ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད
Sanskrit title (Tibetan script, as in the text) པྲ་མཱ་ཎ་བར་ཏི་ཀ་ཊཱི་ཀ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 182 · folio 135b
ཡུལ་ཅན་དུ་སྨྲ་བས་རྗེས་སུ་དཔག་པ་ལ་སོགས་པ་ལ་འབྲེལ་པ་བཙལ་བར་མི་བྱ་བར་འགྱུར་རོ། །དེས་ན་དྲན་པ་དངོས་པོའི་ཡུལ་ཅན་ཡིན་ཡང་། མྱོང་བ་ཇི་ལྟ་བ་བཞིན་དུ་སྐྱེས་པར་གྲུབ་པས་དངོས་པོའི་ཡུལ་ཅན་ཉིད་ཡིན་གྱི། མངོན་སུམ་ལྟར་རྟོགས་པ་ཉིད་སྦྱོར་བ་པོར་གྱུར་པས་ནི་མ་
ཡིན་ནོ། །མྱོང་བ་ཇི་ལྟ་བ་བཞིན་སྐྱེས་པ་ནི་འདིར་ཡང་མ་གྲུབ་པས་ན་འདི་ལ་བརྒལ་ཞིང་བརྟག་པའི་ཡུལ་ཉིད་དུ་བདེ་བར་གཤེགས་པ་རྣམས་མི་རྟག་པར་འདོད་པ་དང་། དེ་ལས་གཞན་དག་མཚུངས་སོ། །གལ་ཏེ་ལྟ་བ་པོ་མ་ཞིག་པས་སྔར་མཐོང་བ་རྗེས་སུ་རྟོགས་པར་བྱེད་པར་རིགས་པ་
མ་ཡིན་ནམ་མ་ཞིག་ཀྱང་མཐོང་བ་བཞིན་སྐྱེད་པའི་འདུ་བྱེད་མེད་པར་རྗེས་སུ་འབྲེལ་པ་མི་རིགས་པ་དེས་ན་མ་ཞིག་པ་ནི་ཡན་ལག་མ་ཡིན་ནོ། །འདུ་བྱེད་ཡོད་ན་ནི་ཞིག་ཀྱང་སྐྱོན་མེད་དོ། །མྱོང་བ་ཇི་ལྟ་བ་བཞིན་འདུ་བྱེད་པ་ཡོད་པས་ནི་དེ་ལྟ་བུ་ཉིད་འགྲུབ་པ་མ་ཡིན་ནོ་ཞེས་གཏན་ལ་ཕབ་ཟིན་ཏོ། །
དྲན་པའི་ཤེས་པ་ལས་དེ་ལྟ་བུའི་དངོས་པོར་འགྱུར་བ་ཡང་བསལ་ཟིན་ཏོ། །མཐོང་བ་མ་ཞིག་ན་ནི་དྲན་པས་ཅི་ཡང་བྱར་མེད་པའམ། མ་ཞིག་པ་ཡང་རྒྱུན་རྗེས་སུ་འཇུག་པས་ཀྱང་གྲུབ་པ་ཡིན་ནོ། །དེས་ན་འདིར་ནི་བརྗོད་པར་བྱ་བ་ཡིན་ཏེ། འགའ་ཞིག་ཏུ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་
དག་གིས་རྒྱུ་དང་འབྲས་བུའི་དངོས་པོར་འགྲུབ་པ་ཡིན་ཏེ། །དཔེར་ན་དུ་བ་དང་། མྱུ་གུ་དང་འབྲས་ཆན་ལ་སོགས་པ་བཞིན་ནོ། །འགའ་ཞིག་ཏུ་ནི་དེ་ལྟར་གྲུབ་པ་མེད་ཀྱང་རིགས་པས་དེ་ལྟར་འགྲུབ་སྟེ། དཔེར་ན་ཁྱད་པར་དང་དངོས་པོ་ལ་སོགས་པ་ལ་ལྷན་ཅིག་བྱེད་པ་དག་བཞིན་ནོ། །
དེས་ན་འབྲས་བུ་གཞན་དང་མི་འདྲ་བའི་རྟོགས་པ་འདིས་རང་གི་རྒྱུ་ཁྱད་པར་ཅན་རྗེས་སུ་དཔོག་པར་བྱེད་ཀྱི་རྒྱུ་ནུས་པ་ཙམ་ནི་མ་ཡིན་ནོ། །འདི་ལྟར་དྲན་པ་འཁྲུལ་བར་གྱུར་པས་ཀྱང་དེ་ལྟ་བུའི་ངོ་བོར་ངེས་པ་དེ་ལྟ་བུའི་མྱོང་བ་རྗེས་སུ་དཔོག་པར་བྱེད་དོ། །འཁྲུལ་པ་ཉིད་དུ་ཁྱད་པར་མེད་ཀྱང་
སོ་སོར་ངེས་པ་འགའ་ཞིག་ཏུ་སྔོན་མེད་པ་རྟོགས་པ་སྐྱེ་ལ་གཞན་དུ་ནི་སྔར་མྱོང་བ་ཉིད་དུ་ཡང་མ་ཡིན་ནོ། །དམིགས་པ་མེད་པ་ཉིད་ཀྱིས་ན་འཁྲུལ་པ་ཡུལ་སྒྲུབ་པར་བྱེད་པ་མ་ཡིན་མོད། རྒྱུ་མེད་པར་མི་སྲིད་པའི་ཕྱིར་རྒྱུ་ངེས་པ་ནི་གསལ་བར་བྱེད་པ་ཁོ་ནའོ། །དེས་ན་རྒྱུ་ཁྱད་པར་
Vol. 182 · folio 136a
མེད་ན་འཁྲུལ་པ་མི་འདྲ་བར་ཇི་ལྟར་འགྱུར། དེ་བཞིན་དུ་ལ་ལ་ནི་སྔོན་པོའི་ཤེས་པ་ཉིད་ངེས་པ་ཡིན་ལ། གཞན་ལ་ནི་སེར་པོ་ཤེས་པ་ཞེས་བྱ་བ་ལ་སོགས་པ་རྗེས་སུ་རྟོགས་པར་བྱའོ། །དེ་བས་ན་ཉམས་སུ་མྱོང་བ་དེ་ལྟ་བུ་ལས་སྐྱེས་པའི་དྲན་པའི་འདུ་
བྱེད་ལས་སྐྱེས་པ་ན་དེ་ལྟར་གྱུར་པ་ཡིན་ནོ། །དེ་ལྟ་ན་ཡང་རྒྱུ་ཙམ་རྟོགས་པར་འགྱུར་གྱི་ཁྱད་པར་ནི་རྟོགས་པ་མ་ཡིན་ནོ་ཞེ་ན། བརྗོད་པ་ཁྱད་པར་ཉིད་དང་འབྲེལ་པ་མཐོང་བའི་ཕྱིར་རོ། །འདི་ལྟར་དེ་དག་གི་འབྲེལ་པ་མྱོང་བ་མེད་པར་ནི་དུ་བ་ལ་མེ་རྟོགས་པར་རིགས་པ་མ་ཡིན་ནོ། །དེས་
ན་རྗེས་སུ་དཔག་པའི་དུས་ན་དུ་བ་ཙམ་ཉིད་མཐོང་གི་མེ་དང་འབྲེལ་པ་མྱོང་བ་ནི་མེད་དོ། །དེས་ན་སྔོན་ཉམས་སུ་མྱོང་བའི་གཞི་ལས་དྲན་པས་ཉམས་སུ་མྱོང་བ་རྗེས་སུ་རྟོགས་པས་ཉམས་སུ་མྱོང་བའི་བྱ་བ་བྱེད་པ་ཡིན་ནོ། །གལ་ཏེ་དུ་བ་མེ་ལ་མྱོང་བ་མེད་ན་དེ་དེ་ལྟར་དྲན་པ་ན་མེ་བརྟགས་
ཏེ་འཇུག་པས་མེ་འཐོབ་པར་མི་འགྱུར་རོ། །དེས་ན་དྲན་པའི་སྒོ་ནས་རྣམ་པར་གནས་པའི་མྱོང་བ་ནི་རྗེས་སུ་དཔག་པའི་རྒྱུ་ཉིད་ཀྱིས་ལྟོས་པར་བྱ་བ་དང་དོན་ཇི་ལྟ་བ་ཡིན་ཏེ་ཐོབ་པའི་ཕྱིར་རོ། །བདེན་ཏེ་མྱོང་བ་ནི་ལྟོས་པར་བྱ་བ་ཁོ་ནའོ། །སྦྱོར་བའི་དུས་ན་ནི་དེ་གྱུར་དུ་ཟིན་ཀྱང་སྔོན་བྱུང་བར་
གྱུར་ཏོ་ཞེས་གྲུབ་པ་མ་ཡིན་ནོ། །དྲན་པ་ནི་མྱོང་བར་འཁྲུལ་པས་རྗེས་སུ་དཔག་པ་འཇུག་པར་བྱེད་པ་ཡིན་ནོ། །ཇི་ལྟར་རྗེས་སུ་དཔག་པ་ལྟ་བུའི་དོན་ཐོབ་པ་ནི་འདོད་རྒྱལ་བའི་མི་སླུ་བ་ཡིན་ནོ། །མ་ཡིན་ཏེ་ལན་ཅིག་མ་ཡིན་པར་ཡོད་པའི་ཕྱིར་རོ་ཞེ་ན། དོན་དེ་ལྟ་མ་ཡིན་པར་མ་གྲུབ་ནས་
ལན་ཅིག་མ་ཡིན་པར་ཡོད་པར་ཡང་ཡན་ལག་མ་ཡིན་ནོ། །རང་ཉིད་འདོད་པ་ཡང་ཡིན་ཏེ་ཁྱབ་པ་སྒྲུབ་པ་ལ་སོགས་པ་དག་ཏུ་ལན་ཅིག་མ་ཡིན་པར་མྱོང་བ་ཡན་ལག་མ་ཡིན་པར་བྱས་པའི་ཕྱིར་རོ་ཞེ་ན། འདི་ལ་བརྗོད་པ་རྣམ་པར་རྟོག་པ་ཉམས་སུ་མྱོང་བའི་རྩ་བ་ཅན་མ་ཡིན་ཏེ།
དེའི་དུས་ཅན་གྱི་རྒྱུ་མཚན་ཉེ་བ་ཙམ་ལས་སྐྱེ་བ་ཡིན་ན་རྣམ་པར་རྟོག་པ་ཉིད་མ་ཡིན་པར་ཐལ་བའི་ཕྱིར་ཏེ། རབ་རིབ་དང་དབང་པོ་ལ་སོགས་པས་བསྐྱེད་པའི་ལོག་པའི་ཤེས་པ་དང་། བཟློག་པ་དག་བཞིན་ནོ། །དེས་ན་རྣམ་པར་རྟོག་པའི་རང་བཞིན་བརྟག་པས་ཇི་ལྟ་བུའི་
Vol. 182 · folio 136b
རྒྱུ་མཚན་མེད་པར་འདི་མི་སྲིད་པའི་རྒྱུ་མཚན་དེ་ཉིད་རྟོགས་པར་འགྱུར་རོ། །འདིར་རྗེས་སུ་འགྲོ་བ་དང་ལྡོག་པ་དག་མེད་པའི་ཕྱིར་འདི་ལྟར་ཡང་ཅི་སྟེ་མི་འགྱུར་བ་ཞེས་བྱ་བར་ནི་བརྟག་པར་མི་ནུས་ཏེ་སྲིད་པ་དང་། ཐར་པ་དག་པ་དག་ཏུ་ལྟ་བ་དང་དེ་མེད་པའི་རྒྱུ་ཅན་ལས་གཞན་དུ་བརྟག་
པར་མི་ནུས་པ་བཞིན་ནོ། །འདི་ལྟར་ཉམས་སུ་མྱོང་བས་འདུ་བྱེད་བསྐྱེད་པས་ཤེས་པ་པོ་ཤེས་པར་བྱེད་པ་ཉིད་ཀྱིས་དངོས་པོར་གྲུབ་པ་ན་རང་འདོད་ཙམ་གྱིས་དེ་སད་པས་དེ་ལྟ་བུའི་རྟོགས་པ་རང་དབང་དུ་གྱུར་པའི་ཕྱིར་ཤེས་པ་གང་དག་སྐྱེ་བ་དེ་དག་དེ་ལྟ་བུའི་འདུ་བྱེད་ཀྱི་གཞི་ཅན་ཉིད་
ཀྱིས་སྔ་མ་དང་ཕྱི་མར་འཛིན་པར་འགྱུར་བ་ནི། རྣམ་པར་རྟོག་པ་དང་བཅས་པར་གྲུབ་པར་འགྱུར་བ་ཡིན་ནོ། །དེའི་དུས་པའི་རུང་བ་ཙམ་ལས་སྐྱེས་པའི་གསལ་བ་ནི་དམིགས་པ་ཡོད་དམ་མེད་ཀྱང་རུང་སྟེ། སྔ་ཕྱི་རྣམ་པར་འབྱེད་པར་མི་ནུས་པས་རྣམ་པར་མི་རྟོག་པ་ཁོ་ནའོ། །
འཁྲུལ་བའི་རྒྱུ་མཚན་འགའ་ཞིག་ཉིད་དེ་ལྟ་བུའི་རྟོགས་པ་སྐྱེད་པར་བྱེད་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ་མི་ཤེས་པ་ལས་མེད་པས་ཤེས་པ་ལ་ལྟོས་པ་ཉིད་དུ་རྟོགས་པའི་ཕྱིར་རོ། །མི་ཤེས་པ་ལ་མེད་པར་ཇི་ལྟར་རྟོགས་ཤེ་ན། རྣམ་པར་རྟོག་པ་ཐམས་ཅད་མི་འཇིག་པའི་ཕྱིར་དང་། ངེས་
པ་མེད་པས་དྲན་པར་ཐལ་བའི་ཕྱིར་རོ། །དེ་ལྟ་བུ་ཉམས་སུ་མྱོང་བ་ཡོད་ན་ནི་དེ་ངེས་པ་ཉིད་ལས་ངེས་པ་ཡིན་ནོ། །གཞན་ཡང་ས་བོན་ལ་སོགས་པའི་དོན་རྣམས་ཀྱི་འབྲས་སཱ་ལུ་ལ་སོགས་པའི་དབྱེ་བའི་ནུས་པ་སྣ་ཚོགས་སྲིད་པ་ནི་རྒྱུ་སོ་སོར་ངེས་པས་བསྐྱེད་པས་དེ་ལྟ་བུའི་ངོ་བོར་
འཐད་པ་ཡིན་ལ་སྔོན་པོ་དང་སེར་པོ་ལ་སོགས་པས་དབང་པོ་ལས་སྐྱེས་པའི་བློ་སྣ་ཚོགས་པ་ཡང་ཕྱིའི་དོན་ཡོད་ན་དེ་བྱས་པ་ཁོ་ན་ཡིན་ན། རྣམ་པར་རྟོག་པ་ཡོད་པ་དང་མེད་པ་དང་བུམ་པ་དང་ཆུ་དང་རྩིག་པ་ལ་སོགས་པའི་རང་བཞིན་གྱིས་རིགས་མི་མཐུན་པར་སྣང་བ་གོ་ནུས་པའི་
གཞི་རྩ་གང་ལས་དེ་ལྟ་བ་གྱུར་བུམ་པའི་རྣམ་པར་རྟོག་པ་སྐྱེད་པར་བྱེད་པའི་རྟོགས་པའི་རང་བཞིན་ནི་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་རྒྱུར་མ་ཡིན་ཏེ། རྟོགས་པ་དེ་ཡོད་ཀྱང་བུམ་པ་རྟོགས་པ་མེད་ན། དེ་དེའི་རྒྱུ་མ་ཡིན་པར་ཐལ་བའི་ཕྱིར་རོ། །འབད་རྩོལ་གྱིས་བྱས་
Vol. 182 · folio 137a
པའི་ནུས་པ་སད་པ་ལ་བརྟེན་པས་དེ་ལྟར་འགྱུར་བ་ཡང་མི་རིགས་ཏེ་དེ་ལྟ་བུའི་ནུས་པ་ཅན་གྱི་རྒྱུ་ཡོད་པ་ཉིད་བརྩལ་བར་བྱ་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དངོས་པོ་སྣ་ཚོགས་པ་བཞིན་དུ་དེ་ཉམས་སུ་མྱོང་བ་སྣ་ཚོགས་པ་ཡིན་པའི་ཕྱིར་སྣ་ཚོགས་པར་གྱུར་པའི་ཉམས་སུ་
མྱོང་བའི་བག་ཆགས་སྣ་ཚོགས་ཅན་གྱི་རྣམ་པར་རྟོག་པར་བྱེད་པའི་ཕྱིར་ཏེ། སྤྲོས་པས་ཆོག་གོ། །དེས་ན་ཡུལ་གསལ་བར་བྱེད་པའི་ནུས་པ་དང་ལྡན་པ་རང་ཉིད་ཀྱིས་གསལ་བ་མཐོང་བ་འདི་ནི་སྔོན་པོའོ་སྙམ་པ་ལ་སོགས་པའི་རྣམ་པར་རྟོག་པ་དུས་ཀྱི་བྱེ་བྲག་མི་གསལ་བ་ཉིད་ཀྱིས་དྲན་པའི་
དངོས་པོར་རྟོགས་པ་ལ་མི་གནས་པ་ནི་ཉམས་སུ་མྱོང་བའི་འདུ་བྱེད་བར་ཆད་མེད་པ་རྟོགས་པར་བྱེད་པ་དེས་ན་དོན་ཇི་ལྟ་བ་ཉམས་སུ་མྱོང་བ་དེ་ལྟ་བུ་ཡིན་ལ་དེ་ལྟར་ནི་འདུ་བྱེད་པ་ཡིན་ནོ། །དེའི་ཕྱིར་རྒྱུ་དང་འབྲས་བུའི་དངོས་པོ་དང་དེ་འཛིན་པ་རིགས་པ་ཡིན་ནོ། །འདི་ལ་སྟོང་པ་ཉིད་དུ་སྨྲ་བ་དག་གིས་
བཟོད་པ་བཞིན་དུ་དོན་རྣམས་མ་སྐྱེས་པ་དང་མི་འགག་པར་ནི་མ་ཡིན་ཏེ། རྣམ་པར་རིག་པ་ཙམ་ནི་སྐྱེ་བ་དང་འགག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གལ་ཏེ་ཐམས་ཅད་ནུས་པ་མེད་ན་ཞེས་བཀོད་དེ། །ས་བོན་སོགས་ནི་མྱུག་སོགས་ལ། །ནུས་མཐོང་གལ་ཏེ་དེ་ཀུན་རྫོབ། །
འདོད་ན་ཞེས་བྱ་བས་ཕྱི་རོལ་གྱི་དོན་ལ་བརྟེན་ནས་དེ་ལྟར་མཐོང་བར་བསྟན་པ་ལ། མཐོང་བ་དེ་ཀུན་རྫོབ་པའི་དོན་གྱི་ཡུལ་ཅན་དུ་རྣམ་པར་གཞག་སྟེ། ཀུན་རྫོབ་མེད་པར་མི་འཐད་པའི་ཕྱིར་ཀུན་རྫོབ་ཀྱི་ངོ་བོར་ཡང་རྒྱུ་དང་འབྲས་བུའི་དངོས་པོ་ཡོད་པ་ཉིད་དོ་སྙམ་དུ་དགོངས་ནས་ཇི་ལྟར་དེ་ལྟར་
འགྱུར་ཞེས་ཕྱིས་ཁས་བླངས་པ་ཡིན་ནོ། །དེའི་ཕྱིར་མ་བྱུང་བའི་རང་བཞིན་ལས་ཡོད་པ་ཙམ་ནི་སྐྱེ་བ་ཡིན་ལ་དེ་རྟོགས་པ་ལས་དེ་ཡོད་པས་ཡོད་པར་དམིགས་པ་གང་ཡིན་པ་དེ་ནི་རྟོགས་པ་ཡིན་ཏེ། དེས་ན་རྒྱུ་དང་འབྲས་བུ་དང་དེའི་རྟོགས་པ་མ་ཚང་བ་མེད་པ་ཡིན་པས། མངོན་སུམ་དང་མི་དམིགས་
པ་སྒྲུབ་པར་བྱེད་པ་ཡིན་ནོ། །འོ་ན་དེ་ལ་གཅིག་མེད་ན་ཡང་ཞེས་བྱ་བ་འདི་ཅི་སྟེ་མི་བརྗོད་ཅེ་ན་རྒྱུ་འདི་ཙམ་ཉིད་དོ་ཞེས་ངེས་པ་གཟུང་བའི་དོན་དུ་བརྗོད་དོ། །འདི་ལྟར་དུ་མ་ཅིག་ཅར་ཉེ་བ་ལས་འབྲས་བུ་སྐྱེ་བར་དམིགས་པའམ། ཡང་ན་རིམ་གྱིས་ཉེ་བ་ལས་ཡིན་ཏེ། སྔར་ཉེ་བར་གནས་
Vol. 182 · folio 137b
པ་ཡོད་ཀྱང་མེད་པའི་འབྲས་བུ་ཕྱིས་ཉེ་བར་འོང་བས་ལྟོས་པ་ཡོངས་སུ་རྫོགས་པར་བྱས་པའི་ཕྱིར་དེ་ཉེ་བ་ཉིད་ཀྱིས་སྐྱེད་པ་ཡིན་ནོ། །དེས་ན་གཅིག་གམ་དུ་མ་ཇི་ལྟར་ཉེ་བ་ཉིད་ཀྱིས་འབྲས་བུ་བསྐྱེད་དམ། དེ་སྔར་ཉེ་བར་གནས་པ་དག་ལ་དེ་ཉེ་བར་ལྟོས་པ་ཡོངས་སུ་རྫོགས་པར་བྱེད་པས་ཡིན་ཞེས་
ཐེ་ཚོམ་ཟ་བ་ཕྱིས་ཀྱི་མི་དམིགས་པས་བཟློག་པ་ཡིན་ནོ། །དམིགས་པ་དེ་དག་ལས་གཅིག་མེད་ན་ཡང་མི་དམིགས་པ་ཡིན་ནོ། །འདི་ལྟར་མེ་ཡོད་པ་ན་བུད་ཤིང་མེད་ན་མེ་ཡོད་པར་མཐོང་ཡང་དུ་བ་མེད་པ། དེ་བཞིན་དུ་བུད་ཤིང་ལ་ཡང་མེ་མེད་ན་མེད་པར་འགྱུར་རོ། །དེ་གཉིས་
གནས་ན་ནི་གཞན་མེད་ཀྱང་མི་ལྡོག་གོ། །དེས་ན་དེ་ལྟར་དེ་དག་ཡོད་ན་སྔར་མ་བྱུང་བའི་དུ་བ་ཡོད་པ་ལས་དེ་དེ་དག་གི་རྒྱུ་ཅན་དུ་རྟོགས་པ་ན། རྒྱུའི་ཚོགས་པ་གང་ཞིག་ཉེ་བ་ན་དེ་ཡོད་པ་དེ་ཅི་ཉེ་བར་གནས་པ་རྣམས་ཀྱི་ཁ་སྐོང་ཡིན་ནམ་འོན་ཏེ་དེ་དག་ལས་དོན་འགའ་ཞིག་རྒྱུ་མ་ཡིན་པ་
ཡང་ཡིན་ཞེས་ངེས་པ་ན་འདི་ལྟར་རྟོགས་པ་ཡིན་ནོ། །འབྲས་བུ་ཉིད་དེ་ཡང་དུ་བ་ལ་ཡོད་དོ། །དེས་ན་ཇི་ལྟར་དུ་བས་མེ་མི་འཁྲུལ་ལོ་ཞེས་རྟོགས་ཞེས་གང་བརྗོད་པ་དེ་འདིས་སྤངས་པ་ཡིན་ནོ། །དེས་ན་དེ་ལྟར་རེ་ཞིག་འབྲས་བུའི་འབྲས་བུ་ཉིད་འཁྲུལ་པ་མེད་དོ་ཞེས་བསྟན་པའི་ཕྱིར་
ཚད་མས་རྟོགས་པའི་འབྲས་བུ་ཉིད་བཤད་པ་ཡིན་ནོ། །དེ་ནི་འདི་ལས་ཇི་ལྟར་འཁྲུལ་པ་མེད་པ་དེ་བསྟན་པའི་དེ་མེད་པར་ཡང་ཞེས་སྨོས་སོ། །མེད་པར་ཡང་དུ་བ་དེ་ཡོད་ན་དེ་ལ་འཁྲུལ་ནས་དེ་མེད་ཀྱང་ཡོད་ན་རྒྱུ་དང་ལྡན་པ་ལས་འདས་པར་འགྱུར་ཏེ་དེའི་འབྲས་བུ་ཉིད་དུ་མི་འགྱུར་
རོ་ཞེས་བྱ་བའི་དོན་ཏོ། །དེའི་དོན་འདི་ཡིན་ཏེ། དུ་བ་ནི་འབྲས་བུ་ཡིན་ཏེ་མེའི་འབྲས་བུའི་ཆོས་མཐོང་བའི་ཕྱིར་རོ། །འབྲས་བུ་ཡང་མི་འཁྲུལ་བ་དང་དེའི་བདག་ཉིད་ཀྱི་མཚན་ཉིད་ཀྱིས་འབྲེལ་ཏེ། དེས་ན་ཇི་ལྟར་དུ་བས་མེ་ལ་མི་འཁྲུལ་ལོ་ཞེས་བྱ་བར་རྟོགས་ཞེས་གང་བརྗོད་པ་
སྤངས་པ་ཡིན་ཏེ་རྣམ་པ་འདིས་རྒྱུ་དང་འབྲས་བུའི་རང་བཞིན་རྣམ་པར་དཔྱད་པ་ཁོ་ན་ལས་ཁོང་དུ་ཆུད་པའི་ཕྱིར་རོ། །མ་བྱུང་བ་ཉིད་ལས་ཡོད་པས་ཡོད་པའི་དངོས་པོ་ནི་སྐྱེ་བ་ཞེས་བརྗོད་དོ། །དེ་ཡང་གདོན་མི་ཟ་བར་ནུས་པའི་དངོས་པོ་གཞན་ལ་ལྟོས་པར་བྱ་བ་ཡིན་ཏེ། དེས་ན་འདི་
Vol. 182 · folio 138a
གང་གི་ཚེ་གཞན་གྱི་ཚེ་ཡང་ཡོད་ན་ནི་དེའི་ཚེ་སྐྱེ་བའི་དོན་ཉིད་མེད་དེ། ཇི་ལྟར་ལྷས་བྱིན་ཁྱིམ་དུ་བྱུང་ནས་ཕྱིར་འབྱུང་བར་འགྱུར་ལ། དེར་བྱུང་ནས་ཀྱང་ཡུལ་གཞན་དུ་འབྱུང་བས་དེ་དང་དེའི་རྒྱུན་མངོན་པར་སྐྱེ་བར་མི་བརྗོད་པ་བཞིན་ནོ། །དངོས་པོ་མེད་པའི་
སྔོན་དུ་འགྲོ་བ་ཅན་ཉིད་ཡོད་པ་ནི་སྐྱེ་བ་ཡིན་ནོ། །དེས་ན་གང་གི་ཚེ་འདི་མེད་པར་འབྱུང་བ་དེའི་ཚེ་སྐྱེ་བའི་དོན་ཉིད་མེད་པ་དེ་ལས་འབྱུང་བ་ག་ལས་འགྱུར། མེ་མེད་པར་ཡང་དུ་བ་ཡོད་དེ། དེས་ན་འདི་མེ་ཡོད་ན་སྔ་ན་མེད་པ་ཡོད་པ་ཐོབ་པ་མ་ཡིན་པས་དེ་ཡོད་པས་སྐྱེ་བ་མ་ཡིན་ནོ། །དེས་
ན་དུ་བ་མེའི་རྒྱུ་ཅན་མ་ཡིན་ནོ། །དེའི་ཕྱིར་རྒྱུ་མེད་པར་ཐལ་ལོ། །ཅི་ཞིག་ལྟར་དུ་བ་མེ་ཡོད་ན་དམིགས་པ་དེ་ཙམ་གྱིས་ནི་དེའི་འབྲས་བུར་མི་འགྱུར་རོ། །གལ་ཏེ་ཐམས་ཅད་དུ་དུ་བ་དང་ཐམས་ཅད་ཀྱི་ཚེ་འདི་མེ་ཡོད་ན་འབྱུང་བ་ཡིན་ནོ་ཞེས་ངེས་ན། དེའི་ཚེ་ནི་འབྲས་བུ་ཉིད་དུ་རྟོགས་པར་
འགྱུར་ཏེ། དེ་ལ་ངེས་པར་རྟོགས་པའི་ཕྱིར་རོ། །འདི་ནི་ཐམས་ཅད་མཐོང་བ་མ་ཡིན་པས་རྟོགས་པར་ནུས་པ་མ་ཡིན་ནོ། །དེས་ན་ཇི་ལྟར་སྔར་མ་དམིགས་པ་དམིགས་པ་ཙམ་གྱིས་འབྲས་བུ་ཉིད་དུ་རྟོགས་དེས་ན་འབྲས་བུ་ཉིད་ལ་རྩོད་པ་དང་བཅས་པ་ན། ཇི་ལྟར་མེ་མེད་པར་
ཡང་ཡོད་པའི་ཕྱིར་རྒྱུ་དང་ལྡན་པ་ལས་འདས་པར་འགྱུར་རོ་ཞེ་ན། བཤད་པ། ལན་ཅིག་དེ་ལྟ་བུའི་ངོ་བོར་ངེས་པའི་དུ་བ་མེ་ཡོད་པ་ལ་མཐོང་བས་ཀྱང་མེ་དེའི་འབྲས་བུར་འགྲུབ་པོ། །རེ་ཞིག་དུ་བ་དེ་མེད་པ་ཉིད་ལས་དེའི་ཚེ་ཡོད་པས་སྐྱེས་པར་ནི་རྟོགས་པ་ཡིན་ནོ། །འདི་ནི་ནུས་པ་གཞན་
མེད་པར་རང་ཉིད་ཀྱིས་འབྱུང་བ་མ་ཡིན་ཏེ། རང་བཞིན་མེད་པའི་ཕྱིར་རོ། །ནུས་པ་ཡང་རྒྱུ་ཡོད་པ་ཁོ་ན་ཡིན་ནོ། །དེ་ལས་གཞན་དག་ཡོད་ཀྱང་མེད་པའི་ཕྱིར་དང་། མེ་ཡོད་ན་ཡོད་པའི་ཕྱིར་དེ་དེའི་འབྲས་བུ་དེ་རྟོགས་སོ། །གང་གི་ཚེ་དེ་དག་ཡོད་པ་ཉིད་ན་རྒྱུ་གཞན་ལ་མི་ལྟོག་པར་དུས་
གཞན་ཉིད་དུ་འབྱུང་བ་དེའི་ཚེ་ནི་ཡོངས་སུ་འགྱུར་བ་ལ་ལྟོས་པ་རྣམས་སྐྱེད་པར་བྱེད་པ་ཡིན་པར་རྟོགས་ཏེ། འབྲས་ཆན་སྐྱེ་བ་ལ་ཕྲུ་བ་ལ་སོགས་པ་བཞིན་ནོ། །དེས་ན་སྔར་མེད་པ་འགའ་ཞིག་ལྟར་འགའ་ཞིག་ཡོད་ན་འགྱུར་བ་ཞེས་བྱ་བ་ནི་རྒྱུ་མེད་པར་འཐད་པ་མ་ཡིན་ཏེ། དེ་སྐྱེད་པའི་
Vol. 182 · folio 138b
ནུས་པ་མེད་པར་དེ་ཇི་ལྟར་ཡང་ཡོད་མི་སྲིད་པའི་ཕྱིར་རོ། །དེ་བཤད་པ་ནི། འབྲས་བུ་ཉིད་མ་ཡིན་ན་རྒྱུ་མ་ཡིན་པ་ལས་ལན་ཅིག་ཀྱང་མི་འབྱུང་བའི་ཕྱིར་རོ་ཞེས་བྱ་བའོ། །གང་ཞིག་རང་གི་རྒྱུའི་མཐུ་ལས་གྲུབ་པ་དེ་ནི་གློ་བུར་དུ་རྒྱུ་མ་ཡིན་པ་ཉེ་བ་ན་ཡང་ཡོད་པ་ཡིན་ཏེ། དཔེར་ན་ལྷས་བྱིན་ཡོད་
པ་ན་བུམ་པ་བཞིན་ནོ། །དེས་ན་འདི་ལ་མཐོང་བ་གཞན་ལ་ལྟོས་པ་མེད་དོ། །རྒྱུ་དང་འབྲས་བུ་དག་རང་བཞིན་ཁྱད་པར་ཅན་གྱི་བདག་ཉིད་ཡིན་པས་ན་ལན་ཅིག་ཞུགས་པའི་མངོན་སུམ་ཉིད་ཀྱིས་དེ་ལྟར་འཛིན་པའི་ཕྱིར་སྔོན་པོ་ལ་སོགས་པའི་རང་བཞིན་ལྟ་བུའོ། །ཐམས་ཅད་དུ་སྔོན་པོ་སྔོན་པོ་ཉིད་དུ་
རྟོགས་པ་ལ་ལྟོས་པ་ལན་ཅིག་དམིགས་པ་ཞུགས་པས་དེ་ལྟ་བུའི་ངོ་བོར་མི་རྟོགས་པ་ནི་མ་ཡིན་ནོ། །དེས་ན་རྒྱུ་དང་འབྲས་བུའི་དངོས་པོ་ལ་ནི་ལན་ཅིག་དམིགས་པས་རྟོགས་པར་བྱ་བ་མ་ཡིན་ནོ། །དེས་ན་སྔ་ན་མེད་པའི་རང་བཞིན་ཐོབ་པ་ནི་རྒྱུ་ལ་བརྟེན་པ་ཡིན་པས་རྒྱུ་མེད་པར་འདིའི་རང་གི་ངོ་བོ་འགྲུབ་
པ་མེད་དོ། །དེའི་ཕྱིར་གང་ཞིག་གང་མེད་ན་རང་གི་ངོ་བོ་ཉིད་མེད་པ་དེ་ཇི་ལྟར་དེ་ལ་འཁྲུལ་པར་འགྱུར་ཏེ། དེས་ན་འབྲས་བུ་རྒྱུ་ལ་འཁྲུལ་པ་མེད་དོ། །དེས་ན་དེ་ལྟར་རྒྱུ་དང་འབྲས་བུའི་དངོས་པོ་གྲུབ་པའི་ལྷག་མ་ཉེ་བར་བསྒྲུབས་ཏེ་སྐབས་ཀྱི་མདོ་འགྲེལ་པར་བྱེད་པ་ནི། འབྲས་བུ་ཡང་ཞེས་བྱ་བ་
ཡིན་ནོ། །འབྲས་བུ་རྒྱུ་མེད་པར་ཡོད་ན་ནི་རྒྱུ་དང་ནི་ལྡན་པ་ཁོ་ན་སྟེ། འབྲས་བུ་མ་ཡིན་པ་ཉིད་དུ་འགྱུར་རོ། །གཏན་ཚིགས་བཤད་པ་གང་ཞིག་ཅེས་བྱ་བ་སྟེ། གང་གི་ཕྱིར་གང་ཞིག་གང་མེད་པར་ཡོད་པ་དེ་ནི་དེའི་རྒྱུ་མ་ཡིན་པའི་ཕྱིར་ཏེ། སྔར་མ་བྱུང་བ་ལས་ཡོད་པ་ཉིད་མེད་པའི་ཕྱིར་ཞེས་བཤད་
ཟིན་ཏོ། །མེ་མེད་པར་ཡང་དུ་བ་ཡོད་དེ། དེའི་ཕྱིར་འདི་མེ་ཡོད་པ་སྔོན་མེད་པ་ཡོད་པས་ཐོབ་པ་མ་ཡིན་པས་ན་དེ་ཡོད་པས་སྐྱེས་པ་མ་ཡིན་ནོ། །དེ་བས་ན་མེ་དུ་བའི་རྒྱུ་མ་ཡིན་པར་འགྱུར་རོ། །དེ་མེད་ཀྱང་ཡོད་པའི་ཕྱིར་མེ་དེའི་རྒྱུ་མ་ཡིན་མོད། རྒྱུ་མེད་པ་ཉིད་ནི་མ་ཡིན་ཏེ། གཞན་གྱི་རྒྱུ་
ཅན་ཡིན་པའི་ཕྱིར་རོ་ཞེས་དགོས་པ་སྨྲས་པ་ནི་གལ་ཏེ་ཞེས་བྱ་བའོ། །མ་ཡིན་ཏེ་གཞན་དེ་ལ་ཡང་མཚུངས་པའི་ཕྱིར་ཏེ། འདི་ལྟར་དེ་མེད་ན་ཡང་མེ་ཡོད་ན་ཡོད་པས་སོ། །ཇི་ལྟར་གཞན་ཡོད་ན་ཡང་ཡོད་པའི་ཕྱིར་མི་ལྡོག་པའི་ཆོས་ཅན་ཉིད་ཀྱིས་དངོས་པོ་དེ་ཡོད་པའི་རང་བཞིན་ཡིན་
Vol. 182 · folio 139a
པའི་ཕྱིར་མེའི་འབྲས་བུ་ལས་འདས་པར་འགྱུར་བ་དེ་བཞིན་དུ་གཞན་གྱི་འབྲས་བུ་ཉིད་ལས་ཀྱང་ངོ་། །མེ་ཡོད་ན་ཡང་དེ་ཡོད་པའི་ཕྱིར་འདི་ལ་སྔ་ན་མེད་པའི་ཡོད་པ་ཐོབ་པའི་སྐྱེ་བའི་དོན་མེད་པའི་ཕྱིར་གཞན་ལས་ཀྱང་ཡོད་པར་མི་འཐད་དོ། །དོན་རྣམས་ཀྱི་རྒྱུ་ཉིད་ནི་འགའ་
ཡང་རང་གི་ངོ་བོ་ལས་ཐ་དད་པ་མ་ཡིན་ཏེ། དེས་ན་གལ་ཏེ་མེའི་རྣམ་པ་ཉིད་རྒྱུ་ཡིན་ན། འོ་ན་ནི་གཞན་གྱི་རྣམ་པ་ཉིད་རྒྱུ་མ་ཡིན་པ་ཉིད་དོ། །དེ་སྟེ་རྣམ་པ་གཞན་རྒྱུ་ཡིན་ན་ནི་དེ་ལྟ་ན་མེའི་རྣམ་པ་ཉིད་དུ་བའི་རྒྱུ་མ་ཡིན་ནོ། །དེས་ན་གཞན་སྐྱེད་པར་བྱེད་པ་ཡིན་ན་དེའམ། དེ་དེ་ལྟར་
གྱུར་པ་ཡིན་ན། གཞན་དེ་སྐྱེད་པའི་རང་བཞིན་མ་ཡིན་པ་ལས་ཇི་ལྟར་འབྱུང་བར་འགྱུར། གཏན་ཚིགས་བཤད་པ་གང་ཞིག་རང་གིས་སྐྱེད་པར་བྱེད་པའི་རང་བཞིན་མ་ཡིན་པས་དེ་མི་སྐྱེད་པའི་ཕྱིར་སྐྱེ་བ་དེ་རྒྱུ་མེད་པ་ཉིད་དུ་འགྱུར་རོ། །གང་གི་ཚེ་གཅིག་སྐྱེད་པའི་རང་བཞིན་དང་
ལྡན་པ་ལས་གཞན་དེ་སྐྱེད་པའི་རང་བཞིན་མ་ཡིན་པ་དེས་ན། དེར་འདི་ཡོད་པ་རྒྱུ་མེད་པ་ཅན་དུ་འགྱུར་རོ། །དེ་ལས་བདག་ཐོབ་པ་ནི་མ་ཡིན་ལ། དེ་ཡོད་པ་ཡང་མ་ཡིན་ཏེ། དེས་ན་རྒྱུ་མེད་པ་ཉིད་དོ། །འདི་དེ་རྒྱུ་མེད་པ་ཅན་ཡོད་ན་གཅིག་ཏུ་ཡང་འདིར་རྒྱུ་མེད་པ་ཅན་ཁོ་ནའོ། །
དེས་ན་དེ་ཡང་རྒྱུར་མ་གྲུབ་པས་རྒྱུ་མེད་པ་ཅན་ཉིད་དོ། །དེ་ལ་སྨྲས་པ་གང་གིས་དུ་བ་ནི་ཡོད་པ་ཉིད་ཡིན་ཏེ། གང་གི་ཕྱིར་གཞན་ཡོད་པ་ན་ཡང་ཡོད་པའི་ཕྱིར་ཁྱིམ་ན་ཡང་ཡོད་ལ་ཕྱི་རོལ་ན་ཡང་ཡོད་པའི་ལྷས་བྱིན་བཞིན་དུ་འདི་དེར་སྐྱེས་པ་མ་ཡིན་པར་བརྗོད་པ་གང་ཞིག་མེ་ཡོད་པ་ན་
སྔར་མེད་པ་ཉིད་ལས་ཡོད་པས་སྔོན་མེད་པའི་ཡོད་པ་ཐོབ་པའི་ཕྱིར་སྐྱེས་པའི་དུ་བ་དེ་ཉིད་ནི་མ་ཡིན་ཏེ། འོན་ཀྱང་དེ་དང་འདྲ་བ་དེ་དང་མཚུངས་པ་གཞན་དེར་འབྱུང་བ་ཡིན་ནོ། །དུ་བ་གཅིག་པོ་དེ་སྔོན་མ་བྱུང་བ་ལས་མེས་ཡོད་པར་བསྒྲུབ་པ་ཡིན་པ་དེས་ན་དེ་ལ་སྐྱེ་བའི་དོན་འཐད་པ། རྒྱུ་
ཡང་སྐྱེད་པར་བྱེད་པ་ཡིན་ནོ། །དེས་ན་དུ་བ་དེ་ལ་རང་བཞིན་དེ་ཉིད་སྐྱེད་པར་བྱེད་པ་ཡིན་ལ། དུ་བ་གཞན་སྐྱེད་པ་ནི་གཞན་ཁོ་ནའོ། །དེའི་ཕྱིར་རྒྱུ་དང་འབྲས་བུའི་དངོས་པོ་འཐད་པས་རྒྱུ་མེད་པ་ཉིད་དུ་ཐལ་བ་མ་ཡིན་ནོ། །འབྲས་བུ་ཡིན་པའི་ཕྱིར་འཁྲུལ་པ་མེད་པ་ཡིན་ནོ་ཞེས་བྱ་བ་
Vol. 182 · folio 139b
གང་ཡིན་པ་དེ་ནི་གསལ་བ་ཡིན་ནོ། །གང་གི་ཕྱིར་འདི་རང་གི་མཚན་ཉིད་གཅིག་ལ་ལྟོས་ནས་མི་འཁྲུལ་པར་འཇོག་པ་ནི་མ་ཡིན་ནོ། །གཅིག་ཁོ་ན་ལས་རྗེས་སུ་དཔག་པ་མི་འཇུག་པའི་ཕྱིར་ཏེ། དེ་ནི་མཐུན་པའི་ཕྱོགས་ལ་ཡོད་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། ལན་དུ་མི་འདྲ་བ་ལས་
ཏེ། མི་མཚུངས་པ་མེ་མ་ཡིན་པའི་རང་བཞིན་ལས་འབྱུང་བ་ཇི་ལྟར་དེ་དང་འདྲ་བ་ཡིན་ཏེ་འདི་ལྟར། དེ་ནི་དེ་དང་འདྲ་བ་ལས་འབྱུང་བའི་ཕྱིར། ཅི་འདྲ་བ་ཞིག་ལས་ལན་ཅིག་དུ་བ་དམིགས་པ་དེ་དང་མཚུངས་པ་ལས་འབྱུང་བའི་ཕྱིར་དེ་དང་འདྲ་བར་འགྱུར་ཏེ། དུ་བ་ཉིད་མཚུངས་པར་འགྱུར་
རོ། །དོན་གཅིག་རྒྱུ་ཇི་ལྟ་བུ་ལས་སྐྱེས་པའི་གཞན་ཁོ་ན་དེ་དང་འདྲ་བར་འགྱུར་རོ། །འདྲ་བ་ཞེས་བྱ་བ་འདི་ཅི་ཞིག་ཅེ་ན། གཅིག་པོ་འདི་ནི་དུ་བ་ཡིན་ལ། གཞན་འདི་ཡང་དུ་བ་ཡིན་གྱི་བུམ་པ་མ་ཡིན་པ་གང་ཡིན་པ་དེ་བསྟན་པར་བྱའོ། །དེ་འདྲ་བ་ལས་དེ་འདྲ་བ་ཉིད་དུ་འགྱུར་གྱི་གཞན་འདྲ་
བ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ལ་རིགས་པ་ཅི་ཡོད་ཅེ་ན། འབྲས་བུ་གཞན་རིགས་མི་མཐུན་པ་ན་རིགས་མཐུན་པའི་རིགས་མཐུན་པ་དང་མི་མཐུན་པ་དག་རྒྱུ་མཚན་མེད་པར་ནི་མི་འཐད་པ་མ་ཡིན་ནམ། དངོས་པོ་ནི་དེ་ཙམ་གྱི་ངོ་བོ་ཡིན་པའི་ཕྱིར་དངོས་པོའི་རྒྱུ་ཉིད་དེའི་རྒྱུ་ཡིན་ནོ་ཞེས་
རིགས་སོ་དེས་ན་རྒྱུ་ཐ་དད་པས་སཱ་ལུ་དང་ནས་ཀྱི་མྱུ་གུའི་ངོ་བོ་ཉིད་ཐ་དད་པ་ནི་རྒྱུ་ཐ་དད་པ་ལས་ཡིན་ལ། རྒྱུ་མཚུངས་པ་ཅན་སཱ་ལུའི་མྱུ་གུ་དག་གི་གཅིག་པ་ཡང་རྒྱུ་གཅིག་པ་ལས་ཡིན་ནོ། །ཐ་དད་པས་བསྐྱེད་པ་དག་ཀྱང་ངོ་བོ་མཚུངས་ན་ནི་ཐ་དད་པ་དེའི་རྒྱུ་མེད་པར་འགྱུར་བས་དངོས་
པོ་ཉིད་རྒྱུ་མེད་པར་འགྱུར་རོ། །འདིར་སྨྲས་པ་འདྲ་བ་དང་མི་འདྲ་བ་དག་རྒྱུ་མཚན་དང་བཅས་པ་ཡིན་ཡང་རིགས་མཐུན་པའི་རྒྱུ་ནི་མ་ཡིན་ཏེ། རིགས་མི་མཐུན་པ་ལས་སྐྱེ་ཡང་རྒྱུ་མེད་པར་ཐལ་བ་མ་ཡིན་པའི་ཕྱིར་རོ། །མེ་ལས་དུ་བ་མ་ཡིན་པ་ལས་ཐ་དད་པའི་དུ་བ་སྐྱེ་བས་ན་ཐ་དད་
པ་དེ་ཉིད་ལས་སྐྱེ་བ་ཡིན་ནོ། །དེས་ན་གལ་ཏེ་མེ་མ་ཡིན་པ་ལས་ཀྱང་དུ་བ་མ་ཡིན་པ་ལས་ཐ་དད་པའི་དུ་བར་འགྱུར་ན། ཐ་དད་པའི་རྒྱུ་དེ་ཡང་སྤངས་ནས་རྒྱུ་གཞན་ལས་ཀྱང་འབྱུང་བའི་ཕྱིར་རྒྱུ་འཁྲུལ་པས་རྒྱུ་མེད་པ་ཉིད་དུ་འགྱུར་རོ་ཞེ་ན། མ་ཡིན་ཏེ་མི་འཁྲུལ་པ་སྤངས་ན་དེའི་རྒྱུ་ཅན་མ་
Vol. 182 · folio 140a
ཡིན་པར་མི་འཁྲུལ་པའི་ཕྱིར་རོ། །དེའི་རྒྱུ་ཅན་ནི་དེ་ལ་འཁྲུལ་པ་མེད་པར་འགྱུར་རོ་ཞེས་བྱ་བ་གང་ཡིན་པ་དེ་ནི་ད་དུང་ཡང་མི་འགྲུབ་པོ། །དེས་ན་འཁྲུལ་པ་ཡིན་ཡང་ཐ་དད་པ་རྒྱུ་མེད་པ་ཅན་མ་ཡིན་ནོ། །དེས་ན་མེས་བསྐྱེད་པའི་དུ་བའི་དུ་བ་མ་ཡིན་པ་ལས་ཐ་དད་
པ་ནི་མེས་བསྐྱེད་པ་ཡིན་ལ། དེ་ལས་གཞན་གྱིས་བསྐྱེད་པའི་ནི་གཞན་དེ་ལས་གཞན་གྱིས་བསྐྱེད་པ་ཁོ་ནའོ། །དུ་བའི་རང་གི་ངོ་བོ་ལས་མ་གཏོགས་པའི་ཐ་དད་པ་ཞེས་བྱ་བ་དེ་ཉིད་འགའ་ཡང་མེད་དོ། །དེ་ཡང་མེས་བསྐྱེད་པ་ལས་མེ་མ་ཡིན་པས་བསྐྱེད་པ་ཐ་དད་པ་ཁོ་ནའོ། །མེ་
གཞན་གྱིས་བསྐྱེད་པ་གཞན་ཡིན་པ་བཞིན་ནོ། །དེས་ན་ལྡོག་པ་ཉམས་པའི་ཕྱིར་རྒྱུ་མ་ཡིན་པར་འགྱུར་བ་གང་ཡིན་པ་དེ་ཉིད་གཞན་ལས་འབྱུང་བ་ནི་མ་ཡིན་ནོ་ཞེ་ན། དེ་ལྟ་ན་འོ་ན་འདིར་མདོ་སྡེ་པ་ལ་ཁར་ཆད་པ་ཅི་ཡང་མེད་དོ། །འདི་ལྟར་རེ་ཞིག་སྐྱེ་བ་མེད་པར་སྨྲ་བ་ནི་གསལ་བ་ཡིན་
ནོ། །འདི་ཕྱི་རོལ་གྱི་དོན་ལ་དཔྱོད་པ་འགྱོད་པ་ནི་འཇིག་རྟེན་གྱི་བློ་འབའ་ཞིག་གིས་ཡིན་ནོ། །དེ་ལ་གལ་ཏེ་འབྲས་བུའི་གཏན་ཚིགས་མི་འཁྲུལ་པར་མ་གྲུབ་ན་མ་གྲུབ་ལ་རག་མོད། དོན་དམ་པའི་ཚུལ་གྱིས་དབང་དུ་བྱས་ན་ནི་རང་བཞིན་གྱི་གཏན་ཚིགས་གཅིག་པུར་ཟད་དོ། །རང་རིག་
པ་ཉིད་མངོན་སུམ་ཡིན་གྱི་དབང་པོ་ལས་སྐྱེས་པ་ནི་མ་ཡིན་པ་བཞིན་ནོ། །དེ་གལ་ཏེ་དེ་ལྟ་ན་ཅི་ལན་འདི་ཁོ་ནར་བས་སམ་ཞེ་ན། འདི་ཁོ་ནར་བས་སོ་ཞེས་ནི་མི་སྨྲའི། འདི་ནི་གཟུ་བོའི་ཚིག་ཡིན་ཏེ། གུས་པར་བྱ་བ་ནི་མ་ཡིན་ནོ། བདག་ཅག་གི་ལྟར་ན་ནི་ངེས་པར་ཟུང་ཤིག །
མི་འདྲ་བ་ལས་ནི་དེ་འདྲ་བ་འབྱུང་བ་མ་ཡིན་གྱི་དེ་ནི་འདྲ་བ་ཁོ་ན་ལས་དེ་དང་འདྲ་བར་འགྱུར་བར་རིགས་སོ། །སྔོན་མ་བྱུང་བའི་དངོས་པོ་གཞན་ཡོད་ན་རང་གི་ངོ་བོ་ཡོད་པ་ནི་སྐྱེ་བར་བརྗོད་དོ། །དེ་ལ་གང་གི་ཚེ་དུ་བའི་རང་གི་ངོ་བོ་མེ་མེད་ཀྱང་ཡོད་ན་ནི་དེའི་ཚེ་འདི་སྔོན་མ་བྱུང་བ་མ་ཡིན་ནོ་ཞེས་
སྔར་བསྟན་ཟིན་ཏོ། །དེ་ལ་འདི་ནི་དུ་བ་གཞན་སྐྱེས་པ་ཡིན་ནོ་ཞེས་གང་བརྗོད་པ་དེ་ལ་གལ་ཏེ་འདི་ལས་སྐྱེས་པར་གྲུབ་ན་དེའི་ཚེ་འདི་གཞན་སྐྱེས་པ་ཞེས་བྱ་བར་འགྱུར་བ་ཞིག་ན། གང་གི་ཚེ་འདི་ཡོད་པས་སྐྱེས་པ་དེ་ཉིད་མ་གྲུབ་པ་དེའི་ཚེ་ཇི་ལྟར་གཞན་ཉིད་ཡིན། གལ་ཏེ་དེ་ཡོད་
Vol. 182 · folio 140b
པ་ཉིད་ན་ཡོད་པའི་ཕྱིར་མེད་པ་ཉིད་དེ་ལས་འབྱུང་བ་ཡིན་ན་དེའི་ཚེ་དེའི་རྒྱུ་ཅན་དུ་འགྱུར་བ་ཡིན་ན་ནི་གཞན་ལས་ཀྱང་འབྱུང་བའི་ཕྱིར་འདི་དེའི་ཚེ་སྔ་ན་མེད་པ་ཉིད་མ་ཡིན་པ་དེས་ན་སྐྱེ་བ་དོན་མེད་དོ་ཞེས་ལྷས་བྱིན་གྱི་དཔེས་བསྟན་ཟིན་ཏོ། །གལ་ཏེ་སྔར་དམིགས་པའི་མཚན་ཉིད་དུ་གྱུར་པ་མ་ཡིན་
པའི་ཕྱིར་འདི་མེ་ལ་སོགས་པ་ཉེ་བའི་སྔོན་རོལ་དུ་དེ་ན་མེད་པར་རྟོགས་པ་མེད་པ་མ་ཡིན་ནམ་ཞེ་ན། རྟོགས་པ་བདེན་མོད་ཀྱི་འོན་ཀྱང་གཞན་གྱི་ཚེ་ཡང་མེ་མེད་ཀྱང་ཡོད་པར་ཁས་བླངས་པའི་ཕྱིར་འཁྲུལ་པར་འགྱུར་རོ། །གང་གིས་འཁྲུལ་པར་འགྱུར་བ་དེ་ཉིད་འབྱུང་བར་ནི་ཁས་མ་
བླངས་ཀྱི་འོན་ཀྱང་གཞན་ཉིད་དོ་ཞེ་ན། ཡུལ་དང་དུས་ཐ་དད་པ་ལས་ཀྱང་དངོས་པོ་ཐ་དད་པར་གྲུབ་པའི་ཕྱིར་གཞན་མ་ཡིན་པའི་རང་བཞིན་འགའ་ཡང་མེད་པ་མ་ཡིན་ནམ། དེས་ན་བྱེད་པ་གཞན་ཙམ་གྱིས་མཐར་ཐུག་པར་བརྗོད་པ་ན། རྒྱུའི་དོན་དུ་མི་གསལ་བར་འགྱུར་རོ། །
འདི་ལྟར་རྣམ་པར་གནས་པའི་དངོས་པོ་ཡང་རྒྱུའི་བྱེད་པའི་སྤྱོད་ཡུལ་དུ་གྱུར་པར་སྲིད་པ་ཡིན་ནོ། །དེ་སྐད་ཅིག་གི་དབྱེ་བས་ཐ་དད་པའི་ཕྱིར་རོ། །དེས་ན་འདི་སྐད་ཅིག་དེ་སྔར་མེད་པར་འཐད་པའི་ཕྱིར་དེ་ལ་ཡང་རྒྱུའི་བྱེད་པ་སྲིད་པས་ན་ཡོད་པའི་དངོས་པོ་ཡང་རྒྱུའི་རྗེས་སུ་འགྲོ་བར་
འགྱུར་བ་ཁོ་ན་སྟེ། སྐད་ཅིག་གི་དབྱེ་བས་ཐ་དད་པའི་ཕྱིར་རོ། །དེའི་ཕྱིར་དུ་བ་མཐའ་དག་མེ་ཡོད་པ་ཉིད་ན་ཡོད་པ་ཡིན་ན་དེ་ཉིད་ལས་སྔོན་མེད་པ་ཡོད་པ་འཐོབ་པར་གཞུང་གཟུགས་པར་འཐད་ཀྱི། གཞན་དག་གཞན་ལས་ཀྱང་འབྱུང་ན་ནི་སྔར་མེད་པ་ཉིད་དུ་མི་འགྱུར་རོ། །
དེས་ན་མི་འདྲ་བ་ལས་དེ་དང་འདྲ་བ་འབྱུང་བ་སྤངས་པ་ཡིན་ནོ། །སྐད་ཅིག་སྔོན་མེད་པ་ཉིད་ཀྱིས་སྔོན་མེད་པའི་ཕྱིར་རྒྱུས་བྱེད་པར་ནུས་པ་ཡང་མ་ཡིན་ཏེ། རིགས་མཐུན་པའི་སྐད་ཅིག་དང་པོ་ལ་བརྟེན་པ་སྐྱེ་བ་ཡང་འགྲུབ་པའི་ཕྱིར་རོ། །གཞན་ལས་རྣམ་པ་ཐམས་ཅད་དུ་དུ་བ་མི་
འབྱུང་བ་ནི་དེའི་རྒྱུན་འཇུག་པ་ཡང་མ་གྲུབ་པའི་ཕྱིར་དེ་སྐྱེ་བར་ཐལ་བ་ཁོ་ནའོ། །དུ་བ་ཙམ་ལ་ལྟོས་པའི་ཡོད་པ་སྔ་ན་མེད་པར་བརྗོད་པའི་ཕྱིར་རོ། །འོན་ཏེ་འདི་ལྟར་མ་བརྟེན་པར་ངེས་པའི་དུ་བ་ལ་ལྟོས་ན་སྔོན་མེད་པ་ཉིད་དུ་བརྗོད་ན། དེ་ནི་སྐད་ཅིག་ལ་ཡང་ཐལ་བར་འགྱུར་རོ། །
Vol. 182 · folio 141a
གསལ་བ་ཙམ་ལ་བརྟེན་ནས་ངེས་པ་མཐར་ཕྱིན་པ་ནི་མ་ཡིན་ཏེ། འདི་ནི་སྐད་ཅིག་མཐར་ཐུག་པ་ཡང་ཡིན་པའི་ཕྱིར་རོ། །སྐད་ཅིག་ནི་རང་བཞིན་ཉེ་བར་ལེན་པ་ཙམ་ལས་སྐྱེ་བར་གྲུབ་པས་ན་རྒྱུ་གཞན་དོན་མེད་དོ་ཞེ་ན། མ་ཡིན་ཏེ། རིགས་མཐུན་པ་དང་མི་
མཐུན་པ་གཉི་ག་ཡོད་པ་ནི་སྔོན་མེད་པའི་སྐད་ཅིག་དེ་ཡོད་པ་ན་སྐལ་བ་མཉམ་པའི་སྐད་ཅིག་སྔ་མ་ཉིད་རྒྱུ་ཡིན་གྱི་དངོས་པོ་གཞན་ནི་མ་ཡིན་ནོ་ཞེས་ངེས་པ་མ་གྲུབ་པའི་ཕྱིར་རོ། །རྒྱུ་ལ་རྒྱུའི་ངོ་བོ་གཞན་ནི་འགའ་ཡང་ཡོད་པ་མ་ཡིན་ན་གང་གི་སྐལ་བ་མཉམ་པ་འདི་ཉིད་ལས་ངེས་པར་
འགྱུར་གྱི་གཞན་ལ་ནི་མ་ཡིན་ནོ་ཞེས་བྱ་བར་འགྱུར། དེ་ཡོད་ན་སྔོན་མེད་པའི་དོན་ཡོད་པ་ཉིད་ནུས་པ་ཡིན་གྱི་སྐད་ཅིག་མ་ཉིད་ལ་སོགས་པ་ལྟར་རང་བཞིན་གཞན་ནི་མ་ཡིན་ནོ། །དེས་ན་འདི་ནི་དུ་བ་གཉིས་ལ་ཡང་ཡོད་པ་ན་དུ་བ་སོ་སོར་ཁྱད་པར་དུ་འགྱུར་བ་མ་ཡིན་ཏེ། དེས་ན་འདི་ཇི་ལྟར་
སྐད་ཅིག་སྔ་མའི་རྒྱུ་ཅན་དུ་འགྱུར། དེས་ན་གལ་ཏེ་དུ་བ་ཙམ་ལ་ལྟོས་ཏེ་སྔ་ན་མེད་པ་ཉིད་ཡིན་ན་མི་འདྲ་བ་ལས་དེ་དང་འདྲ་བ་མི་འབྱུང་ངོ་། །དེ་སྟེ་ཁྱད་པར་ལ་བརྟེན་པ་ཡིན་ན་རྒྱུ་གཞན་གྱི་རྗེས་སུ་འཇུག་པ་དང་བྲལ་ན་སྐད་ཅིག་སྔ་མ་སྐད་ཅིག་གཉིས་པ་ཙམ་གྱི་རྒྱུར་ནུས་པ་མ་ཡིན་ནོ། །འོ་ན་
རིགས་པ་གང་ཡིན་ཞེ་ན། དུ་བ་ཙམ་ལ་ལྟོས་ཏེ་རྣམ་པར་འཇོག་པའོ། །གཞན་དེ་ཇི་ལྟར་དུ་བ་ཡིན་པ་དེ་བཞིན་དུ་དེའི་འབྲས་བུར་ཡང་ཅི་སྟེ་མི་འགྱུར། འོན་ཏེ་དུ་བ་ཉིད་ལས་ཁྱད་པར་མེད་པར་མི་འདོད་ན། དེའི་རིགས་པ་བརྗོད་དགོས་ཏེ། རྒྱུ་མཚན་མེད་པར་ནི་ཁས་བླངས་པ་རྣམ་པར་
གཞག་པར་མི་ནུས་སོ། །འདི་ལ་ཡང་ངེས་པ་ཅི་ཡོད་ཅེ་ན། འདི་ནི་འོག་ཏུ་བཤད་པར་བྱའོ། །དེ་ཉིད་ཀྱི་ཕྱིར་མེས་སྐྱེད་པའི་དུ་བ་གང་ཡིན་པ་དེ་ནི་སྐད་ཅིག་ཉིད་ཀྱིས་ལོག་པ་དེས་ན་དེ་མེ་མེད་པས་མེད་པར་འགྱུར་བར་མི་ནུས་པའི་ཕྱིར་དེ་ལས་གཅིག་མེད་ན་ཡང་མེད་པ་ཞེས་ཇི་སྐད་
བརྗོད་པ་དེ་ནི་དེ་མེད་པས་མེད་པ་མི་འཐད་པའི་ཕྱིར་རོ་ཞེས་གང་སྨྲས་པ་དེ་ཡང་གསལ་ཏེ། གལ་ཏེ་དུ་བ་མེ་ལས་གཞན་པ་དག་ལས་ཀྱང་འབྱུང་བ་མེ་མེད་པར་ཡོད་པར་གཞན་ཡང་དུ་བ་ཉིད་ཡིན་པས་དུ་བ་སྔ་མ་བཞིན་གཞན་ལས་ཀྱང་འགྱུར་བ་ཡིན་ནོ། །དེས་ན་ཐ་དད་པ་ཡན་ལག་ཏུ་མ་
Vol. 182 · folio 141b
བྱས་པར་དུ་བ་ཙམ་ཡོད་པ་ཡང་མེ་མེད་པར་ཡོད་ན། དེའི་ཡོད་པ་སྔ་ན་མེད་པ་ཉིད་དུ་མི་འགྱུར་རོ། །དེས་ན་མེ་གཅིག་ཉིད་ལས་སྔར་མ་མཐོང་བའི་དུ་བ་དམིགས་པ་ན་མེ་མེད་ན་མེད་དོ་ཞེས་དུ་བ་ཐམས་ཅད་ངེས་པར་བྱེད་དོ། །དེའི་ཕྱིར་མི་འདྲ་བ་ལས་དེ་དང་འདྲ་བ་སྐྱེ་བར་མི་འཐད་དོ། །དེ་
དང་འདྲ་བ་ཉིད་ལས་དེ་དང་འདྲ་བ་འབྱུང་བ་ཡིན་ནོ། །དེས་ན་དེ་ལྟར་དུ་བ་གཞན་མེ་མ་ཡིན་པ་ལས་འབྱུང་བར་སྨྲས་པ་ལ། མི་འདྲ་བ་ལས་འབྱུང་བ་ཇི་ལྟར་དེ་དང་འདྲ་བ་ཡིན་ཞེས་སྐྱེ་བའི་རང་གི་ངོ་བོ་ངེས་པར་གཟུང་བ་ཉིད་ལན་དུ་བཏབ་པ་ཡིན་ནོ། །སུན་དབྱུང་བ་གཞན་དག་ཀྱང་
བཤད་པ་ནི་མི་འདྲ་བ་ལས་ཀྱང་ཞེས་བྱ་བ་ཡིན་ནོ། །མེ་མ་ཡིན་པ་ལས་ཀྱང་དུ་བ་འབྱུང་ན་མེ་དེ་དག་གིས་དུ་བ་སྐྱེད་པར་བྱེད་པའི་ནུས་པ་དེའི་ངེས་པ་གཞན་ལ་མེད་པའི་སྙིང་པོ་ཅན་གྱིས་དེ་ལ་ཡོད་པ་དེ་མེད་པའི་ཕྱིར་ཏེ། མེ་མ་ཡིན་པ་ལས་ཀྱང་དུ་བ་སྐྱེ་བས་དེ་ལ་ཡང་ནུས་པ་གྲུབ་
པའི་ཕྱིར་རོ། །གང་གི་ཕྱིར་ནུས་པ་མ་ངེས་པ་དེ་ཉིད་ཀྱི་ཕྱིར་མི་འདྲ་བ་ལས་དེ་དང་འདྲ་བ་འབྱུང་བ་ཞེས་འདིའི་གཏན་ཚིགས་སུ་བསྟན་པ་ཡིན་ཏེ། ངེས་པ་མེད་པའི་ཕྱིར་དེ་དང་འདྲ་བ་འབྱུང་ན་ཞེས་བྱ་བ་ཡིན་ནོ། །དེ་ལྟ་ཡིན་ན་ནི་རྒྱུའི་ཐ་དད་པ་ཐ་དད་པར་བྱེད་པ་མ་ཡིན་པས་
ཞེས་བྱ་བའི་གཏན་ཚིགས་ཀྱིས་ན་མཐའ་དག་གི་སྣ་ཚོགས་རྒྱུ་མེད་པ་ཅན་དུ་འགྱུར་རོ། །འགྲོ་བ་རྣམ་པ་སྣ་ཚོགས་པ་ནི་རྒྱུ་མེད་པར་འགྱུར་ཏེ། ཐ་དད་པའི་རྒྱུ་མེད་པའི་ཕྱིར་རོ། །དུ་བའི་རང་བཞིན་ནི་དུ་བ་མ་ཡིན་པ་ལས་ལོག་པ་ཡིན་ནོ། །འདིའི་ཐ་དད་པ་དེ་མེས་ནི་བྱས་
པ་མ་ཡིན་ཏེ། མེ་མ་ཡིན་པ་ལས་ཀྱང་ལྡོག་པ་དེ་ཡོད་པའི་ཕྱིར་རོ། །དེས་ན་འདིའི་དུ་བ་མ་ཡིན་པ་ལས་ཐ་དད་པ་འདི་མེའི་རྒྱུ་མཚན་ཅན་མ་ཡིན་ནོ། །དེས་ན་འཐད་པ་རྒྱུ་མེད་པར་འགྱུར་རོ། །གལ་ཏེ་དུ་བ་དེའི་ཐ་དད་པ་ནི་མེ་མ་ཡིན་པའི་རྒྱུ་མཚན་ཅན་ཡིན་ལ་མེས་སྐྱེད་
པའི་ཐ་དད་པ་ནི་མེའི་རྒྱུ་མཚན་ཅན་མ་ཡིན་ནམ། དེས་ན་ཇི་ལྟར་རྒྱུ་མེད་པ་ཅན་ཉིད་ཡིན་ཞེ་ན། འདི་ལ་དུ་བ་གཞན་ལ་ཡང་སོ་སོར་དུ་བ་ཉིད་ཁྱད་པར་ཡོད་པ་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །འདིར་འཐད་པའི་ཁྱད་པར་ཅི་ཞིག་ཡོད་ཅེ་ན། སྔོན་མེད་པ་ཡོད་པའི་མཚན་
Vol. 182 · folio 142a
ཉིད་ཀྱི་སྐྱེ་བའི་རང་བཞིན་ལ་བརྟེན་ནས་དེ་དང་འདྲ་བ་ལས་དེ་དང་འདྲ་བར་སྐྱེ་བར་བཤད་ལ། ཐ་དད་པ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་མེད་པར་བཤད་དོ། །གལ་ཏེ་དུ་བས་བསྐྱེད་པའི་དུ་བ་ཡང་དུ་བ་ཁོ་ན་ཡིན་ལ། མེས་བསྐྱེད་པ་ཡང་ཡིན་ན་ཐ་དད་པ་རྒྱུ་མེད་པ་ནི་
མ་ཡིན་ནོ། །དེས་ན་མེ་མ་ཡིན་པ་ལས་སྐྱེས་པ་ལ་ཡང་ཅི་སྟེ་འགྱུར་ཞེ་ན། མ་ཡིན་ཏེ་རྒྱུན་ཉིད་ཀྱི་རྒྱུ་ལ་ལྟོས་ནས་ཇི་སྐད་བཤད་པའི་རྣམ་པ་བསྟན་པའི་ཕྱིར་རོ། །དུ་བ་ཙམ་གྱི་རྒྱུ་ནི་དུ་བའི་རྒྱུན་གྱི་རྒྱུར་འགྱུར་རོ། །དེ་ལྟ་བུའི་དུ་བའི་རྒྱུན་གྱི་རྒྱུ་ལ་ནི་འབྲས་བུའི་ཆོས་ཇི་སྐད་
བཤད་པ་ལས་འདའ་བ་མེད་དོ། །སྐད་ཅིག་ནི་སྐད་ཅིག་གཞན་གྱི་རྒྱུར་མི་འགྱུར་རོ། །དུ་བས་བསྐྱེད་པའི་དུ་བ་ཇི་ལྟ་བུར་གྱུར་པ་དེ་ལྟ་བུའི་སྐྱེད་པར་བྱེད་པ་ཉིད་ནི་མེ་ལས་མི་ལྡོག་གོ། །འདི་ལྟར་རེ་ཞིག་དུ་བའི་རྣམ་པ་ནི་མེས་སྐྱེད་པར་བྱེད་པ་ཁོ་ནའོ། །གལ་ཏེ་དེའི་དུས་དང་
ཡུལ་དག་ཏུ་ཡང་འགྱུར་བ་ཡིན་པ་དེ་ལྟ་ན་ཡང་སྐྱེད་པར་བྱེད་པ་ཡིན་ནོ། །དུ་བས་དུ་བ་སྐྱེད་པར་བྱེད་པ་ན་མེས་ཀྱང་དུ་བ་སྐྱེད་པར་བྱེད་པ་ཁོ་ནའོ། །དེས་ན་ཡུལ་དེ་དང་དུས་དེར་ཡང་སྐྱེད་པར་བྱེད་པའི་ནུས་པ་དང་བྲལ་བ་མ་ཡིན་ནོ། །གལ་ཏེ་སྐད་ཅིག་དེས་བསྐྱེད་པར་མེས་མ་
བསྐྱེད་པ་མ་ཡིན་ནམ་བདེན་ཏེ། མེ་གཞན་གྱིས་བསྐྱེད་པ་ཡང་སྐྱེད་པར་བྱེད་པ་མ་ཡིན་པ་ཁོ་ནའོ། །འོན་ཀྱང་རྒྱུན་གྱི་རྒྱུ་དུ་བའི་རྣམ་པའི་རྒྱུ་ལས་མི་འདའ་བ་དེས་ན་དུ་བ་མེ་ལ་མི་འཁྲུལ་པར་བརྗོད་དོ། །རྒྱུན་ཡུན་རིང་དུ་གནས་ཀྱང་དེ་དང་ལྡན་པ་འཕེན་པར་བྱེད་པའི་འབྲས་བུ་སྐྱེད་
པར་བྱེད་པ་གང་ཡིན་པ་དེའི་རྒྱུ་ཅན་ལས་འདའ་བ་ནི་མ་ཡིན་ནོ། །ཉེས་པ་གཞན་ཡང་བཤད་པ་ནི་ཐམས་ཅད་ལས་དངོས་པོ་ཐམས་ཅད་སྐྱེ་བར་འགྱུར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། དུ་བ་ཉིད་ཀྱིས་ཀྱང་ཁྱད་པར་མེད་པའི་དུ་བ་མ་ཡིན་པ་ལས་ཀྱང་འབྱུང་ན་ནི་དེའི་ཚེ་བུམ་
པ་ལ་སོགས་པ་མེ་ལས་ཐ་དད་དོ་ཅོག་དུ་བ་སྐྱེད་པར་བྱེད་པ་ལ་ཆུ་འཛིན་པ་ལ་སོགས་པ་མེ་མ་ཡིན་པས་བསྒྲུབ་པར་བྱ་བ་ཡང་མེས་བྱེད་པར་འགྱུར་རོ། །གལ་ཏེ་གང་གིས་གདོན་མི་ཟ་བར་བྱེད་པར་འགྱུར་བ་མེ་མ་ཡིན་པའི་བསྒྲུབ་བྱ་སྒྲུབ་པར་བྱེད་པ་འམ་མེ་མ་ཡིན་པ་མེའི་
Vol. 182 · folio 142b
བསྒྲུབ་བྱ་སྒྲུབ་པར་བྱེད་པ་ངེས་པ་ནི་མེད་དོ་ཞེ་ན། མེད་མོད་ངེས་པར་མེད་པ་འགའ་ཞིག་ནི་བྱེད་པར་འགྱུར་རོ། །འོན་ཏེ་འགའ་ཡང་མི་བྱེད་ན་ནི་འོ་ན་རང་གི་བསྒྲུབ་བྱ་ལ་ངེས་པའི་དངོས་པོ་རྣམས་གཞན་གྱི་བསྒྲུབ་བྱ་མི་བྱེད་པར་འགྲུབ་པོ། །འོན་ཏེ་འདི་རང་གི་བསྒྲུབ་བྱ་ལ་ཡང་རང་བཞིན་
འདི་ཁོ་ནའོ་ཞེ་ན། དེས་རྒྱུ་མེད་པ་ཅན་དུ་འགྱུར་རོ། །དེས་ན་འདི་རང་གི་བསྒྲུབ་བྱ་སྒྲུབ་པ་ལྟར་གཞན་གྱི་བསྒྲུབ་བྱ་ཡང་སྒྲུབ་པར་ཐལ་བས་ན་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་འགྱུར་རོ། །དེ་ལྟ་ཡིན་དང་མི་འདོད་པ་སྤོང་བར་འདོད་པ་དག་འདོད་པ་ཉིད་ཐོབ་པའི་འབྲས་བུས་ཐ་
སྙད་བྱེད་པར་མི་འགྱུར་རོ། །ཡང་ན་ཐམས་ཅད་ལས་ཐམས་ཅད་སྐྱེ་བ་མ་ཡིན་ནོ། །དེ་ལྟ་ན་ཡང་འབྲས་བུ་འཁྲུལ་པའི་རྒྱུ་རྣམས་ལས་གཞན་ལས་མི་སྐྱེ་བར་མ་ངེས་པས་ན་གང་གིས་འདི་འདོར་བ་དང་། ལེན་པ་ངེས་པའི་ཡུལ་ཅན་དུ་ངེས་པར་འགྱུར་བ་མི་འདོད་པ་འདོད་པའི་
འབྲས་བུ་ཅན་དུ་མི་འགྱུར་བའམ། འདོད་པ་མི་འདོད་པའི་འབྲས་བུ་ཅན་དུ་མི་འགྱུར་རོ་ཞེས་ག་ལས་ཡིན། དེ་ལྟ་བས་ན་རྒྱུ་ཐ་དད་པ་ལས་ནི་འབྲས་བུ་ཐ་དད་པ་ཡིན་ལ། རྒྱུ་ཐ་དད་པ་མ་ཡིན་པ་ལས་ནི་འབྲས་བུ་ཐ་དད་པ་མ་ཡིན་པ་ཡིན་ནོ། །དེ་ལྟར་ཞར་ལ་བྱུང་བ་ཉེ་
བར་བསྡུས་ཏེ། དེ་བས་ན་ཞེས་སྐབས་ཉིད་དུ་མཇུག་སྡུད་དོ། །དུ་བ་ནི་མཐོང་བའི་རྣམ་པ་དང་རིགས་མི་མཐུན་པའི་དོན་ལས་མི་འབྱུང་སྟེ། རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འགའ་ཞིག་ཡོད་པ་དང་ལྡན་པ་ན་སྔོན་མ་བྱུང་བ་ཡོད་པ་ནི་རྒྱུ་དང་ལྡན་པ་མ་
ཡིན་ནོ། །གང་གི་ཚེ་འདི་དོན་ཡོད་པ་ན་ཡང་ཡོད་པར་འགྱུར་ན་ནི་དེའི་ཚེ་འདིའི་ཡོད་པ་དེ་སྔོན་མ་བྱུང་བ་མ་ཡིན་ནོ། །གཞན་ལས་དུ་བ་གཞན་འབྱུང་བ་ཡིན་ཡང་གཞན་ཉིད་ནི་ཡན་ལག་མ་ཡིན་ཏེ། གདོན་མི་ཟ་བར་ཡོད་པ་ཡིན་པའི་ཕྱིར་རོ། །དུ་བ་ཉིད་ཡོད་པའི་ཕྱིར་ན་སྔོན་
མེད་པའི་རང་བཞིན་ཉིད་ཉམས་པ་དེས་ན། སྐྱེ་བའི་དོན་འཇིག་པར་རྒྱུ་མེད་པ་ཉིད་དོ། །མེ་ལ་སོགས་པའི་སྔོན་རོལ་དུ་རྟོགས་པ་མེད་པའི་དུ་བ་དེ་སྔོན་དུ་འགྲོ་བས་རང་གི་ངོ་བོ་ཐོབ་པར་རྟོགས་པས་ནི་དོན་གཞན་ལས་འབྱུང་བ་སེལ་བའི་ཕྱིར་མཐོང་བའི་རྣམ་པ་དང་
Vol. 182 · folio 143a
རིགས་མི་མཐུན་པ་ལས་མི་འབྱུང་བར་གྲུབ་པས་འཁྲུལ་པ་མེད་པར་གྲུབ་པོ། །གལ་ཏེ་མཐོང་བའི་རྣམ་པ་དང་རིགས་མི་མཐུན་པ་ལས་མི་འབྱུང་བ་ཞེས་བྱ་བའི་རྣམ་པ་འདི་ལྟ་བུར་གྲུབ་ན། མི་འཁྲུལ་པར་རྟོགས་པ་ཞིག་ན། འདི་ནི་མེ་མ་ཡིན་པའི་
རང་གི་མཚན་ཉིད་མཐའ་དག་མ་མཐོང་བ་སྲིད་པ་མ་ཡིན་ནོ། །ཅི་སྟེ་ལན་ཅིག་ཉིད་སྔོན་མ་བྱུང་བ་ཡོད་པར་དམིགས་པས་འབྲས་བུ་ཉིད་དུ་རྟོགས་ན་དེ་ནི་མེད་དེ། མེ་མ་ཡིན་པ་ལ་ཡང་དེ་བཞིན་དུ་མཐོང་བའི་ཕྱིར་རོ། །འོན་ཏེ་དེ་ལྟར་ན་རྒྱུ་མེད་པར་ཐལ་བར་འགྱུར་ཏེ། དེ་གཉི་
གར་ཡང་དུ་བ་སྔོན་མེད་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། ཤིན་ཏུ་གསལ་བར་ལན་ཅིག་མཐོང་བའི་འབྲས་བུར་མི་འགྲུབ་སྟེ། རྒྱུ་མེད་པ་ཡིན་ཡང་དེའི་རྗེས་ཐོགས་སུ་ཡོད་པའི་ཕྱིར་རོ། །དེས་ན་ཅི་འདི་གང་ལས་དེའི་རྒྱུ་ཅན་དུ་འགྱུར་བ་དེ་ཉིད་ལས་རྗེས་ཐོགས་སུ་བྱུང་བ་ཡིན་
ནམ། དེ་སྟེ་གང་གིས་རྒྱུ་མེད་ཀྱང་འདིའི་དེ་མ་ཐག་ཏུ་ཡོད་པར་འགྱུར་བ་གཞན་ཡང་འདི་ལྟར་འགྱུར་བ་ཡིན་ཞེས་ཐེ་ཚོམ་ཟ་བ་ན། གསལ་བ་གཞན་ལ་མེད་པར་དམིགས་པ་ལ། ལྟོས་པར་བྱ་བ་ཡིན་ནོ། །དེས་ན་ཐམས་ཅད་མཁྱེན་པ་མ་ཡིན་པས་འབྲས་བུ་ཉིད་དུ་
གཏན་ལ་ཕེབས་པ་མ་ཡིན་ནོ་ཞེས་དོགས་ན། དེ་ལྟ་མ་ཡིན་ན་ཞེས་སྨོས་ཏེ། རྒྱུ་མེད་པ་ཉིད་ཡིན་ན། རྟག་ཏུ་ཡོད་པ་འམ་མེད་པར་འགྱུར། རྒྱུ་མེད་པའི་དོན་དང་འབྲལ་བའི་ཡོད་པའམ། མེད་པ་གང་ཡིན་པ་དེ་ནི་རྟག་པ་ཉིད་དུ་འགྱུར་གྱི་རེས་འགའ་བར་ནི་མ་ཡིན་ནོ། །
མེ་མ་ཡིན་པ་ལས་འབྱུང་བ་རྒྱུ་མེད་པར་འགྱུར་བ་ཉིད་དོ། །གང་གིས་ལན་ཅིག་དེ་ལྟར་མཐོང་བ་ཡང་དེ་ལྟར་འགྱུར་སྲིད་པའི་ཕྱིར་མེའི་རྒྱུ་ཅན་དུ་མི་ངེས་པར་འགྱུར་བ་དེ་ལྟ་ན་ནི་སྲིད་པ་ཡང་མ་ཡིན་ནོ། །གང་གིས་འདི་འགའ་ཞིག་གི་རྗེས་ཐོགས་སུ་འགྱུར་བ་རྒྱུ་མེད་པར་
ཡོད་པ་ནི་སྔོན་མེད་པར་འཐད་པ་མ་ཡིན་ནོ། །གལ་ཏེ་འདིའི་དེར་འགྱུར་ན་ནི་རྟག་པ་ཁོ་ནར་འགྱུར་བའམ། ཡང་ན་ནི་ནམ་ཡང་མ་ཡིན་པར་འགྱུར་གྱི་འདི་སྔོན་མེད་པ་ལས་མེ་ཡོད་ན་འགྱུར་བ་ནི་མ་ཡིན་ནོ། །དེས་ན་གང་ཞིག་དེ་ལྟར་དམིགས་པ་དེ་ནི་མེའི་འབྲས་བུ་
Vol. 182 · folio 143b
ཡིན་པའི་ཕྱིར་ཁོ་བོ་ཅག་གི་ལྟར་ན་མཐོང་བ་གཞན་ལ་ལྟོས་པའི་གོ་སྐབས་མེད་དོ། །ཡང་ཇི་ལྟར་ན་རྒྱུ་མེད་པ་ཡིན་ན་ཡོད་པ་དང་མེད་པ་དག་རྟག་པ་ཁོ་ནར་འགྱུར་ཞེ་ན་བཤད་པ། རྒྱུ་མེད་པའི་དོན་ནི་གཞན་ལ་མི་ལྟོས་པའི་ཕྱིར་རོ། །ལྟོས་པ་མེད་པའི་ཡོད་པ་དང་མེད་པ་རེས་
འགའ་བ་མ་ཡིན་པར་སྟོན་པས། རེས་འགའ་བ་ཉིད་ལྟོས་པས་བྱས་པར་སྟོན་པའི་ཕྱིར་དངོས་པོ་རྣམས་ནི་ཞེས་བྱ་བ་ཡིན་ནོ། །དུ་བ་དེ་ཞེས་བྱ་བ་ལ་སོགས་པ་ནི་འགྲེལ་པའོ། །དུ་བ་རྒྱུ་ལ་ལྟོས་པ་མེད་པ་ཡིན་ན་ནི་ནམ་ཡང་མི་འབྱུང་བར་མི་འགྱུར་ཏེ་གཏན་དུ་འབྱུང་བར་འགྱུར་
རོ། །རྒྱུ་མེད་པ་ཙམ་ཁོ་ནས་ནི་གཏན་དུ་འབྱུང་བ་མ་ཡིན་པས་ན་ནི་ཞེས་སྨོས་སོ། །གལ་ཏེ་རྒྱུ་མེད་པར་ཡོད་པ་ཡིན་ན་ནི་གཏན་དུ་ཡོད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གཏན་ཚིགས་བཤད་པ། དངོས་པོ་དེ་འབྱུང་བ་ལ་ཐམས་ཅད་དུ་མ་ཚང་བ་མེད་པའི་ཕྱིར་རོ། །དེས་ན་
ཇི་ལྟར་ཡོད་པར་འདོད་པའི་དུས་བཞིན་དུ་གཏན་དུ་དེ་ལྟར་འགྱུར་རོ། །དུས་གཞན་དུ་ཡང་འདི་ཡོད་པའི་ཡུལ་ཅན་གྱི་མ་ཚང་བ་ནི་མེད་དོ། །གལ་ཏེ་གང་ལས་དེའི་ཚེ་མེད་པར་འགྱུར་བ་འདིའི་མ་ཚང་བ་འགའ་ཞིག་ཡོད་ན་ནི་དེའི་ཚེ་ཡོད་པའི་དུས་བཞིན་དུ་འབྱུང་བར་མི་འགྱུར་རོ། །
ཇི་ལྟར་མ་ཚང་བ་མེད་ཅེ་ན་ལྟོས་པ་མེད་པའི་ཕྱིར་རོ། །འདི་ཡོད་པ་ནི་ཡིན་ལ་ལྟོས་པ་ཡང་ཡོད་པ་མ་ཡིན་པ་དེས་ན་གང་གིས་གཞན་གྱི་ཚེ་མ་ཚང་བས་མི་འབྱུང་བར་འགྱུར་བ་འདི་མ་ཚང་བ་ནམ་ཡང་ཡོད་པ་མ་ཡིན་ནོ། །གང་ཞིག་གཞན་ལ་ལྟོས་པ་ཞེས་བྱ་བར་འགྱུར་བ་དེའི་ནི།
ལྟོས་པར་བྱ་བ་ཡོད་པ་ནི་ཚང་བ་ཡིན་ལ་དེ་ལས་བཟློག་པ་ནི་བཟློག་པར་འགྱུར་གྱི་ལྟོས་པ་མེད་པ་ནི་མ་ཡིན་ནོ། །དེས་ན་དེ་ལྟར་རྒྱུ་མེད་པ་ལྟོས་པ་མེད་པའི་ཕྱིར་རོ། །རྟག་ཏུ་ཡོད་པར་བརྗོད་ནས་རྟག་ཏུ་མེད་པར་བཤད་པ་ནི་ཡང་ན་ནི་འདོད་པའི་དུས་དེའི་ཚེ་ཡང་འབྱུང་བར་མི་འགྱུར་རོ། །
དུས་གཞན་དུ་ན་རེ་ཞིག་འབྱུང་བ་མ་ཡིན་པ་ཁོ་ནའོ། །འདོད་པའི་དུས་སུ་ཡང་མེད་པར་ཐལ་བའི་ཕྱིར་ནི་རྟག་ཏུ་མེད་པར་འགྱུར་རོ། །མེད་པའི་གཏན་ཚིགས་བཤད་པ་ནི་མེད་པའི་དུས་དང་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དུས་གང་དུ་དངོས་པོའི་རྒྱུ་ཡོད་པ་དེར་དེ་
Vol. 182 · folio 144a
འགྱུར་བའི་ཕྱིར་དུས་གཞན་དུ་མི་འབྱུང་བ་ཡིན་ན་རྒྱུ་མེད་པ་ལ་ནི་ཡོད་པའི་དུས་སུ་རྒྱུ་མེད་ལ་མེད་པའི་དུས་སུ་ཡང་མེད་པའི་ཕྱིར་ན་ཐམས་ཅད་མེད་པའི་ཕྱིར་རོ། །དེས་ན་འདི་ཇི་ལྟར་མེད་པའི་དུས་སུ་མི་འབྱུང་བ་དེ་བཞིན་དུ་ཡོད་པའི་དུས་སུ་ཡང་མི་འགྱུར་བའམ།
དེ་དང་འདྲ་བར་གཞན་གྱི་ཚེ་ཡང་འབྱུང་བར་འགྱུར་རོ། །དེས་ན་རྟག་ཏུ་ཡོད་པའམ་མེད་པར་འགྱུར་རོ། །གལ་ཏེ་རྒྱུ་དང་ལྡན་པར་ཐལ་བའི་ཕྱིར་རྒྱུ་མེད་པ་དུས་ལ་ཡང་ལྟོས་པ་མེད་པ་མ་ཡིན་ནམ། དེ་ཇི་ལྟར་དངོས་པོ་དང་དངོས་པོ་མེད་པ་དག་དུས་ཀྱི་ཁྱད་པར་གྱིས་ཁྱད་པར་
མེད་པས་རྟག་ཏུ་ཡོད་པའམ་མེད་པར་བརྗོད་ཅེ་ན། དུས་ཆོས་དང་ལྡན་པས་རང་ཉིད་ཀྱིས་བསྟན་པ་ནི་མ་ཡིན་ཏེ། དེ་ནི་ཉེ་བར་མཚོན་པ་ཡིན་པའི་ཕྱིར་རོ། །དེས་ན་དེས་ཉེ་བར་མཚོན་པའི་དངོས་པོ་དང་དངོས་པོ་མེད་པ་ཉིད་ཁྱད་པར་མེད་པ་ཡིན་ནོ། །རྒྱུ་མེད་པ་འདི་ལ་ནི་ལྟོས་པར་
བྱ་བའི་རྒྱུ་མེད་པ་དེས་ན། ད་ལྟར་བཞིན་ཐམས་ཅད་དུ་འགྱུར་བའམ། ཡང་ན་སྔོན་བཞིན་ནམ་ཡང་མ་ཡིན་ནོ། །གལ་ཏེ་རྒྱུ་དང་ལྡན་པ་དག་ནི་དེ་ཡོད་ན་རང་གི་ངོ་བོ་འཐོབ་ལ། དེ་མེད་ན་མ་ཡིན་པའི་ཕྱིར་རེས་འགའ་བ་ཉིད་དེ། རེས་འགའ་ཁོ་ན་རྒྱུ་བྱེད་པ་ཡོད་པའི་ཕྱིར་རོ། །
དེ་ལྟ་མ་ཡིན་ན་ནི་ལྟོས་པ་མེད་པ་རེས་འགའ་བ་མ་ཡིན་པའི་སྒྲུབ་བྱེད་དུ་མི་འགྱུར་རོ། །དེས་ན་རྒྱུ་མེད་པ་རྒྱུ་རེས་འགའ་བ་ཉིད་ཀྱིས་དེ་ལྟར་འགྱུར་བ་མ་ཡིན་ཏེ། དེ་ལྟར་ན་ཇི་ལྟར་རང་གི་ངོ་བོ་རྒྱུ་མེད་པ་ཡིན་པ་དེ་བཞིན་དུ་རེས་འགའ་བ་ཡང་འགྱུར་རོ། །འདི་རེས་འགའ་བ་
ཉིད་ཀྱི་རིགས་པ་ཅི་ཡོད་ཅེ་ན། རང་གི་ངོ་བོ་ལ་ཡང་བརྒལ་ཞིང་རྟག་པ་མཚུངས་སོ། །དེ་ལྟར་རྣམ་པར་འཇོག་པར་བྱེད་པ་མེད་པ་ཞེས་བྱ་བ་ཉིད་ཀྱིས་ནི་མི་འཐད་པ་ཉིད་མ་ཡིན་ནོ། །དེ་ལྟར་ན་རྟོག་གེའི་སྤྱོད་ཡུལ་དུ་མི་འགྱུར་གྱི། དེ་ཙམ་གྱིས་མེད་པ་ཉིད་དུ་མི་འགྱུར་རོ། །ལྟོས་
པ་རེས་འགའ་བའི་སྒྲུབ་བྱེད་དུ་སྨྲས་པ་འདི་རེས་འགའ་བའི་ཁྱབ་བྱར་འགྱུར་ན། ཁྱབ་པར་བྱ་བ་མེད་པས་ནི་ཁྱབ་པར་བྱེད་པ་མེད་པ་མ་ཡིན་ནོ་ཞེ་ན་བརྗོད་པ། དགོངས་པ་འདི་ཡིན་ཏེ། དངོས་པོ་ལྟོས་པའི་དེ་ཡོད་ན་རང་གི་ངོ་བོ་ཡོད་པ་ལ་ལྟོས་པའི་དོན་ལྷག་པ་གཞན་ནི་མེད་
Vol. 182 · folio 144b
དོ། །དེས་ན་རྒྱུ་མེད་པའི་ཕྱིར་འདི་མི་ལྟོས་སོ་ཞེས་བྱ་བ་ནི་གལ་ཏེ་སྔར་རང་ཉིད་མ་བྱུང་བ་འགའ་ཞིག་ཡོད་ན། རང་གི་ངོ་བོ་བྱུང་བ་མ་ཡིན་ན་དེ་ལྟ་ན་འདི་ལྟོས་པ་མེད་པར་འཐད་པ་ཡིན་ནོ། །དེ་ཡང་གལ་ཏེ་རྟག་ཏུ་ཡོད་པ་ཉིད་དམ། ཡང་ན་ནམ་ཡང་མ་ཡིན་པ་དེ་ལྟར་འཐད་པར་འགྱུར་
རོ། །གང་གི་ཚེ་རེས་འགའ་འབྱུང་བ་དེའི་ཚེ་གལ་ཏེ་སྔོན་མེད་པ་དངོས་པོ་གཞན་གྱིས་འགྱུར་བར་བྱས་པས་དངོས་པོ་དེ་ཉིད་འདིའི་རྒྱུ་ཡིན་པའི་ཕྱིར་རྒྱུ་མེད་པར་མི་འགྱུར་རོ། །དེས་ན་དེ་ཙམ་གྱི་རང་བཞིན་ཡིན་པའི་ཕྱིར་རྒྱུ་ཡིན་པས་དེ་རྒྱུར་གྱུར་པས་དངོས་པོ་གཞན་ལས་ཡོད་པར་སྲིད་
པ་སེལ་ཏོ། །དེ་ལས་གྲུབ་པས་ཡོད་པ་དེ་གལ་ཏེ་གཞན་ལས་ཀྱང་འབྱུང་བའི་ནི་རྒྱུ་མེད་པ་ཁོ་ནར་འགྱུར་རོ། །དེས་ན་མི་འབྱུང་བ་ཁོ་ན་འམ། ཡང་ན་གཏན་དུ་འགྱུར་ཏེ། དེ་ལྟ་ཡིན་ན་འདི་དེ་ལྟ་བུ་ཡིན་པར་གསལ་བར་འགྱུར་རོ། །གང་གི་ཚེ་དངོས་པོ་གཞན་ཉེ་བ་ན་འབྱུང་བ་
མ་ཡིན་པ་དེའི་ཚེ་ཡང་ཡུལ་དང་དུས་གང་དུ་འབྱུང་བའི་ཡུལ་དང་དུས་དེ་རྒྱུ་ཅན་དུ་འགྱུར་རོ། །རྒྱུ་མེད་པའི་རེས་འགའ་བའི་དངོས་པོ་ཡང་རྒྱུ་མེད་པ་ཡིན་ནོ་ཞེས་སྨྲས་པས་ནི། རྒྱུ་མེད་པར་རྒྱུ་དང་ལྡན་པ་ཡིན་ན་ཞེས་བརྗོད་པར་འགྱུར་རོ། །འདི་ལྟར་སྔོན་མེད་པ་དེ་གང་ཡོད་ན་
འབྱུང་བ་དེ་ཉིད་འདི་སྒྲུབ་པར་བྱེད་པ་ཡིན་ཏེ། དོན་གྱི་ནུས་པ་ནི་དེ་ལས་གཞན་མ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །གལ་ཏེ་དོན་དེ་མེད་པར་སྔར་ཡང་ཡོད་ན་དེ་ལྟ་ན་དེ་ན་དེའི་རྒྱུ་ཅན་མ་ཡིན་པར་འགྱུར་བ་ཡིན་ནོ། །སྔར་གྱི་དངོས་པོའམ་སྔར་གྱི་དུས་ཀྱང་འདིའི་རྒྱུ་མ་ཡིན་པའི་ཕྱིར་
ཆེས་སྔ་བར་འགྱུར་བས་རྟག་ཏུ་ཡོད་པར་འགྱུར་རོ། །དེ་བཞིན་དུ་གལ་ཏེ་ཡོད་ན་ཡང་མ་བྱུང་ན་དེ་བཞིན་དུ་སྔ་མ་སྔ་མའི་དོན་ཀྱང་། འདིའི་རྒྱུ་མ་ཡིན་པའི་ཕྱིར། རྟག་ཏུ་མེད་པ་ཁོ་ནའོ། །གལ་ཏེ་ནུས་པ་དང་བྲལ་བ་ན་གང་གི་ཚེ་དེ་ཡོད་པ་ན་ཡོད་པ་དེའི་ཚེ་ཇི་ལྟར་དེ་ཙམ་
ཁོ་ན་ས་དེའི་རྒྱུ་ཅན་ཡིན། དེའི་ནུས་པ་ནི་འདི་ཁོ་ན་སྟེ། འདི་དང་པོ་མེད་པ་ཉིད་ལས་དེ་ཉེ་བས་ཡོད་པ་གང་ཡིན་པའོ་ཞེས་བཤད་ཟིན་ཏོ། །རྒྱུ་མེད་པ་ཡང་ཡོད་ན་ཡོད་པ་མ་བཀག་པས་ནུས་པ་ནི་འདི་ཁོ་ནའོ་ཞེས་བརྗོད་པར་མི་ནུས་མ་ཡིན་ནམ་ཞེ་ན། ཇི་ལྟར་ཡོད་པ་མ་
Vol. 182 · folio 145a
བཀག །འདི་ལྟར་དེ་ཡོད་པ་སྔར་ཡང་ཡོད་པའམ། དེ་ཡོད་ཀྱང་མེད་ན་ནི་དེའི་རྒྱུ་ཅན་མ་ཡིན་པར་འགྱུར་རོ། །སྔར་ཡང་ཡོད་པ་ན་ཡོད་པས་སམ། མེད་པ་ཉིད་ཀྱིས་དངོས་པོ་ཐམས་ཅད་ལས་འདས་པའི་ཡོད་པ་དང་མེད་པ་ནི་རྟག་པ་ཉིད་དུ་ཐལ་བར་འགྱུར་རོ། །དེའི་ཕྱིར་
དངོས་པོ་ལྟོས་པ་མེད་པ་ནི་རྟག་ཏུ་ཡོད་པའམ་མེད་པ་ཁོ་ནར་འགྱུར་རོ། །ལྟོས་པ་དང་བཅས་པ་ཉིད་ཀྱིས་དེ་དག་རེས་འགའ་བར་འཐད་པ་ཡིན་ནོ་ཞེས་བཤད་པ་ནི། དངོས་པོ་ལྟོས་པ་རྣམས་ནི་ཞེས་བྱ་བའོ། །རྒྱུ་མེད་པའི་ཕྱིར་ལྟོས་པ་མེད་པས་ཐམས་ཅད་ལས་འདའ་བར་བྱ་བ་
ཡིན་པའི་ཕྱིར་འདི་རེས་འགའ་ཡོད་པ་དང་མེད་པ་དག་ཏུ་འགྱུར་བ་མ་ཡིན་ནོ། །རེས་འགའ་བར་ནི་ལྟོས་པ་ཉིད་ཀྱིས་འགྱུར་བར་རིགས་སོ། །གང་ཞིག་དངོས་པོ་གཞན་ཡོད་ན་ནི་ཡོད་པའི་ཕྱིར་ལྟོས་པ་ཡོད་པ་དེ་ནི་རེས་འགའ་བར་འགྱུར་བ་ཡིན་ནོ། །གང་ཞིག་དངོས་པོ་གང་ཡོད་པའི་
དུས་དང་མེད་པའི་དུས་གང་ཡིན་པ་དེ་དག་ན་དངོས་པོ་དེ་འབྱུང་བ་ཡོད་པ་དེའི་ཡུལ་ཅན་གྱི་རུང་བ་དང་མི་རུང་བ་དང་ལྡན་པའི་ཕྱིར་རོ། །གང་གི་ཚེ་དངོས་པོ་དེའི་འབྱུང་བར་རུང་བ་དང་ལྡན་པ་ནི་དེ་ཡོད་པའི་དུས་ཡིན་ལ་དེ་ལས་ཟློག་པ་དང་ལྡན་པ་ནི་མི་རུང་བའི་དུས་ཡིན་པ་དེའི་ཚེ་འདི་ནི་
ཡོད་པའི་དུས་ཡིན་ལ་གཞན་དུ་ནི་མ་ཡིན་ནོ་ཞེས་རེས་འགའ་བར་འགྱུར་རོ། །དངོས་པོ་རང་ཉིད་ནི་ལྟོས་པ་འགའ་ཡང་ཡོད་པ་མ་ཡིན་ཏེ། མེད་པའི་ཕྱིར་རོ། །འོན་ཀྱང་དེ་སྐྱེད་པར་བྱེད་པའི་རྒྱུ་ཉེ་བར་ན་འདི་རང་གི་རྒྱུས་མགུལ་ནས་དྲངས་པ་ཉིད་ཀྱིས་ཡོད་པར་བྱེད་པར་ཟད་དོ། །དེས་
ན་འདི་གང་གི་ཚེ་རྒྱུ་ཡོད་པ་དེའི་ཚེ་འབྱུང་ལ་གང་གི་ཚེ་མེད་པ་དེའི་ཚེ་ནི་མི་འབྱུང་བའི་ཕྱིར་རེས་འགའ་བ་ཉིད་དོ། །རུང་བའི་དངོས་པོ་དང་ལྡན་པ་དང་མི་ལྡན་པ་དག་གིས་ནི་དུས་ཀྱི་རུང་བ་དང་མི་རུང་བ་ཉིད་བསྟན་ཏོ། །ཡང་ན་དུས་ཉིད་རང་གི་ཆོས་ཀྱིས་དེ་སྐད་བསྟན་ཏེ་རིགས་པ་བསྟན་པའི་ཕྱིར་རོ། །
གལ་ཏེ་དེ་ཡོད་པ་དང་མེད་པའི་དུས་དག་ནི་དེའི་ཡུལ་ཅན་གྱི་རུང་བ་དང་ལྡན་པ་མ་ཡིན་ན་དེའི་ཚེ་ཡོད་པ་དང་མེད་པའི་ཡུལ་དང་དུས་དག་ན་དེ་དང་ལྡན་པ་དང་མི་ལྡན་པ་དག་ཏུ་ངེས་པ་མི་འཐད་དོ། །གཏན་ཚིགས་བརྗོད་པས་ཁྱད་པར་བཤད་པ་ནི་རུང་བ་དང་མི་རུང་བ་ཉིད་འདྲ་བ་ཅན་དག་
Vol. 182 · folio 145b
ལ་ནི་ཞེས་བྱ་བའོ། །རུང་བ་དང་མི་རུང་བའི་དངོས་པོ་ནི་རུང་བ་དང་མི་རུང་བ་ཉིད་ཀྱིས་ཁྱད་པར་དུ་གྱུར་པའི་ཕྱིར་རོ་སྙམ་དུ་དགོངས་སོ། །དངོས་པོ་རུང་བ་ཉིད་དེ་ཡང་དོན་དེ་ལ་རྒྱུ་ཉིད་དོ། །དེས་ན་དེ་ལྟར་དངོས་པོ་ལྟོས་པ་རྣམས་རེས་འགའ་བར་འགྱུར་ཏེ་ཞེས་སྐབས་བརྩམས་ཏེ། རྒྱུར་
མངོན་པར་འདོད་པའི་རུང་བ་ཉིད་ཡོད་པ་དང་མེད་པ་དག་གིས་དུས་ངེས་པ་དང་ལྡན་པར་བརྗོད་དོ། །དེ་ལྟ་ན་ཡང་རེས་འགའ་བ་ཉིད་ལྟོས་པས་བྱས་པར་བརྗོད་པར་ཇི་ལྟར་འགྱུར་ཞེ་ན། དེའི་ཕྱིར་ཞེས་སྨོས་ཏེ། རུང་བ་དང་མི་རུང་བ་ཉིད་ཇི་སྐད་བཤད་པའི་གཏན་ཚིགས་ཀྱི་ཕྱིར། དེ་
ཡོད་པ་ན་མེད་པའི་ཕྱིར་ཡུལ་དང་དུས་འགའ་ཞིག་སྤངས་ནས་དེ་ཡོད་པ་ན་ཡོད་པའི་ཕྱིར་ཡུལ་དང་དུས་གཞན་དག་ན་ཡོད་པའི་དངོས་པོ་ནི་དེ་དག་ལ་ལྟོས་པ་དང་བཅས་པ་ཞེས་བྱ་བ་ཡིན་ནོ། །འདི་སྐད་བཤད་པ་ཡིན་ཏེ་གཞན་ན་མེད་པའི་དོན་འགའ་ཞིག་ཡོད་ན་ཡོད་པ་གང་ཡིན་
པ་དེ་ཉིད་ལྟོས་པར་བརྗོད་དོ། །འགའ་ཞིག་ཡོད་ན་ཡོད་པ་དེ་ཡང་ཡོད་པར་འདོད་པ་ཙམ་ལ་ནི་མ་ཡིན་གྱི། འོན་ཀྱང་ཡོད་པ་དང་མེད་པའི་དུས་དག་ན་རུང་བ་དང་མི་རུང་བ་དག་ལས་སོ། །དེས་ན་དེའི་དབང་གིས་དེ་ལྟར་འགྱུར་བའི་དངོས་པོ་ནི་དེ་ལ་ལྟོས་པ་དང་བཅས་པར་བརྗོད་
དོ། །དེས་ན་ལྟོས་པ་དང་བཅས་པ་རེས་འགའ་གནས་པའི་ཕྱིར་རེས་འགའ་བ་ཡིན་ནོ། །དེ་ལྟར་གང་གིས་ལྟོས་པར་འགྱུར་བ་དེ་བསྟན་ནས་འདིའི་རང་བཞིན་ཇི་ལྟ་བུར་གྱུར་པ་རེས་འགའ་བའི་བདག་ཉིད་ཡིན་པ་དེ་ཉེ་བར་འགོད་པ་ནི། འདི་ལྟར་ཞེས་བྱ་བ་ཡིན་ནོ། །འགའ་
ཞིག་སྤངས་ནས་གཞན་ན་ཡོད་པ་ཞེས་བྱ་བ་གང་ཡིན་པ་དེ་ཉིད་ལྟོས་པ་ཡིན་པར་བརྗོད་དོ། །ཐམས་ཅད་དུ་གཏན་ཡོད་པའམ་མེད་པ་ལ་ནི་ལྟོས་པའི་དོན་མི་རུང་བའི་ཕྱིར་རོ། །གང་ཞིག་གང་སྤངས་པ་གང་ན་ཡོད་པ་དེ་ནི་དེ་ལ་མི་ལྟོས་ན་དེར་ངེས་པ་མི་སྲིད་དོ་ཞེས་བཤད་པ་ནི་དེ་
དག་གིས་བྱས་པའི་ཞེས་བྱ་བའོ། །གང་ཞིག་གང་གིས་བྱས་པའི་ཕན་པ་ལ་མི་ལྟོས་པ་དེ་ནི་གཞན་ན་མེད་པ་སྔོན་དུ་འགྲོ་བ་ཅན་དེར་ཡོད་པའི་ངེས་པ་མི་རུང་བའི་ཕྱིར་དེ་ལྟར་ཡོད་པ་ཉིད་ལྟོས་པ་ཡིན་ནོ་ཞེས་རིགས་སོ། །དེ་ལ་ལྟོས་པ་དང་རེས་འགའ་བ་ཞེས་བྱ་བ་ནི་དོན་གཞན་མ་
Vol. 182 · folio 146a
ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འདི་ཁྱབ་པར་བྱ་བ་ཉིད་དུ་ཉེ་བར་བཀོད་པ་ནི་མ་ཡིན་གྱི། འོན་ཀྱང་དེ་ཉིད་རེས་འགའ་བ་ཡིན་ནོ། །དེ་བས་ན་རྒྱུ་མེད་པ་ཉིད་ཀྱིས་ལྟོས་པ་མེད་པ་དེ་ལྟོས་པ་དང་བྲལ་བ་ཉིད་ཀྱིས་རེས་འགའ་བ་མ་ཡིན་པའི་ཕྱིར་རྟག་ཏུ་ཡོད་པའམ་མེད་
པར་འགྱུར་རོ། །འོ་ན་ཅིའི་ཕྱིར་དགོངས་པ་བརྗོད་པ་ན་རྒྱུ་མེད་པ་ཉིད་ཀྱིས་འདི་གཞན་ཡོད་པ་ལས་འདའ་བས་རྟག་ཏུ་ཡོད་པ་དང་མེད་པར་བསྟན་པར་བྱ་བ་ཡིན་ཞེས་བརྗོད་ཅེ་ན། དགོངས་པ་འདི་མ་བརྗོད་ན་གང་གིས་དེ་ལྟར་ཡོད་པ་ཉིད་ལྟོས་པར་བརྗོད་པ་རུང་བ་ཉིད་ཀྱི་དབང་གིས་དེ་
ཡུལ་དང་དུས་གཞན་སྤངས་ནས་གཞན་ན་ཡོད་པ་ཞེས་བྱ་བ་དེ་ཉིད་མི་འགྲུབ་བོ། །དེས་ན་སྐབས་འདིར་དགོངས་པ་འདི་ཉིད་ཡིན་ཏེ། ཡུལ་དང་དུས་གཞན་སྤངས་ནས་གཞན་ཡོད་པ་ནི་དེ་ལ་བརྟེན་ནས་ཡོད་པ་ཐོབ་པ་ཡིན་ཏེ། གཞན་དུ་ན་བཟློག་པར་འགྱུར་བའི་ཕྱིར་ཞེས་བྱ་བ་
གང་ཡིན་པའོ། །བསྟན་ཟིན་པའི་རིགས་པ་འདི་ཉིད་གཉུག་མའི་དོན་ལ་ཉེ་བར་སྡུད་པ་ནི། གཏན་ཚིགས་དེ་བས་ན་ཡུལ་དང་དུས་གཞན་ན་མེད་པར་ཡུལ་དང་དུས་དེ་དག་ན་ཡོད་པ་ནི་ཡུལ་དང་དུས་ངེས་པ་ཉིད་དོ། །གཏན་ཚིགས་དེའི་ཕྱིར་རོ། །ཡུལ་དང་དུས་དེའི་རྗེས་སུ་འགྲོ་བ་དང་
ལྡོག་པ་རྗེས་སུ་བྱེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གང་དུ་ལན་ཅིག་མཐོང་ལ་ཞེས་བྱ་བ་ནི་དེའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་དེ་ལ་མཐོང་བ་ཡིན་ནོ། །དེས་ན་དེ་ལྟ་བུར་གྱུར་པའི་དེར་མཐོང་བ་ནི་ཡུལ་དང་དུས་དེར་ངེས་པར་དམིགས་པའི་རང་བཞིན་ཡིན་ཏེ། དེ་ལྟར་
ན་སྒྲུབ་པར་བྱེད་པ་དང་བཅས་པའི་རྗེས་སུ་འགྲོ་བ་དག་ཉེ་བར་བཀོད་པ་ཡིན་ནོ། །མ་ཚང་ན་མ་མཐོང་བ་ནི་ཞེས་བྱ་བས་ནི་རྒྱུ་ངེས་པར་འཛིན་པའི་ཕྱིར་དེས་ཞེས་བྱ་བ་ནི་གང་དུ་མཐོང་བ་དེ་བཟུང་ངོ་། །སྔོན་མེད་པ་ཡོད་པ་ཐོབ་པ་འདི་ནི་དུ་བ་འདི་དེས་བསྐྱེད་པ་ཡིན་ནོ་ཞེས་བྱ་བར་ངེས་པར་འགྱུར་རོ། །ཡུལ་དང་
དུས་དག་གིས་ནི་དངོས་པོ་མཚོན་པ་ཡིན་ནོ་ཞེས་བཤད་ཟིན་ཏོ། །འདི་ཡང་བསྐྱེད་པར་བྱ་བ་ཁོ་ན་ལ་ཡོད་པ་ཡིན་གྱི། རྒྱུ་མེད་པ་ལ་མ་ཡིན་ལ། བྱ་རོག་དང་ཏ་ལ་ལ་སོགས་པའི་ཚུལ་དུ་ཡང་མ་ཡིན་ནོ་ཞེས་བཤད་པ་ནི། གཞན་དུ་ན་ཞེས་བྱ་བའོ། །དངོས་པོ་སྐྱེད་པར་བྱེད་
Vol. 182 · folio 146b
པའི་ཆ་འདིར་ལན་ཅིག་ཞུགས་པས་ཀྱང་གཞན་དུ་སྲིད་པ་མཐའ་དག་འགོག་པར་འགྱུར་རོ། །འདི་ལྟར་སྐྱེ་བ་ནི་འདི་ཉིད་ཡིན་པས་ན་སྐྱེ་བ་ཉིད་བྱ་རོག་དང་ཏ་ལའི་ཚུལ་དུའམ། རྒྱུ་མེད་པ་ཅན་དུ་ནི་མི་འགྱུར་རོ། །དེས་ན་རྒྱུ་དང་འབྲས་བུའི་དངོས་པོ་ནི་ལན་ཅིག་མཐོང་བས་རྟོགས་པར་བྱ་བ་
ཡིན་ནོ། །ལན་ཅིག་རྟོགས་པ་དེས་འཁྲུལ་པ་མེད་པར་ཡང་སྒྲུབ་པར་བྱེད་དོ་ཞེས་བཤད་པ་ནི། དེ་དེར་ངེས་པ་ཡིན་ན་ཞེས་བྱ་བའོ། །དེ་ལ་བརྟེན་ནས་ཡོད་པ་ཐོབ་པ་ཉིད་ཀྱིས་དེར་ངེས་པ་ཡིན་ནོ། །དེས་ན་འདི་འམ་དེའི་རིགས་ཅན་གཞན་ལས་ཀྱང་འབྱུང་ན་ནི་དེ་ལས་ཡོད་པ་ཐོབ་པ་མ་ཡིན་ནོ། །
དེ་ཙམ་གྱིས་ཆོག་པ་ཡང་མ་ཡིན་ཏེ། འོན་ཀྱང་རྟག་ཏུ་ཡོད་པ་དང་མེད་པར་ཡང་འགྱུར་ཏེ་དེས་ན་འཁྲུལ་པ་མེད་པར་འགྲུབ་བོ། །དེ་སྟེ་གཞན་ལས་བྱུང་ན་དེའི་ཕྱིར་འབྱུང་བ་ནི་དེ་དུ་བ་མ་ཡིན་པར་འགྱུར་རོ། །དེ་བཞིན་དུ་དེ་དང་རིགས་མི་མཐུན་པའི་དངོས་པོ་ཡང་དངོས་པོ་གཞན་ལ་ཡོད་པ་
འགྲུབ་པ་དང་འབྲེལ་པ་ནི་མ་ཡིན་ནོ། །དེས་ན་དུ་བའི་རང་གི་ངོ་བོ་གཅིག་ལས་ཐོབ་པར་རྟོགས་པ་ན། རིགས་པས་དངོས་པོ་གཞན་ལས་སྲིད་པ་མ་ཡིན་པར་འགྱུར་རོ། །ཅི་སྟེ་མཐོང་བ་ཡིན་ན་དེས་དེ་དུ་བ་ལས་གཞན་ཉིད་ཡིན་པར་འགྱུར་རོ། །རིགས་པ་ནི་སྐྱེ་བའི་རང་བཞིན་དཔྱད་པ་ཉིད་
དུ་བསྟན་ཟིན་ཏོ། །རིགས་པ་གཞན་ཡང་བཤད་པ་ནི་དུ་བ་ནི་དེས་བསྐྱེད་པའི་ཞེས་བྱ་བའོ། །དུ་བ་ནི་མེ་དེས་བསྐྱེད་པ་དེ་ཡོད་ན་འབྱུང་བའི་རང་བཞིན་གྱི་ཁྱད་པར་ཡིན་ནོ། །ཇི་ལྟར་དུ་བ་དེ་ཡོད་ན་ཡོད་པས་ཉེ་བར་མཚོན་པའི་རང་བཞིན་ཡིན་པ་དེ་བཞིན་དུ་རྒྱུ་མེད་ཀྱང་འབྲས་བུ་དུ་བའི་མཚན་
ཉིད་བསྐྱེད་པའི་རང་བཞིན་ཡིན་ནོ། །གང་ཡོད་ན་དུ་བའི་རང་གི་ངོ་བོ་ཡོད་པར་འགྱུར་བ་དེ་ནི་མེ་ཡིན་ནོ། །འདི་སྐད་བརྗོད་པ་ཡིན་ཏེ། དོན་རྣམས་ཀྱི་བསྐྱེད་བྱ་སྐྱེད་བྱེད་ཀྱི་དངོས་པོ་དང་། ནུས་པ་དང་། སྐྱེ་བ་ནི་རྗེས་སུ་འགྲོ་བ་དང་ལྡོག་པའི་རང་བཞིན་ཡིན་ནོ། །རྗེས་སུ་འགྲོ་བ་དང་ལྡོག་
པ་ཡང་དངོས་པོའི་རང་གི་ངོ་བོ་ལས་དངོས་པོ་གཞན་དུ་གྱུར་པ་མ་ཡིན་ཏེ། དེས་ན་མེ་ཡོད་ན་དུ་བ་ཡོད་པ་ཞེས་བྱ་བ་ནི་མེའི་རྣམ་པའི་རང་གི་ངོ་བོ་ཡོད་ན་དུ་བའི་རྣམ་པའི་རང་གི་ངོ་བོ་ཡོད་པ་ཡིན་ནོ། །དེ་བས་ན་དུ་བ་སྐྱེད་པར་བྱེད་པ་ཞེས་བྱ་བ་ནི་དུ་བ་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་
Vol. 182 · folio 147a
བྱེད་པ་ཡིན་ལ། དུ་བའི་མེས་སྐྱེད་པར་བྱེད་པ་ཞེས་བྱ་བ་ཡང་དེའི་རྗེས་སུ་བྱེད་པ་ཁོ་ནའོ། །དེ་དག་ཀྱང་དེ་དག་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་དུ་བའི་རྣམ་པ་ཉིད་ནི་མེས་བསྐྱེད་པར་བྱ་བ་ཡིན་ལ། མེའི་རྣམ་པ་ཉིད་ཀྱང་དུ་བའི་སྐྱེད་པར་བྱེད་པ་ཡང་མེ་ཡིན་ནོ། །དེས་
ན་འདིར་དུ་བ་ཉིད་མེས་བསྐྱེད་པར་བྱ་བ་ཉིད་དང་། མེ་ཉིད་དུ་བ་སྐྱེད་པར་བྱེད་པ་ཡིན་པས་ན་མི་འཁྲུལ་པ་སྒྲུབ་པར་བྱེད་པ་གཞན་མི་དགོས་ཏེ། བྱས་པ་ལས་མི་རྟག་པ་ཉིད་བཞིན་ནོ། །མེས་བསྐྱེད་པར་བྱ་བ་ནི་དུ་བ་ཉིད་ཡིན་ལ། དུ་བ་སྐྱེད་པར་བྱེད་པ་ཡང་མེ་ཉིད་ཡིན་ནོ། །དེས་ན་ཇི་
ལྟར་དུ་བ་གཞན་དུ་བ་ཉིད་ཡིན་པ་དེ་བཞིན་དུ། དུ་བ་ཉིད་མེའི་འབྲས་བུ་ཉིད་ཡིན་པས་མེའི་འབྲས་བུ་ཡང་ཡིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེས་ན་ཅིར་འགྱུར་ཞེ་ན། བཤད་པ་དུ་བ་དེ་གཞན་ལས་ཀྱང་འབྱུང་ན་སྟེ་གཞན་གྱི་ཡང་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་ན། དེ་མེའི་
རང་བཞིན་མ་ཡིན་ནོ། །དེ་དངོས་པོ་གཞན་གྱི་རང་བཞིན་དུ་གྱུར་པའི་རྗེས་སུ་འགྲོ་བ་དང་ལྡོག་པ་དེ་དག་ནི་དངོས་པོ་གཞན་ཁོ་ན་ཡིན་གྱི་མེ་ནི་མ་ཡིན་ནོ། །དེས་ན་ཇི་ལྟར་དངོས་པོ་དེ་མེའི་རང་བཞིན་མ་ཡིན་པ་དེ་བཞིན་དུ། རྗེས་སུ་འགྲོ་བ་དང་ལྡོག་པ་དེ་དག་ཀྱང་ངོ་། །དེ་བས་ན་དུ་བ་
སྐྱེད་པར་བྱེད་པ་ཉིད་ཀྱང་དེའི་རང་བཞིན་མ་ཡིན་པར་འགྱུར། དེས་ན་ཇི་ལྟར་མེ་མེ་མ་ཡིན་པར་མི་འགྱུར་བ་དེ་བཞིན་དུ། དུ་བ་སྐྱེད་པར་བྱེད་པར་ཡང་མི་འགྱུར་བས་ལན་འགའ་ཡང་སྐྱེད་པར་མི་འགྱུར་རོ། །འདི་ནི་ལན་ཅིག་ཀྱང་མེ་མ་ཡིན་པར་མི་འགྱུར་རོ། །འོན་ཏེ་རྗེས་སུ་འགྲོ་
བ་དང་ལྡོག་པ་དེ་དག་མེའི་རང་བཞིན་ཉིད་ཡིན་པས་ན་མེ་ཡང་དུ་བ་སྐྱེད་པར་བྱེད་པ་ཁོ་ནའོ་ཞེ་ན། དེའི་ཚེ་ནི་གཞན་ལས་འབྱུང་བ་གང་ཡིན་པ་དེ་དུ་བ་ཉིད་ཡིན་པར་མི་འགྱུར་རོ། །ཡང་ན་གཞན་ལས་འབྱུང་བ་དེ་དུ་བ་མ་ཡིན་ཏེ་དུ་བ་སྐྱེད་པའི་རང་བཞིན་མ་ཡིན་པ་ལས་བྱུང་བའི་ཕྱིར་རོ། །དུ་
བའི་རྗེས་སུ་འགྲོ་ལྡོག་གི་རྟེན་དུ་གྱུར་པ་དུ་བ་བསྐྱེད་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་མེ་ཉིད་ཁོ་ན་ཡིན་པས་དུ་བ་ནི་དུ་བ་སྐྱེད་པར་བྱེད་པའི་རང་བཞིན་ལས་གཞན་ལས་མི་འབྱུང་ངོ་། །ཅི་སྟེ་ཡང་དུ་བ་སྐྱེད་པར་བྱེད་པའི་རང་བཞིན་དེ་ནི་ཡོད་པ་ཉིད་ལ་སོགས་པའི་ཆོས་བཞིན་དུ། དེ་དང་གཞན་
Vol. 182 · folio 147b
ལ་ཡང་ཡོད་པ་ཡིན་པ་དེས་ན་དེ་ལས་ཀྱང་དུ་བ་འབྱུང་བ་ཡིན་ནོ་ཞེ་ན། བཤད་པ། དེའི་རང་བཞིན་ཡིན་ན་ནི་སྟེ་དུ་བ་སྐྱེད་པའི་རང་བཞིན་ཡིན་ན་ནི། དེ་ཉིད་མེ་ཡིན་པས་དུ་བ་མེ་ལ་འཁྲུལ་པ་མེད་དོ། །མེ་ཡོད་ན་དུ་བ་ཡོད་པའི་ཕྱིར་མེའི་རང་གི་ངོ་བོ་ཉིད་ཇི་ལྟར་དུ་བ་སྐྱེད་པར་བྱེད་པ་ཡིན་པ་འདི་
ནི་བསྟན་ཟིན་ཏོ། །དེས་ན་གཞན་ཡང་དུ་བ་སྐྱེད་པར་བྱེད་པ་ཉིད་ཡིན་ནོ་ཞེས་བྱ་བས་ནི་མེའི་རྣམ་པ་ཉིད་དུ་བརྗོད་པར་འགྱུར་རོ། །དེ་བས་ན་སྐྱེད་པར་བྱེད་པ་གཞན་གང་ཡིན་པ་དེ་ཉིད་འབར་ཞིང་མདངས་གསལ་བའི་རྣམ་པ་ཅན་གྱི་མེ་ཉིད་ཡིན་པའི་ཕྱིར་མེ་མ་ཡིན་པ་ལ་དུ་བ་མི་འབྱུང་
ངོ་། །གལ་ཏེ་བརྒྱ་བྱིན་སྤྱི་བོ་ཞེས་བྱ་བ་ལ་སོགས་པ་འདི་ཉིད་སྡུད་པར་བྱེད་དོ། །བརྒྱ་བྱིན་ཞེས་བྱ་བ་དབང་པོའི་མཆོད་སྡོང་གི་སྤྱི་བོ་གལ་ཏེ་མེའི་རང་བཞིན་ཏེ་གང་ཡོད་ན་དུ་བ་འབྱུང་བ་དེ་ཉིད་ལས་དེ་འབྱུང་བ་ཡིན་ན། དེའི་ཕྱིར་དེ་ཉིད་མེ་ཡིན་ནོ། །འོན་ཏེ་མེའི་རང་བཞིན་མིན་ནོ་ཞེ་ན།
འོ་ན་ནི་དེ་ཡོད་ན་དུ་བ་སྐྱེ་བ་མ་ཡིན་པས་ན། ཇི་ལྟར་དེ་ལས་དུ་བ་འབྱུང་། འདི་ག་ལས་ཤེ་ན་འདི་ལྟར་དུ་བའི་རྒྱུའི་རང་བཞིན་མེ་དུ་བའི་རྗེས་སུ་འགྲོ་བ་དང་། ལྡོག་པ་རྗེས་སུ་བྱེད་པའི་ཡུལ་ཞེས་བྱ་བ་ནི་མེ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་མེའི་རྣམ་པ་ཞེས་བྱ་བ་དེའི་ནུས་པ་ཉིད་ཀྱིས་
དངོས་པོ་གཞན་ལས་བྱེ་བྲག་ཏུ་གྱུར་པ་ཡིན་ནོ། །གལ་ཏེ་ཇི་ལྟར་ནུས་པ་མེའི་རང་གི་ངོ་བོ་ཡིན་པའི་ཕྱིར་མེ་མ་ཡིན་པ་ལ་ཡང་ནུས་པ་དེ་ཡོད་ན། དེ་ཡང་མེ་ཉིད་ཡིན་པར་བརྗོད་པ་དེ་བཞིན་དུ་སྐད་ཅིག་མ་ཉིད་ལ་སོགས་པ་ཡང་མེའི་རང་གི་ངོ་བོ་ཉིད་དོ། །དེས་ན་བརྒྱ་བྱིན་གྱི་ཅོ་དོ་སྐད་ཅིག་
མ་ཉིད་ཡིན་པའི་ཕྱིར་ཡང་མེར་འགྱུར་རོ་ཞེ་ན། མ་ཡིན་ཏེ། སྐད་ཅིག་མ་ཉིད་ལ་སོགས་པ་ནི་མེའི་རྣམ་པའི་ཁྱད་པར་བྱེ་བྲག་ཏུ་གྱུར་པའི་ཕྱིར་རོ། །དེ་ནི་འཇིག་པར་འགྱུར་བའི་ཕྱིར་དེ་ལ་སྐད་ཅིག་མར་བསྟན་ཏོ། །དེ་ལས་གཞན་ཡང་འཇིག་པར་འགྱུར་བ་ཡིན་ན་དེ་ཡང་སྐད་ཅིག་
མར་འགྱུར་རོ། །དེས་ན་སྐད་ཅིག་མའི་ཕྱིར་ནི་དབང་པོའི་ཅོ་དོ་མེར་འགྱུར་བ་མ་ཡིན་ནོ། །རྒྱུ་འདི་ཉིད་ནི་འདིའི་དེ་ལྟར་རྟོགས་པའི་རང་བཞིན་དེ་ཉིད་ལས་མ་གཏོགས་པར་ཁྱད་པར་བྱེ་བྲག་ཏུ་གྱུར་པའི་རང་བཞིན་མ་ཡིན་ཏེ། ཇི་ལྟར་དེ་ཡོད་ན་དུ་བ་ཡོད་པའི་ཕྱིར་དེ་རྒྱུ་ཉིད་ཡིན་ལ།
Vol. 182 · folio 148a
དེ་ཡོད་པ་ཡང་རང་བཞིན་དེ་ཉིད་ཡིན་པ་ནི་བསྟན་ཟིན་ཏོ། །འོ་ན་ཇི་ལྟར་དུ་བ་མི་སྐྱེད་པའི་མེ་མེ་ཉིད་དམ། དུ་བས་བསྐྱེད་པའི་དུ་བ་དུ་བ་ཉིད་དུ་འགྱུར་ཞེ་ན། ཉེས་པ་འདི་མེད་དེ་མེ་དང་དུ་བའི་ཁྱད་པར་དེ་ལྟར་ཁས་བླངས་ཀྱི། མེ་ཙམ་ནི་མ་ཡིན་པའི་ཕྱིར་
རོ། །མེ་མ་ཡིན་པ་རྒྱུ་ཡིན་པ་འགོག་གི །མེ་ཐམས་ཅད་རྒྱུར་འདོད་པ་ནི་མ་ཡིན་ནོ། །ཡང་ན་མ་ཡིན་ཏེ་མེ་དུ་བ་སྐྱེད་པར་རུང་བ་ཉིད་དང་མ་བྲལ་བའི་ཕྱིར་སྐྱེ་བ་ནས་བརྩམས་ཏེ་ཕན་གདགས་བྱ་འདོགས་བྱེད་ཉིད་ལས་མི་འདའོ་ཞེས་གཞན་དུ་བསྟན་ཟིན་ཏོ། །གལ་ཏེ་དུ་བ་སྐྱེད་པར་
བྱེད་པ་མ་ཡིན་པའི་མེ་ཡང་ཡོད་པས་ན། མེ་ཙམ་ཉིད་དུ་བ་སྐྱེད་པར་བྱེད་པ་མ་ཡིན་པ་མ་ཡིན་ནམ། དེས་ན་འདི་ནི་སྐད་ཅིག་མ་ཉིད་ལ་སོགས་པ་བཞིན་ཁྱད་པར་གྱི་བྱེ་བྲག་ཡིན་ནོ་ཞེས་པ་འདི་ཉིད་དུ་འགྱུར་བས་ན་མེ་ཉིད་དང་བྲལ་དུ་ཟིན་ཀྱང་ཁྱད་པར་འགྱུར་བ་འམ། ཡང་ན་རྣམ་པ་གཞན་
གྱིས་དུ་བ་རྒྱུ་མེ་ལ་མི་འཁྲུལ་བར་བརྗོད་པར་བྱའོ་ཞེ་ན། སྨྲས་པ་མེ་ཉིད་ཁྱད་པར་དང་ལྡན་པ་ཡིན་དུ་ཟིན་ཀྱང་རང་གི་ངོ་བོར་གྱུར་པའི་ཁྱད་པར་ཡང་ཡོད་པ་ཁོ་ནའོ། །དེ་ལྟ་མ་ཡིན་ན་ནི་མེ་ཉིད་ཐ་མི་དད་པར་ཁྱད་པར་ཐ་དད་པའི་ཕྱིར་སྤྱི་ཁས་བླངས་པ་ཉིད་དུ་འགྱུར་རོ། །དེས་ན་ཇི་ལྟར་མེ་
ཉིད་ཀྱིས་ཐ་དད་པ་དེ་བཞིན་དུ་དུ་བ་སྐྱེད་པར་བྱེད་པ་དང་། དུ་བ་སྐྱེད་པར་བྱེད་པ་མ་ཡིན་པ་དག་གིས་ཀྱང་ཡིན་པས་སྐྱོན་འགའ་ཡང་མེད་དོ། །གང་གི་ཚེ་བརྒྱ་བྱིན་གྱི་སྤྱི་བོ་མེ་མ་ཡིན་པའི་རང་བཞིན་ཉིད་ཡིན་པ་དེའི་ཚེ། དུ་བ་དུ་བའི་རྒྱུ་མ་ཡིན་པ་བརྒྱ་བྱིན་གྱི་སྤྱི་བོ་ལས་འབྱུང་ན། དེ་
ནི་རྒྱུ་མེར་འགྱུར་རོ། །གལ་ཏེ་མི་འདྲ་བ་ལས་མི་འབྱུང་བའི་ཕྱིར་དང་། རྒྱུ་ཐ་དད་པ་ཐ་དད་པར་བྱེད་པ་ཡིན་པའི་ཕྱིར་དང་། དུ་བ་སྐྱེད་པར་བྱེད་པ་མེའི་རྣམ་པ་ཉིད་ཡིན་པའི་ཕྱིར་དུ་བ་མེ་མ་ཡིན་པ་ལས་མི་འབྱུང་བས་ན། མེ་ལས་མི་འཁྲུལ་བར་བརྗོད་ན། ཇི་ལྟར་ལྷན་
ཅིག་བྱེད་པ་མི་འདྲ་བ་ཐ་དད་པ་དང་། མེ་མ་ཡིན་པ་ལས་དུ་བ་སྐྱེ། དེ་ཉིད་སྨྲས་པ་ནི་འོ་ན་ད་ནི་ལྷན་ཅིག་བྱེད་པ་ཐ་དད་པ་དག་ལས་ཞེས་བྱ་བའོ། །དེ་དག་ནི་ཐ་དད་པ་ཉིད་ཀྱིས་མི་འདྲ་བ་དང་། མེ་མ་ཡིན་པའི་རང་བཞིན་ཡིན་ནོ། །དེས་ནི་ཇི་སྐད་བཤད་པའི་ཚུལ་གྱིས་འབྲས་
Vol. 182 · folio 148b
བུ་སྐྱེ་བར་སྒྲུབ་པ་ན་འདི་ལྷན་ཅིག་བྱེད་པ་དག་ལས་འབྱུང་བར་མི་འགྱུར་རོ། །ཅི་འདྲ་བ་ཞེ་ན་དཔེར་ན་ཞེས་སྨོས་སོ། །མིག་དང་གཟུགས་དང་སྣང་བ་དང་ཡིད་ལ་བྱེད་པ་དག་ལས་རྣམ་པར་ཤེས་པ་གཅིག་སྐྱེ་བ་ལྟ་བུའོ། །དེ་ལ་ནི་བརྒྱ་བྱིན་གྱི་སྤྱི་བོའི་རིགས་པའམ་རྒྱུ་ཐ་དད་པས་འབྲས་
བུ་ཐ་དད་པར་འགྱུར་བ་གང་ཡིན་པ་འདྲ་བ་མེད་པ་ལྷན་ཅིག་ཉིད་ཀྱང་མེད་དོ། །ཅིའི་ཕྱིར་དཀྱུས་མ་ཉིད་བཞག་སྟེ། མིག་དང་གཟུགས་ལ་སོགས་པ་དཔེར་བཀོད་ཅེ་ན། དེ་ལ་ལྷན་ཅིག་བྱེད་པ་རྣམས་ཀྱི་བྱེད་པ་ཐ་དད་པར་བསྟན་པར་ནུས་པའི་ཕྱིར་རོ། །མེ་དང་བུད་ཤིང་ལ་སོགས་པ་ལ་
ནི་འདི་བརྟག་པར་བྱ་བ་ཡིན་གྱི། བསྟན་པར་བྱ་བ་ནི་མི་ནུས་སོ། །གཅིག་ཏུ་སྐྱེད་པའམ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་སོ། །གཅིག་པུས་སྐྱེད་པ་སྲིད་པ་ན་མི་འདྲ་བ་ལས་དེ་དང་འདྲ་བ་འབྱུང་བ་འགོག་པའམ། རྒྱུ་ཐ་དད་པ་ལས་འབྲས་བུ་ཐ་མི་དད་པར་ཐལ་བར་འགྱུར་བ་ནི་
མ་ཡིན་ནོ། །དོན་གྱི་རང་བཞིན་ཉིད་རྒྱུའི་ནུས་པ་ཡིན་པའི་ཕྱིར་རོ་ཞེས་དེའི་རང་གི་ངོ་བོ་བརྗོད་པ་གང་ཡིན་པ་དེ་ཡང་གང་གིས་ན་ཇི་སྲིད་བརྒྱ་བྱིན་གྱི་སྤྱི་བོ་དུ་བ་སྐྱེད་ན་མེར་འགྱུར་བར་བརྗོད་པ་དེ་བཞིན་དུ། བུད་ཤིང་ཡང་འགྱུར་ལ་མིག་ལ་སོགས་པ་ཡང་ཤེས་པའི་རང་བཞིན་དུ་
འགྱུར་བ་བརྗོད་པར་འགྱུར་བ་གཅིག་ལ་ལྟོས་ནས་བརྗོད་པ་ནི་མ་ཡིན་ནོ་ཞེས་བཤད་པ་ནི། དེའི་རང་བཞིན་གཅིག་པུས་སྐྱེད་པར་བྱེད་པ་ནི་ཅུང་ཟད་ཀྱང་མེད་དོ། །འོན་ཀྱང་ཚོགས་པས་སྐྱེད་པར་བྱེད་པ་ནི་དེའི་རང་བཞིན་ཡིན་ཏེ་ཞེས་སྨོས་སོ། །དེས་ན་མི་འདྲ་བ་དང་འདྲ་བའི་རྣམ་
པར་དབྱེ་བ་འདི་ནི་ཚོགས་པ་ལ་ལྟོས་པ་ཡིན་ནོ། །དེ་ལྟ་བུའི་ཚོགས་པ་ལ་སྐྱེ་བའི་དངོས་པོ་དེ་ནི་དེ་ལྟ་བུ་ཉིད་ལས་སྐྱེ་བའི་དོན་མི་འདྲ་བ་འབྱུང་ན་ནི་ཞེས་བཤད་པ་ཡིན་ནོ། །འདི་ནི་རིགས་པ་ཡིན་ཏེ། འདི་ལྟར་མི་འདྲ་བ་ལས་སྐྱེ་ན་ནི་རྒྱུའི་ནུས་པ་ཉམས་པར་བཤད་དེ། དེ་བཞིན་དུ་ཡང་
ཡོད་པར་འགྱུར་ན་དེ་ལས་སྐྱེ་བའི་དོན་མི་འགྲུབ་པའི་ཕྱིར་རོ། །ལྷན་ཅིག་བྱེད་པ་དག་ནི་ཐ་དད་ཀྱང་དེ་འབྲས་བུ་ཡོད་པའི་ངོ་བོ་ཉིད་ཡིན་པ་མི་ལྡོག་པ་དེས་ན་སྐྱེ་བའི་དོན་དང་མི་འབྲལ་ལོ། །འདིས་ནི་རྒྱུ་ཐ་དད་པ་ཐ་དད་པར་བྱེད་པ་ཉིད་ཀྱིས་རིགས་པ་གང་ཡིན་པ་དེ་ཡང་འདི་ཉིད་ལ་ཡིན་
Vol. 182 · folio 149a
པར་ངེས་པར་བྱའོ། །དེ་མ་ཡིན་པའི་རང་བཞིན་ལས་ལྡོག་པའི་དོན་སྐྱེ་བའི་རྒྱུ་ནི་དེ་ཙམ་ཡིན་པའི་ཕྱིར་ཏེ། རེ་རེ་དང་བྲལ་ན་གཞན་ལས་མི་འབྱུང་བའི་ཕྱིར་རོ། །ཚོགས་པ་དེ་དེའི་རང་བཞིན་ཡིན་ཏེ། དེས་ན་མིག་དང་གཟུགས་དང་སྣང་བ་དང་ཡིད་ལ་བྱེད་པ་རྣམས་ཇི་
སྙེད་པ་དང་། རྣམ་པ་ཇི་ལྟ་བུའི་རང་བཞིན་ཡིན་པ་དེ་ཤེས་པ་སྐྱེད་པའི་ནུས་པ་ཡིན་པ་དེས་ན། གལ་ཏེ་བརྒྱ་བྱིན་སྤྱི་བོ་མེའི་ཞེས་བྱ་བ་ལ་སོགས་པས་གཞན་རྣམ་པ་དེ་ལྟ་བུ་མ་ཡིན་པ་ལས་དེ་སྐྱེ་ན་དེའི་རང་བཞིན་དུ་ཐལ་བར་བརྗོད་པ་དེ་བཞིན་དུ་མེ་དང་བུད་ཤིང་དག་ཀྱང་དུ་བ་སྐྱེད་པའི་རང་
བཞིན་ཡིན་པའི་ཕྱིར་མེ་ཉིད་དམ་བུད་ཤིང་ཉིད་དུ་མི་འགྱུར་རོ། །བརྒྱ་བྱིན་གྱི་སྤྱི་བོ་ནི་གཉི་གའི་བདག་ཉིད་དུ་ཡང་འགྱུར་རོ། །དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་འདི་ནི་ཚོགས་པ་ལ་ལྟོས་པ་ཉིད་ཡིན་ཏེ་འདི་ལྟར་དེ་ཁོ་ན་རྗེས་སུ་དཔག་པར་བྱ་བ་ཡིན་ནོ། །དེས་ནི་འདི་ཐམས་ཅད་
ནི་དེ་ལ་བསམ་པ་ཉིད་ཡིན་པར་རིགས་སོ། །གལ་ཏེ་ཡང་ཚོགས་པ་ཉིད་ཡོད་ན་འབྲས་བུ་བསྐྱེད་པར་མཐོང་ལ་རེ་རེས་མི་ནུས་ན་ཡང་འགའ་ཡང་ནུས་པར་མི་འཐད་པ་རེ་རེས་ནུས་ཀྱང་འགའ་ཡང་དོན་མེད་པ་མ་ཡིན་ཏེ་ཐམས་ཅད་ཉེ་བར་གནས་ནས་འབྲས་བུ་མཐོང་བས་ངོ་བོ་ཉིད་
ཀྱིས་ཐམས་ཅད་ཉེ་བར་སྦྱོར་བའི་ཕྱིར་དང་གཅིག་བྱེད་པ་ན་གཞན་གྱི་བྱ་བ་མི་འགལ་བའི་ཕྱིར་ཚོགས་པ་ཉིད་སྐྱེད་པར་བྱེད་པ་ཡིན་པས་རྒྱུ་ཐ་དད་པ་ལས་ཐ་མི་དད་པར་འགྱུར་བར་ཐལ་བ་ཡང་སྤངས་པ་དེ་ལྟ་ན་ཡང་ཚོགས་པ་ཉིད་སྐྱེད་པར་བྱེད་པ་ཡིན་པ་བསྟན་པར་བྱ་བ་ཡིན་པའི་ཕྱིར་
དང་། བསྟན་པར་སྨྲས་པ་ཚོགས་པའི་ཡན་ལག་རྣམས་ཀྱི་ཉེ་བར་སྦྱོར་བའི་ཁྱད་པར་བསྟན་པའི་ཕྱིར་རྩོམ་པ་ནི་ཚོགས་དེ་ཉིད་ཡུལ་གྱི་རྣམ་པ་ལ་སོགས་པའི་འབྲས་བུའི་རང་གི་ངོ་བོ་གང་ཡིན་པ་དེ་དག་གི་རྟེན་ཡིན་ནོ། །དེ་ལྟར་ཡང་ཡིད་ལ་བྱེད་པ་ལས་ནི་དབང་པོའི་བྱེད་པ་གསལ་
བའི་རང་བཞིན་ཡུལ་ལས་ནི་རྣམ་པ་དང་འབྲེལ་པ་སྟེ་གང་གི་ཕྱིར་འདི་ཡུལ་གསལ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་རྗེས་སུ་འབྲང་བར་བྱའོ། །འདི་ཇི་ལྟ་བ་དེ་ལྟར་ནི་གཞན་དུ་བསྒྲུབས་ཟིན་པས་འདིར་མི་བརྗོད་དོ། །ལྷན་ཅིག་བྱེད་པ་དག་གི་ཉེ་བར་སྦྱོར་བའི་རྣམ་པར་
Vol. 182 · folio 149b
དབྱེ་བ་བསྟན་པར་མ་རྟོགས་པ་གང་ཡིན་པ་དེ་དག་ཀྱང་དེ་ལྟ་བུ་ཉིད་དུ་ཡོད་དོ་ཞེས་པས་བརྟག་པར་རིགས་པ་ཡིན་ནོ། །གལ་ཏེ་ཚོགས་པའི་ནང་དུ་འདུས་པའི་རྒྱུ་རྣམས་འབྲས་བུའི་ཁྱད་པར་སྒྲུབ་པར་བྱེད་པ་ལ་ཕྱོགས་པར་འདོད་ན་འོ་ན་དེ་དག་སོ་སོར་ཡང་དེ་ལྟ་བུའི་འབྲས་བུ་སྐྱེད་པར་
འགྱུར་རོ་ཞེ་ན། བཤད་པ་གང་གི་ཕྱིར་གཅིག་པུ་སྐྱེད་པར་བྱེད་པའམ་ཞེས་བྱ་བས་ཚོགས་པ་ཉིད་རང་གི་ངོ་བོ་གནས་པའི་རྟེན་དུ་འདོད་པ་དེ་ཉིད་ཀྱི་ཕྱིར་ལྷན་ཅིག་བྱེད་པ་རྣམས་ཀྱང་རྣམ་གྲངས་མེད་པར་སྐྱེད་པར་བྱེད་པ་ཡིན་ནོ། །འདིར་རིགས་སྨོས་པ་ཉེ་བར་མཚོན་པ་རིམ་གྱིས་བྱེད་ན་
གདོན་མི་ཟ་བར་འགྱུར་བའི་ཐ་དད་པ་ཉིད་འགོག་པ་ཡིན་ཏེ་ལྷན་ཅིག་པ་རྣམས་སོ་སོར་སྐྱེད་པར་མི་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཕན་ཚུན་ཕན་འདོགས་པའི་ཕྱིར་ཚོགས་པར་གྱུར་པ་དེ་དག་འབྲས་བུ་གཅིག་བྱེད་པའི་རང་བཞིན་ཉིད་ནི་འབྲས་བུ་གཅིག་དམིགས་པ་ཉིད་ལས་རྟོགས་
པར་བྱའོ། །དེ་ལྟར་རིགས་པས་རིགས་མི་མཐུན་པ་ལས་སྐྱེ་བ་བསལ་ཏེ། དེ་ནི་གང་དུ་དེ་ལྟར་མཐོང་བ་ཡོད་པ་དེར་ཅི་གང་འདི་ལྟ་བུའི་དངོས་པོའི་རྗེས་སུ་འབྲང་བའི་གནོད་པའི་རྩ་བ་ལས་དོན་གཞན་དུ་གྱུར་པའི་ཕྱིར་རྟོགས་པས་འཁྲུལ་པ་ཡིན་ནམ། འོན་ཏེ་དེ་ལྟ་མ་ཡིན་ཞེས་
དོགས་པ་ལ་དེ་སྟོན་པ་ནི་གང་ཡང་ཅུང་ཟད་རིགས་མི་མཐུན་པ་ལས་འབྱུང་བར་མཐོང་བ་དེ་ལ་ཡང་རང་གི་ས་བོན་ལས་རབ་ཏུ་འབྱུང་བ་ཅན་གྱི་དོན་ལ་ལྟོས་ཏེ། རང་གི་ངོ་བོ་ཐ་དད་པ་ཡོད་པ་ཁོ་ནའོ། །ཇི་ལྟར་ཡོད་ཅེ་ན་བཤད་པ་རྒྱུའི་རང་གི་ངོ་བོ་ཐ་དད་པའི་ཕྱིར་རོ། །རྒྱུ་ཐ་དད་
པས་བསྐྱེད་པའི་དངོས་པོ་ནི་ཐ་དད་པ་ལས་མི་འདའོ། །རིགས་མི་མཐུན་པ་གང་ལས་དེ་གང་ཞིག་འབྱུང་བར་མཐོང་ཞེ་ན། དེ་བསྟན་པའི་ཕྱིར་བཤད་པ་ལྕི་བ་ལ་སོགས་པ་ལས་ཨུཏྤ་ལ་ལ་སོགས་པའོ། །ཨུཏྤ་ལ་ལས་ཀྱང་ཨུཏྤ་ལ་འབྱུང་ལ་ཨུཏྤ་ལ་དང་རིགས་མི་མཐུན་པ་
ལྕི་བ་ལས་ཀྱང་འབྱུང་བར་མཐོང་། གལ་ཏེ་ཨུཏྤ་ལ་དང་རིགས་མི་མཐུན་པ་ལྕི་བ་ལས་འབྱུང་བའི་ཨུཏྤ་ལ་ཨུཏྤ་ལ་ལས་སྐྱེས་པའི་ཨུཏྤ་ལ་ལས་ཐ་དད་པ་ཡིན་ན་འོ་ན་དེ་དེ་ཨུཏྤ་ལ་ཉིད་མ་ཡིན་པ་དེས་ན་ཐ་དད་པའི་ཕྱིར་ཇི་ལྟ་ན་དེ་ལྟར་དམིགས་ཤེ་ན་འདི་ལ་བཤད་པ། དེ་སྐད་དུ་བརྗོད་
Vol. 182 · folio 150a
ཀྱང་ཞེས་བྱ་བ་སྟེ། ཨུཏྤ་ལའི་རྣམ་པ་ཡིན་ཡང་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་བརྗོད་པ་ཡིན་ཏེ། གལ་ཏེ་ཡང་དེ་ལ་ཨུཏྤ་ལའི་རྣམ་པ་ཡོད་པ་དེ་ལྟ་ན་ཡང་ལྕི་བ་ལ་སོགས་པའི་རྒྱུ་མཚན་ཅན་དེ་ནི་གང་གི་བྱེ་བྲག་གིས་བྱས་པའི་ཐ་དད་པ་ཁོ་ནའོ། །དེས་ན་
རང་བཞིན་དེ་ལྕི་བའི་འབྲས་བུ་ཡིན་གྱི། གང་གིས་བརྒྱ་བྱིན་གྱི་སྤྱི་བོའི་ཚུལ་དུ་ལྕི་བ་ལ་སོགས་པའི་རྒྱུ་ཡང་ཨུཏྤ་ལར་ཐལ་བར་འགྱུར་བ་ཨུཏྤ་ལ་ཙམ་ནི་མ་ཡིན་ནོ། །དཔེར་ན་བུམ་པའི་རྣམ་པའི་དངོས་པོ་ཉིད་རྫ་མཁན་ལས་འབྱུང་བའི་ཕྱིར་དེ་སྣམ་བུའི་བདག་ཉིད་ཐ་ག་པ་ལས་འབྱུང་
བ་ནི་རྒྱུ་ཐ་དད་པར་མི་འགྱུར་བ་བཞིན་ནོ། །ཡུལ་དང་དུས་ཀྱི་དབྱེ་བས་རང་གི་མཚན་ཉིད་དམ་སྐད་ཅིག་གིས་ཐ་དད་གང་ཡིན་པ་དེ་ནི་ཐ་དད་པ་མ་ཡིན་པ་ཉིད་དེ་དེ་ཐ་དད་པའི་སྒྲུབ་པར་བྱེད་པ་ནི་རང་བཞིན་གྱི་ཁྱད་པར་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་གལ་ཏེ་མངོན་སུམ་གྱིས་མ་གྲུབ་ཀྱང་རྒྱུ་ཐ་དད་
པ་ཉིད་ཀྱིས་རྟོགས་པས་ན་སྤང་བར་འོས་པའམ་ཐ་དད་པར་བྱེད་པ་མ་ཡིན་ནོ། །ཨུཏྤ་ལ་ཉིད་རིགས་མི་མཐུན་པ་ལས་སྐྱེ་བ་ལ་དཔེར་བརྗོད་པ་ནི་དཔེར་ན། ཆུ་ཤིང་ས་བོན་དང་སྡོང་བུ་ལས་སྐྱེ་བ་རིགས་མི་མཐུན་པ་ཡིན་པར་མཐོང་བ་བཞིན་ནོ། །དེས་ན་དེར་ཡང་དེ་བཞིན་དུ་རིགས་
མི་མཐུན་པ་ཡིན་པར་དགོངས་པའོ། །ཨུཏྤ་ལ་ལ་སོགས་པའི་ཁྱད་པར་འདི་རྗེས་སུ་དཔག་པར་བྱ་བ་ཉིད་ནི་མ་ཡིན་གྱི་འོན་ཀྱང་དབྱེ་བ་དེ་ལྟ་བུ་ནི་འཇིག་རྟེན་ན་གསལ་བ་ཁོ་ནར་རྣམ་པར་འབྱེད་དོ། །འོ་ན་ཇི་ལྟར་རྒྱུའི་རང་གི་ངོ་བོ་ཐ་དད་པའི་ཕྱིར་ཞེས་བརྗོད་ཅེ་ན། འདི་སྒྲུབ་བྱེད་ཉིད་དུ་
བསྟན་པ་ནི་མ་ཡིན་གྱི། འོན་ཀྱང་དེ་ལྟ་བུར་གྱུར་པའི་ཁྱད་པར་གྱི་རྒྱུ་ཉིད་དུའོ། །ཁྱད་པར་མི་འདྲ་བ་དེ་ནི་རྒྱུ་ཐ་དད་པ་ལས་སྐྱེས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གང་གི་ཕྱིར་བ་ལང་གི་ལྕི་བའི་ཨུཏྤ་ལ་སོགས་པ་རྣམས་རྣམ་པ་ཡང་ཐ་དད་པ་དེའི་ཕྱིར་དེ་དག་ནི་འཇིག་རྟེན་ཡང་རྟོགས་
པ་ཡིན་ནོ། །དེ་ལྟ་བས་ན་འབྲས་བུའི་ཁྱད་པར་ཐམས་ཅད་མ་རྟོགས་པར་རྒྱུ་ཐ་དད་པར་དམིགས་པས་འཁྲུལ་པ་ནོར་བའི་ཕྱིར་ན། ཇི་སྐད་བཤད་པའི་ཁྱད་པར་ངེས་པ་བྱེ་བྲག་ཏུ་མཐོང་བར་རྟོགས་པ་ཤིན་ཏུ་རྣམ་པར་ཕྱེ་བའི་འབྲས་བུ་ནི་རྒྱུ་ལ་འཁྲུལ་པ་མེད་དོ། །གལ་ཏེ་ཡང་རྣམ་
Vol. 182 · folio 150b
པར་ཕྱེ་བ་མེད་ཀྱང་དངོས་སུ་ན་འབྲས་བུ་འཁྲུལ་པ་མེད་པ་ཡིན་པ་དེ་ལྟ་ན་ཡང་རྟགས་ལ་ལྟོས་པ་ཉིད་ཀྱིས་དེ་སྐད་བརྗོད་དོ། །ད་ནི་ཇི་སྐད་བཤད་པའི་དོན་བསྡུས་ནས་སྟོན་ཏོ། རྗེས་སུ་འགྲོ་དང་ལྡོག་པ་ལས། །གང་ཞིག་རང་བཞིན་གང་རྗེས་འཇུག །བྱེད་མཐོང་དེ་ནི་དེ་ཡི་རྒྱུ། །དེ་ཕྱིར་
མི་མཐུན་ལས་མི་འབྱུང་། །ཞེས་བྱ་བ་ལ་འདིར་རབ་ཏུ་བྱེད་པའི་ཡན་ལག་གི་དོན་བར་མ་ཆོད་པ་ཡང་སྡུད་ལ། འདི་གང་གི་ཡན་ལག་ཡིན་པ་རབ་ཏུ་བྱེད་པའི་དོན་གཙོ་བོར་གྱུར་པ་དེ་ཡང་སྡུད་དོ། །དེ་ལ་དང་པོ་བཤད་པ་ནི་དེ་ནི་དེའི་རྒྱུ་ཡིན་ཏེ་སྐྱེད་པར་བྱེད་པ་ཡིན་ནོ། །གང་གི་གང་
ཞེ་ན་བཤད་པ་གང་ཞིག་རང་བཞིན་གང་རྗེས་སུ་འཇུག་བྱེད་དེ་གང་གིས་རང་བཞིན་གང་རྗེས་སུ་འཇུག་པར་བྱེད་ཅིང་གཞན་གྱི་དབང་ཉིད་དུ་འགྱུར་བར་བྱེད་དོ། །དེ་ནི་བསྐྱེད་པར་བྱ་བའི་རང་བཞིན་གྱིས་ན་རང་ངམ་གཞན་ལས་མི་འབྱུང་བའི་ཕྱིར་རོ། །དེ་ཇི་ལྟར་རྗེས་སུ་འཇུག་པར་
བྱེད་པ་ཡིན་ཞེ་ན། དེ་ལས་སྐྱེ་བར་བཤད་པ་ནི། རྗེས་སུ་འགྲོ་བ་དང་ལྡོག་པ་ལས་ཞེས་བྱ་བའོ། །ལྡོག་པས་ནི་རྒྱུ་དང་འབྲེལ་པའི་སྔོན་རོལ་དུ་ཡོད་པ་མེད་པར་བརྗོད་དོ། །རྗེས་སུ་འགྲོ་བས་ནི་རྒྱུ་ཡོད་པ་ན་ཡོད་པ་ཉིད་དོ། །དེས་ན་དེ་ལྟར་ཡོད་པ་རེས་འགའ་འབྱུང་བའི་མཚན་ཉིད་ཀྱི་སྐྱེ་
བ་དེ་གང་ཡོད་ན་འགྱུར་བ་དེ་རྒྱུ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེས་ན་སྐྱེ་བའི་དོན་རྣམ་པར་དཔྱད་པ་ཉིད་ལས་ཐ་དད་པ་ལས་མི་འབྱུང་བ་ཡིན་ནོ། །དེ་ལྟར་ན་རྒྱུ་དང་འབྲས་བུའི་དངོས་པོ་ངེས་པ་དང་ལྷན་ཅིག་བསྟན་པ་ཡིན་ནོ། །ད་ནི་སྔར་གལ་ཏེ་མཐོང་བ་དང་མ་མཐོང་བ་དག་རྗེས་སུ་
འགྲོ་བ་དང་ལྡོག་པ་རྟོགས་པའི་རྟེན་མ་ཡིན་ནོ། །འོ་ན་དེ་ཇི་ལྟར་དུ་བས་མེ་མི་འཁྲུལ་ལོ་ཞེས་རྟོགས་ཞེས་བརྩད་པ་གང་ཡིན་པ་དེའི་ལན་མཇུག་སྡུད་པ་ནི་དེ་བས་ཞེས་བྱ་བའོ། །རྒྱུ་དང་འབྲས་བུའི་དངོས་པོ་དེས་དེ་རྟོགས་ཏེ་མི་འཁྲུལ་པ་རྟོགས་སོ། །འོ་ན་དེ་གང་ལས་ཤེ་ན། མཐོང་
བ་དང་མ་མཐོང་བ་དག་གིས་ཞེས་སྨོས་སོ། །མི་འཁྲུལ་པ་བཞིན་དུ་དེར་ཡང་མཐོང་བ་དང་མ་མཐོང་བ་དག་ཇི་ལྟར་སྒྲུབ་པར་བྱེད་པ་ལས་མི་ཉམས་ཤེ་ན། ལན་ཅིག་ཅེས་སྨོས་སོ། །འདི་དག་མི་འཁྲུལ་པ་ལ་ནི་ལན་ཅིག་མ་ཡིན་པར་འཇུག་པ་ལ་ལྟོས་པས་སྐྱོན་དུ་འགྱུར་གྱི་
Vol. 182 · folio 151a
འདིར་ནི་མ་ཡིན་ཏེ། ལན་ཅིག་ཞུགས་པ་ཉིད་ཀྱིས་དེ་ལྟར་རྟོགས་པའི་ཕྱིར་རོ། །རྒྱུ་དང་འབྲས་བུ་མ་གཏོགས་པ་རྣམ་པ་གཞན་གྱིས་ནི་དེ་རྟོགས་པ་མ་ཡིན་ནོ་ཞེས་བཤད་པ་ནི་གཞན་དུ་ནི་མ་ཡིན་ཏེ་ཞེས་བྱ་བ་ཡིན་ནོ། །གཏན་ཚིགས་བཤད་པ། རྗེས་སུ་འགྲོ་བ་
དང་ཞེས་བྱ་བའོ། །མ་ལུས་པའི་མཐོང་བ་དང་མ་མཐོང་བ་ནི་མ་ལུས་པར་མཐོང་བ་དང་མ་མཐོང་བའོ། །དེས་ན་གང་གི་ཞེས་བྱ་བ་ལ་ལྟོས་པ་ན་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གོ་ཞེས་བྱ་བར་འབྲེལ་ཏོ། །རྟོགས་པ་ནི་དེ་ལ་རག་ལས་པའི་ཕྱིར་རོ་ཞེས་འབྲེལ་ཏོ། །དེའི་དོན་ནི་འདི་ཡིན་ཏེ།
རྣམ་པ་གཞན་གྱིས་མི་འཁྲུལ་པ་ལ་རྟོགས་པ་ནི་མཐོང་བ་དང་མ་མཐོང་བ་དག་ཉིད་ལས་ཡིན་པར་འགྱུར་ན། དེ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་མ་ལུས་པར་མཐོང་བ་ལ་རག་ལས་པའི་ཕྱིར་ཐམས་ཅད་མཐོང་བ་མ་ཡིན་པ་ལ་མི་སྲིད་དོ། །དེའི་ཕྱིར་རྣམ་པ་གཞན་གྱིས་ནི་རྟོགས་པ་
མ་ཡིན་ནོ། །ཡང་ཅིའི་ཕྱིར་འདི་མ་ལུས་པར་མཐོང་བ་དང་མ་མཐོང་བ་ལ་བརྟེན་པ་ཡིན་གྱི་ལན་མང་དུ་མཐོང་བ་ལས་འདིར་མི་འགྱུར་ཞེ་ན། འགའ་ཞིག་ཏུ་ལུས་ཅན་མ་ཡིན་པ་ཉིད་ལ་རྟག་པ་ཉིད་མཐོང་ཡང་ཞེས་སྨོས་ཏེ། གལ་ཏེ་ནམ་མཁའ་ལ་སོགས་པ་འགའ་ཞིག་ཏུ་ལུས་ཅན་མ་ཡིན་
པ་ཉིད་ལ་རྟག་པ་ཉིད་མཐོང་བ་དེ་ལྟ་ན་ཡང་ལུས་ཅན་མ་ཡིན་པ་ཙམ་གྱིས་རྟག་པ་དང་རྗེས་སུ་འགྲོ་བ་ནི་མ་ཡིན་ཏེ། བློ་ལ་སོགས་པ་གཞན་ལ་ལུས་ཅན་མ་ཡིན་པ་ཉིད་ལ་ཡང་རྟག་པ་ཉིད་མེད་པར་མཐོང་བའི་ཕྱིར་རོ། །དེས་རྗེས་སུ་འགྲོ་བ་མཐའ་དག་མཐོང་བ་མེད་པ་རྗེས་སུ་འགྲོ་བ་མི་རྟོགས་སོ། །
དེ་བཞིན་དུ་ལྡོག་པ་མ་ལུས་པར་མ་མཐོང་ན་ཡང་ལྡོག་པ་ངེས་པ་མ་ཡིན་ནོ་ཞེས་བཤད་པ་ནི་བུམ་པ་ལ་སོགས་པ་འགའ་ཞིག་ལ་ལུས་ཅན་མ་ཡིན་པ་ཉིད་རྟག་པ་ཉིད་མེད་པར་མ་མཐོང་བ་ཡང་བྱ་བ་ལ་སོགས་པ་ལ་ཡང་མཐོང་བའི་ཕྱིར་རོ། །དེས་ན་གལ་ཏེ་འབྲས་བུའི་འབྲས་བུ་ཉིད་དོར་ནས་མི་
འཁྲུལ་པ་ངེས་པ་ནི་མཐོང་བ་དང་མ་མཐོང་བ་དག་ལས་ཡིན་པར་འགྱུར་ན། དེ་ནི་ཡོད་པ་མ་ཡིན་ཏེ། འགའ་ཞིག་ཏུ་དེ་ལྟར་དམིགས་ཀྱང་ཐམས་ཅད་དུ་དེ་ལྟ་བུའི་ངོ་བོར་ངེས་པ་མི་འགྲུབ་པའི་ཕྱིར་རོ། །དེས་ན་དེ་ལྟར་འབྲས་བུའི་གཏན་ཚིགས་ཀྱི་མི་འཁྲུལ་པའི་ཚད་མ་བརྗོད་ནས།
Vol. 182 · folio 151b
རང་བཞིན་གྱི་གཏན་ཚིགས་ཀྱི་ཡང་བརྗོད་པའི་ཕྱིར་རོ། །འབྲས་བུ་ནི་ཞེས་རྩོད་པར་བྱེད་དོ། །འབྲས་བུ་དེ་ལས་སྐྱེ་བའི་མཚན་ཉིད་ཀྱི་ཕྱིར་རྒྱུ་དང་མི་འཁྲུལ་པ་ཡིན་ལ་རག་ན་རང་བཞིན་གྱི་གཏན་ཚིགས་ཇི་ལྟར་རྣམ་པ་གང་གིས་ཚད་མ་གང་གཞིར་གྱུར་པས་མེད་ན་མི་འབྱུང་བ་ཡིན། ད་ཞེས་བྱ་བ་ནི་མེད་ན་
མི་འབྱུང་བ་མངོན་སུམ་ལ་སོགས་པའི་ཡུལ་མ་ཡིན་ནའོ། །དེ་ལྟར་དོགས་པ་ལ་རང་བཞིན་གྱི་གཏན་ཚིགས་རང་གི་ངོ་བོ་སྔར་བཤད་ཟིན་པ་ཉིད་ཚད་མ་བརྗོད་པའི་ཡན་ལག་ཏུ་སྟོན་པ་ནི། རང་བཞིན་ལ་ཡང་ཞེས་བྱའོ། །རང་བཞིན་ལ་ནི་མེད་ན་མི་འབྱུང་བ་མི་འཁྲུལ་པ་ཡོད་པ་ཙམ་དང་འབྲེལ་པ་ལ་དངོས་པོ་ཙམ་
ལ་ལྟོས་པ་ཡིན་ནོ། །མེད་ན་མི་འབྱུང་བ་ནི་གཏན་ཚིགས་ཀྱི་ཆོས་ཡིན་པས་དེས་གཏན་ཚིགས་འཕངས་པའི་ཕྱིར་མ་བསྟན་ཏོ། །དེས་ན་འདི་སྐད་བརྗོད་པ་ཡིན་ཏེ། རང་བཞིན་གྱི་གཏན་ཚིགས་ཀྱི་མེད་ན་མི་འབྱུང་བ་ནི་ཇི་སྐད་བཤད་པའི་ཡོད་པ་ཙམ་དང་རྗེས་སུ་འབྲེལ་པ་ལ་ཡིན་ནོ། །དེ་
ཉིད་ཀྱི་ཕྱིར་གང་ཞིག་ཅེས་སྨོས་སོ། །རང་བཞིན་གང་ཞིག་ཡོད་པ་ཙམ་དང་རྗེས་སུ་འབྲེལ་པའི་རང་བཞིན་དེ་ལ་ནི་ཡོད་པ་མེད་ན་མི་འབྱུང་བར་འདོད་དོ། །རང་བཞིན་ནི་སྐབས་ཀྱིས་ཡོད་པ་ཉིད་ཀྱི་ཡིན་ནོ། །དེས་ན་དེ་ལྟར་རང་བཞིན་གྱི་རང་གི་ངོ་བོ་བསྟན་ནས། དེ་ལས་མེད་ན་མི་འབྱུང་
བ་རིགས་པ་ཁོ་ནའོ་ཞེས་བཤད་པ་ནི་དེ་མེད་ན་ནི་ཡོད་པ་བདག་མེད་པར་འགྱུར་ཏེ་གཏན་ཚིགས་ཀྱི་མི་འཁྲུལ་བ་ནི་རྣམ་པ་དེ་ལྟ་བུའི་དོན་ལ་ཡིན་ནོ། །དེ་མེད་ན་མེད་པ་ཉིད་ན་མེད་ན་འབྱུང་བ་ཁོ་ནའོ། །དེས་ན་དོན་འདི་ཡིན་ཏེ། གང་གི་ཕྱིར་ཡོད་པ་ཙམ་དང་རྗེས་སུ་འབྲེལ་པའི་རང་བཞིན་ལ་
མེད་ན་མི་འབྱུང་བ་ཡིན་པ་དེའི་ཕྱིར་འདི་འདིར་རིགས་པ་ཁོ་ནའོ། །གཏན་ཚིགས་བཤད་པ་ཐ་དད་མེད་ཕྱིར་རོ། །ཐ་དད་པ་མེད་པ་ཉིད་ཀྱི་ཕྱིར་ཡོད་པ་དང་རྗེས་སུ་འབྲེལ་པར་བརྗོད་དོ། །དེས་ན་ཇི་ལྟར་མེད་ན་མི་འབྱུང་བར་མི་འགྱུར། ཅི་སྟེ་ཐ་དད་པ་མེད་པར་ཇི་ལྟར་རྟོགས་ཤེ་ན། ཆོས་
གང་ཞིག་ཅིག་ཤོས་གང་གི་བདག་ཉིད་དུ་གྱུར་པ་དེ་ནི་རྣམ་པར་དཔྱད་པ་ལས་དེ་ལྟ་བུ་རྟོགས་པ་ཁོ་ན་སྟེ། ཐ་དད་པ་ངེས་པ་རྟག་པར་ཇི་སྐད་བཤད་པ་བཞིན་ནོ། །བྱས་པ་ལ་སོགས་མི་རྟག་པ་ལ་སོགས་པའི་རང་བཞིན་དུ་ནི་རང་ཉིད་ཉེ་བར་བཀོད་དེ་སྟོན་པར་འགྱུར་རོ། །གང་ཁོ་ན་
Vol. 182 · folio 152a
ཡོད་པའི་རང་བཞིན་ཞེས་བརྗོད་པ་ཡོད་པ་ཙམ་དང་རྗེས་སུ་འབྲེལ་པ་དེ་ཁོ་ན་འདི་གང་ཡོད་པ་ཙམ་དང་རྗེས་སུ་འབྲེལ་པའི་ཡོད་པ་ཡིན་ནོ། །དེས་ན་འདིར་རྣམ་པ་འདི་ལྟ་བུའི་རིགས་པས་མེད་ན་མི་འབྱུང་བ་འགྲུབ་པ་ཡིན་ནོ། །ཐ་མི་དད་པ་དེའི་རིགས་པ་ཁོང་དུ་ཆུད་
པ་ནི་གཏན་ཚིགས་དེ་དང་དེ་དག་ལ་ཐ་དད་པ་ཡིན་ནོ། །འདི་ལྟར་བྱས་པ་གང་ཡིན་པ་དེ་ཉིད་མི་རྟག་པ་ཡིན་པའི་ཕྱིར་དངོས་སུ་ཐ་དད་པ་མེད་པའི་ཕྱིར་རང་བཞིན་གྱི་གཏན་ཚིགས་ཀྱི་མེད་ན་མི་འབྱུང་བ་ཡིན་ནོ། །རང་གི་མཚན་ཉིད་ཐ་མི་དད་པ་ནི་མ་ངེས་པ་ཁོ་ན་སྟེ། དེ་གཅིག་ལ་འཁྲུལ་པ་མེད་
ཀྱང་རང་གི་མཚན་ཉིད་གཞན་ལ་ཡང་དེ་ལྟར་འགྱུར་བར་ངེས་པ་མེད་པའི་ཕྱིར་རོ། །ཇི་ལྟར་མི་རྟག་པ་གཅིག་རྩོལ་བ་ལས་བྱུང་བ་ཡིན་ཡང་གཞན་རྩོལ་བ་ལས་བྱུང་བ་མ་ཡིན་པར་འགྱུར་བ་བཞིན་ཏེ། དེས་ན་རྩོལ་བ་ལས་བྱུང་བ་ཡང་འགའ་ཞིག་མི་རྟག་པ་མ་ཡིན་པར་འགྱུར་རོ་
ཞེས་ཐེ་ཚོམ་འཇུག་པར་འགྱུར་རོ། །མ་ཡིན་ཏེ་དེའི་བདག་ཉིད་ནི་མི་མཐུན་པའི་ཕྱོགས་ལ་གནོད་པའི་ཚད་མས་འཇུག་པས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར། གང་ལ་ཡོད་པ་དེ་ཁོ་ནར་འདི་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་འོ་ན་ཐ་མི་དད་པ་ཙམ་དེའི་བདག་
ཉིད་མ་ཡིན་ནོ་ཞེས་གཞན་དུ་གཏན་ལ་ཕབ་ཟིན་ཏོ། །མི་མཐུན་པའི་ཕྱོགས་ལ་གནོད་པའི་ཚད་མ་ཉིད་ཀྱིས་ལྡོག་པ་གྲུབ་ན་རྗེས་སུ་འགྲོ་བ་ཡང་དེའི་ཤུགས་ཀྱིས་འཕངས་པས་གྲུབ་པའི་ཕྱིར་གཏན་ཚིགས་ཀྱི་དངོས་པོར་གྲུབ་པས་ན་དེའི་བདག་ཉིད་ཁས་བླངས་པས་ཅི་བྱ་དེས་
ན་རྒྱུ་དང་འབྲས་བུ་དང་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་གྲུབ་ན་བལྟར་རུང་བའི་ཡུལ་ཅན་གྱི་རྒྱུ་དང་ཁྱབ་པར་བྱེད་པ་མི་དམིགས་པ་དག་གིས་འབྲས་བུ་དང་རང་བཞིན་གྱི་གཏན་ཚིགས་ཀྱི་ལྡོག་པ་ངེས་སོ་ཞེས་བྱ་བ་ཡང་མི་འཐད་པར་འགྱུར་རོ། །འདི་ལྟར་རང་བཞིན་
གྱི་གཏན་ཚིགས་ལ་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་གྲུབ་པ་ཉིད་མི་མཐུན་པའི་ཕྱོགས་ལ་གནོད་པར་བྱེད་པའི་ཚད་མའི་དབང་གིས་ཡིན་ན་མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་གནོད་པའི་ཚད་མས་གོ་ལྡོག་པ་ཇི་ལྟར་མི་ངེས། དེས་ཁྱབ་པར་བྱ་བ་དང་ཁྱབ་
Vol. 182 · folio 152b
པར་བྱེད་པའི་དངོས་པོ་ངེས་པའི་སྔོན་རོལ་དུ་ངེས་པར་འགྱུར་བའི་ལྡོག་པ་གང་ཡིན་པ་དེ་གྲུབ་པ་ན་ཁྱབ་པར་བྱེད་པ་མི་དམིགས་པ་གཞན་གྱི་དོན་ཅི་ཡོད། གལ་ཏེ་རྗེས་སུ་འགྲོ་བ་ཉིད་འབྲེལ་པ་ཡིན་ལ་དེ་ཡང་མི་མཐུན་པའི་ཕྱོགས་ལ་གནོད་པའི་ཚད་མས་ལྡོག་པ་སྒྲུབ་པས་བསྒྲུབ་པར་
བྱ་བ་ཡིན་པའི་ཕྱིར་གནོད་པར་བྱེད་པའི་ཚད་མས་འབྲེལ་པ་ངེས་པར་བརྗོད་པ་ཡིན་ནོ་ཞེ་ན། དེ་ནི་མི་རུང་སྟེ། དེ་ལྟ་ན་ཡང་ཇི་སྐད་བཤད་པའི་སྐྱོན་མི་ལྡོག་པའི་ཕྱིར་རོ། །རྗེས་སུ་འགྲོ་བ་འབྲེལ་པ་ལས་གཞན་ཉིད་དོ་ཞེས་ནི་སྔར་བཤད་ཟིན་ཏོ། །དེའི་ཕྱིར་ཆོས་གཅིག་གི་བདག་ཉིད་
ཁོ་ན་འབྲེལ་པ་ཡིན་ལ། དེ་ཡང་དེ་དང་ཆོས་གཅིག་གི་བདག་ཉིད་ཁོ་ན་ལས་དེ་རྟོགས་པ་ན་དེའི་རང་གི་ངོ་བོ་རྣམ་པར་དཔྱད་པས་གྲུབ་པ་ཉིད་དོ་ཞེས་རིགས་སོ། །ད་ནི་འདིར་དོན་ཐ་མི་དད་ཀྱང་ཆོས་ཐ་དད་པར་རྟོགས་པར་བསྒྲུབ་པའི་ཕྱིར། འོ་ན་ད་ནི་ཞེས་རྒོལ་བར་བྱེད་དོ། །གལ་ཏེ་
ཇི་སྐད་བཤད་པའི་ཚུལ་གྱིས་དེ་ཙམ་དང་རྗེས་སུ་འབྲེལ་པའི་རང་བཞིན་ཉིད་ཡོད་པ་ཡིན་པའི་ཕྱིར་བྱས་པ་གང་ཡིན་པ་དེ་ཉིད་མི་རྟག་པ་ཡིན་ན། དེའི་ཚེ་བྱས་པ་དང་མི་རྟག་པ་དག་ཐ་དད་པ་མེད་པའི་ཕྱིར་བསྒྲུབ་བྱའི་ཆོས་ཅན་དང་ཆོས་ཀྱི་སྤྱིའི་མཚན་ཉིད་དམ་བཅས་པའི་དོན་གྱི་ཕྱོགས་
གཅིག་བསྒྲུབ་པར་བྱ་བའི་ཆོས་བྱས་པས་མི་རྟག་པ་སྒྲུབ་པ་ན་གཏན་ཚིགས་སུ་བརྗོད་པར་འགྱུར་རོ། །བྱས་པ་དང་མི་རྟག་པ་གཅིག་པའི་ཕྱིར་བྱས་པ་མི་རྟག་གོ་ཞེས་བྱས་ན་མི་རྟག་པའི་ཕྱིར་མི་རྟག་གོ་ཞེས་བརྗོད་པར་འགྱུར་ལ། དེས་ན་གཏན་ཚིགས་མ་གྲུབ་པར་འགྱུར་ཏེ།
བསྒྲུབ་པར་བྱ་བའི་ཆོས་བཞིན་དུ་དེ་ཡང་མ་རྟོགས་པའི་ཕྱིར་རོ་ཞེ་ན། འདི་སྤངས་པའི་ཕྱིར་ཉེས་པ་དེ་ནི་མེད་དེ་ཞེས་བྱ་བ་ལ་སོགས་པའོ། །གང་ཕྱིར་དངོས་ཀུན་ཏེ། གསལ་བ་འབའ་ཞིག་ཏུ་ནི་མ་ཟད་དེ། སྤྱི་ཡང་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལྡོག་པ་ལ་ནི་རྟེན་པ་ཅན་དེ་ལྡོག་པ་
དང་ལྡན་པ་ཡིན་ནོ། །གང་ལས་ཤེ་ན། མཐུན་པའི་དངོས་པོ་གཞན་གྱི་དངོས་དག་ལས་སོ། །རང་གི་དངོས་པོ་ནི་མཐུན་དངོས་ཏེ། བདག་གི་བའི་དངོས་པོའོ། །བདག་གི་བ་ཡང་འབྲེལ་པ་ལས་ཡིན་ལ། དེ་ཡང་རིགས་འདྲ་བ་ཉིད་ལས་ཡིན་ནོ། །དེ་བཞིན་དུ་གཞན་རིགས་མི་
Vol. 182 · folio 153a
མཐུན་པ་ནི་གཞན་གྱི་དངོས་པོ་ཡིན་ནོ། །རིགས་མཐུན་དང་རིགས་མི་མཐུན་པ་ལས་ལྡོག་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གཏན་ཚིགས་བཤད་པ་ནི་རང་བཞིན་གྱིས་རང་རང་ངོ་བོ་ལ་གནས་ཕྱིར། དེས་ན་དོན་འདི་ཡིན་ཏེ་དངོས་པོ་རང་གི་རང་བཞིན་གྱིས་གང་གི་
ཕྱིར་རང་གི་རང་བཞིན་གྱི་མཐར་ཐུག་པ་ཡིན་གྱི་གཞན་གྱི་བདག་ཉིད་ལ་མི་འགྲོ་བ་དེའི་ཕྱིར་དེ་ལས་འདིའི་རང་བཞིན་དེ་ལྡོག་པ་ཡིན་ནོ། །གང་གི་ཕྱིར་འདི་རང་གི་བདག་ཉིད་དུ་ཡོད་པ་དེའི་ཕྱིར་གཞན་གྱི་བདག་ཉིད་ལ་མེད་པས་ལྡོག་པ་ཡིན་ནོ། །དེས་ན་ཤིང་ཤིང་གི་བདག་ཉིད་ཀྱི་རང་
བཞིན་གྱིས་རང་གི་ངོ་བོ་ལ་གནས་པ་དེས་ན་བ་ལང་ལ་སོགས་པ་ཤིང་མ་ཡིན་པ་ལ་མེད་པ་དེའི་ཕྱིར་ཤིང་མ་ཡིན་པ་ལས་ལྡོག་པ་ལ་བརྟེན་པ་ཡིན་ནོ། །དེ་བཞིན་དུ་དེ་ཉིད་ཤ་པའི་རང་བཞིན་གྱིས་སེང་ལྡེང་ལ་སོགས་པ་ལ་མེད་པས་སེང་ལྡེང་ལ་སོགས་པ་ལས་ལྡོག་པས་ན་རིགས་མཐུན་
པ་ལས་ཀྱང་ལྡོག་པ་ཡིན་ནོ། །གསལ་བ་ནི་གསལ་བའི་བདག་ཉིད་ཁོ་ནས་ལྡོག་པ་ཡིན་གྱི། སྤྱིའི་བདག་ཉིད་ཀྱིས་ནི་འདྲེ་བར་འགྱུར་རོ་ཞེས་བྱ་བའི་དོགས་པ་བཟློག་པའི་ཕྱིར། ཀུན་ཞེས་སྨོས་སོ། །དེ་ལྟར་ཡང་འབྲེལ་བར་སྟོན་པར་འགྱུར་རོ། །དེས་ན་དེ་ལྟར་དངོས་པོ་ལ་
དངོས་པོ་གཞན་མེད་པའི་ཕྱིར་ལྡོག་པ་ཡོད་པར་བསྒྲུབས་ནས་ད་ནི་དེའི་རྒྱུ་མཚན་ཅན་གྱི་རྟག་པ་ཐ་དད་པ་བསྟན་པའི་ཕྱིར་དེ་ཕྱིར་ཞེས་སྨོས་སོ། །གང་གི་ཕྱིར་ལྡོག་པ་ལ་བརྟེན་པ་ཅན་ཡིན་པ་དེའི་ཕྱིར་གང་དང་གང་ལས་དོན་ལྡོག་པ་དོན་ལ་དོན་གང་དང་གང་མེད་པའི་ཕྱིར་ལྡོག་པ་རྣམས་
མང་བ་ཉིད་དུ་བརྗོད་དོ། །དེའི་རྒྱུ་ཅན་གྱིས་ཏེ་དེའི་རྒྱུ་མཚན་ཅན་གྱིས་རིགས་དབྱེ། རྣམ་པར་རྟོག་པའི་ཤེས་པས་རིགས་ཐ་དད་པར་རབ་ཏུ་བརྟགས་པ་ཡིན་ནོ། །འདི་སྐད་བརྗོད་དེ། གང་དང་གང་དོན་ལ་མེད་པ་དེ་དང་དེའི་གཉེན་པོར་གྱུར་པའི་ཆོས་དོན་ལ་སྣང་བ་ཡིན་ནོ། །
མང་པོའི་ཚིག་གིས་ནི་ཆོས་མང་པོར་བསྟན་ཏོ། །དེ་དག་ཀྱང་རྗེས་སུ་འགྲོ་བའི་རང་བཞིན་དུ་སྣང་ངོ་ཞེས་རིགས་ཀྱི་ཚིག་སྦྱར་བས་བསྟན་ཏོ། །བྱས་པ་དང་མི་རྟག་པ་ལ་སོགས་པར་བརྟགས་པའི་ཆོས་དེ་དག་ནི་ཉ་ཕྱིས་ལ་སོགས་པ་ལ་དངུལ་ལ་སོགས་པ་ལྟར་གཏན་མེད་པ་ནི་མ་ཡིན་ནོ་
Vol. 182 · folio 153b
ཞེས་བཤད་པ་ནི། དེའི་ཁྱད་པར་ནི་རྟོགས་འགྱུར་བ་དག་རབ་ཏུ་བྱེད་ཅེས་བྱ་བ་ཡིན་ནོ། །ལྡོག་པའི་མཚམས་སུ་གྱུར་པའི་དངོས་པོ་གཞན་དག་ལས་ཁྱད་པར་དུ་གྱུར་པའི་ཕྱིར་ཁྱད་པར་ཏེ། དངོས་པོའི་རང་བཞིན་དུ་གྱུར་པ་ཐ་དད་པ་དང་འདྲེ་བ་དང་བྲལ་བའི་བྱས་པ་དང་མི་
རྟག་པ་ལ་སོགས་པའོ། །ཐ་དད་པ་དང་རྗེས་སུ་འགྲོ་བའི་མི་རྟག་པ་ལ་སོགས་པ་རང་བཞིན་གྱི་རྟེན་ལ་མེད་ཀྱི་རང་གི་ངོ་བོ་ནི་མ་ཡིན་ཏེ་དེས་ན་བརྟགས་པ་རྟོགས་པའི་སྒོ་ནས་དེ་རྟོགས་པར་རུང་བ་ཡིན་ནོ། །འདི་བསྟན་པ་ན་སྐབས་ཀྱི་ཉེས་པར་ཐལ་བ་མེད་དོ་ཞེས་བཤད་པ་ནི་
དེའི་ཕྱིར་ཞེས་བྱ་བའོ། །དོན་གྱི་རང་བཞིན་མི་རྟག་པ་ཉིད་ཀྱི་མཚན་ཉིད་ཀྱི་ཁྱད་པར་གང་ཞིག་བརྟགས་པའི་རིགས་ཀྱི་དབྱེ་བའི་ཆོས་གང་གིས་གོ་བར་འགྱུར་བའི་ཁྱད་པར་དེ་ཆོས་དེ་ལས་གཞན་གྱིས་གོ་བར་ནུས་པ་མ་ཡིན་ཏེ། དངོས་པོའི་མི་རྟག་པ་གང་ཞིག་མི་རྟག་པ་
ཞེས་བརྟགས་པའི་ཆོས་ཀྱིས་ཆོད་ནས་ཁྱད་པར་གྱིས་རྟོགས་པ་དེ་ནི་བྱས་པ་ཞེས་བྱ་བའི་རྣམ་པ་འདིས་རྟོགས་པར་ནུས་པ་མ་ཡིན་ལ། དེ་བཞིན་དུ་བྱས་པ་ཞེས་བྱ་བས་རྟོགས་པ་ཡང་མི་རྟག་པས་རྟོགས་པ་མ་ཡིན་ནོ། །དེས་ན་དོན་འདི་ཡིན་ཏེ། གང་གི་ཕྱིར་དངོས་སུ་བྱས་པ་ཉིད་ལ་
སོགས་པ་བདག་ཉིད་གཅིག་པ་ཡིན་ཡང་རྣམ་པ་དེ་ལྟ་བུའི་ཚུལ་གྱིས་ནི་རྟོགས་པ་ཐ་དད་པ་ཡོད་པ་ཡིན་ཏེ། གང་གིས་མི་རྟག་པ་མ་གྲུབ་པའི་ཕྱིར་བྱས་པ་ཞེས་བྱ་བར་བརྗོད་པ་ཡང་མ་གྲུབ་པར་འགྱུར་བའམ། དེ་གྲུབ་ན་ཡང་མི་རྟག་པ་ཡང་གྲུབ་པས་དོན་མེད་པར་འགྱུར་བ་བྱས་པར་
རྟོགས་པ་མི་རྟག་པ་ཉིད་ཀྱི་ཡུལ་ཅན་ནི་མ་ཡིན་ནོ། །དངོས་པོ་ལ་གཅིག་ཡིན་ཡང་དངོས་སུ་རྟོགས་པ་མ་ཡིན་པའི་ཕྱིར་རྟོགས་པ་གཅིག་གཟུང་བ་མ་ཡིན་ནོ། །གཞན་སེལ་བའི་ཡུལ་ཅན་ཉིད་ཀྱིས་རྟོགས་པ་ཐ་དད་པར་སྣང་བའི་ཕྱིར་གཅིག་རྟོགས་ཀྱང་གཞན་རྟོགས་པ་མ་ཡིན་ནོ། །
དེ་ལྟ་མོད་ཀྱི་རྣམ་པ་ཐམས་ཅད་དུ་དངོས་པོ་ཡོངས་སུ་དོར་བ་མ་ཡིན་པའི་ཕྱིར་རྣམ་པ་ཅི་ཞིག་ལྟར་ཡང་རྟོགས་པ་གྲུབ་པ་དེས་ན་ཇི་སྐད་བཤད་པའི་ཉེས་པའི་གོ་སྐབས་མེད་དོ། །འགྲེལ་པ་ནི་དངོས་པོ་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །གང་གི་ཕྱིར་དངོས་པོ་ཐམས་ཅད་ནི་
Vol. 182 · folio 154a
རང་གི་ངོ་བོ་ལ་གནས་པ་ཅན་ཁོ་ན་ཡིན་ཏེ། འདི་དག་ལ་རང་གི་ངོ་བོ་ལ་གནས་པ་ཡོད་པ་ཡིན་ནོ། །དོན་གྱི་རང་གི་ངོ་བོ་གང་ཡིན་པ་དེ་ཉིད་འདིའི་ངོ་བོ་ཡིན་ནོ། །དེ་ཙམ་གྱི་ངོ་བོ་ནི་རང་གི་བདག་ཉིད་ཁོ་ན་ལ་གནས་པ་ཡིན་གྱི་གཞན་གྱི་བདག་ཉིད་ལ་ནི་མ་
ཡིན་ནོ། །དེ་ལྟར། རང་རང་ངོ་བོ་ལ་གནས་ཕྱིར། །ཞེས་བྱ་བའི་གཏན་ཚིགས་བཤད་ནས། བསྒྲུབ་བྱ་འཆད་པ་ནི་དེ་ཕྱིར་དེ་དག་ནི་རང་གཞན་དུ་འདྲེ་བར་མི་བྱེད་དོ། །གཞན་ལ་ཡོད་པ་མ་ཡིན་ནོ། །རིགས་མཐུན་པ་དང་རིགས་མི་མཐུན་པ་གཞན་ལས་ལྡོག་གོ་ཞེས་བྱ་བའི་དོན་ཏོ། །
དེ་དག་རང་གི་ངོ་བོ་ལ་གནས་པའི་ཕྱིར་གཞན་གྱི་ངོ་བོ་ལས་ལྡོག་པ་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་འདི་ལ་རིགས་པ་ཅི་ཡོད་ཅེ་ན། དེ་གཞན་མ་ཡིན་པ་ཉིད་དུ་ཐལ་བར་གྱུར་པའི་ཕྱིར་རོ་ཞེས་སྨོས་སོ། །གལ་ཏེ་གཞན་དེ་དེ་ཉིད་ཡིན་ན། དེ་ལྟ་ན་འདི་གཞན་གྱི་ངོ་བོ་དང་འདྲེས་པར་འགྱུར་བ་ཡིན་
ནོ། །གང་གི་ཚེ་འདི་གང་ཡིན་པ་ནི་དེ་ཁོ་ན་ཡིན་ལ་གཞན་ནི་གཞན་ཁོ་ན་ཡིན་པ་དེའི་ཚེ་འདྲེས་པའི་དོན་ཅི་ཞིག་ཡོད། དེ་ལྟ་ན་ནི་རང་རང་གི་ངོ་བོ་ལ་གནས་པ་ཉིད་དུ་གསལ་བར་འགྱུར་རོ། །འདྲེས་པར་གྱུར་པས་བྱས་ཏེ་འདི་དག་གཅིག་ཏུ་གྱུར་ན་ཡང་དེ་གཞན་མ་ཡིན་པ་ཕ་རོལ་པོར་མ་
གྱུར་པ་ཉིད་དུ་འགྱུར་བས་དེ་ལྟ་ན་ཡང་གཞན་གྱི་བདག་ཉིད་ལ་འདྲེ་བ་མ་གྲུབ་ཀྱི། འོན་ཀྱང་རང་རང་གི་ངོ་བོ་ཉིད་ལ་རྣམ་པར་གནས་པ་ཁོ་ནར་འགྱུར་རོ། །ཅི་སྟེ་ཡང་རང་བཞིན་ཐ་དད་པ་ཡོད་ཀྱང་རང་བཞིན་འགའ་ཞིག་གིས་གཅིག་པར་འགྱུར་བའི་ཕྱིར་གཞན་གྱི་བདག་ཉིད་དང་
འདྲེས་ཀྱང་གཞན་མ་ཡིན་པར་ཐལ་བར་མི་འགྱུར་ཏེ། དཔེར་ན་བུམ་པ་སྣམ་བུ་ལས་རང་གི་ངོ་བོ་ཐ་དད་ཀྱང་ཡོན་ཏན་གསུམ་གྱི་བདག་ཉིད་ཀྱིས་གཅིག་ཏུ་འགྱུར་རོ་ཞེས་ཁ་ཅིག་སེམས་པ་བཞིན་ནོ། །འདི་ལྟར་བུམ་པ་ཡང་སྙིང་སྟོབས་དང་རྡུལ་དང་མུན་པའི་བདག་ཉིད་ཡིན་ལ་སྣམ་
བུ་ཡང་ཡིན་ནོ། །ཡོན་ཏན་གསུམ་ནི་བུམ་པ་ལས་ཐ་མི་དད་ལ་སྣམ་བུ་ལས་ཀྱང་ཐ་མི་དད་དོ། །དེས་ན་གཞན་ཡིན་ཡང་འདྲེ་བར་འཐད་པ་ཡིན་ནོ་ཞེས་དོགས་པ་ཐམས་ཅད་སྨོས་པའི་འབྲས་བུ་བསྟན་པའི་ཕྱིར་གང་ཡང་ཞེས་སྨོས་སོ། །གང་ཡང་བུམ་པ་ལ་སོགས་པ་འདི་དག་གི་
Vol. 182 · folio 154b
རང་གི་བདག་ཉིད་དུ་གྱུར་པ་ཞེས་བྱ་བ་གསལ་བ་ལས་ཐ་མི་དད་པ་དང་ངོ་བོ་ཐ་མི་དད་པ་ཞེས་བྱ་བ་རྗེས་སུ་འགྲོ་བ་སྟེ། གཞུང་ལུགས་ཇི་ལྟ་བ་བཞིན་ཁས་བླངས་པའོ། །དེ་ནི་བུམ་པ་ལ་སོགས་པ་ཐ་དད་པའི་བདག་ཉིད་དེ་དག་གི་མ་ཡིན་ཏེ། རང་བཞིན་དེ་དག་གི་མ་ཡིན་ནོ་ཞེས་བྱ་བའི་
ཐ་ཚིག་གོ། །ཇི་ལྟར་ཞེ་ན་བཤད་པ་བདག་ཉིད་དུ་གྱུར་པ་ཐ་དད་པ་མེད་པའི་རང་བཞིན་ཡོད་པར་གྱུར་པ་དེའི་ཚེ་བུམ་པ་ལ་སོགས་པ་དག་མེད་པར་འགྱུར་རོ། །འདི་ལྟར་བུམ་པ་ཡོན་ཏན་གསུམ་ལས་ཐ་མི་དད་ན། བུམ་པ་ཉིད་ཡོན་ཏན་གསུམ་ཡིན་པའམ། ཡང་ན་ཡོན་ཏན་
གསུམ་ཉིད་བུམ་པ་ཡིན་པར་འགྱུར་གྱི། བུམ་པ་ཉིད་དང་ཡོན་ཏན་གསུམ་གྱི་བདག་ཉིད་དུ་ཡང་འགྱུར་བ་ནི་མ་ཡིན་ནོ། །དེ་ལྟ་ན་འོ་ན་སྔོན་པོ་སྐད་ཅིག་མ་ཉིད་ལས་ཐ་མི་དད་ན་སྔོན་པོ་ཉིད་སྐད་ཅིག་མ་ཡིན་པའི་ཕྱིར་འཇིག་པ་ཙམ་མམ་གཟུགས་ཙམ་དུ་འགྱུར་གྱི་གཟུགས་
དང་འཇིག་པར་ནི་མི་འགྱུར་རོ། །དེས་ན་ཐ་མི་དད་ཀྱང་གཟུགས་དང་འཇིག་པ་ཡིན་པ་དེ་བཞིན་དུ་བུམ་པ་ཡང་ཡོན་ཏན་གསུམ་གྱི་བདག་ཉིད་དུ་འགྱུར་རོ་ཞེ་ན་མི་མཐུན་པ་ཉེ་བར་བཀོད་པ་སྟེ་གཟུགས་ཉིད་འཇིག་པ་ཡིན་པའི་ཕྱིར་སྔོན་པོ་དང་སྐད་ཅིག་མ་དག་ཐ་དད་མེད་ཀྱང་
འདི་རྣམ་པར་རྟོག་པས་ཐ་དད་པར་རྟོགས་པ་ཡིན་ནོ། །དེ་བཞིན་དུ་གལ་ཏེ་བུམ་པ་ཉིད་ཡོན་ཏན་གསུམ་གྱི་བདག་ཉིད་ཅན་ཡིན་པས་ན་འདི་རང་བཞིན་གཅིག་ཡིན་ན་སྣམ་བུ་ལ་ཡང་ཡོན་ཏན་གསུམ་གྱི་བདག་ཉིད་ཡོད་པའི་ཕྱིར་དེ་ཡང་བུམ་པའི་རང་བཞིན་དུ་འགྱུར་རོ། །བུམ་
པའི་རང་བཞིན་ཡང་ཡིན་ལ་ཡོན་ཏན་གསུམ་ཡང་ཡིན་པའི་ཕྱིར་སྔོན་པོ་དང་སྐད་ཅིག་མ་ལ་སོགས་པ་ལྟར་ཐ་མི་དད་པའི་རང་བཞིན་ཡིན་པའི་ཕྱིར་བུམ་པའི་རང་བཞིན་དང་བྲལ་བའི་ཡོན་ཏན་གསུམ་སྣམ་བུ་ལ་ཡོད་པར་ག་ལ་འགྱུར་ཏེ། དེ་ཡོན་ཏན་གསུམ་ཉིད་མ་ཡིན་པར་
འགྱུར་རོ། །དེ་ལྟ་ན་འོ་ན་སྔོན་པོ་དང་འཇིག་པ་ཞེས་བྱ་བ་རང་བཞིན་གཅིག་ཡིན་པའི་ཕྱིར་སྔོན་པོ་ཉིད་སྤངས་ནས་སེར་པོ་འཇིག་པ་ཡིན་པར་མི་འགྱུར་བའམ། འཇིག་པ་ཡིན་ན་ནི་སྔོན་པོ་ཉིད་དུ་ཐལ་བར་འགྱུར་རོ་ཞེ་ན། དེ་ལྟར་ནི་མི་ནུས་ཏེ། སྔོན་པོའི་བདག་ཉིད་
Vol. 182 · folio 155a
དུ་གྱུར་པའི་འཇིག་པ་ཉིད་སེར་པོ་ལ་ཁས་མ་བླངས་པའི་ཕྱིར་རོ། །དེ་ཡོད་ན་ནི་ཐལ་བ་འདིར་འགྱུར་བ་ཁོ་ན་སྟེ། དེ་སྔོན་པོ་དང་དབྱེར་མེད་པ་ན་སྔོན་པོ་སྤངས་ནས་རྗེས་སུ་འཇུག་པ་མི་སྲིད་པའི་ཕྱིར་རོ། །ཡོན་ཏན་གསུམ་ནི་སྣམ་བུ་ལས་གཞན་དུ་
ཁས་མ་བླངས་སོ། །བུམ་པ་ལ་ཡོད་པ་ནི་བུམ་པ་དང་ཐ་མི་དད་པས་ན་སྣམ་བུ་བུམ་པར་ཐལ་ལོ། །དེས་ན་ཡོན་ཏན་གསུམ་ཙམ་རྗེས་སུ་འཇུག་པ་དེ་བུམ་པ་ལས་གཞན་ཡིན་པར་འགྱུར་རོ། །དེས་ན་བུམ་པ་ཉིད་ཡོན་ཏན་གསུམ་ཡིན་ནོ་ཞེས་ཁས་མི་བླང་ངོ་། །དེས་ན་རྣམ་
པར་རྟོག་པ་སྔ་མ་ལ། བུམ་པ་ཉིད་ཡོན་ཏན་གསུམ་ཡིན་པར་འགྱུར་བའི་ཕྱིར་སྣམ་བུ་བུམ་པ་ཉིད་དུ་ཐལ་ལོ། །འོན་ཏེ་ཡོན་ཏན་གསུམ་གྱི་བདག་ཉིད་ཁོ་ན་བུམ་པ་ཡིན་ནོ། །དེའི་ཚེ་དེ་དག་མེད་པ་ཁོ་ནར་འགྱུར་རོ། །དེ་བཤད་པ་ནི་དེ་ཁོ་ན་ཡིན་པར་འགྱུར་ཏེ་ཞེས་བྱ་བའོ། །
གང་གི་ཕྱིར་ཐ་མི་དད་པ་གསལ་བ་ལ་རྗེས་སུ་འགྲོ་བ་ཡོད་པ་ཡིན་པ་དེའི་ཕྱིར་དེ་ཁོ་ན་ཡིན་པར་འགྱུར་རོ། །གལ་ཏེ་ཇི་ལྟར་ཐ་མི་དད་པ་ཡོད་པ་དེ་བཞིན་དུ་གསལ་བའི་རང་བཞིན་དུ་ཐ་དད་པ་ཡང་ཡོད་པ་མ་ཡིན་ནམ་ཞེ་ན་མ་ཡིན་ནོ་ཞེས་བཤད་པ་ནི་ཐ་དད་པ་ཡང་མེད་པའི་ཕྱིར་རོ་ཞེས་བྱ་
བའོ། །བུམ་པ་ལ་སོགས་པ་གསལ་བའི་བདག་ཉིད་ཐ་དད་པ་ནི་ཡོད་པ་མ་ཡིན་ནོ། །དེ་ཡོད་ན་དེ་ལས་མ་རྟོགས་པ་ཞེས་གཞི་མཐུན་པས་གཏན་ཚིགས་ཡིན་ནོ། །འདི་སྐད་བཤད་པ་ཡིན་ཏེ་གལ་ཏེ་བུམ་པ་ལ་སོགས་པ་ཐ་དད་པ་ཡོད་ལ་ཡོན་ཏན་གསུམ་ཡང་ཐ་མི་དད་པ་ཡིན་ན།
དེའི་ཚེ་དེ་དང་ཐ་དད་པར་འགྱུར་བའི་ཕྱིར་འདི་ཁས་བླང་བར་ནུས་པ་མ་ཡིན་ནོ། །ཇི་སྐད་བརྗོད་པའི་བསམ་པ་ཐ་མི་དད་པ་ལས་ཉེས་པ་བཤད་པ་ནི་དེ་ཉིད་ཐ་དད་པར་ནི་ཞེས་བྱ་བའོ། །གལ་ཏེ་ཡོན་ཏན་གསུམ་གྱི་བདག་ཉིད་ལས་བུམ་པ་ཉིད་ཐ་དད་པ་མ་ཡིན་ན། དེའི་ཚེ་འདི་སྣམ་བུ་ལ་
སོགས་པ་ལས་ཐ་མི་དད་པས་ཇི་ལྟར་ཡང་བུམ་པ་ལ་སོགས་པ་ཐ་དད་པར་འགྱུར། བུམ་པ་དང་ཐ་མི་དད་པའི་ཡོན་ཏན་གསུམ་སྣམ་བུ་ལས་ཐ་དད་པ་མེད་བཞིན་དུ་ཡང་སྣམ་བུ་ལ་སོགས་པའི་རང་བཞིན་གྱིས་ཐ་དད་དོ་ཞེས་ནི་མི་འཐད་དོ། །དེའི་ཕྱིར་ཡོན་ཏན་གསུམ་ཙམ་ཉིད་ཡོད་པ་
Vol. 182 · folio 155b
ལུས་པ་ཡིན་ལ་དེ་ལྟ་ན་ཡང་དངོས་པོ་ཐམས་ཅད་རང་རང་གི་ངོ་བོ་ལ་གནས་སོ་ཞེས་གྲུབ་བོ་ཞེས་སྟོན་པ་ནི། དེ་ཡང་ཞེས་བྱ་བ་ཡིན་ནོ། །གང་གི་ཚེ་ཐ་མི་དད་པར་ཁས་བླངས་པ་གང་ཡིན་པ་དེ་ཁོ་ན་ཡོད་དོ་ཞེས་ལུས་པར་གྱུར་པ་དེའི་ཚེ། གཞན་འགའ་ཡང་མེད་པས་ན་འདི་གང་དུ་འདྲེ་བར་
འགྱུར་ཏེ་དེས་ན་རང་གི་བདག་ཉིད་ལ་རྣམ་པར་གནས་པ་གྲུབ་པའི་ཕྱིར་གཞན་ལ་ལྡོག་པ་ཡིན་ནོ། །འོ་ན་དོན་ཐ་དད་པ་ཡང་ཡོད་པར་འགྱུར་ལ་ཐ་དད་པ་རྣམས་ཀྱི་རང་བཞིན་ཐ་མི་དད་པ་ཡང་ཡོད་པ་ཡིན་ནོ། །གང་གིས་ཇི་སྐད་བཤད་པའི་སྐྱོན་དུ་འགྱུར་བ་ཐ་དད་པ་དག་དང་ཐ་མི་དད་པར་དབྱེར་མེད་པ་ནི་
མ་ཡིན་ཏེ། འོན་ཀྱང་ཐ་དད་པ་ཁོ་ནའོ། །ཐ་མི་དད་པ་དེ་ནི་ཐ་དད་པ་དེ་དག་ལ་འབྲེལ་པ་རྣམ་པར་གནས་པ་ཡིན་ནོ། །དེ་བས་ན་ཐ་དད་པར་རང་གི་བདག་ཉིད་ཀྱིས་རང་རང་གི་ངོ་བོ་ལ་རྣམ་པར་གནས་པའི་ཕྱིར་མ་འདྲེས་ཀྱང་འདི་དག་ལ་ཐ་མི་དད་པའི་རང་བཞིན་ཡོད་པ་གང་ཡིན་པ་དེ་དང་འབྲེལ་
པའི་ཕྱིར་འདི་དག་དེའི་བདག་ཉིད་ཀྱིས་འདྲེ་བ་ཡིན་ནོ། །དེས་ན་བུམ་པ་ལ་སོགས་པ་དག་བུམ་པ་ལ་སོགས་པ་བདག་ཉིད་ཀྱིས་རང་རང་གི་ངོ་བོ་ལ་གནས་ཀྱང་ཡོད་པའི་བདག་ཉིད་ཀྱིས་འདྲེ་བར་འགྱུར་ཏེ། ཡོད་པའི་མཚན་ཉིད་ཀྱི་དེའི་བདག་ཉིད་ནི་དེ་དག་དང་འབྲེལ་བའི་ཕྱིར་ཏེ།
ཐམས་ཅད་ལ་ཡོད་པའི་ཕྱིར་རོ། །དེས་ན་བདག་ཉིད་འགའ་ཞིག་འདྲེ་བར་འགྱུར་བས་ན། གང་ཕྱིར་དངོས་ཀུན་རང་བཞིན་གྱིས། །ཞེས་ཇི་ལྟར་བརྗོད་ཅེ་ན་ཞེས་དོགས་པ་ལ། དོན་གཞན་ཡང་ཞེས་སྨོས་སོ། །དོན་གཞན་ཉིད་ཀྱིས་སྔར་གྱི་སྐྱོན་མེད་པར་བསྟན་ཏོ། །དེ་ལྟ་ཡིན་
ན་དེ་དག་གི་རང་བཞིན་ཡིན་པའི་ཕྱིར་འདྲེ་བར་མི་འགྱུར་རོ་ཞེས་བྱ་བ་བཟློག་པའི་ཕྱིར། དུ་མ་དང་འབྲེལ་ཀྱང་ཞེས་སྨོས་སོ། །དེ་ལྟ་བུར་གྱུར་པས་ཀྱང་དེ་དག་འདྲེ་བ་མ་ཡིན་ནོ་ཞེས་བཤད་པ་ནི། དེ་ནི་དེ་དག་གི་སྤྱི་མ་ཡིན་ཏེ་ཞེས་སྨོས་སོ། །དུ་མ་གང་དག་དང་འདི་འབྲེལ་པ་དེ་དག་གི་
སྤྱི་དེ་མ་ཡིན་ནོ། །གལ་ཏེ་འདི་དག་གིས་སྤྱིར་གྲུབ་ན་ནི་དེའི་ཚེ་འདི་དག་གི་མཚུངས་པ་ཡིན་པའི་ཕྱིར་དེའི་བདག་ཉིད་ཀྱིས་འདྲེ་བར་འགྱུར་བ་ཞིག་ན་དེ་ལྟ་ན་ནི་མ་ཡིན་ནོ། །མ་ཡིན་པར་ཇི་ལྟར་རྟོགས་ཤེ་ན། དེའི་ངོ་བོ་མ་ཡིན་པའི་ཕྱིར་རོ་ཞེས་བརྗོད་དོ། །གལ་ཏེ་འདི་དེ་དག་དང་
Vol. 182 · folio 156a
འབྲེལ་པར་ཁས་བླངས་པའི་ཕྱིར་འདི་དག་གི་ངོ་བོ་ཉིད་མ་ཡིན་ནམ་ཞེ་ན་བདེན་ཏེ་འདི་སྒྲ་དེ་ལྟར་བརྗོད་ཀྱི་དེ་འདི་ལྟར་བརྗོད་པར་འདོད་པ་ནི་མ་ཡིན་ནོ། །དེ་དེ་དག་གི་ཐ་མི་དད་པའི་ངོ་བོ་མ་ཡིན་ནོ་སྙམ་དུ་བསམས་པའི་ཕྱིར་རོ། །དེའི་བསམ་པ་ནི་འདི་ཡིན་ཏེ། གང་གི་ཚེ་རང་བཞིན་
གཅིག་རེ་རེ་ལ་ཡོངས་སུ་རྫོགས་པས་མང་པོ་རྣམས་ཀྱི་ཐ་དད་པ་མེད་པ་ཉིད་ཀྱི་རང་བཞིན་ཡིན་ན་དེའི་ཚེ། འདི་མང་པོ་རྣམས་ཀྱི་མཚུངས་པ་ཡིན་པར་འགྱུར་རོ། །བ་ལང་དུ་རྟོགས་པའི་ཡུལ་གྱི་རང་བཞིན་གང་ཡིན་པ་དེ་དག་གང་གི་ཚེ་ཁྲ་བོ་ལ་སོགས་པ་རེ་རེ་ལ། ལ་ལ་ཐ་དད་
པ་མེད་པར་ཡོད་པ་དེའི་ཚེ་དེ་དག་ཐམས་ཅད་དེ་ལྟ་བུར་མཚུངས་པར་གྲུབ་པའི་ཕྱིར་ཐ་མི་དད་པར་དེ་ཉིད་དེ་དག་གི་སྤྱི་ཡིན་པར་འགྱུར་རོ། །ཐ་དད་པ་གཅིག་ནི་ཡོད་ཀྱང་དེ་དག་གི་རང་བཞིན་གང་མཚུངས་པ་མ་ཡིན་པའི་ཕྱིར་ཇི་ལྟར་འདི་སྤྱིའི་ངོ་བོ་ཉིད་ཡིན་ནོ། །གལ་ཏེ་ཐ་མི་
དད་ན་ཐ་མི་དད་པ་ཡོད་པས་དེ་ལས་ཐ་དད་པ་མེད་པར་ཐལ་བ་མ་ཡིན་ནམ། བདེན་ན་འདིར་འདྲེ་བ་འགོག་པར་འདོད་པ་ཡིན་གྱི། སྤྱི་གཞུང་གཟུགས་པའི་དོན་དུ་ནི་མ་ཡིན་ནོ། །དེས་ན་ཐ་མི་དད་པ་ཁྱད་པར་རྣམ་པ་མེད་པའི་ཕྱིར་དང་། ཐ་དད་ན་ཡང་སྤྱིའི་ངོ་བོ་མ་ཡིན་པའི་ཕྱིར་
འདྲེ་བ་མེད་དོ། །གལ་ཏེ་གཅིག་པུ་དུ་མ་དང་འབྲེལ་པས་མཚུངས་པར་འགྱུར་ན་རིགས་མི་མཐུན་པ་དག་ཀྱང་གཉིས་ལ་སོགས་པ་དང་ལྡན་པའི་ཕྱིར་རམ་ཡན་ལག་རྣམས་ལ་ཡང་ཡན་ལག་ཅན་གཅིག་ཡོད་པའི་ཕྱིར་མཚུངས་པའི་རང་བཞིན་དུ་གྱུར་པའི་ཕྱིར་གཉིས་ཉིད་
ལ་སོགས་པ་ཡང་སྤྱིའི་རང་བཞིན་དུ་འགྱུར་རོ། །དེ་བཤད་པ་ནི་གཉིས་ཉིད་ལ་སོགས་པ་དང་ཞེས་བྱ་བའོ། །དེ་དག་ལ་ཡང་སྤྱིའི་རང་བཞིན་ཉིད་ཐལ་བར་འགྱུར་བའི་ཕྱིར་རོ། །དོན་གཞན་དེའི་ངོ་བོ་མ་ཡིན་ཡང་འབྲེལ་པའི་ཕྱིར་དེ་དག་གི་སྤྱིར་འགྱུར་བ་མ་ཡིན་ནམ་
ཞེ་ན། མ་ཡིན་ནོ་ཞེས་བཤད་པ་ནི་འབྲེལ་པ་ཅན་ཞེས་བྱ་བའོ། །འབྲེལ་པ་ཅན་གཞན་ཐ་དད་པས་ཀྱང་གཞན་དག་མཚུངས་པར་ནི་མི་འགྱུར་རོ། །འདི་ལྟར་གཅིག་ཐ་མི་དད་པ་མ་ཡིན་ན་འདི་དག་གི་རང་བཞིན་མི་འདྲ་བ་ཉིད་དོ། །དེས་ན་རང་བཞིན་མི་འདྲ་བ་རྣམས་ཀྱང་ཐ་དད་
Vol. 182 · folio 156b
གཅིག་དང་འབྲེལ་པས་མཚུངས་པ་ཞེས་བྱ་བར་ཇི་ལྟར་འགྱུར། འོ་ན་ཇི་ལྟར་འགྱུར་ཞེ་ན། དེ་དང་ལྡན་པ་དག་ཏུ་ནི་འགྱུར་ཏེ་ཞེས་སྨོས་སོ། །གཅིག་པོ་དེས་དེ་དང་ལྡན་པ་ཞེས་བྱ་བར་འགྱུར་གྱི། མཚུངས་པ་ནི་མ་ཡིན་ནོ། །རིགས་མི་མཐུན་པའི་འབྱུང་པོ་དག་མགུལ་ཆིངས་
ཀྱིས་དེ་དང་ལྡན་པ་ཡིན་པ་བཞིན་ནོ། །དངོས་པོའི་དེའི་ངོ་བོ་ཉིད་ནི་དེ་དང་རང་བཞིན་གཅིག་པའམ་དེ་དང་འབྲེལ་པ་ལས་འགྱུར་ལ། མགུལ་ཆིངས་ཀྱི་ཚུལ་དུ་འགྱུར་བ་གང་ཡིན་པ་འབྲེལ་ལོ་ཅོག་གིས་ནི་རང་བཞིན་དུ་འགྱུར་བ་མ་ཡིན་ནོ། །དེས་ན་ཇི་ལྟར་འབྲེལ་པ་ཅན་གཅིག་པས་
དེའི་རང་བཞིན་མ་ཡིན་ཡང་འབྲེལ་པ་ཅན་རྣམས་མཚུངས་པར་མི་འགྱུར་ཞེ་ན། ཤེས་པ་ཐ་མི་དད་པའི་ཡུལ་ཡང་མ་ཡིན་ཏེ་ཞེས་སྨོས་སོ། །འབྲེལ་པ་ཅན་གཞན་གྱིས་ཀྱང་ཞེས་འབྲེལ་ཏོ། །འབྲེལ་བ་ཡང་ཐ་དད་པ་དང་འབྲེལ་བ་ནི་མ་ཡིན་ནོ། །དེས་ན་རང་གི་ངོ་བོ་མི་འདྲ་བ་རྣམས་
དེ་ཁོ་ན་བཞིན་རྟོགས་པར་འགྱུར་རོ། །དེས་ན་འབྲེལ་པས་ནི་དེ་དང་ལྡན་པ་ཉིད་དུ་འགྱུར་རོ། །འབྱུང་པོ་བཞིན་ནོ་ཞེས་བྱ་བ་ནི་ཆོས་མཐུན་པའི་དཔེའོ། །ཐ་མི་དད་པའི་དོན་ཉིད་དེའི་རང་བཞིན་ཉིད་ཀྱིས་ནི་ཐ་དད་པ་རྣམས་མཚུངས་པ་མ་ཡིན་གྱི་འོན་ཀྱང་ཐ་མི་དད་པ་དང་འབྲེལ་པས་ཡིན་
ནོ་ཞེ་ན་མ་ཡིན་ཏེ་རེ་ཞིག་དངོས་པོ་ནི་བཤད་ཟིན་ཏོ། །རྟོགས་པ་འདི་ཁོ་ན་ལྟར་ཡིན་ཏེ་གང་གི་ཕྱིར་འབྲེལ་པ་ཅན་དེ་དག་གིས་བདག་ཉིད་ཁོ་ན་སྲེ་ཞིང་སྤྱི་རྟོགས་པར་སྣང་གི །ཇི་ལྟར་འབྱུང་པོ་དག་བཞིན་དུ་འབྲེལ་པ་ཅན་གཅིག་དང་། འབྲེལ་པ་ཅན་དག་གོ་ཞེས་བྱ་བར་ནི་མ་ཡིན་ནོ། །འདི་ལྟར་
ཇི་ལྟར་ཁྱད་པར་གཅིག་བ་ལང་ངོ་ཞེས་བྱ་བར་སྣང་བ་དེ་བཞིན་དུ་གཞན་ཡང་ཡིན་པའི་ཕྱིར་གཅིག་སྣང་བ་གང་ཡིན་པ་དེ་ཉིད་གཞན་སྣང་བ་ཡིན་པ་དེས་ན་འདྲེས་པར་བརྗོད་དོ། །གཞན་དུ་ནི་འདྲེས་པའི་དོན་ཡོད་པ་མ་ཡིན་ནོ་ཞེས་སྟོན་པར་འགྱུར་རོ། །རང་བཞིན་གཅིག་པོ་དེས་གཅིག་གི་
བདག་ཉིད་མྱོང་བ་མེད་པར་ནི་རང་བཞིན་དེ་ཉིད་ཀྱིས་གཅིག་ལ་གཅིག་ཏུ་འཛིན་པར་བྱེད་པ་མི་འཐད་དོ། །ཐ་དད་པ་དེ་དག་དེའི་རང་བཞིན་མ་ཡིན་པའི་ཕྱིར་འབྲེལ་པར་རྟོགས་པ་ཉིད་དུ་ཐལ་བའི་ཕྱིར་རོ། །དེའི་ཕྱིར་ཐ་མི་དད་པ་དང་བདག་ཉིད་གཅིག་པ་ཉིད་ཀྱིས་མཚུངས་པ་ཡིན་གྱི།
Vol. 182 · folio 157a
འབྲེལ་པས་ནི་མ་ཡིན་ནོ། །གལ་ཏེ་འདིར་འཕྲོད་པ་འདུ་བས་སྦྲེལ་བ་ཡིན་ལ་འབྱུང་པོའི་མགུལ་ཆིངས་ལ་སོགས་པ་ལྟར་འདུ་བ་ཅན་དག་ལས་ཐ་དད་པར་འཛིན་པ་ཡང་ཡོད་པ་མ་ཡིན་པ་དེས་ན་ཐ་དད་པ་དང་རྗེས་སུ་འགྲོ་བ་སྤྱི་དང་ཁྱད་པར་དག་དོན་གཅིག་ལ་འགལ་
བས་དེའི་རང་བཞིན་མ་ཡིན་པ་ཡང་ཐ་དད་པར་མ་རྟོགས་པའི་ཕྱིར་དེའི་ངོ་བོ་རྟོགས་པ་ཡིན་ནོ་ཞེ་ན། ཐ་དད་པ་མ་རྟོགས་ཀྱང་གཞན་གཞན་དུ་རྟོགས་པ་ནི་མ་ཡིན་ཏེ། འཁྲུལ་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འཁྲུལ་པར་འདོད་པ་ཁོ་ན་སྟེ། འོན་ཀྱང་དེ་སྤྱིས་མཐོང་བའི་རྒྱུ་མཚན་
གྱིས་ཡིན་པའི་ཕྱིར་དོན་གཅིག་མེད་པའི་ཕྱིར་དོན་ཐ་དད་པ་དག་ལ་ཡང་ཐ་མི་དད་པར་རྟོགས་པ་ཡང་འཐད་པ་ཡིན་ནོ་ཞེ་ན། དོགས་པ་འདི་སྨྲས་པ་ནི། གལ་ཏེ་དེ་ནི་དེ་མཐོང་བའི་འཁྲུལ་པ་ཡིན་ནོ་ཞེ་ན་ཞེས་བྱ་བའོ། །ལན་བཏབ་པ་ནི་སྤྱི་དེ་མཐོང་ངོ་ཞེས་བྱ་བ་ག་ལས་དེ་དང་ལྡན་པར་
རྟོགས་ནས་སྤྱིའི་རང་གི་ཚད་མས་གྲུབ་པར་འགྱུར་བ་ཞིག་ན། རྟེན་ཐ་མི་དད་པར་རྟོགས་པ་ན་སྤྱི་མཐོང་ངོ་ཞེས་ག་ལས་ཡིན། འོན་ཏེ་ཇི་སྐད་བཤད་པའི་ཚུལ་གྱིས་རང་རང་གི་ཚད་མས་གྲུབ་པ་མེད་ཀྱང་རྟེན་ཐ་མི་དད་པ་རྟོགས་པ་གྲུབ་པར་བྱ་བའི་ཕྱིར་འདི་ལྟར་བཀོད་པ་ཡིན་ནོ། །
གལ་ཏེ་འཁྲུལ་པས་ས་བོན་མེད་པ་ཅན། །ཞེས་བྱ་བས་དོགས་པ་དེ་བསུ་ནས་འབྲས་བུ་དེ་ཞེས་བྱ་བས་ལན་འདེབས་སོ། །འདི་སྐད་བཤད་པ་ཡིན་ཏེ་དེ་དང་ལྡན་པར་རྟོགས་པ་མེད་པའི་ཕྱིར་ཚད་མས་གྲུབ་པ་མ་ཡིན་པས་ན། གལ་ཏེ་རྟོགས་པ་གྲུབ་པར་བྱ་བ་ཉིད་ཀྱི་ཕྱིར་ཉེ་བར་
རྟོགས་ན། དེ་ནི་རྣམ་པ་གཞན་དུ་ཡང་འགྲུབ་པར་འགྱུར་ཏེ། གསལ་བ་དག་ཉིད་ལ་དེ་ལྟར་རྟོགས་པའི་ཕྱིར་རོ། །ཁྱེད་ཀྱིས་ཐ་མི་དད་པས་ཐ་དད་པ་མེད་པར་རྟོགས་པ་འཁྲུལ་པར་ཁས་བླངས་པ་ཡིན་ཏེ། དེས་དོན་རྣམས་ཐ་མི་དད་པ་མ་ཡིན་པའི་ཕྱིར་རོ། །འདི་ནི་ཐ་དད་པ་
རྣམས་ལ་ཐ་མི་དད་པར་རྟོགས་པ་འཁྲུལ་པ་ཡིན་ལ་དེ་ཡང་གསལ་བའི་བདག་ཉིད་མ་ཡིན་ཏེ། ངོ་ཤེས་པའི་ངོ་བོ་ཉིད་མེད་པའི་ཕྱིར་རོ་ཞེས་བསྟན་པར་བྱའོ། །འདི་ལྟར་ཁྲ་བོ་ཡང་བ་ལང་གི་རང་བཞིན་ཡིན་ལ། སེར་སྐྱ་ཡང་ཡིན་ནོ། །འོན་ཀྱང་དེར་ཐ་མི་དད་པའི་ཐ་སྙད་ཙམ་
Vol. 182 · folio 157b
འཁྲུལ་པ་ཡིན་ནོ། །དེའི་བ་ལང་ཉིད་ཀྱི་རང་བཞིན་ནི་གཞན་གྱི་མ་ཡིན་ནོ་ཞེས་བཤད་པར་བྱའོ། །འདི་ཉིད་འབྲས་བུ་གཅིག་པ་ཅན་ཉིད་ཀྱིས་བསྟན་ཏོ། །ཇི་ལྟར་མང་པོ་རྣམས་འབྲས་བུ་གཅིག་བྱེད་པ་ན་སོ་སོར་དེའི་རྒྱུ་ཉིད་ཕན་ཚུན་ཐ་དད་པ་ཡིན་པ་དེ་བཞིན་དུ་བ་ལང་ཉིད་ཀྱང་
ཡིན་ནོ་ཞེས་སོ། །འཕྲོད་པས་འདུ་བའི་ཕྱིར་ཐ་དད་པར་མ་མཐོང་བའི་གཅིག་པོས་དུ་མ་ཐ་མི་དད་པར་རྟོགས་པ་ཡང་མཐོང་བ་མེད་དོ། །ཇི་ལྟར་གྲངས་དང་བཅས་པ་ལ་སོགས་པའི་རྫས་དག་ལ་བཞིན་ནོ། །འབྲེལ་པ་ཅན་གཞན་གྱིས་ཀྱང་མ་ཡིན་ཏེ། དཔེར་ན་འབྱུང་པོ་ལ་སོགས་
པ་དག་ལ་བཞིན་ནོ་ཞེས་བཤད་པ་ནི་གྲངས་དང་བཅས་པ་ལ་སོགས་པའོ། །དེས་ན་དེ་དེ་ལྟར་ཐ་མི་དད་པ་དོན་གྱིས་དོན་རྣམས་ཀྱི་བདག་ཉིད་དམ་རྟོགས་པ་འདྲེ་བ་ལ་མ་ཡིན་ནོ་ཞེས་དེ་ལྟར་དེའི་བདག་ཉིད་ཀྱིས་འདྲེ་བ་ཉིད་བཀག་པའམ་མཇུག་སྡུད་པ་ནི་དེ་ལྟ་བས་ན་གཞན་གྱི་སྤྱི་ནི་
གཞན་མ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ནི་སྤྱིའི་རང་བཞིན་རྟེན་ཐ་མི་དད་པ་ལས་ཐ་དད་པའི་ཕྱིར་རོ། །བློ་ལ་ཞེན་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་བློ་ལ་མི་སྣང་བའི་ཕྱིར་རོ། །ཡང་ན་འདི་དག་གི་སྤྱི་གཞན་ཡིན་དུ་ཟད་དོ། །དེ་ལྟ་ན་ཡང་འདྲེས་པར་གྱུར་པ་ནི་མ་གྲུབ་སྟེ། དེས་ན་གང་
གི་ཕྱིར་དངོས་ཀུན་ཞེས་བྱ་བ་ལ་སོགས་པ་རིགས་པ་ཁོ་ནའོ་ཞེས་བཤད་པ་ནི། ཡོད་དུ་ཆུག་ན་ཡང་ཞེས་བྱ་བ་ཡིན་ནོ། །དེ་འབྲེལ་པའི་ཕྱིར་གཅིག་གི་རང་བཞིན་དུ་གྱུར་པ་དེ་ལྟར་གཞན་ཡང་ཡིན་ནོ་ཞེས་བྱ་བའི་འབྲེལ་པར་འགྱུར་བ་ཉོན་མོངས་པའི་རྣམ་པར་རྟོག་པ་ཡིན་ཏེ།
འབྲེལ་ཀྱང་རང་གི་བདག་ཉིད་ཁོ་ན་ལ་རྣམ་པར་གནས་པའི་ཕྱིར་གཞན་གྱི་ངོ་བོ་མེད་པས་དེའི་བདག་ཉིད་དང་འདྲེ་བ་མ་གྲུབ་པའི་ཕྱིར་རོ། །འབྱུང་པོ་རྣམས་ཀྱང་མགུལ་ཆིངས་ཀྱི་རང་བཞིན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འཕྲོད་པས་འདུ་བས་ཀྱང་ཐ་དད་པ་སེལ་བ་ནི་མ་ཡིན་ནོ། །དེས་ན་
དེ་ལྟར་དེ་དག་ནི་རང་དང་གཞན་དུ་འདྲེ་བར་མི་བྱེད་དེ་ཞེས་བྱ་བ་གལ་ཏེ་བསྒྲུབ་བྱ་བརྗོད་པ་ཡིན་ན། དེའི་ཚེ་དེ་ལྟ་བས་ན་དངོས་པོ་འདི་དག་ནི་ཞེས་བྱ་བ་མཇུག་བསྡུ་བ་ཡིན་ལ། དེར་ཡང་རིགས་མི་མཐུན་པར་འདོད་པ་དང་ཞེས་བྱ་བ་ནི་བཤད་པ་ཡིན་ནོ། །ཡང་ན་དེ་དག་ནི་རང་དང་གཞན་དུ་
Vol. 182 · folio 158a
འདྲེ་བར་མི་བྱེད་དེ་ཞེས་བྱ་བ་ནི་རང་གི་ངོ་བོ་ལ་གནས་པ་ཅན་ཁོ་ནའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཀྱི་བྱེད་པ་བསྟན་པ་ཡིན་ཏེ། དེས་ན་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་ནི་གཏན་ཚིགས་སྒྲུབ་པ་ན་བསྒྲུབ་བྱ་བརྗོད་པ་ཡིན་ནོ། །གང་གི་ཕྱིར་རང་གི་བདག་ཉིད་
ལ་གནས་པའི་ཕྱིར་མ་འདྲེས་པ་དེ་བས་ན། རིགས་མཐུན་པར་འདོད་པ་དང་། རིགས་མི་མཐུན་པ་ལ་སོགས་པ་ཡིན་ཏེ་ལྡོག་པ་ཡིན་ནོ། །འདོད་པས་སྨོས་པ་ནི་རིགས་མཐུན་པ་ཉིད་གཞན་གྱི་འདོད་པས་ཡིན་པར་བསྟན་པའི་ཕྱིར་རོ། །དངོས་པོ་ནི་དུ་མའི་ངོ་བོ་ཡིན་གྱི་
ཐམས་ཅད་ཀྱི་ངོ་བོ་མ་ཡིན་ཏེ། དེས་ན་དེ་ལྟ་བུའི་བདག་ཉིད་ལ་གནས་པའི་ཕྱིར་བདག་ཉིད་གང་ལ་མི་གནས་པ་དེ་ལས་ལྡོག་པ་ཡིན་ནོ་ཞེས་ཀྱང་དོགས་པར་བྱ་བ་མ་ཡིན་ནོ་ཞེས་གཏན་ཚིགས་གཞན་གྱིས་སྟོན་པ་ནི། རང་གི་ངོ་བོས་ངོ་བོ་གཅིག་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །
ཚིགས་སུ་བཅད་པ་གཉིས་པའི་དོན་བཤད་པ་ནི་དངོས་པོ་རྣམས་གང་དང་གང་ལས་ཐ་དད་པ་དེ་དང་དེ་ལས་ཐ་དད་པ་རྒྱུ་མཚན་དུ་ཉེ་བར་བརྟེན་ནས་ངོ་བོ་ཉིད་ཐ་མི་དད་ཀྱང་ཆོས་དུ་མ་ཤེས་པར་བྱེད་དོ། །གང་གིས་ཤེས་པར་བྱེད་ཅེ་ན་བཤད་པ། སྒྲ་དག་གིས་སོ། །དེ་དག་གི་
ཤེས་པ་གང་ཡིན་པ་དེ་ནི་རྣམ་པར་རྟོག་པས་ཀྱང་རྟོགས་པར་འགྱུར་བས་ཆོས་དེ་དག་རྣམ་པར་བརྟགས་པར་འགྱུར་བ་ཡིན་ཏེ། དེས་ན་སྒྲ་རྣམས་ཀྱང་ལྡོག་པའི་ཡུལ་ཅན་དུ་བསྟན་པའི་ཕྱིར་རིགས་དབྱེ་ཞེས་བྱ་བ་བརྗོད་པར་འགྱུར་བ་ཡིན་ནོ། །གལ་ཏེ་ལྡོག་པ་ཐ་དད་པའི་ཕྱིར་དེའི་
རྒྱུ་མཚན་གྱིས་ཐ་དད་པར་རྟོགས་ན། འོ་ན་རང་བཞིན་ཐ་མི་དད་པས་དེའི་རྒྱུ་མཚན་གྱིས་ཐ་མི་དད་པར་རྟོགས་པར་འགྱུར་རོ། །དེས་ན་དེའི་རྒྱུ་ཅན་གྱི་རིགས་དབྱེ་ཞེས་ཅི་སྟེ་བརྗོད་ཅེ་ན་ཞེས་དོགས་པ་ལ། མདོའི་ལྡོག་པའི་རྒྱུ་ཅན་གྱི་རིགས་དབྱེ་བ་བརྟགས་པར་བཤད་པ་ནི་
རྣམ་པར་རྟོག་པ་རྣམས་ལྡོག་པའི་ཡུལ་ཅན་ཡིན་པ་ལས་ངེས་པར་བྱའོ་ཞེས་བསྟན་པའི་ཕྱིར་དེའི་ཞེས་སྨོས་སོ། །དབྱེ་བ་ཤེས་པར་བྱ་བའི་ཕྱིར་སྒྲ་བརྡར་བཏགས་པ་ཡིན་ནོ། །དེས་ན་དེ་ཉིད་སྟོན་པ་ན་དེའི་རྒྱུ་མཚན་གྱིས་འཁྲུལ་པས་དངོས་པོ་རྣམས་ལ་ཆོས་ཐ་དད་པར་ཤེས་
Vol. 182 · folio 158b
པར་བྱེད་དོ། །རྣམ་པར་རྟོག་པས་ཡུལ་དུ་བྱས་པའི་དོན་ཉིད་ལ་སྒྲ་སྦྱོར་རོ། །དེས་ན་གལ་ཏེ་འདི་ཐ་དད་པའི་ཡུལ་ཅན་ཡིན་ན་དེའི་ཕྱིར་དེ་བསྟན་པའི་དོན་དུ་སྒྲ་དགོས་པ་ཡིན་ནོ། །དེས་ན་དེ་ལྟར་སྒྲས་བཅད་པས་དེ་ལྟ་བུའི་རྣམ་པར་རྟོག་པའི་རང་བཞིན་བརྗོད་པར་འགྱུར་བ་ཡིན་ནོ། །
དངོས་པོ་གནས་པའི་བྱ་བ་ཡོད་ན། རིགས་པ་དངོས་པོའི་ཡུལ་དུ་འགྱུར་བ་ཡིན་ནོ། །དངོས་པོ་ཡང་སྔོན་པོ་ལ་སོགས་པའི་རང་བཞིན་དུ་ངེས་པ་ཡིན་ནོ། །དེས་ན་དེ་ནི་གསལ་བའི་རང་བཞིན་གྱི་མྱོང་བས་རྟོགས་པ་ཡིན་ནོ། །དེ་ལྟར་གསལ་བ་ན་དོན་ལ་ནི་ཅུང་ཟད་ཀྱང་མ་ཡིན་
གྱི། འོན་ཀྱང་དངོས་པོ་ཇི་ལྟ་བ་དེ་ལྟ་བུའི་གསལ་བ་སྐྱེས་ན་རྟོགས་པ་པོ་དེ་རིག་པ་དང་ལྡན་པའི་ངོ་བོར་མངོན་པར་གྲུབ་པའི་ཕྱིར་འཇལ་བ་པོ་དོན་རིག་པ་ལ་ཉེ་བར་མཁོ་བ་ཡིན་གྱི། དེས་དོན་ལ་ནི་ཅིར་ཡང་མི་འགྱུར་རོ། །དེ་བཞིན་དུ་རིག་པ་འགའ་ཞིག་ནི་རྟོགས་པ་
པོ་དོན་ཕྱིན་ཅི་ལོག་ཏུ་རྟོགས་པར་བྱེད་དོ། །དེས་ཀྱང་རྟོགས་པ་པོ་ལ་དོན་ཕྱིན་ཅི་ལོག་ཏུ་བྱས་པ་ཡིན་ཏེ། དུང་སེར་པོར་ཤེས་པས་དུང་སེར་པོར་བྱས་པ་བཞིན་ནོ། །གལ་ཏེ་འདི་ནི་དུང་སེར་པོ་ཙམ་གྱི་ཡུལ་ཅན་དུང་ལ་མ་རེག་པར་དེ་ལྟར་སྣང་བ་མ་ཡིན་ནམ། རྟོགས་པ་པོ་ལ་
དོན་ཕྱིན་ཅི་ལོག་ཏུ་བྱེད་དོ་ཞེས་ཇི་ལྟར་བརྗོད་ཅེ་ན། བརྗོད་པ་དེའི་རང་བཞིན་གྱི་ཡུལ་ནོན་པ་དང་དེའི་ཐོན་ཀོར་ན་གནས་པ་བྲལ་བ་དང་དོན་དམ་པ་མ་ཡིན་པའི་དེའི་རང་བཞིན་རྟོགས་པ་ལྟ་བུར་སྣང་བ་དེ་དེར་རྗེས་སུ་ཞུགས་པ་ཉིད་ཀྱིས་དེའི་རང་བཞིན་མ་ཡིན་ཡང་དེའི་རང་བཞིན་
དུ་གྱུར་པས་སེར་པོའི་རྣམ་པར་སྣང་བའི་ཕྱིར་རོ། །སྣང་བར་གྱུར་པའི་རང་བཞིན་མཐའ་དག་སྤངས་ནས་སྣང་བར་བཟོད་པ་ནི་མ་ཡིན་ནོ། །དེས་ན་དེ་ལྟ་བུར་གྱུར་པ་མ་ཡིན་ཡང་གང་ཁོ་ན་སྣང་བ་ཞུགས་ནས་གསལ་བ་དེ་ཁོ་ན་འདིས་རྟོགས་པ་པོ་ལ་དེ་ལྟར་བསྟན་པ་ཡིན་ནོ། །
དེས་ན་དངོས་པོ་དེ་ལྟ་བུ་མ་ཡིན་པ་དག་ཀྱང་དེ་དང་ཐ་མི་དད་པར་འགྱུར་བར་བྱེད་པའི་རྟོགས་པ་འདི་ནི་དངོས་པོ་ལ་གཞོལ་བ་ཉིད་དོ། །འདིར་ཉེ་བར་སྦྱོར་བར་འགྲུབ་པ་ནི་མ་ཡིན་ནོ། །དེ་ཤེས་པ་ཉིད་ཀྱི་དགོས་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དངོས་པོ་རང་གི་ངོ་བོས་དེའི་རང་
Vol. 182 · folio 159a
བཞིན་མ་ཡིན་པ་ཡང་དངུལ་ལ་སོགས་པའི་རྟོགས་པས་དེ་ལྟར་དོན་གཞན་དང་ཐ་མི་དད་པར་བྱེད་པ་དེའི་རྟོགས་པ་བསལ་བས་ཐ་མི་དད་པར་ཟློག་པར་བྱེད་པས་ན་ཐ་མི་དད་པའི་དོན་ཅན་ཉིད་ཀྱིས་དོན་འཇལ་བ་པོ་ལ་ཉེ་བར་མཁོ་བ་ཡིན་ནོ། །ཐ་དད་པར་བྱེད་པ་ཉིད་ཀྱིས་
ཅིག་ཤོས་དང་འདྲ་བར་རྟོགས་པར་བྱེད་པ་ཡིན་པས་ན་འདི་ལ་ཡང་དོན་ལ་ཕྱོགས་པའི་བྱེད་པའི་ཡོད་པ་ཉིད་དོ། །དེས་ན་དེ་ལྟར་རྣམ་པ་གཉིས་ཡོད་པ་ལས། གལ་ཏེ་རྣམ་པར་རྟོག་པ་ཉམས་སུ་མྱོང་བ་བཞིན་དོན་རྟོགས་པའི་རང་བཞིན་ཡིན་ནོ། །གལ་ཏེ་འདིར་འགལ་བ་མི་བརྗོད་ན་
འགྱུར་བ་ཁོ་ནའོ། །དངོས་པོའི་རང་བཞིན་རྟོགས་པ་མེད་ཀྱང་ཐ་དད་པར་བྱེད་པ་ཉིད་ཀྱིས་དངོས་པོའི་མཐར་ཐུག་པར་བྱེད་པ་ནི་མི་ཉམས་སོ། །དེ་ལྟར་ཡང་བསྟན་པར་བྱའོ། །དེས་ན་འདིའི་རྟོགས་པ་དང་སྒྲུན་བཟོད་པར་དོན་དམ་པར་དོན་ལ་བྱ་བ་ནི་འདི་ཡིན་ཏེ། དེས་ན་རྣམ་པར་རྟོག་པ་
ཐ་དད་པའི་ཡུལ་ཅན་ཡིན་པའི་ཕྱིར་དེ་ཉིད་ལ་སྒྲ་བརྡར་འདོགས་པ་ཡིན་ནོ། །དེ་ཡང་ཐ་དད་པའི་དོན་ཅན་ཡིན་པའི་ཕྱིར་དུ་མའི་བཟློག་ཕྱོགས་སུ་གྱུར་པའི་དངོས་པོ་གཅིག་ལ་ཡང་བཟློག་ཟླའི་དངོས་པོ་གཞན་རེ་རེ་སྒྲོ་འདོགས་པར་བྱེད་པ་རེ་རེའི་གཉེན་པོར་གྱུར་པས་རེ་རེ་ཞིང་སྐྱེ་བ་ན་དེ་སེལ་
བའི་ཡན་ལག་ཏུ་གྱུར་པ་དེའི་གཉེན་པོའི་དངོས་པོའི་རྣམ་པ་འཛིན་པ་དང་། རང་ལས་བཟློག་པས་བསྐལ་པའི་རྣམ་པ་གཞན་ཡལ་བར་དོར་བས་ཆོས་གཞན་ལས་ཐ་དད་པར་རང་གི་རྟེན་གྱི་ཆོས་རྟོགས་པར་བྱེད་པ་ཡིན་ནོ། །འདི་ལྟར་མ་བྱས་པར་སྒྲོ་འདོགས་པ་བཟློག་པའི་ཕྱིར་མ་བྱས་པའི་གཉེན་
པོར་གྱུར་པ། དངོས་པོའི་བདག་ཉིད་དུ་གྱུར་པའི་བྱས་པ་ལ་བརྟེན་ནས་སྐྱེ་བ་ན། རྟག་པར་སྒྲོ་བཏགས་པས་བསྐལ་པས་མི་རྟག་པ་ཉིད་མ་རྟོགས་པས་མི་རྟག་པ་ལས་བྱས་པ་ཉིད་གཞན་བཞིན་དུ་རྟོགས་པར་འགྱུར་རོ། །དངོས་སུ་ན་ཐ་དད་པར་བྱེད་པ་ཁོ་ནར་གྱུར་པ་དེའི་སྒོ་ནས་དོན་
རྟོགས་པར་བྱེད་པ་དག་ནི་ཐ་དད་པ་རྟོགས་པར་བརྗོད་དེ། འདི་སྔོན་པོ་མ་ཡིན་ཞེས་བྱ་བ་ལ་སོགས་པར་རྟོགས་པ་བཞིན་ནོ། །དེ་དག་ཀྱང་ཇི་སྐད་བཤད་པའི་ཚུལ་ཁོ་ནས་ཐ་དད་པའི་དོན་ཅན་ཉིད་དུ་རྣམ་པ་གཞན་གསལ་བས་བསྟན་པར་བྱའོ། །ཐ་དད་པའི་རྟོགས་པ་གཞན་ནི་ཡོད་
Vol. 182 · folio 159b
པ་མ་ཡིན་ནོ། །ཐ་དད་པ་ཞེས་བྱ་བ་གལ་ཏེ་རང་གི་རང་བཞིན་ལ་གནས་པ་ཡིན་ན། ཐམས་ཅད་ཐ་དད་པར་རྟོགས་པར་འགྱུར་རོ། །འོན་ཏེ་དངོས་པོ་མེད་པ་ཡིན་ན་བུམ་པ་མེད་དོ་སྙམ་པ་ཐ་དད་པ་རྟོགས་པ་ཡིན་པར་འགྱུར་རོ། །ཅི་སྟེ་དངོས་པོ་ལ་དངོས་པོ་གཞན་མེད་པ་ཡིན་ན། དེ་གལ་ཏེ་
དངོས་པོ་ལ་དངོས་པོ་གཞན་ཡོད་པ་མ་ཡིན་ནོ་ཞེས་དངོས་པོ་གཞན་བཀག་པ་ཙམ་ཡིན་ན་ནི་དེའི་ཚེ་དངོས་པོ་དངོས་པོ་གཞན་ལ་ཅུང་ཟད་ཀྱང་མ་ཡིན་པའི་ཕྱིར་ཐ་དད་པ་དངོས་པོའི་རང་བཞིན་ལས་ལྷག་པར་གྱུར་པ་དེ་གང་ཞིག་ཡིན་ན་གང་གིས་ཐ་དད་པར་རྟོགས་པ་རང་གི་ངོ་བོ་རྟོགས་པ་
ལས་བྱ་བ་གཞན་དང་ལྡན་པར་འགྱུར། འོན་ཏེ་དངོས་པོ་ལ་དངོས་པོ་གཞན་མེད་པ་ཉིད་དོ་ཞེ་ན། དངོས་པོ་གཞན་བསལ་བ་ན་དངོས་པོ་ལ་བརྟན་པའི་སྒྲུབ་པའི་སྤྱོད་ཡུལ་དུ་འགྱུར་བ་དངོས་པོ་མེད་པ་ཞེས་བྱ་བ་དེ་གང་ཡིན། དེའི་ཕྱིར་དངོས་པོ་ལ་དངོས་པོ་གཞན་མེད་དོ་ཞེས་བྱ་བ་
འདི་ཙམ་ཁོ་ན་ལྡོག་པ་བརྗོད་པས་ན་ཐ་དད་པའི་རྟོགས་པ་དག་ལ་རྟོགས་པའི་བྱེད་པ་མི་འདྲ་བ་མེད་ཀྱང་ཇི་སྐད་བཤད་པའི་ཚུལ་ཉིད་ཁས་བླང་བར་བྱ་བ་ཡིན་ནོ། །ད་ནི་དེའི་ཁྱད་པར་ནི་རྟོགས་པར་འགྱུར་བ་དག་རབ་ཏུ་བྱེད་ཅེས་བྱ་བ་དེ་འཆད་དོ། །སྒྲ་དེ་དག་ཀྱང་དེའི་རང་བཞིན་མཚན་
ཉིད་སྤྱིའི་ཕྱིན་པ་ཁོ་ནར་འགྱུར་རོ། །སྒྲ་བེམས་པོ་ཡིན་པའི་ཕྱིར་དེ་དག་འགྱུར་བ་འགའ་ཡང་མེད་དོ། །དེས་ན་དེས་སྐྱེད་པའི་རྟོགས་པ་དེའི་རང་བཞིན་ཡིན་པས་དེ་སྐད་བརྗོད་དོ། །འདི་ལ་རང་བཞིན་ཇི་ལྟ་བུར་བརྟག་པ་དེ་ལྟ་བུ་དེ་ལ་ཡོད་པའི་ཕྱིར་དེའི་ཡུལ་ཅན་མ་ཡིན་ཡང་དེའི་
མཐར་ཐུག་པ་འགྱུར་བ་ཡིན་ནོ། །གལ་ཏེ་རང་གི་མཚན་ཉིད་ནི་མི་རྟག་པ་ལ་སོགས་པའི་རང་བཞིན་ཡིན་ལ། རྣམ་པར་རྟོག་པ་ནི་ཆོས་གཅིག་ཙམ་གྱི་ཡུལ་ཅན་ཡིན་པས། ཇི་ལྟར་དེའི་ཡུལ་ཅན་ཡིན་ཞེ་ན། བཤད་པ། གལ་ཏེ་ཡང་འདིར་མི་རྟག་པ་ལ་སོགས་པ་ཐ་དད་
པ་ཐམས་ཅད་མི་འཕེན་པ་དེ་ལྟ་ན་ཡང་བྱས་པ་ཉིད་ལ་སོགས་པ་དེའི་ཐ་དད་པ་གཅིག་སྒྲས་བརྗོད་པ་ཡིན་ནོ། །དེ་གཅིག་ལས་ཀྱང་དེ་ཐ་དད་པ་བྱས་པ་ཉིད་ལ་སོགས་པའི་མཚན་ཉིད་དེ་ཡོད་པ་ཁོ་ནའོ། །དེ་ཐ་དད་པ་ཞེས་ཐ་དད་པར་བསྙད་པ་ནི་རང་བཞིན་གཞན་དང་མི་མཐུན་པ་
Vol. 182 · folio 160a
རང་གི་བདག་ཉིད་ལ་གནས་པའི་རང་བཞིན་བརྗོད་པ་ཡིན་གྱི་ཐ་དད་པ་ཞེས་བྱ་བ་གཞན་ནི་འགའ་ཡང་མེད་དོ། །ཇི་སྐད་བཤད་པ་བཞིན་ནོ། །དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པས་ནི་བཤད་པའི་ཚིག་ལེའུར་བྱས་པ་གཉིས་ལ་གནས་པའི་དངོས་པོ་ཉེ་བར་
འགོད་པའོ། །དངོས་པོ་གཅིག་ལ་གཞན་གྱི་ངོ་བོ་དེའི་ངོ་བོས་སྟོང་པའི་ངོ་བོ་ཇི་སྙེད་པ་དེ་གཞན་དེ་ལ་ལྟོས་ནས་ལྡོག་པའི་དེ་སྙེད་ཡོད་དོ། །ངོ་བོ་དེ་སྙེད་ལ་དེ་མེད་པའི་ཕྱིར་དེ་ལ་ཡང་ངོ་བོ་དེ་སྙེད་མེད་དོ་ཞེས་བྱ་བའི་དོན་ཏོ། །གཏན་ཚིགས་བཤད་པ་ནི་དངོས་པོ་གཅིག་པོ་དེ་ལ་མེད་པའི་རྒྱུ་
དང་འབྲས་བུ་གང་ལ་ཡོད་པ་གཞན་གྱི་ངོ་བོའོ། །རྒྱུ་དང་འབྲས་བུ་སྨོས་པས་ནི་སྔོན་པོ་ལ་སོགས་པ་རང་བཞིན་ཡང་མཚོན་པ་ཡིན་ནོ། །དེ་ལྟ་བུ་དག་ལས་དངོས་པོ་དེ་ཐ་དད་པའི་ཕྱིར་རོ། །གཅིག་ལ་མེད་པའི་རྒྱུ་དང་འབྲས་བུ་ཅན་དེ་ཉིད་ཀྱིས་ནི་གཞན་དེའི་རང་བཞིན་གྱིས་སྟོང་པར་བརྗོད་
པ་ཡིན་ནོ། །ཐ་དད་པས་ན་འདི་གཞན་ལ་མེད་པའི་ཕྱིར་གཞན་ཡང་འདི་ལ་མེད་པ་ཡིན་ལ་དེ་ཡང་ལྡོག་པ་ཡིན་ནོ། །ལྡོག་པའི་སྙེད་པ་ཞེས་བྱ་བ་ནི་དེ་ལ་ངོ་བོ་ཇི་སྙེད་མེད་པ་སྒྲ་དག་ཀྱང་དེ་སྙེད་དུ་འགྱུར་རོ། །འདི་དག་རང་བཞིན་ངོ་བོ་ཉིད་ཀྱིས་ཡུལ་ཐ་དད་པས་ཐ་དད་པ་ནི་མ་ཡིན་ནོ། །ཞེས་
བཤད་པ་ནི་ཐ་སྙད་ཀྱི་དོན་ཅན་གྱི་ཞེས་བྱ་བའོ། །དགོས་པ་ཡོད་ན་ཡིན་གྱི་མེད་ན་ནི་མ་ཡིན་ནོ། །རང་ཉིད་འགྱུར་བ་ཡིན་ན་ནི་དགོས་པ་ལ་ལྟོས་པར་མི་འགྱུར་ཏེ། མངོན་སུམ་བཞིན་ནོ། །ཐ་དད་པའི་མཐར་ཐུག་པ་རྣམས་ཇི་ལྟར་ཐ་སྙད་ལ་ཉེ་བར་སྦྱོར་བ་དེ་བཤད་པ་ནི། དེའི་རྒྱུ་དང་ཞེས་བྱ་
བའོ། །བརྩལ་མ་ཐག་ཏུ་བྱུང་བ་ཅན་ཞེས་བྱ་བ་ནི་དེའི་རྒྱུ་ཅན་མ་ཡིན་པ་དེ་སྤོང་བའོ། །ཉན་པ་ཅན་ཞེས་བྱ་བ་ནི་དེའི་འབྲས་བུ་ཅན་མ་ཡིན་པ་ནི་ཡོངས་སུ་སྤོང་བའོ། །ཚིག་ལེའུར་བྱས་པ་གསུམ་པའི་དོན་བཤད་པ་ནི། དེའི་ཕྱིར་ཞེས་བྱ་བའོ། །མིང་ཞེས་བྱ་བ་ནི་སྒྲའོ། །ཆོས་ཞེས་བྱ་བ་ནི་
བརྟགས་པའི་རང་བཞིན་ནོ། །གྲོང་རྟ་མི་ཕྱུགས་ཞེས་བྱ་བ་ལ་སོགས་པ་བཞིན་དུ་དང་ཞེས་བསྡུ་བ་ཡིན་ནོ། །ཡང་ན་ཆོས་ཞེས་བྱ་བ་འདི་བཤད་པ་མིང་ཞེས་བྱ་བ་ཡིན་ནོ། །ཆོས་ཀྱི་སྒྲ་ནི་དངོས་པོ་ཙམ་བརྗོད་པ་ཡིན་ཏེ། ཆོས་ཐམས་ཅད་བདག་མེད་པ་ཞེས་བྱ་བ་ལྟ་བུའོ། །རྟོགས་པའི་
Vol. 182 · folio 160b
སྒྲུབ་བྱེད་དུ་ཉེ་བར་བླང་ན་སྒྲ་ལ་འཇུག་གོ། །སྒྲ་དང་རྣམ་པར་རྟོག་པ་རྣམས་ཐ་དད་པའི་དོན་ཅན་ཉིད་ཀྱིས་དེའི་ཡན་ལག་ཡིན་པས་དེ་དང་མཐུན་པར་བརྟགས་པའི་རང་བཞིན་གྱིས་ན་ཡུལ་འཆོལ་བ་མེད་པའི་ཕྱིར་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་གཏན་ཚིགས་མ་ཡིན་ནོ་ཞེས་བཤད་
པ་ནི་དེ་བས་ན་ཞེས་བྱ་བའོ། །དེ་དེ་ལྟར་ཐ་དད་པའི་དོན་ཅན་ཉིད་གྲུབ་པ་བཞིན་དུ་ཉེ་བར་སྟོན་ཏོ། །ད་ནི་གཞུང་གཟུགས་པའི་ཕྱིར་ཡང་སྒྲ་དང་ཞེས་རྒོལ་བ་འགོད་དོ། །རང་གི་ངོ་བོ་ལ་གནས་པའི་ཕྱིར་རང་གི་ངང་གིས་དངོས་པོ་གཞན་ལས་ཐ་དད་པ་ཡིན་ཡང་འཁྲུལ་པའི་མཐུས་
དངོས་པོ་གཞན་གྱི་ངོ་བོ་དང་ཐ་དད་པ་མེད་པར་གྱུར་པ་གང་ཡིན་པ་དེ་སེལ་བ་ན་དེའི་རང་གི་ངོ་བོ་རྟོགས་པ་གང་ཡིན་པའི་རྣམ་པར་གཅད་པ་དེ་སྒྲ་དང་རྟགས་དག་གིས་རྟོགས་པར་བྱེད་དོ་ཞེས་བྱ་བ་ཅི་ལྟར་ཤེས། སྒྲུབ་པས་དངོས་པོའི་རང་གི་ངོ་བོ་ཁོ་ན་ནི་མ་ཡིན་ནོ་ཞེས་བྱ་བ་ནི་བསལ་ཟིན་པའི་
སྒོ་ཉིད་སྤང་སྟེ། རང་བཞིན་རྟོགས་པ་ཙམ་གྱི་སྒྲུབ་པས་དངོས་པོ་རྟོག་པ་ཉིད་དོ། །འདི་སྔོན་པོ་ཡིན་ནོ་ཞེས་བྱ་བ་ནི་དངོས་པོའི་རང་བཞིན་ཙམ་རྟོགས་པ་ཡིན་ལ། འདི་སྔོན་པོ་མ་ཡིན་ནོ་ཞེས་བྱ་བ་ནི་སྔོན་པོ་བསལ་བའི་སྒོ་ནས་དེ་རྟོགས་པ་ཡིན་པས་བྱེད་པ་གཉིས་འགྲུབ་ཐ་དད་པར་རྟོགས་
པ་ཡིན་ནོ། །ཁྱེད་ཀྱིས་ནི་ཐམས་ཅད་དུ་རྣམ་པར་གཅད་པ་ཡུལ་ཅན་ཉིད་དུ་སྨྲས་པས་ན་འདི་སྔོན་པའོ་སྙམ་པ་ཡང་དེའི་ཡུལ་ཅན་ཉིད་དུ་བརྗོད་པར་འགྱུར་རོ། །དེས་ན་འདི་ལྟ་བུའི་བདག་ཉིད་ཀྱི་རྣམ་པར་ཤེས་པ་རྣམས་རང་བཞིན་རྟོགས་པ་ཙམ་ནི་མ་ཡིན་གྱི་འོན་ཀྱང་ཐ་དད་པའི་
ཡུལ་ཅན་ཡིན་ནོ་ཞེས་བྱ་བ་འདི་ལ་རིགས་པ་ཅི་ཡོད་ཅེ་ན། དོགས་པ་འདི་བཟློག་པ་ནི། ཚད་མ་གཞན་དང་ཞེས་བྱ་བ་ནི་ལ་སོགས་པའོ། །ཚད་མ་ནི་རྟགས་ཡིན་ལ། སྒྲ་ནི་རང་ཉིད་བརྗོད་པ་ཡིན་ནོ། །དེས་ན་སྒྲ་དང་རྟགས་དག་གིས་རྣམ་པར་གཅོད་པར་རྟོགས་པར་བྱེད་དོ་
ཞེས་ཇི་ལྟར་ཤེས་ཞེས་སྨྲས་པ་གང་ཡིན་པ་དེ་རྟགས་ལ་བརྟེན་ནས་སྤངས་པ་ཡིན་ནོ། །དེས་ན་གང་གི་ཕྱིར་རྟགས་ཚད་མ་གཞན་དང་སྒྲ་གཞན་དུ་གྱུར་པས་འཇུག་པ་དེའི་ཚེ། སྒྲ་དང་རྟགས་དག་རྣམ་པར་གཅོད་པའི་ཡུལ་ཅན་ཉིད་དོ། །རྟགས་ནི་ཐམས་ཅད་དུ་ཆོས་ཅན་
Vol. 182 · folio 161a
གྲུབ་པ་ལ་ལྟོས་པའི་ཕྱིར་མངོན་སུམ་གྱིས་ཡུལ་དུ་བྱས་པའི་དོན་ལ་འཇུག་པ་ཡིན་ནོ། །དེས་ན་འདི་ནི་ཚད་མ་གཞན་དུ་གྱུར་པས་འཇུག་པ་ཡིན་ནོ། །དེ་བཞིན་དུ་མངོན་སུམ་གྱིས་ཡུལ་དུ་བྱས་པའི་ཆོས་ཅན་ལ་བརྟེན་ཏེ་སྒྲ་འཇུག་པ་ན། རྗེས་སུ་དཔག་པ་འཇུག་
པའི་སྒྲ་གང་ཡིན་པ་དེ་སྒྲ་གཞན་ཡིན་ཏེ། དེས་ན་སྒྲ་གཞན་འཇུག་པ་ཡིན་ནོ། །དེས་ན་དོན་གྱི་རང་གི་ངོ་བོ་གཅིག་ཅེས་བྱ་བའི་གཞུང་འདི་དང་མཐུན་པ་འདི་གཏན་ཚིགས་སུ་བཀོད་པ་ཡིན་ནོ། །རྗེས་སུ་དཔག་པ་ལས་ཀྱང་དངོས་པོ་ཞེས་བྱ་བ་དང་། གཞན་དུ་དངོས་པོ་གཅིག་ཉིད་ལ།
སྒྲའམ་བློ་གཅིག་གིས་ཁྱབ་ན་ཞེས་བྱ་བ་ལ་ལྟོས་ཏེ། བརྒལ་ཞིང་བརྟགས་པའི་སྒྲ་དང་རྟགས་དག་ནི། སྒྲ་དང་ཚད་མ་གཞན་འཇུག་པ་ཉིད་ཀྱིས་གཞན་སེལ་བའི་ཡུལ་ཅན་དུ་བསྒྲུབ་པ་ཡིན་ནོ། །སྒྲ་དང་རྟགས་དེ་དག་གིས་ནི་གཞན་སེལ་བ་རྟོགས་པ་ཡིན་ཏེ། རང་གི་ཕྱིར་
དེ་ཡོད་པ་ལ་སྒྲ་དང་ཚད་མ་གཞན་འཇུག་པའི་ཕྱིར་རོ། །དང་པོ་དག་གཞན་སེལ་བའི་ཡུལ་ཅན་དུ་འགྱུར་མོད་སྒྲ་དང་ཚད་མ་གཞན་དག་གོ། །ཇི་ལྟར་ཞེ་ན། དེ་ཉིད་ཀྱི་ཕྱིར་སྔ་མའི་བཤད་པ་དགོད་པ་ཡིན་ནོ། །འོ་ན་སྔ་མར་དང་པོ་དག་ཇི་ལྟར་གཞན་སེལ་བའི་ཡུལ་ཅན་ཡིན་ཞེ་ན།
དེ་ཉིད་ཀྱི་ཕྱིར་ཕྱི་མའི་བཤད་པ་ཉེ་བར་དགོད་དོ། །འདི་ལྟར་སྔ་མ་ཡང་དངོས་པོ་མཐའ་དག་ཁྱབ་པ་མ་ཡིན་ཏེ། གང་གི་ཕྱིར་དེ་ཞུགས་པ་ལ་ཡང་ཕྱིས་འཇུག་པའི་ཕྱིར་རོ། །དེ་བཞིན་དུ་ཕྱི་མ་དག་ཀྱང་སྔར་ཞུགས་པ་ལ་དངོས་པོའི་ཕྱོགས་གཅིག་ལ་དམིགས་པ་ཡིན་ནོ། །
འཆད་པར་འགྱུར་བའི་ཚུལ་གྱིས་འདི་ནི་གཞན་སེལ་བའི་ཡུལ་ཅན་མ་ཡིན་པར་མི་འཐད་དོ། །དེས་ན་རིམ་པ་གཉི་ག་ལྟར་ཡང་སྒྲ་དང་རྟགས་འཇུག་པའི་ཕྱིར་གཞན་སེལ་བའི་ཡུལ་ཅན་གྱི་རང་བཞིན་ཉིད་དོ། །དེ་ལྟར་ནི་འདི་ནི་གཞན་སེལ་བའི་ཡུལ་ཅན་ཉིད་ལ་རང་བཞིན་གྱི་
གཏན་ཚིགས་ཡིན་ལ། སྒྲུབ་པས་དངོས་པོའི་རང་གི་ངོ་བོ་རྟོགས་པ་འགོག་པ་ལ་ནི་འགལ་བས་ཁྱབ་པ་དམིགས་པའོ། །གང་ཞིག་ཚད་མ་གཞན་དུ་གྱུར་པས་འཇུག་པའམ་གང་ལ་ཚད་མ་གཞན་འཇུག་པའི་དོན་གཅིག་ལ་འཇུག་པ་དེ་ནི་གཞན་སེལ་བའི་ཡུལ་ཅན་
Vol. 182 · folio 161b
ཡིན་ལ། སྒྲུབ་པས་དངོས་པོ་འཛིན་པ་ནི་མ་ཡིན་ཏེ། འདི་ནི་སྔོན་པོ་མ་ཡིན་ནོ་ཞེའམ་སྐད་ཅིག་མ་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་ཤེས་པ་བཞིན་ནོ། །སྒྲ་མི་རྟག་གོ་སྙམ་དུ་ཤེས་པ་ཡང་ཚད་མ་གཞན་དུ་གྱུར་པས་འཇུག་པའམ། ཚད་མ་གཞན་གྱི་ཡུལ་ལ་
འཇུག་པ་ཡིན་ནོ། །རྗེས་སུ་འགྲོ་བ་དང་ལྡོག་པ་དག་ནི་འབྲེལ་པ་ལས་ཡིན་ལ། དེ་ཡང་ཚད་མ་གཞན་འཇུག་པའི་རང་བཞིན་རྣམ་པར་དཔྱད་པས་རྙེད་དོ། །ཞེས་བརྗོད་པ་ནི། འདི་ལྟར་ཞེས་བྱ་བ་ཡིན་ནོ། །དོན་གྱི་རང་བཞིན་ངོ་བོ་ཚད་མ་རྣམས་ཀྱིས་བརྟག་པར་བྱ་བ་གང་
ཡིན་པའི་ཆ་གཞན་ཅི་ཞིག་ཡོད། བརྟག་པ་དོན་དུ་གཉེར་བས་ཚད་མ་འཇུག་པ་ནི་རང་དབང་མ་ཡིན་ཏེ། དེ་ལ་རག་ལས་པ་ནས་འཇུག་པའི་ཕྱིར་རོ། །དེ་ཡང་རྗེས་སུ་དཔག་པ་ཡིན་ནོ། །དེ་ནི་སོ་སོ་རང་ཉིད་ཀྱི་དམིགས་པ་མ་རྙེད་པར་གྲུབ་པ་མ་ཡིན་ན། དེ་ལྟ་བུར་གྱུར་པའི་
དོན་གྱི་ཆ་དེ་ཡང་གང་ཞིག་ཡིན། དོན་དེ་ཉིད་བརྟག་པར་བྱ་བ་མ་ཡིན་ནམ་དེའི་ཆ་གཞན་གྱིས་ཅི་ཞིག་བྱ་ཞེ་ན། མ་ཡིན་ནོ་ཞེས་བཤད་པ་ནི་མངོན་སུམ་ཡིན་པ་ལ་ཞེས་བྱ་བའོ། །མངོན་སུམ་མ་ཡིན་པའི་དོན་ནི་བརྟག་པར་ནུས་པ་མ་ཡིན་ནོ། །དེས་ན་དེ་མངོན་སུམ་དུ་གྱུར་པ་ནི་
བརྟགས་པའི་རྟེན་དུ་གྱུར་པ་གཞན་བརྗོད་པར་བྱ་དགོས་སོ། །མངོན་སུམ་ལ་མངོན་སུམ་ཡིན་པའི་ཆ་ཡོད་པ་བརྟག་པར་བྱ་བ་ཡིན་ནོ་ཞེ་ན། མ་ཡིན་ནོ་ཞེས་བཤད་པ་ནི་གཅིག་ཅེས་བྱ་བའོ། །གཅིག་ལ་ཡང་ཆ་གཞན་མི་སྲིད་དོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དོན་བདག་ཉིད་
གསལ་བ་ནི་མ་ཡིན་གྱི་འོན་ཀྱང་དེ་དང་འདྲ་བའི་རྣམ་པ་ཅན་གྱི་ཤེས་པ་གསལ་བ་ཡིན་ནོ། །དེ་ཡང་ཕྱོགས་གཅིག་གིས་འདྲ་བ་ན་དེའི་ཕྱོགས་གཅིག་མངོན་སུམ་དུ་འགྱུར་རོ་ཞེ་ན། མ་ཡིན་ནོ་ཞེས་བཤད་པ་ནི་བདག་ཉིད་ཅེས་བྱ་བ་ཡིན་ནོ། །གཞན་གནས་ལུགས་ཀྱི་སྣང་བ་ན་
དོན་རང་ཉིད་གསལ་བར་འགྱུར་བ་ཡིན་ཏེ། རང་གི་གནས་ལུགས་ཀྱིས་དོན་བྱེད་པ་པོ་ཡིན་པས་ན་བྱེད་པ་པོ་ཉིད་ཡིན་པ་བཞིན་ནོ། །དེས་ན་ཕྱོགས་གཅིག་གིས་གསལ་བ་མ་ཡིན་ཏེ། བྱེད་པ་པོ་བཞིན་ནོ། །འོ་ན་མཐོང་བའི་ཡུལ་ཉིད་བརྟགས་པ་ཡིན་པས་སོ་སོ་རང་གི་ཡུལ་གཞན་
Vol. 182 · folio 162a
རྙེད་པས་ནི་དོན་མེད་དོ་ཞེ་ན་མ་མཐོང་ཞེས་སྨོས་སོ། །མཐོང་བས་ཡུལ་དུ་བྱས་པ་ནི་རྟོགས་ཟིན་པ་ཉིད་ཀྱིས་བརྟག་པ་དོན་མེད་པའི་ཕྱིར་མ་མཐོང་བའི་ཡུལ་ཉིད་བརྟགས་པར་རིགས་པ་ཡིན་ནོ། །འདི་ནི་ཚད་མ་གཞན་སྒྲུབ་པས་དངོས་པོའི་ངོ་བོ་རྟོགས་པར་
བྱེད་པ་ཉིད་བསལ་ཏོ། །དེ་འཇུག་པ་ནི་ངེས་པར་མངོན་སུམ་གྱིས་ཆོས་ཅན་གྲུབ་པ་ལ་ལྟོས་པ་ཡིན་ནོ། །དེས་ན་ཆོས་ཅན་གྱི་ཆོས་མངོན་སུམ་མ་ཡིན་པ་མི་སྲིད་པས་ཐམས་ཅད་རྟོགས་པ་ཁོ་ན་ཡིན་པའི་ཕྱིར་ཚད་མ་གཞན་བསྒྲུབས་པས་ཅི་ཞིག་རྟོགས་པར་བྱེད། དོན་གྱི་ཞེས་བྱ་བ་ལ་
སོགས་པ་ནི་འགྲེལ་པར་བྱེད་པའོ། །དེ་ནི་མངོན་སུམ་མ་ཡིན་ནོ། །གང་ལ་ཚད་མ་གཞན་འཇུག་པའི་དོན་དེ་ནི་གཅིག་པ་དང་མངོན་སུམ་གྱིས་གྲུབ་པ་ཡིན་ནོ། །གྲུབ་པ་ལ་ངེས་པ་བཤད་པ་ནི་ཆོས་ཅན་མ་གྲུབ་ན་ཞེས་བྱ་བའོ། །དཔེར་ན་མི་རྟག་པ་བསྒྲུབ་པར་བྱ་བ་ལ་སྒྲ་
གཅིག་པ་དང་མངོན་སུམ་གྱིས་གྲུབ་པ་ལྟ་བུའོ། །དེས་ཅིར་འགྱུར་ཞེ་ན། དེ་བཤད་པ། དེས་ན་གཅིག་པོ་དེ་ནི་མངོན་སུམ་ཁོ་ནས་གྲུབ་པས་རྣམ་པ་ཐམས་ཅད་གྲུབ་པ་འདིར་འགྱུར་རོ། །དེ་ཉིད་གཞུང་འཛུགས་པ་ནི་དེ་ལ་ཞེས་བྱ་བའོ། །གྲུབ་པ་དེ་ལས་གཞན་ནི་མ་གྲུབ་
པ་སྟེ་སྐབས་ཀྱིས་གཅིག་པོ་དེའི་རྣམ་པ་མེད་པའི་ཕྱིར་རོ། །འོན་ཏེ་མ་གྲུབ་པའི་རྣམ་པ་ཡོད་ན་ནི་གཅིག་པོ་དེའི་ངོ་བོ་ཉིད་མ་ཡིན་ནོ། །མ་གྲུབ་པའི་རྣམ་པ་གང་ཡིན་པ་དེ་ནི་གཅིག་གི་རང་བཞིན་དུ་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གང་ཞིག་ཅེས་སྨོས་སོ། །དེ་གྲུབ་ན་གྲུབ་
པ་ཉིད་ཀྱིས་གང་ཞིག་གང་དང་གྲུབ་པ་དང་བདེ་བ་གཅིག་པ་ཅན་མ་ཡིན་པ་དེ་ནི་དེ་དང་རྣམ་པ་གཅིག་པ་མ་ཡིན་པས་དེའི་ངོ་བོ་ཉིད་མ་ཡིན་ནོ། །ཆོས་འགལ་བ་གནས་པ་ཉིད་ཀྱིས་ཐ་དད་པར་གྲུབ་པའི་ཕྱིར་རོ། །དེ་བཤད་པ་ནི་ཐ་དད་པའི་ཐ་སྙད་ཅེས་བྱ་བའོ། །དེ་མངོན་སུམ་གྱིས་
གྲུབ་ན་རྣམ་པ་ཐམས་ཅད་གྲུབ་མོད། དེ་ལས་ཀྱང་ཅིར་འགྱུར་ཞེ་ན། དེའི་ཕྱིར་ཞེས་བཤད་དོ། །དེའི་ངོ་བོ་ཉིད་མཐའ་དག་མ་ཚང་བ་མེད་པར་ཡོངས་སུ་བཅད་པའི་ཕྱིར་དེ་རྣམ་པར་རྟོག་པ་མེད་པས་མྱོང་བའི་ཕྱིར་ཚད་མ་གཞན་འཇུག་པ་མི་འཐད་དོ། །དེས་ན་དེ་ལྟར་སྒྲུབ་པའི་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words