ཡང་ཡིན་པས་ན་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་ནོ། །དེས་ན་ནུས་པ་ཡང་དོན་གྱིས་གོ་བ་ལ་སོགས་པས་རྟོགས་པར་བྱ་བ་ནི་མ་ཡིན་གྱི་འོན་ཀྱང་ངོ་བོ་འདི་ཉིད་ཡིན་ནོ། །སྐྱེ་བ་ཡང་དེ་བཞིན་ནོ། །དེས་ན་བདེ་བར་
གཤེགས་པ་དག་གི་རྒྱུ་དང་འབྲས་བུའི་དངོས་པོ་ནི་མུ་སྟེགས་གཞན་དག་ལས་ཁྱད་པར་མེད་དེ། འོན་ཀྱང་འདིར་ཉེ་བར་མཁོ་བ་མེད་ཅིང་ཚད་མ་དང་མི་ལྡན་པའི་ལྷག་པ་བརྟགས་པ་གང་ཡིན་པ་དེ་བསལ་ནས་ཁས་བླངས་པས་ཡོངས་སུ་དག་པར་བྱེད་པ་ཡིན་ནོ། །ཕྱི་རོལ་གྱི་
དོན་སྨྲ་བའི་ཁས་བླངས་པ་དེ་ནི་དེ་ཙམ་ཉིད་དོ། །རྣམ་པར་རྟོག་པ་མེད་པའི་ཡུལ་དུ་འགྱུར་བར་ནུས་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་གཉི་ག་ལྟར་ཡང་ཁས་བླང་བར་ནུས་ཏེ་བདེན་པ་གཉིས་ཀྱི་ནང་དུ་འདུ་བར་རུང་བའི་ཕྱིར་རོ། །གལ་ཏེ་རྣམ་པ་དེ་ལྟ་བུ་གནོད་པ་མེད་ན་ནི་ཕྱིའི་དངོས་
པོ་དོན་དམ་པ་ཁོ་ནའོ། །དེ་སྟེ་གནོད་པ་ཡོད་པ་ཉིད་དེ་འོན་ཀྱང་རང་གི་ངོ་བོར་མེད་པའི་ཕྱིར་གཞན་གྱི་ངོ་བོར་ཡོད་པས་ཀུན་རྫོབ་ཡིན་ནོ། །རྣམ་པར་རྟོག་པས་ཡུལ་དུ་བྱས་པས་ནི་དོན་དམ་པ་དང་ཀུན་རྫོབ་ཏུ་ཡང་ཡོད་པ་མ་ཡིན་གྱི་འོན་ཀྱང་མེད་པ་ཁོ་ན་སྟེ་བརྟགས་པ་ནི་
Vol. 182 · folio 131b
གཏན་མེད་པ་ཡིན་པའི་ཕྱིར་རོ། །མེད་པ་སྣང་བ་ནི་སེལ་བར་འགྱུར་རོ། ཡོད་པ་དེ་ཡང་སྔོན་ཡོད་པ་དང་སྔོན་མེད་པ་གཉིས་ལས་མ་གཏོགས་པ་གཞན་རྣམ་པར་རྟོག་པ་མེད་པ་ལ་སྣང་བར་མི་ནུས་པའི་ཕྱིར་ཇི་སྐད་བཤད་པ་ཉིད་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་ནོ། །དེ་ལྟར་
འབྲས་བུ་སྐྱེས་པའི་སྔོན་རོལ་དུ་མེད་པ་ཡོད་པའི་རང་བཞིན་ཐོབ་པས་དངོས་པོར་གྱུར་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་འབྲས་བུ་སྔར་དངོས་པོ་མེད་པའི་རང་བཞིན་དུ་གྱུར་པའི་ཕྱིས་དངོས་པོ་ཉིད་དུ་གྱུར་པ་ནི་མ་ཡིན་ནོ། །འབྲས་བུ་ནི་སྔར་དངོས་པོ་ཡོད་པ་མ་ཡིན་གྱི་གང་ཞིག་
ཡོད་པར་འགྱུར་བ་དངོས་པོ་མེད་པ་ཞེས་བྱ་བ་གཞན་ནི་ཡོད་པ་མ་ཡིན་ནོ། །དེས་ན་འགའ་ཡང་མ་ཡིན་པའི་ཕྱིར་འདིར་གང་ཞིག་གཞན་དུ་འགྱུར། དངོས་པོ་མེད་པར་གྲུབ་ན་ནི་འགྱུར་རོ། །དེའི་དུས་ཉིད་ན་ཡོད་པའི་དངོས་པོ་ལ་སྔར་ཡང་ཡོད་པར་ཐེ་ཚོམ་ཟ་བ་ན་འདི་ཡོད་པ་
བཀག་པ་ཁོ་ནར་ཟད་ཀྱི་དེའི་གནས་སྐབས་ན་མེད་པས་སྒྲུབ་པ་ནི་མ་ཡིན་ཏེ། དེས་ན་ཇི་ལྟར་དངོས་པོ་མེད་པའི་བདག་ཉིད་ཡིན་ཏེ། དངོས་པོའི་བདག་ཉིད་མེད་དོ་ཞེས་བྱ་བ་འདི་ནི་འདོད་པ་ཁོ་ནའོ། །ཇི་སྐད་དུ་དུས་གསུམ་བརྟག་པ་ལས། རྟེན་མེད་པའི་དོན་ལ་ནི་རྒྱུ་ནི་གོམ་པ་
འདོར་བ་མེད། །དེ་ལྟར་ན་ཡང་རྒྱུ་ཡོད་ན། །སྔོན་མེད་དངོས་པོ་ཡོད་པར་མཐོང་། །སྔར་དེའི་གནས་སྐབས་གང་ཡིན་ཞེས། །འདི་ནི་དངོས་ལ་བརྟེན་པ་ཡིན། །སྔར་དེའི་གནས་སྐབས་ཞེས་བྱ་འདིར། །གཉི་ག་འང་མེད་པ་སྲིད་མ་ཡིན། །གང་ཞིག་ཆ་མེད་རིམ་མེད་པ། །དངོས་པོ་
སྔོན་མ་བྱུང་རྣམས་ཀྱི། །བདག་གིས་དེ་ཉིད་གསལ་བ་གང་། །འདི་ནི་ཤིན་ཏུ་ཡ་མཚན་ནོ། །ཞེས་གསུངས་པ་བཞིན་ནོ། །འབྲས་བུ་ལྟོས་པ་སྔར་ཡོད་པའི་དངོས་པོ་དེ་ཡོད་པའི་ཕྱིར་དེ་ལ་བྱེད་པ་མེད་བཞིན་པས་སྐད་ཅིག་གཉིས་པ་ན་ཡོད་པ་བདག་ཉིད་ཡོད་པའི་དུས་ན་རྒྱུ་
ཡོད་མི་དགོས་པའི་ཕྱིར་ཤིན་ཏུ་བསྟན་པའི་ཚད་མས་དེའི་དུས་ན་ཡོད་པ་དང་མེད་པར་རྟོགས་པས་རྟག་པའམ་མི་རྟག་ཀྱང་རུང་སྟེ། རྒྱུ་དང་འབྲས་བུ་དངོས་པོར་ནི་གཉི་ག་ལ་ཡང་ཁྱད་པར་མེད་དོ། །དངོས་པོའི་རང་བཞིན་རྣམ་པ་འདི་ལྟར་ཁས་ལེན་པ་ལ་ནི་གནོད་པ་ཡོད་པ་མ་
Vol. 182 · folio 132a
ཡིན་ལ། མཐོང་བ་ཡང་ཡིན་ནོ། །ཕྱི་རོལ་གྱི་དོན་དུ་སྨྲ་བ་ལ་དངོས་པོ་ཉིད་དུ་ཁས་བླངས་པའི་ཕྱིར་དང་། དེ་ཡང་རྒྱུའི་བྱེད་པ་ལས་མ་སྐྱེས་པར་མི་འཐད་པའི་ཕྱིར་རོ། །རྣམ་པར་ཤེས་པ་སྨྲ་བ་ལས་ཡང་རིག་བཞིན་པ་ཉིད་རིག་པའི་རང་བཞིན་མ་ཡིན་པ་རིག་
པའི་དབང་གིས་མི་འཐད་པའི་ཕྱིར་རོ། །ཀུན་རྫོབ་ཏུ་དེའི་ངོ་བོར་གྱུར་ནས་སྣང་བའི་ཕྱིར་དེ་རྟག་པ་ཡང་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་རི་བོང་གི་རྭ་དང་མཚུངས་པར་འགྱུར་བས་ན་རྣམ་པར་འགྱུར་བ་ཉིད་དུ་ངེས་པའི་ཕྱིར་རོ། །དོན་དམ་པར་ནི་སྐྱེ་བའམ་འགག་པ་འགའ་ཡང་ཡོད་
པ་མ་ཡིན་ཏེ་རྣམ་པར་ཤེས་པ་ཙམ་ཡང་མེད་པའི་ཕྱིར་འདི་ནི་ཀུན་རྫོབ་ཁོ་ནའོ་ཞེས་བྱ་བ་ཡང་ལས་དང་དེའི་འབྲས་བུ་དང་ཡང་སྲིད་པ་ལ་སོགས་པ་ལ་སྐུར་བའི་ཕྱིར་ཚུ་རོལ་མཛེས་པ་དག་པས་ཀྱང་ཐུབ་པ་ཡིན་ཏེ་མཐོང་བ་ཡང་སྤོང་བའི་ཕྱིར་རོ། །ཐམས་ཅད་ཀྱང་མེད་པར་ནི་མི་
འཐད་དེ་རྣམ་པར་ཤེས་པ་ཡོད་པར་ཁས་བླངས་པ་རིགས་པས་གྲུབ་པ་ཡིན་པའི་ཕྱིར་རོ། །དེ་བས་ན་གཞན་ལ་སྐྱེ་བ་དང་རང་བཞིན་འཇིག་པ་ཞེས་ཁས་བླངས་པ་འདི་ལ་རེ་ཞིག་རང་གི་ངོ་བོས་ནི་སྤྱི་ཁས་བླངས་པ་བཞིན་འགལ་བ་ཡོད་པ་མ་ཡིན་ལ་རྟག་པ་དང་གཏན་མེད་པ་མི་
འཐད་པའི་ཕྱིར་རིགས་པས་འཐད་པ་ཡང་ཡིན་ནོ་ཞེས་གནས་སོ། །དེས་ན་ཡོད་པ་ཉིད་སྐྱེ་བར་ནི་མི་འཐད་ལ་དངོས་པོ་རྣམས་ལ་བྱ་བ་ལ་སོགས་པ་ཡང་ཡོད་པ་མ་ཡིན་ཏེ། དེས་ན་སྔར་མེད་པ་ཡོད་པ་ཉིད་སྐྱེ་བ་ཡིན་ནོ། །དེ་ཡང་རྒྱུ་ཡོད་པ་མ་ཡིན་པས་དངོས་པོ་གཞན་ཡོད་ན་འབྱུང་བའི་དངོས་པོ་རང་གི་ངོ་
བོ་ཉིད་འབྲས་བུ་ཡིན་ནོ། །དེས་ན་འབྲས་བུའི་ཆོས་འདི་ཉིད་རང་གི་ངོ་བོ་རྣམ་པ་ཇི་ལྟ་བུ་ཡིན་པ་དེ་ལྟ་བུའི་ཚད་མ་འཕེན་པ་ཡིན་ནོ། །སྔོན་མེད་པའི་བདག་ཉིད་དངོས་པོ་གཞན་གྱི་ནུས་པ་ལ་བརྟེན་པའི་ཕྱིར་དེ་ཡོད་ན་ཡོད་པ་ཉིད་ཀྱང་འབྲས་བུ་ཡིན་ནོ། །དེས་ན་གལ་ཏེ་རྒྱུ་ཡོད་པའི་སྔར་མེད་པར་རྟོགས་པ་དེ་དེ་ཡོད་
པར་རྟོགས་ན་དེའི་ཚེ་དེའི་འབྲས་བུའོ་ཞེས་བྱ་བར་རྟོགས་པར་འགྱུར་བ་ཡིན་ནོ། །དེ་མེད་པར་ཡང་རང་བཞིན་མི་དམིགས་པ་ཉིད་ཀྱིས་རྟོགས་པ་ཡིན་ཏེ་ཕྱིས་ཡོད་པའི་ཕྱིར་རོ། །འགལ་བ་དམིགས་པ་ལ་སོགས་པ་ཡིན་ན་ནི་དེའི་ཚེ་ཡང་མེད་པའི་ཕྱིར་རོ། །དེས་ན་རང་བཞིན་
Vol. 182 · folio 132b
མི་དམིགས་པ་ལས་སྔར་མེད་པར་རྟོགས་པ་རྒྱུ་ཡོད་ན་ཡོད་པར་རྟོགས་པས་ན་ཚད་མས་རྟོགས་པའི་རྒྱུ་དང་འབྲས་བུའི་དངོས་པོ་ཡོངས་སུ་རྟོགས་པར་འགྱུར་བ་ཡིན་ནོ་ཞེས་བཤད་པ་ནི། དེའི་མཚན་ཉིད་ཀྱིར་ཀྱུར་པ་ཞེས་བྱ་བ་ཡིན་ནོ། །དེའི་ཞེས་བྱ་བ་ནི་དམིགས་པ་སྟེ་མཚན་ཉིད་དེར་
གྱུར་པ་གང་ཡིན་པའོ། །དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བུར་གྱུར་པ་དེ་མི་དམིགས་པ་ལས་མེ་ལ་སོགས་པ་གང་དག་དམིགས་ན་དམིགས་པ་གང་ཡིན་པ་དེ་ནི་དེའི་འབྲས་བུ་ཡིན་ནོ། །དམིགས་པའི་མཚན་ཉིད་དུ་གྱུར་པ་མ་དམིགས་པ་
ལས་གང་དག་དམིགས་ན་དམིགས་པ་དེ་ནི་དག་པའི་འབྲས་བུ་ཡིན་ནོ། །འདིར་འབྲས་བུའི་ཆོས་ཚད་མས་དཔག་པར་བྱ་བའི་རང་བཞིན་དུ་བསྟན་གྱི་རང་གི་ངོ་བོར་ནི་མ་ཡིན་ནོ། །དམིགས་པའི་མཚན་ཉིད་དུ་གྱུར་པ་མི་དམིགས་པས་ནི་ཡོད་པ་ཉིད་མ་ཡིན་པར་རྟོགས་སོ། །
མེད་པ་ནི་གཞན་དམིགས་ན་དམིགས་པའི་ཕྱིར་ཡོད་པ་ཡིན་ནོ། །འབྲས་བུའི་ངོ་བོ་ཡང་དེ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །ཇི་སྲིད་རྣམ་པ་འདི་ལྟ་བུའི་རང་བཞིན་མ་བརྗོད་པ་དེ་སྲིད་དུ་རྣམ་པ་དེ་ལྟ་བུའི་ཚད་མ་ཚད་མ་ཉིད་དུ་བསྒྲུབ་པར་མི་ནུས་སོ། །འོ་ན་ཅིའི་ཕྱིར་འདི་བཀོད་ཅེ་ན།
མདོར་ཚད་མ་བརྗོད་པས་སྟོང་པའི་འབྲས་བུ་ཆོས་ཀྱི་ཚད་མ་འཕེན་པར་བྱེད་པར་བསྟན་པའི་ཕྱིར་རོ། །འདི་ལྟར་གཞན་བསྟན་པའི་འབྲས་བུར་རྣམ་པར་འཇོག་པ་ན། ཇི་ལྟར་ཚད་མས་གཞལ་བྱ་འཕེན་པ་དེ་བཞིན་དུ་གཞལ་བྱས་ཀྱང་ཚད་མ་འཕེན་ཏོ། །འགྲོ་བ་མཐའ་
དག་དེ་ལ་ལྟོས་ནས་སྔར་ཡོད་པ་ཡིན་པའི་ཕྱིར་ཁྱད་པར་མེད་པར་འགྱུར་བ་གང་ཡིན་པ་འདིར་སྔར་ཡོད་པ་ཙམ་ཉིད་ནི་རྒྱུ་མ་ཡིན་ནོ། །འོན་ཀྱང་སྔར་མེད་པར་རྟོགས་པ་ཉིད་ཀྱིས་སྔོན་མ་བྱུང་བའི་དངོས་པོ་དེ་ཡོད་ན་ཡོད་པ་གང་ཡིན་པ་དེ་ཉིད་དེ་ལས་འབྱུང་བ་ཡིན་ལ་དེ་ཡང་དེའི་རྒྱུ་ཉིད་དོ། །
འདི་ནི་འདོད་རྒྱལ་བ་ཡང་མ་ཡིན་ཏེ། གྲུབ་པའི་དངོས་པོ་ནི་འགའ་ཞིག་དང་ལྡན་པ་དང་གཞན་དང་བྲལ་བ་འདོད་རྒྱལ་བར་འགྱུར་གྱི། མེད་པ་ཉིད་གང་ཡིན་པ་ནི་རང་ཉིད་འདོད་རྒྱལ་བར་འབྱུང་བ་ཞེས་བྱ་བ་མི་སྲིད་དོ། །གལ་ཏེ་དངོས་པོ་གཞན་གྱིས་བསྒྲུབ་པ་ཡིན་ནོ་ཞེ་ན་ནི།
Vol. 182 · folio 133a
དེ་ལྟ་ན་ཡང་ཡོད་ན་མཐོང་བ་དེ་ཉིད་འདིའི་སྒྲུབ་པར་བྱེད་པར་འགྱུར་རོ། །འདི་ནི་སྔར་མེད་པ་དང་དེ་ཡོད་ན་ཡོད་པར་ངེས་པ་ཡིན་ཏེ། དེས་ན་འདི་ཉིད་གཅིག་ནི་སྐྱེད་པར་བྱེད་པ་ཡིན་ལ། གཞན་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་འདི་ལ་འདོད་རྒྱལ་བའི་
དོན་ཅི་ཞིག་ཡོད། གལ་ཏེ་བལྟར་རུང་བ་མི་སྣང་བ་ལས་འགྲོ་བ་མཐའ་དག་མཐོང་བ་ན་སྣང་བའི་ཕྱིར་ཁྱད་པར་མེད་པ་ཁོ་ནའོ། །མ་ཡིན་ཏེ་མེ་ལས་གཞན་པའི་འགྲོ་བ་ཐོག་མ་ཉིད་ནས་ཡོད་ཀྱང་ཡུལ་དེ་ན་ཡོད་པའི་དུ་བ་མ་མཐོང་བའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ་གང་ལས་མ་ཆོད་པར་དུ་བ་
འབྱུང་བའི་སྐད་ཅིག་དེ་ལ་ཡོད་པའི་འགྲོ་བ་སྔོན་ནམ་ཕྱིས་མེད་པའི་ཕྱིར་ཏེ། འདུ་བྱེད་སྐད་ཅིག་མ་རྣམས་ལ་དུས་གཞན་དུ་ཡོད་པའི་བརྒལ་བ་མེད་པའི་ཕྱིར་རོ་ཞེ་ན། ལྷ་རྣམས་དགའ་བས་སྐབས་མ་ཤེས་སོ། །འདི་ལ་དངོས་པོ་རྣམས་ཀྱི་རང་གི་རྒྱུན་གྱི་རྗེས་སུ་འཇུག་པའི་འབྲས་
བུ་སྐད་ཅིག་གཉིས་པ་ལ་སོགས་པ་སྐད་ཅིག་སྔ་མ་སྔ་མ་དང་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོ་ནི་སྐད་ཅིག་མ་ཉིད་ཀྱིས་གྲུབ་པ་ཡིན་གྱི། རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་ནི་མ་ཡིན་ནོ། །བུམ་པ་ལ་སོགས་པ་དག་དུས་གསུམ་དང་འབྲེལ་པ་སྔ་མ་རང་གི་ངང་
གིས་འགགས་ཏེ་ཕྱིས་མ་སྐྱེས་པའི་ཕྱིར་ཡིན་ནམ་འོན་ཏེ་མི་འཇིག་པའི་ངང་ཅན་ཉིད་ལས་ཡིན། དེ་ལ་སྐད་ཅིག་མར་སྒྲུབ་པར་བྱེད་པའི་ཚད་མ་བསྟན་པས་ན་ཕྱི་མ་ཕྱི་མ་སྐྱེ་བའི་ཕྱིར་རྗེས་སུ་འཇུག་པ་གྲུབ་པ་ཡིན་གྱི། མི་འཇིག་པའི་ཕྱིར་ནི་མ་ཡིན་གྱི་ཕྱི་མ་ཕྱི་མ་སྐྱེ་བ་དེ་ཡང་རྒྱུ་མེད་
པའམ་རྗེས་སུ་འགྲོ་བཞིན་པ་ལ་མི་འཁྲུལ་བའི་རྒྱུ་གཞན་དང་ལྡན་པར་མི་འཐད་པའི་ཕྱིར་དེ་ལྟ་བུའི་དངོས་པོ་ཉེ་བར་ལེན་པ་སྔ་མ་ལས་སྐྱེས་པ་ཡིན་ནོ། །རྣམ་པར་དཔྱོད་པ་འདི་ནི་རྒྱུན་གཞན་རྩོམ་པ་གང་ཡིན་པ་དེར་ཡིན་ནོ། །གལ་ཏེ་རྒྱུན་གྱིས་ནི་གཅིག་པོ་འགའ་ཡང་རྩོམ་པ་མ་
ཡིན་ཏེ། ཅིག་ཅར་མེད་པའི་ཕྱིར། གཅིག་གིས་བརྩམ་པར་བྱ་བ་ཡང་མ་ཡིན་ཏེ། རིམ་གྱིས་དུ་མ་ཡིན་པའི་ཕྱིར་རོ་ཞེ་ན། བདེན་ཏེ་རྫ་མཁན་ལ་སོགས་པའི་རྒྱུན་རང་གི་རྒྱུན་གྱི་སྐད་ཅིག་གང་དང་གང་ཉེ་བར་འཇིག་པ་དེ་ལས་བུམ་པ་ལ་སོགས་པ་དེ་བཞིན་དུ་མངོན་པར་
Vol. 182 · folio 133b
འགྲུབ་པ་དེའི་ཕྱིར་འཇིམ་པ་དང་འཁོར་ལོ་དང་དབྱུ་གུ་དང་རྫ་མཁན་ལ་སོགས་པའི་རྒྱུན་རྣམས་རྒྱུ་ཉིད་དུ་བརྗོད་དོ། །བུམ་པའི་མཚན་ཉིད་ཀྱི་རྒྱུན་འཕེན་པར་བྱེད་པ་བརྩོན་པར་བྱེད་པ་ནི་རྫ་མཁན་ལ་སོགས་པ་ཉིད་ཡིན་པའི་ཕྱིར་དེ་དག་ནི་རྒྱུན་དེའི་རྒྱུ་མཚན་ཡིན་ནོ། །འགའ་
ཞིག་ནི་རྒྱུན་འཕེན་པར་བྱེད་པའི་འབྲས་བུ་སྒྲུབ་པར་བྱེད་ནུས་པ་མ་ཡིན་པ་དག་སྟེ་དབང་པོའི་རྣམ་པར་ཤེས་པ་དང་འབར་བ་ལ་སོགས་པ་ལ་དབང་པོ་དང་བུད་ཤིང་ལ་སོགས་པ་བཞིན་ཏེ། རྒྱུ་དེའི་བྱེད་པ་རྒྱུན་ཆད་ཀྱང་འབྲས་བུ་རྗེས་སུ་འཇུག་པས་བུམ་པ་ལ་སོགས་པ་ལྟར་འཇིག་
པའི་རྒྱུ་དང་ཕྲད་ཀྱི་བར་དུ་གནས་པར་ཐལ་བའི་ཕྱིར་རོ། །དེས་ན་ཇི་ལྟར་མེ་ལ་སོགས་པ་དག་ཉེ་བར་གྱུར་ན་གདོན་མི་ཟ་བར་འབྱུང་བའི་ཕྱིར་སྐད་ཅིག་སོ་སོར་ངེས་པ་ལ་མི་ལྟོས་པར་དུ་བ་རྩོམ་པར་ངེས་པ་ཡིན་པ་དེ་བཞིན་དུ་གལ་ཏེ་དེ་ལས་གཞན་པའི་འགྲོ་བ་དག་ཀྱང་ཡིན་ན་ནི་མེ་ཡོད་པའི་
སྔོན་རོལ་དུ་ཡང་འགྱུར་བའི་ཕྱིར་མི་མཚུངས་སོ། །སྐད་ཅིག་གིས་བྱ་བ་ནི་མངོན་སུམ་དང་མི་དམིགས་པས་མི་འགྲུབ་པས་ན་དེ་འདིར་དབང་དུ་བྱས་པ་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་དབང་དུ་བྱས་པ་ལ་ནི་ཁྱད་པར་ཡོད་པ་ཁོ་ནའོ། །འདིས་ནི་དངོས་པོ་གཞན་གྱི་རྒྱུ་ལས་
སྐྱེས་པ་ཉིད་ཀྱང་སྤངས་པ་ཡིན་ཏེ། མེ་ཉེ་བའི་སྔོན་རོལ་དུ་ཡང་དམིགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །མེ་ལ་སོགས་པ་དང་དུས་མཚུངས་པ་ན་ཡོད་པའི་དངོས་པོ་གཞན་རྒྱུ་ཡིན་ན་ནི་ལྷན་ཅིག་བྱེད་པ་བཞིན་དུ་དེ་དག་མཚུངས་པར་རྒྱུ་ཡིན་པ་ཉིད་དུ་འགྱུར་གྱི་དངོས་
པོ་གཞན་ཉིད་ནི་མ་ཡིན་ནོ། །འདིས་ནི་མེ་དང་དུས་མཚུངས་པར་ཡོད་པའི་མི་སྣང་བའི་དོན་རྒྱུ་ཡིན་པ་ཉིད་ཀྱང་བསལ་བ་ཡིན་ཏེ། དེ་ཡོད་ན་ཡོད་པར་ཁྱད་པར་མེད་པའི་ཕྱིར་རོ། །ཅི་དུས་མཚུངས་པར་ཡོད་པ་རྣམས་བསྡོམས་ཏེ་རྒྱུ་ཡིན་ནམ། འོན་ཏེ་གཅིག་འགའ་
ཞིག་ཅེས་བྱ་བའི་དོན་འདི་ལ་ངེས་པར་བྱེད་པ་སྟོན་པ་ནི་དེ་ལས་གཅིག་མེད་ན་ཡང་ཞེས་བྱ་བ་ཡིན་ནོ། །འོན་ཏེ་ཡུལ་གཞན་ནས་འོངས་པའམ། ཡོད་ཀྱང་སྒྲིབ་པ་ལ་སོགས་པའི་རྒྱུ་མཚན་གཞན་གྱི་དབང་གིས་མ་དམིགས་པ་ཡང་དམིགས་པ་ཡིན་ནོ་ཞེས་བརྗོད་ན། དེ་ནི་མ་ཡིན་
Vol. 182 · folio 134a
ཏེ། ཡུལ་གཞན་ནས་རིམ་གྱིས་འོངས་པ་ཡུལ་དེ་དང་འབྲེལ་པར་འགྱུར་བ་ཡུལ་དེ་དང་འབྲེལ་པའི་སྔོན་རོལ་དུ་དེའི་ཐོན་ཀོར་གྱི་ཡུལ་གཞན་དག་དང་འབྲེལ་པ་ནི་དམིགས་པའི་མཚན་ཉིད་དུ་གྱུར་པའི་ཡོད་པ་ཉིད་མ་དམིགས་པ་མ་ཡིན་ནོ། །ཡོད་པ་ཉིད་རྒྱུ་མཚན་
གཞན་གྱི་དབང་གིས་མ་དམིགས་པ་གང་ཡིན་པ་དེ་ལ་ནི་རྒྱུ་འགའ་ཡང་ཡོད་པ་མ་ཡིན་ནོ། །མེད་པ་ཉིད་ཡོད་པ་སྐྱེས་པར་བརྗོད་པ་མ་ཡིན་ལ། དེ་ཡང་བལྟར་རུང་བ་མི་དམིགས་པ་ཁོ་ནས་ཡིན་ནོ། །དེ་འདྲ་བ་ལས་ནི་འདིར་གྲུབ་པ་མ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །གལ་ཏེ་དུ་བ་ཡོད་ཀྱང་
མཐུ་དང་ལྡན་པས་བྱིན་གྱིས་བརླབས་པའི་ཕྱིར་མ་མཐོང་བ་ལས་དེའི་དུས་སུ་བྱིན་གྱིས་བརླབས་པ་དང་བྲལ་བས་དམིགས་པ་ཡིན་ནོ་ཞེ་ན། བརྗོད་པ་འདི་ནི་ཤིན་ཏུ་ཆུང་སྟེ་དེར་མེ་ཡང་མཐུ་དང་ལྡན་པས་རྣམ་པར་འགྱུར་བ་སྐྱེད་པའི་དབང་པོས་དམིགས་པ་ཡིན་གྱི་མེ་ཉིད་ནི་མ་
ཡིན་པར་འགྱུར་བ་དེས་ན་རྒྱུ་ཡིན་པར་ག་ལ་འགྱུར། གནོད་པར་བྱེད་པ་མེད་པའི་ཕྱིར་མ་ཡིན་ནོ་ཞེ་ན། མི་དམིགས་པ་ལ་ཡང་གནོད་པར་བྱེད་པ་ཡོད་པ་མ་ཡིན་ནོ། །མ་ཡིན་ཏེ་རྗེས་སུ་དཔག་པ་གནོད་པར་བྱེད་པ་ལ་མི་ལྟོས་པའི་ཕྱིར་རོ་ཞེ་ན། རྗེས་སུ་དཔག་པར་བྱ་བ་ལ་ལྟོས་པ་མེད་
པའི་ཕྱིར་རོ། །འདི་ནི་མི་དམིགས་པ་ཉིད་ལ་ཐེ་ཚོམ་ཟ་བ་ཡིན་པའི་ཕྱིར་མངོན་སུམ་ཉིད་འཕངས་པར་འགྱུར་རོ། །འདི་སྐད་བརྗོད་པའི་རྣམ་པར་འབྱེད་པས་མི་དམིགས་པ་ལ་དེ་རྟོགས་པ་མེད་པའི་ཕྱིར་རོ། །འདི་ཉིད་ལ་ནི་དེའི་སྐྱོན་འདི་ཡོད་པ་མ་ཡིན་གྱི། འོན་ཀྱང་དངོས་པོ་རྣམས་
ལ་ཡང་ངོ་། །གལ་ཏེ་དེ་ལ་གནོད་པ་མེད་པ་རྗེས་སུ་མི་སྒྲུབ་ན་དེ་འདིར་ཡང་རྟོགས་པ་མ་ཡིན་གྱི། འོན་ཀྱང་དངོས་པོ་རྣམས་ལ་ཡང་ངོ་། །གལ་ཏེ་དེ་ལ་གནོད་པ་མེད་པ་རྗེས་སུ་སྒྲུབ་ན་དེ་འདིར་ཡང་རྟོགས་པར་བྱ་བའམ་ཡང་ན་མངོན་སུམ་ཉིད་སྤང་བར་བྱ་བར་འགྱུར་ཏེ་སྤྲོས་པས་ཆོག་གོ། །
དེའི་ཕྱིར་མེད་པར་རྟོགས་པའི་དངོས་པོ་གང་ཡིན་པས་རང་གི་ངོ་བོ་དམིགས་པ་དེ་ནི་དེའི་འབྲས་བུ་ལས་གཞན་མ་ཡིན་ནོ། །གལ་ཏེ་མེ་མེད་ན་མ་བྱུང་བ་མེ་ཡོད་ན་ཡོད་པ་ཚད་མ་དུ་མའི་ཡུལ་མ་ཡིན་ནམ། དེས་ན་ཇི་ལྟར་མི་དམིགས་པའི་གནས་སྐབས་ན་ཚད་མའི་ཡུལ་དུ་མ་གྱུར་པའི་ཕྱིར་
Vol. 182 · folio 134b
ཕྱིས་ཀྱི་དམིགས་པས་གཟུང་བའི་བདག་ཉིད་མ་གྲུབ་པ་དེ་བཞིན་དུ་དམིགས་པའི་གནས་སྐབས་ན་ཡང་བྱུང་བ་ནས་མེད་པའི་ཕྱིར་སྔར་ཡོད་པའི་ཆོས་མ་གྲུབ་པ་དེས་ན་རིམ་གྱིས་འགྱུར་བ་གཉིས་ཚད་མ་གཅིག་གི་ཡུལ་མ་ཡིན་པས་ན་མེད་པ་གང་ཡིན་པ་དེ་གཞན་ཡོད་ན་ཡོད་དོ་ཞེས་བྱ་བ་འདི་
ག་ལས་ཡིན་ཞེ་ན། གལ་ཏེ་ཚད་མ་ཉིད་ཡོད་པའི་དུས་ཙམ་གྱིས་མཐར་ཐུག་པ་ཡིན་ན་ནི་འདི་དེ་ལྟར་འགྱུར་བ་ཞིག་ན་སྐད་ཅིག་ཙམ་ཡོད་པ་ཡིན་ཡང་ཇི་སྲིད་འཇལ་བ་རྟོགས་པ་པོ་ཉིད་དུ་བསྒྲུབས་ཏེ། ད་ལྟར་ཉམས་སུ་མྱོང་བ་བཞིན་གསལ་བ་དེ་སྲིད་དུ་དེ་ཚད་མ་གཅིག་ཡིན་ནོ་ཞེས་གཞན་དུ་རྣམ་
པར་སྤྲོས་ཟིན་ཏོ། །རང་གི་ཡུལ་ལ་དེ་ལྟར་འགྱུར་མོད། ཡུལ་གཞན་ལ་ནི་ཚད་མ་གཞན་ཁོ་ནའོ། །དེས་ན་མེ་མེད་པར་དུ་བ་མི་འབྱུང་བར་རྟོགས་པ་གང་ཡིན་པ་དེ་ཉིད་ནི་དེ་ཡོད་ན་དུ་བ་ཡོད་པ་ཉིད་མ་ཡིན་ནོ་ཞེ་ན། དེ་བདེན་ཏེ། ཚད་མ་ཡོད་པ་ཙམ་གྱིས་མཐར་ཐུག་པ་ནི་མ་ཡིན་གྱི། འོན་
ཀྱང་དེ་དང་ལྡན་པས་བྱས་པ་ཤེས་པ་པོའི་དངོས་པོ་ཁྱད་པར་ཡིན་ནོ། །དེ་ནི་ཚད་མ་གཞན་གྱིས་བསྐྱེད་པ་ཡང་སྲིད་པས་ཚད་མ་གཉི་གས་རིག་པའི་ཡུལ་གྱི་རང་གི་ངོ་བོ་ཤེས་པས་རྒྱུ་དང་འབྲས་བུའི་དངོས་པོ་རྟོགས་སོ། །དེ་བཞིན་དུ་འདི་ནི་རྣམ་པར་ཤེས་པ་ལ་ཡང་ནུས་ཏེ། དེ་ཡང་དེ་
བཞིན་དུ་ཤེས་པ་གཞན་གྱི་རྒྱུ་དང་འབྲས་བུ་ཉིད་དུ་རྟོགས་པར་ནུས་པའི་ཕྱིར་རོ། །གལ་ཏེ་ཚད་མ་ལོག་ཀྱང་དེའི་ཡུལ་ཤེས་པར་བྱེད་པའི་དངོས་པོ་ཞེས་བྱ་བ་འདི་ནི་ཅི་ཞིག་ཡིན། དེས་བྱས་པའི་འདུ་བྱེད་རྗེས་སུ་འཇུག་པའོ་ཞེ་ན། དེ་ལྟ་ན་འོ་ན་དོན་ཇི་ལྟ་བ་བཞིན་མྱོང་བ་གྲུབ་ཀྱང་མྱོང་བ་
ཇི་ལྟ་བ་བཞིན་འདུ་བྱེད་པ་ཅན་དུ་མ་གྲུབ་པས་རྟོགས་པ་པོ་དེའི་གནས་སྐབས་སུ་དེ་ལྟ་བུའི་ངོ་བོ་ཤེས་པར་བྱེད་པའི་དངོས་པོར་སྒྲུབ་པར་བྱེད་པ་མ་ཡིན་ཏེ། སྔར་འདི་ན་དོན་གཞན་ཡོད་ཀྱང་དུ་བ་ཡོད་པར་མ་གྱུར་པ་ལས་མེ་ཡོད་ན་ཡོད་དོ་ཞེས་མི་ངེས་སོ། །དུ་བ་མཐོང་བཞིན་པ་ཉིད་ན་སྔར་དེ་
མེད་པར་མྱོང་བར་སྣང་བ་ནི་མེད་དོ། །དེས་ན་འདི་ཡོད་པར་མ་གྱུར་པ་ལས་དེ་ཉེ་བས་ད་ལྟར་ཡོད་དོ་ཞེས་བྱ་བ་འདིར་ག་ལ་འགྱུར། འདིས་ནི་དྲན་པ་ཉམས་སུ་མྱོང་བའི་འབྲས་བུར་གྲུབ་པ་ཡང་བསལ་བ་ཡིན་ནོ། །མྱོང་བ་འདས་ཀྱང་མྱོང་བའི་རང་བཞིན་དུ་ཤེས་པ་ཉིད་དོན་ཇི་ལྟ་བ་བཞིན་
Vol. 182 · folio 135a
རིགས་པར་གྲུབ་ན་དྲན་པའི་ཤེས་པ་དེའི་འབྲས་བུ་ཉིད་དུ་འགྲུབ་པར་འགྱུར་བ་ཞིག་ན་དེ་ཉིད་ནི་མ་གྲུབ་པ་ཞེས་བརྗོད་པ་ཡིན་ནོ་ཞེ་ན། བརྗོད་པ། ཅི་འདི་མི་འཐད་ཁོ་ནའམ། །འོན་ཏེ་འདི་ཉིད་དུ་མི་འཐད། འདིར་མི་འཐད་དོ་ཞེ་ན། དེ་ག་ལས་འདུ་བྱེད་རྣམས་སྐད་
ཅིག་མ་ཡིན་པའི་ཕྱིར་དང་། དྲན་པའི་རྟོགས་པ་ཡང་དངོས་པོའི་ཡུལ་ཅན་མ་ཡིན་པའི་ཕྱིར་དེའི་མཐུས་འདུ་བྱེད་རབ་ཏུ་གཞག་པ་མི་འགྲུབ་པའི་ཕྱིར་རོ་ཞེ་ན། དེ་ལ་མྱོང་བ་ཡོད་བཞིན་པ་ཉིད་ན་དྲན་པའམ་འདུ་བྱེད་མ་ཡིན་ནོ་ཞེས་ནི་རྟག་པར་སྨྲས་པས་ཀྱང་ཁས་བླང་བར་བྱ་བ་མ་ཡིན་
པའི་ཕྱིར་མྱོང་བ་རྟག་པ་ཉིད་ནི་ཡན་ལག་མ་ཡིན་ནོ། །ལོག་ན་ནི་འཇལ་བ་པོ་རྟག་ཀྱང་ཡུལ་ལྐོག་ཏུ་གྱུར་པ་ཉིད་ཡིན་པའི་ཕྱིར་དོན་གྱི་བདག་ཉིད་ཀྱང་ངོ་། །ཡུལ་ལ་གནས་པའི་གསལ་བ་མེད་ཅིང་སྔར་སྐྱེས་པ་ཡང་ཞིག་པ་ན་ཡུལ་ཉིད་དམ་འཇལ་བ་པོ་ཉིད་དུ་མི་འགྲུབ་པའི་ཕྱིར་རོ། །
དེའི་རང་བཞིན་མཐོང་བ་མེད་བཞིན་དུ་འགའ་ཡང་ལྟ་བ་པོའི་དངོས་པོ་མ་ཡིན་ནོ། །མྱོང་བ་ཡང་མཐོང་བ་ལས་གཞན་མ་ཡིན་ཏེ་དེས་ནི་མྱོང་བ་དང་བྲལ་ན་འཇལ་བ་པོའི་འཇལ་བ་པོ་མེད་པ་ཁོ་ནའོ། །དེས་ན་འདིར་ནི་མྱོང་བ་ལས་དྲན་པའམ། དེའི་འདུ་བྱེད་པ་ཡིན་ནོ་ཞེས་ག་ལས་མྱོང་བ་
གནས་བཞིན་པ་ན་དེ་ལྟར་རྣམ་པར་འཇོག་པ་ཞེས་བྱ་བ་ཡང་མཚུངས་པ་ཉིད་དེ་སྐད་ཅིག་མའི་ཕྱོགས་ལ་ཡང་རྒྱུན་གྱིས་འཇུག་པ་ཉིད་ཀྱིས་རྣམ་པར་གནས་པའི་ཕྱིར་རོ། །དེས་ན་མྱོང་བས་དྲན་པའམ། དྲན་པས་མྱོང་བ་དམིགས་པ་ནི་མ་ཡིན་ལ། གཉི་ག་ལ་དམིགས་པའི་ཤེས་པ་
གཞན་ཡང་མེད་པའི་ཕྱིར་དེར་ཡང་རྒྱུ་དང་འབྲས་བུའི་རང་བཞིན་དུ་འཛིན་པ་མ་གྲུབ་པོ། །དྲན་པ་ཡང་གལ་ཏེ་དངོས་པོའི་ཡུལ་ཅན་ཉིད་དུ་འདོད་པ་ཡིན་མོད་ཀྱི། དེ་ལྟ་ན་ཡང་གལ་ཏེ་འདི་ཉམས་སུ་མྱོང་བ་གསལ་བ་ཉིད་དམ། འོན་ཏེ་དེའི་ཡན་ལག་ཅན་གྱི་དོན་ཡང་རུང་སྟེ་རྣམ་པ་ཐམས་
ཅད་དུ་དེ་དྲན་པ་ཉིད་ཉམས་པར་འགྱུར་རོ། །དེས་ན་དོན་ནམ་མྱོང་བའི་དྲན་པའི་ལྐོག་ཏུ་གྱུར་པ་ཉིད་དུ་བརྗོད་པར་བྱ་བ་ཡིན་ནོ། །དེས་ན་མངོན་སུམ་བཞིན་དུ་དྲན་པའི་ཤེས་པ་དེ་ལྟར་རྟོགས་པས་དེ་ལྟ་བུའི་དངོས་པོར་སྒྲུབ་པ་ནི་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་རྟོགས་པ་ཐམས་ཅད་དངོས་པོ་ཡོད་པའི་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words