ཚད་མ་རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་ཤིན་ཏུ་ཡོངས་སུ་དག་པ་ཞེས་བྱ་བ
Sanskrit title (Tibetan script, as in the text) པྲ་མཱ་ཎ་བཱརྟི་ཀཱ་ལང་ཀ་ར་ཊཱི་ཀཱ་སུ་པ་རི་ཤུདྡྷ་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 185 · folio 155a
བས་འཛིན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མངོན་སུམ་ཅིག་ཤོས་ཞེས་བྱ་བ་ནི་མངོན་སུམ་དང་རྗེས་སུ་དཔག་པའོ། །གཅིག་གྲུབ་པ་ན་ཞེས་བྱ་བ་ནི་གཉིས་ཀྱི་ནང་ནས་གཅིག་ཁོ་ན་གྲུབ་མོད། གཉིས་ཀས་ཅི་ཞིག་བྱེད་དང་འབྲེལ་པའི་ཕྱིར་ཞེས་བྱ་བ་ནི་མིག་ལ་སོགས་པའི་
བྱེད་པ་དང་རྗེས་སུ་འབྲེལ་པའི་ཕྱིར་རོ། །གང་ཚེ་སྣང་བ་ཡོད་པ་དེའི་ཚེ་ཡང་འཛིན་པ་མ་ཡིན་ནོ་ཞེས་བརྗོད་པ་ནི། འོ་ན་སྣང་བ་དེ་ཞེས་བྱ་བའོ། །དངོས་པོ་འཛིན་པ་ཉིད་དུ་དོགས་པ་བསུ་ནས་སེལ་བ་ནི་སྣང་བ་དང་བྲལ་བ་ནི་ཞེས་བྱ་བའོ། །དེ་ལྟར་གྱུར་པ་ན་ནི་ཞེས་བྱ་བ་ནི་སྣང་བ་དང་ལྡན་པ་དེ་དང་
བྲལ་བར་འཛིན་པའོ། །དེ་ཉིད་ཅེས་བྱ་བ་ནི་འབའ་ཞིག་འཛིན་པ་ཉིད་དོ། །གལ་ཏེ་ཁྱད་པར་མཐོང་བ་མ་ཡིན་ན་འོ་ན་ད་ཅི་ཡིན་ཞེ་ན། གཞན་དང་ཞེས་བྱ་བའོ། །སྔོན་མཐོང་བའི་དོན་དང་མཚམས་སྦྱར་བའི་ཞེན་པ་ངེས་པ་སྟེ་རིགས་པ་ཞེས་པས་དྲན་པ་ཡིན་པར་ཤེས་ཀྱི་ཚད་མས་ནི་མ་ཡིན་ནོ། །དེས་
ན་མངོན་སུམ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་དུ་བ་ལ་སོགས་པ་ལ་ལྟོས་ནས་འགྱུར་བའི་ཕྱིར་ཇི་ལྟར་ཚད་མ་མ་ཡིན་ཞེ་ན། དོགས་པ་བསུ་ནས་སེལ་བ་ནི་གལ་ཏེ་ཞེས་བྱ་བའོ། །དེ་ནི་རྟགས་ལ་ལྟོས་པའི་ཕྱིར་དྲན་པ་ནི་མ་ཡིན་གྱི། འོན་ཀྱང་ཚད་མ་ཡིན་ནོ་ཞེ་ན། དྲན་པ་མ་ཡིན་པ་མ་
ཡིན་ཏེ། འོན་ཀྱང་དྲན་པ་ཁོ་ནའོ། །ཅིའི་ཕྱིར་ཞེ་ན་འཁྲུལ་ཕྱིར་རོ། །གཞན་ཡང་ཞེས་བྱ་བའོ། །མཚམས་ནི་ཞེས་བྱ་བའི་འགྲེལ་པའོ། །རྣམ་པར་དཔྱོད་པར་བྱ་བ་བརྗོད་པ་ནི་གསལ་བའི་རང་བཞིན་དུ་ཞེས་བྱ་བའོ། །འདི་ལ་སུན་འབྱིན་པ་ནི་དེའི་ཚེ་དྲན་པ་ཉིད་ཡིན་ཏེ་ཁྱད་པར་མཐོང་བ་ནི་མ་ཡིན་ནོ། །
འདི་ཉིད་གསལ་བར་བྱེད་པ་ནི་མངོན་སུམ་དང་ཞེས་བྱ་བའོ། །གལ་ཏེ་དེ་བཏགས་ཞེས་བྱ་བ་རྣམ་པར་འབྲེལ་པ་ནི་གལ་ཏེ་ཞེས་བྱ་བའོ། །ད་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་གྲུབ་པའི་མཐའི་འགྲེལ་པའོ། །འདི་ལས་ནི་དུ་བ་ལའོ། །ཅིའི་ཕྱིར་རྟགས་ཉིད་མེད་ཅེ་ན། ཚུལ་གསུམ་པ་མེད་པའི་
ཕྱིར་རོ་ཞེས་བྱ་བ་སྟེ་ཁྱེད་ཀྱི་འདོད་པས་སོ། །དེ་ཉིད་ཇི་ལྟར་ཞེ་ན་དཔེ་དང་ཞེས་གསུངས་སོ། །དེས་ན་དུ་བ་ནི་འཁྲུལ་པ་ཡིན་ནོ་ཞེས་དགོངས་པའོ། །རང་གི་ངོ་བོ་འཛིན་པའི་ཕྱིར་ཇི་ལྟར་སྤྱིའི་ཡུལ་ཅན་ཞེ་ན་གང་ཞིག་ཅེས་བྱ་བའོ། །དྲན་པར་བྱ་བ་ནི་དོན་གྱི་རང་བཞིན་དུ་ལྷག་པར་ཞེན་པར་བྱ་བ་སྟེ་སྤྱི་
Vol. 185 · folio 155b
ཡིན་ནོ། །གཟུང་བར་བྱ་བ་མ་ཡིན་པ་ཅིའི་ཕྱིར་ཞེ་ན། གཟུང་བར་བྱ་བ་ཉིད་དུ་ཞེས་གསུངས་སོ། །གལ་ཏེ་རྗེས་སུ་དཔག་པར་ནི་དྲན་པ་མ་ཡིན་པ་དེས་ན་དེ་ལྟར་ཇི་སྟེ་བརྗོད་སྙམ་ན་རྗེས་སུ་དཔག་པ་ནི་ཞེས་གསུངས་སོ། །སྐབས་ཉེ་བར་སྡུད་པ་ནི་དེའི་ཕྱིར་ཞེས་བྱ་བའོ་ཤེས་པ་གང་གིས་སོ། །གལ་
ཏེ་ཁྱད་པར་མཐོང་བ་དངོས་པོའི་འཛིན་པའི་རང་བཞིན་མ་ཡིན་ན་འོ་ན་ཞེས་སྦྱོར་རོ། །ད་ལྟར་ཞེས་བྱ་བ་ནི་ལན་ནོ། །ཅིའི་ཕྱིར་ཞེ་ན་ཕྱོགས་དེ་ན་ཞེས་གསུངས་སོ། །གང་གི་ཕྱིར་དེ་ལྟར་ཁྱད་པར་མཐོང་བ་སྤྱིའི་ཡུལ་ཅན་ཡིན་པ་དེའི་ཕྱིར་དེ་ལྟ་ཡིན་པ་ཞེས་བྱ་བའོ། །སྐབས་ཆེན་པོ་ཉེ་བར་སྡུད་པ་ནི་དེའི་
ཕྱིར་གཞལ་བྱ་གཉིས་ཞེས་བྱ་བའོ། །ཇི་ལྟར་ཚད་མ་རྣམ་པ་གཉིས་ཡིན་ཞེ་ན། མངོན་སུམ་དང་ཞེས་བྱ་བའོ། །ཡུལ་རྣམ་པ་གཉིས་ཇི་ལྟར་ཞེ་ན་དངོས་དང་ཞེས་བྱ་བའོ། །མངོན་སུམ་རྟོག་དང་བྲལ་བར་ནི། །མངོན་སུམ་ཉིད་ཀྱི་གྲུབ་པ་ཡིན། །ཞེས་བཤད་པ་མཐོང་བའི་ཕྱིར་ན་བཤད་པར་བྱ་
བའི་མདོ་ཉིད་འགོད་པ་ནི། དེ་ལ་མངོན་སུམ་ནི་ཞེས་བྱ་བའོ། །དེ་དང་བྲལ་བ་ཉིད་སྒྲུབ་པའི་དོན་དུ་རྟོག་པ་དང་འཁྲུལ་པའི་རང་གི་ངོ་བོ་གསུངས་པ་ནི་ཁྱད་པར་ཞེས་བྱ་བའོ། །ཁྱད་པར་ལ་སོགས་པ་དང་སྒྲ་ལ་སོགས་པ་དང་། འབྲེལ་པ་འདྲེས་པའི་དོན་གྱི་རྣམ་པ་གང་ལ་ཡོད་པ་སྟེ་དེ་ནི་རྟོག་པ་ཡིན་ནོ། །
གཞན་དུ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་ཉིད་དུའོ། །དེ་གཉིས་དང་ཞེས་བྱ་བ་ནི་སྤྱིར་རྟོག་པ་དང་འཁྲུལ་པ་གཉི་ག་དང་ངོ་། །གཞན་དུ་ཞེས་བྱ་བ་ནི་མ་འཁྲུལ་ཏེ་དུང་དཀར་པོ་ལ་སེར་པོ་ལ་སོགས་པར་ཤེས་པ་འཁྲུལ་པ་ཉིད་ནི་མིག་སྨན་ལ་སོགས་པས་གསལ་བར་བྱས་པའི་མངོན་སུམ་དུང་དཀར་པོ་མཐོང་བ་
ལས་ངེས་པ་ཡིན་ནོ། །ཆོས་ཅན་གྱི་ཆོས་བསྟན་པའི་ཕྱིར་ན་རྟོག་པ་ཉིད་དང་། བྲལ་བ་དེའི་དངོས་དེ་ཉིད་གང་ལས་ངེས་པ་ཡིན་ཏེ། འགའ་ལས་ཀྱང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རྗེས་སུ་དཔག་པ་ལས་ངེས་པ་མ་ཡིན་ནམ། དེ་ན་དེ་སྐད་ཅི་སྟེ་བརྗོད་སྙམ་ན། མངོན་སུམ་དེ་མེད་ནའོ། །
འོ་ན་མངོན་སུམ་གྱི་རྟོག་པ་དང་བྲལ་བ་ཉིད་ངེས་པ་ཡིན། དེ་སྔོན་དུ་འགྲོ་བའི་རྗེས་སུ་དཔག་པས་ཀྱང་ཡིན་ནོ་ཞེ་ན། མངོན་སུམ་མཐའ་དག་ཀྱང་ཞེས་བྱ་བའོ། །དེའི་ཡང་ཞེས་བྱ་བ་ནི་སྤྱོད་པ་པ་ལ་སོགས་པའི་ཡང་ངོ་། །དེས་ཅི་འགྱུར་ཞེ་ན་དེ་ཞེས་བྱའོ། །དེ་ཡང་ནི་རྣམ་པར་རྟོག་པ་དང་བཅས་པའི་མངོན་
Vol. 185 · folio 156a
སུམ་ཡང་ངོ་། །གལ་ཏེ་རྣམ་པར་རྟོག་པ་ནི་ཤ་ཟ་བཞིན་དུ་བལྟར་མི་རུང་བའི་ཕྱིར་ན་ཇི་ལྟར་མངོན་སུམ་གྱིས་མེད་པའི་ཐ་སྙད་དུ་བྱེད་སྙམ་ན་ཀུན་གྱི་རྣམ་རྟོག་ཅེས་བྱ་བའོ། །མིང་སྟེ་དགྲའི་རྟེན་ནི་མི་རྟེན་ཅན་ཏེ། སྒྲ་དང་འདྲེ་བར་རུང་བའི་སྣང་བ་ཅན་ཞེས་བྱ་བའི་དོན་ཏོ། །རྟོག་
པ་པོ་གསལ་བ་ལ་ལྟོས་ཏེ་ནི་ཐམས་ཅད་མངོན་སུམ་ཉིད་ཀྱིས་དངོས་པོ་མེད་པའི་ཐ་སྙད་དུ་བྱེད་ཀྱི་མི་དམིགས་པས་ནི་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །དེ་ལས་གཞན་ལ་ལྟོས་ཏེ་ནི་འགའ་ཞིག་ཏུ་མི་དམིགས་པས་ཡིན་གྱི། ཐམས་ཅད་དུ་ནི་མ་ཡིན་གྱི། དཔེ་མེད་པར་ཐལ་བའི་ཕྱིར་རོ་ཞེས་
ཀྱང་བསྟན་ཟིན་ཏོ། །དེའི་བདག་ཉིད་དགག་པ་ལ་ནི་ཁྱད་པར་དང་བྲལ་བའི་མི་དམིགས་པ་ཡིན་ལ། ཐ་དད་པ་དགག་པ་ལ་ནི་ཁྱད་པར་དང་བཅས་པ་ཉིད་ཀྱིས་ཡིན་ནོ། །ཤེས་པ་གཅིག་ལ་འདྲེ་བ་ཉིད་ཀྱང་འཁྲུལ་པ་མེད་པར་དམིགས་པའི་ཉེ་བར་མཚོན་བྱེད་ཡིན་ཏེ། དེས་ན་དབང་པོའི་རྣམ་པར་
ཤེས་པ་དང་རྣམ་པར་རྟོག་པ་དམིགས་པ་པ་ལ་འཁྲུལ་པ་མེད་པ་ཅན་དག་ལས། དབང་པོའི་རྣམ་པར་ཤེས་པ་གཅིག་དམིགས་པ་ཉིད་དམིགས་པའི་མཚན་ཉིད་དུ་གྱུར་པའི་རྣམ་པར་རྟོག་པ་མི་དམིགས་པ་ཡིན་ནོ། །འདིར་ནི་རང་བཞིན་ཁྱད་པར་ཅན་ཉིད་བརྗོད་དོ་འཆད་པ་ནི་མངོན་སུམ་ཞེས་བྱ་བའོ། །
གལ་ཏེ་རྣམ་པར་རྟོག་པ་དང་གཞན་དག་ལྷན་ཅིག་འབྱུང་བས་ཐ་དད་པ་མེད་པའི་ཕྱིར་ཇི་ལྟར་རྟོག་པ་དང་གཞན་གྱི་རྣམ་པར་བྱེད་པར་འགྱུར་སྙམ་ན། རྣམ་པར་རྟོག་པར་བྱ་བ་ནི་རང་རིག་པས་ཞེས་སོ། །རྣམ་པར་བརྟག་པར་བྱ་བ་ནི་མི་གསལ་བའོ། །སྣང་ཞེས་བྱ་བ་ནི་གསལ་བའོ། །གང་གི་ཕྱིར་དེ་ལྟར་
ཉམས་སུ་མྱོང་བ་དེས་ན་གསལ་བ་དང་མི་གསལ་བའི་ཆོས་འགལ་བའི་གནས་པ་ནའོ། །དེ་ཡོད་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་བཅས་པ་དང་ཅིག་ཤོས་དག་ཡོད་པས་སོ། །རྐྱེན་གཞན་ཚོགས་པ་དང་ལྡན་པར་སྟོན་པས་ལན་བརྗོད་པ་ནི་ཐམས་ཅད་ལས་ནི་ཞེས་བྱ་བ་སྟེ། ཡུལ་ཐམས་ཅད་ལས་
རྣམ་པར་རྟོག་པའི་སེམས་བསྡུས་ནས་སོ། །གཡོ་མེད་པ་སྟེ་རྟོག་པའི་རླུང་དང་བྲལ་བའི་ཕྱིར་བརྟན་པར་གནས་པ་ནའོ། །འདིས་ནི་རྣམ་པར་རྟོག་པ་མེད་ཀྱང་ཡོད་པའི་ཕྱིར་ན། རྣམ་པར་རྟོག་པ་ནི་ཐ་དད་པ་ཡིན་ནོ། །ཞེས་བསྟན་ཏོ། །ཐལ་བར་འགྱུར་བའི་སྒོ་ནས་འཆད་པ་ནི། གལ་
Vol. 185 · folio 156b
ཏེ་ཞེས་བྱ་བའོ། །རྣམ་པར་རྟོག་པའི་ཚོགས་པ་མེད་ན་ཞེས་བྱ་བ་ནི། རིགས་མཐུན་པར་རྣམ་པར་རྟོག་པའི་རྒྱུ་མེད་ནའོ། །དེའི་ཚེ་མེད་པ་ཞེས་བྱ་བ་རིགས་མཐུན་པའི་རྣམ་པའི་ཚོགས་པ་མེད་པར་དོན་འཛིན་པའི་དབང་པོའི་བྱེད་པ་མེད་པར་འགྱུར་རོ། །མེད་
པ་ཡང་མ་ཡིན་ན་དེས་ནའོ། །དེའི་ཞེས་བྱ་བ་རྣམ་པར་རྟོག་པ་བསྡུས་པའི་གནས་སྐབས་ནའོ། །རྣམ་པར་རྟོག་པ་དང་མ་འབྲེལ་པ་ཞེས་བྱ་བ་ནི། རྣམ་པར་རྟོག་པ་དང་བྲལ་བའོ། །གལ་ཏེ་ཐམས་ཅད་ལ་རྣམ་པར་རྟོག་པ་ཡོད་པའི་ཕྱིར་ན་རྣམ་པར་རྟོག་པ་དང་བྲལ་བའི་གནས་སྐབས་
མེད་པ་ཉིད་མ་ཡིན་ནམ་ཞེས་དོགས་པ་ནི་གལ་ཏེ་ཞེས་བྱ་བའོ། །འདི་ལ་ཞེས་བྱ་བ་ནི་རྣམ་པར་མེད་པ་ལའོ། །དེའི་ཚེ་ཉིད་ཅེས་བྱ་བ་ནི་རྣམ་པར་རྟོག་པ་མེད་པའི་དུས་ནའོ། །དེའི་ཚེ་ཞེས་ཁོང་ནས་ཕྱུང་ལ་ཇི་ལྟར་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །དེའི་ཚེ་ཞེས་བྱ་བ་ནི་རྟོག་པ་མེད་པའི་དུས་ནའོ། །
ཉམས་སུ་མྱོང་བ་ནི་རང་གི་ཡུལ་ལ་རང་གི་བྱེད་པའི་རྗེས་སུ་འབྲང་བའི་རྣམ་པར་རྟོག་པ་བསྐྱོད་པས་ན། དེ་ལས་སྔར་འབྱུང་བ་ཡིན་གྱི་དེ་དང་དུས་མཚུངས་པར་ནི་མ་ཡིན་ནོ་ཞེས་ལན་འདེབས་པ་ནི་འདི་ལས་བཤད་པ་ཞེས་བྱ་བའོ། །སྔར་བཤད་གནས་སྐབས་ཀྱི་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་མ་
འབྲེལ་བའི་གནས་སྐབས་ཀྱིའོ། །དབང་པོའི་རྟོག་པ་ལས་ནི། ཁོ་བོའི་རྣམ་རྟོག་འདི་འདྲར་འགྱུར། །ཞེས་བྱ་བ་དེ་མེད་དོ། །གལ་ཏེ་རྣམ་པར་རྟོག་པ་ནི་རྣམ་པར་རྟོག་པའི་དུས་ཉིད་ན་འདི་ལ་ཡོད་པར་ཐ་སྙད་བྱེད་པ་མ་ཡིན་ནམ། དེས་ན་གནས་སྐབས་འགའ་ཞིག་རྣམ་པར་རྟོག་པ་དང་བྲལ་བར་ཇི་ལྟར་
བརྗོད་སྙམ་ན། དེ་ཉིད་ཀྱི་ཚེ་ཞེས་སྨོས་སོ། །རྣམ་པར་རྟོག་པ་མེད་པའི་དུས་ཉིད་ཀྱི་ཚེའོ། །འདི་ནི་རྣམ་པར་རྟོག་པ་མེད་པའོ། །རྣམ་པར་རྟོག་པ་དེ་རྣམ་པ་ཅི་འདྲ་བ་ཞིག་སྙམ་ན། འདི་རྣམ་པར་རྟོག་པ་མེད་པའོ་སྙམ་པའོ། །གང་གིས་དེ་དགག་པར་བརྗོད་པ་ཡིན་པའི་ཐ་སྙད་དུ་བྱེད་པའི་རྣམ་པར་རྟོག་པ་
ཡོད་ན་ཅི་ཉེས་སྙམ་ན། དེ་ལྟ་མ་ཡིན་པ་ཞེས་གསུངས་ཏེ། གལ་ཏེ་ཡོད་པའི་ཐ་སྙད་དུ་བྱེད་པའི་རྣམ་པར་རྟོག་པ་དེ་བཞིན་དུ་ཡོད་ན་དེའི་ཚེ་མངོན་སུམ་རྣམ་པར་རྟོག་པ་མེད་པར་སྨྲ་བ་འབའ་ཞིག་ཏུ་ནི་མ་ཟད་ཀྱི་མངོན་སུམ་རྣམ་པར་རྟོག་པ་དང་བཅས་པར་སྨྲ་ལ་ཡང་ངོ་། །འདི་ནི་རྣམ་པར་རྟོག་པ་རྣམ་པར་རྟོག་པ་
Vol. 185 · folio 157a
གཞན་དང་དུས་མཚུངས་པར་ཁས་བླངས་ཏེ་བརྗོད་པར་ཤེས་པར་བྱའོ། །དེ་ལ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་བཅས་པའི་མངོན་སུམ་ལའོ། །གཞན་གྱི་བྱ་བ་ནི་དུས་མཚུངས་པའི་རྣམ་པར་རྟོག་པས་སོ། །ལན་ནི་རྣམ་པར་རྟོག་པ་མེད་པ་ལ་ཡང་ངོ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་
ཞེས་བྱ་བ་ནི་དུས་ཉམས་པར་འབྱུང་བས་སོ། །དེས་ན་དེ་ལྟར་རྣམ་པར་རྟོག་པ་དང་བཅས་པ་བཞིན་དུ་རྣམ་པར་རྟོག་པ་མེད་པ་ལ་ཡང་དུས་མཚུངས་པའི་རྣམ་པར་རྟོག་པས་ཡོད་པའི་ཐ་སྙད་བྱ་བར་མི་ནུས་ལ། རང་རིག་པའི་ཕྱོགས་ལ་ནི་དོན་མེད་དོ་ཞེས་བསྟན་པ་ཡིན་ནོ། །འོ་ན་རང་རིག་པའི་ཕྱོགས་
ལ་དུས་ཕྱིས་འབྱུང་བ་ཉིད་ཀྱིས་དེ་བཞིན་དུ་རྣམ་པར་རྟོག་པ་ཡིན་གྱི་ཐམས་ཅད་ནི་མ་ཡིན་ནོ་ཞེས་དོགས་པ་པ་ནི་འོན་ཏེ་ཞེས་བྱ་བའོ། །དེ་ལྟ་ན་ནི་འོ་ན་དེ་ཉིད་ཚེ་འདི་རྣམ་པར་རྟོག་པ་མེད་པའོ་ཞེས་བྱ་བ་དེ་དག་གནས་པ་ཡིན་ནོ་ཞེས་སྟོན་པས་རྣམ་འགྲེལ་རྣམ་པར་འགྲེལ་པ་ནི་འདི་ལ་ཡང་ཞེས་བྱ་སྟེ། རྣམ་
པར་རྟོག་པ་གཞན་དང་བཅས་པའི་རྟོག་པ་མེད་པ་ལའོ། །རྣམ་པར་རྟོག་པ་བསྡུས་པའི་གནས་སྐབས་ན། དེ་ལྟར་ཐ་སྙད་མི་བྱེད་པ་ཅིའི་ཕྱིར་ཞེ་ན། དེ་ལ་ཞེས་གསུངས་སོ། །རྣམ་པར་རྟོག་པ་བསྡུས་པའི་སྐབས་སུའོ། །དེའི་ཚེ་ཞེས་བྱ་བ་ནི་ཐ་སྙད་ཀྱི་དུས་ནའོ། །ཤི་བ་ལ་ཞེས་བྱ་བ་ནི་ལན་ནོ། །
དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་དེ་ལ་ཐ་སྙད་མེད་ནའོ། །དེའི་ཚེ་རྣམ་པར་རྟོག་པ་དང་བཅས་པ་ཞེས་བྱ་བའོ། །ཡང་ཞེས་བྱ་བ་ནི་དོགས་པའོ། །དེའི་རིགས་ཅན་ནི་རྣམ་པར་རྟོག་པའི་རིགས་ཅན་ནོ། །གཉི་ག་ཡང་ཉེ་བར་སྡུད་པ་ནི་དེས་ན་ཞེས་བྱ་བའོ། །མཚན་ཉིད་ཐ་དད་པ་དང་ཞེས་བྱ་བ་ནི། གསལ་
བ་དང་མི་གསལ་བའི་རང་བཞིན་ཐ་དད་པ་དང་ཕན་ཚུན་མེད་པ་ཡང་ཞེས་བྱ་བ་ནི། རྣམ་པར་རྟོག་པ་མེད་པ་དང་ཅིག་ཤོས་དག་རེ་རེ་མེད་ཀྱང་ཡོད་པའི་ཕྱིར་གཅིག་ཉིད་མ་ཡིན་ནོ། །ཕན་ཚུན་མེད་པར་འབྱུང་བར་དོགས་པ་བསུ་བ་ནི་ཅི་སྟེ་ཞེས་བྱ་བའོ། །དྲན་པ་དང་དབང་པོ་ལ་སོགས་པ་ཡོད་པའི་ཕྱིར་རོ། །
དེ་མེད་པས་ནི་དེ་འདྲའི་ཚེགས་མེད་པས་སོ། །དབང་པོ་འབའ་ཞིག་ཡོད་པ་ལས། །ཞེས་བྱ་བའི་དོན་ཏོ། །གང་ཞིག་རྣམ་པར་རྟོག་པ་དང་བཅས་པའི་ཚོགས་པའི་ཁྱད་པར་ལས་གཞན་ཉིད་སྐྱེ་བ་དེ་ནི་ད་མེད་པར་འགྱུར་བ་མ་ཡིན་གྱི། གང་ཞིག་དབང་པོ་འབའ་ཞིག་ལས་བྱུང་བ་དེ་ནི་གཞན་ཁོ་ན་ཡིན་ཏེ། བཅས་
Vol. 185 · folio 157b
པ་གང་ཡིན་པ་དེ་ཉིད་མ་ཡིན་ནོ། །དེ་བས་ན་ཕན་ཚུན་མེད་པས་འབྱུང་བ་མ་ཡིན་པའི་ཕྱིར་འདི་ནི་རྣམ་པར་རྟོག་པ་དང་བཅས་པའི་ཚོགས་གཅིག་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་དོགས་པའི་དོན་ཏོ། །ལན་དེ་ནི་མ་འབྲེལ་ཏེ་ཞེས་བྱ་བའོ། །ཇི་ལྟར་ཞེ་ན་བརྗོད་པ་གལ་ཏེ་རྣམ་པར་རྟོག་པ་དང་བཅས་གཅིག་པ་ཉིད་ཚོགས་
པ་ལས་ཡིན་པར་རྟོག་ན་དེའི་ཚེ་སྔོན་པོ་དང་སེར་པོ་དག་ཐ་དད་པ་མེད་པར་འགྱུར། ཅིའི་ཕྱིར་ཞེ་ན། བསྡོམས་པས་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་འཆད་པའོ། །དེ་ལ་ཞེས་བྱ་བ་ནི་བསྡོམས་པ་དང་། འབའ་ཞིག་པ་དག་གི་ནང་ནས་སྔོན་པོ་དང་སེར་པོ་གཅིག་པར་མི་བཟོད་ནས་གཞན་དག་དོགས་
པར་བྱེད་པ་ནི་ཅི་སྟེ་ངོ་ཤེས་པའི་ཕྱིར་ཏེ་ཞེས་བྱ་བའོ། །དེ་ཉིད་ཅེས་བྱ་བ་སོ་སོར་མཐོང་བ་གང་ཡིན་པའོ། །ལན་ནི་ཐ་དད་པར་ཞེས་བྱ་བའོ། །དེའི་ཕྱིར་ཞེས་བྱ་བ་ནི་ཐ་དད་པའི་ཕྱིར་རོ། །དབང་པོ་སོགས་པའི་ཚོགས་པ་ཁས་བླངས་ནས་སུན་ཕྱུང་བ་ཡིན་ནོ། །དེ་འཐད་པ་ཡང་མ་ཡིན་ནོ་ཞེས་བརྗོད་པ་ནི།
དྲན་པ་ལ་སོགས་པ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། དབང་པོའི་ཞེས་གསུངས་སོ། །འོ་ན་དོན་གྱི་ཤེས་པ་ཉིད་རྣམ་པར་རྟོག་པ་དང་བཅས་པ་ཡིན་ཏེ། བརྡ་སྦྱར་བ་ལ་འཛིན་པའི་ཕྱིར་རོ་ཞེ་ན། དབང་བ་ཞེས་གསུངས་སོ། །ཅིའི་ཕྱིར་ཞེ་ན་དེ་བརྗོད་པ་ཉིད་ཀྱི་ཞེས་བྱ་བ་སྟེ་རང་གི་མཚན་ཉིད་བརྗོད་པའོ། །ཇི་
ལྟར་དེ་བརྗོད་པ་ཉིད་མེད་ཅེ་ན། རང་གི་མཚན་ཉིད་ལ་ཞེས་གསུངས་སོ། །འོ་ན་སྤྱི་འཛིན་པའི་དབང་པོའི་ཤེས་པ་ནི་རྟོག་པ་དང་བཅས་པ་ཡིན་ཏེ། དེ་ལ་བརྡ་སྲིད་པའི་ཕྱིར་རོ་ཞེ་ན་སྤྱི་ཞེས་གསུངས་སོ། །གལ་ཏེ་རང་གི་མཚན་ཉིད་དང་། སྤྱི་དག་བརྡའི་ཡུལ་མ་ཡིན་པ་དང་། དབང་པོའི་གཟུང་བ་མ་
ཡིན་པར་ཇི་ལྟར་འགྲུབ་ཅེས་བསམས་ནས་གཞན་དག་དོགས་པར་བྱེད་པ་ནི་ཅིའི་ཕྱིར་ཞེས་བྱ་བའོ། །དེ་ལྟར་གཉིས་པའིའོ། །དེ་ལ་རེ་ཞིག་རང་གི་མཚན་ཉིད་བརྡའི་ཡུལ་མ་ཡིན་པར་སྒྲུབ་པ་ན་གཅིག་ཏུ་ཞེས་བྱ་བའོ། །འདིས་ནི་མངོན་སུམ་གྱི་ཡུལ་གྱི་ཁྱད་པར་ནི་རྣམ་པར་རྟོག་པའི་ཡུལ་མ་
ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །སྤྱི་ནི་རྣམ་པར་རྟོག་པའི་ཡུལ་ཡིན་ཡང་དབང་པོའི་ཤེས་པའི་གཟུང་བ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེ་ལས་ཞེས་བྱ་བ་སྟེ་ཁྱད་པར་ལས་སོ། །གཞན་ནི་ཐ་དད་པ་ཞེས་བྱ་བའི་དོན་ཏོ། །ཕྱེད་སྔ་མ་འཆད་པ་ནི་ཁྱད་པར་ནི་ཞེས་བྱ་བའོ། །ཇི་ལྟར་རྗེས་སུ་འགྲོ་བ་མ་ཡིན་
Vol. 185 · folio 158a
ཞེ་ན། གང་གི་ཕྱིར་ཞེས་གསུངས་སོ། །གཅིག་ཏུ་ཡུལ་ལམ་དུས་སུའོ། །གཞན་དུ་ཞེས་བྱ་བ་ནི་ངེས་པར་ཡུལ་ལམ་དུས་སུའོ། །དེ་ཉིད་ནི་ད་ལྟར་བྱུང་བའོ། །གཞན་གྱི་ནི་དུས་ཕྱིས་འབྱུང་བས་སོ། །ཅིའི་ཕྱིར་མི་མཐོང་སྙམ་ན་དེ་ན་ཞེས་གསུངས་ཏེ་མངོན་སུམ་མོ། །འདི་ཉིད་
གསལ་བར་བྱེད་པ་ནི་མངོན་སུམ་གྱིས་ནི་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་དུས་གཞན་དུ་གནས་པ་མེད་པས་སོ། །མངོན་སུམ་སྔ་མ་ནི་ཕྱི་མ་ལ་མི་འཇུག་ལ་མངོན་སུམ་ཕྱི་མ་ཡང་སྔ་མ་ལ་མི་འཇུག་གོ་ཞེས་བྱ་བར་སྦྱར་རོ། །ངོ་ཤེས་པའི་མངོན་སུམ་ནི་སྔ་མ་དང་ཕྱི་མ་དག་ལ་འཇུག་པ་ཡིན་ནོ་ཞེས་དོགས་
པ་ནི་གལ་ཏེ་ཞེས་བྱ་བའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་ལན་ནོ། །ཇི་ལྟར་མངོན་སུམ་མ་ཡིན་ཞེ་ན་དེ་ལ་ཞེས་གསུངས་སོ། །ངོ་ཤེས་པ་ལའོ། །ཇི་ལྟར་དབང་པོའི་བྱེད་པ་མེད་སྙམ་ན། ཇི་ལྟར་ཞེས་གསུངས་སོ། །འོན་ཏེ་དབང་པོ་ལ་བརྟེན་པའི་རྣམ་པར་ཤེས་པ་འདས་པ་ལ་སོགས་པ་ལ་འཇུག་པ་ཡིན་ནོ་ཞེ་
ན། དེ་ལ་བརྟེན་པའི་ཞེས་གསུངས་སོ། །ཅིའི་ཕྱིར་འདས་པ་ལ་སོགས་པ་དབང་པོ་མི་འཇུག་སྙམ་ན། དབང་པོའི་ཤེས་པས་ཞེས་གསུངས་སོ། །འཛིན་པ་ལ་ཉེས་པ་བརྗོད་པ་ནི་དེ་ལྟར་ཡིན་ན་ཞེས་བྱ་བ་སྟེ། ཡུལ་དང་དུས་དང་ཁྱབ་པ་འཛིན་ནའོ། །ཕྱེད་ཕྱི་མ་འཆད་པའི་ཕྱིར་དོགས་པ་བསུ་བ་ནི་གལ་ཏེ་
ཞེས་བྱ་བའོ། །འཆད་པ་སྔ་མ་ལན་འདེབས་པ་ནི་གལ་ཏེ་ཞེས་བྱ་བའོ། །དེའི་ཚེ་མིག་ཀྱང་འཇུག་པར་འགྱུར་རོ། །ཇི་ལྟར་ཤེས་པ་འཇུག་ན་མིག་ཀྱང་འཇུག་པར་འགྱུར་ཞེ་ན། མིག་ཅེས་གསུངས་སོ། །ཤེས་པ་འཇུག་པ་ལས་གཞན་དུའོ། །འོ་ན་འདས་པ་ལ་སོགས་པ་འཛིན་པ་ལ་མིག་
བྱེད་པ་ཡོད་པ་ཁོ་ནའོ་ཞེ་ན། སྔ་མ་དང་ཞེས་གསུངས་སོ། །ཅིའི་ཕྱིར་ཞེ་ན། སྲིད་པར་ཞེས་བྱ་བ་ནི། རྒྱུ་སྔ་མ་ལས་འབྲས་བུ་ཕྱི་མ་དང་འབྲས་བུ་ཕྱི་མ་ལས་རྒྱུ་སྔ་མ་ལས་སྲིད་པར་རྗེས་སུ་དཔོག་པའོ། །རྗེས་སུ་དཔག་པ་འཇུག་པ་ཉིད་དབང་པོ་འཇུག་པ་ཡིན་ནོ་ཞེས་དོགས་པ་ནི་གལ་ཏེ་ཞེས་བྱ་
བའོ། །ལན་ནི་རྗེས་སུ་དཔག་པ་ཡང་ཞེས་བྱ་བའོ། །གང་གི་ཕྱིར་ཁྱད་པར་གཅིག་ཏུ་མཐོང་བ་ནི་གཞན་དུ་མཐོང་བ་དེའི་ཕྱིར་རོ། །ཕྱེད་ཕྱི་མ་བཤད་པའི་ཕྱིར་དོགས་པ་བསུ་བ་ནི་སྤྱི་ཞེས་བྱ་བའོ། །ཁྱད་པར་ལས་ཐ་དད་པ་དང་ཐ་མི་དད་པའི་སྤྱི་ནི་ཡོད་པ་མ་ཡིན་ནོ། །དེས་ན་གང་གི་དབང་པོ་ཤེས་པ་རྣམ་
Vol. 185 · folio 158b
པར་རྟོག་པ་དང་བཅས་པར་འགྱུར་བ་དེ་དབང་པོས་གཟུང་བ་ཉིད་ཇི་ལྟར་ཡིན་ཞེས་བསྟན་པའི་དོན་དུ་ལན་འདེབས་པ་ནི་ཁྱད་པར་དེ་ལྟས་ཐ་དད་པ་ནི་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཐ་དད་བློ་མེད་ཕྱིར་ཞེས་བྱ་བའོ། །ཁྱད་པར་རྣམས་ལ་ནི་ཐ་དད་པ་དང་ཐ་མི་དད་པའི་སྤྱི་དང་ཁྱད་པར་གྱི་རྣམ་པ་ཅན་གྱི་བློ་ཉམས་
སུ་མྱོང་བ་ནི་མེད་དེ་འོན་ཀྱང་ཁྱད་པར་རྣམ་པ་ཉིད་ཡིན་ནོ། །སྤྱི་ནི་མ་དམིགས་པའི་ཕྱིར་མེད་པ་ཁོ་ནའོ་ཞེས་པའི་དོན་ཏོ། །གལ་ཏེ་གསལ་བ་དང་སྤྱི་དག་རྗེས་སུ་འགྲོ་བར་སྲིད་པའི་ཕྱིར། ཇི་ལྟར་བརྡའི་ཡུལ་ལ་ཡིན་ཞེ་ན། ཁྱད་པར་རྣམས་ཞེས་གསུངས་སོ། །དབང་པོས་གཟུང་བར་བྱ་བའི་སྤྱི་ཡང་རྗེས་སུ་འགྲོ་
བ་མ་ཡིན་ཏེ་ཞེས་འབྲེལ་ཏོ། །ཅིའི་ཕྱིར་ཞེ་ན། དེ་ནི་མེད་པའི་ཕྱིར་རོ་ཞེས་བྱ་བའོ། །ཁྱད་པར་རྣམས་རྗེས་སུ་འགྲོ་བ་མ་ཡིན་ལ་ཞེས་བརྗོད་པ་ཉིད་གསལ་བར་བྱེད་པ་ནི། ཁྱད་པར་རྣམས་ནི་ཞེས་པའོ། །སྤྱི་ཡང་ཞེས་བརྗོད་པ་གསལ་བར་བྱེད་པ་ནི་སྤྱི་ཞེས་བྱ་བ་སྟེ། དབང་པོས་གཟུང་བ་མ་
ཡིན་པའོ། །དེ་ཉིད་ཀྱི་ཕྱིར་དེ་ནི་ཞེས་གསུངས་ཏེ། སའི་དབང་པོས་གཟུང་བའི་ཞེས་བྱ་བ་ནི་སྤྱིའོ། །ཅིའི་ཕྱིར་ཞེ་ན། འདིར་ཅི་ནི་ཞེས་བྱ་བའོ། །འདིར་ནི་ཁྱད་པར་རྣམས་ལའོ། །ཅིའི་ཕྱིར་མི་སྣང་སྙམ་པའི་དོགས་པ་སེལ་བས་ཐ་དད་བློ་མེད་ཕྱིར་ཞེས་བྱ་བ་རྣམ་པར་འགྲེལ་པ་ནི་རྣམ་གཞན་ཞེས་བྱ་བའོ། །
དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་མི་དམིགས་པའི་ཕྱིར་རོ། །ཐ་དད་པ་དང་ཐ་མི་དད་པའི་སྤྱི་ནི་མེད་པ་ཉིད་ཡིན་ལ། མི་དམིགས་པ་ལས་མེད་ཀྱང་བླ་སྟེ་དེ་ཁས་ལེན་ན་ཉེས་པ་གཞན་ཡང་བརྗོད་པ་ནི་བརྗོད་དུ་མེད་པ་ཡང་མེད་པ་ཉིད་དོ། །གང་གི་ཕྱིར་སྤྱི་མེད་པ་དེའི་ཕྱིར་དབང་པོ་ལས་སྐྱེས་བློ་ཞེས་བྱ་བའོ། །གལ་ཏེ་
ཁྱད་པར་ཉིད་སྒྲའི་ཡུལ་ཡིན་པ་དེས་ན་དེ་འཛིན་པའི་དབང་པོ་ཤེས་པ་རྟོགས་པ་མེད་པར་ཇི་ལྟར་འགྱུར་སྙམ་ན་ཁྱད་པར་རྣམས་ལ་ཞེས་གསུངས་སོ། །ཅིའི་ཕྱིར་འཇུག་པ་མི་སྲིད་སྙམ་ན་ཁྱད་པར་ཞེས་གསུངས་སོ། །གལ་ཏེ་ཁྱད་པར་ཉིད་སྤྱི་ཡིན་པ་དེས་ན་དབང་པོའི་རྣམ་པར་ཤེས་པ་ཁྱད་པར་གྱི་
ཡུལ་ཅན་དུ་ཇི་ལྟར་འགྱུར་སྙམ་ན། རྗེས་སུ་འགྲོ་བ་མེད་པར་ཞེས་གསུངས་སོ། །ཁྱད་པར་རྣམས་ལ་ཞེས་བྱ་བ་ལ་སོགས་པ་འཆད་པ་ནི་ཁྱད་པར་ཞེས་བྱ་བའོ། །ཅིའི་ཕྱིར་རྗེས་སུ་འགྲོ་བ་མེད་པ་ལ་བརྡ་མི་འཇུག་སྙམ་ན་བརྡ་ནི་ཞེས་གསུངས་སོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་ཡུལ་དང་དུས་གཞན་
Vol. 185 · folio 159a
དུ་ཐ་སྙད་འཇུག་པའི་དོན་དུ་བརྡ་མི་འདོད་ནའོ། །དེའི་ཚེ་ཞེ་ན་ཞེས་པ་དེ་ཉིད་དུ་ཞེས་བྱའོ། །ཐ་སྙད་འཇུག་པའི་དོན་ཏོ། །མ་ཡིན་ནོ་ཞེས་དོགས་པ་ནི་ཆོས་ཀྱི་ཞེས་བྱ་བའོ། །ལན་ནི་དེ་ལྟར་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་ཡུལ་གཞན་ལ་སོགས་པར་ཐ་སྙད་པར་འཇུག་པའི་དོན་ཡིན་
པས་ནའོ། །དེའི་ཕྱིར་ཞེས་བྱ་བ་ནི་སོ་སོར་ངེས་པ་ལ་བརྡ་མི་འཇུག་པའི་ཕྱིར་རོ། །ཁྱད་པར་སྒྲའི་ཡུལ་མ་ཡིན་མོད། དེ་ལྟ་ན་ཡང་དེ་སྦྱར་ནས་འཛིན་པར་ཇི་ལྟར་མི་འདོད་ཅེ་ན། སྒྲ་རྣམས་ཞེས་གསུངས་ཏེ། དེ་ལྟར་བརྡར་བཏགས་པ་རྣམས་ཀྱི་ཡུལ་ལོ། །གང་ཞིག་ཡིན་པ་ཞེས་བྱ་བ་ནི་ཡུལ་ལ་
སོགས་པར་རྗེས་སུ་འགྲོ་བ་གང་ཡིན་པའོ། །དེ་ཉིད་ཅི་ཞེས་བྱ་བ་ནི་རྗེས་སུ་མི་འགྲོ་བ་ནི་མ་ཡིན་པའོ། །དེ་རྣམས་ཀྱིས་ཞེས་བྱ་བ་ནི་དེ་ལྟར་བརྡར་བཏགས་པའི་སྒྲ་རྣམས་ཀྱིས་སོ། །སྦྱོར་བྱེད་ཅེས་བྱ་བ་བུམ་པ་དེ་ནི་འདིའོ་ཞེས་བྱ་བའོ། །དེས་ཞེས་བྱ་བ་ནི་ཁྱད་པར་ལ་བརྡ་མེད་པས་ནའོ། །དེའི་ཕྱིར་
ཞེས་བྱ་བ་ནི་སྦྱར་ནས་འཛིན་པ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་ཞེས་བྱ་བས་ནི་རྒྱུ་ཅིའི་ཕྱིར་ན་ཁྱད་པར་ཉིད་དང་སྦྱོར་གྱི་ཁྱད་པར་ནི་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་པ་ལ་ནི་རྣམ་པར་རྟོག་པས་ཤེས་པ་ལའོ། །གང་ཡིན་པའི་དོན་དེ་དག་ཉིད་དོ། །ཅིའི་ཕྱིར་ཞེས་དྲིས་པ་ན་བརྗོད་པ་ནི་འདི་ཞེས་གསུངས་
སོ། །ཤེས་པ་གང་གིས་ཐ་སྙད་ཀྱི་དུས་སུ་རྟོགས་པར་བྱ་བ་ཡིན་ཏེ། ཅི་གང་ལ་ལྐོག་ཏུ་གྱུར་པའི་དོན་ཡོད་པ་རྣམ་པར་རྟོག་པ་དང་བཅས་པ་དེས་སམ་ཞེས་བྱ་བའོ། །རེ་ཞིག་རྣམ་པར་རྟོག་པ་ཐ་མ་སེལ་བ་ནི་གལ་ཏེ་ཞེས་བྱ་བའོ། །རྣམ་པར་རྟོག་པ་དང་པོའི་དབང་དུ་བྱས་ཏེ་བརྗོད་པ་ནི་འོན་ཏེ་ཞེས་བྱ་
བའོ། །ཅིའི་ཕྱིར་ཞེ་ན། དེའི་ཚེ་ཞེས་བྱ་བ་སྟེ། ཐ་སྙད་ཀྱི་དུས་ནའོ། །དབང་པོའི་ཡུལ་གྱི་དོན་རྟོགས་བཞིན་པ་མེད་པའི་ཕྱིར་རོ། །འདིས་ནི་འདི་སྐད་བརྗོད་དེ་གལ་ཏེ་དབང་པོའི་ཡུལ་གྱི་དོན་རང་གི་མཚན་ཉིད་ལ་བརྡ་བྱེད་པ་ཡིན་ན་ནི་དེའི་ཚེ་ཐ་སྙད་ཀྱི་དུས་སུ་དེ་ཉིད་རྟོགས་པར་འགྱུར་བ་ཞིག་ན། དེ་ལྟར་
ཡང་མ་ཡིན་ཏེ། དེས་ན་དེ་ལ་བརྡ་བྱེད་པ་མ་ཡིན་ནོ་ཞེས་བྱ་བའོ། །ཡང་ན་ཞེས་བྱ་བ་ལ་སོགས་པས་ནི་རྣམ་འགྲེལ་ལ་འཇུག་པར་བྱེད་པའོ། །དོན་དང་སྒྲ་མེད་ཀྱང་འབྲེལ་པར་བྱེད་པའི་ཕྱིར་ན་དེའི་ཚེ་དབང་པོའི་སྤྱོད་ཡུལ་གྱི་དོན་འབྲེལ་པ་མ་ཡིན་ནོ་ཞེས་འབྲེལ་ཏོ། །འོན་ཏེ་ཡང་གང་གི་ཚེ་དོན་འདས་ཏེ་མེད་པ་ན་
Vol. 185 · folio 159b
ཡང་བརྡ་བྱེད་པ་ཡིན་ནོ་ཞེས་བརྗོད་པ་ནི། དེའི་ཚེ་ཡང་རྣམ་པར་རྟོག་པའི་བློ་ལ་དོན་སྣང་བ་ཡོད་པ་ཡིན་ལ། སྣང་བ་དེ་ཉིད་ཀྱང་དོན་ཡིན་པ་དེས་ན་དོན་ཀྱང་བརྡ་བྱེད་པ་ཡིན་ཞེ་ན། སྣང་བ་ཐ་དད་པ་ཡིན་ཡང་ཞེས་གསུངས་སོ། །རྣམ་པར་རྟོག་པ་ལ་ནི་མི་གསལ་བར་སྣང་བ་ཡིན་ན། དེ་ཇི་ལྟར་ན་མངོན་སུམ་
ལ་སྣང་བ་གསལ་བའི་དོན་དེ་ལ་ཅིག་ཅར་འགྱུར་ཞེས་བྱ་བར་དགོངས་པའོ། །འདིར་སློབ་དཔོན་ཆོས་མཆོག་གི་ལུགས་ཀྱི་དོགས་པ་ནི་གལ་ཏེ་ཞེས་བྱ་བའོ། །རྟག་པར་འཛིན་པས་ནི་འཁྲུལ་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོ་ན་ཇི་ལྟར་དངོས་པོ་རྣམས་ཐ་དད་ཅེ་ན། ཐ་དད་པ་ནི་ཞེས་བྱ་བ་ནི་འདི་ལ་བརྗོད་
པ་ནི་དོན་བྱེད་པ་ཞེས་བྱ་བའོ། །སྣང་བ་ཐ་དད་པ་ཉིད་དོན་བྱེད་པ་ཐ་དད་པའི་སྒྲས་བརྗོད་པར་བྱ་བ་ཡིན་ནོ། །གལ་ཏེ་བུམ་པ་དང་སྣམ་བུ་དག་ཅི་ལྟར་ཐ་དད་ཅེས་བྱ་བ་འདིར་ཆུ་འཛིན་པ་ལ་སོགས་པ་འབྲས་བུ་ཐ་དད་པའི་ཕྱིར་རོ་ཞེས་བརྗོད་པ་མ་ཡིན་ནམ་དེས་ན་སྣང་བ་ཐ་དད་པ་ཉིད་དོན་བྱེད་པ་ཐ་དད་པ་ཇི་ལྟ་
ཡིན་སྙམ་ན་གཞན་དུ་གྱུར་པའི་འབྲས་བུ་ཐ་དད་པ་ནི་རྒྱུ་ཐ་དད་པའི་མཚན་ཉིད་མ་ཡིན་ནོ། །རྒྱུའི་སྣང་བ་ཐ་དད་པ་མེད་པར་ཞེས་འབྲེལ་ཏོ། །དེ་ཉིད་ལས་ཞེས་བྱ་བ་ནི་སྣང་བ་ཐ་དད་པ་ཉིད་ལས་སོ། །ཐུག་པ་མེད་པར་འགྱུར་རོ་ཞེས་བྱ་བ་ནི། འབྲས་བུ་གཞན་དང་འབྲས་བུ་གཞན་ཐ་དད་པའི་སྒོ་ཁོ་ནས་ཐ་དད་པ་
ཡིན་ལ་དེ་ཡང་དེ་ལས་གཞན་གྱིས་ཡིན་པའི་ཕྱིར་རོ། །འབྲས་བུ་ཐ་དད་པ་སྣང་བ་ཐ་དད་པ་ལས་ཡིན་ནོ་ཞེ་ན་ནི། དེའི་ཚེ་རྒྱུ་ཡང་སྣང་བས་ཐ་དད་པ་དེ་ཉིད་ལས་སོ། །གཞན་ཡང་བརྗོད་པ་ནི་དོན་བྱེད་པ་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་མི་སླུ་བའོ། །དེས་ན་རྗེས་སུ་དཔག་པ་དེར་ཡང་ངོ་། །གང་གི་ཕྱིར་དེ་ལྟ་མ་
ཡིན་པ་དེའི་ཕྱིར་ཐ་དད་པ་ནི་ཐམས་ཅད་དུ་ཞེས་བལྟའོ། །དེ་ལྟ་བུ་ལ་ཞེས་བྱ་བ་ནི་མིག་མངོན་སུམ་ཕྱེ་བའི་རྟོགས་པ་པོ་ལའོ། །འོ་ན་ཇི་ལྟར་འབྲེལ་སྙམ་ན། འདིའི་ཞེས་གསུངས་ཏེ་ཞེས་རྣམ་པ་དེ་ལྟར་བསྟན་པ་སྟེ། བརྗོད་པའི་དོན་གང་ཡིན་པ་ཉིད་སྦྱོར་བ་ཡིན་ནོ། །དོན་དེ་ཉིད་དབང་པོའི་ཤེས་པའི་ཡུལ་
ཡིན་པའི་ཕྱིར་རྣམ་པར་རྟོག་པ་དང་བཅས་པ་ཡིན་ནོ་སྙམ་ན། མངོན་སུམ་ལ་ནི་ཞེས་གསུངས་སོ། །དོན་རྐྱང་བ་ཙམ་ཞེས་བྱ་བ་ནི་རྟགས་ཀྱི་དོན་ཙམ་མོ། །རེ་ཞིག་འདི་ནི་ཁས་བླངས་ནས་བརྗོད་པ་ཡིན་ཏེ། རྣམ་པའི་དབྱེ་བའི་དོན་ནི་སྣང་བ་མ་ཡིན་ནོ་ཞེས་བསྟན་པའི་དོན་དུའོ། །རྟགས་ཀྱི་དོན་གཞན་དུ་རྣམ་པར་
Vol. 185 · folio 160a
དབྱེ་བའི་དོན་ཡང་ཅི་སྟེ་མི་སྣང་ཞེ་ན། བརྗོད་པ་ནི་འདི་ལྟར་ཞེས་བྱ་བའོ། །གལ་ཏེ་འདིའི་ཞེས་བྱ་བའི་འབྲེལ་པ་ཕན་གདགས་པར་བྱེད་པ་དང་། ཕན་འདོགས་པར་བྱེད་པ་དག་མ་ཡིན་ན་འོ་ན་ཇི་ལྟར་འདིའི་རྗོད་པར་བྱེད་པ་ནི་འདི་ཡིན་ནོ་ཞེས་འབྲེལ་པ་ཡིན། འདིར་ནི་བརྗོད་པར་བྱ་བ་དང་རྗོད་
པར་བྱེད་པ་དག་ཕན་གདགས་པར་བྱ་བ་དང་ཕན་འདོགས་པར་བྱེད་པའི་དངོས་པོ་ཡོད་པ་མ་ཡིན་ནོ་ཞེ་ན་དེས་ཞེས་བྱ་བའོ། །བློའི་ཡུལ་གྱི་དོན་ལས་རེས་འགའ་སྒྲེ་འབྱུང་སྟེ་སྐྱེ་ལ། རེས་འགའ་ནི་སྒྲ་ལས་བློ་ལ་གནས་པའི་དོན་ཡིན་པའི་ཕྱིར་ཏེ་རྣམ་པ་དེ་ལྟར་བློའི་རང་བཞིན་དང་ངག་གི་རྣམ་པར་རིག་བྱེད་དེ་གཉིས་
སོ། །གལ་ཏེ་དེ་ལྟ་ན་ཡང་མངོན་སུམ་ཉིད་ཀྱི་འབྲེལ་པ་བྱེད་དོ། །དེས་ན་མངོན་སུམ་ལ་སྣང་བའི་དོན་ཉིད་ལ་བརྡ་བྱེད་པ་ཡིན་ནོ་ཞེ་ན། མངོན་སུམ་ལ་ཞེས་གསུངས་སོ། །དེ་ནི་མངོན་སུམ་ལ་སྣང་བའོ། །མིག་ལ་སོགས་པ་སྐྱེད་པའི་ཤེས་པ་ལ་སྣང་བའི་ངང་ཚུལ་གང་ལ་ཡོད་པ་དེ་ལ་བརྡ་བྱེད་པ་ཡིན་ན་
དེའི་ཚེ་རང་གི་མཚན་ཉིད་དེ་ནི་ཐ་སྙད་ཀྱི་དུས་ན་སྒྲ་བརྗོད་པའི་རྗེས་སུ་སྣང་བར་འགྱུར་རོ། །སྣང་བ་ཉིད་དོ་སྙམ་ན། དེ་ལྟར་ནི་མ་ཡིན་ཏེ་ཞེས་གསུངས་སོ། །ཅིའི་ཕྱིར་མིན་ཞེ་ན། རང་ཉིད་ཅེས་གསུངས་སོ། །གལ་ཏེ་བརྡ་མ་བྱས་ཀྱང་དོན་རྟོགས་ན་ནི་དེའི་ཚེ་བརྡ་མེད་པར་རྟོགས་ཚོགས་པར་འགྱུར་རོ་དེ་ལྟར་ཡང་མ་
ཡིན་ཏེ། འདི་ཉིད་རྣམ་པ་གཞན་དུ་བཤད་པའི་ཕྱིར་ཡང་ན་ཞེས་གསུངས་སོ། །དེ་ལྟ་བུ་ཉིད་ནི་བརྡ་མེད་པ་ཉིད་དོ། །འོན་ཏེ་གསལ་བར་སྣང་བ་རྣམ་པར་རྟོག་པ་མེད་པ་ལས་མི་གསལ་བར་སྣང་བའི་རྣམ་པར་རྟོག་པའི་ཤེས་པ་འདི་ནི་གཞན་ཁོ་ན་ཡིན་ནོ་ཞེ་ན། འདིར་རྣམ་པར་རྟོག་པ་ཞེས་བྱ་བའོ། །གལ་ཏེ་
རྣམ་པར་རྟོག་པ་གཞན་ཡིན་ན། དེའི་ཚེ་དེའི་གཟུང་བ་ལྐོག་ཏུ་ཡིན་པར་འགྱུར་རོ། །དེ་ལྟ་ཡང་མ་ཡིན་ནོ་ཞེ་ན་སྟོན་པ་ནི་འདི་ལ་ཞེས་བྱ་བའོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཞན་དག་ཉིད་སངས་རྒྱས་པའི་དོགས་པ་བསྡུ་བའོ། །སྔར་ཡང་ཞེས་བྱ་བ་ནི་མངོན་སུམ་གྱི་དུས་ན་ཡང་ངོ་། །དེ་ཞེས་བྱ་
བ་ནི་རང་གི་མཚན་ཉིད་དོ། །འདིར་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་དུས་ནའོ། །འོན་ཏེ་ཁྱད་པར་འདི་ཉིད་མེད་དོ་ཞེ་ན། མཐོང་བ་ཉིད་ནི་ཞེས་བྱ་བ་གསུངས་སོ། །རྐང་པ་ཐ་མ་རྣམ་པར་འགྲེལ་པ་ནི་ཤེས་པར་གྱུར་པ་ཉིད་ནི་ཞེས་བྱ་བའོ། །ཕ་རོལ་ཉིད་ཀྱི་དོགས་པ་བསུ་བ་ནི་རྣམ་རྟོག་ཕྱིར་ན་ཞེས་བྱ་བ་སྟེ། མི་
Vol. 185 · folio 160b
བདེན་པ་ཉིད་དོ་ཞེས་བྱ་བ་སྟེ། མི་བདེན་པ་ཉིད་དོ་ཞེས་འབྲེལ་ཏོ། །འདི་གཞན་གྱི་བརྗོད་པ་ནི་འདིར་ཚད་གང་ཞེས་བྱ་བའོ། །རྣམ་པར་རྟོག་པ་ཡང་ཡིན་ལ་བདེན་པ་ཉིད་ཀྱང་ཡིན་མོད་འགལ་བ་ཅི་ཡོད། འོན་ཏེ་དེ་ལྟ་བུ་ཁོ་ནར་རྣམ་པར་རྟོག་པའི་ཤེས་པ་མི་བདེན་པར་བརྗོད་ན་རྣམ་པར་རྟག་པ་མེད་པའི་བློ་
ལ་ཡང་ཞེས་སྨྲས་སོ། །མངོན་སུམ་དུ་བྱེད་པ་ཞེས་བྱ་བ་ནི། རྣམ་པར་རྟོག་པའི་ཤེས་པ་ཞེས་བྱ་བ་ལྷག་མ་ནིའོ། །འདི་ནི་ཞེས་བྱ་བ་ནི་བ་ལང་བ་ལང་སྦྲུལ་སྦྲུལ་ཞེས་བྱ་བ་ལ་སོགས་པའོ། །མངོན་སུམ་གྱི་ཡུལ་ཅན་ཡིན་ཡང་འདི་ནི་རྗེས་སུ་དཔག་པ་ཉིད་ཡིན་ནོ་ཞེ་ན། ཡུལ་གྱི་དབྱེ་བ་ཉིད་
ལས་ཞེས་བྱ་བའོ། །འོན་ཏེ་མངོན་སུམ་གྱི་ཡུལ་གཅིག་ཁོ་ན་ལས་མངོན་སུམ་དང་རྗེས་སུ་དཔག་པ་ལས་འཇུག་པ་དེས་ན་ལྐོག་ཏུ་མ་གྱུར་པའི་ཡུལ་ཅན་ཡིན་ཡང་རྗེས་སུ་དཔག་པ་ཉིད་དོ་ཞེ་ན། ཚད་མ་ངེས་པ་མེད་པ་ཉིད་ཅེས་སྨྲས་སོ། །འདི་མ་གྲུབ་པའི་མཐའ་བརྗོད་པ་ནི་དེ་ཐམས་ཅད་ནི་ཞེས་
བྱ་བའོ། །འཇུག་པ་མྱུར་ཕྱིར་ཞེས་བྱ་བ་ནི་འདི་ནི་གཞན་གྱི་ལུགས་ལ་ལྟོས་པ་ཁོ་ན་གྲུབ་པའི་མཐའི་ནང་དུ་སྨོས་པ་ཡིན་ནོ། །རང་གི་མཚན་ཉིད་ཅེས་བྱ་བ་ནི་བ་ལང་ལ་སོགས་པའི་རང་གི་མཚན་ཉིད་འཛིན་པ་ལྟུང་གྱུར་པའོ། །ཡི་གེའི་རྣམ་པ་ཞེས་བྱ་བ་ནི་བ་ལ་སོགས་པའི་ཡི་གེར་ཞེན་པའོ། །དེ་
ལས་ཞེས་བྱ་བ་ནི་བ་ལང་ལ་སོགས་པར་སྣང་བ་ལས་སོ། །འོ་ན་མངོན་སུམ་གྱི་ཤེས་པ་གང་ཞིག་ཡིན་སྙམ་ན། བདུན་ན་ཞེས་གསུངས་སོ། །ཅི་ལྟར་ན་ཤེས་པ་འདི་ཉིད་མངོན་སུམ་ཡིན་གྱི། སྔ་མ་ནི་མ་ཡིན་ཞེ་ན། དེ་ལ་ནི་ཞེས་བྱ་བ་སྟེ་སྔ་མ་ལའོ། །འདི་ཉིད་ཅེས་བྱ་བ་ནི་ཕྱི་མ་ཉིད་དོ། །གྲུབ་
པའི་མཐའ་སྨྲ་བར་རྣམ་པར་དཔྱོད་པར་བྱེད་པ་ལ་ལྟོས་ནས་ནི་མེད་པ་ཁོ་ན་ཞེས་བྱ་བའོ། །སྣང་བ་ཐ་དད་པས་ཞེས་བྱ་བ་ནི་བ་ལ་སོགས་པའི་ཡི་གེར་ཞེན་པ་ནི་མི་གསལ་བར་སྣང་ལ། ཁྲ་བོ་ལ་སོགས་པ་ནི་གསལ་བར་སྣང་བའོ། །རེ་ཞིག་བ་ལ་སོགས་པའི་ཡི་གེ་རྣམ་པར་རྟོག་པ་དང་། ཁྲ་བོ་ལ་
སོགས་པ་སྣང་བ་ཡིན་པ་ལྟ་བར་ཞོག་སྟེ། ཡི་གེ་བ་དང་ད་ལ་སོགས་པའི་རྣམ་པར་རྟོག་པ་རྣམས་ཀྱང་གཅིག་ཉིད་མ་ཡིན་ནོ་ཞེས་བསྟན་པའི་དོན་དུ་ཡི་གེ་བ་ལ་སོགས་པའི་ཞེས་བྱ་བའི་ཁྱད་པར་གྱི་དངོས་པོ་གཅིག་ཉིད་མ་ཡིན་པའི་གཏན་ཚིགས་ཀྱི་ཚིག་བརྗོད་པ་ནི་རིམ་གྱིས་ཞེས་བྱ་བའོ། །རིམ་
Vol. 185 · folio 161a
གྱིས་འབྱུང་བ་དག་ལ་ནི་གཅིག་ཉིད་སྲིད་པ་མ་ཡིན་ནོ། །འོན་ཏེ་ཡི་གེ་བ་ལ་སོགས་པར་ཞེན་པ་གང་ཡིན་པ་ཉིད་རྣམ་པར་རྟོག་པ་མེད་པར་ཁྲ་བོ་རྟོག་པར་བྱེད་པ་ཡིན་ནོ་ཞེ་ན། ཡི་གེར་ཞེས་བྱ་བའོ། །དེ་ཞེས་བྱ་བ་ཡི་གེར་སྣང་བ་མེད་ཀྱང་ངོ་། །གཞན་གྱི་དེ་མེད་ཀྱང་ཞེས་སྨྲས་ཏེ། ཡི་གེར་
སྣང་བ་མེད་ཀྱང་ངོ་། །རང་བཞིན་དེ་ཉིད་སྔ་མ་ཉིད་དུ་སྣང་བ་ནི་ངེས་པ་ཡིན་ནོ་ཞེ་ན་སྔོན་གྱི་ཞེས་གསུངས་སོ། །གཞན་ཞེས་བྱ་བ་ལ་སྔོན་སྣང་བ་ངེས་པ་ཞེས་བྱ་བ་དེ་ལྟར་དེ་སྔོན་སྣང་བ་དེ་དང་གཅིག་ཏུ་ངེས་པར་བྱ་བ་ཉིད་ངེས་པའི་སྒྲས་བརྗོད་པར་བྱ་བ་ཡིན་ནོ་ཞེ་ན་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དོན་དམ་པར་ཤེས་
པ་དེ་གཉིས་གཅིག་པ་ཉིད་མ་ཡིན་ན། དེའི་ཚེ་ཇི་ལྟར་བློ་དམན་པ་རྣམས་གཅིག་ཏུ་ངེས་པ་ཡིན་ཞེས་བསམས་ནས་སྨྲས་པ་ནི་འོ་ན་ཞེས་བྱ་བའོ། །འབྲས་བུ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །གལ་ཏེ་དེ་དག་ཐ་དད་པ་ཁོ་ན་ཡིན་ན། དེའི་ཚེ་འོ་ན་རིམ་གྱིས་ཞེས་བྱ་བའོ། །རིམ་གྱིས་འཛིན་པར་ངེས་ན་མ་ཡིན་པ་
ཞེས་བྱ་བ་ནི། འོན་ཀྱང་དུས་གཅིག་ཏུ་འཛིན་པར་ངེས་པ་ཡིན་ནོ་ཁྱེད་ཀྱི་ལྟར་ན་ནི་འཛིན་པ་འབའ་ཞིག་ཁོ་ན་རིམ་གྱིས་ཡིན་ལ། ལྷག་པར་ཞེན་པ་ནི་ཅིག་ཅར་ཁོ་ན་ཡིན་ནོ། །དེས་ན་ཇི་ལྟར་ཁྱེད་ཀྱི་འདོད་པས་དེ་དག་ཐ་དད་ཀྱང་ཅིག་ཅར་ལྷག་པར་ཞེན་པར་བྱེད་པ་ཡིན་པ་དེ་བཞིན་དུ། ཁོ་བོ་ཅག་གི་ལྟར་ན་འཛིན་པ་
ཡིན་པར་འགྱུར་རོ་ཞེས་བསམས་པའོ། །རྣམ་པར་རྟོག་པ་དེ་ལའོ། །དེ་ལ་ཡང་ཞེས་བྱ་བ་ནི་ཕ་རོལ་ཉིད་སངས་རྒྱས་པའི་དོགས་པ་བསུ་བའོ། །དེ་ཉིད་ཀྱིས་སྨྲས་པ་ནི་འོ་ན་ནི་ཞེས་བྱ་བའོ། །ཞུགས་པས་ཞེས་བྱ་བ་ནི་ཆགས་པས་སོ། །རྣམ་པར་རྟོག་པ་དེས་སོ། །འདིར་གྲུབ་པའི་མཐའ་སྨྲ་བ་ཡུལ་མེད་
པ་ཉིད་དུ་དོགས་ནས་བར་ཆད་འགོག་པར་བྱེད་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པས་ནི་དེའི་ལུགས་ཉིད་ཀྱིས་གྲུབ་པའི་མཐའ་བརྗོད་པའོ། །གཞན་གྱི་ལྟར་ན་རིགས་པ་པའི་ལྟར་ན་ཡོད་དོ། །རིགས་ནི་ཐ་དད་པའི་རྣམ་པར་རྟོག་ཚེ་ནི་བརྡར་རོ། །ཇི་ལྟར་བ་ལང་གི་མཐོང་བ་རྒྱུན་
འཆད་པ་མིན་ཞེས་བྱ་བ་ནི་ལྟོས་པའོ། །ཕྱེད་སྔ་མ་འཆད་པ་ནི་མངོན་སུམ་ཞེས་བྱ་བའོ། །གཞན་གྱི་ཞེས་བྱ་བ་ནི་རིགས་པ་ཅན་གྱི་ལྟར་ནའམ། ཡང་ན་མཐོང་བའི་དོན་གྱི་མངོན་སུམ་གྱི་ཤེས་པའི་རང་བཞིན་ཉིད་མ་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་རིགས་མི་མཐུན་པའི་རྣམ་པར་རྟོག་པའི་དུས་ནའོ། །རིགས་མི་
Vol. 185 · folio 161b
མཐུན་པའི་རྣམ་པར་རྟོག་པ་ལས་སྔོན་རོལ་གྱི་མཐོང་བ་གང་ཡིན་པ་དང་། དེ་བཞིན་དུས་ཀྱི་འབྱུང་བའི་མཐོང་བ་གང་ཡིན་པ་དེ་ཉིད་ཀྱི་དངོས་པོ་ནི་སྟོབས་དང་ལྡན་པས་མཐོང་བ་དེ་གཉིས་ཀྱི་བར་དུ་ཞུགས་པ་མཐོང་བ་མ་ཡིན་པ་རིགས་མི་མཐུན་པའི་རྣམ་པར་སྒྲིབ་པའོ། །མི་སྲིད་དོ་ཞེས་བྱ་བ་ནི་རིགས་མཐུན་
པའི་རྣམ་པར་རྟོག་པའི་དུས་སམ། རིགས་མི་མཐུན་པའི་རྣམ་པར་རྟོག་པའི་དུས་སུ་ཡང་བར་དུ་གཅོད་པ་ནི་སྲིད་པ་མ་ཡིན་ནོ། །བར་ཆོད་རྟོགས་པར་ཐལ་བའི་ཕྱིར་རོ། །བར་ཆོད་ཡོད་ཀྱང་མྱུར་བའི་ཕྱིར་བར་དུ་མ་ཆོད་པར་རྟོགས་པ་ཡིན་ནོ་ཞེ་ན། གྱུར་པའི་ཕྱིར་ཞེས་བྱ་བའོ། །ཡི་གེ་དག་ཀྱང་ཞེས་བྱ་བ་
ནི་ས་ར་དང་ས་ར་ཞེས་བྱ་བ་ལ་སོགས་པར་རོ། །རིམ་དང་ལྡན་པ་ལ་ཡང་ཞེས་བྱ་བ་ནི་བར་ཆོད་ཡོད་པ་ལ་ཡང་ངོ་། །དེ་ལ་ནི་མཚོ་དང་རོ་ཞེས་བྱ་བ་ལ་སོགས་པར་རོ། །དུས་གཅིག་ཏུ་ཐོས་པ་མ་ཡིན་པ་ནི་རིམ་གྱིས་ཐོས་པའོ། །འདིར་ཞེས་བྱ་བ་ནི་གྲུབ་པའི་མཐའ་སྟེ། རིགས་མི་མཐུན་པའི་རྟོག་པ་དང་
རྟོག་པ་མེད་པ་གཉིས་ལའོ། །གཞན་གྱིས་སྨྲས་པ་རྡུལ་གྱི་ཚད་ལ་སོགས་པ་དང་ལྡན་པའི་མཚན་ཉིད་ཅན་ཡིན་གྱི་དབང་པོ་དག་དུས་གཅིག་ཏུ་འཇུག་པ་མེད་པའི་ཕྱིར་རོ། །དེ་ལས་བྱུང་བའི་ཤེས་པ་རིམ་གྱིས་འབྱུང་བ་ཡིན་ཏེ། དེས་ན་མྱུར་བ་ཉིད་ལས་དུས་གཅིག་པ་མངོན་པར་རློམ་པ་ཡིན་ནོ་ཞེས་བྱ་
བའི་དོན་ཏོ། །འདི་ལས་བརྗོད་པ་ནི་འདི་ནི་ཞེས་བྱ་བའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་མྱུར་བ་མེད་ནའོ། །རིམ་གྱིས་སྐྱེ་བ་དག་ལ་གལ་ཏེ་མྱུར་བ་ཡང་མེད་ན་ནི། དེའི་ཚེ་དུས་གཅིག་ཏུ་མངོན་པར་ཞེན་པར་མི་འགྱུར་རོ་ཞེས་མནོས་པའོ། །མཆོག་ཏུ་གྱུར་པ་ཞེས་བྱ་བ་ནི་ཁྱད་པར་དུ་འཕགས་པའོ། །
ཡི་གེ་རྣམ་པ་གཅིག་ཐོས་པའི་རྒྱུ་མགྱོགས་པ་ཉིད་མེད་དོ་ཞེས་བརྗོད་པ་གང་ཡིན་པ་དེ་ལ་བརྗོད་པ་ནི་དབང་པོའི་ཉེས་པ་ལྔ་པོ་རྣམས་ཀྱིས་ཆོད་ཀྱང་ཆོད་པ་མེད་པ་དེ་བཞིན་དུ་སྣང་བའི་རྣམ་པར་རྟོག་པའི་བློ་གང་ཡིན་པ་དེ་ཆོད་པར་སྣང་ངོ་ཞེས་བྱ་བ་ནི་ངོ་མཚར་ཏེ། ཡ་མཚན་ཆེའོ། །འདིར་ཡང་ཆོད་པར་
སྣང་བ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། མིང་སྟེ་སྒྲའི་མཐར་ཐུག་པའི་སྐད་ཅིག་གང་ཡིན་པ་དེ་དང་འདྲེ་བའི་ཕྱིར་ཏེ་འདུ་བའི་ཕྱིར་རོ། །དེ་ལྟར་ལྷག་པར་ཞེན་པ་ནི་ཅིག་ཅར་བ་ཉིད་དུ་ཞེན་པའོ། །ཇི་ལྟར་མི་འགྱུར་ཞེས་བྱ་བ་ནི་ཅིག་ཅར་བ་ཉིད་དུ་ལྷག་པར་ཞེན་པར་ཞེས་འབྲེལ་ཏོ། །དེ་བས་
Vol. 185 · folio 162a
ཀྱང་ཞེས་བྱ་བ་ནི་ས་ར་དང་ས་ར་ཞེས་བྱ་བས་ཀྱང་ངོ་། །དྲི་ཞིམ་པའི་ཚིག་ནི་དྲི་ཉེ་བའོ། །བལྟ་ན་སྡུག་པའི་ན་ཆུང་ནི་གཟུགས་སོ། །ཁའི་རོ་མྱང་བ་ཞེས་བྱ་བ་ནི་རེག་བྱ་དང་རོ་དག་གོ། །དེར་ནི་ཞེས་བྱ་བ་ནི་རྣམ་པར་ཤེས་པ་དྲུག་སྐྱེ་བའི་དུས་ནའོ། །དེ་འདྲ་བ་ཞེས་བྱ་བ་ནི་ཡི་གེ་རྣམས་
ཀྱི་མགྱོགས་པ་ཅི་འདྲ་བ་དེ་དང་འདྲ་བའོ། །ཡི་གེ་རྣམས་ལ་ཡང་ཞེས་བྱ་བ་ནི་རོ་དང་མཚོ་ཞེས་བྱ་བ་རྣམས་ལའོ། །ས་ར་ས་ར་ཞེས་བྱ་བ་ལ་སོགས་པའི་ཡི་གེའི་ཡུལ་ཅན་སྐད་ཅིག་མའི་ཤེས་པ་གང་ཡིན་པ་དེས་བར་དུ་ཆོད་པ་དེར་མགྱོགས་པས་ཅིག་ཅར་ཞེན་པ་བསྒྲུབ་པར་ཇི་ལྟར་མི་འགྱུར་ཏེ།
འགྱུར་བ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །ཁྱད་མེད་ན་ཞེས་བྱ་བ་ནི་ཐམས་ཅད་ལའོ། །དེའི་ཚེ་དོན་ཉེ་བ་ལ་ཡང་ཞེས་བྱ་བ་ཚོགས་པ་ལ་ཡང་ངོ་། །ཡུལ་གཞན་ལ་ཆགས་པ་གང་ཡིན་པ་དེས་ནུས་པ་ཉམས་པར་འགྱུར་བ་གང་ཡིན་པ་དེ་ཡོད་པར་ཡིན་ན་ནི་རྐྱེན་དུ་མི་འགྱུར་ཏེ་སྐྱེད་བྱེད་དུ་མི་འགྱུར་རོ། །གང་
གི་ཞེ་ན་ཉེ་བར་གནས་པ་ཐམས་ཅད་ཀྱི་རྣམ་པར་ཤེས་པ་བསྐྱེད་པའིའོ། །གཞན་གྱི་མཚུངས་པ་མ་ཡིན་ཏེ་ཞེས་སྨྲས་སོ། །ཡིད་ཀྱི་ཞེས་བྱ་བ་ནི་དབང་བའིའོ། །འདི་ལ་བརྗོད་པ་ནི་དེ་ལྟ་ན་ཡང་ཞེས་བྱ་བའོ། །འདི་ནི་ཡིད་ཁས་བླངས་ཏེ་བརྗོད་པ་ཡིན་ན་ནི་དེ་ཉིད་ཀྱང་མི་སྲིད་དོ་ཞེས་བརྗོད་པ་ནི་རྣམ་པར་
ཤེས་པ་སྔ་མ་ལས་མ་རྟོགས་པའི་ཞེས་བྱ་བའོ། །མཚམས་སྦྱར་བས་ཞེས་བྱ་བས་ནི་སྔ་ཕྱི་མཚམས་སྦྱར་བས་ནི་མ་ཡིན་ཏེ། མི་གསལ་བར་སྣང་བ་ཐོབ་པའི་ཕྱིར་རོ། །མགལ་མེ་ལ་སོགས་པ་མྱུར་དུ་འཇུག་པའི་རྗེས་སུ་འགྲོ་བ་འཁོར་བའི་མཚན་ཉིད་གང་ཡིན་པ་དེས་གནོད་པ་གང་ལ་ཡོད་པའི་
མིག་གང་ཡིན་པ་དེ་ལ་དེ་སྐད་ཅེས་བརྗོད་དོ། །མཐོང་བ་སྟེ་ཤེས་པ་རྣམས་མཚམས་སྦྱོར་བ་ནི་མ་ཡིན་ནོ། །ད་ནི་རང་ཉིད་བློ་ཅིག་ཅར་བ་ཉིད་དུ་བསྒྲུབ་པའི་དོན་དུ་གཞན་གྱི་ཚུལ་ཉེ་བར་འགོད་པ་ནི་ཅི་སྟེ་ཡང་ཞེས་བྱ་བའོ། །གྲུབ་པའི་མཐའ་སྨྲ་བས་གསུངས་པ་འོ་ན་ནི་ཞེས་བྱ་བའོ། །ཅིག་ཅར་
སྣང་བ་ལ་ཡང་ཚད་མ་ཅི་ཡོད་སྙམ་ན། ཅིག་ཅར་ཞེས་གསུངས་སོ། །དེ་ཞེས་བྱ་བ་ནི་ཅིག་ཅར་སྣང་བའོ། །དེ་ལྟར་ཞེས་བྱ་བ་ནི་འཁྲུལ་པའི་མཚན་ཉིད་དུའོ། །གཞན་གྱི་འདོད་པ་ནི་བྲམ་ཟེའི་འདོད་པའོ། །སོགས་པའི་སྒྲས་ནི་དོན་བརྗོད་པ་ན་ཉམས་སུ་མྱོང་བའི་རྣམ་པས་འཇུག་པ་ཞེས་བྱ་བའོ། །དཔེ་
Vol. 185 · folio 162b
ཉིད་བསྒྲུབ་པ་ནི་བྱིས་པའི་ཞེས་བྱ་བའོ། །དེ་སྐད་སྨྲ་བའི་བྲམ་ཟེ་དེ་དག་གི་ལུགས་ལྟར་ན་མངོན་སུམ་ཁོ་ནར་འགྱུར་གྱི་རྣམ་པར་རྟོག་པ་མ་ཡིན་ཏེ། བརྡ་མེད་པའི་ཕྱིར་རོ་ཞེས་དོགས་པའོ། །འགྱུར་མོད་ཅེས་བྱ་བ་ལ་སོགས་པས་གཞན་གྱི་ཚིག་གི་དོགས་པ་བསུ་ནས་བརྗོད་པ་ནི་མ་ཡིན་ཏེ་ཞེས་བྱ་
བའོ། །ཅི་སྟེ་ཞེས་བྱ་བ་ནི་དོགས་པའོ། །སྔ་མ་དང་ཕྱི་མར་རྟོག་པ་ཞེས་རྗེས་སུ་འཇུག་གོ། །ལན་ནི་ཕྱིས་ཀྱང་ཞེས་བྱ་བའོ། །ཐབས་མེད་པ་ཉིད་བསྒྲུབ་པ་ནི་བརྡ་འཛིན་པའི་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་རྣམ་པར་རྟོག་པའོ། །དེས་ན་ཞེས་བྱ་བ་ནི་རྣམ་པར་དཔྱོད་པའི་ཡིད་བརྡ་འཛིན་པའི་ཕྱིར་ཕྱིས་
ཞེས་བྱ་བ་རྟོག་པའི་གནས་སྐབས་ནའོ། །གནོད་པར་བྱེད་པ་ལ་གཞན་ཡང་བརྗོད་པ་ནི་བྱིས་པའི་ཞེས་བྱ་བའོ། །འབྲེལ་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི། གལ་ཏེ་དབང་པོའི་ཤེས་པས་ཀྱང་བརྡ་འཛིན་ནུས་ན་དེ་ལ་གནོད་པར་བྱེད་པ་ཅི་ཡོད་ཅེས་བྱ་བར་དགོངས་པའོ། །ཐམས་ཅད་དུ་ཞེས་བྱ་བ་ནི་ཤེད་བྱེད་ལ་ཡང་ངོ་། །
དེ་ལྟར་ནི་རྣམ་པར་རྟོག་པ་མེད་པར་རོ། །བྱིས་པ་ཁོ་ནའི་རྣམ་པར་རྟོག་པ་མེད་པར་འགྱུར་གྱི། གཞན་གྱི་ནི་རྣམ་པར་རྟོག་པ་དང་བཅས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་དཔེ་དེས་གཞན་ཡང་རྟོག་པ་མེད་པ་ཉིད་དུ་འགྲུབ་པོ་སྙམ་ན། གནོད་པར་བྱེད་པའི་ཞེས་གསུངས་སོ། །གནོད་བྱེད་ཀྱི་ཚད་མས་
འབྲེལ་པ་གྲུབ་པ་སྟེ། ངེས་པ་གང་ཡིན་པ་དེ་མེད་པར་རོ། །ཅི་སྟེ་གཞན་དོགས་པར་བྱས་ནས་འདི་ཞེས་བྱ་བས་ལན་འདེབས་ཏེ། དབང་པོའི་ཤེས་པ་འདིའོ། །གཞན་དག་མངོན་དུ་བྱེད་པས་སྔ་ཕྱི་འཛིན་པས་སྟོང་པར་སྟོན་པ་ནི་མངོན་སུམ་དུ་ཞེས་བྱ་བའོ། །དོན་མེད་པ་ཉིད་སྟོན་པ་ནི་རྟོག་པ་མེད་པ་ཉིད་ནི་ཞེས་བྱ་
བའོ། །དེའི་རྗེས་སུ་འབྲངས་ནས་ཞེས་བྱ་བ་ནི་མངོན་སུམ་གྱི་རྗེས་སུ་འབྲངས་ནས་སོ། །ཅི་སྟེ་ཞེས་བྱ་བ་ལ་སོགས་པ་ནི་གཞན་དག་བྱིས་པའི་རྣམ་པར་ཤེས་པ་ཉིད་རྣམ་པར་རྟོག་པ་མེད་པ་ཡིན་པར་མངོན་དུ་བྱེད་པས་བསྒྲུབ་པར་བྱ་བ་ཡིན་གྱི། གཞན་ནི་མ་ཡིན་པ་དེས་ན་དབང་པོ་ལས་སྐྱེས་པ་ལ་སོགས་པ་དོན་
མེད་པར་མི་འགྱུར་རོ་ཞེས་སྟོན་པའོ། །འདིར་ཡང་ཞེས་བྱ་བ་ནི་ཤེད་བྱེ་བ་ལ་ཡང་ངོ་། །སྐལ་བ་ལ་ཞེས་བྱ་བ་ནི་སྐབ་བའི་ཡུལ་ཅན་གྱི་རྣམ་པར་རྟོག་པ་ལའོ། །གཞན་ལ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ལའོ། །ལྐོག་ཏུ་མ་གྱུར་པའི་ཡུལ་ཅན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་མངོན་དུ་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །
Vol. 185 · folio 163a
འོ་ན་ཁྱོད་ཀྱང་མངོན་དུ་བྱེད་པ་ཉིད་ལ་རྣམ་པར་རྟོག་པ་མེད་པ་འགྲུབ་པར་འདོད་པ་ཉིད་མ་ཡིན་ནམ། དེས་ན་ཚིག་གང་གིས་རྟོག་པ་མེད་པ་འགྲུབ་པར་བྱ་བའི་དོན་དུ་མངོན་དུ་བྱེད་པ་སྒྲུབ་པར་བྱེད་པར་སློབ་དཔོན་གྱིས་གསུངས་ཤེ་ན། མངོན་སུམ་དུ་བྱེད་པ་དེ་ནི་ཞེས་གསུངས་སོ། །བརྗོད་དོ་ཞེས་
བྱ་བ་ནི། ཉེ་བར་མཚོན་པར་བྱེད་པའོ། །རྣམ་པར་རྟོག་པ་མེད་པར་གྲུབ་པ་བྱ་བ་ལ་གཏན་ཚིགས་སྔོན་དུ་བྱེད་པ་ཉིད་གང་ཡིན་ཞེ་ན། རྣམ་པར་རྟོག་པ་ཉིད་ནི་ཞེས་སྒྲུབ་པར་བྱེད་པའི་དངོས་པོ་དགག་པར་བྱེད་པ་ནི་རྟོག་པ་དང་བཅས་པ་ཡིན་ལ། དེ་ཡང་འགལ་བ་ཡང་རྟོག་པ་མེད་པ་ཡིན་ཞིང་དེས་ནི་མངོན་དུ་བྱེད་པ་
ཁྱབ་པ་ཡིན་ཏེ་དེས་ན་འགལ་བས་ཁྱབ་པ་དམིགས་པ་ཡིན་ནོ། །རྣམ་པ་གཞན་གྱིས་ཀྱང་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པའི་དངོས་པོ་གསུངས་པ་ནི་ཡང་ན་ཞེས་བྱ་བའོ། །དེ་ལས་ཀྱང་ཞེས་བྱ་བ་ནི་མངོན་དུ་བྱེད་པ་ལས་ཀྱང་ངོ་། །འཁྲུལ་པ་ཡིན་ན་མངོན་དུ་བྱེད་པ་ཡིན་ནོ། །དེས་ན་འཁྲུལ་པ་ཟླ་བ་
གཉིས་སུ་སྣང་བ་རྣམ་པར་རྟོག་པ་མེད་པ་ཡིན་ཡང་མངོན་དུ་བྱེད་པ་མ་ཡིན་པས་དེ་མངོན་སུམ་དུ་ག་ལ་འགྱུར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་རྟོག་པ་དང་བཅས་པ་ཐམས་ཅད་ནི་འཁྲུལ་པ་ཉིད་ཡིན་པའི་ཕྱིར་སྤང་བར་འགྱུར་རོ་ཞེས་བསམས་པའོ། །གལ་ཏེ་འདིའི་འདོད་པས་མ་འཁྲུལ་པ་ཞེས་པའི་
ཚིག་མི་སླུ་བའི་དོན་ཡིན་པ་དེ་ལྟ་ན་ཡང་སློབ་དཔོན་ཆོས་མཆོག་གི་ལུགས་ཀྱིས་གྲུབ་པའི་མཐའ་གསུངས་པ་ནི་མ་ཡིན་ཏེ་ཞེས་བྱའོ། །གང་གིས་གཞན་གྱི་ལུགས་ལ་ལྟོས་པའི་མཚན་ཉིད་ལ་མ་འཁྲུལ་བ་ཉིད་མེད་པ་ཡིན་ཏེ། མངོན་སུམ་རྟོག་པ་དང་བྲལ་བ་ཞེས་བྱ་བ་ཙམ་ཞིག་གསུངས་པའི་ཕྱིར་
རོ། །དེས་ན་མ་འཁྲུལ་བའི་ཚིག་མེད་པ་ཉིད་ཀྱིས་རྣམ་པར་རྟོག་པ་དང་བཅས་པ་ཇི་ལྟར་གཅོད་སྙམ་ན། འཁྲུལ་པ་མེད་པ་ཉིད་དུ་ཞེས་གསུངས་སོ། །སློབ་དཔོན་ཕྱོགས་ཀྱི་གླང་པོས་སོ། །དམིགས་ཀྱིས་བསལ་བ་ཞེས་བྱ་བ་ནི། མངོན་སུམ་ལྟར་སྣང་རབ་རིབ་བཅས་ཞེས་དམིགས་ཀྱིས་བསལ་བའི་
སྒོ་ནས་སོ། །དེ་ལྟར་ན་རེ་ཞིག་རྣམ་པར་རྟོག་པ་མེད་པའི་ཚིག་གིས་མངོན་དུ་བྱེད་པ་ཉིད་ཉེ་བར་མཚོན་ནས་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པའི་དངོས་པོ་བསྟན་པ་ཡིན་ནོ། །དེ་ཉིད་རྣམ་པ་གཞན་གྱི་སྒོ་ནས་སམ་མངོན་དུ་བྱེད་པ་ཉིད་བརྗོད་པ་ཡིན་ནོ་ཞེས་སྟོན་པས་གང་ན་ཞེས་གསུངས་སོ། །དབང་
Vol. 185 · folio 163b
ལ་བརྟེན་པ་ཉིད་དེས་ནའོ། །ཡང་ན་ཞེས་བྱ་བ་ལ་སོགས་པ་ནི་མངོན་སུམ་གྱི་ཚིག་ཉིད་ཀྱིས་མངོན་དུ་བྱེད་པ་ཉིད་བརྗོད་པ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །དེས་ན་བྱ་བ་ནི་མངོན་སུམ་ཉིད་ཀྱིས་ནའོ། །ཡང་ན་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་རྟོག་པ་མེད་པས་ཞེས་བྱ་བ་འདི་འབའ་ཞིག་ཉིད་རྣལ་འབྱོར་
སྤྱོད་པ་པའི་ལུགས་ཀྱིས་མཚན་ཉིད་དུ་བརྗོད་པ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །འདིར་བརྩད་པ་ནི་འོ་ན་ཞེས་བྱ་བའོ། །མངོན་སུམ་དུ་བྱེད་པ་ཞེས་བྱ་བ་ནི་ལན་བརྗོད་པའོ། །གལ་ཏེ་འགའ་ཞིག་འཁྲུལ་པས་མངོན་སུམ་ཡིན་པ་ཡོད་ན་ནི། དེ་གཅད་པ་ཞིག་ན་དེ་ལྟ་བུ་ནི་སྲིད་པ་མ་ཡིན་ནོ་ཞེས་
དགོངས་པའོ། །འོ་ན་ཕྱི་རོལ་ལ་ཡང་དེ་མངོན་སུམ་ཇི་ལྟར་མི་འགྱུར་ཞེ་ན། སྣང་བའི་རང་བཞིན་ལས་ཞེས་གསུངས་སོ། །འདིར་ནི་ཕྱི་རོལ་པ་ནི་ཚད་མ་ཡིན་ཏེ། རྟོག་པའི་རང་བཞིན་ཡིན་པའི་ཕྱིར་ཞེས་བསྟན་ཏོ། །འཁྲུལ་པ་ཉིད་འདོད་པའི་ཤེས་པ་ནི་ཡིད་ཀྱི་འཁྲུལ་པ་གང་ཡིན་པ་དེའི་ཡུལ་
ཅན་ཡིན་པའི་ཕྱིར་འཁྲུལ་པ་ཉིད་ཡིན་གྱི་དོན་དམ་པར་དེ་ཡོད་པ་མ་ཡིན་ནོ། །གཞན་ལ་ཞེས་བྱ་བ་ལ་སོགས་པས་རྣམ་པ་གཞན་གྱི་རྣམ་པར་རྟོག་པ་མེད་པ་ཉིད་དུ་གྲུབ་པ་བརྗོད་པ་ཡིན་ནོ། །ཐམས་ཅད་དུ་ཡང་སྦྱོར་བ་མི་སྲིད་དོ་ཞེས་སྟོན་པ་ནི་འདི་ལྟར་ཞེས་བྱ་བའོ། །གྱུར་དུ་ཆུག་ཀྱང་ཞེས་བྱ་བ་ནི་སྦྱོར་བ་
ཞེས་འབྲེལ་ཏོ། །འདི་ཞེས་བྱ་བ་ནི་སོ་སོར་སྣང་བའོ། །འདི་ཉིད་བརྗོད་པ་ནི་རིགས་དང་ཞེས་བྱ་བའོ། །དེ་ཉིད་ཀྱི་ཕྱིར་ནི་ཞེས་བྱ་བ་ནི་ཐ་དད་པར་སྣང་བ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་འགྱུར་རོ་ཞེས་བྱ་བ་ནི་འདྲེས་པར་སྣང་བར་རོ། །རང་བཞིན་ཐ་དད་པ་ཁོ་ནའི་ཕྱིར་སྣང་བ་ཐ་དད་པར་འགྱུར་བ་ཡིན་ཏེ།
དེ་ལྟར་ཞེས་བྱ་བ་ནི་ཐ་དད་པར་རོ། །དེ་ལ་ཞེས་བྱ་བ་ནི་ཡུལ་དང་དུས་ཐ་དད་པ་ལའོ། །རླུང་དང་ཉི་མ་དག་ཅེས་བྱ་བ་ནི་ཚད་མས་གྲུབ་པའི་དཔེའོ། །ཐམས་ཅད་དུ་ཞེས་བྱ་བ་ནི་སྤྱི་ལ་སོགས་པ་གཅིག་ཏུ་མངོན་པར་འདོད་པ་དག་ལ་ཡང་ངོ་། །དེ་ལྟར་ཞེས་བྱ་བ་ནི་གཅིག་ཏུ་འདྲེས་པར་རོ། །དུ་
བའི་སྟོབས་ཀྱིས་ཡོན་ཏན་དང་བྱ་བ་ལ་སོགས་པ་རྣམས་ཐ་དད་པ་མི་སྣང་བ་ཡིན་ནོ་ཞེས་རྟོག་པར་ཐལ་བར་འགྱུར་རོ། །ཐམས་ཅད་ཅེས་བྱ་བ་ནི་ཆུ་ལ་སོགས་པར་སྣང་ཡང་ཆུ་ཙམ་གྱི་སྒྲུབ་བྱེད་དུ་མི་འགྱུར་ཏེ། མེ་ལ་སོགས་པ་དག་ཀྱང་གཅིག་ཏུ་འདྲེས་ནས་སྣང་བའི་ཕྱིར་རོ། །གལ་ཏེ་བ་ལང་
Vol. 185 · folio 164a
ཞེས་རྟོགས་པ་ལ་དེའི་ཁྱད་པར་གང་ཡིན་ཞེས་དྲིས་པ་ན། དབྱུག་པ་བཞིན་དུ་ཐ་དད་པར་ཅི་སྟེ་མི་བརྗོད་སྙམ་ན། དེ་ནི་འདི་ཡིན་ནོ་ཞེས་བྱ་བའོ། །གཞན་དག་དཔེ་ཡང་མི་འཐད་པར་བྱེད་པ་ནི་དབྱུག་པ་ཅན་བྱའོ་ཞེས་དོགས་པ་བསུ་བ་ནི་དབྱུག་པ་ཞེས་བྱ་བའོ། །གལ་ཏེ་དབྱུག་པ་
མི་སྣང་ན་དེའི་ཚེ་སྔར་ཉིད་དབྱུག་པ་ཅན་དུ་ཅི་སྟེ་མི་རྟོགས་ཤེ་ན། གཞན་ལན་འདེབས་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །གལ་ཏེ་ཚོགས་པ་ཡོད་ཀྱང་ཅི་དེར་ཁྱད་པར་ཅན་ཉིད་དོན་གཞན་ཁོ་ན་ཡིན་ནམ་ཞེ་ན། སྐྱེས་ལ་ཞེས་གསུངས་སོ། །ཁྱད་པར་ཅན་དེ་རྟོགས་པ་མེད་པའི་ཕྱིར་རོ། །གལ་ཏེ་དེར་
དབྱིག་པ་ཡང་སྣང་ན་ཅི་ཉེས་ཤེ་ན། གལ་ཏེ་དབྱིག་པ་ཡང་ཞེས་བྱ་བའོ། །གྲུབ་པའི་མཐའ་གསུངས་པ་ནི། དེ་ཐམས་ཅད་ནི་ཞེས་བྱ་བའོ། །གལ་ཏེ་སྐྱེས་བུ་འགའ་ཞིག་སྣང་ན་ནི་དེའི་ཚེ་གང་ཞིག་རྟོགས་པ་མ་ཡིན་པ་དེ་ལ་དེ་སྐད་ཅེས་བརྗོད་དེ་དེ་ནི་ཁྱད་པར་ཉིད་དུ་མི་འགྱུར་ཏེ། རྟོག་པ་ཁོ་ན་ཁྱད་
པར་ཡིན་པའི་ཕྱིར། ཁྱད་པར་མ་བཟུང་བར་ཁྱད་པར་ཅན་བློ་མི་སྐྱེའོ་ཞེས་བྱ་བ་ལུགས་ཡིན་པའི་ཕྱིར་རོ། །གལ་ཏེ་དབྱིག་པ་ལ་སོགས་པའི་ཁྱད་པར་རྟོགས་པ་ཁོ་ནའོ་ཞེ་ན། དེ་སྟེ་ཞེས་བྱ་བ་ལ་སོགས་པའོ། །འདིས་ནི་གང་དུ་ཡང་ཇི་ལྟར་ཡང་ཁྱད་པར་ཁྱད་པར་ཅན་གྱི་དངོས་པོ་མི་འཐད་དོ་ཞེས་བསྟན་
པ་ཡིན་ནོ། །འབའ་ཞིག་ལ་ཞེས་བྱ་བ་ལ་ནི་སྐྱེས་བུ་ལའོ། །དབྱིག་པ་ཅན་ཞེས་བྱ་བའི་རྟོགས་པ་ལ་ཡང་ཁྱད་པར་ཅན་ཉིད་དུ་རྟོགས་པར་མི་འགྱུར་ཏེ། ཁྱད་པར་མི་སྣང་ན་སྐྱེས་བུ་འབའ་ཞིག་སྣང་བའི་ཕྱིར་རོ། །འོན་ཏེ་གང་གིས་དེ་ལ་རྟོགས་ན། ཁྱད་པར་ཅན་ཉིད་དུ་རྟོགས་པར་མི་འགྱུར་བ་དབྱིག་པ་ནི་ཁྱད་
པར་ཅན་མ་ཡིན་ནོ། །འོན་ཀྱང་ཁྱད་པར་ཅན་གྱི་བློའི་ཡུལ་གང་ཡིན་པའི་དངོས་པོ་དེ་ཉིད་ཡིན་ནོ་ཞེས་སྟོན་པ་ནི་གལ་ཏེ་ཞེས་བྱ་བའོ། །གྲུབ་པའི་མཐའ་སྨྲ་བས་འདི་ལ་བརྗོད་པ་ནི་ཞེས་རྣམ་པར་རྟོག་པ་མཛད་ནས་ཕྱོགས་དང་པོ་སེལ་བ་ནི། བདེ་བ་ལ་སོགས་ཞེས་གསུངས་སོ། །གང་གི་ཚེ་སྔོན་པོ་ལ་
སོགས་པ་ཉེ་བ་ལས་བདེ་བ་སོགས་པའི་རང་བཞིན་སྔོན་པོ་ལ་སོགས་པའི་རྣམ་པར་ཤེས་པ་སྐྱེ་བ་དེའི་ཚེ་རྣམ་པར་ཤེས་པ་ལ་རང་ལ་བརྟེན་པའི་ཁྱད་པར་ཡོད་པ་དེས་ན་ཅི་དེ་རྣམ་པར་རྟོག་པ་དང་བཅས་པར་འགྱུར་རམ་ཞེས་བྱ་བའོ། །གལ་ཏེ་བདེ་བ་ལ་སོགས་པའི་ཁྱད་པར་དེ་ཡུལ་གྱི་མ་ཡིན་ན་དེའི་ཚེ་ཡུལ་མེད་
Vol. 185 · folio 164b
པར་ཞེས་བྱ་བ་ལ་སོགས་པའོ། །འདི་ལ་ལ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །རྣམ་པར་རྟོག་པ་གཉིས་པ་ལ་བརྗོད་པ་ནི་ཁྱད་པར་ཞེས་བྱ་བའོ། །འོན་ཏེ་ཁྱེད་དབྱུག་པ་ཅན་གྱི་རྟོགས་པ་ཡུལ་མེད་པ་ཉིད་དུ་འདོད་ན་དེ་ཉིད་ལྟར་དངོས་པོ་གཉིས་ཀའི་ཡུལ་ཅན་ཡིན་ཞེས་བརྗོད་སྙམ་ན། གཉིས་ཀ་ཡང་ཞེས་གསུངས་
ཏེ། དབྱུག་པ་དང་སྐྱེས་བུ་གཉིས་ཀའོ། །ཐ་སྙད་ཙམ་ཞེས་བྱ་བ་ནི་ལྷག་པར་ཞེན་པ་ཙམ་མོ། །གཉི་ག་ཞེས་བྱ་བ་ནི་གཞན་གྱིས་སྨྲས་པས་སོ། །དབྱུག་པ་དང་སྐྱེས་བུ་གཉིས་ཀའིའོ། །འདི་ནི་ཞེས་བྱ་བ་ནི་གྲུབ་པའི་མཐའ་སྟེ་གཅིག་གི་ཚིག་དང་གཉིས་ཀྱི་ཚིག་ལ་སོགས་པའོ། །ཐ་སྙད་ཙམ་ཉིད་བསྒྲུབ་
པ་ནི་གཙོ་བོ་མ་ཡིན་པའི་ཞེས་བྱ་བ་ལ་སོགས་པའོ། །དེ་ནི་ཞེས་བྱ་བ་ཁྱད་པར་རོ། །འདི་ཉིད་བཞད་གད་དུ་བྱེད་པ་འདྲ་བར་གསུངས་པ་ནི་གལ་ཏེ་ཞེས་བྱ་བའོ། །གཅིག་གི་ཚིག་བསྟན་པ་འདིས་ནིའོ། །དབྱུག་པ་སྣང་བ་ནི་ཡོད་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །ཁྱད་པར་གདོན་མི་ཟ་བར་རྫོགས་པར་བྱ་བ་
ཡིན་ནོ་ཞེས་བྱ་བ་མི་བཟོད་པས་གཞན་དག་སྨྲ་བ་ནི་ཅི་སྟེ་ཞེས་བྱ་བའོ། །བུམ་པ་དང་སྣམ་བུ་ལ་སོགས་པའི་ཡུལ་དང་དུས་སོགས་ཁྱད་པར་ཅན་རྣམས་དང་། དུས་ལ་སོགས་པ་དང་བྲལ་བ་འབའ་ཞིག་སྣང་བ་ཉིད་ཡིན་ཏེ། འདིར་ཡུལ་དང་དུས་ནི་རྟོགས་པ་མ་ཡིན་གྱི། དེ་ལ་ཡང་ཤེས་པའི་ཁྱད་པར་ཅན་
ཉིད་ནི་མི་སྣང་བ་མ་ཡིན་ཏེ། སྣང་བ་ཉིད་ཡིན་ནོ། །གྲུབ་པའི་མཐའ་སྨྲ་བ་རྣམ་པར་རྟོག་པར་མཛད་པའི་ཁྱད་པར་ཞེས་བྱ་བ་ནི་དོན་གཞན་དང་འབྲེལ་པ་ཁྱད་པར་ཅན་ཡིན་ནོ། །དོན་གྱི་རང་བཞིན་མི་མཐུན་པ་ཉིད་ཁྱད་པར་ཅན་ཡིན། དེའི་ཚེ་ཞེས་བྱ་བ་ནི་ཕྱོགས་གཉིས་ཀ་ལ་ཡང་ངོ་། །དེ་ནི་ཞེས་བྱ་བ་ནི་དོན་
གཞན་དང་འབྲེལ་པའི་མཚན་ཉིད་ཀྱི་ཁྱད་པར་ཅན་ནི་སྔ་མ་དང་ཕྱི་མ་ལ་སོགས་པའི་ཤེས་པ་ལ་སྣང་བའི་ངང་ཚུལ་གང་ལ་ཡོད་པའི་བུམ་པ་ལ་སོགས་པའི་དེ་ལ་ཡོད་པ་མ་ཡིན་ནོ། །བུམ་པ་ལ་སོགས་པ་སྣང་བ་ལ་ནི་དུས་ལ་སོགས་པར་ཡང་སྣང་བར་ཉམས་སུ་མྱོང་བར་བྱེད་དོ། །རྣམ་པར་རྟོག་པ་གཉིས་
པ་རྗེས་སུ་བརྗོད་ནས་སུན་འབྱིན་པ་ནི་ཅི་སྟེ་ཞེས་བྱ་བའོ། །ཉེས་པ་གཞན་ཡང་བརྗོད་པ་ནི་མི་འདྲ་བ་ནི་ཞེས་བྱ་བའོ། །སྔར་སོ་སོར་མཐོང་བ་དེ་ཉིད་སྦྱོར་བ་གང་གི་སྔོན་དུ་འགྲོ་བ་དེ་ལ་དེ་སྐད་ཅེས་བྱ་བའོ། །དེ་བས་ན་རིགས་ལ་སོགས་པ་ཁྱད་པར་ཡིན་ཡང་རིགས་ལ་སོགས་པ་དེ་ཡང་གདོན་མི་ཟ་བར་སྣང་བར་
Vol. 185 · folio 165a
འགྱུར་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་སྦྱོར་བ་མི་འཐད་པའི་ཕྱིར་རོ། །སྒྲ་དང་གསལ་བ་ཞེས་བྱ་བ་ནི་བ་ལང་ཞེས་བྱ་བའི་སྒྲ་དང་ཚིག་གསལ་བའི་རང་བཞིན་གྱིས་གསལ་བ་སྟེ་དེ་དག་སྣང་བའོ། །འདིར་ཞེས་བྱ་བ་ནི་རྗེས་སུ་འགྲོ་བའི་ཤེས་པ་ལའོ། །མིང་ཙམ་དང་འབྲེལ་པ་ཉིད་
བརྗོད་པ་ནི་འདི་ཡང་ཞེས་བྱ་བའོ་ཞེས་རྣམ་པ་འདིས་མིང་སྒྲ་དང་བཞོན་པ་དང་། བཞོན་པ་ལ་སོགས་པའི་དོན་བྱ་བ་མཚུངས་པ་ཡིན་ནོ། །དོན་ནི་འགའ་ཞིག་གི་ཡང་ཞེས་བྱ་བ་ནི་བཞོན་པ་ལ་སོགས་པའི་ཡང་སྟེ། དེ་ཡང་གསལ་བ་སོ་སོར་ཐ་དད་པའི་ཕྱིར་རོ། །རྣམ་པ་ནི་རྣམ་པར་རྟོག་པ་
ལ་སྣང་བའོ། །དེ་ཡང་ཞེས་བྱ་བ་ནི་རྣམ་པ་ཡང་ངོ་། །སོ་སོར་ངེས་པའི་རྣམ་པར་རྟོག་པའི་རང་བཞིན་ཉིད་བརྗོད་པ་ནི་བ་ལང་ཞེས་བྱ་བའོ། །རྣམ་པ་གཅིག་ནི་རྣམ་པར་རྟོག་པ་ཐམས་ཅད་རྟོགས་པ་མ་ཡིན་ནོ་ཞེས་དགོངས་པའོ། །དེས་ན་རྣམ་པར་རྟོག་པའི་རྣམ་པ་དེ་ནི་སྤྱིའི་རྣམ་པར་རྟོག་པ་མ་
ཡིན་ནོ། །རྣམ་པ་གཅིག་ཏུ་ནི་ཉམས་སུ་མྱོང་བ་ཞུགས་པ་མེད་དེ། དེས་ན་དྲན་པ་ཡང་དེ་ལྟར་མི་འཐད་དོ་ཞེས་བྱ་བའི་དོན་ཏོ། །འོ་ན་ཇི་ལྟར་སྤྱི་མེད་པར་གསལ་བ་ཐམས་ཅད་སྒྲ་གཅིག་གིས་བརྗོད་ཅེ་ན། སྒྲས་འདི་ནི་ཞེས་སྨོས་ཏེ། བ་ལང་ལ་སོགས་པའི་སྒྲ་འདི་ནའོ། །མཐོ་རིས་ལ་སོགས་
པ་དགུ་ལའོ། །གལ་ཏེ་ཡང་ད་ལྟར་གྱི་ནི་སྒྲ་དོན་བཅུ་ལ་གྲགས་པ་དེ་ལྟ་ན་ཡང་སྔོན་གྱི་གྲགས་པ་ལ་ལྟོས་ན་དེ་སྐད་བརྗོད་པ་ཡིན་ནོ། །དོན་དགུ་པོ་དེ་དག་ལ་ནི་རྗེས་འགྲོ་བ་གཅིག་ཡོད་པ་མ་ཡིན་ནོ་ཞེས་དགོངས་པའོ། །བརྡ་བྱེད་པས་བྱེད་པ་གང་ཡིན་པ་དང་། ཉན་པས་ཉན་པ་གང་ཡིན་པ་དེ་
དག་གི་ཡུལ་གྱི་བརྡའོ། །འདི་ཡང་ཁས་བླངས་ནས་བརྗོད་པར་ཟད་དེ། དོན་དམ་པར་ནི་གང་ལ་སོགས་པ་དེ་དག་གི་ནང་གི་དབྱེ་བ་ལ་ལྟོས་ཏེ་མཐའ་ཡས་པའི་ཕྱིར་རོ། །འདི་ནི་མི་གསལ་བའི་རྣམ་པ་སྤྱིའི་རང་བཞིན་ཡིན་ཡང་དབང་པོ་ཤེས་པ་ལ་མི་སྣང་བའི་ཕྱིར་ན། རྣམ་པར་རྟོག་པ་མེད་པ་ཁོ་ནའོ་ཞེས་
བསྟན་པ་ཡིན་ནོ། །སྔོན་གྱི་མི་གསལ་བ་གང་ཡིན་པ་དེ་ཉིད་ནི་གསལ་བ་འདི་ཡིན་ནོ་ཞེས་ངོ་ཤེས་པ་ལས་གསལ་བ་དང་མི་གསལ་བ་དག་གཅིག་ཉིད་ཡིན་ཏེ་དེས་ན་གསལ་བས་སྣང་བ་ཉིད་སྤྱིར་སྣང་བ་ཡིན་ནོ། །དེ་ལྟ་ན་ཡང་དབང་པོའི་རྣམ་པར་ཤེས་པ་རྣམ་པར་རྟོག་པ་དང་བཅས་པ་ཉིད་དོ་ཞེས་བརྗོད་
Vol. 185 · folio 165b
པ་ནི་དེ་ཉིད་འདིའི་ཞེས་བྱ་བའོ། །རྒྱུ་ཐ་དད་པ་བཤད་པ་ནི་མིག་ལ་སོགས་པས་ནི་དབང་པོའི་ཤེས་པ་སྐྱེད་ལ། བག་ཆགས་ཀྱིས་ནི་རྣམ་པར་རྟོག་པའི་རྣམ་པའོ། །འདིས་ནི་ཆོས་འགལ་བ་གནས་པ་དང་། རྒྱུ་ཐ་དད་པར་བསྟན་ཏོ། །རྣམ་པའི་ཞེས་བྱ་བ་ནི་གསལ་བ་དང་མི་གསལ་བའི་རང་བཞིན་གྱིའོ། །
དེ་ནི་ཞེས་བྱ་བ་ནི་དབང་པོའི་ཤེས་པ་དང་རྣམ་པར་རྟོག་པའི་མཚན་ཉིད་ཀྱི་བློའོ། །འདུ་བ་གསལ་བའི་དོན་དུ་གཞན་གྱི་ལུགས་འགོག་པ་ནི། གལ་ཏེ་ཞེས་བྱ་བའོ། །འཕྲོད་པ་འདུ་བ་ཡོད་མེད་དེས་མི་འགྲུབ་སྙམ་ན། རིགས་ལ་སོགས་པ་ཞེས་སྨྲས་སོ། །འཕྲོད་པ་འདུ་བ་མངོན་སུམ་གྱིས་ནི་དམིགས་
པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྣལ་མ་འདི་རྣམས་ལ་སྣམ་བུའོ་ཞེས་བྱ་བ་ལ་སོགས་པར་ཤེས་པ་ལས་སོ་ཞེས་གཞན་གྱི་སྨྲས་པ་ནི་ཅི་སྟེ་ཞེས་བྱ་བའོ། །འཇིག་རྟེན་འགར་ཡང་ངོ་། །དེ་མེད་པས་ཞེས་བྱ་བ་ནི་འདི་ལའོ་ཞེས་བྱ་བའི་བློ་མེད་པས་སོ། །གལ་ཏེ་བློ་འདི་ཉིད་ཀྱིས་འཕྲོད་པ་འདུ་བ་
འགྲུབ་པའི་ཕྱིར། དེ་ལ་བཅད་པ་ཅི་ཡོད་ཅེ་ན། ལྐོག་ཤལ་ལ་སོགས་པ་ཞེས་གསུངས་ཏེ། དེ་ལ་ནི་བ་ལང་ལའོ། །གང་ཞིག་ཅེས་བྱ་བ་ནི་བ་ལང་ངོ་། །དེ་དག་ལ་ནི་ལྐོག་ཤལ་ལ་སོགས་པ་དག་ལའོ། །ཡན་ལག་ལྷག་མ་དག་ལ་ཞེས་བྱ་བ་ནི་རིས་ལས་གཞན་པའི་ཡན་ལག་ལ་བ་ལང་ཞེས་རྟེན་ཉིད་དུ་
རྟོགས་ནའོ། །ཡང་ཇི་ལྟར་ན་ཡན་ལག་ལྷག་མ་རྟེན་ཉིད་དང་། རྭ་ནི་བརྟེན་པ་ཉིད་དུ་རྟོག་གི །དོན་དམ་པར་ནི་འདི་ཡོད་པ་མ་ཡིན་ཞེ་ན། འདི་ལྟར་ཞེས་བྱ་བའོ། །དེའི་ཕྱིར་འབྱུང་བ་ཞེས་བྱ་བ་ནི་སྣལ་མ་ནི་ཕྱིས་འབྱུང་བའོ། །དུ་བ་དང་མེ་ལ་སོགས་པ་དུས་ཐ་དད་པ་དག་ནི་རྒྱུ་དང་འབྲས་བུའི་དངོས་པོ་
འབའ་ཞིག་ཉིད་དམ། སྤྱི་བོ་སྐྱེས་དང་དུ་བ་དག་ནི་འབྲེལ་པ་མེད་པར་ཡང་འགྱུར་རོ། །གལ་ཏེ་རྒྱ་ཤུག་ལྟུང་བ་ཁར་གཞོང་གི་གནས་པར་བྱེད་པས་གནས་བརྟན་བརྗོད་པ་མ་ཡིན་ཞེ་ན། གནས་ནི་ཞེས་གསུངས་སོ། །རྒྱ་ཤུག་དེའི་རང་བཞིན་གྱི་ཁྱད་པར་ལས་གནས་པ་གཞན་ནི་ཡོད་པ་མ་ཡིན་ནོ། །དེས་ན་
གནས་པ་བྱས་ན་རྒྱ་ཤུག་ཉིད་བྱས་པར་འགྱུར་རོ། །ཤེས་པ་དེས་ན་བརྟེན་པའི་དངོས་པོ་ནི་རྒྱུ་དང་འབྲས་བུ་ཁོ་ན་ཡིན་ནོ། །སྣལ་མ་དང་སྣམ་བུ་དག་ཀྱང་དེ་ཁོ་ན་ལྟར་རྟེན་དང་བརྟེན་པར་འགྱུར་རོ་ཞེ་ན། སྣལ་མ་དང་ཞེས་གསུངས་སོ། །རྒྱུའི་རང་བཞིན་འབྲས་བུ་ལ་སྒྲོ་བཏགས་པས་སོ། །ཤེས་པ་སྒྲོ་བཏགས་
Vol. 185 · folio 166a
པ་ལས་ཡིན་ནོ་ཞེས་ཇི་ལྟར་ཤེས་ཤེ་ན། འདི་ལྟར་གསུངས་སོ། །དེ་ལྟ་མ་ཡིན་ཏེ་གལ་ཏེ་དེར་རྒྱུ་སྒྲོ་འདོགས་པ་མ་ཡིན་གྱི་འོན་ཀྱང་དེའི་ཚེ་ཉིད་སྣལ་མ་ཡོད་པ་ཡིན་ན། དེའི་ཚེ་སྔར་གྱི་གནས་སྐབས་མ་མཐོང་བ་ཡང་སྣལ་མ་དེ་དག་ནི་འདིའོ། །ཞེས་ཤེས་པར་འགྱུར་ན། འགྱུར་བ་ཡང་མ་
ཡིན་ཏེ། དེས་ན་རྒྱུ་བཏགས་པ་ཁོ་ནས་ཤེས་པ་འདིར་འགྱུར་རོ་ཞེས་རྟོགས་པ་ཡིན་ཏེ། དེ་ལྟར་ན་འབྲས་བུའི་གནས་སྐབས་ན་སྣལ་མ་མེད་དོ་ཞེས་བརྗོད་པ་ནས་སྣལ་མ་ལས་ཐ་དད་པའི་སྣམ་བུ་ལ་མེད་དོ་ཞེས་བརྗོད་པ་ནི་ཡང་ན་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་སྣམ་བུ་ཐ་དད་པ་ཡོད་པ་མ་ཡིན་པས་ནའོ། །
རང་བཞིན་གཅིག་ལ་ནི་རྟེན་དང་བརྟེན་པ་ཞེས་བྱ་བ་ཡོད་པ་མ་ཡིན་ནོ། །ཕན་གདགས་པར་བྱ་བ་དང་། ཕན་འདོགས་པར་བྱེད་པ་ཉིད་ཀྱིས་བཤད་པ་རྩོམ་པར་བྱེད་པ་ནི་དེ་ལ་ཞེས་བྱ་བའོ། །ལྡན་པའི་ཁྱད་པར་ལས་ཞེས་བྱ་བ་ནི་གཞན་གྱི་བསམ་པས་བརྗོད་པ་ཡིན་ནོ། །རྣམ་ཆད་དམིགས་སུ་མེད་པ་ཉིད་
འཆད་པ་ནི་ཇི་ལྟར་ཞེས་བྱ་བའོ། །གཞན་དུ་ཡང་ཞེས་བྱ་བ་ནི། རྒྱུ་མཚན་མེད་པར་ཡང་ངོ་། །སྤྱིའི་རྒྱུ་མཚན་ཉིད་དུ་ཅི་སྟེ་མི་འགྱུར་སྙམ་ན། དེ་ལས་ཐ་དད་པའི་ཞེས་གསུངས་ཏེ། ཁུང་བུ་བ་ལས་ཐ་དད་པའོ། །གང་ཞིག་ཅེས་བྱ་བ་ནི་དང་པོ་བརྡའི་ཡུལ་དངོས་པོ་གང་ཡིན་པ་དེ་དང་འདྲ་བས་ན་གང་
ཞིག་དེའི་རང་བཞིན་སྒྲོ་བཏགས་པ་དེ་ལ་འཇུག་པ་གང་ཡིན་པ་དེ་ནི་དངོས་པོ་མ་ཡིན་ནོ། །དེར་བློ་ཇི་ལྟར་འཁྲུལ་ཞེ་ན། སྣལ་མའི་ཞེས་གསུངས་སོ། །སྣལ་མའི་ཚུལ་ནི་འདྲ་བ་ལ་སོགས་པ་ལ་ལྟོས་པའི་འབད་པ་མེད་པར་དེ་ཉིད་ལས་བརྡ་བྱེད་པ་སྟེ་དེ་མེད་ནའོ། །ཆོས་གཞན་ནི་བ་ལང་ཉིད་
ལས་གཞན་གཙང་སྦྲ་མེད་པ་ཉིད་ལ་སོགས་པ་སྟེ། འདི་རྗེས་སུ་འབྲངས་པས་འདྲ་བ་གང་ཡིན་པ་དེ་ལས་འཁྲུལ་པ་ཡིན་ནོ། །གལ་ཏེ་ཆོས་གཞན་གྱི་རྗེས་སུ་འབྲངས་པས་ཅི་བྱ་ཞེ་ན། དེའི་ཞེས་གསུངས་ཏེ། ཆོས་གཞན་དེའི་རྗེས་སུ་འབྲང་བར་ནི་བ་ལང་ལ་སོགས་པ་དེ་དང་འདྲ་བར་
འགྱུར་བ་མ་ཡིན་ཏེ། གཙང་སྦྲ་ཆུང་བ་ལ་སོགས་པ་མེད་ན་ནི་འདྲ་བར་འགྱུར་བ་མ་ཡིན་ནོ། །གཞན་ཞེས་བྱ་བ་ནི་བ་ལང་གཅིག་ལས་བ་ལང་གཞན་ལའོ། །དོན་འཆད་པ་ནི་ཁྲ་བོ་ལ་སོགས་པ་མཚན་ཉིད་མི་མཐུན་པ་དག་ལ་ཡང་བ་ལང་ངོ་སྙམ་པའི་བློའོ། །དེ་ལ་ཞེས་བྱ་བའི་བ་ལང་ངོ་སྙམ་པའི་
Vol. 185 · folio 166b
བློ་སྐྱེ་བ་ལ་ཡང་མཚུངས་པའི་བ་ལང་ཉིད་རྒྱུ་མཚན་ཡིན་ནོ་ཞེ་ན། འདི་ནི་ལན་དུ་མི་རུང་སྟེ་ཞེས་གསུངས་སོ། །གལ་ཏེ་དཔེར་ན་དབྱུག་པ་ཅན་ཞེས་བྱ་བར་རྟོག་པ་ཉིད་ཀུན་རྫོབ་པའི་རྒྱུ་མཚན་ཅན་མ་ཡིན་པ་དེ་བཞིན་དུ་བ་ལང་གི་ཤེས་པ་ཡང་ཡིན་ནོ་ཞེ་ན། འདི་ལྟར་ཞེས་གསུངས་སོ། །དེ་ལྟར་མ་
ཡིན་ཞེས་བྱ་བ་ནི་གལ་ཏེ་དབྱིག་པ་རྒྱུ་མཚན་ཡིན་ན། དེའི་ཚེ་གཅིག་ན་གནས་པའི་དབྱུག་པ་ཉིད་ཀྱིས་ཐམས་ཅད་དབྱུག་པ་ཅན་དུ་འགྱུར་རོ། །དེ་ལ་ཡང་ཞེས་བྱ་བ་ནི་འབྲེལ་པ་ལ་ཡང་ངོ་། །ཅི་སྟེ་དབྱུག་པ་ལ་འབྲེལ་པ་མེད་པ་ཁོ་ནར་དབྱུག་པ་ནི་འབྲེལ་པ་ཅན་ཡིན་ནོ་ཞེས་རྟོགས་ན་དེ་ལྟ་ཡིན་ན་ནི་
ཞེས་བྱ་བའོ། །དེ་ཉིད་ཅེས་བྱ་བ་ནི་ཀུན་རྫོབ་པ་ཉིད་དུའོ། །དེ་ལས་ཞེས་བྱ་བ་ནི། དབྱུག་པ་ལས་ཐ་དད་པའིའོ། །འོན་ཏེ་གཉིས་པོ་དེ་ཉིད་ལས་འབྱོར་པར་བརྗོད་ཅེ་ན། གཉིས་པོ་ཙམ་ཞེས་གསུངས་སོ། །ཕན་འདོགས་པར་བྱེད་པའི་དངོས་པོ་ཇི་ལྟར་ཀུན་རྫོབ་མ་ཡིན་ཞེ་ན། དེ་ཡང་ཞེས་གསུངས་
སོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་ཁྱད་པར་ཅན་གྱི་རྟོག་པ་ནི་འགའ་ཡང་དབང་པོ་ལས་བྱུང་བ་མ་ཡིན་ནོ། །དེ་བཞིན་དུ་བ་ལང་ཉིད་ལ་སོགས་པ་ཡང་དོན་དམ་པ་ཁོ་ན་ཡིན་ནོ་ཞེས་འབྲེལ་ཏོ། །རིགས་ལ་སོགས་པ་ནི་གསལ་བ་ལས་ཐ་དད་པར་མི་སྣང་བའི་ཕྱིར་ན་དོན་དམ་པར་མི་འགྱུར་བ་མ་ཡིན་ན་
ཞེས་སྦྱར་རོ། །འཕྲོད་པ་འདུ་བའི་སྟོབས་ཀྱིས་རིགས་ལ་སོགས་པ་ཐ་དད་པར་མི་སྣང་དུ་ཆུག་མོད། འཕྲོད་པ་འདུ་བ་ཉིད་ཐ་དད་པར་ཅི་སྟེ་མི་སྣང་ཞེ་ན། བརྗོད་པ་ནི་འཕྲོད་པ་འདུ་བ་ཉིད་ཅེས་བྱ་བའོ། །བ་ལང་ཉིད་ལ་སོགས་པའི་རྒྱུ་མཚན་ཞེས་བྱ་བ་ནི་བ་ལང་ཉིད་ལ་སོགས་པར་རྟོགས་པའི་རྒྱུ་མཚན་
ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐ་དད་པ་ཉིད་ལ་ཞེས་བྱ་བ་ནི་ཕན་ཚུན་ཐ་དད་པས་དུ་མའི་རང་བཞིན་དུ་གྱུར་པའི་བཞོ་བ་ལ་སོགས་པའོ། །ཕྱེད་ཕྱི་མ་འཆད་པ་ནི་ཇི་ལྟར་ཞེས་བྱ་བའོ། །དེ་བཞིན་དུ་བ་ལང་ཉིད་ལ་ཡང་འདྲི་ནའོ། །གལ་ཏེ་རིགས་མེད་ན་ཐ་སྙད་འཇུག་པར་འགྱུར་རོ་ཞེ་ན། རིགས་ནི་
ཐ་སྙད་ཀྱིས་ཞེས་གསུངས་སོ། །དེའི་ཚེ་གཞན་དུ་ཡང་དེ་ལ་ཞེས་བྱ་བ་དངོས་པོ་ལ་མ་ལྟོས་པར་སྒྲ་མི་འཇུག་པར་འགྱུར་ན་ལྟོས་པ་མེད་པ་ནི་མཐོང་བ་ཡང་དངོས་པོ་མེད་ཀྱང་སྒྲ་འཇུག་པས་ནི་མཐོང་བ་ཡིན་ནོ། །དེས་ན་བ་ལང་ལ་སོགས་པ་འདི་ལ་ཡང་དེ་ཁོ་ན་བཞིན་འགྱུར་རོ་ཞེས་དགོངས་པའོ། །
Vol. 185 · folio 167a
གལ་ཏེ་ཚིག་དོན་དྲུག་པོ་རྣམས་ལ་དངོས་པོ་ཉིད་ཐ་དད་པ་ཡོད་པ་དེ་ཉིད་སྒྲའི་རྒྱུ་མཚན་ཡིན་ནོ་ཞེ་ན། རྫས་ལ་སོགས་པའི་ཞེས་གསུངས་ཏེ། དྲུག་པོ་འདི་རྣམས་ཉིད་ཀྱི་ནང་ནས་གང་རུང་ཞིག་དངོས་པོ་ཉིད་དུ་འགྱུར་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཚིག་གི་དོན་བདུན་པར་ཐལ་བའི་ཕྱིར་
རོ། །རེ་ཞིག་རྫས་མ་ཡིན་ནོ་ཞེས་བྱ་བའོ། །དེ་བཞིན་དུ་ཡོན་ཏན་ལ་སོགས་པ་ལ་ཡང་བརྗོད་པར་བྱའོ། །དེས་ཀྱང་སྤྱི་ལ་སོགས་པ་དང་ལྡན་པའམ་འདུ་བ་མ་ཡིན་པའི་ཕྱིར་རོ། །ཁང་བཟངས་ཀྱི་སྒྲ་ནི་རེ་ཞིག་རྫས་ཀྱི་རྒྱུ་མཚན་ཅན་དུ་འགྱུར་རོ་ཞེ་ན། ཁང་བཟངས་ཀྱང་ཞེས་གསུངས་སོ། །རིགས་མི་
མཐུན་པའི་ཡན་ལག་གི་རྫས་མི་རྩོམ་པའི་ཕྱིར་ལྡན་པ་ཉིད་དུ་འགྱུར་རོ་ཞེ་ན། དེ་ལ་བཤད་པ་ནི་ཞེས་གསུངས་པ། དེ་ཕྲེང་དེ་ནི་ཅི་ཞིག་ཡིན། །ཞེས་བྱ་བ་ནི། རྫས་དང་ཡོན་ཏན་དང་ལས་ནི་ཕྲེང་བ་མ་ཡིན་ནོ། །སོ་སོར་སེལ་བ་ནི་རྫས་ནི་ཡོན་ཏན་ལ་ཞེས་བྱ་བ་སྟེ། ཁང་བཟངས་ཀྱི་མཚན་ཉིད་ཀྱི་ལྡན་པ་
ལའོ། །ལྡན་པ་ནི་ཡོན་ཏན་ཡིན་པས་གང་གིས་ཕྲེང་བ་དེ་ལ་འདུ་བར་འགྱུར་བ་ཡོན་ཏན་ལ་ནི་རྫས་ཀྱི་འདུ་བ་ཡོད་པ་མ་ཡིན་ནོ། །ཡོན་ཏན་ལ་མེད་པ་ཉིད་ཀྱི་ཕྱིར་ཕྲེང་བ་ཡོན་ཏན་ཡང་མ་ཡིན་ནོ། །ཡོན་ཏན་ནི་ཡོན་ཏན་མེད་པ་ཡིན་ནོ་ཞེས་བྱ་བ་ལུགས་ཡིན་པའི་ཕྱིར་ན། ལྡན་པའི་མཚན་ཉིད་ཀྱི་ཁང་
བཟངས་ཡོན་ཏན་ལ་ཕྲེང་བ་མེད་པར་ཇི་ལྟར་འགྱུར། ཕྲེང་བ་ནི་ལས་ཀྱང་མ་ཡིན་ཏེ། ལས་ནི་རྫས་ལ་བརྟེན་པ་ཡིན་པའི་ཕྱིར་རོ། །ཡོན་ཏན་ལ་མི་བརྟེན་པའི་ཕྱིར་དང་། ཁང་བཟངས་ཀྱང་ཡོན་ཏན་ཡིན་པའི་ཕྱིར་རོ། །འདུ་བ་དང་ཁྱད་པར་མ་ཡིན་ཏེ། དེ་དག་གི་འབྲས་བུ་གང་ཡིན་པ་འདི་ལའོ་སྙམ་པའི་བློ་
དང་ཕན་ཚུན་ལྡོག་པའི་བློ་དེ་མེད་པའི་ཕྱིར་རོ། །ཡོན་ཏན་ལ་ཡང་ཞེས་བྱ་བ་ནི་ལྡན་པའི་མཚན་ཉིད་ཁང་བཟངས་ལ་སོགས་པ་ལ་ཡང་ངོ་། །དེ་ལྟར་ཁས་ལེན་ན་ཞེས་བྱ་བ་ནི་ཐ་དད་པ་ཁས་ལེན་ནའོ། །མཚུངས་པའི་ཐ་སྙད་དོན་དུ་ཞེས་བྱ་བ་ནི་རིགས་རིགས་ཞེས་བྱ་བ་ཐ་སྙད་ཀྱི་དོན་དུའོ། །དེར་ཡང་ཞེས་
བྱ་བ་ནི་རིགས་ཀྱི་རིགས་རྣམས་ལ་ཡང་ངོ་། །ཐ་སྙད་ཀྱི་ཞེས་བྱ་བ་ནི་རིགས་རིགས་ཞེས་བྱ་བ་དེ་ལྟ་བུའི་རང་བཞིན་ཅན་ནོ། །དེའི་ཕྱིར་རྟོགས་པ་འཐད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྟོགས་མཐའ་མེད་པས་ཞེས་བྱ་བ་སྟེ། རྒྱུ་མཚན་མཐའ་མེད་པས་ཞེས་བྱ་བའི་དོན་ཏོ། །འདི་ཉེ་བར་བཏགས་པ་ཉིད་དུ་
Vol. 185 · folio 167b
ཞེས་བྱ་བ་ནི་ཕྲེང་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པའི་ཐ་སྙད་འདིའོ། །དེ་ལྟར་ཞེས་བྱ་བ་ཉེ་བར་བཏགས་པར་ཁས་བླངས་པར་རོ། །གལ་ཏེ་ཉེ་བར་བཏགས་པ་ཉིད་དུ་མ་གཏོགས་མོད། དེ་ལྟ་ན་ཡང་དོན་གཞན་དུ་གྱུར་པའི་ཆེན་པོ་ཉིད་ལ་སོགས་པ་མེད་པའི་ཕྱིར་ཉེ་བར་བཏགས་པ་ཉིད་དོ་ཞེས་བསམས་ནས་
གཞན་དག་བརྗོད་པ་ནི་ཆེན་པོ་ཉིད་ཅེས་བྱ་བའོ། །གལ་ཞེས་བྱ་བ་ནི་རྟོགས་པའི་ཕྱིར་རོ་ཞེས་བྱ་བར་དགོངས་པའོ། །འོན་ཏེ་ཉེ་བར་བཏགས་པ་རྟོགས་པ་ཡིན་ནོ་ཞེས་བརྗོད་ན། དེའི་ཚེ་མེད་པ་གྲུབ་ཅེས་བྱ་བ་ལ་སོགས་པའོ། །རྫས་ཀྱི་མཚན་ཉིད་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཕྲེང་བ་ཆེན་པོ་ཞེས་རྟོགས་
པའི་ཕྱིར། ཆེན་པོ་ཉིད་ཀྱི་མཚན་ཉིད་ཀྱི་ཡོན་ཏན་ཡོད་པ་མ་ཡིན་ནོ། །ཡོན་ཏན་ལ་ལྟོས་ན་འདུ་བ་ཅན་གྱི་རྒྱུ་ཉིད་ཀྱང་ཡིན་ཏེ། དེས་ན་རྫས་ཀྱི་མཚན་ཉིད་དང་ལྡན་པའི་ཕྱིར། ཕྲེང་བ་ནི་རྫས་ཉིད་དུ་འགྱུར་རོ་ཞེས་དགོངས་པའོ། །བསྡུས་པ་མཚན་ཉིད་མ་ཡིན་ནོ་ཞེས་བྱ་བ་འདི་ཡང་ཇི་ལྟར་ཤེས་སྙམ་ན།
ནམ་མཁའ་ལ་སོགས་པ་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བས་དོགས་པ་བསུ་ནས་ལན་བརྗོད་པ་ནི་རྟོག་པ་ཡོད་པའི་ཕྱིར་ཞེས་བྱ་བའོ། །གཉིས་ཀ་ཡང་དགག་པ་ཇི་ལྟར་ཞེ་ན། རེ་ཞིག་གཙོ་བོ་ནི་ཞེས་བྱ་བའོ། །ཉེ་བར་བཏགས་པའི་རྒྱུ་མཚན་ཞེས་བྱ་བ་ནི་དོན་གཅིག་འདུ་བའོ། །དེ་ཉིད་སྟོན་པར་བྱེད་པ་ནི་
དཔེར་ན་ཞེས་བྱ་བའོ། །ནགས་ཞེས་བྱ་བ་ནི་གྲངས་སམ་ཚོགས་པའི་རང་བཞིན་ནོ། །ཕྲེང་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་དོན་གཅིག་ལ་འདུ་བ་ཡང་མེད་པ་ཉིད་དེ། ཁང་བཟངས་ལ་སོགས་པ་ལྡན་པའི་རང་བཞིན་གང་ལ་ཕྲེང་བ་འདུས་པ་ནི་མ་ཡིན་པའི་ཕྱིར་རོ། །རྒྱུ་གཞན་དང་ལྡན་པ་ཞེས་བྱ་བ་ནི་ཐ་
དད་པ་གཞན་དང་ལྡན་པའོ། །སྲིད་པ་མ་ཡིན་ཏེ་ཞེས་བྱ་བ་ནི་བརྟག་པར་རུང་བ་མ་ཡིན་ནོ། །རང་གི་ངོ་བོ་ཉིད་འཇུག་པའི་རྒྱུ་མཚན་མ་ཡིན་ནོ་ཞེ་ན། རང་གི་ངོ་བོ་ཉིད་འཇུག་པའི་རྒྱུ་མཚན་ཡིན་ན་ཞེས་བྱ་བའོ། །ཆེན་པོ་ལ་སོགས་པའི་ཐ་སྙད་ནི་བུམ་པ་ལ་སོགས་པ་གཞན་དུ་ཡོན་ཏན་གཞན་ཞེས་བྱ་
བ་ཡོན་ཏན་ཆེན་པོ་ཉིད་ཀྱི་རྒྱུ་མཚན་ཅན་ཡིན་པས་ཕྲེང་བ་ལ་སོགས་པ་གང་ལ་དེ་མེད་པར་འཇུག་ན་དེར་ཕལ་པ་ཡིན་ནོ། །གཞན་རུང་སྟེ་ཞེས་བྱ་བ་ནི་རྒྱུ་མཚན་མེད་པར་ཡང་ངོ་། །དེ་དང་ནི་གྲགས་པ་དང་ངོ་། །མཚུངས་གང་ཡིན་པ་དེ་ལ་ལྟོས་ནས་སོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གྲགས་པ་དངོས་ཀྱི་
Vol. 185 · folio 168a
རྒྱུ་མ་ཡིན་ན་དེའི་ཚེ་ཕྱིན་ཅི་ལོག་ཏུ་ཞེས་བྱ་བ་དངོས་པོ་མེད་པ་ལ་འཇུག་པའི་སྒྲ་ནི་དངོས་མ་ཡིན་པར་འགྱུར་ལ་བུ་ལ་སོགས་པ་ཡོད་མེད་པའི་སྒྲ་འཇུག་པ་ནི་གཙོ་བོ་ཉིད་དུ་མཐོང་བར་འགྱུར་རོ། །འདི་ཉིད་གསལ་བར་བྱེད་པ་ནི་གཞན་དུ་རྒྱུ་མཚན་མེད་པ་ནི་གཙོ་བོ་ལ་སོགས་པ་མེད་པ་
ལ་སྒྲ་འཇུག་པའི་ཉེ་བར་བཏགས་པ་གང་ཡིན་པ་དེའི་རྒྱུ་མཚན་དུ་འགྱུར་རོ། །དེ་མེད་ཀྱང་ཞེས་བྱ་བ་རྒྱུ་མེད་ཀྱང་སྒྲ་ཡོད་པའི་ཕྱིར་རོ། །གལ་ཏེ་རྒྱུ་མཚན་མེད་པར་ཡང་དངོས་པོ་མེད་པ་ལ་སོགས་པ་ལ་སྒྲ་འཇུག་མོད། སྒྲ་ནི་རྒྱུ་མཚན་གྱི་འབྲས་བུ་ཡིན་པའི་ཕྱིར་རོ་ཞེས་དོགས་ན། གང་ཞིག་གང་
མེད་ཀྱང་ཞེས་བྱ་བའོ། །ཅི་སྟེ་སྒྲ་འཇུག་པའི་རྒྱུ་མཚན་ནི་རྒྱུ་ཉིད་མ་ཡིན་ནོ། །དེས་ན་རྒྱུ་ཉིད་བཀག་ཀྱང་རྒྱུ་མཚན་མ་བཀག་པ་ཁོ་ནའོ་ཞེས་དོགས་པ་བསུ་ནས་བརྗོད་པ་ནི། རྒྱུ་མཚན་ནི་རྒྱུ་ཡིན་ནོ་ཞེས་བྱ་བ་སྟེ། རྒྱུ་མཚན་གྱི་སྒྲས་ནི་རྒྱུ་ཉིད་བརྗོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དཔེར་ན་སྡེབ་སྦྱོར་བ་
དག་གི་སྡེབ་སྦྱོར་གྱི་དབྱེ་བ་དཔྱིད་ཀྱི་ཐིག་ལེ་དང་། པད་མ་དང་ཕྲེང་ལྡན་མ་ལ་སོགས་པའི་རྣམ་པ་དང་། སྒྲའི་ཆ་སུ་པ་དང་། ཏིང་ང་ལ་སོགས་པ་དང་མིང་དང་བཞིན་དང་རྐྱེན་སོགས་པ་སྟེ་དེ་བཞིན་ནོ། །འདིས་ནི་འདོད་པ་ལ་རག་ལས་པ་ཉིད་བསྟན་པ་ཡིན་ནོ། །ལྡོག་པ་བརྗོད་ནས་རྗེས་སུ་འགྲོ་བ་གསུངས་པ་
ནི། འཇུག་པའི་རྒྱུ་མཚན་མེད་ཀྱང་ཞེས་བྱ་བའོ། །འདི་མ་གྲུབ་པའི་མཐའི་སྨྲ་བས་བརྗོད་པ་ནི་རྒྱུ་མཚན་ལ་ཡང་ཞེས་བྱ་བའོ། །འདིར་གཞན་གྱི་རྒྱུ་མཚན་མེད་ན་ཞེས་བྱ་བ་སྨོས་སོ། །འདི་འགོག་པའི་ནི་མ་ཡིན་ཏེ་ཞེས་བྱ་བའོ། །དེ་ལ་ཞེས་བྱ་བ་ནི་རིགས་མེད་པར་བྲམ་ཟེ་དོན་བྱེད་མི་ནུས་སོ་ཞེས་བྱ་བའི་
གཞལ་བྱ་འདི་ལའོ། །འོན་ཏེ་རིགས་ཚད་མའི་ཡུལ་མ་ཡིན་དུ་ཆུག་པ་དེ་ལྟ་ཡང་དེ་བྲམ་ཟེའི་དོན་བྱ་བ་ལ་ནུས་པ་ཡོད་པས་དེས་དེ་མེད་པར་དེ་དོན་ཇི་ལྟར་འགྱུར་ཞེས་བརྗོད་པ་ནི། རྗེས་སུ་འགྲོ་བ་དང་ཞེས་བྱ་བའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་རྗེས་སུ་འགྲོ་བ་དང་ལྡོག་པ་མ་མཐོང་བ་ཡང་ནུས་པར་རྟོག་
པ་དེའི་ཚེ། ཕྲེང་བ་འཛིན་པ་ལ་སོགས་རྣམ་པ་ཅི་ལྟར་འདོད་པར་ཡོངས་སུ་རྫོགས་པ་ཉིད་རེ་ཞིག་བརྗོད་པ་ནི། ཡི་གེའི་རིམ་པ་ལ་ནི་ཞེས་བྱ་བའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་ཡི་གེའི་རིམ་པ་ལ་དེ་ཁོ་ནར་རྒྱུ་མཚན་འགའ་ཞིག་ཡོད་ན་དེའི་ཚེའོ། །འོན་ཏེ་རྒྱུ་མཚན་དེ་ཉིད་བརྡས་གསལ་བར་བྱེད་དོ་ཞེ་ན་མ་ཡིན་
Vol. 185 · folio 168b
ཏེ་ཞེས་བྱ་བའོ། །ཇི་ལྟར་གཟུགས་ལ་སོགས་པ་དངོས་པོར་གྱུར་པ་རྟོགས་པ་ན་བརྡ་ལ་མི་ལྟོས་པ་དེ་བཞིན་དུ་འདི་ཡང་བརྡ་ལ་མི་ལྟོས་པར་འགྱུར་རོ། །རྟོག་པ་ཞེས་བྱ་བ་ནི་ཉན་པའི་རྟོགས་པ་སྟེ། ཉན་པས་མ་རྟོགས་པའི་རང་བཞིན་ལ་ནི། སྨྲ་བ་པོས་ཀྱང་བརྡ་བྱ་བར་མི་ནུས་སོ། །དེ་ལྟའོ་ཞེ་ན་ནི་ཐ་སྙད་ཀྱི་ཚེ་
ན་ཉན་པ་པོས་མི་རྟོག་པ་ཁོ་ནར་འགྱུར་རོ། །དེ་ཉིད་འཆད་པ་ནི་ཅི་སྲིད་དངོས་པོ་མཐའ་མེད་པར་ཞེས་བྱ་བའོ། །ད་ནི་རང་བཞིན་ལ་སོགས་པ་ཇི་ལྟར་འདོད་པ་བཞིན་ཡིན་པར་བརྗོད་པ་ནི། རང་བཞིན་ལ་སོགས་པ་དག་ནི་ཞེས་བྱ་བའོ། །འོ་ན་ཇི་ལྟར་ཡོད་དོ་ཞེས་བྱ་བ་ལ་སོགས་པ་འགྲུབ་ཅེ་ན་འདི་ལྟར་ཞེས་བྱ་
བའོ། །ཡང་ཇི་ལྟར་ན་བརྡ་རྒྱུ་མཚན་ཐ་དད་པས་མ་སྦྱར་ཅེ་ན། འདོད་པ་དང་ཞེས་གསུངས་སོ། །གལ་ཏེ་སྤྱི་མེད་ན་འོ་ན་ཇི་ལྟར་ཞེས་བྱ་བའོ། །རྣམ་པ་དེ་ལྟ་བུའི་ཞེས་བྱ་བ་གཅིག་ཏུ་འཛིན་པ་བསྐྱེད་པར་ནུས་པའི་མངོན་སུམ་མོ། །དཔེ་ཉིད་བསྒྲུབ་པར་བྱ་བ་ནི་བདེ་བ་ལ་སོགས་པའོ་ཞེས་བྱ་བའོ། །དེ་ལྟ་བུ་
ཉིད་ཡིན་ཞེས་བྱ་བ་ནི་དོན་ལ་བརྟེན་པའི་བདེ་བ་ཉིད་ཡོད་པ་ཡིན་ནའོ། །དེ་ལྟ་བུ་མ་ཡིན་པ་ཉིད་ནི་སྡུག་བསྔལ་ཉིད་དོ། །ཇི་ལྟར་ཁ་དོག་དང་དབྱིབས་ཀྱི་ཕྱི་རོལ་ན་ཡོད་པས་ན་དུས་གཅིག་ཏུ་རྣམ་པར་ཤེས་པའི་རྣམ་པ་གཉི་གར་འགྱུར་བ་དེ་བཞིན་དུ། བདེ་བ་དང་སྡུག་བསྔལ་ཕྱི་རོལ་ན་ཡོད་པས་ན་རྣམ་
པར་ཤེས་པ་དུས་གཅིག་ཏུ་གཉི་གའི་རྣམ་པ་ཅན་དུ་འགྱུར་རོ། །ཐལ་བ་སྤོང་བ་བརྗོད་པ་ཅི་སྟེ་ཞེས་བྱ་བའོ། །ལན་ནི་དེ་ལྟར་གྱུར་ན་ཞེས་བྱ་བའོ། །མ་མཐོང་བ་ཁོ་ནས་ཞེས་བྱ་བ་ནི་ཕྱི་རོལ་ན་ནི་བདེ་བ་དང་སྡུག་བསྔལ་དག་ཡོད་པ་མ་ཡིན་ནོ་ཞེས་དགོངས་པའོ། །དེ་ལྟ་བུར་གྱུར་པ་ཞེས་བྱ་བ་ནི་བདེ་བ་དང་
སྡུག་བསྔལ་གྱི་རང་བཞིན་ནོ། །མ་མཐོང་བས་ནི་ཡོད་པའི་དངོས་པོ་ངེས་པར་བྱེད་ཀྱི། སྒྲུབ་པར་ནི་མ་ཡིན་ཏེ། དེས་ལ་སྟེ་ཕྱི་རོལ་ན་བདེ་བ་དང་སྡུག་བསྔལ་ཡོད་པ་དེ་ལྟ་ན་ཡང་དེ་དག་གི་ནང་ན་མཐོང་བའི་དབང་གིས་གཅིག་ཁོ་ན་མཐོང་བ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་ངེས་པར་འཐད་པ་ཡིན་ན་ཞེས་
བརྗོད་པ་ནི་མ་མཐོང་བ་ནི་ཞེས་བྱ་བའོ། །སྒྲུབ་པ་ཉིད་མཆོག་ཡིན་པ་ཉིད་བརྗོད་པ་ནི་མ་མཐོང་བས་ངེས་པར་བྱེད་པ་ན་རྟོག་པ་དུ་མར་འགྱུར་ཏེ། རེ་ཞིག་ཕྱི་རོལ་བདེ་བ་དང་སྡུག་བསྔལ་བར་བརྟག་པར་བྱ་བ་ཡིན་ལ། དེ་ལས་ཀྱང་གཞན་ངེས་པར་བྱེད་པ་ཡིན་ནོ། །འདི་ཉིད་བརྗོད་པ་ནི་འདི་ལྟར་ཞེས་བྱ་
Vol. 185 · folio 169a
བའོ། །མ་མཐོང་བས་སྒྲུབ་པར་བྱེད་པར་རྟོགས་པ་ན་མ་མཐོང་བ་འབའ་ཞིག་རྟོག་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །འཛིན་པ་དེ་རྗེས་སུ་འགྲོ་བ་ཉིད་ལས་སྤྱིའི་དོན་རྗེས་སུ་དཔག་པ་ལ་སོགས་པ་འགྲུབ་ཀྱི་སྤྱིའི་དབང་གིས་ནི་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་འདུ་བའི་དབང་གིས་
གཅིག་ཏུ་རྟོགས་པ་མི་འཐད་པ་དེའི་ཕྱིར་ན་སྤྱི་དེ་རྟོགས་པ་གང་ཡིན་པ་དེ་ལ་ནུས་པ་མེད་དོ། །དེ་བཞིན་དུ་ཞེས་བྱ་བ་ནི་རྟོགས་པའི་ནུས་པ་མེད་པ་ནང་གི་བྱེད་པ་ལ་རག་ལས་པ་དེ་བཞིན་དུའོ། །རིགས་ཞེས་བྱ་བ་ཡང་ཤེས་པ་ཉིད་ལ་བརྗོད་དེ། དེས་ན་རིགས་གཞན་ཁས་བླངས་པ་མི་རིགས་པ་མ་ཡིན་ནོ། །
འོ་ན་ཇི་ལྟར་ཐམས་ཅད་ལ་བ་ལང་བ་ལང་ཞེས་བྱ་བའི་སྒྲ་རྗེས་སུ་འགྲོ་ཞེ་ན། ལྷག་མ་ནི་ཞེས་གསུངས་ཏེ། གང་ལ་འབྲས་བུ་ཐ་མི་དད་པར་ཞེན་པ་ཡོད་པ་བ་ལང་ལ་སོགས་པ་དེ་དག་གི་དངོས་པོ་ཉིད་དེ་དེས་སོ། །ཅི་སྟེ་ཡང་རང་གི་ངོ་བོ་ལས་ཐ་དད་པར་དེའི་འབྲས་བུ་ཅན་གྱི་སྤྱི་ཡོད་པར་འགྱུར་རོ་ཞེ་ན།
འདི་ལ་བརྗོད་པ་ནི་དེ་ལྟ་ན་ནི་ཞེས་བྱ་བའོ། །ཅིག་ཏུ་རྟོགས་པར་ཞེས་བྱ་བ་ནི། ས་བོན་ལ་སོགས་པ་ཡང་འདི་ནི་ཞིང་ངོ་ཞེས་བྱ་བར་འགྱུར་རོ། །མ་ཡིན་ཏེ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །ཇི་ལྟར་བ་ལང་གི་གསལ་བ་རྣམས་ལ་དེའི་འབྲས་བུ་ཅན་ཉིད་ཀྱི་དབང་གིས་བ་ལང་བ་ལང་ཞེས་རྟོགས་པ་དེ་བཞིན་
དུ་ཞིང་ལ་སོགས་པ་རྣམས་ལ་ཡང་དེའི་འབྲས་བུ་ཅན་ཉིད་ཀྱི་དབང་གིས་ས་བོན་ས་བོན་ཞེས་རྟོགས་པར་འགྱུར་རོ། །འགྱུར་བ་ཡང་མ་ཡིན་ཏེ། དེས་ན་དེའི་འབྲས་ཅན་ཉིད་ཅེས་བྱ་བའི་སྤྱི་ཐ་དད་པ་ན་ཐ་དད་པར་རྟོགས་པའི་རྒྱུ་མ་ཡིན་ནོ། །སྤྱི་ཡོད་དམ་འོན་ཏེ་མེད་ཅེས་བྱ་བ་ལ་སོགས་པའང་དེར་དུབ་
པ་སྟེ་ཉོན་མོངས་པ་དེ་ནི་དགོས་པ་མེད་དོ། །འཇུག་པའི་རྒྱུ་མཚན་ཞེས་བྱ་བ་ནི་འཇུག་པ་ནི་ཡོད་པ་ཡིན། དེ་ཉིད་རྒྱུ་མཚན་ཡིན་ཏེ་འབྲས་བུ་གཅིག་པ་དེ་ཉིད་དོ། །དེ་དང་ལྡན་པ་ནི་རབ་ཏུ་བཅུག་པའོ། །རྣམ་པ་དང་ལྡན་པ་ཉིད་དུ་ཇི་ལྟར་མི་འཐད་ཅེ་ན། མ་འདྲེས་པ་ལ་སྟེ། གཞན་ལས་ལྡོག་པ་
ལ་ནི་རྣམ་པ་མེད་པའི་ཕྱིར་ཏེ། རང་བཞིན་ཅན་མ་ཡིན་པའི་ཕྱིར་རོ། །དེ་ལས་གཞན་དང་ཞེས་པ་ནི་ངེས་པ་ཁོ་ནར་རྣམ་པ་དང་ལྡན་པའོ། །བློ་དང་འབྲེལ་པ་ཡིན་ན་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །འདིས་ནི་རེ་ཞིག་བློའི་རྣམ་པ་གདོན་མི་ཟ་བར་ཁས་བླང་བར་བྱ་བ་ཉིད་དུ་བསྟན་པ་ཡིན་ནོ། །འདི་ལྟར་
Vol. 185 · folio 169b
ཡིན་པ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཞེས་བྱ་བའོ། །གལ་ཏེ་དེ་ལྟར་ཇི་སྲིད་བློ་ཐོག་མ་མེད་པའི་བག་ཆགས་དང་འབྲེལ་པར་ཁས་ལེན་ན་བློ་དེར་སྣང་བའི་རྒྱུ་ནི་ཅི་ཉིད་ཡིན་པར་ཁས་བླང་བར་བྱའོ་སྙམ་ན་འདི་ལ་བ་ལང་ངོ་སྙམ་པའི་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་གཞལ་བྱ་སྣང་བ་མ་ཡིན་པའོ། །སྤྱི་མི་སྣང་
མོད་དེ་དེ་ལྟ་ན་ཡང་དེ་ཡུལ་དུ་ཇི་ལྟར་མི་འགྱུར་ཞེ་ན། གཞལ་བྱའི་རྣམ་པར་ཞེས་བྱ་བའོ། །དེ་དང་ནི་བག་ཆགས་དང་ངོ་། །དེ་ཉིད་ལ་མི་སླུ་བར་ཞེས་བྱ་བ་ནི་བག་ཆགས་ཉིད་ལ་མི་སླུ་བར་རོ། །དེའི་འབྲས་བུ་མེད་པ་ལས་ལྡོག་པ་ཡོངས་སུ་གཅོད་མོད། ཅི་སྐྱོན་སྙམ་ན། དེའི་འབྲས་བུ་ཅན་ཉིད་དེ་ཡང་
ཞེས་བྱ་བ་སྟེ། ལྡོག་པ་ཡང་ངོ་། །ཡང་ན་ཕྱི་རོལ་གྱི་རང་བཞིན་གྱི་ལྡོག་པ་ཉིད་ཡིན་ནོ། །འདིས་ནི་ལྡོག་པ་ཡོངས་སུ་གཅོད་པ་ན་ཕྱི་རོལ་གྱི་རང་བཞིན་ཡོངས་སུ་གཅད་པར་བསྟན་པ་ཡིན་ནོ། །དེ་ཞེས་བྱ་བ་ནི་སྒྲུབ་པའི་རང་བཞིན་ནམ། ལྡོག་པའི་རང་བཞིན་གྱི་ཕྱི་རོལ་གྱི་རང་བཞིན་ནོ། །གལ་ཏེ་ཕྱི་
རོལ་གྱི་མཐར་ཐུག་པ་ཡིན་ན་དེའི་ཚེ་ཕྱི་རོལ་ལ་རེག་པར་ཅི་སྟེ་མི་འགྱུར་སྙམ་ན། བརྒྱུད་པས་ཞེས་གསུངས་སོ། །དེ་དང་ཐ་མི་དད་པའི་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་གཟུགས་བརྙན་གྱི་རང་བཞིན་ནོ། །གཏན་ཚིགས་གཉིས་པ་ནི་གཞན་ལས་ལྡོག་པ་དག་ལ་ཞེས་བྱ་བའོ། །འདི་གཉིས་གསལ་བར་བྱེད་
པ་ནི་ཕྱི་རོལ་ལ་ཞེས་བྱ་བ་ལ་སོགས་པའོ། །དེ་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་གཟུང་བའོ། །དེ་ལས་གཞན་ཞེས་བྱ་བ་ནི། ཐ་དད་པར་སྣང་བ་ལས་གཞན་ནོ། །འགལ་བ་ཅི་ཡོད་ཅེས་བྱ་བ་ནི་ཁ་དོག་དང་དབྱིབས་སུ་སྣང་བ་དང་ལྡན་པ་རྣམ་པར་རྟོག་པ་ལ་སྣང་བ་གལ་ཏེ་དངོས་པོ་ཡིན་མོད། དེའི་ཚེ་ཅི་འགལ་
ཞེས་བྱ་བའི་དོན་ཏོ། །འདི་ལ་བརྗོད་པ་ནི་གང་གི་ཕྱིར་ཞེས་བྱ་བའོ། །རྣམ་པར་རྟོག་པའི་གཟུགས་བརྙན་ཕྱི་རོལ་གྱི་དངོས་པོ་མ་ཡིན་མོད། བློའི་མཚན་ཉིད་ནི་དངོས་པོ་ཡིན་པས་དེ་ཉིད་སྒྲ་དག་གི་བརྗོད་པར་བྱ་བར་འགྱུར་རོ་ཞེས་བརྗོད་པ་ནི་དེ་ལྟ་ཡིན་མོད་ཅེས་བྱ་བའོ། །སྒྲའི་དོན་གཞན་སེལ་བ་མ་
གཏོགས་པས་གཞན་དག་བརྗོད་པ་ནི་འོ་ན་ནི་གཞན་སེལ་བ་ཡང་ཞེས་བྱ་བའོ། །དེ་ཡིན་ན་ཞེས་བྱ་བ་ནི་བློའི་རྣམ་པ་ཡིན་ནའོ། །དེ་ཞེས་བྱ་བ་ནི་བློའི་རྣམ་པ་སྒྲ་ལས་རྟོགས་པ་ནའོ། །མི་འགྱུར་མོད་ཀྱི་ཅི་སྐྱོན་སྙམ་ན་གཞན་སེལ་བ་ནི་ཞེས་བྱ་བའོ། །གཞན་སེལ་བ་ནི་དོན་གྱི་ཆ་ཉིད་དོ་ཞེས་བྱ་བར་ཡང་ཇི་
Vol. 185 · folio 170a
ལྟར་ཤེས་སྙམ་ན་སྒྲས་ཞེས་བྱ་བའོ། །འོན་ཏེ་བློའི་རྣམ་པ་ཉིད་ནི་དོན་ལ་ཡང་ཡོད་དེ་དེས་ན་དེ་ལ་དོན་གྱི་ཆ་ཉིད་ཀྱང་མ་ཉམས་པར་ཡོད་དོ་ཞེ་ན། རྣམ་པ་དེ་ཡང་ཞེས་བྱ་བའོ། །དེའང་ཞེས་བྱ་བ་ནི་བློའི་རྣམ་པའི་མཚན་ཉིད་དོ། །བློ་ཉིད་བཞིན་ནོ་ཞེས་བྱ་བ་ནི་མཐོང་བ་བཞིན་ནོ། །དཔེར་
ན་མཐོང་བ་རྗེས་སུ་འགྲོ་བ་མེད་པ་དེ་བཞིན་དུ་བློའི་རྣམ་པ་ཡང་ཡིན་ནོ། །འོན་ཏེ་འདི་རྗེས་སུ་འགྲོ་བ་མེད་པའི་མཐོང་བས་བསྐྱེད་པ་དེ་དེ་ལྟ་ན་ཡང་རྗེས་སུ་འགྲོ་བར་འགྱུར་བ་ཡིན་ནོ་སྙམ་ན། རྗེས་སུ་འགྲོ་བ་ཅན་མ་ཡིན་པའོ་ཞེས་གསུངས་སོ། །གཟུགས་བརྙན་ཞེས་བྱ་བ་ནི་བློའི་རྣམ་པའོ། །དངོས་པོ་ནི་
ཞེས་བྱ་བ་ནི་ཕྱི་རོལ་ལོ། །སྤྱི་རྟོགས་པ་མེད་པ་ཉིད་གསལ་བར་བྱེད་པའི་དངོས་པོ་ལ་བརྟེན་པའི་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་རྟོགས་པའི་དངོས་པོ་ཆའི་རང་བཞིན་དུ་གྱུར་པའི་གཞན་སེལ་བ་མི་རྟོགས་ལ། གཞན་སེལ་བའི་དངོས་པོ་ཆའི་རང་བཞིན་དུ་ཡང་ཁྱོད་ཀྱིས་བརྗོད་པ་ཡིན་ནོ་ཞེ་ན། ལན་ནི་
འདི་ལ་ཞེས་བྱ་བའོ། །བློའི་རྣམ་པ་ལ་དངོས་པོའོ་སྙམ་དུ་སྒྲོ་འདོགས་པར་ཇི་ལྟར་འགྱུར་ཞེ་ན། དེ་དང་གཅིག་ཏུ་ཞེས་གསུངས་སོ། །དངོས་པོ་དང་བློའི་རྣམ་པ་གཅིག་ཏུ་ཞེན་ནས་སོ། །དེ་ཡང་ཞེས་བྱ་བ་ནི་བློའི་རང་བཞིན་ནོ། །དེའི་ཞེས་བྱ་བ་ནི་ཐམས་ཅད་ལ་རྟོགས་པའི་ཕྱིར་དང་དངོས་པོ་དང་ལྷན་
ཅིག་ཏུ་བྱས་པའི་ཕྱིར་རོ། །འོ་ན་ནི་གཞན་སེལ་བའི་ཡུལ་ཅན་དུའང་འཐད་པ་མ་ཡིན་ཏེ། ལོག་པར་སྣང་བའི་ཕྱིར་རོ་ཞེ་ན། གཞན་སེལ་བ་ནི་བདེན་པའི་ཕྱིར་རོ་ཞེས་གསུངས་སོ། །ཇི་ལྟར་བདེན་སྙམ་ན་དངོས་པོ་རྣམ་པ་ལྟར་ཞེས་གསུངས་ཏེ། དཔེར་ན་དངོས་པོའི་རྣམ་པར་བྱ་བ་ཡིན་པ་ལ་གདོན་
པ་ཡོད་པ་དེ་བཞིན་དུ་གཞན་སེལ་བ་དེ་ལ་ནི་ཡོད་པ་མ་ཡིན་ནོ། །འདི་ཉིད་གསལ་བར་བྱེད་པ་ནི་འདི་ནི་ཞེས་བྱ་བ་སྟེ། འདིས་ནི་གནོད་པའི་རྣམ་པ་བརྗོད་པ་ཡིན་ནོ། །གང་ལ་གནོད་པ་བྱེད་པ་ཡོད་པ་ནི་དེ་མ་ཡིན་ནོ། །གལ་ཏེ་གནོད་བྱེད་ཡོད་པ་དང་མེད་པ་དག་གིས་མ་རྟོགས་པ་དང་། རྟོགས་
པར་གཞག་པ་ནི་མི་འཐད་དེ་སྣང་བ་ཡོད་པ་དང་མེད་པ་དག་ཁོ་ནས་རྣམ་པར་གཞག་པར་རིགས་པའི་ཕྱིར་རོ་སྙམ་ན་དེའི་ཕྱིར་རོ་ཞེས་བྱ་བའོ། །ཅིག་ཤོས་ཞེས་བྱ་བ་ནི་དངོས་པོའི་རྣམ་པར་རྟོག་པའོ། །འགྲོ་བ་ཡིན་ནོ་ཞེས་བྱ་བ་རྟོགས་པ་ཡིན་ཏེ་ངེས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་སེལ་བ་དེ་
Vol. 185 · folio 170b
ལ་སྐྱེས་བུ་འཇུག་པར་བྱེད་པ་ཡང་ཡིན་ནོ། །དེའི་ཕྱིར་རྒྱུ་རྣམ་པ་འདི་གཉིས་ཀྱི་ཕྱིར་ན་མཉན་པ་ནི་གཞན་སེལ་བར་བྱེད་པ་ཡིན་ནོ། །ཕྱི་རོལ་དེའི་ཐ་སྙད་ཀྱི་ཡུལ་དང་རྒྱུ་དེའི་དངོས་པོ་ཉིད་དུ་རྣམ་པར་འཇོག་པ་སྟེ་གནས་པའོ། །གལ་ཏེ་ཤེས་པ་དེ་ལས་ལྷག་པར་སྒྲོ་བཏགས་པ་ལ་ལྷག་པར་ཞེན་པ་
ཞེས་བརྗོད་པ་ཡིན་གྱི་དེ་ལ་མ་རྟོགས་ཀྱང་འཇུག་པའི་རྒྱུ་ཉིད་ལ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་དུ་རྩོད་པ་བརྗོད་པ་ནི་དེ་ལ་ཞེས་བྱ་བ་ལ་སོགས་པའོ། །ཤེས་པ་གཞན་ཡིན་མོད་ཅི་སྐྱོན་སྙམ་ན། གལ་ཏེ་ཞེས་གསུངས་སོ། །དེས་ཞེས་བྱ་བ་ནི་ལྷག་པར་ཞེན་པའི་རང་བཞིན་གྱིས་རྣམ་པར་རྟོག་པས་སོ། །
རིགས་པ་ཅན་ལ་སོགས་པའི་ལུགས་ཀྱི་དོགས་པ་བསུ་བ་ནི་གཞན་དུ་ཞེས་བྱ་བའོ། །གང་གི་ཚེ་སྨིག་རྒྱུ་ལ་ཆུར་སྒྲོ་བཏགས་པ་དེ་ཉིད་ཀྱི་ཚེ་སྒྲོ་འདོགས་པར་བྱེད་པའི་ཤེས་པ་དེ་ཉིད་ཀྱིས་གཞན་ན་གནས་པའི་ཆུ་འཛིན་པ་ཡིན་ནོ་ཞེས་བྱ་བ་ནི་དེ་དག་གི་རྣམ་པར་གཞག་པ་ཡིན་ནོ། །གྲུབ་པའི་མཐའ་
སྨྲ་བ་འདྲི་བ་ན་ཅི་དེ་ཞེས་བྱ་བ་སྟེ་སྒྲོ་བཏགས་པ་དེའོ། །གཞན་གྱི་ལན་ནི་དེའོ་ཞེ་ན་ཞེས་བྱ་བའོ། །དེ་ནི་གཞན་ན་ཡོད་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །འདི་ལ་བརྗོད་པ་ནི་ལྷག་པར་ཞེས་བྱ་བའོ། །གཞན་ན་ཡོད་པའི་ཆུ་ཉིད་དེས་གཟུང་བའི་ཕྱིར་སྒྲོ་བཏགས་པ་ཡིན་ནོ། །འོན་ཏེ་མེད་དོ་ཞེ་ན་ཞེས་བྱ་བ་ནི་
གཞན་ནའོ། །གང་ལ་ཞེས་བྱ་བ་ནི་སྨིག་རྒྱུ་ལ་སོགས་པའོ། །དེ་ཞེས་བྱ་བ་ནི་ཆུ་ལ་སོགས་པའོ། །དེ་ཡང་ནི་སྨིག་རྒྱུ་ལ་སོགས་པ་ཡང་ངོ་། །དེའི་ཚེ་ཞེས་བྱ་བ་ནི་གཉི་ག་ལྟར་ན་ཡང་ངོ་། །འདིའི་ལན་ནི་དེ་ལ་དེ་རྟོགས་པ་སྟེ་ཞེས་བྱ་བའོ། །འདི་ཉིད་ཀྱི་དོན་བརྗོད་པ་ནི་དེ་དང་ཞེས་བྱ་བའོ། །དོན་དེ་ལྟར་
འགྱུར་མོད་ཅི་སྐྱོན་སྙམ་ན། དེའི་ཚེ་ཡང་ཞེས་བྱ་བའོ། །འོན་ཏེ་ཞེས་བྱ་བ་ནི་དོགས་པ་སྟེ་ཆུ་ལ་སོགས་པ་མེད་པ་ཉིད་ལའོ། །མེད་པ་ཉིད་ཅེས་གྲུབ་པའི་མཐའ་དང་ལྡན་པས་དྲིས་པ་ན་གཞན་གྱི་ལན་ནི་དེའི་ཞེས་བྱ་བའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་འགོག་པའོ། །ཆུ་ལ་སོགས་པ་མེད་པ་ཞེས་བྱ་བ་ནི་སྨིག་རྒྱུ་བ་དག་ལ་རྟོགས་པའི་ཆུ་ནི་
གཞན་གྱི་ཡུལ་མ་ཡིན་པའི་ཕྱིར་ཇི་ལྟར་གཞན་གྱིས་མེད་པར་རྟོགས། བདག་ཉིད་ཀྱིས་རྟོགས་པའི་ཆུ་ནི་གཞན་གྱིས་ཡུལ་དུ་བྱེད་པ་མ་ཡིན་ཏེ། དེའི་ཤེས་པའི་རང་བཞིན་ཡིན་པས་ན་ཐུན་མོང་མ་ཡིན་པའི་ཕྱིར་རོ་ཞེས་དགོངས་པའོ། །དེ་ལྟར་ཞེས་བྱ་བ་ནི་ཆུ་མ་ཡིན་པ་ལ་ཡང་ཆུའི་རྣམ་པར་རོ། །དེ་ནི་
Vol. 185 · folio 171a
ཞེས་བྱ་བ་ནི་སྣང་བཞིན་པའི་ཆུའོ། །རང་གི་རྣམ་པར་རྟོག་པ་ཡིན་ཡང་། ཕྱི་རོལ་གྱི་ཐོབ་པར་བྱ་བའི་ཐ་སྙད་བྱེད་པའི་རྒྱུའི་ཕྱིར་ན། ཐོབ་པར་བྱ་བ་མ་ཡིན་པ་རང་གི་རྣམ་པའི་ཐ་སྙད་མི་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིའི་མིང་ནི་འདི་ཡིན་ཏེ་ཞེས་བྱ་བ་ནི་འདི་ཉིད་ཀྱི་དོན་ནི་འདི་
ལས་ནི་དུས་གཞན་དུ་ཡང་འདི་ཞེས་བྱ་བའོ། །རང་གི་མཚན་ཉིད་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཡུལ་དང་དུས་གཞན་ན་མེད་པའི་ཕྱིར་རོ་ཞེས་དགོངས་པའོ། །བཟློག་པ་ནི་ཞེས་བྱ་བ་ནི་གོམས་པའམ། རྟོག་པ་སྔོན་དུ་གཏོང་བ་ཅན་ཡིན་པས་སོ། །རྟོགས་པ་པོ་གཉི་ག་ཡང་མདོར་བསྡུས་ནས་སྟོན་པ་ནི་འདི་ལྟར་
ཞེས་བྱ་བའོ། །འདིའི་མིང་འདི་ཞེས་བྱ་བ་ནི་བརྡ་ཉིད་ཀྱི་དོན་ཏོ། །དེ་ལྟར་རེ་ཞིག་གང་ཞིག་དངོས་པོ་ཁོ་ནར་བརྡ་འཛིན་པ་བརྗོད་པ་ཡིན་ནོ། །དེ་ནི་གང་ཞིག་རང་ཉིད་ཁོ་ན་ཐ་སྙད་ལས་བརྡ་རྟོགས་པ་དེ་བརྗོད་པ་ནི་དེ་བཞིན་དུ་ཞེས་བྱ་བའོ། །དེ་ལྟ་ན་ཡང་རྟོགས་པ་ལྡན་པ་དག་རྟོགས་པར་འགྱུར་རོ་ཞེས་བལྟ་བར་
བྱའོ། །འགའ་ཞིག་གིས་འདི་འོན་ཅིག་ཅེས་བརྗོད་པ་ལས་སོ། །སྒྲ་འདི་ལས་ཞེས་བྱ་བ་ནི་རྣམ་པ་འདི་ལྟ་བུའི་སྒྲ་ལས་སོ། །ཡང་ན་ཞེས་བྱ་བ་ལ་སོགས་པས་ནི་དེ་ཕྱིར་བརྡའི་དུས་ན་ཡང་ཞེས་བྱ་བའི་རྣམ་འགྲེལ་ཉིད་རྣམ་པ་གཞན་དུ་འཆད་པའོ། །སྔར་ཞེས་བྱ་བ་ནི་བརྡའི་དུས་ནའོ། །རང་གིས་རྟོགས་
པའི་འབྲས་བུ་ཅན་ཞེས་བྱ་བ་འདིའི་དོན་བརྗོད་པ་ནི། གཟུགས་དེའི་འབྲས་བུ་ཡང་ཞེས་བྱ་བའོ། །ལྡོག་པ་ནི་ཐ་དད་པ་ཁོ་ནའོ་ཞེས་བརྒྱ་ལ་འགའ་ཞིག་དགོངས་པར་འགྱུར་བས་ན་དེ་ཉེ་བར་བཀོད་ནས་སུན་འབྱིན་པ་ནི་ལྡོག་པ་དེ་ནི་ཞེས་བྱ་བའོ། །བཀར་ནས་ཞེས་བྱ་བ་ནི་གསལ་བ་ལས་སོ། །ལྡོག་པ་ཡང་རྟོག་
པས་བཀར་ན། ད་དེ་དང་གཅིག་ཏུ་ཐ་སྙད་བྱེད་པའི་ཕྱིར་རོ། །དེ་ལྟར་གྱུར་ན་ཞེས་བྱ་བ་འདི་ཉིད་ཀྱི་དོན་ནི་སྒྲུབ་པའི་ཚུལ་དུ་ཞེས་བྱ་བ་ལ་སོགས་པའོ། །ཇི་སྲིད་དུ་རིགས་མཐུན་པའི་གསལ་བ་མཐའ་དག་ལ་སྒྲ་མཐོང་བ་དེ་སྲིད་དུ་སྒྲ་ཉིད་དུ་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་གསལ་བ་རྣམས་ལ་
བརྡ་བྱེད་པ་ཡིན་ན་དེའི་ཚེ་ཉེས་པ་འདིར་འགྱུར་བ་ཞིག་ན་ཅིས་ཀྱང་བརྡ་ནི་སྤྱི་ལ་ཡིན་ནོ་ཞེ་ན། སྤྱི་ལ་ཡང་ཞེས་བྱ་བའོ། །ཅི་རིགས་མི་མཐུན་པའི་གསལ་བ་དག་ལ་མེད་པ་དང་བཅས་པ་རྟོགས་པར་བྱ་བའི་དོན་དུ་སྒྲ་གཞན་དུ་མ་མཐོང་བ་ལ་ལྟོས་པ་ཡིན་ནོ་ཞེས་བྱ་བ་ནི་རྩོད་པའི་དོན་ཏོ། །འོ་ན་ནི་ཞེས་བྱ་བ་ནི་ལན་
Vol. 185 · folio 171b
ནོ། །འདི་ཉིད་གསལ་བར་བྱེད་པ་ནི་གསལ་བ་ཉིད་ཅེས་བྱ་བའོ། །དེ་ལས་གཞན་ལས་ཞེས་བྱ་བ་ནི་རིགས་མི་མཐུན་པ་མེད་པ་དང་ལྡན་པའོ། །གལ་ཏེ་གསལ་བ་རྟོགས་པ་མེད་པ་ཉིད་དེ་བ་ལང་ཙམ་ཞིག་རྟོགས་པའི་ཕྱིར་རོ། །དེས་ན་གསལ་བ་ཉིད་རྟོགས་པར་འགྱུར་གྱི། ཅི་སྟེ་བརྗོད་སྙམ་དུ་
བསམས་ནས་སྨྲས་པ་ནི་གསལ་ཉིད་ནི་ཞེས་བྱ་བའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་སུན་འབྱིན་པའོ། །ཅི་ཉིས་རིམ་གྱིས་ཞེས་དྲིས་པ་ན་གཞན་ལན་འདེབས་པ་ནི། རྟོག་པ་ཉིད་དོ་ཞེས་བྱ་བའོ། །ནང་གི་ཁྱད་པར་ཞེས་བྱ་བ་ནི་ཐུང་ངུ་དང་རིང་པོ་ལ་སོགས་པའི་རང་བཞིན་གྱི་ཁྱད་པར་རྟོག་པ་ནི་མི་སྲིད་
པའོ། །ད་ཡང་ཞེས་བྱ་བ་ནི་ཁྲ་བོ་ལ་སོགས་པ་ཁྱད་པར་གྱི་རང་བཞིན་ནོ། །གསལ་བ་རྣམས་ཞེས་བྱ་བ་ནི་རིགས་མཐུན་པ་དང་མི་མཐུན་པ་ལས་ལྡོག་པ་རྣམས་སོ། །སྤྱིས་ཞེས་བྱ་བ་ནི་བ་ལང་ཉིད་ཀྱིས་སོ། །ཁྱད་པར་གྱི་རང་བཞིན་དེ་གདོན་མི་ཟ་བར་རྟོགས་པ་ཉིད་ཡིན་ནམ་ཞེས་བྱ་བའི་དོན་འདི་ལ་
ཚད་མ་མེད་དེ། དེས་ན་ཇི་ལྟར་གདོན་མི་ཟ་བར་ཁྱད་པར་འགའ་ཞིག་ཡོད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་ན་འདི་ནི་སྤྱི་རྟོགས་པར་ཁས་བླངས་ནས་བརྗོད་པ་ཡིན་ནོ། །དེ་ཡང་ཡོད་པ་མ་ཡིན་ན་ཞེས་བརྗོད་པ་ནི་ཅི་ཡང་ཞེས་བྱ་བའོ། །བློ་ཉིད་དེ་དེ་ཡུལ་གྱི་མ་ཡིན་ནོ། །གལ་ཏེ་ཇི་ལྟར་གཞན་ལས་ལྡོག་པ་
ལས་འཇུག་པ་ཞེས་བརྗོད་པ་དེ་བཞིན་དུ། ཁོ་བོ་ཅག་ཀྱང་གསལ་བ་ཉིད་དམ་སྤྱི་ཉིད་ལ་འཇུག་གོ་ཞེས་བརྗོད་དོ། །སྟོང་པའི་རང་བཞིན་གྱི་ལྡོག་པ་ལ་ནི་སུ་ཡང་འཇུག་པ་མ་ཡིན་ཏེ། དངོས་པོ་ཁོ་ན་འཇུག་པར་མཐོང་བའི་ཕྱིར་རོ་ཞེས་དོགས་པ་ལ་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །སླུ་བར་གྱུར་ན་ཞེས་བྱ་བ་
ནི་གཞན་གྱིས་སྨྲས་པའོ། །སླུ་བར་གྱུར་ན་ཇི་ལྟར་སྤྱིའམ་གསལ་བར་སྒྲའི་དོན་མ་ཡིན་པ་དེ་བཞིན་དུ་གཞན་སེལ་བ་ཡང་ངོ་ཞེས་བསམས་པའོ། །འདི་ལ་བརྗོད་པ་ནི་གཞན་མཐོང་བ་ཞེས་བྱ་བའོ། །དོན་འདི་ཡིན་ཏེ་གཞན་སེལ་བ་ནི་སླུ་བ་མེད་པ་ཉིད་དོ། །འདི་ལྟར་བུམ་པ་ཁྱེར་ལ་ཤོག་ཅེས་བྱ་བའི་ངག་
འདིའི་དོན་ནི་བུམ་པ་མ་ཡིན་པ་ཁྱེར་ལ་མ་འོང་ཞེས་བྱ་བ་ཡིན་ནོ། །གཅུགས་པའི་སྐྱེས་བུ་ཡང་བུམ་པ་མ་ཡིན་པར་མཐོང་ཡང་དེ་མི་ལེན་ཏེ་དེས་ན་སྒྲའི་དོན་གང་ཡིན་པ་དེ་ལ་ནི་སླུ་བ་མེད་དོ། །བུམ་པ་ཁྱེར་ནས་འོང་བའི་སྒྲའི་དོན་ཉིད་མ་ཡིན་ཏེ། དེས་ན་བུམ་པ་མ་མཐོང་བ་གལ་ཏེ་ཁྱེར་ནས་འོང་བ་མེད་པ་དེ་ལྟ་
Vol. 185 · folio 172a
ན་ཡང་སྒྲའི་དོན་མ་ཡིན་པའི་ཕྱིར་སླུ་བ་མེད་དོ་ཞེས་བྱ་བའོ། །དེ་ཉིད་བརྗོད་པ་ནི་བུམ་པ་ལས་གཞན་མཐོང་ཡང་དེ་ལས་གཞན་མི་ལེན་པའི་ཕྱིར་ཏེ། བུམ་པ་ལས་གཞན་མི་ལེན་པའི་ཕྱིར་རོ། །སླུ་བ་ཡོད་པ་མ་ཡིན་ནོ་ཞེས་སྦྱར་རོ། །འདི་ཉིད་གསལ་བར་བྱེད་པ་ནི་བུམ་པ་མ་ཡིན་པའི་རང་
བཞིན་དེ་ནིའོ། །གཞན་ཞེས་པ་ནི་བུམ་པ་མ་ཡིན་པ་ལས་གཞན་དེ་བུམ་པའི་རང་བཞིན་ནོ། །དེ་ལྟར་ན་རེ་ཞིག་རྟོགས་པ་གང་ཞིག་གཞན་གྱི་བརྡ་འཛིན་དུ་བཅུག་པ་དེ་ལ་ལྟོས་ནས་རྣམ་འགྲེལ་སྦྱར་བ་ཡིན་ནོ། །ད་ནི་གང་ཞིག་བདག་ཉིད་ཐ་སྙད་ལ་བརྡ་རྟོགས་པ་དེ་ལ་ལྟོས་ནས་སྦྱོར་བར་བྱེད་པ་ནི་ཡང་ན་ཞེས་བྱ་
བའོ། །བྱེ་བྲག་ཏུ་ཞེས་བྱ་བ་ནི་རྣམ་པར་དབྱེ་བར་རོ། །དངོས་པོ་འདི་འོན་ཅིག་ཅེས་བྱ་བའི་ངག་འདིའི་བྱེད་པ་ནི་ལེན་པ་མ་ཡིན་ཏེ། དངོས་པོ་ཉིད་ལ་ནི་མ་ཡིན་ནོ། །མེད་པ་ནི་བླང་བར་མི་ནུས་སོ། །དེས་ན་ཁྱེར་ཏེ་འོང་བ་ལ། བྱེད་པ་འཇུག་པའི་ཕྱིར་ན་ཡོད་པ་ཉིད་ལ་ཡང་བྱེད་པ་འཇུག་པ་ཡིན་ནོ་ཞེས་བྱ་བ་ནི་རྩོད་
པའི་དོན་ཏོ། །གལ་ཏེ་གདོན་མི་ཟ་བར་ཁྱེར་ཏེ་འོང་བར་འགྱུར་ན་ནི་དེའི་ཚེ་ཡོད་པ་ཉིད་ལ་བྱེད་པ་འཇུག་པར་འགྱུར་བ་ཞིག་ན། འོན་ཀྱང་གདོན་མི་ཟ་བར་ཁྱེར་ཏེ་འོང་བ་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་ལན་གྱི་དོན་ཏོ། །འོ་ན་ཡོད་པ་ཉིད་དུ་གང་ལས་རྟོགས་ཤེ་ན་དེ་ནི་ཞེས་བྱ་བ་སྟེ་སྒྲས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །
དཔེར་ན་བྱིས་པ་མངོན་པར་འདོད་པའི་དངོས་པོ་སློང་བ་དེ་ལ་འདི་བྱིས་པ་འདིས་བླང་བ་དེས་ན་གོར་མ་ཆག་པ་དངོས་པོ་ཡོད་དགོས་སོ་ཞེས་བྱ་བའི་དོན་གྱིས་གོ་བར་འགྱུར་རམ་ཅི་དེ་བཞིན་དུ་གཞན་དག་ལ་ཡང་དོན་གྱིས་གོ་བ་ཡོད་པ་མ་ཡིན་ནོ། །གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མི་སྲིད་ན་ནི་ལེན་པ་མ་ཡིན་
ནོ། །གཞན་དག་ནི་ཞེས་བྱ་བ་ནི་ལྷ་དབང་ལ་སོགས་པའོ། །རྗེས་སུ་འགྲོ་བ་དང་ལྡོག་པ་གཉིས་ཀྱི་ནང་ནས་ལྡོག་པ་གཅིག་ཏུ་གཙོ་བོ་ཡིན་ལ། སྒྲུབ་པ་ནི་ཕལ་པ་ཉིད་དུ་ཁས་བླངས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ལ་ལན་དེ་ནི་མི་བདེན་ཏེ་ཞེས་བྱ་བའོ། །འདི་ཡང་ཁས་བླངས་ནས་བརྗོད་པར་
ཟད་ཀྱི་འདི་ནི་ཡོད་པ་མ་ཡིན་ནོ་ཞེས་བརྗོད་པ་ནི་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན་གསལ་བ་ཅིག་ཅེས་གསུངས་སོ། །ཡང་ན་ལ་ལ་ཁོ་ནར་སྒྲས་བསྟན་པ་དེ་ཐོབ་པ་དེ་ལ་ལྟོས་ཏེ་མཐོང་བའི་ཕྱིར་རོ། །འདི་ཉིད་འཆད་པ་ནི་ཞེས་བྱ་བ་ནི་ཞེས་བྱ་བའོ། །འདིའི་མིང་འདི་ཡིན་ནོ་ཞེས་བརྗོད་པ་འདི་ལས་ནི་འདིར་
Vol. 185 · folio 172b
ཐ་དད་དུ་བྱ་བ་ཡིན་ནོ་ཞེས་བྱ་བ་འདི་ཙམ་ཞིག་ཡིན་ཏེ་ཞེས་བྱ་བར་རོ། །གཞན་དུ་ཞེས་བྱ་བ་ནི་དངོས་པོ་མཐོང་ནའོ། །ཇི་ལྟར་མེའི་ཁྱད་པར་ལ་ཐེ་ཚོམ་ཟ་ཞེས་བྱ་བ་ནི་སྤྱི་མཐོང་བའི་ཕྱིར་དང་། ཁྱད་པར་མ་མཐོང་བའི་ཕྱིར་དང་། ཁྱད་པར་དྲན་པའི་ཕྱིར་ཐེ་ཚོམ་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལན་ནི་
རྟོགས་པ་ཙམ་གྱིས་ཞེས་བྱ་བའོ། །འདི་ཉིད་སྟོན་པ་ནི་རེ་ཞིག་ཅེས་བྱ་བ་ཡིན་ནོ། །གང་དུ་ཞེས་བྱ་བ་ནི་རྩོད་པའི་གཞི་ནི་འདི་ཡིན་ཏེ་ཅི་མེ་ཡོད་དམ་འོན་ཏེ་མེད་ཅེས་ཐེ་ཚོམ་ཟའོ་ཞེས་ཅི་སྟེ་བརྗོད་དེ། གང་གི་ཕྱིར་འདི་ལ་མེ་ཡོད་དོ་ཞེས་ངེས་པར་རྟོགས་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །འདི་ལ་ལན་ནི་མ་
ཡིན་ནོ་ཞེས་བྱ་བ་ནི་འདི་ལ་ལན་ནི་མ་ཡིན་ཏེ་ཞེས་བྱ་བའོ། །དེ་ལ་ནི་རེག་པའི་ཁྱད་པར་ལའོ། །ཇི་ལྟར་རྟོགས་ཞེས་བྱ་བ་ནི་འདྲི་བའོ། །དྲོ་བ་ཙམ་ཞིག་ཅེས་བྱ་བ་ནི་ལན་ནོ། །ཁྱད་པར་གྱི་རིམ་པ་ཉིད་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཁྱད་པར་རིམ་པ་ལ་མ་གཏོགས་པ་དྲོ་བའི་སྤྱི་ནི་ཡོད་པ་མ་ཡིན་ནོ། །
དགོངས་པ་འདི་ཉིད་གསལ་བར་བྱེད་པ་ནི་ཁྱད་པར་རིམ་པ་ལ་སོགས་པའི་དབྱེ་བ་ལའོ། །གཅིག་ཉིད་ནི་ཞེས་བྱ་བ་ནི་ཡུལ་གཅིག་པའོ། །རེས་འགའ་ནི་འདི་ལྟ་བུ་ཞེས་བྱ་བ་རྩྭ་ལས་བྱུང་བའམ་རེས་འགའ་ནི་འདི་ལྟ་བུ་ཞེས་བྱ་བ་ནི་ལོ་མ་ལས་འབྱུང་བ་སྟེ། དེ་ལྟར་ཡུལ་དང་གཞན་ལ་བློ་སྐྱེ་བའི་ཕྱིར་གཅིག་པ་ཉིད་
དུ་མི་འགྱུར་རོ། །གཅིག་ནི་ཞེས་བྱ་བ་ནི་རྩྭ་ལས་འབྱུང་བའམ། འོ་མ་ལས་འབྱུང་བའོ། །དེ་འཐད་པ་ཡིན་ནོ། །བྱ་བ་ནི་གཞན་སེལ་བའི་ཡུལ་ཅན་དེའོ། །ལྡན་པ་སྣང་བའི་ཕྱིར་རྫས་འབྲེལ་པའི་རྟོག་པ་དབང་པོའི་རྣམ་པར་ཤེས་པ་ལ་ཡོད་པར་འགྱུར་རོ་ཞེས་བྱ་བར་བལྟའོ། །གཞན་རྟོགས་པའི་རྒྱུས་
མདུན་ན་གནས་པ་དེ་ལ་སྐྱེས་བུ་རྣམ་པར་རྟོག་པ་མི་བྱེད་ཀྱང་དངོས་པོ་གཉིས་པོ་དེའི་ངོ་བོར་སྣང་བ་ནི་མེད་པའི་ཕྱིར་རོ། །དེ་ཉིད་ཅེས་བྱ་བ་ནི་དེ་ཙམ་འབའ་ཞིག་སྣང་བ་ཉིད་དོ། །ལྡན་རྟོག་པ་ཡང་ཞེས་བརྗོད་པ་ནི་གཉི་གའོ། །ལས་ལས་སྐྱེས་པའི་ལྡན་པ་ནི་ཤ་གཟན་གཉིས་ཁོ་ནའིའོ། །གང་ཡང་རུང་
བའི་ལས་ལས་སྐྱེས་པ་ནི་གངས་ཅན་དང་མི་ལ་སོགས་པའིའོ། །ལྡན་པ་ལས་སྐྱེས་པ་ཞེས་བྱ་བ་ནི་ནམ་མཁའ་དང་འབྲས་བུའི་ལྡན་པ་སྐྱེ་བའོ། །འདི་ལ་གཞན་གྱིས་བརྗོད་པ་ནི། དངོས་པོ་གཉིས་པོ་དེ་ཉིད་ནི་ལྡན་པར་གྱུར་པ་ཡིན་ནོ་ཞེས་རྟོགས་པ་ཡང་མེད་པར་གྱུར་ཏེ་ལྡན་པ་མེད་པའི་ཕྱིར་རོ། །དེས་
Vol. 185 · folio 173a
ན་སྟེ་དེ་ལྟ་བུར་གྱུར་པའི་རྟོགས་པ་ཡིད་པའི་ཕྱིར་ལྡན་པ་གཞན་ཡིན་ནོ་ཞེས་བསམས་པའོ། །སྔ་མ་དང་ལྷན་ཅིག་ཏུ་རྟོགས་པ་མེད་པའི་ཕྱིར་ལྡན་པར་གྱུར་པ་རྟོགས་པ་ནི་མ་ཡིན་ནོ་ཞེས་སྦྱར་རོ། །གང་ཞིག་མི་ལྡན་པར་གྱུར་པ་དེ་ནི་ལྡན་པར་གྱུར་པ་འདི་ཡིན་ལ། དེ་བཞིན་དུ་འདི་ན་
སླར་ཡང་བྲལ་བར་འགྱུར་ཏེ། སོ་སོར་འགྱུར་བ་དང་འདི་གཉིས་ཀྱི་ནང་ནས་གཅིག་གིས་བདག་ནི་འབྲས་བུ་བྱེད་མཁན་ཡིན་ནོ་ཞེས་དེ་ལྟར་རྟོགས་པ་གསུམ་སྲིད་པ་ན་ལྡན་མེད་རྟོགས་པར་འདོད་པ་ཡིན་ནོ། །གལ་ཏེ་རྟོགས་པ་དེ་ལྟ་བུ་མེད་ན་ནི་དེའི་ཚེ་ལྡན་པར་རྟོགས་པ་དོན་མེད་པ་ཁོ་ནའོ། །འོ་ན་
འབྲས་བུ་དང་བཅས་པར་ཇི་ལྟར་འགྱུར་སྙམ་ན། འདི་ནི་གཅིག་འགྱུར་ཞེས་བྱ་བའོ། །ལྡན་པའི་དངོས་པོ་འདི་ནི་འབའ་ཞིག་ཀྱང་འགྱུར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མངོན་སུམ་ནི་དེ་ལྟར་འཇུག་པ་མ་ཡིན་ཏེ། འབྱུང་བ་དང་བྱུང་ཟིན་པ་དག་ལ་དེ་འཇུག་པ་མི་འཐད་པའི་ཕྱིར་རོ། །དེས་ན་མངོན་
སུམ་ལ་ནི་ལྡན་པ་སྣང་བ་མ་ཡིན་ནོ། །གལ་ཏེ་དེ་ལྟར་ལྡན་པ་མི་སྣང་བའི་ཕྱིར་རྫས་འབྲེལ་པའི་རྟོགས་པ་མ་ཡིན་མོད། སྒྲ་སྦྱོར་བར་ནི་འགྱུར་བ་ཡིན་ཏེ་དེས་ན་དབང་པོའི་ཤེས་པ་རྣམ་པར་རྟོག་པ་མེད་པ་མ་ཡིན་ཏེ་དེས་དབང་པོའི་རྣམ་པར་རྟོག་པ་མ་ཡིན་ནོ་ཞེ་ན། སྒྲ་སྦྱོར་བར་བྱེད་པ་ཡང་ཞེས་གསུངས་
སོ། །དེ་ལ་ཞེས་བྱ་བ་ནི་མངོན་སུམ་ལ་སྣང་བའི་དངོས་པོ་ལའོ། །དོགས་པ་ནི་བརྡའི་དུས་ན་ཞེས་བྱ་བའོ། །འདི་ལ་བརྗོད་པ་ནི་དེ་དང་ཞེས་བྱ་བ་སྟེ། བརྡའི་དུས་ན་ཡོད་པ་དང་ངོ་། །རེ་ཞིག་བརྡ་འཆད་པ་ནི་འདི་ལ་བ་ལང་ངོ་ཞེས་བྱ་བའོ། །འདི་ནི་མངོན་སུམ་ལ་སྣང་བའོ། །གལ་ཏེ་འདི་བ་ལང་
གི་སྒྲ་མ་ཡིན་ན། འོ་ན་ཇི་ལྟར་ན་འདི་འདི་ཞེས་བྱ་བ་དང་བ་ལང་གི་སྒྲ་དང་། གཞི་མཐུན་པར་འགྱུར་སྙམ་ན། དེ་དང་འབྲེལ་བ་ནི་བ་ལང་གི་སྒྲ་དང་འབྲེལ་བའོ། །གལ་ཏེ་འདི་ལ་བ་ལང་གི་སྒྲའོ་ཞེས་རྣམ་པ་དེ་ལྟར་ན་བརྡ་མི་བྱེད་ཀྱི། འོན་ཀྱང་འདི་ནི་བ་ལང་ངོ་ཞེས་བྱ་བ་ཡིན་ནོ་སྙམ་ན། དེ་ལ་ཚིག་གི་
ཞེས་གསུངས་ཏེ། བ་ལང་གི་སྒྲ་ཞེས་བྱ་བ་འདིའོ། །ཕྱོགས་གཅིག་ནི་བ་ལང་ཞེས་བྱ་བ་ཡིན་ཏེ་དེ་སྦྱར་བས་སོ། །ཚིག་གི་ཕྱོགས་གཅིག་གི་རྣམ་པ་བརྗོད་པ་ནི་བ་ལང་ངོ་ཞེས་བྱ་བའོ། །བརྡ་བཤད་ནས་དྲན་པ་འཆད་པ་ནི་བ་ལང་དེ་ནི་ཞེས་བྱ་བའོ། །གལ་ཏེ་འདས་པ་དང་འབྲེལ་བ་གཟུང་བ་ན་འདས་པ་
Vol. 185 · folio 173b
འཛིན་གྱི་འབྲེལ་པ་མེད་པར་ནི་མ་ཡིན་ན་དེ་ཅི་ལྟར་ཐམས་ཅད་འཛིན་པར་བརྗོད་སྙམ་ན་ཞེས་གསུངས་སོ། །དྲན་པར་བྱ་བ་དང་ཡོངས་སུ་མཐོང་བཞིན་པ་ཉིད་ལྷན་ཅིག་ཉིད་དུའོ། །དེ་དང་ཞེས་བྱ་བ་ནི་དྲན་པར་བྱ་བ་མི་བདེན་པ་དང་ངོ་། །དེ་ཉིད་ཅེས་བྱ་བ་ནི་སྔོན་མཐོང་བ་ཉིད་དོ། །དེའི་དོན་བྱ་བ་གང་ཡིན་པ་དེ་བྱེད་
པའི་ཕྱིར་རོ། །དོན་བྱ་བ་དོན་བྱ་བ་ཞེས་བྱ་བ་དེ་ཡང་དྲན་པ་ཉིད་ཡིན་ཏེ། དེ་ནི་ད་ལྟར་མངོན་སུམ་གྱིས་གཟུང་བ་མེད་པའི་ཕྱིར་རོ། །དེ་ཉིད་འདི་ཡིན་ནོ་ཞེས་བྱ་བ་ལ་ཡོད་པའི་དེའི་སྒྲས་བརྗོད་པར་བྱ་བ་ཉིད་ཀྱང་དྲན་པ་ཉིད་དོ། །དེས་ན་མངོན་སུམ་གྱི་ཡུལ་མ་ཡིན་ནོ་ཞེས་དགོངས་པའོ། །གཞན་ཡང་དེ་ཉིད་ཀྱིས་དོན་
བྱ་དགོས་སོ་ཞེས་བྱ་བའི་ངེས་པ་ཡང་མེད་དེ་གཞན་གྱིས་ཀྱང་བྱེད་པའི་ཕྱིར་རོ། །དེས་ན་དོན་བྱ་བ་དེ་བྱེད་པའི་ཕྱིར་དངོས་པོ་འདི་དེ་ཉིད་ཡིན་ནོ་ཞེས་ཀྱང་འགྲུབ་པ་མ་ཡིན་ནོ་ཞེས་སྟོན་པ་ནི་དེ་ཉིད་ཀྱིས་ཞེས་བྱ་བའོ། །འདི་ནི་ཐ་སྙད་ཙམ་དུ་ཞེས་བྱ་བ་ནི། དེ་ཉིད་འདི་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་གཅིག་
མེད་པར་ནི་དོན་ཉིད་དུ་མི་འགྱུར་རོ་ཞེ་ན། དེའི་དོན་ཉིད་ནི་ཞེས་གསུངས་སོ། །མཚམས་སྦྱོར་བར་བྱེད་པ་ལས། བླངས་པ་ལ་ཡོན་ཏན་བརྗོད་པ་ནི། མཚམས་སྦྱོར་བ་པོ་གཅིག་ཡིན་ན་ཞེས་བྱ་བའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་ལན་ནོ། །ད་ནི་བདག་ཁས་བླངས་ཀྱང་སྔ་མ་དང་ཕྱི་མ་དག་གཅིག་ཏུ་འཛིན་པ་མེད་དོ་
ཞེས་སྟོན་པ་ནི་གལ་ཏེ་མངོན་སུམ་ཞེས་བྱ་བའོ། །དེ་ཙམ་གྱིས་ཞེས་བྱ་བ་ནི་བདག་ལ་བརྟེན་པ་ཙམ་གྱིས་སོ། །དེ་ནི་མངོན་སུམ་མོ། །དེ་ནི་ཞེས་བྱ་བ་ནི་མངོན་སུམ་གྱིས་ཤེས་པའོ། །འོ་ན་དབང་པོ་ཉིད་སྔ་མ་དང་ཕྱི་མ་དག་ལ་འཇུག་པར་འགྱུར་ཏེ། དེས་ན་དེ་ལ་བརྟེན་པ་ཡང་འཇུག་པ་ཡིན་ནོ་སྙམ་ན་དབང་པོ་
ཡང་ཞེས་བྱ་བའོ། །དབང་པོ་སྔ་མ་དང་ཕྱི་མ་ལ་མི་འཇུག་མོད། དེའི་རྗེས་སུ་འབྲེལ་པ་ནི་འཇུག་གོ་སྙམ་པ་ནི་དེའི་ཞེས་བྱ་བའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་ལན་ནོ། །དེའི་ཞེས་བྱ་བ་དབང་པོའིའོ། །དེ་ཉིད་ཅེས་བརྗོད་པ་ནི་སྔོན་གྱི་ཞེས་བྱ་བའོ། །སྔོན་གྱི་དངོས་པོ་ལ་ཞུགས་པའི་ཤེས་པ་གང་ཡིན་པ་དེའི་རྗེས་སུ་
འབྲངས་པ་དེའི་མེད་པ་ནི་སྔ་མ་ལ་འཇུག་པ་མ་ཡིན་ནོ་ཞེས་འབྲེལ་ཏོ། །ཅིའི་ཕྱིར་ཞེ་ན། དེ་ལས་གཞན་པའི་ཞེས་གསུངས་ཏེ། མིག་ལ་སོགས་པ་ལས་ཐ་དད་པའི་ཤེས་པ་མངོན་སུམ་ཞུགས་པའི་རྗེས་སུ་འབྲངས་པ་ནི་དབང་པོ་དེའི་རྗེས་སུ་འབྲངས་པ་ཡིན་ནོ་ཞེས་བྱ་བ་འདི་ནི་བབ་ཆོལ་ཡིན་ནོ། །དེ་ཉིད་བསྡུས་ཏེ་
Vol. 185 · folio 174a
སྟོན་པ་ནི་གཅིག་ཉིད་དུ་བྱ་བའོ། །མངོན་སུམ་ལ་གཅིག་ཉིད་དུ་རྟོགས་པར་འགྱུར་བ་གང་ཡིན་པ་དེ་ནི་དབང་པོ་ལས་སྐྱེས་པ་ཡིན་ནོ་ཞེས་བྱ་བའི་རྩོད་པ་འགོག་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །མངོན་སུམ་ལ་གཅིག་ཉིད་དུ་རྟོགས་པ་གང་ཡིན་པ་དང་། གཞན་གང་ཡིན་པ་སྟེ། གཉིས་པོ་དེ་ནི་
ཁྱད་པར་མེད་དེ། གཉིས་ཀ་ཡང་གཅིག་ཏུ་རྟོགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །མངོན་སུམ་ལ་གཅིག་ཉིད་དུ་རྟོགས་པ་ཡིན་པ་དེ་ནི་གསལ་བ་ཡིན་ལ། གཞན་ནི་མི་གསལ་བ་ཡིན་ཏེ། དེས་ཇི་ལྟར་ཁྱད་པར་མེད་ཅེས་བརྩད་པ་ན་གྲུབ་པའི་མཐའ་གསུངས་པ་ནི་གསལ་ཉིད་དང་ཞེས་བྱ་བའོ། །ད་ལྟར་
བྱུང་བ་ནི་གསལ་བའི་རང་བཞིན་དང་གཅིག་ཏུ་འགྱུར་མོད། སྔར་མཐོང་བ་དེ་ལྟ་བུ་དང་གཅིག་པར་ཇི་ལྟར་འགྱུར་དེ་ནི་མི་གསལ་བའི་ཕྱིར་རོ། །གལ་ཏེ་སྔོན་མཐོང་བ་འདི་དང་གཅིག་པར་མངོན་སུམ་གྱིས་ཁོང་དུ་ཆུད་པར་མི་འགྱུར་མོད། ད་ལྟར་མཐོང་བ་འདི་གོ་སྔོན་མཐོང་བ་དེ་དང་ཅིག་ཅར་མངོན་སུམ་
གྱིས་ཅི་སྟེ་མི་རྟོགས་ཤེ་ན། ཞེས་བྱ་བའོ་རྩོད་པ་འགོག་པ་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་མཚུངས་པ་ཉིད་གཞུང་འཛུག་པ་ནི་གཉི་ག་ཞེས་བྱ་བའོ། །གལ་ཏེ་དྲན་པ་མེད་པར་མཐོང་བ་འབྱུང་མོད། དེ་ལྟ་ན་ཡང་དྲན་པ་དབང་པོའི་ལྷན་ཅིག་བྱེད་པར་ནི་འགྱུར་བ་ཡིན་ནོ་ཞེ་ན་གང་ཞིག་གང་གི་ཞེས་བྱ་བའོ། །འདིར་
དཔེར་ན་ས་ལ་སོགས་ཞེས་བྱ་བའོ། །དྲན་པ་དབང་པོའི་ལྷན་ཅིག་བྱེད་པ་མ་ཡིན་གྱིའོ། །དེ་ཞེས་བྱ་བ་ནི་དབང་པོའི་རྣམ་པར་ཤེས་པའོ། །གཞན་དུ་ན་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཐ་མི་དད་པས་རྟོག་པ་དང་བཅས་པ་ཉིད་ཡིན་ནའོ། །མཐོང་བ་དེ་ཡོད་ན་ཡང་མེད་པར་འགྱུར་ལ་མཐོང་བ་དེ་མེད་ན་ཡང་ཡོད་
པའི་རྣམ་པར་རྟོག་པ་གང་ཡིན་པ་དེ་དང་སྟེ་དེ་ལྟ་བུའི་རྣམ་པར་རྟོག་པ་དང་མཐོང་བ་དེ་གཅིག་ཉིད་དུ་ཇི་ལྟར་འགྱུར་ཏེ། བཤད་ཟིན་པའི་མཚན་ཉིད་ཅན་འགལ་བའི་ཆོས་དང་ལྡན་པར་བརྗོད་པའི་རྣམ་པར་རྟོག་པ་ཅན་དེ་ནིའོ། །གལ་ཏེ་ཤེས་པ་དེ་ཉིད་མཐོང་བ་དེ་ཡོད་ཀྱང་འབྱུང་བ་དང་མི་འབྱུང་བ་ཡང་ཡིན་
ན་དེའི་ཚེ་འགལ་བའི་ཆོས་དང་ལྡན་པར་བརྗོད་པ་མཛེས་པ་ཞིག་ན། འོན་ཀྱང་གང་ཞིག་འགའ་ཞིག་པ་དེ་ནི་གཞན་ཁོ་ན་ཡིན་ལ། དེ་དང་ལྷན་ཅིག་པ་གང་ཡིན་པ་དེ་ཡང་གཞན་ཡིན་ཏེ། དེས་ན་འགལ་བའི་ཆོས་དང་ལྡན་པས་ཐ་དད་པར་ཇི་ལྟར་འགྲུབ་སྙམ་དུ་བསམས་པའོ། །འདི་ལ་བརྗོད་པ་ནི་དེ་ལྟ་ཡིན་
Vol. 185 · folio 174b
ན་ནི་ཞེས་བྱ་བའོ། །ཤེས་པ་དེ་ཉིད་འདི་ཡིན་ནོ་ཞེས་བྱ་བར་ངོ་ཤེས་པ་ཡོད་ཀྱང་། འདིར་ཐ་དད་པར་ཁས་བླངས་པའི་ཕྱིར་གཞན་དུ་ཡང་ངོ་། །ཤེས་པ་ལས་གཅིག་པ་ཉིད་དུ་མི་འགྲུབ་པོ་ཞེས་དགོངས་པའོ། །ཧ་ཅང་ཐལ་བར་ཡང་ཞེས་བྱས་པ་ནི་སྔོན་པོ་དང་སེར་པོ་དག་ཀྱང་གཅིག་པ་ཉིད་དུ་ཐལ་བར་
འགྱུར་ཏེ། དེ་ཡང་སྔོན་པོ་འབའ་ཞིག་པ་ལས་ཚོགས་པ་ཐ་དད་པའི་ཕྱིར་རོ་ཞེས་སྔར་བཤད་ཟིན་ཏོ། །དེ་ནི་ཞེས་བྱ་བ་ནི་མཐོང་བའོ། །གཞན་གྱི་ཚེ་ཡང་ཞེས་བྱ་བ་ནི་རྣམ་པར་རྟོག་པ་མེད་པར་རོ། །ནམ་ཡང་ཞེས་བྱ་བ་ནི་ཕུང་པོ་ལྔའི་མཚན་ཉིད་ཀྱི་ལུས་ནི་ཤེས་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཤེས་པ་
དེ་གཉིས་ཞེས་བྱ་བ་ནི་མིག་དང་རྣ་བའི་ཤེས་པའོ། །གཞན་དུ་ཡང་ཞེས་བྱ་བ་ནི་བ་ལང་མཐོང་བའི་དུས་སུ་བ་ལང་དུ་རྣམ་པར་རྟོག་པ་ནི་ཡང་ངོ་། །གནས་སྐབས་དེ་ན་ཞེས་བྱ་བ་ནི་བརྡར་རྣམ་པར་རྟོག་པའི་གནས་སྐབས་ནའོ། །ཐ་སྙད་ལས་ཞེས་བྱ་བ་ནི་བ་ལང་ལ་འཇུག་པ་དང་ལྡོག་པའི་མཚན་ཉིད་
ལས་སོ། །འདིར་ཞེས་བྱ་བ་ནི་རྣམ་པར་རྟོག་པ་བསྒྲུབ་པར་བྱ་བ་འདིར་རོ། །འདྲ་ཞེས་བྱ་བ་ནི་བ་ལང་གི་རྣམ་པར་རྟོག་པ་བདེ་བའི་འབྲས་བུ་ཡིན་པས་ཇི་ལྟར་མི་འཛིན་ཏེ། བ་ལང་གི་རྣམ་པར་རྟོག་པ་དེ་ཡང་ཡོད་པ་ཁོ་ནའོ་ཞེས་བྱ་བར་བསམས་པའོ། །སྒྲ་སྦྱོར་བར་བྱེད་པ་ཞེས་བྱ་བ་ནི་བ་ལང་གི་རྣམ་པར་རྟོག་
པའོ། །རྟོགས་པར་འགྱུར་བ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་ནི་འདི་ལྟར་ཡིན་ཏེ་གང་ཞིག་གང་དུ་ཐ་སྙད་བྱེད་པ་དེ་ཐམས་ཅད་ནི་དེའི་རྣམ་པར་རྟོག་པ་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། དཔེར་ན་བ་ལང་གི་རྣམ་པར་རྟོག་པའི་དེ་མ་ཐག་པ་བཞིན་ནོ། །རྣམ་པར་རྟོག་པ་གཞན་གྱིས་དེ་མ་ཐག་པ་འདི་ཡང་ཐ་སྙད་
ཡིན་ནོ་ཞེས་བྱ་བའོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པས་ནི་གཞན་ཉིད་ཀྱིས་གྲུབ་པའི་མཐའ་སྨྲ་བའི་དོགས་པ་བསུ་ནས་ལན་འདེབས་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །འདིར་གྲུབ་པའི་མཐའ་སྨྲ་བས་བརྗོད་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །དེའི་རྗེས་སུ་བྱ་བ་ནི་མེ་རྗེས་སུ་དཔོག་པའི་ཚེའོ། །རྗེས་སུ་
དཔག་པ་ཉིད་སྟོན་པ་ནི་རེག་པ་སྟེ་དྲོ་བའི་རྣམ་ཤེས་དང་། གཞན་གྱི་ཐ་སྙད་དེ་མེ་འདེ་བ་ལ་སོགས་པས་སོ། །འདི་ཉིད་བརྗོད་པ་ནི་ལྐོག་ཏུ་གྱུར་པའི་མེ་བདག་ཉིད་ནི་གྲང་བ་ཟློག་པ་ན་སྟེ། བདེ་བ་ལ་སོགས་པའི་ཐ་སྙད་དེ་ལས་སམ། རང་གི་རིག་པའི་རྣམ་པར་ཤེས་པ་ལས་རྟོགས་ན་ཞེས་དེ་ལྟར་
Vol. 185 · folio 175a
གྲུབ་པའི་མཐའ་སྨྲ་བས་བརྗོད་པ་ལ་གཞན་གྱིས་དེ་ཡང་འཐད་པར་དཀའ་ཞེས་སྨྲས་སོ། །ཐེ་ཚོམ་གྱི་རྣམ་པ་བརྗོད་པ་ནི་རེས་འགའ་མེ་མེད་ཀྱང་ཞེས་བྱ་བའོ། །དུ་བའི་རང་བཞིན་ལས་མེ་རྟོགས་པ་གང་ཡིན་པ་དེའི་དུས་ཕྱིས་ཀྱི་རེག་པའི་རྣམ་པར་ཤེས་པའམ་གྲང་བ་བཟློག་པའི་ཐ་སྙད་གང་
ཡིན་པ་དེས་སོ། །དེ་རྟོགས་ན་སྟེ་མེ་དེ་རྟོགས་པར་ཁས་ལེན་ན། རེག་པའི་རྣམ་པར་ཤེས་པའི་མཚན་ཉིད་དམ། གཞན་གྱི་ཐ་སྙད་ཀྱི་རྗེས་སུ་དཔག་པའི་མཚན་ཉིད་དེ་ལའོ། །འདི་ལྟར་གང་དང་གང་ལ་རེག་པའི་རྣམ་པར་ཤེས་པའམ་གྲང་བ་སེལ་བའི་ཐ་སྙད་ཡོད་པ་དེ་ན་མེ་ཡོད་པ་སྔོན་ཉམས་སུ་མྱོང་བ་བཞིན་ནོ། །
འདི་ན་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་རྗེས་སུ་དཔག་པ་ཡིན་ནོ། །རྗེས་སུ་དཔག་པ་དེ་ལ་ཡང་མི་འཁྲུལ་པ་ཡང་རྗེས་སུ་དཔག་པ་གཞན་གྱིས་ཡིན་ནོ་ཞེས་བྱ་བ་འདི་གང་ལས་ཤེ་ན། རྗེས་སུ་དཔག་པ་ཉིད་དུ་ཞེས་བྱ་བའོ། །གནོད་པར་བྱེད་པ་གཞན་ཡང་བརྗོད་པ་ནི་རེག་པས་ནི་ཞེས་བྱ་བ་སྟེ། དྲོ་བའི་རེག་པས་སོ། །
གཟུགས་ཞེས་བྱ་བ་ནི་མདོག་གསལ་བའོ། །རེག་པའི་ཤེས་པ་ནི་གཟུགས་ཙམ་གྱི་སྒྲུབ་བྱེད་ཡིན་གྱི། གཟུགས་ཀྱི་ཁྱད་པར་སྒྲུབ་ན་ནི་མ་ངེས་པ་ཡིན་ནོ་ཞེས་དགོངས་པའོ། །དུང་སེར་པོ་ནི་ཤེས་པའི་ཡུལ་གསེར་མདོག་དུང་གང་ཡིན་པ་དེ་ལ་འོང་བའི་ཕྱིར་རོ། །འདིས་ནི་རབ་ཏུ་གྲགས་པའི་དུང་དང་གསེར་
མདོག་གི་དུང་ལ་རེག་པའི་རྣམ་པར་ཤེས་པ་མཚུངས་པ་ཡིན་ཏེ། གཟུགས་ཁྱད་པར་དཀར་པོའམ་སེར་པོ་ནི་སྒྲུབ་པར་མི་ནུས་སོ་ཞེས་བསྟན་པ་ཡིན་ནོ། །གལ་ཏེ་རེག་པའི་རྣམ་པར་ཤེས་པ་འཁྲུལ་ན་འོ་ན་གཞན་གྱིས་མེ་འདེ་བའི་ཐ་སྙད་ལས་རྟོགས་སོ་སྙམ་ན། གང་དུ་ཞེས་གསུངས་སོ། །བློ་སྔོན་དུ་བཏང་
ནས་བྱས་པ་ཞེས་བྱ་བ་ནི་རྣམ་པ་གཞན་དུ་ཡང་ཡོད་པའོ། །དཔེར་འོལ་མ་སེའི་ཕུང་པོ་གྲང་བ་བཟློག་པའི་དོན་སྤྲེའུ་རྣམས་ཀྱིས་བསྟེན་པར་བྱ་བ་ཡིན་པ་དེ་ཅི་མེ་འདེ་བའི་ཐ་སྙད་མཐོང་བ་ལས་མེ་རྗེས་སུ་དཔག་པར་བྱ་བ་ཡིན་ནམ། ཅི་ཞེས་བྱ་བར་དགོངས་པའོ། །འདི་ལ་གྲུབ་པའི་མཐའ་སྨྲ་བས་གསུངས་པ་ནི། དེ་
ཡང་མི་བདེན་ཏེ་ཞེས་བྱ་བའོ། །དེ་ཡང་ཞེས་བྱ་བ་ནི་རྗེས་སུ་དཔག་པའོ། །རྣམ་པར་རྟོག་པའི་སྒྲུབ་བྱེད་ནི་དེ་ལྟར་དེ་དུ་བ་དང་འབྲེལ་པ་མ་ཡིན་ནོ། །དེ་ནི་ཞེས་བྱ་བ་ནི་ལྐོག་ཏུ་གྱུར་པའོ། །རྒྱང་རིང་བ་ལ་སོགས་པ་ཞེས་སོགས་པའི་སྒྲས་ནི་ལྐོག་ཏུ་གྱུར་པ་ཉིད་གཟུང་ངོ་། །དེས་ན་གཞན་རྣམ་པར་རྟོག་པའི་
Vol. 185 · folio 175b
དུས་ན་ནི་རྣམ་པར་རྟོག་པ་རང་རིག་པའི་མངོན་སུམ་གྱི་ཡུལ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མི་འཐད་དོ་ཞེས་དགོངས་པའོ། །གལ་ཏེ་ཞེས་པ་ལ་དབང་པོ་ལས་འདས་པ་ཡོད་པ་ཉིད་དེ། དེ་ལྟ་མ་ཡིན་ན་གཞན་གྱིས་ཅིའི་ཕྱིར་མ་དམིགས་དེས་ན་རྣམ་པར་རྟོག་པ་ཡོད་ཀྱང་རེས་འགའ་དམིགས་པར་མི་འགྱུར་ཞེ་ན།
ཁྲ་བོ་ཉིད་ཀྱང་ཞེས་སྨོས་ཏེ་དབང་པོ་ལས་འདས་པ་ཉིད་ཀྱང་ངོ་། །ཁྱི་མཐོང་བ་ནི་གཡུང་བའོ། །དེ་ལྟར་རྟོགས་པར་བྱ་བ་ནི་གྲང་བའི་རང་བཞིན་དུ་རྟོགས་པའོ། །གཞན་དུ་འགྱུར་བ་ཉིད་བརྗོད་པ་ནི་འདི་ལྟར་ཞེས་བྱ་བའོ། །སྐྱེས་བུ་གོམས་པ་མེད་པའི་ཐ་སྙད་ནི། དཔྱོད་སོགས་ཏེ་རྣམ་པར་རྟོག་པ་དང་། ཐེ་
ཚོམ་ལ་སོགས་པ་མེད་པའི་ཕྱིར་ཐ་སྙད་སྲིད་པ་མ་ཡིན་ནོ། །དེ་ཡོད་ན་ཞེས་བྱ་བ་ནི་གོམས་པ་དང་ལྡན་པ་ཉིད་ཡོད་ན་ནི་རྣམ་པར་དཔྱོད་པ་ལ་སོགས་པ་མེད་ཀྱང་ཐ་སྙད་དེ་འགྱུར་བ་ཡིན་ནོ། །རྣམ་པ་གཞན་དུ་ཡང་ཞེས་བྱ་བ་ནི་སྔ་མ་དང་ཕྱི་མ་དཔྱོད་པ་མེད་པར་ཡང་ངོ་། །གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཁོ་
བོ་ཅག་གི་བརྗོད་པ་གང་ཡིན་པ་དེ་ནི་གཞན་དུ་མ་ཡིན་ཏེ་མི་བརྫུན་ཏོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་རྣམ་པར་རྟོག་པ་མེད་ཀྱང་གོམས་པ་ལས་སྲོག་ཆགས་རྣམས་ཀྱི་ཐ་སྙད་འཇུག་པ་ཡིན་ནོ། །འོ་ན་མ་གོམས་པའི་གནས་སྐབས་ན་རྗེས་སུ་དཔག་པས་རང་གི་རྒྱུད་ཀྱི་ཐ་སྙད་རྟོགས་པར་འགྱུར་རོ་ཞེ་ན།
མཐོང་བ་དེ་ཉིད་ལ་བརྟེན་ཏེ་དམིགས་པ་ཁོ་ན་ཡིན་ནོ། །དེས་ན་མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ། །གོམས་པའི་གནས་སྐབས་སམ། མ་གོམས་པའི་གནས་སྐབས་སུ་ཐ་སྙད་ཀྱི་རྗེས་སུ་དཔག་པ་མ་ཡིན་ནོ། །དཔྱོད་སོགས་ཞེས་བྱ་བ་ནི། རྣམ་པར་རྟོག་པ་ལ་སོགས་པའོ། །རྣམ་པ་གཞན་དུའང་
ཞེས་བྱ་བ་ནི་དཔྱོད་པ་ལ་སོགས་པ་མེད་པར་ཡང་ངོ་། །དཔེ་དང་དོན་དག་མཚུངས་པ་ཉིད་སྟོན་པ་ནི་དེ་ལ་ཡང་ཞེས་བྱ་བའོ། །འབྲེལ་པ་མེད་པར་ནི་མི་སླུ་བ་ཉིད་མི་སྲིད་དོ་ཞེས་ཐ་སྙད་ཙམ་དུ་འབྲེལ་པ་ཉེ་བར་བསྟན་པའི་ཕྱིར་བརྗོད་པ་ནི་འདི་ལྟར་ཞེས་བྱ་བའོ། །གཞི་མཐུན་པ་སྟེ་ཡུལ་མཚུངས་པ་དག་ལ་ཡོད་
པ་དེ་ལ་དེ་སྐད་ཅེས་བརྗོད་དོ། །དེའི་ཞེས་བྱ་བ་ནི་བ་ལང་གི་མཚན་ཉིད་ཀྱིའོ། །རྟོགས་པ་འདི་ཉིད་ཀྱི་དོན་བརྗོད་པ་ནི་བ་ལང་གི་སྒྲ་ནི་ཞེས་བྱ་བའོ། །དེ་ལྟ་བུར་གྱུར་པའི་ཡུལ་ཞེས་བྱ་བ་ནི་མངོན་སུམ་གྱི་ཡུལ་ལའོ། །འདི་ཡང་ཐ་སྙད་ཀྱི་བརྗོད་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་བརྗོད་པར་འདོད་པ་ཙམ་ལས་བྱུང་
Vol. 185 · folio 176a
བའི་སྒྲ་རྣམས་གང་ལ་མི་སྲིད་པས་ཡིན། དེ་མཐོང་བ་ན་ཞེས་བྱ་བ་ནི་ཤིང་མཐོང་བ་ནའོ། །ཅི་དེ་ལྟར་རྟོགས་པ་མཐོང་ངམ་ཞེ་ན། བདག་གིས་ཞེས་བྱ་བའོ། །མཐོང་བ་ལ་ནི་མཐོང་བཞིན་པའོ། །དེ་ཉིད་བརྗོད་པ་ནི་དེ་ནི་འདི་ཞེས་བྱ་བའོ། །དེ་ཞེས་བྱ་བ་སྣང་བ་ཐ་དད་པ་ཐ་དད་པར་བྱེད་
པ་སྟེ། ཐ་དད་པའི་རང་བཞིན་མ་ཡིན་ནའོ། །དངོས་པོ་འགའ་ཡང་ཐ་དད་པར་མི་འགྱུར་རོ། །འོ་ན་འདིའོ་ཞེས་སྣང་བ་ནི་དོན་བྱ་བ་བྱེད་པའི་དངོས་པོའི་འཛིན་པ་ཡིན་ཏེ། དེས་ན་མངོན་སུམ་དུ་འགྱུར་རོ་ཞེ་ན་འདིའོ་ཞེས་བྱ་བར་སྣང་བ་ཡང་ཞེས་བྱ་བའོ། །འདི་ནི་དེའོ་ཞེས་བྱ་བ་ནི། ཤེས་པ་འདི་ལ་འདིའོ་
ཞེས་བྱ་བར་སྣང་བ་ཡང་མདུན་ན་གནས་པ་ཐམས་ཅད་ཀྱི་ཐུན་མོང་མ་ཡིན་པའི་རང་བཞིན་གང་ཡིན་པ་ལྷག་པར་ཞེན་པ་ཡིན་ཏེ། དེས་ན་མངོན་སུམ་དུ་ཇི་ལྟར་འགྱུར་ཏེ། ཐུན་མོང་བའི་དངོས་པོ་མེད་པས་ན་དངོས་པོ་ལ་རེག་པ་ཉིད་མེད་པའི་ཕྱིར་རོ། །འོན་ཏེ་གང་གི་ཚེ་མདུན་ན་གནས་པའི་དངོས་པོ་
གཅིག་ལ་ལྷག་པར་ཞེན་པར་བྱེད་པ་དེའི་ཚེ་ཇི་ལྟར་འགྱུར་ཞེ་ན། ཐུན་མོང་བ་ཉིད་དང་བྲལ་ན་ནི་ཞེས་གསུངས་སོ། །རྣམ་པ་གཞན་གྱི་སྒོ་ནས་རྣམ་པར་རྟོག་པ་མེད་པ་ཉིད་དུ་སྒྲུབ་པས་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །ལྐོག་ཏུ་གྱུར་པའི་དོན་ལ་འཇུག་ཅིང་ཞེས་བྱ་བ་ནི། མངོན་སུམ་དུ་གྱུར་པ་ལ་སྒྲ་མཁོ་
བ་མེད་པའི་ཕྱིར་རོ། །དེ་ལ་ཞེས་བྱ་བ་ནི་སྒྲའི་ཡུལ་ལའོ། །སྒྲ་དང་རྟགས་དང་རྣམ་པར་རྟོག་པ་རྣམས་ནི་ཡུལ་གཅིག་པའི་ཕྱིར་རོ། །འོན་ཏེ་ལྐོག་ཏུ་གྱུར་པའི་ཡུལ་ཅན་ཡིན་པའི་ཕྱིར་དམིགས་པ་མེད་པ་ཇི་ལྟར་འགྱུར་ཞེ་ན། ལྐོག་ཏུ་གྱུར་པ་ལ་འཇུག་ཀྱང་རང་བཞིན་དངོས་སུ་མེད་པ་ཁོ་ནའོ་སྙམ་ན།
རང་གི་ངོ་བོ་ལ་རེག་ན་ནི་ཞེས་གསུངས་སོ། །ཁྱད་པར་མེད་པའི་ཕྱིར་ཞེས་བྱ་བ་ནི་དྲན་པ་དང་མངོན་སུམ་གཉི་ག་ལ་ལྐོག་ཏུ་གྱུར་པ་ལ་འཇུག་པའི་ཕྱིར་རོ། །འོན་ཏེ་སྒྲ་ཡང་རང་གི་མཚན་ཉིད་ཁོ་ན་ལ་འཇུག་པ་ཡིན་ལ། དེ་དང་ཡུལ་མཚུངས་པ་དབང་པོའི་རྣམ་པར་ཤེས་པ་ཡང་དེ་ཉིད་ལ་འཇུག་
པར་འགྱུར་བ་ཡིན་པ་དེས་ན་ཐལ་བ་འདིར་ཇི་ལྟར་འགྱུར་སྙམ་ན། སྒྲའི་ཤེས་པ་ནི་ཞེས་བྱ་བའོ། །རྣམ་འགྲེལ་འདི་ཉིད་ཀྱིས་བཤད་པ་གཉིས་གསུངས་པ་ནི་ཅི་སྟེ་ཞེས་བྱ་བ་ནི་ཅི་སྟེ་ཐུན་མོང་ཡིན་ཡང་། རྣམ་པར་རྟོག་པ་དང་བཅས་པ་ཡིན་ན་ནི། གང་དུ་མངོན་སུམ་ལ་འདོད་པའི་རྗེས་སུ་བྱེད་པ་
Vol. 185 · folio 176b
མེད་པ་དེ་དམིགས་པ་དང་བཅས་པ་ཡིན་ནོ་ཞེས་དོགས་པ་ནི་འོན་ཏེ་ཞེས་བྱ་བའོ། །ལན་ནི་གལ་ཏེ་ཞེས་བྱ་བའོ། །དེའི་ཚེ་ཞེས་བྱ་བ་ནི་དོན་གྱི་རྗེས་སུ་བྱེད་པ་མངོན་སུམ་གྱི་མཚན་ཉིད་ཡིན་ནའོ། །དེ་ལྟ་ན་ཡང་ཇི་ལྟར་རྣམ་པར་རྟོག་པ་མེད་པ་ཡིན་ཞེ་ན། སྒྲའི་རྣམ་པ་ཉིད་ནི་ཞེས་བྱ་བའོ། །དེ་ལྟ་
ཡིན་ན་ཞེས་བྱ་བ་ནི། མངོན་སུམ་རྟོག་པ་དང་བཅས་པ་ཡིན་པར་གྱུར་ནའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི། གལ་ཏེ་རྣམ་པར་རྟོག་པ་དང་བཅས་པར་མ་གྱུར་ནའོ། །ངེས་སོ་ཞེས་ནས་འཇིག་རྟེན་ཞེས་འབྲེལ་ཏོ། །ངེས་པའི་རྣམ་པར་བརྗོད་པ་ནི་འདི་ནི་ཞེས་བྱ་བའོ། །ཚོགས་པས་ཞེས་བྱ་བ་ནི་བག་
ཆགས་དང་དབང་པོ་ཚོགས་པ་ལས་སོ། །ཤེས་པ་ནི་སྐྱེ་བར་འགྱུར་བ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་བཅས་པའི་མངོན་སུམ་སྐྱེ་བར་འགྱུར་བའོ། །ཚད་མ་ཉིད་སྟོན་པ་འདི་ལྟར་ཞེས་བྱ་བའོ། །ཐ་དད་པ་ནི་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་དོན་གྱི་རྗེས་སུ་བྱེད་པའི་ཤེས་པའོ། །རྒྱུ་ཐ་དད་པ་
ཉིད་སྟོན་པ་ནི་སྒྲ་དང་ཞེས་བྱ་བའོ། །ཅི་སྟེ་ཤེས་པ་གཉིས་གལ་ཏེ་གཅིག་ཏུ་མ་གྱུར་ན་ཐ་སྙད་ཉིད་མེད་པར་ནི་འགྱུར་རོ་ཞེ་ན་ཐ་སྙད་ནི་ཞེས་གསུངས་སོ། །འོ་ན་ཇི་ལྟར་ཐ་སྙད་བྱེད་སྙམ་ན། ཚོགས་པ་ཙམ་གྱིས་ཞེས་གསུངས་སོ། །རྣམ་པར་རྟོག་པ་མེད་པར་ཡང་ཐ་སྙད་སྟོན་པ་ནི་གཞན་ཞེས་བྱ་བའོ། །དེའི་
ཚེ་ཡང་མཐོང་བཞིན་པ་ལ་ཞེན་པ་ཡོད་པ་ཡིན་ནོ་ཞེས་རྣམ་པར་རྟོག་པ་གཞན་ཞེས་བྱ་བའོ། །དེ་ལྟར་ན་རེ་ཞིག་འཇུག་པའི་ཡུལ་དེ་ལ་རྣམ་པར་རྟོག་པ་མེད་ཀྱང་ཐ་སྙད་ཡོད་པར་བསྟན་ནས། ད་ནི་རྣམ་པར་རྟོག་པ་ཡོད་ཀྱང་ཐ་སྙད་མེད་དོ་ཞེས་གསུངས་པ་ནི་སྒྲ་སྦྱོར་བར་བྱ་བའོ། །དོན་བྱ་བ་སྦྱོར་བའི་རང་བཞིན་
ཉིད་དབང་པོའི་རྣམ་པར་ཤེས་པ་འགྱུར་རོ་སྙམ་ན། དོན་བྱ་བ་ཡང་ཞེས་བྱ་བའོ། །རྗེས་སུ་དཔག་པ་མེད་པར་ཐལ་བ་ཞེས་བྱ་བས་ནི། འདས་པ་དང་མ་འོངས་པ་དག་ལ་ཡང་མངོན་སུམ་འཇུག་པས་ན་དེ་ཉིད་ཀྱིས་གྲུབ་པའི་ཕྱིར་རོ། །བཤད་པ་ནི་གཞན་དུ་ཡང་བལྟ་བར་བྱའོ་ཞེས་བྱ་བ་ནི། དེ་བཞིན་དུ་ཞེས་བྱ་
བའོ། །དཔེར་ན་དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི་དེས་དེ་ཞེས་བྱ་བའི་ཆ་མེད་པ་ཡོད་ཀྱང་འབྱུང་བ་དབང་པོ་ལས་སྐྱེས་པ་ཡིན་པ་དེ་བཞིན་དུ་བློ་གཞན་ཡང་དབང་པོ་ལས་སྐྱེས་པར་འགྱུར་རོ་ཞེས་བྱ་བའི་དཔེའི་དོན་ཏོ། །ཡང་ཇི་ལྟར་ན་འདིའོ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་འཇུག་པ་མདུན་ན་གནས་པའི་དངོས་པོ་ངེས་པ་ཉིད་
Vol. 185 · folio 177a
མི་འཐད་སྙམ་ན་འདི་ལ་ཞེས་སྨོས་སོ། །ངེས་པར་མ་བྱས་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པས་མ་བཟུང་བའོ། །གཟུགས་ཞེས་བྱ་བ་ནི་གཟུགས་སོ་ཞེས་བྱ་བའི་རྣམ་པ་ཅན་གྱི་རྣམ་པར་རྟོག་པས་སོ། །དེ་ལ་ཞེས་བྱ་བ་ནི་གཟུགས་ཀྱི་བློ་ལའོ། །ཅི་སྟེ་ཉམས་སུ་མྱོང་བ་ཉིད་མེད་ཅེས་བྱ་བ་ནི་
གཟུགས་ཀྱི་བློ་ལའོ། །རིག་པ་ཉམས་སུ་མྱོང་བ་མེད་ཀྱང་ཁྱེད་ཀྱི་འདོད་པ་དོན་གྱིས་གོ་བ་ལ་སོགས་པས་ངོ་བོའི་ཐ་སྙད་སྲིད་པ་ཡིན་ན། རྣམ་པར་རྟོག་པ་མེད་པར་གྱུར་པས་གསལ་བའི་རྣམ་པར་ཉམས་སུ་མྱོང་བའི་རང་བཞིན་ལ་ཐ་སྙད་མི་སྲིད་པར་ཇི་ལྟར་འགྱུར་ཞེས་འབྲེལ་ཏོ། །དེ་ལྟར་བློ་ཉམས་སུ་མྱོང་
བ་མེད་པར་ཁས་བླངས་ནས་བརྗོད་པ་ཡིན་ནོ། །དེ་ནི་གཟུགས་ཀྱི་བློ་ལ་ཡང་ཉམས་སུ་མྱོང་བ་ཡོད་པ་ཉིད་དོ་ཞེས་བསྒྲུབ་པ་བརྗོད་པ་ནི་དེ་ཞེས་བྱ་བའོ། །དེའི་ཚེ་ཞེས་བྱ་བ་ནི་གཟུགས་མཐོང་དུས་ནའོ། །བདག་གི་གཟུགས་མཐོང་བའི་ཞེས་བྱ་བའི་རྣམ་པ་ཅན་རྣམ་པར་རྟོག་པ་དང་བཅས་པའི་མངོན་སུམ་དེའོ། །
གཟུགས་མཐོང་བ་ཉིད་ཡིན་ནམ་ཞེས་བྱ་བ་ནི་གཟུགས་མཐོང་བའི་རང་བཞིན་ནོ། །བརྟག་པར་བྱ་བ་བདག་ཉིད་ཅེས་བྱ་བ་ནི་བདག་གིས་གཟུགས་མཐོང་བ་ཞེས་བྱ་བའི་རྣམ་པར་བརྟག་པར་བྱ་བ་བདག་ཉིད་རྟོག་པ་ནི། དེའི་ཚེ་རྣམ་པར་རྟོག་པ་གཉིས་ཞེས་བྱ་བ་གཟུགས་ཀྱི་རྣམ་པར་རྟོག་པ་དང་། རང་གི་ངོ་བོའི་
རྣམ་པར་རྟོག་པའོ། །ཅི་སྟེ་དང་པོ་གཟུགས་རྣམ་པར་རྟོག་པ་ཡིན་ལ། ཕྱིས་ནི་བདག་ཉིད་རྣམ་པར་རྟོག་པ་ཡིན། གཅིག་ལ་ཞེས་གསུངས་སོ། །དུས་གཅིག་ཏུ་རྣམ་པར་རྟོག་པ་འབྱུང་བ་ཁོ་ནའོ་ཞེ་ན། མཐོང་བ་ཡང་ཞེས་སྨོས་སོ། །དེ་ཉིད་ཅེས་བྱ་བ་ནི་གཟུགས་ཀྱི་བློའོ། །གཟུགས་ལ་སོགས་པ་ཉམས་སུ་མྱོང་བའི་
བདག་ཉིད་ཅན་དང་རང་གི་ངོ་བོ་མྱོང་བའི་བདག་ཉིད་ཅན་ནོ། །དེའི་ཚེ་རིམ་པ་ཡང་རིམ་པ་མ་ཡིན་པ་ཞེས་བྱ་བ་ནི་བློ་ལྟ་ཡིན་པའི་ཕྱིར། དུས་གཅིག་ཏུ་གཉི་ག་ཡང་འགྱུར། །དོགས་པ་ན་རིམ་པ་མ་ཡིན་པ་ཉིད་ཡིན་པར་འགྱུར་རོ། །གཞན་དག་བསམ་པ་མི་རྟོགས་པས་སྨྲ་བ་ནི། དེ་ཡང་ཞེས་བྱ་བ་སྟེ་རིམ་པ་མེད་པའོ། །
འདི་ལ་བརྗོད་པ་ནི་ཐུག་པ་མེད་པར་ཞེས་བྱ་བའོ། །གལ་ཏེ་བློ་གཅིག་ཅེས་བྱ་བ་ལ་སོགས་པ་ཡང་བཟླས་པར་བྱ་བ་ཡིན་པའི་ཕྱིར་རོ། །གང་གིས་རིམ་མ་ཡིན་པར་འགྱུར་རོ་ཞེས་བརྗོད་པ་ནི། གཅིག་ལ་རིམ་པ་ཇི་ལྟར་མི་རིང་ཞེ་ན། གཟུགས་ལ་ཞེས་བྱ་བའོ། །འོན་ཏེ་གཅིག་ལ་མངོན་པར་ཞེན་པ་ན་གཞན་ལ་
Vol. 185 · folio 177b
མངོན་པར་ཞེན་པར་མི་འགྱུར་མོད་དེ་ལྟ་བས་ན་ཡང་བློ་གཅིག་ཉིད་ཁོ་ན་རེས་འགའ་ནི་དེ་ལ་མངོན་པར་ཞེན་པར་བྱེད་ལ། རེས་འགའ་གཞན་ཡིན་ནོ་ཞེ་ན་མངོན་པར་ཞེན་པ་མ་ཡིན་པའི་ཞེས་བྱ་བའོ། །དེ་ལ་ཡང་ཞེས་བྱ་བ་ནི་མངོན་པར་ཞེན་པར་བྱེད་པ་ལའོ། །རྣམ་པར་རྟོག་པ་གཉིས་པ་ལ་རྣམ་འགྲེལ་ཉིད་
འགོད་པ་ནི་དེས་ནི་ཞེས་བྱ་བའོ། །དུས་མཚུངས་པའི་རྣམ་པར་ཤེས་པ་ཉམས་སུ་མྱོང་བ། གཟུགས་ཀྱི་རྣམ་ཤེས་ཉམས་སུ་མྱོང་བ་དང་། འདི་ནི་གཟུགས་ཀྱི་རྣམ་ཤེས་མྱོང་བའོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པ་ཅན་ཡོད་པ་ན་གཅིག་པར་རྣམ་པར་རྟོག་པ་གཉིས་སུ་ཐལ་ལོ། །རྣམ་པར་རྟོག་པ་གཉིས་སུ་འགྱུར་མོད་
སྙམ་ན་ཉམས་སུ་མྱོང་བའི་གནོད་པ་བཞག་ནས་སུན་འབྱིན་པ་གཞན་ཉིད་བརྗོད་པ་ནི་དེས་ན་དེ་ལ་ཡང་ཞེས་བྱ་བ་ནི་འདི་ནི་གཟུགས་ཀྱི་རྣམ་པར་ཤེས་པའོ་ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུའི་རྣམ་པ་ཅན་ལའོ། །གཞན་ལ་དུ་ཞེས་བྱ་བ་ནི་འདི་ནི་གཟུགས་ཀྱི་རྣམ་པར་ཤེས་པའོ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་
རྟོག་པ་ཅན་དུའོ། །གཞན་ཕྱིས་འབྱུང་བ་ཉིད་བརྗོད་པ་ནི། མངོན་སུམ་མམ་ཞེས་བྱ་བའོ། །དེའི་ཚེ་ཡང་ཞེས་བྱ་བ་ནི་བློ་ཕྱིས་མ་སྐྱེས་པའི་ཚེ་ཡང་ངོ་། །རིག་པ་ནི་ཞེས་བྱ་བ་ནི་གཟུགས་རིག་པའོ། །འདི་ནི་གྲངས་ཅན་གྱི་ལུགས་ཡིན་ཏེ་དེ་དག་གི་ནི་རིག་པ་རྟག་པ་ཉིད་དུ་ཁས་བླང་བའི་ཕྱིར་རོ། །འདི་ལ་
བརྗོད་པ་ནི་འོ་ན་ཞེས་བྱ་བའོ། །གཟུགས་འཛིན་པའི་རང་བཞིན་གྱི་རིག་པ་བློ་ཕྱི་མས་མི་གཟུང་བའི་འོན་ཀྱང་རིག་པ་ཙམ་ཞིག་མཐུན་པར་འགྱུར་རོ་ཞེས་དགོངས་པའོ། །གལ་ཏེ་གཟུགས་ཉམས་སུ་མྱོང་བར་བགྱི་བས་མ་བཟུང་མོད། དེ་ལྟ་ན་ཡང་གཟུགས་ཀྱི་བློ་ནི་གཟུང་བར་འགྱུར་རོ་ཞེ་ན་བློ་གཞན་ཡང་
ཞེས་གསུངས་ཏེ། གང་གིས་གཟུགས་འཛིན་པའི་རང་བཞིན་མ་བཟུང་བར་བློ་གཟུང་བར་འགྱུར་བ་གཟུགས་འཛིན་པ་ལས་གཟུགས་ཀྱི་བློ་གཞན་ཡང་ཡོད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་བློའི་རང་བཞིན་རྟོགས་པ་སེམས་པ་ཡོད་པའི་མཚན་ཉིད་ཅན་ཡིན་པས་ཕྱི་མ་འཛིན་པའི་དུས་ན་
ཡང་ཡོད་པ་ཡིན་ནོ་ཞེས་བལྟ་བར་བྱའོ། །ལན་བརྗོད་པ་ནི་འོ་ན་ནི་ཞེས་བྱ་བའོ། །དེའི་ཚེ་ནི་ཕྱི་མ་འཛིན་པའི་དུས་ནའོ། །གང་དུ་ཉེ་བར་མཁོ་བ་ཡིན་ཞེས་བྱ་བ་ནི་རྟོག་པའི་རང་བཞིན་གཟུང་ཡང་གཟུགས་འཛིན་པ་མ་བཟུང་བའི་ཕྱིར་རོ། །གང་ཡང་ཉེ་བར་མཁོ་བ་མེད་དོ། །གཟུགས་འཛིན་པའི་རང་
Vol. 185 · folio 178a
བཞིན་མ་བཟུང་མོད། ཅི་སྐྱོན་སྙམ་ན་དེས་ན་ཞེས་སྨོས་སོ། །འདི་ཡིན་ནོ་ཞེས་ད་ལྟར་བར་བསྟན་པ་མི་འཐད་དེ་གཟུང་བཞིན་པ་ཉིད་ལ་དེ་ལྟར་བསྙད་པའི་ཕྱིར་རོ། །གཟུགས་འཛིན་པ་དེ་ནི་འདས་པའི་རང་བཞིན་ཁོ་ནར་མངོན་སུམ་གྱིས་འཛིན་པ་དེས་ན་བྱུང་བར་གྱུར་ཏོ་ཞེས་བྱ་བར་འགྱུར་
རོ་ཞེ་ན་དེ་ལྟར་ནི་ཞེས་གསུངས་སོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །དེ་ལྟ་ན་ཡང་འདས་པ་ཉིད་ཀྱིས་ནི་བྱུང་བར་གྱུར་ཏོ་ཞེས་བྱ་བར་འགྱུར་ལ། ད་ལྟར་བ་ཉིད་ཀྱིས་ནི་མངོན་སུམ་གྱིས་གཟུང་བ་ཉིད་དུ་འགྱུར་བ་ཡིན་ནོ་ཞེས་བྱ་བ་ནི་གཞན་གྱིས་བསམས་པའོ། །ལན་ནི་དེ་ལྟར་ཡིན་ན་ཞེས་བྱ་བའོ། །བློ་
ཕྱི་མའི་དུས་ན་ཅི་ལྟར་གཟུགས་འཛིན་པ་གཉི་གའི་རང་བཞིན་ཡིན་པ་དེ་བཞིན་དུ་སྔར་ཡང་ཡིན་ཏེ་དེས་ན་འདས་པ་ཉིད་ཀྱང་སྔར་ཡོད་དོ་ཞེས་བྱ་བ་འདི་ལྟར་ཞེས་བྱ་བའོ། །ཀུན་གྱི་ཚེ་འདས་པ་ཡིན་གྱི་རྒྱུས་གཟུགས་འཛིན་པ་དེ་ནི་ཀུན་ཚེ་སྟེ། དུས་ཐ་དད་དུ་ད་ལྟར་བ་མ་ཡིན་ནོ། །དེ་ལྟར་ཡིན་དང་
གཟུགས་འཛིན་པ་ཡོད་དོ་ཞེས་བྱ་བ་མི་འཐད་པར་འགྱུར་ཏེ། འདས་པ་ནི་ད་ལྟར་བ་ཉིད་དུ་བསྟན་པ་མི་འཐད་པའི་ཕྱིར་རོ། །འོན་ཏེ་སྔར་གཟུགས་འཛིན་པ་ད་ལྟར་བྱུང་བ་ཡིན་ལ་ཞེས་རིག་པར་བྱའོ། །གཅིག་ཅེས་བྱ་བར་མི་འགྱུར་རོ་ཞེས་བྱ་བ་ནི་ད་ལྟར་དང་འདས་པ་དག་ཕན་ཚུན་སྤངས་ཏེ་འགལ་
བའི་ཕྱིར་རོ། །འོན་ཏེ་འདས་པ་དང་ད་ལྟར་གཅིག་ཡིན་ན་གཉི་ག་ཡང་ད་ལྟར་བ་དང་འདས་པ་ཉིད་དུ་འཛིན་པར་འགྱུར་རོ། །རིམ་གྱིས་གཉི་ག་ཡང་ཡིན་ནོ་ཞེ་ན་རིམ་གྱིས་འཛིན་ན་ཞེས་སྨོས་སོ། །ཇི་ལྟར་མངོན་སུམ་གྱིས་གཟུང་བའི་དངོས་པོ་དེ་ཁོ་ན་ལྟར་རྣམ་པར་འཇོག་པ་ཡིན་ཏེ། དེ་ལྟ་མ་ཡིན་ནམ་
འདྲེས་པ་ཉིད་དུ་མི་འགྱུར་རོ། །མངོན་སུམ་གྱིས་སྔོན་པོའི་རང་བཞིན་དུ་གཟུང་བ་ཡང་སྔོན་པོ་མ་ཡིན་པར་ཐལ་བའི་ཕྱིར་རོ། །དེ་བཞིན་དུ་གལ་ཏེ་མངོན་སུམ་ལ་རིམ་པར་སྣང་ན་འདི་རིམ་པ་ཅན་ཁོ་ནར་འགྱུར་ཏེ། རིམ་གྱིས་གཟུང་བ་ནི་རིམ་པ་མེད་པར་མི་འཐད་དོ། །རིམ་པ་ཅན་ཡང་ཇི་ལྟར་གཅིག་ཏུ་འགྱུར།
གཅིག་ལ་རིམ་པ་ཅི་ལྟར་མི་འཐད་སྙམ་ན་གཅིག་སྤངས་ནས་ཞེས་བྱ་བའོ། །གལ་ཏེ་ངེས་པ་ལ་རིམ་གྱིས་འཛིན་པ་མི་སྲིད་ན་འོ་ན་དྲན་པར་འགྱུར་རོ་ཞེ་ན་དྲན་པ་ཡང་ཞེས་བྱ་བའོ། །གཟུགས་འཛིན་པའི་རྟོག་པ་གང་ཡིན་པ་སྟེ། མངོན་སུམ་གྱི་རང་བཞིན་ནམ་དྲན་པའི་རང་བཞིན་ནམ། རྗེས་སུ་དཔག་པའི་རང་
Vol. 185 · folio 178b
བཞིན་ཡིན་ཡང་རུང་སྟེ་མེད་པ་ཁོ་ནར་ཐལ་ལོ། །རྣམ་འགྲེལ་གྱི་ཕྱེད་དང་པོ་བཤད་ནས་ཕྱེད་ཕྱི་མ་འཆད་པ་ནི་གལ་ཏེ་ཞེས་བྱ་བའོ། །མྱོང་བ་འདིའི་རང་གི་ངོ་བོས་རྟོགས་པ་མེད་མོད། ཆད་པ་ཅི་ཡོད་སྙམ་ན་དེ་ལྟ་ན་འདི་སུའི་ཞེས་བྱ་བའོ། །གཞན་གྱི་རྟོག་པ་རྗེས་སུ་དཔག་པའི་རང་བཞིན་གང་ཡིན་པ་དེ་དང་རང་གི་
རང་བཞིན་འཛིན་པ་འདྲ་བ་ཉིད་དུ་འགྱུར་ཏེ། འདི་ནི་རང་གི་བློ་ཡིན་ནོ་ཞེས་རྟོག་པར་མི་འགྱུར་རོ། །གཞན་གྱི་རྟོག་པ་གང་ཡིན་པ་དང་བདག་གི་བློ་གང་ཡིན་པ་ཉིད་གང་ཡང་འདས་པ་དྲན་པ་རང་བཞིན་དུ་ཁྱད་པར་མེད་པའི་ཕྱིར་རོ། །འདི་ཇི་ལྟར་ཤེས་པར་བྱ་བ་ཡིན་ཞེས་བྱ་བ་ནི། འདིའི་དོན་ཅི་ཡིན་ཞེས་བྱ་བའི་
དོན་ཏོ། །འདོད་པ་ཉིད་དོ་ཞེས་བྱ་བ་ནི་རང་རིག་པ་མེད་པར་སྨྲ་བར་རིག་པ་ཅན་ལ་སོགས་པ་ནི་ཇི་ལྟར་གཞན་གྱི་བློ་བློ་གཞན་གྱིས་ཡོངས་སུ་གཅོད་པ་དེ་བཞིན་དུ། རང་གི་བློ་ཡང་ཡོངས་སུ་གཅོད་པར་འདོད་པ་ཉིད་དོ། །དེས་ན་ཇི་ལྟར་དེ་ལ་འདི་ཧ་ཅང་ཐལ་བར་འགྱུར། རྣམ་པར་རྟོག་པ་གཉིས་པ་གསལ་བའི་
དོན་དུ་སྨྲས་པ་ནི་འོན་ཏེ་ཞེས་བྱ་བའོ། །གཞན་གྱི་བློ་གང་ཡིན་པ་དེ་ཡོངས་སུ་གཅོད་པ་དང་། རང་གི་བློ་ཡོངས་སུ་མཚུངས་པ་ཉིད་ཡིན་ན། དེ་ལ་གཞན་གྱིས་སྨྲས་པ་ནི་དེ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །གཞན་གྱི་བློ་ཡོངས་སུ་གཅོད་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་གཞན་གྱི་བློ་ཡོངས་སུ་གཅོད་པ་དང་། རང་གི་བློ་
ཡོངས་སུ་གཅོད་པ་ནི་མཚུངས་པ་ཉིད་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་གསལ་བར་བྱེད་པ་ནི་གཞན་གྱི་བློ་ནི་ཞེས་བྱ་བའོ། །ཇི་ལྟར་ཡོངས་སུ་གཅོད་ཅེས་པ་ནི་རང་གི་བློའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི། གལ་ཏེ་མངོན་སུམ་དུ་བྱས་པ་ཡང་འདས་པ་ཉིད་དུ་འགྱུར་བའིའོ། །དེ་ཡང་ནི་རྗེས་སུ་དཔག་
པའོ། །མཚུངས་པ་ཉིད་དུ་ཞེས་བྱ་བ་ནི་གཞན་གྱི་བློ་ཡོངས་སུ་གཅོད་པ་དང་། རང་གི་བློ་ཡོངས་སུ་གཅོད་པའོ། །གཞལ་བའི་ཚད་མས་ཞེས་བྱ་བ་ནི། དོན་གྱིས་གོ་བ་ལ་སོགས་པའོ། །ཡང་ཇི་ལྟར་ན་རྗེས་སུ་དཔག་པ་ཉིད་དུ་ཁྱད་པར་མེད་ན་གཞན་གྱི་བློ་བཞིན་དུ་རང་གི་བློ་ཡང་གཞན་འབྲེལ་པ་ཉིད་མི་རྟོག་
སྙམ་པ་གཞན་དུ་ཞེས་བྱ་བའོ། །གཞན་ནི་ཞེས་བྱ་བ་ནི་རང་གི་བློའི་རང་བཞིན་ནོ། །རྣམ་པ་གཞན་དུ་ཞེས་བྱ་བས་ནི་གཞན་གྱི་བློའི་རང་བཞིན་ཉིད་དུའོ། །མངོན་དུ་བྱེད་པའི་རང་བཞིན་དུ་འཛིན་པ་ཡིན་ན་ནི་རྗེས་སུ་དཔག་པའི་དྲན་པ་ལ། རང་གི་བློའི་རང་བཞིན་དུ་ངེས་པ་འདི་སྲིད་པར་འགྱུར་རོ། །ཇི་ལྟར་
Vol. 185 · folio 179a
སྲིད་སྙམ་ན་འཛིན་པ་སྔ་མའི་རྗེས་འཇུག་ཕྱིར་ཏེ་རྗེས་སུ་འཇུག་པའི་ཕྱིར་རོ། །གལ་ཏེ་མངོན་སུམ་གྱིས་དེའི་རང་བཞིན་ནམ་ཡང་མ་རྟོགས་ན་དེའི་ཚེ་ཇི་ལྟར་རྗེས་སུ་དཔག་པས་ཀྱང་རྟོགས་པར་འགྱུར་ཞེས་བསམས་པའོ། །དེ་བཞིན་དུ་ཞེས་བྱ་བ་ནི་གཞན་དང་འབྲེལ་པ་ཉིད་དུ་མངོན་
སུམ་མེད་པའི་ཕྱིར་རོ། །རང་གི་ཕྱོགས་ལ་སྐྱོན་སྤོངས་པ་ནི་རང་རིག་པ་ཉིད་ཡིན་ན་ཞེས་བྱ་བའོ། །དེ་དང་གཞན་གྱིས་བྱས་པ་ཞེས་བྱ་བ་ནི་རང་རིག་པ་དང་རིག་པ་མ་ཡིན་པས་བྱས་པའོ། །དེ་ལྟ་མ་ཡིན་ན་ནི་ཞེས་པ་རང་གི་ལུས་དང་འབྲེལ་པ་ཉིད་དུ་རྗེས་སུ་དཔག་ན་ནི་གཞན་ཡིན་ནོ་ཞེས་བྱ་བ་རང་གི་བློའོ། །འདི་
ལ་ལན་ནི་བདག་གི་ཞེས་བྱ་བ་ལ་སོགས་པའོ། །འབྱུང་བར་གྱུར་པའི་རྣམ་འགྲེལ་གྱི་དོན་བརྗོད་པ་ནི། འོན་ཏེ་ཞེས་བྱ་བའོ། །རྩོད་པ་འདི་ལ་རེ་ཞིག་རང་ཉིད་ཀྱི་སྐྱོན་བརྗོད་པ་ནི། གཟུགས་ལ་སོགས་པ་ཞེས་བྱ་བའོ། །དེའི་རང་བཞིན་གྱི་བློ་ཞེས་བྱ་བ་ནི་གཟུགས་ཀྱི་རྣམ་པ་ཅན་གྱི་བློ་འཛིན་པ་ཉིད་གཟུགས་
འཛིན་པ་ཡིན་གྱི། གཟུགས་འཛིན་པ་གཞན་ནི་ཡོད་པ་མ་ཡིན་ནོ། །གཟུགས་ཀྱི་བློ་ལ་ཡང་དེ་ལྟར་འཛིན་པ་ཡིན་ནོ་ཞེ་ན། བློ་ནི་དེ་ལྟར་འཛིན་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་བློའི་བློ་དུས་ཕྱི་མ་འབྱུང་བ་དག་ཡིན་པ་དེ་འཛིན་པ་མེད་པའི་ཕྱིར་ཏེ། བློ་གཞན་ཁས་མ་བླངས་པའི་ཕྱིར་རོ། །
དཔེར་ན་གཟུགས་ཀྱི་རྣམ་པ་ཅན་གྱི་ཤེས་པ་རིག་པ་ཉིད་གཟུགས་རིག་པ་ཡིན་པ་དེ་བཞིན་དུ་གལ་ཏེ་གཟུགས་ཀྱི་བློའི་རྣམ་པ་ཅན་རིག་པ་སྲིད་ན་ནི། དེའི་ཚེ་རིག་པ་ཞིག་ན་འོན་ཀྱང་བློའི་རྣམ་པ་ཅན་གྱི་ཤེས་པ་རིག་པ་ནི་སྲིད་པ་མ་ཡིན་ཏེ་ཐ་དད་པ་མི་སྲིད་པའི་ཕྱིར་དང་། རང་རིག་པ་ནི་ཁས་མ་བླངས་པའི་ཕྱིར་རོ། །
བློའི་བློ་ཡང་ཞེས་བྱ་བ་ནི། གཟུགས་ཀྱི་བློའི་བློ་གང་ཡིན་པ་དེ་ཡང་འཛིན་པ་དེ་དེའི་འཛིན་པར་བྱེད་པ་ཡང་གཞན་ཡིན་ན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་འགྱུར་ན་ནི་ཞེས་བྱ་བ་ནི་ཐུག་པ་མེད་པར་འགྱུར་བའོ། །ཐམས་ཅད་མ་བཟུང་བ་ཉིད་དུ་བ་ནི་གཅིག་མ་གྲུབ་ན་ཐམས་ཅད་མི་འགྲུབ་པོ་ཞེས་དགོངས་
པའོ། །གཟུགས་ཀྱི་བློའི་བློ་གང་ཡིན་པ་དེ་མ་བཟུང་བ་ཉིད་པ་ཡིན་ན་སྟེ། འཛིན་བྱེད་ཀྱི་བློ་ཕྱི་མ་མེད་ནའོ། །དེ་ཞུགས་པ་ཞེས་བྱ་བ་ནི་གཟུགས་ཀྱི་བློའི་བློ་ལ་ཞུགས་པའི་གཟུང་བ་གཟུགས་ཀྱི་བློའི་མཚན་ཉིད་དོ། །དེ་ལྟ་མིན་ན་གཟུགས་ཀྱི་བློ་མ་རྟོགས་ན་གཟུགས་ཀྱི་བློའི་བློ་གང་ཡིན་པ་དེ་མ་
Vol. 185 · folio 179b
བཟུང་བ་ཉིད་ཡིན་ན་སྟེ། འཛིན་བྱེད་ཀྱི་བློ་ཕྱི་མ་མེད་ནའོ། །དེ་ཞུགས་པ་ཞེས་བྱ་བ་ནི་གཟུགས་ཀྱི་བློའི་མཚན་ཉིད་དོ། །དེ་ལྟ་མིན་ན་གཟུགས་ཀྱི་བློ་མ་རྟོགས་ན། གཟུགས་ཀྱི་བློ་མ་ཞུགས་པའི་གཟུགས་ཀྱང་མི་རྟོགས་སོ་ཞེས་བྱ་བའི་དོན་ཏོ། །ད་ནི་རྣམ་འགྲེལ་ལ་བརྗོད་པའི་གནོད་བྱེད་བརྗོད་པ་ནི་བློའི་
བློས་ཞེས་བྱ་བའོ། །ཅི་སྟེ་བློ་དང་པོའི་ཞེས་བྱ་བ་ནི་གཟུགས་ཀྱི་བློ་གཅིག་ཏུ་དེའི་དེ་མ་ཐག་ཏུ་ནི་བློའི་བློའོ། །དེ་བཞིན་དུ་ཡང་གཟུགས་ཀྱི་བློ་དེ་ནས་ཡང་དེའི་བློའི་བློ་ཡིན་ན་ཞེས་བྱ་བའི་དོན་ཏོ། །འཆད་པར་འགྱུར་རོ་ཞེས་བྱ་བ་ནི། རྒྱུན་མི་འཆད་པར་སྣང་མི་འགྱུར། །ཞེས་བྱ་བ་དེར་རོ། །གཅིག་ཏུ་ནི་
རིགས་གཅིག་པར་རོ། །མངོན་སུམ་དུ་གཅིག་ཉིད་ཅེས་བྱ་བ་ནི་མངོན་སུམ་གྱི་ངོ་བོར་གཅིག་པ་ཉིད་གང་ཡིན་པ་དེ་དང་ལྡན་པར་རྟོགས་པར་མི་འགྱུར་རོ། །རིགས་གཅིག་པའི་བློ་མངོན་སུམ་གྱི་རང་བཞིན་གཅིག་ཏུ་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེས་རྣམ་པར་ཆད་པར་ཞེས་བྱ་བ་སྟེ། བློ་དེ་
ལ་རིགས་མཐུན་པའི་རིགས་བློ་སྔ་མ་དང་། ཕྱི་མ་རྣམས་རྣམ་པར་ཆད་པར་སྣང་བ་ཡིན་གྱི། རྒྱུན་མི་འཆད་པའི་ངོ་བོར་ནི་མ་ཡིན་ནོ། །གཅིག་སྣང་བ་ན་གཉིས་པ་སྣང་བ་མེད་པར་ཐལ་བའི་ཕྱིར་རོ། །དེ་ལྟར་ཡིན་དང་གང་གི་ཚེ་བློ་སྔ་མ་གཅིག་སྣང་བ་དེའི་རྗེས་ཐོགས་ལ་བློ་གཞན་སྣང་བ་དེའི་ཚེ་བློ་སྔ་མ་མི་སྣང་
བའི་ཕྱིར་དེ་ལ་ལྟོས་ནས་བློའི་བློ་དྲན་པར་འགྱུར་རོ་ཞེས་སྔར་བརྗོད་ཟིན་ཏོ། །ཀྱང་གི་སྒྲ་ནི་དེ་ལྟར་ན་ཡང་ཞེས་བྱ་བའི་དོན་ལ་ཡིན་ཏེ་དེ་ལྟ་ན་ཡང་འགལ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཤེས་པ་གང་གིས་བརྡར་བྱ་མི་ནུས་པ་དེ་ལ་དེ་སྐད་ཅེས་བྱའོ། །རྣམ་པར་རྟོག་པ་མེད་པའི་འཛིན་པ་གང་ཡིན་པའི་གཟུང་
བ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟ་བུར་གྱུར་པའི་གཟུང་བར་བྱ་བ་རང་གི་ངོ་བོ་འཛིན་པ་གང་ལ་ཡོད་པ་ཞེས་དེ་ལ་ཡང་འབྲུ་མང་པོས་བསྡུ་བའོ། །གཞན་དང་ཡང་ཞེས་བྱ་བ་ནི་ལྷན་ཅིག་པའི་དོན་གྱི་གསུམ་པ་ཡིན་ལ། རང་གི་ངོ་བོ་ཉིད་ཀྱིས་ཞེས་བྱ་བ་ནི་བྱེད་པ་པོའི་གསུམ་པའོ། །དེ་བཞིན་དུ་ཡིན་པར་
ཁས་བླངས་ན་ནི། དེའི་ཚེ་གཟུགས་ལ་སོགས་པ་ཡང་བྱེད་པ་པོ་འཛིན་བྱེད་གཞན་གྱིས་སྒྲའི་ཆོས་གཞན་དང་ལྷན་ཅིག་སྦྱོར་བར་ནུས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རང་གི་ངོ་བོས་ཞེས་བྱ་བ་ལ་སོགས་པའོ། །འོ་ན་སྣང་བ་མ་ཡིན་པའི་ཕྱིར་རོ་ཞེ་ན། རང་གི་ངོ་བོས་སྣང་བ་མ་ཡིན་པ་ཞེས་གསུངས་སོ། །མི་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words