ཚད་མ་རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་ཤིན་ཏུ་ཡོངས་སུ་དག་པ་ཞེས་བྱ་བ
Sanskrit title (Tibetan script, as in the text) པྲ་མཱ་ཎ་བཱརྟི་ཀཱ་ལང་ཀ་ར་ཊཱི་ཀཱ་སུ་པ་རི་ཤུདྡྷ་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 185 · folio 205b
ཞེས་ལྷག་པར་ཞེན་པ་ལས་ནི་རྗེས་སུ་འགྲོ་བ་དང་སྔོན་པོ་ལ་སོགས་པ་ནི་ལྡོག་པ་ཡིན་ནོ་ཞེས་ཀྱང་རྟོགས་པར་བྱ་བའོ། །ཡུལ་དང་དུས་དང་རང་བཞིན་རྣམས་འབྲེལ་པ་སྟེ། དེ་དག་ལ་ངེས་པའི་ཕྱིར་རོ། །གལ་ཏེ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཀྱང་དོན་དམ་པར་རིག་པ་ཡིན་ན་དེའི་ཚེ་རང་ཉིད་གཉིས་སུ་མེད་པར་མ་
ཡིན་ནོ་ཞེས་རྟོགས་པར་འགྱུར་རོ་ཞེ་ན་རྗེས་སུ་ཞེས་གསུངས་སོ། །རྗེས་འགྲོ་དང་ཞེས་བྱ་བ་ནི་ཐ་མི་དད་པ་ཉིད་ཀྱང་ངོ་། །ཡང་ཇི་ལྟར་ན་མངོན་སུམ་གྱིས་ཐ་དད་པ་མེད་པ་ཉིད་འཛིན་སྙམ་ན། རང་བཞིན་ཉིད་ནི་ཞེས་གསུངས་ཏེ། གང་གི་ཕྱིར་རང་བཞིན་ཉིད་རིག་པ་ཡིན་པ་དེའི་ཕྱིར་ན་ཐ་མི་དད་པ་རིག་པ་ཡིན་ན་
ཞེས་བྱ་བའི་དོན་ཏོ། །རིག་མེད་ཅེས་བྱ་བ་ནི་མ་རྟོགས་པ་ལའོ། །གལ་ཏེ་མ་རྟོགས་པ་ལ་རྟོགས་སོ་ཞེས་རློམ་པར་ཇི་ལྟར་འགྱུར་ཞེ་ན། འགའ་ཞིག་ཅེས་བྱ་བའོ། །འདི་ལ་ཡང་ཞེས་བྱ་བ་ནི་ཐ་དད་པ་མཐོང་བར་མངོན་པར་རློམ་པ་ལ་ཡང་ཕྱིན་ཅི་ལོག་ཏུ་ཐ་དད་པར་སྒྲོ་འདོགས་པའི་རྒྱུ་མཚན་ཡོད་པ་ཉིད་དོ་ཞེས་
དགོངས་པའོ་སྙམ་དུ་མངོན་པར་ཞེན་པའི་རྒྱུ་མཚན་ནི་འདུ་བྱེད་ཟད་པ་ཡིན་ནོ་ཞེས་བྱ་བའི་རྩོད་པ་ལ་བརྗོད་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །དངོས་པོ་དེ་སྔར་ནི་མཐོང་བ་མེད་པ་ཁོ་ནའོ། །གང་གིས་འདུ་བྱེད་ཟད་པ་མཐོང་བར་མངོན་པར་རློམ་པའི་རྒྱུ་མཚན་དུ་འགྱུར་བ་འདུ་བྱེད་དེའི་ཡུལ་ཅན་དུ་ཅི་ལྟར་འགྱུར། དེ་ཉིད་
བརྗོད་པ་ནི་འདུ་བྱེད་པ་ནི་ཞེས་བྱ་བའོ། །འོ་ན་དེའི་ཡུལ་ཅན་གྱི་འདུ་བྱེད་ཀྱང་ཡོད་དོ་ཞེ་ན། སྐྱེས་པ་ཞེས་བྱ་བའོ། །འཇིག་པའི་རྒྱུ་མི་འཐད་པ་ནི་བསྟན་ཟིན་པའི་ཕྱིར་རོ། །ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པའི་ཞེས་བྱ་བ་ནི་མ་མཐོང་ཡང་མཐོང་བར་མངོན་པར་རློམ་པའིའོ། །གལ་ཏེ་རྗེས་སུ་འགྲོ་བ་དང་ལྡོག་པ་
དག་དོན་དམ་པ་ཉིད་ཡིན་པར་འགྱུར་ན། དེའི་ཚེ་གང་གིས་འདུ་བྱེད་ཟད་པ་རྒྱུ་མཚན་དུ་མ་གྱུར་པ་ཇི་ལྟར་ན་འདི་གཉིས་མངོན་པར་རློམ་པ་ཙམ་ཡིན་སྙམ་ན། མངོན་པར་རློམ་པ་ལས་ཞེས་གསུངས་སོ། །རྣམ་པར་དབེན་པར་གཟུང་ཡང་ཞེས་སྔོན་པོ་དང་སེར་པོ་ཚོགས་པ་གང་ཡིན་པ་དང་སོ་སོ་བ་གང་ཡིན་པ་དེ་
གཉིས་སོ་སོར་གཟུང་ཡང་ངོ་། །དེ་མེད་པར་ཞེས་བྱ་བ་ནི་ཡན་ལག་ཅན་མཐོང་བ་མེད་ནའོ། །ཐ་དད་པའི་ཞེས་བྱ་བ་ནི་རྣམ་པར་དབྱེ་བར་གནས་པའིའོ། །དེའི་ཕྱིར་ཏེ་བཤད་པའི་ཚུལ་དུ་ཡན་ལག་ཅན་མེད་པའི་ཕྱིར་རོ། །དེ་ཁོ་ན་ལྟར་ཞེས་བྱ་བ་ནི་ཤེས་པ་གཅིག་ཉིད་ཀྱིས་སོ། །དོན་དམ་པར་ན་འཛིན་པ་ཞེས་
Vol. 185 · folio 206a
བྱ་བ་འགའ་ཡང་མེད་མོད་ཀྱི། དོན་ཀྱང་བློ་དེའི་རྣམ་པར་སྐྱེ་བ་ཉིད་དེ་འཛིན་པ་ཡིན་ནོ། །འོན་ཏེ་དངོས་པོ་གཅིག་ཁོ་ནས་བློ་སྐྱེད་པར་བྱེད་ཀྱི་དུ་མས་ནི་མ་ཡིན་ཏེ་དེས་ན་གཅིག་གི་འཛིན་བྱེད་ཡིན་གྱི་དུ་མ་ནི་མ་ཡིན་ནོ་སྙམ་ན། དུ་མ་གཅིག་གི་ཞེས་གསུངས་སོ། །རང་གི་ལུགས་ལ་ལྟོས་
པའི་དཔེ་བསྟན་ནས་གཞན་གྱི་ལུགས་ལ་ལྟོས་པ་ཡང་བརྗོད་པ་ནི་བདག་དང་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་རྡུལ་ཕྲ་རབ་མང་པོ་དག་ཀྱང་རྣམ་པར་ཤེས་པ་གཅིག་སྐྱེས་པ་ཡིན་ན། དེའི་ཚེ་ཅི་འགལ་བ་འགའ་ཡང་ཡོད་པ་མ་ཡིན་ནོ། །ཤེས་པ་སྐྱེད་པ་འདིར་རྡུལ་ཕྲ་རབ་ཆེན་པོ་ཉིད་ཀྱིས་ནི་
ཁྱད་པར་དུ་འགྱུར་བ་མ་ཡིན་གྱི། འོན་ཀྱང་ཁྱད་པར་དེ་ནི་ནུས་པ་ཕུལ་དུ་བྱུང་བ་ཡིན་ནོ། །གལ་ཏེ་ཆེན་པོ་ཉིད་ཁྱད་པར་མ་ཡིན་ན། དེའི་ཆེན་པོ་མ་ཡིན་པར་ཁྱད་པར་མེད་པའི་ཕྱིར་རོ། །རྡུལ་ཕྲ་རབ་གཅིག་པུ་ཡང་འཛིན་པར་འགྱུར་རོ་ཞེ་ན། ནུས་པ་མེད་ཕྱིར་ཞེས་གསུངས་སོ། །རྡུལ་ཕྲ་རབ་
གཅིག་ནི་རྣམ་པར་ཤེས་པ་བསྐྱེད་པ་ལ་ནུས་པ་མེད་པའི་ཕྱིར་རྒྱུར་མི་འགྱུར་རོ། །ཆེན་པོ་མིན་ཕྱིར་ཞེས་བྱ་བ་ནི་ཆེན་པོ་མ་ཡིན་པའི་རྒྱུས་ན། འབའ་ཞིག་པའི་གནས་སྐབས་ན་རྒྱུར་མི་འདོད་པ་ནི་མ་ཡིན་ན། གང་གིས་ཕྲ་བའི་ཕྱིར་ཚོགས་པའི་གནས་སྐབས་ན་ཡང་སྐྱེད་བྱེད་མ་ཡིན་པར་འགྱུར།
རང་གི་ཚིག་ལེའུར་བྱས་པ་ཉིད་བཤད་པའི་དོན་དུ་འཇུག་པར་བྱེད་པ་ནི་གལ་ཏེ་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་རང་གི་ངོ་བོས་རྗེས་སུ་བྱེད་པའི་བློ་སྐྱེད་པའི་མཚན་ཉིད་ཀྱི་བལྟར་རུང་བ་ཉིད་དོ། །སྒྲ་ལ་སོགས་པ་ལ་མཐོང་བའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ཉིད་འཆད་པ་ནི་དཔེར་ན་ཞེས་བྱ་བའོ། །དེ་བཞིན་
དུ་ཞེས་བྱ་བ་ནི་མ་འདྲེས་པ་དག་ཁོ་ན་སོམས་ཤིག་གི་དབྱིབས་སྣང་བར་འགྱུར་བའི་ཕྱིར་འགལ་བ་མེད་དོ། །ཕྲ་མོ་སྟེ་ཕྲ་མོ་ཚོགས་པའི་གནས་སྐབས་སུ་དེ་ཡང་ཞེས་བྱ་བ་དེ་ལྟར་ཡང་ཇི་ལྟར་བསྐྱེད་འདི་ལ་བརྗོད་པ་ནི་ཡན་འགར་བ་རྣམས་ཞེས་བྱ་བའོ། །སྒྲ་ཉིད་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་སྒྲ་
ཉིད་ཕྲ་མོ་ཉིད་ཡིན་ཡང་རྒྱུའི་དངོས་པོ་ཡིན་ཏེ་ནུས་པ་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་རྡུལ་ཕྲ་རབ་དག་ལ་ཡང་ནུས་པ་ཡོད་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་རགས་པ་ཉིད་རྒྱུའི་དངོས་པོའི་རྒྱུ་མཚན་ཡིན་ན་དེའི་ཚེ་མིག་ལ་སོགས་པ་མི་འགྱུར་ཏེ། དབང་པོ་རྣམས་འབའ་ཞིག་པའི་གནས་སྐབས་
Vol. 185 · folio 206b
ལས་ཚོགས་པའི་གནས་སྐབས་སུ་རགས་པ་ཉིད་འགའ་ཞིག་སྐྱེས་པ་ན་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་དོན་དུ་བརྗོད་པ་ནི་ཚོགས་པའི་ཞེས་བྱ་བའོ། །ཉེས་པ་གཞན་ཡང་བརྗོད་པ་ནི་མཚུངས་པ་ཉིད་ཡིན་ན་ཞེས་བྱ་བའོ། །མཚུངས་པ་ཉིད་ནི་ནུས་པ་ཐག་རིང་པོའི་ཡུལ་དང་ཐག་ཉེ་མོའི་ཡུལ་དག་ཏུ་
རྟོགས་པ་པོ་ལ་འདྲ་བ་ཉིད་ཡིན་ན། འདི་ལ་བརྗོད་པ་ནི་ཡུལ་ཞེས་བྱ་བ་སྟེ། ཡུལ་ཐག་རིང་བ་ཉིད་ཀྱིས་ན་ལྷན་ཅིག་བྱེད་པའི་རྣམ་པར་དབྱེ་བ་ཡིན་ལ་དེ་ལས་ནི་འགའ་ཞིག་ཏུ་སྐྱེ་ཞིང་འགའ་ཞིག་ཏུ་ནི་མི་སྐྱེ་བ་ཡིན་ནོ། །རྣམ་པར་དབྱེ་བ་ག་ལས་འགྱུར། །ཞེས་བྱ་བ་ནི་ཡུལ་ཐག་རིང་བས་
ནི་མི་སྐྱེད་ལ། ཐག་ཉེ་བས་ནི་སྐྱེ་བའོ་ཞེས་བྱ་བ་དེ་ལྟའི་མཚན་ཉིད་ཅན་ནོ། །འདི་ལ་བརྗོད་པ་ནི་ཚོགས་པ་གཞན་ཞེས་བྱ་བའོ། །ཐག་ཉེ་བ་ནི་ཚོགས་པ་གཞན་རྗེས་སུ་ཞུགས་པའི་ཕྱིར་རྡུལ་ཕྲ་རབ་རྣམས་མིག་ལ་སོགས་པའི་ལྷན་ཅིག་བྱེད་པར་འགྱུར་བ་ཡིན་ལ་ཐག་རིང་ན་ནི་མི་འགྱུར་
བ་ཡིན་ཏེ། ཚོགས་པ་གཞན་རྗེས་སུ་ཞུགས་པ་མེད་པའི་ཕྱིར་རོ། །རྩོད་པ་དང་འགལ་བ་ནི་འབྲས་བུ་མཐོང་བ་ཉིད་ལས་རྡུལ་ཕྲ་རབ་དེ་རྣམས་བལྟར་རུང་བ་མ་ཡིན་ཡང་ནུས་པ་རྗེས་སུ་དཔག་པ་ཡིན་ནོ་ཞེས་བྱ་བའི་ལན་རྟོགས་པར་བླ་བའི་ཕྱིར་མ་བརྗོད་དོ། །གཟུགས་ཀྱི་སྐྱེ་མཆེད་དུ་མཚུངས་པས་
ཞེས་བྱ་བ་ནི་སྔོན་པོའི་རྣམ་པ་ཙམ་དུའོ། །དེ་བརྗོད་པ་ནི་འདི་ལྟར་ཞེས་བྱ་བའོ། །གཞན་དུ་ཞེས་བྱ་བ་ནི་ཕྱི་རོལ་དུ་དོན་ཡོད་པ་མ་ཡིན་ལ། དེ་ལ་ཡན་ལག་ཅན་ནི་མེད་པ་དེས་ན་གདོན་མི་ཟ་བར་སྔོན་པོའི་རྣམ་པ་ཉིད་སྣང་བ་ན། རྡུལ་ཕྲ་རབ་རྣམས་ཁོ་ན་ཡིན་པར་འཐད་པ་ཡིན་ནོ་ཞེས་བྱ་བར་
བསམས་པའོ། །མི་འཛིན་པ་ཉིད་དོ་ཞེས་བྱ་བ་ནི་རང་གི་ཡན་ལག་རྣམས་དང་ལྷན་ཅིག་མི་འཛིན་པ་ཉིད་ཀྱིས་འབའ་ཞིག་འཛིན་ནོ་སྙམ་པའོ། །འདི་འགོག་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །དེ་ཉིད་དང་ཞེས་བྱ་བ་ནི་ཁྱད་པར་དུ་གྱུར་པ་དང་ངོ་། །ཆ་ནི་ཡན་ལག་ཏུ་གྱུར་པའོ། །དེ་དང་བ་ལང་གཟུང་
བའི་ཕྱིར་ཡན་ལག་རྫོགས་པར་མི་འཛིན་པར་ཐལ་ལོ། །ཐམས་ཅད་ཅེས་བྱ་བ་ནི་ཡན་ལག་མཐའ་དག་གོ། །ཁྱད་པར་ཉིད་གཞན་དག་གིས་ཁྱད་པར་ཙམ་ཉིད་དུ་རྟོགས་པའི་ཕྱིར་དང་ཁྱད་པར་ཉིད་གཞན་གྱི་ཚེ་སྐྱེས་བུ་དེ་ཉིད་ཀྱི་ཁྱད་པར་ཅན་ཉིད་དུ་རྟོགས་པའི་ཕྱིར་རོ། །དངོས་པོའི་རང་བཞིན་ནི་རྣམ་
Vol. 185 · folio 207a
པར་མི་གནས་པ་ཉིད་དུ་འཐད་པ་མ་ཡིན་ཏེ། དོན་རྣམས་སྐྱེས་བུ་སོ་སོ་ལ་ཐ་དད་ན་བདག་མེད་པར་ཐལ་བའི་ཕྱིར་རོ་ཞེས་བྱ་བ་ནི་དུས་གཅིག་ཏུ་རྣམ་པར་རྟོག་པ་གཉིས་མི་འཐད་པའི་ཕྱིར་རོ། །གལ་ཏེ་ཁྱད་པར་དང་ཁྱད་པར་ཅན་ཉིད་དངོས་པོ་ནི་རྣམ་པར་རྟོག་པ་མེད་པའི་མངོན་སུམ་གྱིས་
གཟུང་བ་མ་ཡིན་ནམ། དེས་ན་ཁྱད་པར་དུ་མ་དུས་གཅིག་ཁོ་ནར་འཛིན་པར་འཐད་དོ་སྙམ་ན་རྣམ་པར་རྟོག་པ་མེད་པ་ནི་ཞེས་བྱ་བའོ། །བ་ལང་ཞེས་བྱ་བ་ནི་བ་ལང་ཉིད་དང་ལྡན་པར་འདོད་པའི་དངོས་པོ་གང་ཡིན་པའོ། །དེ་ནི་བ་ལང་ཉིད་དང་མི་ལྡན་པར་རང་ཉིད་ཀྱིས་བ་ལང་མ་ཡིན་པ་ཡང་མ་ཡིན་ཏེ། བ་
ལང་ཉིད་དང་ལྡན་པའི་ཕྱིར་བ་ལང་ཡིན་ནོ། །དེ་བཞིན་དུ་གཞན་ལ་ཡང་སྦྱར་རོ། །ཐ་དད་པར་བྱེད་པ་ཞེས་བྱ་བ་ནི་ཁྱད་པར་དུ་བྱེད་པའོ། །ཕྱིས་ནི་ཞེས་བྱ་བ་ནི་བློ་གཅིག་འོག་ཏུའོ། །འདི་དག་གི་ཞེས་བྱ་བ་ནི་བ་ལང་ཉིད་དང་དཀར་པོ་ཉིད་ལ་སོགས་པ་རྣམས་ཀྱིའོ། །ཐ་དད་པར་སྦྱོར་བ་ཞེས་བྱ་བ་ནི་
བ་ལང་ཉིད་ནི་འདིའི་ཚོས་ཡིན་ལ་འདིའི་ནི་མ་ཡིན་ནོ། །འདི་ནི་དཀར་པོ་འདི་ནི་ནག་པོ་ཡིན་ནོ་ཞེས་དེ་ལྟར་རྣམ་པར་ཕྱེ་ནས་སྦྱོར་བ་མི་སྲིད་པར་འགྱུར་རོ། །དེ་ཉིད་གསལ་བར་བྱེད་པ་ནི་འདི་ལྟར་ཞེས་བྱ་བའོ། །ཐ་དད་པར་སྦྱར་བ་ན་ཞེས་བྱ་བ་ཡུལ་ཐ་དད་པས་ཐ་དད་པའི་དངོས་པོ་ལའོ། །གཅིག་
གི་ཡིན་ནོ་ཞེས་བྱ་བ་ནི་ཐམས་ཅད་གཟུང་བའི་རྗེས་ལ་དེ་ཡང་འཛིན་པའི་ཕྱིར་རོ་ཞེས་དགོངས་པའོ། །དུ་མ་ནི་ཁྱད་པར་དང་ཁྱད་པར་ཅན་ནོ། །ཐ་དད་པའི་ཕྱོགས་སུན་འབྱིན་པ་བརྗོད་ཟིན་པའི་ཕྱིར་ན། ཐ་མི་དད་པའི་ཕྱོགས་ལ་བརྗོད་པ་ནི་ཐ་དད་པ་འགའ་ཡང་མེད་པའི་ཕྱིར་རོ་ཞེས་བྱ་བའོ། །
ཁྱད་པར་གཅིག་དེའི་བདག་ཉིད་ཡིན་པས་ཐམས་ཅད་གཅིག་ཡིན་པའི་ཕྱིར་རོ་ཞེས་དགོངས་པའོ། །དུ་མ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་ནི་སྙིང་སྟོབས་རྡུལ་དང་མུན་པས་ཐ་དད་པ་ཡིན་པའི་ཕྱིར་རོ། །དེ་ཙམ་ལྔའི་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ཡུལ་རྣམས་ཀྱིའོ། །འདིས་ནི་སྒྲ་ལ་སོགས་
པ་ལྔའི་བདག་ཉིད་ཅན་དུ་བསྟན་ཏོ། །ཡང་ན་བུམ་པ་ལ་སོགས་པའི་དངོས་པོ་ཡོན་ཏན་གསུམ་གྱི་བདག་ཉིད་ཅན་ཡིན་ནོ། །གལ་ཏེ་དེ་ཙམ་རྣམས་སམ་ཡོན་ཏན་གསུམ་མ་བཟུང་ཡང་སྒྲ་ཙམ་གཅིག་པུ་ཁོ་ནར་འཛིན་པ་ཡིན་ཏེ། དེས་ན་དུ་མ་འཛིན་པར་ཇི་ལྟར་ཐལ་སྙམ་ན་དེ་མ་བཟུང་བར་ནི་
Vol. 185 · folio 207b
ཞེས་གསུངས་སོ། །དེ་ཙམ་རྣམས་སམ་ཡོན་ཏན་གསུམ་མ་བཟུང་བར་ནའོ། །གལ་ཏེ་དེ་ཙམ་ལ་སོགས་པ་རྣམས་ལས་སྒྲ་ལ་སོགས་པ་འབྲས་བུ་གཞན་གཅིག་ཉིད་སྐྱེ་བ་མ་ཡིན་ནམ། དེས་ན་དེ་གཟུང་བར་ཇི་ལྟར་འགྱུར་སྙམ་ན། འབྲས་བུ་གཞན་ཞེས་བྱ་བའོ། །དེ་ཉིད་ལས་ཞེས་བྱ་བ་
ནི་དེའི་རང་གི་ངོ་བོ་ལས་སོ། །འདིར་ཡང་བརྒྱ་ལ་གཙོ་བོ་དང་ཕལ་པའི་དངོས་པོ་དུ་མ་འཛིན་པར་སྒྲར་འོངས་པས་དེ་ལས་བརྗོད་པ་ནི། ལྷག་མ་ནི་ཞེས་བྱ་བའོ་སྔ་མ་བཞིན་ཞེས་བྱ་བ་ནི། ཅིག་ཅར་ཡན་ལག་རྫོགས་འཛིན་མིན། །ཞེས་བྱ་བ་ལ་སོགས་པས་བརྗོད་ཟིན་པའོ། །བསགས་པ་དང་ནི་
ཚོགས་པ་ཡིན། །དེ་སྤྱི་དེ་ལ་དབང་པོའི་བློ། །ཞེས་བྱ་བ་ལ་སོགས་པས་གཞན་གྱི་རྟོག་པ་དང་བཅས་པ་ཉིད་དུ་བསྒྲུབ་པ་དེ་བཟློག་ནས། མཇུག་སྡུད་བརྗོད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །གལ་ཏེ་མངོན་སུམ་གྱིས་ཆོས་ཅན་མི་འཛིན་མོད་ཉེས་པ་ཅི་ཡོད་
སྙམ་ན་ཆོས་ཅན་མངོན་སུམ་གྱིས་ཞེས་བྱ་བའོ། །ཆོས་ཅན་གྲུབ་པ་མེ་ལ་སོགས་པ་སྒྲུབ་པའི་རྗེས་སུ་དཔག་པ་འཇུག་པར་འགྱུར་གྱི། དེ་ལྟ་མ་ཡིན་ན་རྟགས་ཐམས་ཅད་རྟེན་མ་གྲུབ་པའི་ཉེས་པས་ཟིན་པར་འགྱུར་རོ་ཞེས་བསམས་པའོ། །གལ་ཏེ་མངོན་སུམ་གྱིས་ཆོས་ཅན་འཛིན་པར་མི་ནུས་ན། འོ་ན་
རྗེས་སུ་དཔག་པས་འཛིན་ལ་རག་གོ་སྙམ་ན། ཆོས་ཅན་ཡང་ཞེས་བྱ་བའོ། །འོ་ན་མངོན་སུམ་གྱིས་ཆོས་ཅན་འཛིན་ནོ་ཅོག་གི་སྐྱོན་སྙམ་ན། ཆོས་ཅན་གཟུང་བ་ནི་ཞེས་སྨྲས་སོ། །འདི་ལ་རེ་ཞིག་ཆོས་ཀྱི་གྲགས་པའི་ཞལ་སྔ་ནས་ཀྱིས་མདོ་བཤད་པའི་དོན་དུ་རེ་ཞིག་སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་
པོའི་ཞལ་སྔ་ནས་ཀྱིས་མདོ་འཆད་པ་ནི། ཆོས་ཅན་དུ་མའི་ཞེས་བྱ་བའོ། །འོན་ཀྱང་རང་ཉིད་ཀྱིས་ཞེས་བྱ་བ་ནི་བུམ་པ་ལ་སོགས་པ་རང་གི་རང་བཞིན་ཐུན་མོང་མ་ཡིན་པ་གང་ཡིན་པའི་རང་བཞིན་དེ་ཉིད་ཀྱིས་བུམ་པ་ལ་སོགས་པ་རིག་པར་བྱ་བ་དང་བྱེད་པ་པོས་ཞེས་བྱ་བ་ཐུན་མོང་མ་ཡིན་པ་རང་ཉིད་ཀྱིས་ཤེས་
པས་རིག་པར་བྱ་བ་ཡིན་ནོ། །གཟུགས་ལ་སོགས་པ་དེ་དག་གཞི་གཅིག་པ་ཉིད་དུ་སྟེ། ཆོས་ཅན་དེ་ལ་བརྟེན་པ་ཉིད་དུ་ནི། མངོན་སུམ་གྱིས་རྟོགས་པ་མེད་པའི་ཕྱིར་ཏེ་རིག་པ་མེད་པའི་ཕྱིར་རོ། །གཞན་པའི་གཞི་ནི་འཛིན་པའི་སྤྱོད་ཡུལ་དུ་འགྱུར་བ་མེད་དོ་ཞེས་འབྲེལ་ཏོ། །དེ་ལ་བརྟེན་པ་ནི་གཞི་
Vol. 185 · folio 208a
གཞན་ལ་བརྟེན་པའི་གཟུགས་ལ་སོགས་པ་ནི་འཛིན་པའི་སྤྱོད་ཡུལ་དུ་གྱུར་པ་མེད་དོ་ཞེས་བྱ་བར་སྦྱར་རོ། །གཅིག་པ་ཉིད་དུ་ཞེས་བྱ་བ་ནི་མཐོང་བ་དང་རེག་པ་དག་གོ། །འོ་ན་ཇི་ལྟར་བདག་གིས་མཐོང་བར་གྱུར་པ་ཉིད་ལ་རེག་གོ་ཞེས་རྟོགས་པ་སྐྱེ་ཞེ་ན་གཟུགས་དང་ཞེས་གསུངས་སོ། །
དེ་ཉིད་སྟོན་པ་ནི་འདི་ལྟར་ཞེས་བྱ་བའོ། །མིག་ནི་གཟུགས་ཙམ་ཉིད་རིག་པར་བྱ་བའི་ཕྱིར་ཞེས་བྱ་བ་གཟུགས་ཙམ་རྟོགས་པ་ནི་མཚན་ཉིད་ཀྱི་དོན་དུ་འཇུག་པ་ཡིན་ལ་གཞན་ནི་ཞེས་བྱ་བ་རེག་པའི་དབང་པོ་ལས་སྐྱེས་པ་ནི། རེག་པ་ཙམ་ཉིད་རིག་པའི་ཕྱིར་རོ། །རིག་པ་འཇུག་པ་ཡིན་ནོ་ཞེས་མཐོང་ངོ་། །རེ་ཞིག་
འདི་ལས་གཅིག་གིས་ཀྱང་བལྟ་བར་བྱ་བ་དང་རེག་པར་བྱ་བའི་ཐུན་མོང་བའི་དངོས་པོ་ཡོངས་སུ་འབད་པ་ནི་མེད་དོ། །འོ་ན་ཤེས་པ་གཞན་གྱིས་གཅོད་པར་འགྱུར་རོ་ཞེ་ན། དེ་དག་ཕན་ཚུན་ཞེས་གསུངས་སོ། །གཟུགས་དང་རེག་པ་དེ་དག་གོ། །མཐོང་བ་ཡིན་ནོ་ཞེས་བྱ་བ་ནི་གཟུགས་དང་རེག་པ་བདག་སྟེ་
གཅིག་ཉིད་དུའོ། །བདག་གིས་མཐོང་བ་དེ་ཉིད་ལ་རེག་གོ་ཞེས་རྟོགས་པར་རིག་པའི་ཕྱིར་རོ། །རེག་པ་ནི་གཟུགས་ལ་མི་འཇུག་པའི་ཕྱིར་རོ་ཞེས་བྱ་བ་ནི། སྔར་མཐོང་བ་ནི་གཟུགས་ལ་རེག་པ་ཉིད་དུ་འཇུག་པ་སྟེ། མངོན་པར་ཞེན་པ་མེད་པའི་ཕྱིར་རོ། །འདི་ཉིད་ལྡོག་པའི་སྒོ་ནས་བརྗོད་པ་ནི་གལ་ཏེ་ཞེས་བྱ་
བའོ། །མཐོང་བའི་དཀར་པོ་གང་ཡིན་པ་དེ་ཉིད་རེག་པས་དྲི་མ་ཅན་དུ་བྱེད་པ་དང་། དེ་ཉིད་ཡིན་ནོ་ཞེས་ལག་པར་གཟུང་བར་ཡང་དམིགས་པ་མ་ཡིན་ནམ། ཇི་ལྟར་དོན་གཅིག་ཏུ་མངོན་པར་ཞེན་པ་མེད་སྙམ་ན། མུན་ཁུང་ན་གནས་པ་གང་གི་ཚེ་དངོས་པོ་དེ་ལ་རེག་པ་དེའི་ཚེ་ཤེས་པས་གང་གིས་རེག་པ་
ཡུལ་དུ་གྱུར་པའི་ཤེས་པ་དེས་གཟུགས་རྟོགས་པ་མེད་དོ་ཞེ་ན། དེའི་ཚེ་མངོན་སུམ་ཉིད་ཐ་དད་རྟོགས་པའི་ཕྱིར་རྗེས་སུ་དཔག་པའི་ཐ་དད་པའི་སྒྲུབ་བྱེད་མ་ཡིན་ནོ། །ཕན་ཚུན་འཛིན་པར་བྱེད་པའི་ཞེས་བྱ་བ་ནི་གཟུགས་དང་རེག་པ་འཛིན་པར་བྱེད་པའིའོ། །མངོན་སུམ་དག་ཅེས་བྱ་བ་ནི་གཟུགས་དང་རེག་
པ་འཛིན་པ་དག་གོ། །འཇུག་པ་མེད་པ་ནི་ཞེས་བྱ་བ་ནི། ཕན་ཚུན་ཏེ་གཟུགས་འཛིན་པར་བྱེད་པ་རེག་པའི་རྣམ་པས་སྟོང་ལ་རེག་པ་འཛིན་པ་ཡང་གཟུགས་ཀྱི་རྣམ་པས་སྟོང་པ་ན། མངོན་སུམ་གྱིས་ཐ་དད་པ་ཡོངས་སུ་གཅོད་པར་འགྱུར་ལ་མངོན་སུམ་གྱིས་ཐ་དད་པ་ཡོངས་སུ་བཅད་པས་ནའོ། །འོན་
Vol. 185 · folio 208b
ཀྱང་ཡིད་ཀྱིས་རྟོགས་པ་ཚད་མར་འགྱུར་བར་ཇི་ལྟར་འོས་སྙམ་ན་དབང་པོ་ལས་སྐྱེས་པ་ཉིད་ཅེས་སྨྲས་སོ། །དབང་པོ་ལས་བྱུང་ཁོ་ན་ཚད་མ་ཡིན་ནོ་ཞེས་སངས་རྒྱས་པ་མངོན་པར་འདོད་པའི་དོན་འདི་ལ་ཚད་མ་འཇུག་པ་ནི་འགའ་ཡང་མེད་དོ། །དེས་ན་དབང་པོ་ལས་སྐྱེས་པ་ཁོ་ན་ཚད་མ་ཡིན་ནོ་ཞེས་
འདིས་ཚད་མ་མ་ཡིན་པར་ཇི་ལྟར་བརྗོད་གལ་ཏེ་ཡིད་ཚད་མ་ཡིན་པ་ལ་རྒྱུ་མཚན་འགའ་ཞིག་བརྗོད་པར་བྱ་བ་མ་ཡིན་ནམ། དེ་ལྟ་མ་ཡིན་ན་ཐམས་ཅད་ཚད་མར་ཐལ་བའི་ཕྱིར་རོ་ཞེས་དོགས་པ་བསུ་ནས་བརྗོད་པ་ནི་དངོས་པོ་ལས་ཞེས་བྱ་བའོ། །གལ་ཏེ་དབང་པོ་ལས་བྱུང་བ་དང་དབང་པོ་
ལས་བྱུང་བ་ཉིད་ཀྱིས་ཚད་མ་ཡིན་ན། ཡིད་ལས་སྐྱེས་པ་ཡང་ཡིད་ལས་སྐྱེས་པ་ཉིད་ཀྱིས་ཚད་མ་ཡིན་ནོ་ཞེས་ཀྱང་བརྗོད་པར་ནུས་སོ། །དེ་ཉིད་ཀྱི་བརྗོད་པ་ནི་ཞེས་བྱ་བའོ། །ཡིད་ནི་ཡིད་ཁོ་ན་སྟེ། དེ་ལས་སྐྱེས་པའི་ཕྱིར་རོ་ཞེ་ན་འདི་ལ་བརྗོད་པ་ནི་དེ་ནི་ཞེས་བྱ་བའོ། །རྗེས་སུ་དཔག་པར་ནི་མི་
འཁྲུལ་བར་ཚུ་རོལ་མཐོང་བས་མ་རྟོགས་ཏེ། མི་འཁྲུལ་བ་ནི་རྗེས་སུ་དཔག་པ་ཁོ་ན་ལས་རྟོགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་བསྟན་པའི་ཕྱིར་བརྗོད་པ་ནི་དེ་ལ་ཞེས་བྱ་བའོ། །སྔར་མཐོང་བ་ཉིད་ཅེས་བྱ་བ་ནི་བརྒལ་ཞིང་བརྟག་པའི་རྣམ་པའོ། །ཁྱོད་ཀྱིས་ནི་རིག་པ་པས་སོ། །
དེའི་ཚེ་ཇི་སྐད་བརྗོད་པར་བལྟའོ། །གཞན་གྱིས་དེ་ལྟ་བུ་ཉིད་དུ་རྟོགས་པའི་ཕྱིར་རོ་ཞེས་སྨྲས་སོ། །གཅིག་ཉིད་དུ་རྟོགས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ལན་དུ་འདི་ནི་མ་ཡིན་ཏེ་ཞེས་བྱ་བའོ། །དེ་ཉིད་དེས་ན་དྲི་བ་འདིར་རེག་པ་པའི་ལན་ཡིན་ནོ། །ལན་གྱི་རྣམ་པ་བརྗོད་པ་ནི་གང་གིས་ཞེས་བྱ་
བའོ། །དེ་ཡིན་པར་ཞེས་བྱ་བ་ནི་མཐོང་བ་གང་ཡིན་པ་དེ་ཉིད་རེག་པ་ཡིན་པར་རོ་ཞེས་རྣམ་པ་འདི་གཞན་རྗེས་སུ་དཔག་པ་སྟོན་པ་དེ་ཉིད་དོ། །རྗེས་སུ་དཔག་པ་དེ་ཉིད་ཁས་ལེན་པས་བརྗོད་པ་ནི་འོ་ན་ཞེས་བྱ་བའོ། །གཟུགས་ནི་ཉམས་པར་བྱེད་པ་ཡིན་ཏེ་དེས་ན་གཟུགས་ཉིད་རེག་པ་ཡིན་ནོ་ཞེས་
བསམས་པའོ། །ལན་ནི་རེག་པ་ཉིད་ན་ཞེས་བྱ་བའོ། །རེག་པ་ནི་ཞེས་བྱ་བ་ལ་དཀར་པོ་ཅིག་ཤོས་སྔོན་པོ་དག་ལ་མཚུངས་པའི་རང་བཞིན་ཡིན་ཏེ། དེས་ན་རེག་པས་འདི་དཀར་པོ་ཡིན་ནོ་ཞེས་ཅི་ལྟར་རྟོགས་ཏེ་སྔོན་པོ་ལ་ཡང་ཡོད་པའི་ཕྱིར་རོ། །མཚུངས་པ་ནི་རེག་བྱའོ། །མི་མཚུངས་པ་ནི་དཀར་
Vol. 185 · folio 209a
པོའོ། །ཅི་སྟེ་རྟོགས་སོ་ཞེས་བྱ་བ་ནི་རེག་པའི་དུས་ན་གཟུགས་ལ་སོགས་པ་ཡང་རྟོགས་སོ་ཞེ་ན་ལན་ནི་དེ་ལ་ཞེས་བྱ་བའོ། །རྣམ་པར་དཔྱད་པ་ཉིད་བརྗོད་པ་ནི་ཅི་ཞེས་བྱ་བའོ། །གཟུགས་ལ་སོགས་པ་ཐ་དད་པ་ན་ཞེས་བྱ་བར་ཐ་དད་པར་ཁས་ལེན་ནའོ། །རང་གིས་ཞེས་
བྱ་བ་ཐུན་མོང་མ་ཡིན་པའི་ཤེས་པའི་རང་བཞིན་གྱིས་རིག་པར་བྱ་བ་ཡིན་པའི་ཕྱིར་དེ་སྐད་ཅེས་བརྗོད་དོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །འོན་ཏེ་གལ་ཏེ་འདི་བརྗོད་པར་བྱ་བ་ཡིན་མོད་དེ་ལྟར་ན་ཡང་དེ་ལྟར་ཅི་སྟེ་མི་རྟོགས་སྙམ་ན། བསྟན་པར་བྱ་བ་མ་ཡིན་པ་ནི་ཞེས་སྨོས་
ཏེ། ཧ་ཅང་ཐལ་བའི་ཕྱིར་རོ་ཞེས་བསམས་པའོ། །དེའི་ཕྱིར་ན་དེ་ལྟར་རྟོགས་པ་ཉིད་ལས་སོ། །ཤེས་པ་དེ་ཡིས་ནི་ཞེས་བྱ་བ་ནི་ངོ་ཤེས་པའི་ཤེས་པས་དེ་ལྟ་མ་ཡིན་ན་ཞེས་བྱ་བ་གལ་ཏེ་དོན་དེ་སྣང་ནའོ། །སྒྲ་ལས་རྟོགས་པའི་དུས་ན་དོན་གྱི་སྣང་བ་འགྱུར་བ་ཡིན་མོད་ཀྱི། དངོས་པོ་དང་དངོས་
པོ་མེད་པ་ཐུན་མོང་དུ་སྣང་བ་འབའ་ཞིག་ཏུ་ཟད་དོ། །དེས་ན་ཐེ་ཚོམ་ཟ་བ་ཡིན་ནོ་ཞེས་བྱ་བ་ནི་སྣང་བ་ལ་ཡང་ཐེ་ཚོམ་ཟ་བར་འགྱུར་བ་ཡིན་ནོ་ཞེ་ན། འདི་ལ་བརྗོད་པ་ནི་མངོན་སུམ་ལ་ཡང་ཞེས་བྱ་བའོ། །འདི་གཞན་གྱིས་དེ་ལ་ཞེས་སྨྲས་ཏེ་མངོན་སུམ་ལའོ། །དེ་ལྟར་ནི་ཐེ་ཚོམ་དུའོ། །འདིར་ཡང་
ཞེས་བྱ་བ་ནི་སྒྲ་ལས་བྱུང་བའི་རྟོགས་པ་ལའོ། །གཞན་གྱི་ཁྱད་པར་མེད་པའི་ཕྱིར་རོ་ཞེས་སྨྲས་ཏེ། དངོས་པོ་དངོས་མེད་དག་གི་རང་རྣམ་པ་གང་ཡིན་པ་དེ་སྒྲ་ལས་བྱུང་བའི་མི་སྣང་བ་དེས་ན་ཐེ་ཚོམ་ཟ་བ་ཡིན་ནོ་ཞེ་ན་ལན་དུ་དེ་ལྟ་ན་ནི་ཞེས་བྱ་བའོ། །ཉེས་པ་གཞན་ཡང་བརྗོད་པ་ན་གལ་ཏེ་ཞེས་བྱ་བའོ། །
གལ་ཏེ་སྒྲ་རང་གི་ངོ་བོ་རྟོགས་པ་ཡིན་ན་དེའི་ཚེ་དེ་མཐོང་བ་ཞེས་བྱ་བ་མངོན་སུམ་མོ། །འོན་ཏེ་སྒྲ་ལས་དོན་སྤྱིའི་རྣམ་པར་རྟོགས་ཀྱི། ཡོད་པའམ་མེད་པ་ཞེས་ཁྱད་པར་དེ་ནི་རྟོགས་པ་མ་ཡིན་ནོ་སྙམ་ན་འདིར་བརྗོད་པ་ནི་དེ་ལྟ་ན་ནི་ཞེས་བྱ་བའོ། །དེ་ཡང་ཞེས་བྱ་བ་ནི་དགོངས་པ་སྟེ། དུང་དཀར་པོ་ལ་སེར་པོ་ཤེས་
པ་དེ་ཡང་ངོ་། །ལན་ནི་མ་ཡིན་ཏེ་ཞེས་པ་སྟེ། དུས་ཕྱིས་བྱུང་བ་དཀར་པོར་རྟོགས། །ཤེས་པས་གནོད་པ་ཡིན་ནོ་ཞེས་དགོངས་པའོ། །གཞན་གྱི་བ་ལང་ཞེས་སྨྲས་སོ། །འགོག་པ་ནི་མ་ཡིན་ཏེ་ཞེས་པའོ། །གནོད་པ་ཉིད་སྟོན་པ་བ་ལང་ཞེས་བྱ་བའོ། །དེ་ནི་ཡོད་པ་ཉིད་དོ། །གལ་ཏེ་ཡོད་ན་ཞེས་བྱ་
Vol. 185 · folio 209b
བ་ནི་བ་ལང་ངོ་། །དེའི་ཚེ་དེ་ཁྱེར་ཤོག་ཅེས་བྱ་བ་སྨྲ་བ་པོའི་བསམ་པ་ཡིན་ནོ་ཞེས་བྱ་བའི་དོན་འདི་ལ་ལན་ནི་དེའི་ཞེས་བྱ་བའོ། །གལ་ཏེ་རྣམ་པ་འདིས་སྒྲ་ལས་བྱུང་བའི་ཤེས་པ་ཚད་མ་ཡིན་མོད། དོན་གོ་ཅི་ལྟར་མི་འཛིན་སྙམ་ན། ཚད་མའང་མ་ཡིན་པས་ནི་ཞེས་གསུངས་སོ། །གལ་ཏེ་སྒྲ་ལས་བྱུང་
བའི་རྟོགས་པས་དངོས་པོ་མི་འཛིན་ན་དེའི་ཚེ་ཁྱེར་ནས་འོངས་པ་ལ་སོགས་པ་ལ་མི་འཁྲུལ་སྙམ་ན་ལན་ནི་འཁྲུལ་པ་ཞེས་བྱ་བ་སྟེ། སྐྱེས་བུ་འགའ་ཡང་ཁྱེར་ཏེ་འོང་བ་མ་བྱས་པའི་ཕྱིར་རོ། །རྣམ་པར་རྟོག་པ་དང་པོ་ལ་བརྗོད་པ་ནི་བྱེད་པ་པོ་ཡིན་ན་ཞེས་བྱ་བའོ། །གལ་ཏེ་འབྲས་བུའི་བྱེད་པ་པོ་
མ་ཡིན་ན་ནི། དེའི་ཚེ་ཐོབ་པ་ཉིད་དུ་མི་འགྱུར་རོ་ཞེ་ན། ཐོབ་པ་ནི་ཞེས་བྱ་བའོ། །བྱེད་པ་པོས་དབང་པོ་བྱས་པ་ནའོ། །རྣམ་པར་རྟོག་པ་གཉིས་པ་སེལ་བ་ནི། ཤེས་པར་བྱེད་པ་ཉིད་ནི་ཞེས་བྱ་བའོ། །འབྱུང་བར་འགྱུར་བའི་བྱ་བའི་རང་གི་ངོ་བོ་གང་ཡིན་པ་དེ་མེད་པས་སོ། །འོན་ཏེ་དེའི་ངོ་བོ་ཡོད་
པ་ཉིད་དེ་དེས་ནི་འཛིན་པ་ཡིན་ནོ་སྙམ་ན་རང་གི་ངོ་བོ་ཡོད་ན་ནི་ཞེས་གསུངས་སོ། །དེ་ལྟར་ན་ཐུན་མོང་མ་ཡིན་པའི་རང་གི་ངོ་བོ་འཛིན་པའི་མངོན་སུམ་གྱིས་མ་རྟོགས་པའི་ཕྱིར་དང་། རྗེས་སུ་དཔག་པས་རྟོགས་ན་ཡང་ཐུག་པ་མེད་པར་འགྱུར་བའི་ཕྱིར། ཆོས་ཅན་རྟོགས་པ་ཉིད་དུ་མི་འགྱུར་རོ་ཞེས་བྱ་
བའི་བསམ་པས་རྩོད་པ་སྔ་མ་ཉིད་རྗེས་སུ་བརྗོད་པ་གསུངས་པ་ནི་འོ་ན་ཆོས་ཅན་གྱི་ཞེས་བྱ་བའོ། །གལ་ཏེ་གང་གིས་བརྟགས་པ་ཞེས་བརྗོད་པ་ཆོས་ལ་སོགས་པའི་ཐ་སྙད་དོན་དམ་པ་པའི་ཉིད་དུ་ཅིའི་ཕྱིར་ཁས་མི་ལེན་སྙམ་ན། འདི་ལྟར་ཞེས་བྱ་བའོ། །དེ་དག་ཀྱང་ཞེས་བྱ་བ་ནི་ཁ་དོག་ལ་
སོགས་པའོ། །དེ་ལས་ཞེས་བྱ་བ་ནི་བུམ་པ་ལས་སོ། །དམིགས་ཀྱིས་བསལ་ཏེ་བཏགས་པ་ཉིད་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །དེ་ལྟར་ཐལ་བ་བརྗོད་ནས་བཟློག་པ་བརྗོད་པ་ནི། དབྱིབས་ལ་སོགས་པ་ཞེས་བྱ་བའོ། །དེ་དག་ནི་སྔོན་པོ་དང་དབྱིབས་དག་གོ། །འོ་ན་ཇི་ལྟར་དོན་དམ་པར་འགྱུར་
སྙམ་ན་གལ་ཏེ་ཞེས་བྱ་བའོ། །ཡན་ལག་ཅན་གྱི་དོན་གཅིག་ལ་སྔོན་པོ་དང་དབྱིབས་དག་འདུ་བ་གང་ཡིན་པ་དེ་ནི། ཐ་དད་པ་མ་ཡིན་པར་སྣང་བའི་རྒྱུ་ཡིན་པའི་ཕྱིར་རོ། །འདིར་གྲུབ་པའི་མཐའ་ལས་གསུངས་པ་ནི་གཟུགས་དང་ཞེས་བྱ་བའོ། །དབང་པོས་ཐ་དད་པའི་གཟུང་བ་ཉིད་ཀྱིས་དོན་གཅིག་ལ་
Vol. 185 · folio 210a
འདུ་བ་ཡིན་ཡང་ཐ་དད་པར་སྣང་བ་ཡིན་ནོ་ཞེས་སྟོན་པས་གཞན་དག་སྨྲ་བ་ནི་དེ་ལ་ནི་ཞེས་བྱ་བའོ། །ལན་ནི་གལ་ཏེ་ཞེས་བྱ་བའོ། །དོན་གཅིག་ལ་འདུ་བ་བསྒྱུར་ནས་ཐ་མི་དད་པར་སྣང་བའི་རྒྱུ་མཚན་གཞན་བརྗོད་པ་ནི་ཡུལ་གཅིག་པའི་ཕྱིར་ཞེས་བྱ་བའོ། །འདི་ལ་བརྗོད་པ་ནི་གཟུགས་
དང་ཞེས་བྱ་བའོ། །དེ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་སྔོན་པོ་ལས་དབྱིབས་ཀྱི་ཐ་དད་པར་རྣམ་པར་གཞག་པ་དེ་བཞིན་དུ་བ་ལང་ཉིད་ལ་སོགས་པ་ལས་ཁྲ་བོ་ལ་སོགས་པར་ཐ་དད་པར་གདགས་པར་བྱ་བ་ཡིན་ནོ། །གལ་ཏེ་བ་ལང་ཉིད་དང་ཁྲ་བོ་དག་གཅིག་ཉིད་ཡིན་ན་ནི་དེའི་ཚེ་ཁྲ་བོ་མ་ཡིན་པའི་སེར་སྐྱ་
གང་ཡིན་པ་དེ་བ་ལང་ཉིད་མ་ཡིན་པར་འགྱུར་རོ། །དེ་བཞིན་དུ་ཁྲ་བོ་དང་ཁུ་ཡུ་ལ་སོགས་པ་ཐ་མི་དད་ན། དེའི་ཚེ་ཁྲ་བོ་མ་ཡིན་པའི་སེར་སྐྱ་ལ་ཁུ་ཡུ་ལ་སོགས་པར་མི་འགྱུར་རོ། །ད་ནི་སྟོན་པའི་ཐ་དད་པ་ཉིད་སྟོན་པ་ནི་དེ་ལ་ཞེས་བྱ་བའོ། །གལ་ཏེ་ཐ་དད་པ་ཞེས་བྱ་བ་ལ་བ་ལང་ཉིད་ཁྲ་བོ་ལ་
སོགས་པ་དག་ལས་གཞན་དུ་གྱུར་པའམ། ཐ་དད་པའམ་ཐ་མི་དད་པའམ། ཡང་མེད་ན་ནི་དེའི་ཁྲ་བོ་ལ་སོགས་པ་བ་ལང་ཉིད་དེ་དང་། ཐ་མི་དད་པ་རྣམས་ཐ་དད་པར་མི་འགྱུར་ཏེ། གལ་ཏེ་དེ་ལྟར་མངོན་སུམ་ལ་ཆོས་དང་ཆོས་ཅན་ཐ་དད་པར་སྣང་ན་དེའི་ཚེ་མངོན་སུམ་གྱིས་རྟོགས་པའི་ཕྱིར་རྗེས་སུ་
དཔག་པས་ཅི་ཞིག་བྱ། དེས་ན་རྗེས་སུ་དཔག་པས་རྟོགས་པའི་ཕྱིར། འདི་ནི་གཞན་མངོན་སུམ་མ་ཡིན་པ་ཁོ་ནའོ་སྙམ་ནས་གཞན་སྨྲ་བ་ནི་གལ་ཏེ་སྣང་བ་ཞེས་བྱ་བའོ། །འདི་ལ་བརྗོད་པ་ནི་འདི་ནི་ཞེས་བྱ་བའོ། །དེར་ཡང་གལ་ཏེ་མེ་མངོན་སུམ་ལ་སྣང་བ་རྗེས་སུ་དཔག་པས་ཅི་ཞིག་ཅེས་བྱ་
བ་ཡིན་ནོ། །གཅིག་ཏུ་མངོན་སུམ་གྱིས་རབ་ཏུ་གྲུབ་པའི་མེ་ཉིད་ཡུལ་དང་དུས་གཞན་རྗེས་སུ་དཔོག་གོ་ཞེས་གཞན་གྱིས་བརྗོད་པ་ལ་འདིར་ཡང་ཞེས་གསུངས་ཏེ། ཆོས་དང་ཆོས་ཅན་ཐ་དད་པར་རྗེས་སུ་དཔོག་པ་ལ་ཡང་ངོ་། །དེ་ལྟར་འགྱུར་རོ་ཞེས་བྱ་བ་ནི་ཡུལ་གཞན་དང་དུས་གཞན་
དུ་རབ་ཏུ་གྲུབ་པའི་མངོན་སུམ་པའི་ཆོས་དང་ཆོས་ཅན་ཐ་དད་པར་རྗེས་སུ་དཔོག་པར་འགྱུར་རོ། །འདིར་ཞེས་བྱ་བ་ནི་ཆོས་དང་ཆོས་ཅན་ཐ་དད་པ་ལའོ། །རྗེས་སུ་དཔག་པ་གཞན་ལ་དཔེ་གྲུབ་ན། རྗེས་སུ་དཔག་པ་གཞན་དེ་ཡང་དཔེ་གཞན་བླང་དགོས་པ་རྗེས་སུ་དཔག་པ་དེ་ལ་ཡང་གཞན་
Vol. 185 · folio 210b
ཡིན་པའི་ཕྱིར། འདིར་ནི་ལོང་བ་བརྒྱུད་པ་ཡིན་ནོ། །དེ་བཞིན་ནོ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ཡིན་ནོ་ཞེས་བྱ་བའོ། །འོ་ན་ཐ་དད་པར་ཇི་ལྟར་ཞེས་དྲིས་པ་ལ་བརྗོད་པ་ནི་ཅིག་ཅར་ཞེས་བྱ་བའོ། །གལ་ཏེ་བུམ་པ་དང་སྣམ་བུ་དག་རྗེས་སུ་འགྲོ་བ་དང་ལྡོག་པར་ཁས་མི་ལེན་ན། དེའི་ཚེ་
ཅིག་ཅར་ཡོད་པའི་སྣ་ཚོགས་སུ་སྣང་བ་ནི་གཅིག་ཉིད་དུ་འགྱུར་ཏེ་ལྷན་ཅིག་སྣང་བའི་ཕྱིར་རོ། །དེས་ན་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ནི་གདོན་མི་ཟ་བར་ཁས་བླང་དགོས་སོ་ཞེས་བརྗོད་པ་ནི། འོན་ཏེ་ཞེས་བྱ་བའོ། །དེ་ལྟ་ན་ནི་ཞེས་བྱ་བའོ། །མ་འདྲེས་པར་ཞེས་བྱ་བ་ནི་སོ་སོར་རོ། །ཐ་དད་
གནས་པ་ནི་ཐ་དད་པ་རྟོགས་པའོ། །དབྱིབས་དང་མདོག་དག་ལ་ནི་སོ་སོར་སྣང་བ་དེ་མེད་པ་ཉིད་དོ། །དེ་བས་ན་བུམ་པ་དང་སྣམ་བུ་དག་དང་མདོག་དབྱིབས་དག་ནི་མཚུངས་པ་མ་ཡིན་ཏེ། དེས་ན་བུམ་པ་དང་སྣམ་བུ་དེར་དེ་གཉིས་ནི་ཐ་དད་པ་མ་ཡིན་ནོ། །ད་ནི་བ་ལང་དང་བ་ལང་ཉིད་གཉིས་གོ་རིམས་
ཅི་ལྟ་བར་ལྡོག་པ་དང་རྗེས་སུ་འགྲོ་བ་དག་ལས་ཐ་དད་པར་མི་འཐད་པ་ཉིད་དེ་དེ་མ་གྲུབ་པའི་ཕྱིར་རོ་ཞེས་སྟོན་པ་ནི་བ་ལང་ཉིད་ལ་སོགས་པའི་ཞེས་བྱ་བའོ། །དེ་ནི་སྤྱི་ཡི་རྗེས་སུ་འགྲོ། །མི་འགྲོ་བ་ལས་ཞེས་བྱ་བ་ནི་བ་ལང་ལ་སོགས་པ་ལས་སོ། །འོ་ན་རྗེས་སུ་འགྲོ་བ་ཉིད་དུ་ཐ་སྙད་ཅི་ལྟར་བྱེད་སྙམ་ན།
གཅིག་ཏུ་ཞེས་གསུངས་སོ། །དེ་དག་ཉིད་ཅེས་བྱ་བ་ནི་བ་ལང་ལ་སོགས་པ་རྣམས་སོ། །དེ་ལྟར་ན་ཞེས་བྱ་བ་ནི་དོགས་པའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་འགོག་པའོ། །མཐོང་བ་མི་འཐད་པ་ཉིད་མ་ཡིན་ཏེ། འོན་ཀྱང་འཐད་པ་ཉིད་དེ་མ་མཐོང་བ་ཡང་འཐད་པ་མ་ཡིན་ནོ། །ཅིའི་ཕྱིར་སྙམ་ན་མཐོང་བ་
དང་ཞེས་བྱ་བའོ། །དེ་བཞིན་དུ་ཞེས་བྱ་བ་ནི་གཅིག་ཏུ་ཞེན་པ་བཞིན་དུའོ། །ཐ་དད་པ་མེད་པ་ཡང་ཞེས་བྱ་བ་ནི་སྤྱིའོ། །འདི་ནི་གནས་པ་མ་ཡིན་ནོ་ཞེས་བྱ་བ་ནི་རྟོགས་པ་མ་ཡིན་པའོ། །དེ་ནི་ཞེས་བྱ་བ་ནི་གཅིག་ཏུ་འཛིན་པའོ། །གཞན་ཡང་གལ་ཏེ་དེ་གཅིག་ཉིད་དུ་མཐོང་བར་འགྱུར་ན་དེའི་ཚེ་གཅིག་ཏུ་
གནས་པ་ལས་གཅིག་ཏུ་འགྱུར་བ་ཡིན་ནོ་ཞེས་བརྗོད་པ་ནི། གཅིག་ཏུ་འཛིན་པ་འདི་ནི་ཞེས་བྱ་བའོ། །དམིགས་པའི་ཐ་དད་ནས་གཅིག་ཏུ་མངོན་པར་ཞེན་པར་སྐྱེ་བ་ཡིན་ན། མངོན་སུམ་གྱི་བདག་ཉིད་ཅན་གྱི་དམིགས་པ་དེ་ཡང་རིམ་པ་དང་ལྡན་པ་ཡིན་གྱི་གཅིག་ཉིད་ནི་མ་ཡིན་ནོ། །འོན་ཏེ་དམིགས་པ་
Vol. 185 · folio 211a
དེ་ཉིད་སྐད་ཅིག་ཐ་དད་པ་ཅན་གྱི་དངོས་པོའི་ཡུལ་ལ་སྐྱེ་བ་ན་གཅིག་ཏུ་མངོན་པར་ཞེན་པ་ཡང་ཡུལ་དེ་ཉིད་སྐྱེད་པར་བྱེད་པ་ཡིན་ཏེ། དེས་ན་གཅིག་ཏུ་ཞེན་པ་ནི་གཅིག་གི་ཡུལ་ཡང་ཡིན་པའི་ཕྱིར། ཇི་ལྟར་ན་གཅིག་ཉིད་ལ་མ་མཐོང་ཞེས་བརྗོད་སྙམ་ན། སྐད་ཅིག་རེ་རེ་ནི་ཞེས་
གསུངས་སོ། །སྐད་དང་སྐད་ཅིག་ལ་སོ་སོར་རིག་པ་གང་ཡིན་པ་སྟེ། ཁྱད་པར་ཅན་གྱི་རིག་པ་ངེས་པའི་བདག་ཉིད་ཅན་གང་ཡིན་པ་དེ་མེད་པའི་ཕྱིར་རོ། །དེ་ཉིད་ཅེས་བྱ་བ་ནི་བརྟགས་པ་ཉིད་དོ། །རེས་འགའ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དོན་རེས་འགའ་བ་ཉིད་མ་ཡིན་ནོ། །འདིས་ནི་རྒྱུ་ཐ་དད་པར་བརྗོད་དོ་
རང་གི་ངོ་བོ་ཐ་དད་པར་བརྗོད་པ་ནི་མངོན་སུམ་གྱི་རྣམ་པ་ནི་ཞེས་བྱ་བའོ། །གཉིས་པོ་འདི་ཉིད་ཉེ་བར་བསྡུས་ནས་སྟོན་པ་ནི་དེས་ན་ཞེས་བྱ་བའོ། །ཤེས་པ་ཉིད་ཐ་དད་པར་བསྟན་པ་ན་དེའི་ཡུལ་དག་ཀྱང་ཐ་དད་པར་བསྟན་པར་འགྱུར་རོ་ཞེས་དགོངས་པའོ། །དཀར་པོ་ནི་དབང་པོས་དབྱིབས་ལས་ཐ་དད་
པར་ཡང་འཛིན་པ་མ་ཡིན་ནོ་ཞེས་འབྲེལ་ཏོ། །སྒྲས་ནི་དཀར་པོ་དབྱིབས་ལས་ཐ་དད་པར་འཛིན་ཏོ། །དེ་བཞིན་དུ་ཆོས་ཅན་ལ་སོགས་པ་དང་། སོགས་པའི་སྒྲས་ནི་ཆོས་ཉིད་དུ་སྒྲས་འཛིན་པ་ཡིན་ནོ། །དེ་བཞིན་དུ་མི་གསལ་བ་དང་སོགས་པའི་སྒྲས་རྗེས་སུ་སོང་བ་ཉིད་སྒྲས་འཛིན་པ་ཡིན་ནོ། །
ཕྱིར་ཏེ་གཏན་ཚིགས་དེའི་ཕྱིར་ན་སྟེ། དབང་པོའི་ཤེས་པ་དང་སྒྲའི་ཤེས་པ་དག་བཤད་ཟིན་པའི་ཚུལ་གྱིས་འགལ་བའི་ཆོས་གནས་པ་ལས་ཐ་དད་པའི་ཕྱིར་ན་དབང་པོའི་བློར་ནི་བརྗོད་དུ་མེད་པའི་རང་བཞིན་ཉིད་རྟོགས་པ་ཡིན་ནོ། །དེའི་ཕྱིར་དོན་གཅིག་ཉིད་ཡིན་ན་སྟེ། ཡུལ་གཅིག་ཉིད་ཡིན་ན་ཤེས་པ་
གཉིས་རང་བཞིན་ཐ་དད་པར་མི་འཐད་དོ། །རྟེན་ཐ་དད་པ་ལས་ཞེས་བྱ་བ་ནི་རྒྱུ་ཐ་དད་པ་ལས་སོ། །རྟེན་ཐ་དད་པ་ལས་ཤེས་པའི་རྣམ་པ་ཐ་དད་པ་ཉིད་སྟོན་པ་ནི་འདི་ལྟར་ཞེས་བྱ་བའོ། །དེ་བཞིན་དུ་སྐྱེས་བུ་རབ་རིབ་ཅན་དག་གསལ་བ་ལ་གཞན་དུ་མི་གསལ་བར་མཐོང་བ་དེ་བཞིན་དུའོ། །འདིར་ཡང་ཞེས་
བྱ་བ་ནི་སྒྲ་དང་དབང་པོའི་ཤེས་པ་དག་ལའོ། །ད་ནི་གཞན་དག་དང་ཕ་རོལ་གྱི་ཉེ་བར་བཀོད་པའི་དཔེ་དང་མཚུངས་པར་སྒྲུབ་པར་བྱེད་པ་སུན་འབྱིན་པ་བརྗོད་པ་ནི། སེར་པོ་ལ་སོགས་པར་སྣང་ཞེས་བྱ་བའོ། །ཅི་འགའ་ཞིག་ནུས་པའི་ཁྱད་པར་སྨྲས་སམ་སྙམ་ན། གང་གིས་ཞེས་བྱ་བའོ། །ཡང་ཇི་
Vol. 185 · folio 211b
ལྟར་ན་ནུས་པའི་ཁྱད་པར་གསལ་སྙམ་ན། རྣམ་པ་གཞན་དུ་ཞེས་གསུངས་སོ། །ཆོས་དང་ཆོས་ཅན་དག་ཐ་དད་པ་པར་རམ་གཞན་དུ་མི་གསལ་བ་ཉིད་ལ་སོགས་པར་སྒྲ་ལས་བྱུང་བའི་རྟོགས་པས་མངོན་སུམ་གྱིས་རྟོགས་པ་ལ་ལྟོས་ནས་རྣམ་པ་གཞན་དུ་རྟོགས་པར་ཁས་ལེན་པ་ལ་ནི་འཁྲུལ་པ་ཉིད་
བཟློག་ཏུ་མེད་པར་འགྱུར་རོ། །འདི་ཞེས་བྱ་བ་ནི་སྒྲའི་ཤེས་པའོ། །དེ་ཉིད་ཅེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་གྱི་མཚན་ཉིད་དོ། །འདི་ལ་བརྗོད་པ་ནི་དོན་བྱ་བ་འདི་ནི་ཞེས་བྱ་བའོ། །དོན་གཅིག་ཉིད་ལ་ནི་ཡུལ་གཅིག་ཉིད་ལའོ། །ཤེས་པ་དེ་ལ་ཞེས་པ་ནི་སྔོན་པོའི་ཡུལ་ཅན་གྱི་རྣམ་པར་ཤེས་པ་
ལའོ། །འོན་ཏེ་གཞན་ཁོ་ན་སྣང་བ་ཡིན་ནོ་སྙམ་ན། མེད་པའོ་ཞེས་གསུངས་སོ། །གལ་ཏེ་འདི་ནི་དེ་ཉིད་གཞན་དུ་སྣང་བ་ཡིན་ནོ་སྙམ་ན། གཞན་སྣང་བ་ན་ཞེས་གསུངས་སོ། །གཞན་འབྲེལ་པར་སྟོན་པ་ནི་ཅི་སྟེ་ཞེས་བྱ་བའོ། །འདི་ལ་བརྗོད་པ་ནི་དེ་ལྟ་ན་ནི་ཞེས་བྱ་བའོ། །གཅིག་ཉིད་
འགལ་བར་འགྱུར་རོ་ཞེས་བྱ་བ་ནི་ཁྱེད་ཀྱིས་ནི་སྔོན་པོའི་ཡུལ་ཅན་གྱི་དབང་པོའི་ཤེས་པ་དང་། སྒྲ་ལས་བྱུང་བའི་ཤེས་པ་གཉིས་དོན་གཅིག་པར་དམ་བཅས་སོ། །མིག་ཀྱང་སྒྲའི་ཤེས་པའི་ལུགས་ཡིན་ན་དེ་འགལ་བ་ཡིན་ནོ། །དེ་ཉིད་སྟོན་པ་ནི་མིག་ཀྱང་ཞེས་བྱ་བའོ། །མིག་ཡུལ་
ཡིན་ན་ནི་བློ་རྣམས་དོན་གཅིག་ཉིད་ཡིན་ཡང་ཞེས་བྱ་བ་འདིར་རྟེན་ཐ་དད་པས་ཞེས་བྱ་བ་ཉམས་པར་འགྱུར་རོ། །ཇི་ལྟར་ཞེ་ན། ཡུལ་ཉིད་ཅེས་གསུངས་སོ། །ཡུལ་ཉིད་ཡིན་ན་ནི་རྟེན་གྱི་དངོས་པོ་ཡིན་པར་ཡང་བརྗོད་པ་མི་འཐད་དེ། སྔོན་པོ་ལ་སོགས་པ་བཞིན་ནོ། །དེས་ཁྱེད་ཀྱིས་ཡུལ་
གྱི་དངོས་པོ་ཉིད་དུ་བརྗོད་པར་བྱ་བ་དེས་ན་ངག་གི་ཞེས་བྱ་བ་ལ་སོགས་པར་སྦྱོར་རོ། །གལ་ཏེ་སྣ་ཚོགས་པས་ཞེས་ནི་མི་བརྗོད་ཀྱི་དོན་ཀྱང་སྒྲ་རྟེན་ཡིན་པའི་ཕྱིར་རོ་ཞེས་སོ། །དེ་ན་ཡིན་དང་དོན་གཅིག་ཡིན་ཡང་སྒྲས་བསྐྱེད་པའི་ཕྱིར་རྣམ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོ་ན་སྒྲ་ལས་བྱུང་བའི་
ཤེས་པ་ནི་ཡུལ་དུ་འགྱུར་ཏེ། སྐྱེད་བྱེད་ཡིན་པའི་སྔོན་པོ་ལ་སོགས་པ་བཞིན་ནོ་ཞེས་དོགས་པ་བསུ་ནས། བརྗོད་པ་ནི་རྟོགས་པའི་སྒྲ་ལས་ཞེས་བྱ་བ་ཉན་པའི་ཤེས་པ་རྟོགས་པ་ལས་སོ། །དེས་ཅིར་འགྱུར་སྙམ་ན་འདི་ནི་ཞེས་བྱ་བ་སྟེ་སྒྲའོ། །རྟོགས་ཟིན་པ་སྟོན་ན་དོན་མེད་པའི་ཕྱིར་རོ་ཞེས་བྱ་བའོ། །
Vol. 185 · folio 212a
གལ་ཏེ་སྔོན་པོའི་སྒྲ་དང་དོན་དང་སྒྲའི་ཤེས་པ་མཚན་ཉིད་ཀྱིས་མཐུན་པའི་རྣམ་པ་ཅན་ཡིན་པ་དེ་ལྟ་ན་ཡང་སྐྱེད་བྱེད་ཡང་ཡིན་པའི་ཕྱིར་དང་སྒྲ་ལས་རྟོགས་པ་ཡིན་པའི་ཕྱིར། འདིའི་ཡུལ་ནི་དོན་ཉིད་ཡིན་གྱི་སྐྱེད་པར་བྱེད་པ་ཡིན་ཡང་སྒྲ་ནི་མ་ཡིན་ཏེ། དེ་ནི་རྟོགས་ཟིན་པའི་ཕྱིར་ཞེས་
བྱ་བ་ནི་གཞན་གྱི་བསམ་པའོ་འདི་ལ་བརྗོད་པ་ན་ནི་དེ་ལྟ་ན་ནི་ཞེས་བྱ་བའོ། །དེ་ལས་ཞེས་བྱ་བས་ནི་སྒྲ་ལས་བྱུང་བའི་ཤེས་པ་ལས་སོ། །འབྲེལ་བ་མེད་ཉིད་བརྗོད་པ་ནི་དེ་ནི་ཞེས་བྱ་བའོ། །གཞན་ལས་ཞེས་བྱ་བ་ནི་རང་གི་ངོ་བོ་མ་ཡིན་པ་རྣམ་པར་ཤེས་པ་ལས་སོ། །དེ་ལས་ཞེས་བྱ་བ་ནི་སྒྲར་
སྣང་བའི་ཤེས་པ་ལའོ། །དེ་ལས་རྣམ་པ་གཞན་ཞེས་བྱ་བ་ནི། སྒྲའི་ཤེས་པ་ལས་སོ། །ཤེས་པ་ཐམས་ཅད་ནི་རང་གི་རང་བཞིན་མངོན་དུ་བྱེད་པའི་ཕྱིར་རོ། །དེ་ནི་ཞེས་བྱ་བ་ནི་བ་ལང་ལ་སོགས་པའོ། །གལ་ཏེ་དེ་ལྟར་རྗེས་སུ་དཔག་པ་ཉིད་ཀྱི་ཡུལ་ཡིན་ནོ་ཞེས་བརྗོད་པ་ནི། དེ་རྗེས་
སུ་དཔག་པའི་ཡུལ་དུ་བརྗོད་པར་འགྱུར་རོ་སྙམ་དུ་བསམས་ནས་གཞན་བརྗོད་པ་ནི་འོ་ན་ཞེས་བྱ་བའོ། །མ་ཡིན་ནོ་ཞེས་བྱ་བ་ནི་འགོག་པའོ། །འོ་ན་རྗེས་སུ་དཔག་པ་ལས་མི་སྣང་བ་ལ་ཇི་ལྟར་འཇུག་ཅེས་བྱ་བ་ནི་གཞན་གྱིའོ། །འདི་ལ་བརྗོད་པ་ནི་ཐམས་ཅད་དུ་ཞེས་བྱ་བ་སྟེ། མངོན་སུམ་དང་རྗེས་
སུ་དཔག་པ་ལས་ཡང་ངོ་། །དེ་ཉིད་ཅེས་བྱ་བའི་སྒྲའི་ཡུལ་ཀུན་རྫོབ་པ་ཉིད་དོ། །གལ་ཏེ་དེ་ཉིད་ཀྱིས་དོན་དམ་པར་འགྱུར་རོ་སྙམ་ན་གལ་ཏེ་ཞེས་བྱ་བའོ། །དེའི་རང་བཞིན་ཞེས་བྱ་བ་ནི་དབང་པོའི་རྣམ་པར་ཤེས་པའི་རང་བཞིན་གྱི་ཡུལ་གྱིའོ། །དེ་ལས་ནི་སྒྲ་ལས་རྟོགས་པའི་ཡུལ་ལའོ། །འདི་
བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །དེའི་ཚེ་གཞན་གྱིས་ཀྱང་གསལ་བའི་རང་བཞིན་གྱིས་མཚོན་པའི་དོན་རྟོགས་པར་འགྱུར་ཞེ་ན། གསལ་བའི་རང་བཞིན་འཛིན་པས་ཞེས་བྱ་བའོ། །གལ་ཏེ་གསལ་བའི་རང་བཞིན་གྱིས་ཤེས་པ་ཡིན་ན། དེའི་ཚེ་གསལ་བའི་དངོས་པོ་རྟོགས་པར་འགྱུར་རོ། །དེས་ན་སྒྲ་
ལས་བྱུང་བའི་ཤེས་པས་ཀྱང་གསལ་བར་སྣང་བ་འཛིན་པར་འགྱུར་རོ་ཞེས་བསམས་པའོ། །དབང་པོའི་ཤེས་པ་དང་སྒྲའི་ཤེས་པ་གང་ཡིན་པ་དེ་གཉིས་ཀྱི་རྣམ་པ་གང་ཡིན་པ་དེ་གསལ་བ་དང་མི་གསལ་བ་དག་གིས་ཐ་དད་ཀྱང་ངོ་ཤེས་པ་ལས་གཅིག་ཉིད་དུ་མི་གསལ་ལོ་ཞེ་ན། ལན་ནི་དེ་ཡང་ངོ་ཞེས་
Vol. 185 · folio 212b
བྱ་བའོ། །གནོད་པར་བྱེད་པ་ཉིད་སྟོན་པ་ནི། རྟོགས་པ་ཐ་དད་པ་ཞེས་བྱ་བའོ། །ཇི་ལྟར་ཡོད་སྙམ་ན་དྲན་པར་བྱ་བའི་ཞེས་བྱ་བའོ། །དེ་ལྟར་ན་ཡང་རྣམ་པ་ཐ་དད་པར་ཇི་ལྟར་འགྱུར་སྙམ་ན། དྲན་པ་དེ་ནི་ཞེས་གསུངས་སོ། །ངོ་ཤེས་པའི་མཚན་ཉིད་དེ་ནིའོ། །མཐོང་བ་ནི་ཞེས་བྱ་བ་ནི་མངོན་སུམ་ནི་
ད་ལྟར་བའི་དངོས་པོ་ལ་ཡིན་ནོ། །དེས་ན་ངོ་ཤེས་པ་དང་མཐོང་བ་གཉིས་འདས་པ་དང་ད་ལྟར་བའི་ཡུལ་ཅན་ཡིན་པའི་ཕྱིར་རྣམ་པ་ཐ་དད་པ་ཁོ་ནའོ། །དེའི་ཕྱིར་དེ་ཉིད་ཡུལ་གཅིག་པའི་གནོད་བྱེད་ཡིན་ནོ་ཞེས་དགོངས་པའོ། །བསྟན་ཟིན་ཏེ་ཞེས་བྱ་བ་ནི། དབང་ཚོགས་འབྲས་བཅས་ཉིད་ཕྱིར་རོ། །ཞེས་
བྱ་བ་དེར་འོ་ན་ཇི་ལྟར་ངོ་ཤེས་པ་དེ་སྐྱེད་སྙམ་ན་མཐོང་བ་ལས་ནི་ཞེས་བྱ་བའོ། །སུན་ཕྱུང་བའི་རྣམ་པ་བརྗོད་པ་ནི་བརྗོད་པ་དང་ཞེས་བྱ་བའོ། །གཏན་ཚིགས་མ་གྲུབ་པ་ཉིད་དུ་ཡང་བརྗོད་པ་ནི་རྗེས་སུ་འགྲོ་བ་ནི་ཞེས་བྱ་བའོ། །ཅི་ལྟར་ན་མངོན་པའི་ང་རྒྱལ་ཙམ་ཡིན་སྙམ་ན། མཐོང་བ་ཇི་ལྟ་བཞིན་ཞེས་བྱ་བའོ། །
སྤྱི་ནི་མཐོང་བ་མ་ཡིན་ནོ་ཞེས་དགོངས་པའོ། །གཞན་ཡང་མཐོང་བ་ལ་སྒྲའི་རྣམ་པར་ཤེས་པས་མ་རེག་ན་སྟེ་མ་རྟོགས་ན་ཡང་ངོ་། །འབྲེལ་པ་མ་རྟོགས་པར་འབྲེལ་པ་རྟོགས་པ་མི་འཐད་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟ་མིན་པ་དེས་མཐོང་བ་ཉིད་མ་རྟོགས་པའི་ཕྱིར་དེ་ལ་ཅི་ཡོད་དོ་ཞེས་ཇི་ལྟར་རྟོགས་བུམ་པ་
ལ་སོགས་པ་མ་རྟོགས་པ་ནི་དེ་ལ་ཆུ་ཡོད་དོ་ཞེས་རྟོགས་པར་སྲིད་དོ། །ཐ་དད་པའམ་ཐ་མི་དད་པའི་རྣམ་པ་སྟེ་རྗེས་སུ་སོང་བའི་སྤྱི་གང་ཡིན་པ་འཛིན་པ་དེར་ནུས་པ་དེའི་ལམ་དུ་གནས་པའི་མཐོང་བ་ནི་མ་ཡིན་ནོ། །རྣམ་པ་གཞན་མི་སྲིད་པའི་ཕྱིར་ཞེས་བྱ་བ་ནི་སྤྱི་གཞན་རྗེས་སུ་སོང་བ་མི་སྲིད་པའི་ཕྱིར། རང་ཉིད་
ཀྱིས་གོམས་པ་བག་ཆགས་དང་རྗེས་སུ་མཐུན་པའི་འདུ་བྱེད་སྔར་གྱི་གསལ་བ་མཐོང་བས་གཞག་པའི་འདུ་བྱེད་གང་ཡིན་པའི་ས་བོན་སད་པས་ནུས་པ་གསལ་བར་དེ་ལྟར་རྟོགས་པ་དེར་ཞུགས་པའོ། །རིགས་ལ་སོགས་པའི་རྟོགས་པ་གང་ཡིན་པ་དེ་མེད་པའི་ལམ་དུ་ཞུགས་པ་གང་ཡིན་པ་དེ་ན་རྗེས་སུ་མང་བའི་
མཚན་ཉིད་ཀྱིས་རྟོགས་པ་དེའི་དབང་གིས་ཡིན་ནོ། །ཡིད་ཀྱི་མངོན་སུམ་བཤད་པའི་ཕྱིར། ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་ཀྱིས་མདོ་རེ་ཞིག་འཆད་པ་ནི། ཡིད་ཀྱང་དོན་དང་ཆགས་ལ་སོགས། །ཞེས་བྱ་བའོ། །དོན་དང་ཆགས་པ་ལ་སོགས་པའི་རང་བཞིན་གང་ཡིན་པ་དེ་དག་རིག་པའོ། །འདིས་ནི་ཡིད་ཀྱི་
Vol. 185 · folio 213a
མངོན་སུམ་དང་རང་རིག་པ་ཡང་བརྗོད་པ་ཡིན་ནོ། །མདོ་འདི་ཉིད་ཀྱིས་འབྲེལ་པའི་གཞུང་ནི་དོན་དང་ཞེས་བྱ་བ་ལ་སོགས་པའོ། །མངོན་སུམ་གྱི་གཏན་ཚིགས་ནི་ཉམས་སུ་མྱོང་བའི་རྣམ་པར་ཞེས་བྱ་བའོ། །འོན་ཏེ་མིག་ལ་སོགས་པའི་རྣམ་པར་ཤེས་པ་ཉིད་ཡིད་ཀྱང་ཡིན་ནོ་སྙམ་ན།
སྨྲས་པ་མིག་ལ་སོགས་པས་སྐྱེད་པ་གང་ཡིན་པ་དེ་ནི་དབང་པོའི་ཤེས་པ་ཉིད་ཡིན་ནོ། །འོན་ཏེ་དེ་ལས་ཞེས་བྱ་བ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལས་སྐྱེད་པ་ཡིད་ཡིན་ནའོ། །འདིས་ཞེས་བྱ་བས་ནི་ཡིད་ཀྱིས་སོ། །ཁས་བླངས་ནས་ཀྱང་བརྗོད་པ་ནི་དྲན་པར་བྱ་བ་མ་ཡིན་པར་ཞེས་བྱ་བའོ། །
བརྒྱ་ལ་གྲུབ་པའི་མཐའ་པས་རྟོགས་པ་ལས་ངོ་ཤེས་པ་གཏན་ཚིགས་སུ་སྨྲ་བར་འགྱུར་བས་དེ་ལ་བརྗོད་པ་ནི་ངོ་ཤེས་པ་ནི་ཞེས་བྱ་བའོ། །མ་མཐོང་བ་ཞེས་བྱ་བ་གལ་ཏེ་མིག་ལ་སོགས་པའི་ཤེས་པས་མ་མཐོང་བ་གང་ཡིན་པ་དེ་ཉིད་ཡིད་ཀྱིས་འཛིན་ནའོ། །གཞན་གྱིས་ཞེས་བྱ་བ་ནི་མ་ལོང་བས་
སོ། །དོན་ཐམས་ཅད་འཛིན་པར་ཐལ་བ་ནི་ཐམས་ཅད་མཁྱེན་པར་འགྱུར་རོ་ཞེས་བྱ་བར་ཐལ་བའོ། །རང་བཞིན་དེ་ཉིད་ཅེས་བྱ་བ་ནི་ཤེས་པ་སྔ་མས་ཡོངས་སུ་བཅད་པའོ། །སྔར་ཡོངས་སུ་བཅད་པ་གང་ཡིན་པ་དེ་ཉིད་ཤེས་པ་ཕྱི་མས་བྱ་དགོས་པ་དེས་ན། དེས་ཅི་ཞིག་བྱ་འདི་ལ་གྲུབ་པའི་མཐའ་པས་
བརྗོད་པ་ནི། ཡོངས་སུ་མ་བཅད་པ་ལ་ཞེས་བྱ་བའོ། །གཞན་གྱིས་རང་གི་ངོ་བོར་སྣང་བ་ཉིད་དོ་ཞེས་སྨྲས་སོ། །འདི་ལ་གྲུབ་པའི་མཐའ་སྨྲ་བས་བརྗོད་པ་རང་གི་ངོ་བོར་སྣང་བ་དེ་གཞན་ལ་ཡང་ཞེས་བྱ་བ་ཡོངས་སུ་བཅད་པ་ཡང་ངོ་། །འདི་ལ་གཞན་གྱིས་བརྗོད་པ་ནི་དེ་ལྟར་ན་ཞེས་བྱ་བའོ། །ཤེས་པ་སྔ་
མ་ལ་སྣང་བ་གང་ཡིན་པ་དེ་ཉིད་ཤེས་པ་ཕྱི་མ་ལ་ཡང་ཡིན་ནོ་ཞེས་སྨྲས་པས་རྟག་པ་ཉིད་དུ་ཁས་བླངས་པར་འགྱུར་རོ་ཞེས་བསམས་པའོ། །འདི་ལ་གྲུབ་པའི་མཐའ་པས་ད་ལྟར་ཞེས་གསུངས་སོ། །འདི་འགོག་པ་ནི་མ་ཡིན་ནོ་ཞེས་བྱ་བའོ། །དེ་ཉིད་ཀྱིས་ཞེས་བྱ་བ་ནི་ཤེས་པ་སྔ་མས་སོ། །ཤེས་
པ་གཞན་གྱིས་རྟག་པ་ཉིད་འཛིན་པར་འགྱུར་རོ་ཞེ་ན། འདི་འགོག་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །རྟག་པ་གང་ལ་ཡིད་ཆེས་པ་སྟེ་རྟོགས་པ་ཡོད་པ་མ་ཡིན་ཏེ་དེའི་དངོས་པོ་དེའི་ཕྱིར་རོ། །ཤེས་པ་གཞན་གྱིས་ནི་རྟོགས་པར་མི་ནུས་སོ་ཞེས་བསམས་པའོ། །འདི་ཉིད་སྟོན་པ་ནི་དེའི་ཕྱིར་ཞེས་བྱ་བ་སྟེ་རྟག་པ་
Vol. 185 · folio 213b
ཉིད་དུ་འཛིན་པ་གཞན་དུ་མི་སྲིད་པའི་ཕྱིར་རོ། །དེ་ཉིད་ཀྱིས་ཞེས་བྱ་བ་ནི་སྔ་མས་སོ། །ཇི་ལྟར་དོན་མེད་སྙམ་ན་དེའི་རང་བཞིན་དུ་ཞེས་གསུངས་ཏེ། འཛིན་པར་བྱེད་པ་གཞན་གྱིས་ཀྱང་སྔར་གཟུང་བའི་རང་བཞིན་ཉིད་དུ་རྟོགས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེའི་རྣམ་པ་འཛིན་པ་ཞེས་བྱ་བ་ནི་
རྣམ་པ་གཅིག་མངོན་དུ་བྱེད་པའོ། །དེའི་དུས་འཛིན་པར་ཞེས་བྱ་བ་ནི་སྔོན་གྱི་དུས་འཛིན་པ་ཉིད་དུའོ། །གཞན་དག་ནི་ཞེས་བྱ་བ་ནི་ཡིད་ཚད་མར་བྱེད་པའོ། །གལ་ཏེ་ཡིད་ཀྱི་ཞེས་བྱ་བ་ནི་གལ་ཏེ་ཡིད་ཀྱི་དངོས་པོ་གཟུང་བ་མེད་ན་དེའི་ཚེ་ཡིད་ཀྱི་རྣམ་པར་ཤེས་པས་དྲན་པར་མི་འགྱུར་རོ། །གལ་ཏེ་
དབང་པོའི་རྣམ་པར་ཤེས་པས་གཟུང་བ་ཡིད་ཀྱིས་དྲན་པར་བྱེད་དོ་སྙམ་ན། འདིར་འགས་ཞེས་སྨྲས་ཏེ། བུས་བུ་གང་འགའ་ཞིག་གིས་མྱོང་བའི་དངོས་པོ་ནི། དེ་ལས་གཞན་འགའ་ཞིག་ནི་དྲན་པ་ནི་ནམ་ཡང་མེད་དོ། །དེའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པས་དྲན་པའི་ཕྱིར་དངོས་པོ་མངོན་དུ་བྱེད་པའི་
ཡོན་ཏན་ནི་ཡོད་པ་ཉིད་དོ་སྙམ་ན། འདི་ལ་གཞན་གྱི་སུན་འབྱིན་པ་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །དེའི་རྣམ་པར་རྟོག་པ་དང་བཅས་པའི་ཡིད་ཀྱིས་ཀྱང་རྣམ་པར་རྟོག་པ་མེད་པའི་ཡིད་ཀྱིས་གཟུང་བ་དངོས་པོ་དྲན་པར་མི་འགྱུར་ཏེ། རྟག་པར་རྟོག་པ་དང་བཅས་པ་དང་། རྟོག་པ་མེད་པ་དེ་དག་ཀྱང་ཐ་
དད་པའི་ཕྱིར་རོ། །གལ་ཏེ་གཉི་ག་གང་ཡང་གང་ཡིན་པའི་ཕྱིར་གཅིག་གིས་གཟུང་བ་གཞན་གྱིས་དྲན་པར་འགྱུར་རོ་ཞེ་ན། ཤེས་པ་ཡིན་པའི་ཕྱིར་ཡང་ཞེས་གསུངས་ཏེ། དབང་པོའི་ཤེས་པས་གཟུང་བ་ཡང་ཡིད་ཀྱི་དྲན་པར་འགྱུར་ཏེ་གཉི་ག་ཡང་ཤེས་པ་ཡིན་པའི་ཕྱིར་རོ། །དེས་ན་དྲན་པའི་
སྟོབས་ཀྱིས་ཡིད་ཡོངས་སུ་རྟོགས་པ་ནི་མི་འཐད་པ་ཁོ་ནའོ། །འཛིན་པ་ལ་ཞེས་བྱ་བ་ནི། འདི་ཞེས་བྱ་བར་ལྷག་པར་ཞེན་པ་སྟེ་དེ་ལ་ནི་སྔར་གྱི་གོམས་པའི་བྱེད་པ་འཇུག་པ་ཡིན་ནོ། །དེས་ན་འདི་མིག་ལས་བྱུང་བ་ཇི་ལྟར་ཡིན་ཞེས་དགོངས་པའོ། །འདི་ཉིད་མཇུག་བསྡུས་ཏེ་བསྟན་པ་ནི་དེ་ན་
འདི་ལ་ཞེས་བྱ་བའོ། །འདི་ལ་ནི་འཛིན་པ་ལའོ། །ཅི་སྟེ་ཞེས་བྱ་བ་ནི་དགོངས་པའོ། །དོན་མེད་པ་མ་ཡིན་ཏེ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །མོས་པ་ནི་ལྷག་པར་འཛིན་པའོ། །དེ་ཉིད་བརྗོད་པ་ནི་འདི་ཞེས་བྱ་བའོ། །ཤིན་ཏུ་གོམས་པ་ལས་རྣམ་པར་རྟོག་པ་མེད་པ་ཁོ་ནར་རོ། །གཞན་རྣམ་པར་རྟོག་པར་
Vol. 185 · folio 214a
ན་སྟེ་དེའི་ཡུལ་ཅན་གྱི་རྣམ་པར་རྟོག་པ་མེད་པར་ཡང་ང་ངོ་། །ཉེ་བར་གནས་པ་ལ་ནི་ད་ལྟར་གྱི་དུས་ན་ཡོད་པ་ལའོ། །རྣམ་པ་གཉིས་ཞེས་བྱ་བ་ནི། དབང་པོའི་ཤེས་པ་རྒྱུན་གྱིས་འཇུག་པ་དང་། རྣམ་པ་གཅིག་གི་དབང་པོའི་ཤེས་པའི་མཚན་ཉིད་ཀྱིས་ཡིན་ལ། གཞན་ནི་ཡིད་ཀྱི་
རྣམ་པར་ཤེས་པའི་མཚན་ཉིད་དོ། །འདི་ལ་གྲུབ་པའི་མཐའ་ལས་བརྗོད་པ་ནི་འདི་ཞེས་བྱ་བའོ། །དཔེར་ན་རབ་རིབ་ཅན་ཉིད་ཀྱིས་རང་རང་གི་རྣམ་པ་ཐ་དད་པ་ཁོ་ནར་ཉམས་སུ་མྱོང་མོད་གྱི། དེ་ལྟ་ན་ཡང་གཅིག་ཉིད་དུ་ལྷག་པར་ཞེན་པ་དེ་བཞིན་དུ་འདིར་ཡང་ཕན་ཚུན་མཚན་ཉིད་མི་མཐུན་
པའི་རྣམ་པ་དབང་པོའི་ཤེས་པ་དང་ཡིད་ཀྱི་ཤེས་པ་ལ་བརྟེན་པ་གཉིས་ཉམས་སུ་མྱོང་མོད་ཀྱི། འོན་ཀྱང་འཁྲུལ་པས་གཅིག་ཏུ་ལྷག་པར་ཞེན་པ་ཡིན་ནོ་ཞེས་བྱ་བའོ། །བདེ་བ་ལ་སོགས་པ་ཁོ་ན་ཡིན་པར་ཞི་བ་བཟང་པོ་ལ་སོགས་པས་བརྗོད་པ་གསལ་བའི་དོན་དུ་འགོད་པར་བྱེད་པ་ནི་འོ་ན་
ཞེས་བྱ་བའོ། །འདིའོ་ཞེས་བྱ་བ་ལ་སོགས་པ་རྟོགས་པ་བཞིན་དུ་བདེ་བ་ལ་སོགས་པ་ཡང་གོམས་པའི་རྗེས་སུ་འབྲང་བ་འཇུག་པའི་ཕྱིར་རོ་ཞེས་བསམས་པའོ། །འདི་ལ་གཞན་གྱི་ཚིག་གི་ཚུལ་ཉིད་ཀྱིས་ལན་གདབ་པའི་ཕྱིར་བརྗོད་པ་ནི་དེས་ན་ཞེས་བྱ་བ་སྟེ། བདེ་བ་ལ་སོགས་པ་ཡིན་པས་
ནའོ། །གཞན་གྱིས་བདེན་དེ་ཞེས་སྨྲས་སོ། །གཞན་ཉིད་ཀྱིས་གྲུབ་པའི་མཐའ་པས་གཞུང་དང་འགལ་བ་བརྗོད་པའི་དོགས་པ་བསུ་བ་ནི། དབང་པོ་ལས་འབྱུང་བའི་ཞེས་བྱ་བའོ། །ཕ་རོལ་པོ་ཡང་བདེ་བ་ལ་སོགས་པ་དབང་པོ་ལས་བྱུང་བའི་གཞུང་ཡིན་པར་བསམས་ནས་སྨྲ་བ་ནི་འདིར་ཡང་ཞེས་བྱ་
བའོ། །འདིར་ཡང་བདེ་བ་ལ་སོགས་པ་དབང་པོ་ལས་བྱུང་བ་ཡིན་ཡང་། མིག་ལ་སོགས་པའི་རྣམ་པར་ཤེས་པ་བཞིན་དུ་རང་རིག་པའི་རང་བཞིན་མི་འགལ་ཏེ། དེས་ན་དབང་པོ་ལ་མི་ལྟོས་པའི་ཕྱིར་ཞེས་བྱ་བའི་ཚིག་ཐོས་པ་ལས་གཞན་དག་འགལ་བར་སེམས་པ་ཡལ་བར་དོར་ནས་དེ་ཉིད་ལ་དྲི་བ་
ནི། འོ་ན་ནི་ཆོས་ཀྱི་གྲགས་པ་འདི་གྲགས་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བའོ། །ཕ་རོལ་པོའི་འགལ་བ་སྣང་བའི་དོན་དུ་ངག་འདི་འཆད་པ་ནི། དབང་པོ་པ་ཉིད་བདེ་བ་དང་བདེ་བ་མ་ཡིན་པ་ཞེས་བྱ་བར་བདེ་བ་ལ་སོགས་པའི་སྒྲས་ནི་ཞེས་བྱ་བ་སྟེ། དབང་པོ་པས་ནི་དབང་པོར་གཟུང་བར་བྱ་བ་བདེ་བ་ལ་
Vol. 185 · folio 214b
སོགས་པའི་རྒྱུ་སྟེ། བདེ་བ་ལ་སོགས་པ་བསྐྱེད་པར་སྣང་བ་ཡང་བརྗོད་པ་ཡིན་ནོ། །དེ་སྐད་ཅེས་བྱ་བ་ནི་དབང་པོ་པ་ཉིད་དུའོ། །དེ་ལྟ་ན་ཡང་བདེ་བ་ལ་སོགས་པ་ནི་ཡིད་ཁོ་ན་ཡིན་པས་གཞུང་དང་འགལ་བ་ཅི་ཡང་མེད་དོ་ཞེས་གཞན་གྱིས་བསྟན་པ་ལ་གྲུབ་པའི་མཐའ་པ་འདྲི་བ་ནི་གལ་ཏེ་ཞེས་བྱ་
བའོ། །གཞུང་འདིར་ནི་དབང་པོའི་རྣམ་པར་ཤེས་པ་དམིགས་པ་མེད་པ་བསྒྲུབ་པའི་དོན་དུ་གོམས་པའི་དབང་གིས་དེ་རྣམ་པར་མ་ངེས་པ་ཉིད་དུ་སྟོན་པར་འདོད་པ་ཡང་ཡིན་ནོ། །ཡང་གང་གི་ཚེ་བདེ་བ་ལ་སོགས་པའི་རྣམ་པར་ཤེས་པ་ཡིད་ཁོ་ན་ཡིན་ལ། དེ་ཉིད་དབང་པོའི་རྣམ་པར་ཤེས་པ་ཡང་ཡིན་ན་དོན་
ངེས་པའི་རྣམ་པ་ཅན་ཡིན་པའི་ཕྱིར། དམིགས་པ་དང་བཅས་པ་ཁོ་ནར་འགྱུར་རོ། །དེ་ལྟ་ན་ཡང་སྐབས་ཀྱི་དོན་མ་བསྒྲུབས་པའི་ཕྱིར། ཁྱེད་ཀྱིས་བཤད་པ་ལྟར་ན་གཞུང་འདི་དོན་མེད་པ་ཁོ་ནར་འགྱུར་རོ་ཞེས་བྱ་བར་བསམས་པའོ། །འདིར་ཕ་རོལ་པོས་མ་ཡིན་ཏེ་ཞེས་སྨྲས་སོ། །དེར་ཡིད་ཀྱིས་
འབའ་ཞིག་གོམས་པའི་དབང་གིས་རྣམ་པ་གཞན་དང་གཞན་སྐྱེ་བ་ཞེས་བྱ་བར་འདོད་པ་ནི་མ་ཡིན་གྱི། འོན་ཀྱང་ཉེ་བར་མཚོན་པར་བྱེད་པ་ཡིན་པའི་ཕྱིར། དབང་པོའི་རྣམ་པར་ཤེས་པ་ཡང་གོམས་པའི་དབང་གིས་ཉེ་བར་སྐྱེས་པ་གསལ་བ་ལ་སོགས་པ་རྣམ་པ་མང་པོས་འདོད་པ་ཁོ་ནའོ། །དེས་ན་
དེ་ཡང་དམིགས་པ་མེད་པ་ཉིད་དུ་བསྟན་པ་ཁོ་ནའོ་ཞེས་བྱ་བར་བསམས་པའོ། །གལ་ཏེ་གོམས་པའི་ལྷན་ཅིག་བྱེད་པ་ཅན་གྱི་མིག་ལ་སོགས་པ་ཉིད་རྣམ་པར་ཤེས་པའི་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་འཐད་ན། འོ་ན་བདེ་བ་ལ་སོགས་པ་ཡང་དབང་པོ་པ་ཉིད་དུ་འགྱུར་ཏེ་དེ་དག་ཀྱང་གོམས་པ་
ལྷན་ཅིག་བྱེད་པ་ཅན་གྱི་མིག་ལ་སོགས་པས་སྐྱེད་པ་ཉིད་དུ་ཉམས་སུ་མྱོང་བའི་ཕྱིར་རོ། །མན་ངག་དག་དང་བྲལ་བར་རྗོད་པར་བྱེད་པ་མ་ཡིན་པའི་གཞུང་འཆད་པར་བྱེད་པ་གང་གི་དོན་དུ་འདི་རྩོམ་པར་བྱེད་པ་དེས་ན་སྒྲས་བསྟན་པ་ཡིན་ནོ་ཞེས་བྱ་བ་ལྷུར་ལེན་པས་ཆོག་གོ་ཞེས་བསམས་ནས་གྲུབ་
པའི་མཐའ་པས་བརྗོད་པ་ནི། དབང་པོའི་ཤེས་པ་ཡང་ཞེས་བྱ་བའོ། །འདི་ལྟ་ཡིན་དང་བདེ་བ་ལ་སོགས་པ་ནི་མ་ཡིན་ནོ་ཞེས་དགོངས་པའོ། །འོ་ན་བདེ་བ་ལ་སོགས་པ་ལྟར་འདི་ཞེས་བྱ་བ་ལ་སོགས་པའི་རྣམ་པ་ཅན་གྱི་ཤེས་པ་ཡང་གོམས་པའི་ལྷན་ཅིག་བྱེད་པ་ཅན་མིག་ལ་སོགས་པའི་རྒྱུ་ལས་སྐྱེད་
Vol. 185 · folio 215a
པ་ན། དབང་པོ་ལས་བྱུང་བ་ཉིད་དུ་འགྱུར་གྱི་ཡིད་ནི་མ་ཡིན་ནོ་ཞེས་བསམས་ནས་བརྗོད་པ་ནི་དེ་ལྟ་ན་འོ་ན་ཞེས་བྱ་བའོ། །འདི་འགོག་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །འདི་ཞེས་བྱ་བར་རྟོགས་པ་ལ་ནི་གོམས་པ་ཉིད་ཀྱི་ནུས་པ་ཡོད་ཀྱི་དབང་པོ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་གོམས་པ་དང་
བཅས་པ་ལ་ཇི་ལྟར་མིག་ལ་སོགས་པའི་བྱེད་པའི་རྫས་ཁོ་ནར་བདེ་བ་ལ་སོགས་པའི་རྣམ་པ་ཅན་གྱི། རྣམ་པར་ཤེས་པ་སྐྱེ་བ་དེ་བཞིན་དུ་འདིར་ཡང་འགྱུར་ན། དེ་ལྟར་ཡང་མ་ཡིན་ཏེ། དབང་པོའི་བྱེད་པ་ནི་དེ་མ་ཐག་ཏུ་དབང་པོའི་རྣམ་པར་ཤེས་པ་སྐྱེས་པ་ན་ཕྱིས་འདི་ཞེས་བྱ་བ་ལ་སོགས་པར་རྟགས་
ཉམས་སུ་མྱོང་བའི་ཕྱིར་རོ། །དེས་ན་འདི་ནི་ཡིད་ཉིད་ཡིན་གྱི་དབང་པོ་ལས་སྐྱེས་པ་ནི་མ་ཡིན་ཏེ། དེ་ཡོད་པ་དང་མེད་པའི་རྗེས་སུ་མི་བྱེད་པའི་ཕྱིར་རོ། །དེ་བཞིན་ཉིད་དུ་ཞེས་བྱ་བ་ནི་ཡིད་ཀྱི་བྱེད་པ་ཡིན་པ་ཉིད་དུའོ། །དེ་ཞེས་བྱ་བའི་ཡིད་ཀྱི་རྟོགས་པ་ལྐོག་ཏུ་གྱུར་པ་ལ་ཇི་ལྟར་མི་འཇུག་ཅེས་སྦྱར་
རོ། །ད་ནི་ཞེས་བྱ་བ་ནི་དེ་ཞེས་བྱ་བའི་རྣམ་པ་ཅན་གྱི་ཤེས་པའོ། །དེའི་རྗེས་སུ་འགྲོ་བའི་ཞེས་བྱ་བ་ནི་དེས་བསྐྱེད་པའིའོ། །འདི་ལ་གཞན་གྱིས་སྨྲས་པ་ནི་དེ་ཉིད་ཀྱིས་ཞེས་བྱ་བ་སྟེ། སྐད་ཅིག་གཉིས་པས་སོ། །ལན་ནི་མིག་གི་ཞེས་བྱ་བའོ། །དབང་པོའི་རྣམ་པར་ཤེས་པ་ཁོ་ནས་འཛིན་ནོ་ཞེས་ཇི་
ལྟར་ཤེས་སྙམ་ན། དེ་ལྟར་ཡང་ཞེས་གསུངས་སོ། །དབང་པོའི་རྣམ་པར་ཤེས་པས་མཐོང་བ་ཡིན་ནོ། །ཇི་ལྟར་རྐྱེན་ཡིན་ཞེས་པ་ནི་ཡིད་ཀྱིའོ། །དབང་པོའི་ཤེས་པ་སྔ་མ་ཉིད་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་ནོ་ཞེ་ན་རང་གི་ཞེས་སྨྲས་སོ། །དུས་སྔ་མ་ཉིད་བསྒྲུབ་པ་ནི་ཡུལ་ནི་ཞེས་བྱ་བ་སྟེ།
རྒྱུ་མ་ཡིན་པ་ནི་ཡུལ་དུ་མི་འགྱུར་རོ། །གལ་ཏེ་དེ་ལྟ་ན་ཡང་རང་གི་ཤེས་པ་དང་དུས་མཚུངས་པར་འགྱུར་རོ་སྙམ་ན། རྒྱུ་ཡང་ཞེས་གསུངས་སོ། །སྔར་ནི་འབྲས་བུ་ལས་སོ། །མེད་པ་ནི་རྒྱུ་སྟེ་དེར་འགྱུར་རོ། །རྒྱུ་སྔར་མེད་པ་ཡང་ནུས་པ་མེད་དོ། །འོན་ཏེ་འབྲས་བུའི་དུས་སུ་ཡང་འབྲས་བུ་ཡོད་པ་ཉིད་
མ་ཡིན་ཏེ། དེས་ན་ནུས་སོ་སྙམ་ན་གལ་ཏེ་ཞེས་བྱ་བའོ། །གལ་ཏེ་སྣང་བ་དོན་གྱི་ངོ་བོ་ཡིན་ན་དེའི་སྔོན་པོ་ལ་སོགས་པ་ལྔར་ཞེས་སྦྱར་རོ། །དེ་ཉིད་ཅེས་བྱ་བ་སྣང་བ་ཉིད་དོ། །སྔར་ཡང་ཞེས་བྱ་བ་ནི་ཤེས་པའི་སྔོན་རོལ་དུའོ། །གལ་ཏེ་ཤེས་པ་མེད་པར་ཡང་སྣང་བ་ན་ནི་དེའི་ཚེ་ཤེས་པ་དོན་མེད་དོ་
Vol. 185 · folio 215b
ཞེས་སྦྱར་རོ། །འདི་ལ་བརྗོད་པ་ནི་འདི་ནི་ཁྱེད་ཉིད་ཀྱིས་ཞེས་བྱ་བའོ། །དེའི་ངོ་བོ་ཉིད་ནི་སྣང་བའི་ངོ་བོ་ཉིད་དོ། །འདི་ག་ལས་ཤེ་ན་དེ་ཉིད་ཡོད་པ་ལ་ཞེས་བྱ་བའོ། །སྣང་བའི་ངོ་བོ་ཞེས་བྱ་བའི་ཚིག་གིས་ནི་སྣང་བ་ཡོད་པ་ཡིན་ནོ་ཞེས་བསྟན་པ་ཡིན་ལ་ཕྱིས་དེ་ཡང་མེད་དོ་ཞེས་བསྟན་པ་ཡིན་ན།
ཆོས་ཅན་གཅིག་ལ་སྣང་བ་དང་མི་སྣང་བ་ཕན་ཚུན་འགལ་བ་དག་གནས་པས་ཇི་ལྟར་འགྱུར་བ་མཐོང་གི་ཞེས་བྱ་བ་སྣང་བ་དམིགས་པའོ། །ཤེས་པ་ཡོད་ན་ཞེས་བརྗོད་པ་ནི། བྱེད་པ་པོ་ཉིད་དུ་ཞེས་བརྗོད་པ་ཡིན་ན། དེ་ཡང་མི་འཐད་དོ་ཞེས་སྟོན་པ་ནི། ཅི་ད་ནི་ཞེས་བྱ་བའོ། །བྱེད་པ་པོ་ཉིད་
དུ་འགྱུར་མོད་དེ་ལས་ཅིར་འགྱུར་ཞེ་ན། བྱེད་པ་པོ་ཉིད་ཀྱང་ཞེས་བྱ་བའོ། །དུས་མཉམ་ཡང་བྱེད་པ་པོ་ཉིད་ཅི་སྟེ་མ་ཡིན་ཞེ་ན། མེད་པ་ཞེས་བྱ་བ་ལ་སོགས་པའོ། །དུས་མཉམ་པ་ཉིད་དུ་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །དེ་ལྟ་ན་ནི་འོ་ན་དེ་ཉིད་ཀྱི་ཚེ་སྣང་བ་མིག་གི་ཐད་ནས་སྐྱེས་པ་ཡིན་ཏེ། རྒྱུ་དེས་
ན་སྔར་གནས་པའི་དོན་གྱི་ངོ་བོ་མ་ཡིན་ནོ། །གང་གནས་པ་ཉིད་ན་གང་འཇིག་པར་འགྱུར་ཞེས་འབྲེལ་ཏོ། །ཡོད་ན་ཕྱིས་འབྱུང་ཞེས་བྱ་བ་ནི་མེ་ལོང་ལ་སོགས་པ་ལ་སྐྱེ་བ་དེ་བཞིན་དུ་ཁོ་བོའི་སྣང་བ་ཡང་ཕྱིས་སྐྱེ་བ་ན། དོན་ལས་ཐ་དད་པ་ཉིད་དུ་འགྱུར་རོ་ཞེ་ན། འདི་ལ་བརྗོད་པ་ནི་གལ་ཏེ་ཡུལ་ཐ་དད་པའི་
ཕྱིར་ཞེས་བྱ་བའོ། །དེར་ཡང་ཕྱིས་སྐྱེས་པས་ནི་ཐ་དད་པ་མ་ཡིན་གྱི། འོན་ཀྱང་ཡུལ་ཐ་དད་པ་ཡིན་ནོ་ཞེས་བསམས་པའོ། །གཞན་ཡང་གདོང་དང་གཟུགས་བརྙན་ཐ་དད་དོ་ཞེས་བྱ་བའོ། །འདི་ལའང་ཚད་མ་ཡོད་དོ་ཞེས། །ཞེས་བརྒྱ་ལ་སངས་རྒྱས་པས་བརྗོད་པར་བྱ་བར་འགྱུར་བ་དེ་ལ་བརྗོད་པ་ནི་
དོན་ལས་སྣང་བ་ཐ་དད་པ་གང་ཡིན་པ་དེའི་སྒྲུབ་པར་བྱེད་པ་ནི་མཐོང་བ་མེད་དོ། །ད་ལྟར་འབྱུང་འགྱུར་བ་ཞེས་བྱ་བ་ནི་ད་ལྟར་སྐྱེ་བར་འགྱུར་རོ། །དེ་བཞིན་སྔོ་སོགས་ཀྱང་འགྱུར་ཏེ་སྐྱེ་བར་འགྱུར་རོ། །སྔོན་པོ་ལ་སོགས་པ་ཡང་སྣང་བ་དང་གྲུབ་པ་དང་བདེ་བ་གཉིས་མཚུངས་པའི་ཕྱིར་རོ། །སྔོན་རོལ་དུ་ནི་
ཤེས་པའི་སྔོན་རོལ་དུའོ། །དེ་བཞིན་དུ་ནི་སྟེ་དོན་བཞིན་དུ་སྣང་བར་སྔ་རོལ་ཉིད་དུ་འབྱུང་བར་འགྱུར་ཏེ། དོན་དང་སྣང་བ་དེའི་བདག་ཉིད་དུ་ཡིན་པའི་ཕྱིར་རོ། །དེ་ལྟར་འགྱུར་མོད་སྙམ་ན་དེ་ལྟར་དེ་ནི་ཞེས་སྨྲས་སོ། །འོན་ཏེ་སྣང་བ་ནི་དོན་ལས་གཞན་ཉིད་ཡིན་ནོ་ཞེས་བྱ་བའི་ཕྱོགས་གཉིས་པ་ལ་བདག་
Vol. 185 · folio 216a
ཅག་གི་འདོད་པ་ཉིད་གཞན་གྱིས་ཀྱང་ཁས་བླངས་པ་ཡིན་ནོ་ཞེས་མཇུག་སྡུད་པར་སྟོན་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །རྗེས་སུ་མཐུན་པའི་དཔེ་བརྗོད་པ་ནི། ཕ་གཟུགས་འཛིན་པ་ཇི་བཞིན་ནོ། །ཞེས་བྱ་བའོ། །སྔར་བཀོད་པའི་མདོ་ཉིད་ཀྱིས་རང་རིག་པ་ལ་ལྟོས། འགྲེལ་པའི་གཞུང་ཕྱོགས་
ཀྱི་གླང་པོའི་ཞལ་སྔ་ནས་ཀྱིས་མཛད་པ་འགོད་པ་ནི་བདེ་བ་ལ་སོགས་པ་ཞེས་བྱ་བའོ། །རྣམ་པར་རྟོག་པའི་རང་གི་ངོ་བོ་ཡང་ཡིན་པ་དེ་མངོན་སུམ་མ་ཡིན་པ་ཉིད་དུ་འགྱུར་ཏེ་རྣམ་པར་ཤེས་པ་ནི་ལྐོག་ཏུ་གྱུར་པ་ཡིན་ནོ་ཞེས་བྱ་བ་བྲམ་ཟེའི་གཞུང་གང་ཡིན་པ་དེར་ཐལ་བར་འགྱུར་རོ། །འོ་ན་ཅིའི་དོན་དུ་
བདེ་བ་ལ་སོགས་པ་སྨོས་པ་མཛད་དེ། ཤེས་པ་ཙམ་གྱིས་ཞེས་ཅི་སྟེ་མ་གསུངས་ཤེ་ན། བདེ་བ་ལ་སོགས་པ་སྨོས་པ་ནི་ཞེས་བྱ་བའོ། །དེའི་ནི་ཞེས་བྱ་བ་རྣམ་པར་རྟོག་པའོ། །འགལ་པའི་ཆོས་གནས་པས་ཐ་དད་པར་འགྱུར་རོ་ཞེས་བསམས་པའོ། །དེ་ལས་མ་རྟོགས་པ་ནི་ཞེས་བྱ་བ་ནི་བདེ་བ་ལ་
སོགས་པའི་རང་གི་ངོ་བོ་ལ་མ་རྟོགས་པའོ། །དེའི་ཚེ་ཡང་ཞེས་བྱ་བ་ནི་དངོས་སུ་བྱེད་པའི་དུས་ནའོ། །སྔ་མ་དང་ཕྱི་མའི་དངོས་པོ་དང་མངོན་པར་བརྗོད་པ་དེ་དག་གི་སྒོ་ནས་སྦྱོར་བ་དེའི་སྐབས་ཅི་ཞིག་ཡོད། དེ་ལ་བྱིས་པ་བརྡ་ལ་བློ་མ་བྱང་བ་ལ་སོགས་པ་ནི་མངོན་པར་བརྗོད་པ་དང་མི་སྦྱོར་ཡང་ནུ་མ་
ལ་སོགས་པ་ལ་དེ་ཉིད་འདི་ཡིན་ནོ་ཞེས་སྔ་མ་དང་ཕྱི་མ་མཚམས་སྦྱོར་བ་ཁོ་ནའོ། །བརྡ་ལ་བྱང་བ་ནི་བརྗོད་པ་ཡང་སྦྱོར་བར་བྱེད་དོ། །དེས་ན་གཉི་ག་ཡང་གཟུང་བ་ཡིན་ནོ། །དེའི་ཚེ་ཞེས་བྱ་བ་དུས་ཕྱིས་རིག་པ་དང་བདེ་བ་ལ་སོགས་པ་དེ་མེད་པའི་ཕྱིར་ཏེ། གང་གིས་གང་ཞིག་སྦྱོར་ཞེས་བྱ་བའི་དོན་ཏོ། །
དུས་ཕྱིས་ནི་དེ་དག་ལ་སྔ་མ་ཉིད་དུ་གཟུང་བར་བྱ་བ་ཡིན་ནོ། །དེ་ལྟ་ཡིན་དང་གཞན་གྱིས་ཞེས་བྱ་བ་ནི་ཤེས་པ་གཞན་གྱིས་སོ། །རྣམ་པ་གཞན་དུ་ཞེས་བྱ་བ་ནི་མི་གསལ་བ་ཉིད་དུའོ། །དེ་ནི་ཞེས་བྱ་བ་ནི་བདེ་བའོ། །དེའི་ཚེ་དྲན་པའི་རང་བཞིན་བདེ་བའི་རིག་པ་ཉིད་མ་ཡིན་ཏེ། སྔར་ཞུགས་པའི་རང་
བཞིན་དུ་རྟོགས་པའི་ཕྱིར་རོ། །གཞན་གྱིས་བདེ་བ་རིག་པའི་དུས་བཞིན་ནོ། །གལ་ཏེ་བདེ་བ་དེ་ནི་དྲན་པའི་དུས་ཁོ་ནར་སྐྱེ་བ་མ་ཡིན་ནམ། དུས་ན་སྔར་ཞུགས་པའི་རང་བཞིན་དུ་དྲན་པས་ཡུལ་དུ་ཅི་ལྟར་བྱེད་སྙམ་ན། དེའི་ཚེ་ཉིད་ནི་ཞེས་བྱ་བ་སྟེ། དྲན་པའི་དུས་ཉིད་ནའོ། །གལ་ཏེ་བརྗོད་པ་དང་འབྲེལ་
Vol. 185 · folio 216b
བའི་རྟོག་པ་ཉིད་ཡིན་ནོ་ཞེ་ན། བཤད་པ་བདེ་བ་བརྗོད་པར་བྱ་བ་ཉིད་ཡོད་པ་མ་ཡིན་ནོ། །དེས་ན་བདེ་བ་དེ་ལས་ཐ་དད་ན་སྟེ་སྒྲས་དབེན་པ་ཡིན་ན་ཇི་ལྟར་བརྗོད་པ་དང་འབྲེལ་པ་སྲིད། འོན་ཏེ་སྒྲ་ཡང་དུས་ཀྱང་མཚུངས་པར་གསལ་བ་ཉིད་ཡིན་ནོ་ཞེ་ན། དུས་གཅིག་རིག་པ་ཙམ་གྱིས་ན་ཞེས་བྱ་
བའོ། །ཡིད་ཀྱང་ཞེས་བྱ་བ་ནི་སྣང་བཞིན་པའོ། །ཇི་ལྟར་ན་གཟུགས་ལ་སོགས་པ་ཅན་མ་ཡིན་ཞེ་ན། རང་བདག་ཉིད་ལ་ཞེས་བྱ་བའོ། །དེ་ལྟ་ཡིན་མོད་དེས་ཅིར་འགྱུར་ཞེ་ན། སྐྱེ་བ་དེ་ཚེ་ཞེས་བྱ་བའོ། །འདི་ནི་ཞེས་བྱ་བ་ནི་ཡོད་དོ། །དེ་ཡིས་ཞེས་བྱ་བ་ནི་ཡིད་ཀྱིས་དོན་གཟུང་བ་མེད་པའི་ཕྱིར་
དོན་ལ་རྣམ་པར་རྟོག་པ་དང་བཅས་པ་མ་ཡིན། དེ་མ་བཟུང་བ་ཡང་རྣམ་པར་རྟོག་ན། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ངོ་བོ་ཉིད་ལ་ཡང་མི་རྟོག་ཕྱིར། ངོ་བོ་ཉིད་ལ་ཡང་རྣམ་པར་རྟོག་པ་དང་བཅས་པ་མ་ཡིན་ནོ་ཞེས་འབྲེལ་ཏོ། །འདིར་ཞེས་བྱ་བ་ནི་དོན་དུ་སྒྲོ་འདོགས་པ་ལའོ། །སྒྲོ་འདོགས་པ་
ཡང་དོན་འཛིན་པ་ཞིག་ཡིན་ན། གཉི་ག་ལྟར་ན་ཡང་སྔར་བཤད་པའི་ཉེས་པར་འགྱུར་རོ་ཞེས་བསམས་པའོ། །འཛིན་པ་དང་སྒྲོ་འདོགས་པ་དེ་གཉིས་ཡོད་པའི་ཕྱིར་ཞེས་བྱ་བའི་རྩོད་པ་ལ་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །འཛིན་པ་དང་སྒྲོ་འདོགས་པ་དག་ཕན་ཚུན་ཐ་དད་པའམ་ཐ་མི་དད་
པར་འགྱུར། དེ་ལ་གཅིག་པ་ནི་འཛིན་པ་དང་སྒྲོ་འདོགས་པ་གཉིས་ཡོད་དོ་ཞེས་བྱ་བ་འདི་བདེན་པ་མ་ཡིན་ཏེ། སྒྲོ་འདོགས་པ་འབའ་ཞིག་ལ་འཛིན་པ་འབའ་ཞིག་ཡོད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་འགྱུར་མོད་ཅི་སྐྱོན་སྙམ་ན། དེ་ལ་ཞེས་གསུངས་སོ། །འོན་ཏེ་ཞེས་ཕྱོགས་
གཉིས་པ་ལ་བརྗོད་པའོ། །རྣམ་རྟོག་བཅས་པའི་རིག་པའི་ཞེས་བྱ་བ་ནི་སྒྲོ་འདོགས་པའོ། །རྟོག་མེད་ཅེས་བྱ་བ་ནི་འཛིན་པའོ། །དེ་ལ་ནི་གཉི་ག་ལྟར་ཡང་ཉེས་པ་སྨྲས་ཟིན་ཏོ། །འོ་ན་མེད་པར་རྟོག་པ་མེད་དོ་སྙམ་པའི་དོགས་པ་བསུ་ནས་རང་གི་ཕྱོགས་ལ་རྣམ་པར་རྟོག་པ་རྣམ་པར་གནས་པ་
བརྗོད་པ་ནི། དེའི་ཕྱིར་ཞེས་བྱ་བའོ། །བརྟགས་པས་ཞེས་ཚད་མས་འཐད་པའོ། །གཞན་དག་འདི་ཡང་སུན་འབྱིན་པ་སྨྲ་བ་ནི་དེ་ལ་ཞེས་བྱ་བའོ། །གྲུབ་པའི་མཐའ་ཡས་པས་འཛིན་པ་མེད་པར་ནི་ཞེས་སྨོས་ཏེ། དོན་མ་བཟུང་བ་སྐྱེས་བུ་འཇུག་པར་བྱེད་པ་གང་ཡིན་པ་དེ་ཉིད་ང་རྒྱལ་ཡིན་ནོ་ཞེས་བྱ་
Vol. 185 · folio 217a
བའི་དོན་ཏོ། །གཞན་གྱིས་བརྗོད་པ་ནི་གལ་ཏེ་མ་བཟུང་བའི་དོན་ལ་ཤེས་པ་དེ་འཇུག་པར་བྱེད་པ་ཡིན་ན། དེའི་ཚེ་ཡུལ་ཐམས་ཅད་ལ་ཅི་ལྟར་འཇུག་པར་བྱེད་པ་མ་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་རོ་ཞེ་ན་འདི་ལ་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ཅིའི་དོན་དུ་
འཇུག་པ་སྟེ། མངོན་དུ་བྱེད་པའི་ཤེས་པ་ཉིད་དེའི་ཡུལ་ཅན་ཡིན་པར་འགྱུར་བས་དེ་ལ་ཐོག་པ་གཞན་ནི་མེད་དོ། །ཤེས་པ་དེ་ཡང་སྔར་ཉིད་སྐྱེས་ཟིན་པས་ན་ཅི་དོན་དུ་འཇུག་པ་ཡིན་དེས་ན་གཟུང་བ་ལ་འཇུག་པ་མི་འཐད་པའི་ཕྱིར་ན། མ་བཟུང་བ་ཉིད་ལ་འཇུག་པ་ཡིན་ནོ་ཞེས་སྨྲས་སོ། །འདི་ལ་
གཞན་གྱིས་ཞེས་སྨྲས་སོ། །ལན་ནི་འདིར་ཞེས་བྱ་བའོ། །རྣམ་པར་རྟོག་པ་མེད་པའི་མཚན་ཉིད་བརྗོད་པ་ནི་གང་ལ་ཞེས་བྱ་བའོ། །མངོན་སུམ་གྱི་མཚན་ཉིད་བརྗོད་པ་ནི་མངོན་དུ་ཞེས་བྱ་བའོ། །དེ་ལྟར་ན་འཇིག་རྟེན་གྱི་རྟོགས་པས་རྣམ་པར་གནས་པ་འདི་འདྲ་བ་ཡིན་གྱི། དོན་དམ་པར་མ་
ཡིན་ནོ་ཞེས་བརྗོད་པ་པ་ནི་དོན་དམ་དུ་ན་ཞེས་བྱ་བའོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པས་ནི། རྣམ་པ་གཞན་དུ་ཡང་རྣམ་པར་རྟོག་པ་དང་བཅས་པ་དང་། རྟོག་པ་མེད་པའི་མཚན་ཉིད་བརྗོད་པ་ཡིན་ནོ། །འདི་ཐམས་ཅད་ཀྱང་ཐ་སྙད་ཀྱིས་བརྗོད་པ་ཡིན་ཏེ་དེ་ལྟར་མ་ཡིན་ན། ཐམས་ཅད་
བག་ཆགས་ཀྱི་སྟོབས་ལས་འབྱུང་བ་ཡིན་པའི་ཕྱིར་རོ་ཞེས་དགོངས་པའོ། །བཤད་ཟིན་པའི་མཚན་ཉིད་ཁོ་ནས་བདེ་བ་ལ་སོགས་པ་རྣམ་པར་རྟོག་པས་མེད་པར་འགྱུར་རོ་ཞེས་བརྗོད་པ་ནི། བདེ་སོགས་ཞེས་བྱ་བའོ། །དེ་དག་ཅེས་བྱ་བ་ནི་བདེ་བ་ལ་སོགས་པ་རྣམས་ཀྱིའོ། །ལས་དང་བྱེད་པའི་ཞེས་
བྱ་བ་ནི་གང་གི་ཚེ་བརྗོད་པ་དང་འདྲེས་པའི་དོན་འཛིན་པ་དེའི་ཚེ་བརྗོད་པ་ནི་བྱེད་པར་འགྱུར་ལ་གང་གི་ཚེ་བརྗོད་པ་ཉིད་དོན་དང་འབྲེལ་པར་རྟོགས་པ་དེའི་ཚེ་ནི་ལས་སུ་འགྱུར་བ་ཡིན་ནོ། །འདི་ལ་ཞེས་བྱ་བ་ནི་བདེ་བ་ལ་སོགས་པ་ལའོ། །རང་བཞིན་ཞེས་བྱ་བ་ནི་དོན་གྱི་རང་བཞིན་འཛིན་པ་དང་བདེ་
བ་ལ་སོགས་པའི་རང་བཞིན་འཛིན་པའོ། །རང་རིག་པ་དང་ཞེས་བྱ་བ་ནི་བདེ་བ་ལ་སོགས་པ་འདི་ཡིད་ཀྱི་ཞེས་བྱ་བ་ནི། འདི་ནི་བདེ་བ་ལ་སོགས་པ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པ་ཅན་ནོ། །འདི་ལ་བརྗོད་པ་ནི་འགྱུར་བ་ཉིད་དེ་ཞེས་བྱ་བའོ། །དེ་ལྟ་ན་འོ་ན་རྣམ་པ་གཉིས་སུ་ཐ་སྙད་ཅི་སྟེ་མི་འགྱུར་
Vol. 185 · folio 217b
ཞེ་ན། རབ་རིབ་ཅན་གཉིས་ཀྱིས་ཞེས་བྱ་བའོ། །དེ་ལ་ཡང་ཞེས་བྱ་བ་ནི་རབ་རིབ་ཅན་གཉིས་ཀྱིས་ཟླ་བ་གཉིས་སུ་མཐོང་བ་ལ་ཡང་ངོ་། །དེ་ལྟར་ཞེས་བྱ་བ་ནི་གཉིས་ཀྱིས་ཐ་སྙད་དུའོ། །འདི་ལ་བརྗོད་པ་ལ་ནི་དེ་ལྟར་ཞེས་བྱ་བའོ། །དེ་གཅིག་ཉིད་དུ་རྗེས་དཔོག་གི །ཞེས་བྱ་བ་ནི་དེ་ཉིད་དུ་རྗེས་
སུ་དཔོག་པས་རྗེས་སུ་དཔག་པས་ན་གཅིག་ཉིད་ཀྱི་ཐ་སྙད་དུ་འགྱུར་རོ་ཞེས་འབྲེལ་ཏོ། །དེ་ལ་གཅིག་ཉིད་དུ་མངོན་པར་རློམ་པ་ཉིད་ཇི་ལྟར་ཞེ་ན། གཉིས་པ་ཞེས་གསུངས་སོ། །རབ་རིབ་ཅན་གཅིག་གིས་ཟླ་བ་གཉིས་དམིགས་པ་གང་ཡིན་པ་དེ་ཉིད་རབ་རིབ་ཅན་གཉིས་པས་མ་མཐོང་བ་དེས་ན།
གཅིག་ཉིད་དུ་མངོན་པར་རློམ་པ་ཡིན་ནོ། །འོ་ན་འདིར་ཞེས་བྱ་བ་ནི་བདེ་བ་ལ་སོགས་པ་དང་དེའི་ཡིད་དག་ལའོ། །འདི་ལ་གྲུབ་པའི་མཐའ་པས་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །ཡིད་ཀྱང་རང་རིག་པ་ཙམ་ཡིན་ལ་བདེ་བ་ལ་སོགས་པས་མ་ཡིན་པས་གཞན་གྱི་ཚུལ་མི་ཤེས་པ་དེས་ན་གཉིས་
གང་གིས་རིག་སྐྱེས་བུ་ཞེས་བྱ་བ་ནི་བདག་གོ། །ཡིད་དང་རང་རིག་པ་དེ་དག་གིས་ཀྱང་ངོ་། །འོན་ཏེ་ཞེས་བྱ་བ་ནི་དོགས་པའོ། །འདི་ལ་བརྗོད་པ་ནི་རང་གིས་ཞེས་བྱ་བའོ། །དེར་ཡང་ནི་གཟུགས་དང་རོ་ལ་སོགས་པ་ཡང་ངོ་། །ཐལ་བའི་ཕྱིར་རོ་ཞེས་བྱ་བ་ནི། གལ་ཏེ་གཞན་གྱིས་རིག་པ་ཡིན་
ན། དེའི་ཚེ་གཞན་གྱི་མྱོང་བ་གཞན་གྱིས་མྱོང་བར་འགྱུར་རོ་ཞེས་བྱ་བར་ཐལ་ལོ། །འདི་ནི་ཞེས་བྱ་བ་ནི་ཡོད་པ་དང་རང་རིག་པ་ལ་སོགས་པའོ། །ཡང་ཇི་ལྟར་དབང་པོའི་རྟོགས་པ་ལ་སོགས་པའི་རྣམ་པར་དབྱེ་བ་དོན་དམ་པ་མ་ཡིན་སྙམ་ན། དབང་པོའི་ཞེས་བྱ་བ་གསུངས་སོ། །དབང་པོ་
སྐྱེས་པའི་ཤེས་པ་ནི་དབང་པོའི་ཤེས་པ་ཞེས་བརྗོད་པར་བྱ་བ་ཡིན་ལ་དབང་པོའི་བྱེད་པ་ཡང་ཤེས་པ་དང་དུས་མཚུངས་པར་ཉམས་སུ་མྱོང་བ་ཡིན་ཏེ། དེས་ན་ཇི་ལྟར་རྒྱུ་ཉིད་ཡིན་སྔ་མ་ཉིད་དུ་འདོད་ཆགས་མེད་པ་ནི་ཡོད་པ་ཙམ་དུ་ཡང་མ་གྲུབ་ན། འདི་རྒྱུ་ཉིད་དམ་གཞན་དུ་ལྟ་ག་ལ་འགྲུབ་ཅེས་
བྱ་བར་བསམས་པའོ། །གཟུགས་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ནི་དཔེའི་ཐབས་གཟུགས་ལ་སོགས་པ་ཡང་ཤེས་པའི་རྒྱུ་ཉིད་མ་ཡིན་ཏེ། དུས་མཚུངས་པར་མྱོང་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །འདི་ལ་གཞན་དག་གིས་འོན་ཏེ་ཞེས་སྨྲས་སོ། །གྲུབ་པའི་མཐའ་པས་དེ་བཞིན་དུ་ཞེས་
Vol. 185 · folio 218a
བྱ་བའོ། །འདི་ནི་བདེ་བ་ལ་ཞེས་བྱ་བའི་རྣམ་པ་ཅན་གྱི་ཡིད་དང་བདེ་བ་ལ་སོགས་པ་རང་རིག་པ་དེ་དག་དང་དེ་བཞིན་དུ་བུམ་པའོ་ཞེས་བྱ་བའོ། །རྣམ་པ་ཅན་གྱི་ཡིད་དང་བདེ་བ་ལ་སོགས་པའི་རིག་པ་དང་ཡུལ་ཅན་གྱི་དབང་པོ་སྟེ། དེ་དག་ཐ་དད་དོ། །ཐ་སྙད་པའི་ཐ་སྙད་མེད་ཀྱང་ཞེས་བྱ་
བའི་གྲུབ་པའི་མཐའ་པའིའོ། །ཁྱད་པར་གྱི་རང་བཞིན་ལ་ནི་ཞེས་བྱ་བ་ནི། ཐུན་མོང་མ་ཡིན་པའི་རང་བཞིན་ལའོ། །རིག་པ་མ་ཡིན་ཞེས་བྱ་བ་ནི་བུམ་པ་ལ་སོགས་པ་ལྟར་བེམས་པོའི་བདག་ཉིད་དོ། །གྲུབ་པའི་མཐའ་པས་དོགས་པ་བསུ་བ་ནི་གལ་ཏེ་ཞེས་བྱ་བའོ། །འདི་འགོག་པ་ནི་མ་ཡིན་ཏེ་
ཞེས་བྱ་བའོ། །འོ་ན་ཇི་ལྟར་རིག་སྙམ་ན། གཞན་གྱི་གཞན་གྱིས་ཞེས་སྨྲས་སོ། །ཡང་ཇི་ལྟར་ན་རྣམ་པར་ཤེས་པ་ལས་ཐ་མི་དད་པ་ཉིད་དུ་རྟོགས་སྙམ་ན། རྣམ་པར་ཤེས་པའི་རང་བཞིན་ལྟ་བུར་ཞེས་གཏན་ཚིགས་ཀྱི་སྒོ་ནས་ཁྱད་པར་བྱེད་དོ། །བདེ་བ་ལ་སོགས་པ་རྣམ་པར་ཤེས་པ་ལས་ཐ་
དད་པའི་མངོན་སུམ་མམ་རྗེས་སུ་དཔག་པས་གྲུབ་པར་བྱེད། དེ་ལ་རེ་ཞིག་རིམ་པ་བཞིན་སེལ་བ་ནི་ཁྱེད་ཀྱིས་ཞེས་བྱ་བའོ། །ཕྱེད་དང་པོ་འཆད་པ་ནི་བདེ་བ་ལ་སོགས་པ་ཞེས་བྱ་བའོ། །ཕྱེད་ཕྱི་མ་འཆད་པ་ནི་རྗེས་སུ་དཔག་པ་ཡང་ཞེས་བྱ་བའོ། །རྒྱུ་ཐ་དད་པ་ཞེས་བྱ་བ་ལ། རྒྱུ་ཐ་དད་པ་ཉིད་འབྲས་
བུ་ཐ་དད་པའི་རྟགས་ཡིན་པའི་ཕྱིར་རོ། །འོ་ན་བདེ་བ་ལ་སོགས་པ་དང་རྣམ་པར་ཤེས་པ་དག་ནི་འབྲས་བུ་ཐ་དད་པ་ཉིད་ལས་རྒྱུ་ཐ་དད་པར་རྗེས་སུ་དཔག་པ་ན། ཐ་དད་པར་འགྲུབ་པོ་སྙམ་ན། འབྲས་བུ་ཐ་དད་པ་ནི་ཞེས་བྱ་བའོ། །འདིར་ཡང་འབྲས་བུ་ཐ་དད་པར་ཁས་བླངས་ནས་བརྗོད་པར་ཟད་དོ། །
དེ་ན་ཉིད་མེད་ཅེས་བརྗོད་པ་ནི་བདེ་བ་ལ་སོགས་པ་དང་ཞེས་བྱ་བའོ། །ད་ནི་རྣམ་འགྲེལ་གྱི་དོན་ཉིད་བརྗོད་པ་ནི། ཐ་མི་དད་པའི་རྒྱུ་ཅན་དང་ཞེས་བྱ་བའོ། །རྣམ་འགྲེལ་འདི་ཉིད་སླར་རྣམ་པ་གཞན་དུ་འཆད་པ་ནི་ཡང་ཞེས་བྱ་བའོ། །གཞན་གྱི་བརྗོད་པ་ནི་མིག་དང་ཞེས་བྱ་བའོ། །འདི་ལ་བརྗོད་པ་ནི་
དེས་ན་ཞེས་བྱ་བའོ། །དེ་ལྟ་ཡིན་དང་ཞེས་བྱ་བ་ནི་སྐྱེ་བ་ཡིན་དང་ངོ་། །དེ་ནི་བདེ་བ་ལ་སོགས་པའོ། །ཤེས་པ་མ་ཡིན་ཏེ་ཞེས་བྱ་བ་ནི་ཅི་སྟེ་མ་ཤེས་ཞེས་བྱ་བ་སྟེ། འདི་ནི་རྣམ་པར་ཤེས་པས་དམིགས་པར་བྱ་བ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །དེའི་ཚེ་ན་བདེ་བ་མེད་པ་ཉིད་ནི་དེས་ན་མ་དམིགས་པ་ཡིན་ནོ་
Vol. 185 · folio 218b
ཞེས་བཟློག་པ་ནི་མ་ཡིན་ཏེ་ཞེས་གསུངས་སོ། །འདི་ནི་བདེ་བའོ། །ཁྱེད་ཀྱི་ཞེས་བྱ་བ་སངས་པའི་ཕྱོགས་ལ་ཡང་ངོ་། །དེ་ལྟར་ཞེས་བྱ་བ་ནི་ཐམས་ཅད་ཀྱི་ཚེ་ན་བདེ་བའི་རང་བཞིན་གྱི་རྣམ་པར་ཤེས་པའོ། །རྣམ་པ་གཞན་དུ་ཞེས་བྱ་བ་ནི་བཏང་སྙོམས་ཀྱི་རྣམ་པར་རོ། །ཡང་ན་ཞེས་བྱ་བ་ལ་
སོགས་པས་བརྗོད་པ་བཤད་པ་གཉིས་པ་ལ་རྣམ་འགྲེལ་གྱི་དོན་སྦྱོར་བ་ནི་རྒྱུ་ཡོད་ན་ཞེས་བྱ་བའོ། །མི་ཤེས་པར་ཞེས་བྱ་བ་ནི་གང་ལ་འཛིན་པར་བྱེད་པའི་རྣམ་པར་ཤེས་པ་ཡོད་པ་མ་ཡིན་ཏེ། དེ་ལ་དེ་སྐད་བརྗོད་པ་ཡིན་ནོ། །བཤད་པ་འདི་ལ་ནི་རྣམ་འགྲེལ་གཞན་དུ་འཇུག་པར་བྱེད་པ་ནི།
འོན་ཏེ་ཞེས་བྱ་བའོ། །དེའི་ཚེ་ཞེས་བྱ་བ་ནི། བདེ་བ་མ་ཚོར་བའི་དུས་ནའོ། །བདེ་བ་མེད་པ་ནི་ཤེས་པ་མ་ཡིན་ཏེ། འཛིན་པའི་རྣམ་པར་ཤེས་པ་དང་ལྡན་པ་མ་ཡིན་ཏེ། རྣམ་པར་ཤེས་པའི་རྒྱུ་གང་ཡིན་པ་དེ་ཉིད་བདེ་བ་ལ་སོགས་པའི་རྒྱུ་ཡིན་ནོ། །དེའམ་ཞེས་བྱ་བ་ནི་རྣམ་པར་ཤེས་
པའི་རྒྱུའོ། །དེ་མ་ཡིན་པ་ནི་ཆོས་ལ་སོགས་པའོ། །དེ་ཉིད་ཅེས་བྱ་བ་ནི་རྣམ་པར་ཤེས་པའི་རྒྱུ་ནི་བདེ་བ་ལ་སོགས་པའི་རྒྱུ་ཡིན་པའོ། །ཆོས་ལ་སོགས་པའི་རྒྱུ་ཉིད་ཡིན་པ་སྟོན་པ་ནི། བདེ་བ་ནི་ཞེས་བྱ་བའོ། །དེ་ལ་ནི་འདོད་པ་དང་མི་འདོད་པ་ཆོས་དང་ཆོས་མ་ཡིན་པ་ལའོ། །ལྡོག་པ་མེད་
པར་ཞེས་བྱ་བ་ནི་འབྲས་བུ་ལྡོག་པ་མེད་པར་རོ། །དེས་ན་བདེ་བ་ལ་སོགས་པ་ཙམ་ལ་ནི་ཆོས་ལ་སོགས་པ་ནུས་པ་མ་ཡིན་ནོ། །འོ་ན་གང་ལ་ནུས་སྙམ་ན། འདོད་པ་ཞེས་བྱ་བ་བསྒྲུབས་པ་ལ་སྟེ་རྒྱུ་ལའོ། །དེ་ཉིད་འཆད་པ་ནི་ཆོས་ལ་སོགས་པ་ནི་ཞེས་བྱ་བའོ། །དེའི་སྒྲུབ་པར་བྱེད་པ་ནི་བདེ་བ་ལ་
སོགས་པའི་སྒྲུབ་པར་བྱེད་པའོ། །དེས་ན་ཞེས་བྱ་བ་ནི་རྒྱུ་མཐའ་དག་ཚོགས་ཀྱང་འབྲས་བུ་ལྡོག་པས་ནའོ། །དེ་ལས་ཞེས་བྱ་བ་ནི་མྱ་ངན་ལ་སོགས་པའི་ཚོགས་པ་ལས་སོ། །སྡུག་བསྔལ་སྐྱེས་པ་ན་རྒྱུ་མེད་ཉིད་ཀྱིས་བདེ་བ་མ་སྐྱེས་པ་ཡིན་ནོ་ཞེས་བསམས་པའོ། །གཞན་ལས་ནི་ཆོས་མ་ཡིན་པ་
ལས་སོ། །དེས་ཞེས་བྱ་བ་ཆོས་སམ་ཆོས་མ་ཡིན་པས་སོ། །ཐ་དད་དུ་ཞེས་བྱ་བ་ནི་བདེ་བའམ་སྡུག་བསྔལ་ལོ། །ཁྱོད་ལ་ནི་རིགས་པ་ཅན་ལའོ། །དེ་ཉིད་བརྗོད་པ་ནི་བདེ་བ་ལ་སོགས་པས་ཞེས་བྱ་བའོ། །དེ་ནི་བདེ་བའོ་རྐང་པ་ཉིད་ལས་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་དང་བྲལ་བ་བཏང་སྙོམས་
Vol. 185 · folio 219a
པའི་འབའ་ཞིག་ལས་སོ། །དེ་ཙམ་གྱི་རྒྱུ་ཐ་དད་པ་ཡོད་པས་ནི། གཅིག་ངེས་པར་ཐ་དད་པར་མི་འགྲུབ་པོ། །དེ་ཉིད་ཅེས་པ་ནི་རྣམ་པར་ཤེས་པའོ། །ཁྱད་པར་ཅན་ནི་བདེ་བའི་རང་བཞིན་ནོ། །ཆོས་མ་ཡིན་པ་ལ་སོགས་པ་ཕན་འདོགས་པ་ན་ལྷག་པ་གང་ཡིན་པ་དེས་ན་རྣམ་པར་ཤེས་
པའི་རྒྱུའི་མཚན་ཉིད་ཀྱིས་ཚོགས་པ་དེ་ཉིད་ཁྱད་པར་དུ་བྱེད་པའི་ཕྱིར་རོ། །འདི་ལ་བརྗོད་པ་ནི་ཚོགས་པ་དེ་ཉིད་ཀྱིས་ཞེས་བྱ་བ་སྟེ། རྣམ་པར་ཤེས་པའི་ཚོགས་པ་དེ་ཉིད་ཀྱིའོ། །སྐྱུ་རུ་རའི་ས་བོན་ཞེས་བྱ་བ་ནི་བྱེད་པ་པོའི་ཚིག་གི་རང་བཞིན་ནོ། །དེ་ལས་ཞེས་བྱ་བ་ནི་སྐྱུ་རུ་རའི་རང་བཞིན་ལས་སོ། །ཁྱད་
པར་གཞན་ཞེས་བྱ་བ་ནི་མངར་བ་ལ་སོགས་པའོ། །འོན་ཏེ་ཞེས་དོགས་པ་བསུ་ནས་འགོག་པ་ནི་མ་ཡིན་ནོ་ཞེས་བྱ་བ་འདིར་ཡང་གི་སྒྲའི་དོན་འགོག་པ་ཡིན་ཏེ་གལ་ཏེ་ཐ་དད་པ་ཡང་སྐྱེད་དོ་ཞེས་བརྗོད་པ་དེའི་ཚེ། ཤུགས་ཀྱིས་ཐ་མི་དད་པ་ཡང་སྐྱེད་པར་བྱེད་དོ་ཞེས་བརྗོད་པར་འགྱུར་རོ། །
དེ་ལྟ་ན་ཡང་བདེ་བ་ལ་སོགས་པ་རྣམས་རྣམ་པར་ཤེས་པ་ལས་མཐའ་གཅིག་ཁོ་ནར་ཐ་དད་པར་བསྟན་པར་མི་འགྱུར་རོ། །དེ་ཉིད་སྟོན་པར་བྱེད་པ་ནི་གལ་ཏེ་ཞེས་བྱ་བའོ། །གཞན་ཡང་གལ་ཏེ་ཆོས་ལ་སོགས་པ་ཙམ་གྱིས་ལྷག་པའི་ཕྱིར། བདེ་བ་བེམས་པོར་སྐྱེད་ན་དེའི་ཚེ་ཤེས་རབ་ལ་སོགས་པ་ཡང་
དེ་ལྟར་ཐལ་བར་འགྱུར་ཏེ། ཆོས་ལ་སོགས་པ་ཉིད་ལས་སྐྱེས་པའི་ཕྱིར་རོ་ཞེས་བརྗོད་པ་ནི། གཞན་ཡང་ཞེས་བྱ་བའོ། །དེ་དག་ཀྱང་ཞེས་བྱ་བ་ནི་ཤེས་རབ་ལ་སོགས་པ་རྣམས་སོ། །དེ་དག་གི་ཞེས་བྱ་བ་ནི་བདེ་བ་ལ་སོགས་པ་རྣམས་ཀྱིའོ། །འདོད་པ་ལ་སོགས་པ་སྒྲུབ་པར་བྱེད་པ་གང་ཡིན་པ་དེ་ཉེ་
བ་ཉིད་དོ། །འདི་ལ་བརྗོད་པ་ནི་དེ་ལྟ་ན་ཞེས་བྱ་བ་སྟེ། དེའི་རྒྱུའི་ཆོས་ལ་སོགས་པ་ལས་སྐྱེ་བར་ཁས་བླངས་པའི་ཕྱིར་རོ། །བདེ་བ་ལ་སོགས་པའི་རྒྱུ་ཆོས་ལ་སོགས་པ་གང་ཡིན་པའི་རྒྱུ་དེ་རྒྱུད་ཤེས་རབ་ལ་སོགས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་བའོ། །འོ་ན་ཆོས་ལ་སོགས་པའི་རྒྱུ་
ཅན་དེ་གང་ཡིན་ཞེ་ན། ཤེས་རབ་ཡོད་པར་གྱུར་པ་ལས་བདེ་བ་སྐྱེ་བ་གང་ཡིན་པ་དེ་ནི་ཆོས་ལ་སོགས་པའི་རྒྱུ་ཅན་ཡིན་ནོ། །ཆོས་ལ་ལྟོས་ཏེ་གཞན་གང་ཡིན་པ་དེ་ལས་མི་འགྱུར་རོ། །མང་པོ་དག་ཤེས་རབ་ལ་སོགས་པ་གོམས་པར་བྱེད་ཀྱང་། གོམས་པ་ལས་ཐམས་ཅད་ལ་ཤེས་རབ་ལ་སོགས་
Vol. 185 · folio 219b
པ་བསྒྲུབ་པ་ནི་མ་ཡིན་ཏེ། དེས་ན་ཆོས་ལ་སོགས་པ་ཁོ་ན་རྒྱུ་ཡིན་ནོ། །བླུན་པོའི་ཕྱིར་ཞེས་བྱ་བ་ནི་སྐྱེས་བུ་གང་ལ་གོམས་པ་ཡོད་ཀྱང་ཤེས་རབ་ལ་སོགས་པ་མི་འབྱུང་བ་དེ་ནི་ཤིན་ཏུ་ཡང་བླུན་པ་ཡིན་ཏེ། དེས་ནི་དེ་ལ་ཤེས་རབ་ལ་སོགས་པ་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འབྲས་བུ་མེད་པ་ནི་
གོམས་པའི་ཞེས་བྱ་བར་བལྟའོ། །སྐྱེས་བུའི་བྱེ་བྲག་གི་རྒྱུད་ཀྱི་ཁྱད་པར་གང་ཡིན་པ་དེ་ལས་བདེ་བ་ལ་སོགས་པ་འབྱུང་བ་ཡིན་གྱི། ཆོས་ལས་ནི་མ་ཡིན་ཏེ། ཤེས་རབ་ལ་སོགས་པ་བཞིན་ནོ། །ངོ་བོ་ཉིད་ཀྱིས་ཞན་པ་མ་ཡིན་པ་ནི་འཁོར་བའི་ཕོངས་པའི་རྒྱུ་ཐམས་ཅད་ཡོད་ཀྱང་སྟེ། འཁོར་བའི་
ཡུལ་ལ་སྡུག་བསྔལ་དུ་མི་བརྩི་བ་གང་ཡིན་པ་དེ་ལ་ཞེས་བྱ་བའི་དོན་ཏོ། །ངོ་བོ་ཉིད་ཀྱི་ཁྱད་པར་གྱིས་མ་ཡིན་གྱི། ཆོས་ལ་ནི་མ་ཡིན་ནོ། །ཆོས་ལས་བདེ་བ་ཅི་སྟེ་མི་འབྱུང་སྙམ་ན། དམ་པ་མ་ཡིན་པ་ཞེས་སྨོས་ཏེ་ཆོས་མ་ཡིན་པ་བྱེད་པ་ལའོ། །བདེ་བ་དེ་ཚེ་སྔ་མའི་ཆོས་ཀྱིས་བྱས་པ་ཡིན་ནོ་
ཞེས་ཀྱང་བརྗོད་པར་བྱ་བ་མ་ཡིན་ཏེ། དེ་དང་ལྷན་ཅིག་པའི་ཆོས་ཉིད་ལས་བདེ་བ་ལ་སོགས་པ་ཡིན་ནོ་ཞེས་བལྟ་བར་བྱ་བའོ། །དེ་ལྟ་ན་འོ་ན་ཆོས་ལ་ནུས་པ་མེད་དོ་ཞེས་བྱ་བ་ནི་གལ་ཏེ་གོམས་པ་ལ་སོགས་པ་མེད་པར་ཆོས་ཀྱི་བདེ་བ་ལ་སོགས་པ་སྐྱེད་པར་བྱེད་ན། ནུས་པར་འགྱུར་བ་ཞིག་ན་དེ་ལྟ་ན་
ཡང་མ་ཡིན་ནོ་ཞེས་དགོངས་པའོ། །གོམས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་ཡང་ཞེས་བྱ་བ་ནི་སུན་འབྱིན་པ་ཅན་ཡིན་ནོ། །གང་ལ་རྒྱུ་རྣམ་པར་ཤེས་པ་ཡོད་པ་དེ་ལས་ཏེ་ཤེས་པ་ལས་སྐྱེས་པ་ཤེས་པའི་རྒྱུ་ནི་དུས་བྱས་པ་ཡིན་ནོ་ཞེས་བརྗོད་པའི་ཕྱིར་རོ། །བདག་གིས་མཐོང་བ་གང་ཡིན་
པ་དེ་འདི་ཡིན་ནོ་ཞེས་དེའི་རང་བཞིན་དུ་ཤེས་པ་ནི་སྔོན་གྱི་འདུ་བྱེད་པ་ལས་བྱུང་བ་ཡིན་ན། སྔོན་གྱི་འདུ་བྱེད་པ་ལས་སྐྱེས་པ་འདི་བདེ་བ་ལ་སོགས་པ་ལ་ཡོད་དམ་ཅི་བདེ་བ་ལ་སོགས་པ་ནི། སྔོན་གྱི་འདུ་བྱེད་པ་ལས་འབྱུང་བ་མ་ཡིན་པ་ཁོ་ནའོ་ཞེས་བསམས་པའོ། །འདི་ཞེས་བྱ་བ་ནི་སྔོན་
གྱི་འདུ་བྱེད་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་ཉིད་ཅེས་བྱ་བ་ནི་དབང་པོ་ལས་བྱུང་བ་ནི་མ་ཡིན་པའོ། །དབང་པོ་ལས་སྐྱེས་པ་རྣམས་ཀྱི་ཞེས་བྱ་བ་ནི། དབང་པོ་ལས་སྐྱེས་པར་འདོད་པ་རྣམས་ཀྱིའོ། །དེ་ཉིད་ལས་ཞེས་བྱ་བ་ནི་གོམས་པ་ཉིད་ལས་སོ། །དེ་འཛིན་པ་ཞེས་བྱ་བ་ནི་བདེ་བ་ལ་སོགས་
Vol. 185 · folio 220a
པ་དེ་འཛིན་པའོ། །ཕྱེད་སྔ་མ་རྣམ་པར་འགྲེལ་པ་ནི་གཞན་དང་གཞན་ཞེས་བྱ་བའོ། །འོ་ན་གང་གི་ཚེ་གོམས་པར་འགྱུར་སྙམ་ན་གལ་ཏེ་ཞེས་བྱ་བའོ། །དོན་འདི་ནི་དོན་འདི་ལ་ཡོད་པ་ཡིན་ནོ་ཞེས་བརྗོད་པ་ནི་དོན་ནི་ཞེས་བྱ་བའོ། །གཅིག་ལ་ཞེས་བྱ་བ་ནི་གཞན་གྱིའོ། །དོན་
ཀྱང་གཅིག་ཉིད་དུ་ཡིན་པས་དེ་ལ་ཡང་ཡང་ནས་ཡང་གི་དོན་ཅི་ཡིན་ནོ་ཞེས་བྱ་བའི་དོགས་པ་བསུ་ནས་སྨྲས་པ་ནི་དོན་ནི་ཞེས་བྱ་བའོ། །ཡུལ་ཞེས་བྱ་བ་དོན་གཅིག་པར་ག་ལས་རྟོགས་པར་ཤེས་པ་ཕན་ཚུན་ཐ་དད་པ་རྣམས་ལ་རང་བཞིན་གཅིག་རྟོགས་པ་མེད་པའི་ཕྱིར། ཡུལ་གཅིག་པར་ཇི་
ལྟར་འགྲུབ་ཅེས་བྱ་བའི་དོན་ཏོ། །གལ་ཏེ་ངོ་ཤེས་པས་གཅིག་ཉིད་དུ་རྟོགས་སོ་ཞེ་ན། བདེ་སོགས་ལ་འདི་ཞེས་གསུངས་སོ། །དེ་གཅིག་པའི་ཕྱིར་ནི་ཡུལ་གཅིག་པའི་ཕྱིར་རོ། །ངོ་ཤེས་པ་ནི་ཞེས་བྱ་བ་ནི་གྲུབ་པའི་མཐའ་པའོ། །དམིགས་པ་རྣམས་ཀྱང་ཐ་དད་པས་ན་དེ་ལ་ངོ་ཤེས་པ་ལྟར་འབྱུང་
བ་ཞེས་དགོངས་པའོ། །དེ་ལྟ་ན་ཡང་ཡུལ་འདི་ནི་གཅིག་ཁོ་ན་ཡིན་ཏེ། དེས་ན་དེ་ལ་ངོ་ཤེས་པ་འཐད་པ་ཁོ་ནའོ་སྙམ་ན་ཤེས་པ་ཐ་དད་པ་ལ་ནི་ཞེས་བྱ་བའོ། །གལ་ཏེ་ཐ་དད་པ་ལ་ངོ་ཤེས་པར་འགྱུར་བ་མ་ཡིན་ན། དེའི་ཚེ་ཤེས་པ་ལ་ངོ་ཤེས་པ་ཇི་ལྟར་འགྱུང་བར་འགྱུར། འདི་ལ་གཞན་གྱིས་
བརྗོད་པ་ནི། དེ་ལ་དོན་དམ་པར་ན་ཞེས་བྱ་བའོ། །འོ་ན་དེ་ལས་ཅི་ཡིན་ཞེ་ན་ཞེས་སྨོས་སོ། །དེ་ཞེས་བྱ་བ་ཤེས་པ་གཅིག་པུའོ། །འོན་ཏེ་ཤེས་པ་ཞེས་གཞན་གྱིས་རིག་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་ཕྱོགས་ལའམ་འོན་ཏེ་ཤེས་པ་ནི་དོན་གྱིས་གོ་བས་རིག་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་ཕྱོགས་ལ་
ཡིན། གལ་ཏེ་རང་རིག་པ་ལ་བརྟེན་ནས་བརྗོད་ན་ནི། དེའི་ཚེ་ཇི་ལྟར་ངོ་ཤེས་པ་དོན་གཅིག་པ་ཉིད་ཀྱིས་དེ་གཅིག་པ་ཉིད་དུ་ལྷག་པར་ཞེན་པར་འགྱུར། ཡོངས་སུ་གསལ་བར་ཐ་དད་པར་མཐོང་བ་རང་རིག་པའི་ཤེས་པ་ལ་དེ་ཉིད་ཀྱི་ཚེ་ན་སྟེ། དེ་ཡོད་པའི་དུས་ཉིད་དུ་གཅིག་ཏུ་འཁྲུལ་པར་འགྱུར་བ་ནི་མ་
ཡིན་ནོ། །རང་རིག་པའི་ཞེས་བྱ་བ་ནི་འཆད་པའོ། །དེས་བྱས་པ་ཞེས་བྱ་བ་ནི་ཡུལ་གཅིག་པ་ཉིད་ཀྱིས་བྱས་པའོ། །ཕྱོགས་གཉིས་པ་ལ་བརྗོད་པ་ནི། ཤེས་པ་གཞན་གྱིས་ཞེས་བྱ་བའོ། །ཐ་མ་ལ་བརྗོད་པ་ནི་དོན་གྱིས་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་དོན་ཐ་དད་མ་ཡིན་པའི་ཕྱིར་རོ། །འདི་ལ་
Vol. 185 · folio 220b
གཞན་གྱིས་བརྗོད་པ་ནི་འོན་ཏེ་ཞེས་བྱ་བའོ། །རིག་པ་ཙམ་ཉིད་ནི་ཞེས་བྱ་བ་ནི་གསལ་བ་ཙམ་གྱིས་ནི་རིག་པ་སྟེ། ཤེས་པ་ཙམ་དུ་འཛིན་པར་བྱེད་པ་ཡིན་ནོ་ཞེ་ན། འདི་ལ་གྲུབ་པའི་མཐའ་པས་བརྗོད་པ་ནི། དོན་གཅིག་ཉིད་ནི་ཤེས་པ་དུ་མས་གཟུང་བར་བྱ་བ་མ་ཡིན་ཏེ། དེའི་ཤེས་པ་
གཅིག་ཏུ་བརྟག་པར་བྱ་བ་ཡིན་ནོ། །མཚམས་སྦྱོར་ཅན་ཞེས་བྱ་བ་ནི། དོན་སྔ་མ་ཕྱི་མ་དག་གཅིག་ཏུ་རྟོགས་པ་དང་ལྡན་པའོ། །དྲན་པ་ཡོད་ཕྱིར་ཏེ་ཞེས་བྱ་བ་ནི། སྔོན་མཐོང་བའི་དོན་གྱིས་དྲན་པ་ཡོད་པ་ཡིན་ནོ། །དྲན་པ་ནི་སྔ་མ་ཉིད་དུ་རྟོགས་པ་ཙམ་ཡིན་ལ་མཚམས་སྦྱོར་བ་ནི་སྔ་ཕྱི་གཅིག་
ཏུ་བྱེད་པ་སྟེ། འདིའི་ནུས་པ་ནི་དེ་གཉིས་ལ་ཡོད་པ་ཡིན་ནོ་ཞེ་ན་འདི་ཞེས་བྱ་བ་ནི། རྟོགས་པའི་རང་བཞིན་གྱིས་བདག་གིའོ། །ཟློས་པ་ནི་སྐྱོར་བའོ། །ཐ་དད་པ་དང་ཐ་མི་དད་པ་ཞེས་བྱ་བ་ལ་ཤེས་པ་ལས་ཐ་དད་པ་དང་ཐ་མི་དད་པའི་ཕྱོགས་ལའོ། །ཤེས་པ་དང་དབྱེ་བ་མེད་པས་ཞེས་བྱ་བ་ནི། བདག་
ནི་ཤེས་པའི་རང་བཞིན་ཡིན་པའི་ཕྱིར་ཤེས་པ་ཐ་དད་ན་དེ་ཡང་ཐ་དད་པ་ཁོ་ནའོ། །དེས་ན་ཇི་ལྟར་དེས་དོན་གཅིག་ཏུ་རྟོགས་པར་ནུས། དེ་ལྟར་ཤེས་པ་ཉིད་གཅིག་ཏུ་བརྟག་པར་བྱ་བ་ཡིན་ནོ། །འདི་ཉིད་བརྗོད་པ་ནི་ཤེས་པ་ཐ་དད་ན་ཞེས་བྱ་བའོ། །དེ་དང་ཐ་མི་དད་པ་ཞེས་བྱ་བ་ནི་ཞེས་བྱ་བ་བདག་
ཉིད་དུ་གྱུར་པའི་བདག་གོ། །དེས་ནི་ཞེས་བྱ་བ་ནི་ཤེས་པ་ལས་ཐ་དད་པའི་རང་བཞིན་གྱིས་སོ། །བདག་གཅིག་ཉིད་དུ་འགྱུར་རོ། །དེས་ན་ཟློས་པ་མ་ཡིན་ནོ་ཞེས་བྱ་བ་ནི་བསྐྱར་ནས་བརྟག་པ་མ་ཡིན་ཏེ་ཚད་མ་མ་ཡིན་པའི་ཕྱིར་རོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པས་ནི་རིག་པ་ཅན་གྱི་ཕྱོགས་ལའོ། །
དེའི་ཚེ་བདག་སྟེ་ཤེས་པས་རྟོགས་པར་བྱེད་པ་ཡིན་ལ། ཤེས་པ་དེ་ཡང་ཐ་དད་པ་ཡིན་ཏེ། དེས་ན་ཤེས་པ་དེས་བདག་ཐ་མི་དད་པར་ཇི་ལྟར་འཛིན། ཡང་ན་བདག་དེ་ནི་བྱེད་པར་འགྱུར་བའི་ཤེས་པས་ཕྱི་རོལ་རྟོགས་པ་ཡིན་ལ་ཤེས་པ་དེ་ཡང་ཐ་དད་པ་ཡིན་ཏེ། དེས་ན་ཇི་ལྟར་ཤེས་པ་བྱེད་པར་འགྱུར་
བ་དེ་ཕྱི་རོལ་ཐ་དད་པར་འཛིན་ཏོ། །མི་འཛིན་པ་ཁོ་ནའོ་དེའི་ཕྱིར་ཤེས་པ་ཐ་དད་པ་ཡིན་ན་གཅིག་ཉིད་འཛིན་པ་མི་འཐད་དོ། །ཇི་ལྟར་ངོ་ཤེས་ཞེས་བྱ་བ་ནི་དོན་དང་གཅིག་པ་ཉིད་ཀྱིས་གཅིག་པར་སྒྲོ་འདོགས་པའོ། །དུ་མ་ཉིད་མ་འགྲིགས་པའི་ཤེས་པ་གང་ཡིན་པ་དེའོ། །ཅིའི་ཕྱིར་རྟོགས་དངོས་མིན་ཏེ་རྟོགས་
Vol. 185 · folio 221a
དངོས་ཉིད་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྟོགས་པའི་རང་བཞིན་དེ་པ་ནི། ཤེས་རབ་ལ་སོགས་པ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །རྟོགས་པའི་རང་བཞིན་གྱིས་བཟུང་སྟེ། རྟོགས་པའི་འགྲོ་བ་ལ་སོགས་པ་རྟོགས་པའི་རང་བཞིན་གང་ཡིན་པ་དེར་མ་དམིགས་པའི་ཕྱིར་རོ། །འཕེལ་འགྱུར་
ཞེས་བྱ་བ་ནི་འབིགས་པར་འགྱུར་བའོ། །འབྲས་བུ་དེ་བཞིན་ཉིད་ཅེས་བྱ་བ་ནི་གོམས་པ་གང་གིས་མྱོང་བའི་འབྲས་བུ་ཡོད་པ་དེ་ནི་དེ་བཞིན་དུ་འགྱུར་རོ། །དེ་ལྟར་ཞེས་བྱ་བ་ནི་ནང་གིས་མྱོང་བའི་རང་བཞིན་ཉིད་དུའོ། །རིག་པ་སྟེ་ཚད་མ་བརྟེན་པའི་དགའ་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བརྗོད་དོ། །
དེ་ལྟ་བུར་གྱུར་པ་ཉིད་ཅེས་བྱ་བ་ནི། རང་རིག་པའི་རང་བཞིན་ཉིད་དོ། །འོ་ན་ཞེས་བྱ་བ་ལ་སོགས་པ་འགོག་པ་མ་ཡིན་ཏེ་ཞེས་བྱ་བའོ། །དེ་ལྟ་བུ་ཡིན་པའི་ཕྱིར་ཞེས་བྱ་བ་ནི། སྔར་གྱི་མྱོང་བ་གོམས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །འདི་ལྟར་ཇི་སྤངས་པའི་ཡིན་ཞེ་ན་རྟོགས་པ་དང་ཞེས་བྱ་བ་
གསུངས་སོ། །བདེ་ལ་སོགས་ཀྱང་དེ་ལྟར་དེ་སྒོམ་པ་འཕེལ་བ་ལས་སྐྱེས་པ་ཅན་ཡིན་ཏེ་གཏན་ཚིགས་དེས་ན་རང་རིག་ཅིས་མ་ཡིན་ཏེ་ཡིན་པ་ཉིད་དོ། །གཟུགས་ལ་སོགས་པ་རྣམས་ཀྱང་རྣམ་པར་ཤེས་པའི་རང་བཞིན་དུ་ཅིའི་ཕྱིར་མི་འགྱུར་སྙམ་ན། གཟུགས་ལ་སོགས་པ་ཞེས་གསུངས་སོ། །ནང་གི་
རང་བཞིན་ཉིད་དུ་གོམས་པ་སྲིད་པ་མ་ཡིན་ནོ། །འདི་ཉིད་གཞན་གྱི་ལུགས་ཀྱི་སྒོ་ནས་སྟོན་པས་བརྗོད་པ་དེ་ནི་རེ་ཞིག་ཅེས་བྱ་བའོ། །རྟོག་པའི་རང་བཞིན་མ་ཡིན་པར། །ཞེས་བྱ་བ་ནི་ཤེས་རབ་ལ་སོགས་པ་ལ་རང་རིག་པའི་རང་བཞིན་མ་ཡིན་པ་མེད་པར་རོ། །གང་དག་ཅེས་བྱ་བ་ནི་རིག་པ་ཅན་ལ་
སོགས་པའོ། །དེ་ཞེས་བྱ་བ་ནི་བློའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་རྟོགས་པའི་རང་བཞིན་མ་ཡིན་ན་འོ་ན་གཞན་ཉིད་དུ་འགྱུར་མོད་ཅི་སྐྱོན་སྙམ་ན། འཛིན་པར་བྱེད་པ་ཉིད་དུ་ནི། །ཞེས་བྱ་བའོ། །འདི་ཞེས་བྱ་བའོ། །འཛིན་པའི་བློའོ། །མངོན་སུམ་ལ་གཞན་ལ་ཞེས་བྱ་བ་ནི། བདག་དང་འདུ་བ་ཅན་
ཡིད་ཀྱི་མངོན་སུམ་ལའོ། །དེ་ལ་སྟེ་མངོན་སུམ་གཞན་དེ་ལ་གནས་པ་གང་ཡིན་པའི་འཛིན་པའི་རང་བཞིན་ཉིད་དེ་ལྟར་རོ། །དེ་ལྟར་ཡང་ཞེས་བྱ་བ་ནི་བློ་འཛིན་པར་བྱེད་པའི་ཡིད་ཀྱི་མངོན་སུམ་ལའོ། །དེ་ལྟ་མ་ཡིན་ན་ནི་དེ་ལ་ལྟོས་པའི་འཛིན་པར་བྱེད་པ་ཉིད་མི་སྣང་བར་ཐལ་བར་འགྱུར་བའི་ཕྱིར་རོ། །སྐད་
Vol. 185 · folio 221b
ཅིག་གཉིས་པ་ལས་བྱུང་བའི་ཡིད་ཀྱི་མངོན་སུམ་དེ་ལ་ཡང་དོན་དེ་སྣང་བ་ཁོ་ནའོ་ཞེ་ན། ཞིག་པ་ཞེས་གསུངས་སོ། །སྐད་ཅིག་མ་ཡིན་པའི་ཕྱིར་ན་སྐད་ཅིག་གཉིས་པ་ལ་དེ་མི་སྲིད་དོ་ཞེས་དགོངས་པའོ། །དོན་མེད་པའི་བློ་འབའ་ཞིག་སྣང་སྙམ་ན་བློ་འབའ་ཞིག་ཅེས་གསུངས་ཏེ། རང་གི་ཡུལ་
དང་བྲལ་བའོ། །འཛིན་པའམ་ཞེས་བྱ་བ་ནི། རིག་པ་པའི་འདོད་པ་ཤེས་བྱེད་ཉིད་དུ་སྟེ། ཤེས་པར་བྱེད་པ་ཡིན་པའི་ཕྱིར་རོ། །འཛིན་པར་བྱེད་པ་པོར་ཞེས་བྱ་བ་ནི། ཁོ་བོ་ཅག་གི་འདོད་པས་བྱེད་པ་པོའི་རང་བཞིན་དུ་སྟེ། བྱེད་པ་པོ་ཐ་དད་པ་མེད་པའི་ཕྱིར་རོ། །བདག་ལ་སོགས་པ་ཡང་ཞེས་བྱ་བ་ནི།
དོན་མི་སྣང་ན་འཛིན་པར་བྱེད་པ་ཉིད་དུ་སྣང་བར་མི་འགྱུར་རོ། །དེའི་ཕྱིར་རེ་རེ་ལ་ཡང་གཉིས་གཉིས་སུ་སྣང་བར་འགྱུར་རོ་ཞེས་བྱ་བའི་ཉེས་པར་འགྱུར་རོ། །དེས་ན་རྩོད་པ་འདི་ལ་བདག་དང་འདྲ་བ་ཉིད་དམ། དེའི་བདག་ཉིད་དུ་ཞེས་བྱ་བ་བེམས་པོའི་རང་བཞིན་དུ་སྒྲོ་འདོགས་པ་འདི་ནི་ཐོག་མ་མེད་
པའི་དུས་ཅན་ཉིད་ཡིན་གྱི། བློ་དེ་བདག་དང་འདུ་བ་ཅན་ནམ། བེམས་པོའི་རང་བཞིན་མ་ཡིན་ཏེ། དོན་མི་སྣང་བར་ཐལ་བའི་ཕྱིར་རོ་ཞེས་བྱ་བ་གདོན་མི་ཟ་བར་ལན་ཡིན་ནོ། །དེ་ལྟར་ན་རེ་ཞིག་བྲམ་ཟེ་དང་རིག་པ་པ་དག་གིས་རང་ཉིད་ཀྱིས་རྣམ་པར་བཞག་ནས་དོན་གྱི་ཕྱོགས་ལ་ཉེས་པ་བརྗོད་པ་ནི།
དེ་ལྟ་ཡིན་དང་ཞེས་བྱ་བའོ། །ཤེས་རབ་ལ་སོགས་པའམ་ཞེས་བྱ་བའམ་གྱི་སྒྲས་ནི་བཞིན་སྒྲ་སྟོན་ཏེ། ཤེས་རབ་ལ་སོགས་བཞིན་དུ་ཞེས་བྱ་བའི་དོན་ཏོ། །གཞན་དག་ཅེས་བྱ་བ་ནི་བྲམ་ཟེ་དང་རིག་པ་ཅན་ལ་སོགས་པའོ། །འདི་ལ་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །འདི་ལྟ་བུར་གྱུར་པ་ཞེས་བྱ་
བ་བེམས་པོའི་རང་བཞིན་མ་ཡིན་པ་དང་དོན་ཡང་གསལ་བར་བྱེད་པའི་བློ་གསལ་བ་དེ་ཡོད་པ་ཡིན་ནོ་ཞེས་བྱ་བར་རིགས་སོ། །རྒྱུ་དེས་ན་རྟོགས་པ་ཤེས་པ་དང་འདྲེས་པ་སྟེ། དོན་གཅིག་ལ་འདུ་བའི་མཚན་ཉིད་ཀྱིས་འབྲེལ་བ་ལ་སོགས་པའི་ངོ་བོ་སྣང་བ་ཡིན་གྱི། རང་ཉིད་རྟོགས་པའི་ངོ་བོ་
ཡིན་པས་ནི་མ་ཡིན་ནོ་ཞེས་སོ། །ཐོག་མ་མེད་པའི་གོམས་པའི་བག་ཆགས་གང་ཡིན་པ་དེ་ཡོད་པ་ལས་བདེ་བ་ལ་སོགས་པ་འདི་ནི་དེ་ལྟར་རྟོགས་པའི་རང་བཞིན་ཡིན་ཞེས་པས་ན་དེ་ལས་ཚུལ་གཞན་གང་ཡིན་པ་དེ་བདེ་བ་ལ་སོགས་པ་བདག་ལ་འདུ་བ་ཅན་ནི་དོན་གཅིག་ལ་འདུ་བ་ཅན་གྱི་ཤེས་
Vol. 185 · folio 222a
པས་རྟོགས་པ་ཡིན་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་རྣམ་པར་རྟོག་པ་ནི། འཇིག་རྟེན་གྱིས་བྱེད་པ་མ་ཡིན་ནོ། །ལུགས་གཞན་གྱི་རྣམ་པ་བརྗོད་པ་ནི། འདི་ནི་འདི་དང་འདི་ལྟ་བུ་ཞེས་བྱ་བའོ། །ཉེས་པ་གཞན་ཡང་བརྗོད་པའི་དོན་དུ་གསུངས་པ་ནི། དོན་གཅིག་ལ་བྱ་བའོ། །
སའི་ཞེས་བྱ་བ་ལ་སོགས་པས་གཞན་གྱི་དོན་གཅིག་ལ་འདུ་བའི་སྒྲུབ་པར་བྱེད་པ་བསྟན་པ་ན་བརྗོད་པ་ནི། དེ་ལྟ་ན་འོ་ན་ཞེས་བྱ་བའོ། །འདི་ལ་གཞན་གྱི་བདག་ནི་ཞེས་སྨྲས་སོ། །ཇི་ལྟར་དེ་རག་ལས་ཞེས་བྱ་བ་ནི། གཞན་ལ་འདུ་བ་མ་ཡིན་པ་ཉིད་དོ། །གཞན་ལ་རག་ལས་པ་ཞེས་བྱ་བ་ནི་
གཞན་ལ་འདུ་བ་ཡིན་པར་རྟོགས་པའོ། །མི་རྟག་ཅེས་བྱ་བ་ནི་གཏན་ཚིགས་སོ། །རྟག་པས་ཞེས་བྱ་བ་ནི་རང་དབང་གི་རྟགས་ཡིན་ལ་དེ་ཡང་མི་རྟེན་པའི་ཡིན་ནོ། །གཅིག་ཀྱང་ཞེས་བྱ་བ་ནི་ཡོན་ཏན་ཉིད་དམ་རྟེན་ཉིད་དོ། །དེ་ནི་ཡོན་ཏན་ཉིད་དོ། །ཅིའི་ཕྱིར་ཡོན་ཏན་ཉིད་མ་ཡིན་སྙམ་ན། གཞན་ལ་
བརྟེན་པ་མ་གྲུབ་པའི་ཕྱིར་རོ་ཞེས་སྨོས་སོ། །རྫས་ལ་བརྟེན་པ་ཡོན་ཏན་མ་ཡིན་པ་ཞེས་བྱ་བ་ལ་སོགས་པའི་ཡོན་ཏན་ཡིད་ཀྱི་རྒྱུ་མཚན་ཡིན་ན། འདིར་རྫས་ལ་བརྟེན་པ་ཉིད་ནི་གྲུབ་པ་མེད་དོ། །དེའི་ཕྱིར་ཡོན་ཏན་དུ་འགྱུར་བ་ཡིན་ལ་དེ་ལྟ་ན་ཡང་ཕན་ཚུན་བསྟེན་པའི་ཉེས་པར་འགྱུར་རོ་ཞེས་དགོངས་པའོ། །
བདེ་བ་ལ་སོགས་པ་ནི་རང་དབང་ཉིད་མ་ཡིན་ཏེ་ཞེས་འབྲེལ་ཏོ། །བཟློག་པའི་ཕྱིར་ཞེས་བྱ་བ་ནི་རྟག་པ་ལས་བཟློག་པ་མི་རྟག་པ་ཡིན་པའི་ཕྱིར་རོ། །ཚིག་ལེའུར་བྱས་པའི་དོན་འགྲེལ་པའི་དོན་དུ་ལྷག་པ་ཡང་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །དེ་ཇི་ལྟར་ཞེས་བྱ་བ་ནི་མེད་པ་དེའོ། །གལ་ཏེ་རག་ལས་པའི་
ཆོས་ཉིད་ལ་དེའི་ཚེ་ཡོད་པ་ཉིད་ཡིན་པར་འཐད་ཀྱི་མེད་པ་འདི་ཇི་ལྟར་འགྱུར་ཇི་ལྟར་རེ་ཞིག་རྣམ་པར་ཤེས་པའི་རང་བཞིན་དུ་བསྒྲུབ་པ་ཡིན་ནོ། །རང་རིག་པའི་རང་བཞིན་ཉིད་དུ་ཡང་ཉིད་ཀྱིས་བསྒྲུབ་པོ། །དེ་ལྟ་ན་ཡང་སློབ་དཔོན་གྱི་སྒོ་ནས་ཀྱང་བསྒྲུབ་པའི་དོན་དུ་བརྗོད་པ་ན། བདེ་བ་ལ་སོགས་པ་ཞེས་བྱ་
བའོ། །མྱོང་ན་ཕན་འདོགས་པར་བྱེད་པ་ཉིད་དུ་འགྱུར་རོ་ཞེ་ན། འོན་ཏེ་གཞན་གྱིས་ཞེས་བྱ་བ་ནི་དབང་པོ་ལས་སྐྱེས་པ་མ་ཡིན་པས་སོ། །དོན་གང་ནི་གཟུགས་ལ་སོགས་པའོ། །གལ་ཏེ་གཟུགས་ལ་སོགས་པ་ཡང་མིག་ཞུགས་པས་དེ་ལ་བློ་སྦྱོར་བ་མ་ཡིན་ནམ་བདེ་བ་ལ་སོགས་པ་ལ་ཡང་མིག་འཇུག་
Vol. 185 · folio 222b
པ་ཁོ་ན་སྟེ་དེས་ན་དེར་ཡང་དེ་སྦྱོར་བར་བྱེད་པ་ཡིན་ནོ་ཞེ་ན་བདག་གི་མིག་ཅེས་བྱ་བའོ། །འོན་ཏེ་བདེ་བ་ལ་མིག་ཞུགས་ཀྱང་དེའི་ཡུལ་ལ་རྣམ་པར་ཤེས་པ་བསྐྱེད་པར་འགྱུར་ཞེས་གཞན་གྱིས་བསྟན་པ་ནི་འོན་ཏེ་ཞེས་བྱ་བ་ནི། བདེ་བ་འཛིན་པའི་རྣམ་པར་ཤེས་པ་ནི་གཟུགས་ཉིད་རྣམ་པར་ཞུགས་པའི་མིག་
གིས་འཇུག་པ་སྟེ་བསྐྱེད་པར་འགྱུར་ནའོ། །འདི་ལ་གྲུབ་པའི་མཐའ་པས་བརྗོད་པ་ནི་དེ་ལྟ་ཡིན་ན་ཞེས་བྱ་བའོ། །གལ་ཏེ་གཅིག་ཞུགས་པའི་མིག་གིས་ཡུལ་གཞན་གྱི་རྣམ་པར་ཤེས་པ་བསྐྱེད་ན། དེའི་ཚེ་བུམ་པ་ལ་སོགས་པ་ལ་གཅིག་ལ་ཞུགས་པའི་མིག་གིས་ཁམས་གསུམ་པ་ཐམས་ཅད་ཀྱི་
ཡུལ་ཅན་གྱི་རྣམ་པར་ཤེས་པ་སྐྱེད་པར་འགྱུར་རོ། །དེ་བཞིན་དུ་དུ་བ་ལ་སོགས་པ་གཞན་ལ་ཞུགས་པའི་མིག་གིས་ལྐོག་ཏུ་གྱུར་པའི་ཡུལ་གྱི་ཤེས་པ་སྐྱེད་པའི་ཕྱིར་ནི། རྗེས་སུ་དཔག་པ་ཡང་མིག་ལས་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་ཧ་ཅང་ཐལ་བའོ། །འཛིན་པར་བྱེད་པའི་རྣམ་པར་ཤེས་པ་ནི་བདེ་བ་
ལ་སོགས་པ་རྣམས་འཛིན་པར་བྱེད་པའི་རྣམ་པའོ། །རྒྱུ་དེས་ན་དབང་པོའི་རྣམ་པར་ཤེས་པ་དེ་ཉིད་ཀྱིས་བདེ་བ་ལ་སོགས་པ་འཛིན་པ་ཡིན་པར་བརྗོད་དོ་ཞེ་ན། འདི་ལ་བརྗོད་པ་ནི་འོ་ན་ཞེས་བྱ་བའོ། །རྣམ་པར་བརྟག་པར་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་ཡུལ་གྱི་རྣམ་པའོ། །དུས་མཚུངས་པའི་ཞེས་བྱ་
བ་ནི། དབང་པོའི་རྣམ་པར་ཤེས་པ་དང་དུས་མཚུངས་པའིའོ། །དེ་ལ་ཡང་འཛིན་པའི་རྣམ་པ་གཞན་མ་དམིགས་པའི་ཕྱིར་རོ། །དེ་བཞིན་དུ་རྗེས་སུ་དཔག་པར་བྱ་བ་མེ་ལ་སོགས་པ་ཡང་འཛིན་པར་བྱེད་པ་གཞན་མ་དམིགས་ཏེ། དེས་ན་དེར་ཡང་དབང་པོའི་རྣམ་པར་ཤེས་པ་ཉིད་ཀྱིས་གཟུང་བར་ཐལ་ལོ་
ཞེས་བརྗོད་ཟིན་ཏོ། །གཞན་གྱིས་འོན་ཏེ་ཞེས་སྨྲས་ཏེ། རྗེས་སུ་དཔག་པར་བྱ་བའི་མཚན་ཉིད་ཀྱིས་གཟུང་བའི་རྣམ་པ་ལས་དེ་དེ་ལྟ་བུའི་ཞེས་བྱ་བ་རྗེས་སུ་དཔག་པའི་རང་བཞིན་གྱིས་ཡོངས་སུ་རྟོག་པའོ། །དེ་བཞིན་དུ་རྣམ་པར་བརྟག་པར་བྱ་བའི་སྒྲ་ལ་སོགས་པ་དབང་པོ་དང་དུས་མཚུངས་པ་ལ་བྱུང་བ་ལ་ཡང་
གཟུང་བའི་རྣམ་པ་མཐོང་བ་ལས་འཛིན་པར་བྱེད་པའི་རྣམ་པར་བརྟག་པ་གཞན་རྟོག་པའོ། །འདི་མཚུངས་སོ་ཞེས་བྱ་བ་ནི་རྗེས་སུ་དཔག་པར་བྱ་བ་དང་རྣམ་པར་བརྟག་པར་བྱ་བའོ། །ཕ་རོལ་པོ་ཉིད་སངས་རྒྱས་པའི་དོགས་པ་བསུ་བ་ནི། བདེ་བ་ལ་སོགས་པ་ཡང་ཞེས་བྱ་བའོ། །གལ་ཏེ་རྗེས་སུ་དཔག་
Vol. 185 · folio 223a
པར་བྱ་བ་ལ་སོགས་པ་ལ་གཟུང་བའི་རྣམ་པར་མཐོང་བ་ལས་འཛིན་པར་བྱེད་པ་གཞན་རྟོག་ན་དེའི་ཚེ་བདེ་བ་ལ་སོགས་པ་ཡང་གཟུང་བའི་རྣམ་པ་མཐོང་བའི་ཕྱིར་ན། དབང་པོའི་རྣམ་པར་རྣམ་པ་ལས་གཞན་པར་བྱེད་པ་ཅི་སྟེ་མི་རྟག་ཅེས་དོགས་པ་བསུ་ནས་འགོག་པ་ནི་མ་ཡིན་ཏེ་ཞེས་བྱ་
བའོ། །གལ་ཏེ་གཟུང་བ་ཉིད་དུ་མྱོང་ན་དེ་ལ་འཛིན་པར་བྱེད་པ་གཞན་བརྟག་པར་བྱ་བ་ཡིན་ཏེ། དཔེར་ན་རྗེས་སུ་དཔག་པར་བྱ་བ་ལ་སོགས་པ་བཞིན་ནོ། །བདེ་བ་ལ་སོགས་པ་ནི་གཟུང་བ་ཉིད་དུ་ཉམས་སུ་མྱོང་བ་མ་ཡིན་ན་ཇི་ལྟར་འཛིན་པར་བྱེད་པ་གཞན་བརྟག་པར་བྱ་བ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །
གཟུང་བར་བྱ་བ་ཉིད་དུ་མྱོང་བ་མེད་པའི་ཕྱིར་རོ་ཞེས་ཕ་རོལ་པོས་བརྗོད་པ་གང་ཡིན་པ་དེ་འགོག་པ་ནི་དོན་གཅིག་ལ་ཞེས་བྱ་བའོ། །འཛིན་པར་བྱེད་པ་གཞན་གྱིས་བྱ་བ་ནི་ཤེས་པ་གཞན་གྱིས་སོ། །དེས་ན་འདིར་ཡང་གཟུང་བ་ཉིད་མཐོང་བ་ལས་འཛིན་པར་བྱེད་པར་གཞན་རྟོགས་ཤིག་ཅེས་དགོངས་
པའོ། །གཅིག་ཏུ་འདྲེས་པ་ཉིད་དུ་ཞེས་བྱ་བ་ནི། ཤེས་པ་དང་བདག་དང་བདེ་བ་ལ་སོགས་པ་དྲན་པ་ཉིད་དུ་སྣང་སྟེ། དེས་ན་བདེ་བ་ལ་སོགས་པ་གཟུང་བ་ཉིད་མ་ཡིན་ནོ་ཞེ་ན། དེ་ལ་བརྗོད་པ་ནི་འོ་ན་ཞེས་བྱ་བའོ། །དེ་བདག་གམ་ཞེས་བྱ་བ་ནི། བདག་ཀྱང་ཡིན་ལ་དེ་ཡང་ཡིན་པས་ན་བདག་སྟེ་
ཞེས་བྱ་བ་ལ་སོགས་པའི་དོན་ཏོ། །གལ་ཏེ་མྱོང་བ་བདེ་བའི་རྣམ་པར་ཁས་བླངས་པ་ན། མྱོང་བ་མྱོང་བ་མ་ཡིན་པའི་བདེ་བ་གཞན་ནི་ཡོད་པ་ཁོ་ནའོ། །ཤེས་པ་བུམ་པའི་རྣམ་པ་ཡིན་ན་བུམ་པ་ཐ་དད་པ་མེད་དོ་ཞེས་ནི་བརྗོད་པར་མི་ནུས་སོ་ཞེས་གཞན་སྨྲ་བ་ནི། མྱོང་བ་ནི་ཞེས་བྱ་བ་ཁོ་ནའོ། །གཞན་ཡང་
ནི་བེམས་པོའོ། །ཤིང་ལས་བྱ་བ་ནི་ཆོས་མཐུན་པའི་དཔེའོ། །དཔེར་ན་ཤིང་ལ་གོང་བུའི་རྣམ་པར་རྟོག་པ་ནི། གོང་བུའི་རྣམ་པ་ཅན་གྱི་ཤིང་གཞན་གོང་བུའི་རྣམ་པ་ཅན་དུ་སྒྲོ་བཏགས་པ་མ་ཡིན་པ་དེ་བཞིན་དུ། བདེ་བ་ལ་སོགས་པ་རིག་པ་ཡང་བདེ་བ་གཞན་གྱིས་སྒྲོ་བཏགས་པའི་བདེ་བའི་རྣམ་
པར་རྟོག་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་གཞན་གྱིས་ཞེས་བྱ་བའི་རྣམ་པར་རྟོག་པ་གཉིས་པ་སུན་འབྱིན་པའི་དོན་དུ་གཉེར་བར་འགོག་པ་ནི་འོན་ཏེ་བདག་དང་ཞེས་བྱ་བའོ། །བདག་དང་ཡིད་དེ་དབང་པོ་གང་ཡིན་པ་དེ་གཉིས་འབྲེལ་པ་ནི་ལྡན་པ་སྟེ་དེ་ཙམ་ལས་སོ། །འདི་ལ་བརྗོད་པ་ནི་དེ་
Vol. 185 · folio 223b
ལྟ་ཡིན་ན་ཞེས་བྱ་བའོ། །དེ་མྱོང་བ་ཞེས་བྱ་བ་ནི་བདེ་བ་མྱོང་བའོ། །རྣམ་འཆད་མེད་པ་ནི་བར་མ་ཆད་པའོ། །འོན་ཏེ་རྣམ་པར་མ་ཆད་པར་ནི་མི་སྣང་བ་ཉིད་དོ། །རྣམ་པར་ཆད་པ་ཁོ་ནར་སྣང་བའི་ཕྱིར་རོ་ཞེས་དོགས་པ་ནི་བདེ་བ་ལ་སོགས་པ་འཛིན་པ་ནི་ཞེས་སྨོས་སོ། །གཟུགས་ལ་སོགས་པ་འཛིན་
པ་ནི་དབང་པོ་ལས་སྐྱེས་པ་དང་ངོ་། །གལ་ཏེ་བདེ་བ་ལ་སོགས་པ་འཛིན་པ་རིམ་ཅན་ཉིད་ལྷན་ཅིག་དམིགས་པ་མ་ཡིན་ནམ་ཞེས་དོགས་ན་དེ་ལ་ཞེས་བྱ་བའོ། །རྣམ་པར་མ་ཆད་པར་རྟོགས་པ་ཞེས་བྱ་བ་འདི་ཉིད་མ་ཆད་པ་རྟོགས་པ་ཁོ་ན་སྟེ། འོན་ཀྱང་བདེ་བ་ལ་སོགས་པའམ་གཟུགས་ལ་
སོགས་པའི་བར་རྟོགས་པ་མེད་པ་ཡིན་ནོ་ཞེ་ན། འདི་ལ་བརྗོད་པ་ནི་མྱུར་བ་དེ་ནི་ཞེས་བྱ་བའོ། །བདེ་བ་མི་འཛིན་པ་ནི་གཟུགས་འཛིན་པ་ལས་གཞན་མ་ཡིན་ཏེ། གཟུགས་འཛིན་པ་བདེ་བ་མི་འཛིན་པ་ཡིན་ནོ། །དེ་བཞིན་དུ་གཟུགས་མི་འཛིན་པ་ཡང་བདེ་བ་འཛིན་པ་ལས་གཞན་མ་ཡིན་ཏེ།
བདེ་བ་འཛིན་པ་ཉིད་དུ་གཟུགས་མི་འཛིན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འགྱུར་རོ་ཞེས་བྱ་བའི་ཐལ་བ་དོན་མི་འཐད་པར་འགྱུར་བ་གཟུགས་ལ་སོགས་པ་ཞེས་བྱ་བ་འདིར་འགྱུར་རོ། །བཟློག་པ་ལ་ཡང་ཞེས་བྱ་བ་ནི། གཟུགས་ལ་སོགས་པ་མི་འཛིན་པ་རྒྱུན་མི་འཆད་པར་འགྱུར་རོ་ཞེས་བྱ་བའི་
ཐལ་བ་འདིའི་དོན་ཡང་འདི་ཡིན་ཏེ། བདེ་བ་ལ་སོགས་པར་རྒྱུན་མི་འཆད་པར་འཛིན་པར་འགྱུར་རོ་ཞེས་བྱ་བ་ཡིན་ན། དེ་ནི་ཡིན་པ་ཉིད་དོ་ཞེས་བྱ་བའོ། །ཕ་རོལ་པོ་ཉིད་མཇུག་སྡུད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །དེ་ནི་དེའི་དབེན་པས་ན་ཞེས་བྱ་བ་ནི་དེ་ནི་བརྗོད་པར་འདོད་པས་དེས་དབེན་པའི་ཕྱིར་མེད་པ་
ཉིད་དུ་རིག་པ་ཡིན་ནོ། །དེས་ན་དེ་ནི་དེ་མེད་པ་ཡིན་ནོ། །དེས་དེ་དབེན་པར་འཛིན་པ་མི་འགྱུར་བ་ཉིད་དུ་མ་ཡིན་ནོ། །དེས་ན་གཟུགས་ལ་སོགས་པར་འཛིན་པ་དེ་རྣམ་པར་མ་ཆོད་པར་ཡོད་པས་སོ། །གལ་ཏེ་གཟུགས་ལ་སོགས་པ་དམིགས་པས་ན། བདེ་བ་ལ་སོགས་པ་ཡང་དམིགས་པར་འགྱུར་མོད།
ཅི་སྐྱོན་ཞེ་ན་གཞན་ཞེས་བྱ་བའོ། །བདེ་བ་ལ་སོགས་པ་གཞན་དམིགས་པ་ན། གཞན་གཟུགས་ལ་སོགས་པ་དེས་དབེན་པར་རོ། །གཞན་གྱི་བརྗོད་པ་གཟུགས་ལ་སོགས་པ་འཛིན་པ་ན། བདེ་བ་ལ་སོགས་པ་དེས་དབེན་པར་འཛིན་པ་ཉིད་དོ། །དེའི་རང་བཞིན་ཞེས་བྱ་བ་ནི་བདེ་བའི་རང་བཞིན་ནོ། །དེས་
Vol. 185 · folio 224a
ཞེས་བྱ་བ་ནི་གཟུགས་ལ་སོགས་པ་འཛིན་པར་རོ། །མ་ཞུགས་པའི་ཕྱིར་རོ་ཞེས་བྱ་བ་ནི་མ་ཆུད་པའི་ཕྱིར་རོ། །འདི་ལ་བརྗོད་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །ཕན་ཚུན་དང་རྗེས་སུ་མ་ཞུགས་པ་ཉིད་འཛིན་མོད། དེ་ལྟ་ན་ཡང་བདེ་བ་དང་གཟུགས་ལ་སོགས་པ་འཛིན་པ་དག་རིམ་ཅན་
ཉིད་མི་འགྲུབ་པོ། །གལ་ཏེ་དུས་མཉམ་པར་ཕན་ཚུན་རང་བཞིན་རྗེས་སུ་མ་ཞུགས་པའི་འཛིན་པ་གཉིས་རིག་པ་ཡིན་ན། དེའི་ཚེ་དུས་གཅིག་པ་ཉིད་དུ་འགྱུར་བ་ཡིན་ནོ། །འདིར་དཔེར་ན་ཡན་ལག་དང་ཞེས་བྱ་བའོ། །བར་དང་བཅས་པ་སྟེ་བར་ཆད་དང་ལྷན་ཅིག་གནས་པ་ལ་དེ་སྐད་ཅེས་བྱ་བའོ། །
བར་དང་བཅས་པའི་སྐྲ་དང་དུ་མ་དེ་དག་འཛིན་པའི་དུས་ན། བར་ན་གནས་པའི་བར་ཆོད་མ་བཟུང་ཡང་སྐྲའི་རང་བཞིན་གཟུང་བ་ཉིད་ཡིན་ནོ། །དེས་ན་དེ་ལ་སྟེ་བར་དང་བཅས་པའི་སྐྲ་འཛིན་པའི་དུས་སུ་སྐྲའི་རང་བཞིན་བར་མེད་པར་འཛིན་པས་དེའི་བར་ཞེས་བྱ་བ་སྐྲ་དེ་དེ་རྣམས་ཀྱི་བར་ཆད་འཛིན་པ་གང་
ཡིན་པ་དེ་ལ་གནོད་པ་བཞིན་དུ་བར་མི་འཛིན་པས་སྐྲ་འཛིན་པ་ལ་གནོད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་ཡང་བདེ་བ་ལ་སོགས་པ་དང་གཟུགས་ཀྱི་བར་དེ་བར་ཆོད་གང་ཡིན་པ་དེ་མི་འཛིན་པ་ནི། འཛིན་པའི་གནོད་བྱེད་མ་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་བར་དང་བཅས་པའི་སྐྲ་དུ་མ་འཛིན་པའི་དུས་ནའོ། །
བར་ཆད་དེ་སྐྲའི་བར་མི་འཛིན་པ་ནི་ཡོད་པ་མ་ཡིན་པ་ཉིད་དེ། དེས་ན་དེ་འཛིན་པའི་གནོད་བྱེད་དུ་ཇི་ལྟར་འགྱུར། དེ་ནི་གནོད་བྱེད་དུ་ཡང་མི་འགྱུར་རོ་ཞེས་བརྗོད་པ་ནི། མེད་པ་གནོད་པར་བྱ་བ་མིན། །ཞེས་བྱ་བའོ། །དེ་ལྟར་ན་རེ་ཞིག་འདི་རིགས་པས་མི་འཐད་པ་ཡིན་ནོ། །སངས་རྒྱས་པས་འདོད་པ་ཡང་
མ་ཡིན་ནོ་ཞེས་བརྗོད་པ་ནི་འདོད་མིན་ཞེས་བྱ་བའོ། །འོ་ན་ཇི་ལྟར་གནོད་པར་བྱ་བར་འགྱུར་སྙམ་ན། འཇིག་རྟེན་འདོད་པར་ཟད་ཅེས་བྱ་བའོ། །བར་ཆད་དེ་སྐྲ་རྣམས་ཀྱི་ནང་ན་གནས་པའི་སྣང་བ་ལ་སོགས་པ་འཛིན་པ་ཉིད་སྐྲ་མི་འཛིན་པའི་རང་བཞིན་ཅིའི་ཕྱིར་མ་ཡིན་ཞེས་དྲིས་པས་ན། འདི་ནི་ཞེས་
གསུངས་སོ། །བར་ཆད་ཅེས་བྱ་བ་ནི་སྣང་བ་ལ་སོགས་པའོ། །བར་ཆད་འཛིན་པ་མ་སྐྱེས་པ་ན་གནོད་པར་བྱ་བ་ཡང་མ་ཡིན་གྱི་ཞེས་འབྲེལ་ཏོ། །འོན་ཏེ་བདེ་བ་དང་གཟུགས་ལ་སོགས་པ་འཛིན་པའི་དུས་ན་ཡང་བར་དང་བར་དུ་བདེ་བ་ལ་སོགས་པའམ། གཟུགས་ལ་སོགས་པ་འཛིན་པའི་འམ། མ་སྐྱེས་
Vol. 185 · folio 224b
པ་ཁོ་ན་སྟེ་དེས་ན་གནོད་པར་བྱ་བ་མ་ཡིན་ལ། གནོད་པར་བྱེད་པ་ཡང་མ་ཡིན་ནོ་ཞེ་ན། དེར་ནི་ཞེས་གསུངས་སོ། །མི་འཛིན་པ་ཞེས་བྱ་བ་ནི། བདེ་བ་འཛིན་པ་ཉིད་གཟུགས་མི་འཛིན་པ་ཡིན་ལ། གཟུགས་འཛིན་པ་ཡང་བདེ་བ་མི་འཛིན་པ་ཉིད་ཡིན་ནོ། །དེས་ན་རིམ་གྱིས་འཛིན་པ་ན། གཟུགས་དང་
བདེ་བ་ལ་སོགས་པ་དག་མི་འཛིན་པ་ཉིད་དུ་ཐལ་ལོ། །དེ་ལྟ་ཡིན་དང་རིམ་གྱིས་སྣང་ཞེས་སྦྱར་རོ། །མི་འཛིན་པ་ནི་ཡོད་པ་ཁོ་ན་སྟེ་ཞེས་བྱ་བ་ནི་བདེ་བ་འཛིན་པ་ཉིད་གཟུགས་མི་འཛིན་པ་ཡིན་ནོ། །འོ་ན་ཇི་ལྟར་མི་དམིགས་སྙམ་པའི་དོགས་པ་བསུ་ནས། ཕ་རོལ་པོ་ཉིད་ཀྱིས་སྨྲས་པ་ནི་དེ་ལས་ཞེས་བྱ་
བ་སྟེ། གཟུགས་མི་འཛིན་པའི་བདག་ཉིད་བདེ་བ་འཛིན་པ་ལའོ། །འཛིན་པ་ལ་འཛིན་པ་གཞན་མེད་དོ་ཞེས་གདོན་མི་ཟ་བར་ཁས་བླང་དགོས་སོ། །གཞན་གྱིས་ཀྱང་འཛིན་པ་པོ་ལ་འཛིན་པ་པོ་གཞན་ཡོད་པར་འདོད་པ་ཉིད་དུ་ཁས་བླང་བ་ཡིན་ནོ། །དེ་ལྟ་མིན་ན་ཞེས་བྱ་བ་གལ་ཏེ་འཛིན་པ་ལ་ཡང་
འཛིན་པ་གཞན་སྟོན་ན་དེའི་ཚེ་ཐུག་པ་མེད་པར་ཐལ་བའི་ཕྱིར་ན་མ་འབྲེལ་བ་ཉིད་དོ། །གལ་ཏེ་དབང་པོའམ་གཞན་དག་ལ་སེམས་པ་ལས་འཛིན་པར་བྱེད་པ་གསལ་བ་ཡིན་གྱི། འཛིན་པ་པོ་ལས་མ་ཡིན་ནོ་ཞེས་ཕ་རོལ་པོས་སངས་རྒྱས་པའི་ཕྱོགས་རྗེས་སུ་བརྗོད་པར་བྱས་པའོ། །འདི་ལ་བརྗོད་པ་
ནི་སྐྱོན་གཞན་ཞེས་བྱ་བའོ། །འདི་ཉིད་ཀྱིས་ཞེས་བྱ་བ་ནི་འཛིན་པ་རང་གསལ་བར་ཁས་བླངས་ན་འཛིན་པ་པོ་གཞན་ཁས་ལེན་པའིའོ། །དེ་ནི་འཛིན་པ་པོ་གསལ་བར་བྱེད་པ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །དེ་ལྟར་རེ་ཞིག་གཅིག་པར་བར་དུ་མི་འཛིན་པ་ཉིད་གཞན་གང་ཡང་རུང་བར་འཛིན་པའི་རང་
བཞིན་ནི་ཡོད་པ་ཁོ་ནའོ་ཞེས་བསྟན་པས་གནོད་པར་བྱེད་པ་ཉིད་དུ་སྟོན་པ་ནི། ཕན་ཚུན་ཞེས་བྱ་བའོ། །དེས་ན་སྐྲའི་བར་ན་གནས་པའི་སྣང་བ་ལ་སོགས་པ་འཛིན་པ་ལྟར་རོ། །བདེ་བ་འཛིན་པའི་གནོད་བྱེད་དུ་རྣམ་པར་གཞག་པའོ། །སྣང་བ་ལ་སོགས་པའི་སྐྲའི་བར་གང་ཡིན་པ་རིག་པ་དེ་ཇི་ལྟར་ཐམས་ཅད་
ཀྱི་ཚེ་གནོད་བྱེད་ཡིན་པ་དེ་བཞིན་དུ་བདེ་བ་ཡང་ཅི་སྟེ་མི་གནོད། གལ་ཏེ་རེ་ཞིག་དུས་གཅིག་གི་ཚེ་ནི་གནོད་པ་ཡོད་པ་ཁོ་ནའོ་ཞེ་ན། དེ་ཚེ་ཞེས་བྱ་བ་སྟེ། ཡིད་འཕྲོག་པའི་གཟུགས་འབའ་ཞིག་འཛིན་པའི་ཚེའོ། །དེར་ན་དེར་ཡོད་པ་མ་ཡིན་པའི་བདེ་བ་ཉིད་འཛིན་པ་གནོད་པར་བྱ་བ་ཡིན་ནམ་ཅི་ཞེས་
Vol. 185 · folio 225a
བསམས་པའོ། །ཡུལ་ཉེ་བ་ན་ནི་གང་གི་ཚེ་རྣམ་པར་ཤེས་པ་མི་སྐྱེ་བ་དེའི་ཚེ་འཛིན་པ་གནོད་པ་ཉིད་དུ་ཐ་སྙད་དུ་བྱ་སྟེ། སྒྲའི་བར་ནི་སྣང་བ་འཛིན་པ་བཞིན་ནོ་འདིར་ནི་དེ་ལྟ་མ་ཡིན་ནོ་ཞེས་དགོངས་པའོ། །བདེ་བ་ལ་སོགས་པ་འཛིན་པ་ལ་ཡང་ཐམས་ཅད་ཀྱི་ཚེ་གནོད་པར་
འགྱུར་རོ་ཞེས་འབྲེལ་ཏོ། །གཞན་ཡང་དེ་ནི་སྐྲ་འཛིན་པ་ཉིད་མ་ཡིན་ཏེ། དེས་ན་དཔེར་ན་སྐྲ་འཛིན་པས་བར་ཆད་མི་འཛིན་ལ་གནོད་པ་དེ་བཞིན་དུ་བར་ཆད་མ་བཟུང་། གཟུང་བས་སྐྲ་འཛིན་པ་ལ་གནོད་པ་མ་ཡིན་ནོ་ཞེས་འདི་དཔེར་ཇི་ལྟར་བྱེད་ཅེས་སྟོན་པ་ན་དོན་དམ་པར་ནི་ཞེས་བྱ་བའོ། །དེ་ཚེ་བདེ་བ་
ལ་སོགས་པ་ཞེས་བྱ་བ་འཆད་པ་ནི་གང་གི་ཞེས་བྱ་བའོ། །སྐྱེས་པ་ཞེས་བྱ་བ་ལ་བདེ་བ་སྐྱེས་པ་མ་བཟུང་བ་ཉིད་འབའ་ཞིག་ཅེས་བྱ་བ་ཤེས་པ་ཙམ་དུ་སྟེ། དེའི་ཡུལ་ཅན་མ་སྐྱེས་སོ་ཞེས་རྣམ་པར་འཛིན་པ་ནི་མ་ཡིན་ནོ། །གལ་ཏེ་བདེ་བ་སྐྱེས་པ་ཉིད་མེད་ཀྱི་འོན་ཀྱང་མི་དམིགས་པའི་ཕྱིར་མ་སྐྱེས་
སོ་ཞེས་ཐ་སྙད་མེད་པ་ཡིན་ནོ་ཞེས་སྟོན་པ་ནི། མ་དམིགས་པའི་ཕྱིར་ཞེས་བྱའོ། །འདི་ལ་བརྗོད་པ་ནི་དེ་ནི་ཞེས་བྱ་བའོ། །བུམ་པ་ལ་སོགས་པ་མ་སྐྱེས་པར་འདོད་པའི་དུས་ན་ཡང་སྐྱེས་པ་ཁོ་ན་སྟེ། འོན་ཀྱང་དེ་མ་དམིགས་པ་ཙམ་དུ་ཟད་དོ་ཞེས་བརྗོད་པར་ནུས་པའི་ཕྱིར་རོ་ཞེ་ན། དེ་བཞིན་དུ་མ་
དམིགས་པ་ཡང་འཛིན་པར་འགྱུར་ཏེ། འགར་ཡང་མེད་པ་བསྒྲུབ་པར་མི་ནུས་པའི་ཕྱིར་རོ། །དེའི་ཚེ་ཞེས་བྱ་བ་ནི་བདེ་བ་ལ་སོགས་པ་སྐྱེ་བའི་དུས་ནའོ། །རིགས་པ་ཁྱེད་ཀྱི་གཞུང་ལྟར་ན་སྒྲའི་བར་འཛིན་པས་ཟིལ་གྱིས་ནོན་པ་ལྟར་འགྱུར་རོ། །དོན་དང་བདེ་བ་ལ་སོགས་པ་འཛིན་པ་ཡིན་ན་ནི།
དེའི་རིམ་མ་ཡིན་པར་འཛིན་པ་རིགས་པ་ཞིག་ནའོ། །དེ་ལྟ་ན་དེ་ལྟར་འགྱུར་རོ་ཞེ་ན་དེ་ལྟར་ཡང་ཞེས་བྱ་བ་སྟེ། མིག་ལ་སོགས་པ་བློ་གཅིག་ཉིད་ཀྱིས་གཉིས་འཛིན་པ་འདི་ནི་ཁྱེད་ཀྱིས་ཁས་བླངས་པ་ཡང་མ་ཡིན་ནོ་ཞེས་སྟོན་པ་ནི་བདེ་བ་ལ་སོགས་པ་ནི་ཞེས་བྱ་བའོ། །དེ་ལྟར་ཡང་ཞེས་བྱ་བ་ནི་
དབང་པོའི་བློ་ཉིད་ཀྱིས་གཉིས་འཛིན་པར་འགྱུར་རོ། །བདེ་བ་ལ་སོགས་པ་དབང་པོའི་བློའི་རྒྱུར་ངེས་པར་མི་འཛིན་ཡང་ཅིའི་ཕྱིར་ཞེ་ན། དབང་པོའི་བློ་ནི་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །འདི་ཉིད་གསལ་བར་བྱེད་པ་ནི་གང་ཞིག་ཅེས་བྱ་བའོ། །དེ་ནི་སྔོན་པོ་ལའོ། །དེ་ནི་སྔོན་པོའི་ནུས་པ་མེད་པ་
Vol. 185 · folio 225b
ཁོ་ནའོ་སྙམ་ན། དེ་ལྟ་མོད་ཀྱི་ཞེས་བྱ་བའོ། །བདེ་བའི་ནུས་པའང་དེ་བཞིན་དུ་འགྱུར་རོ་སྙམ་ན་བདེ་བ་ནི་ཞེས་སྨོས་སོ། །དེ་ལྟར་ཞེས་བྱ་བ་ནི་གཟུགས་མེད་ཀྱང་ཤེས་པ་སྐྱེད་པར་བྱེད་པ་ཉིད་དུའོ། །ཁས་བླངས་ན་ཡང་ཞེས་བྱ་བ་ནི་བདེ་བའི་རྣམ་པ་ཅན་གྱི་ཤེས་པ་སྐྱེད་པ་ལ་བདེ་བའི་ནུས་པ་ཁས་
བླངས་ན་ཡང་ངོ་། །གཉིས་ཀྱི་ནི་གཟུགས་དང་བདེ་བའོ། །བདེ་བ་འབའ་ཞིག་འཛིན་མོད་ཅི་སྐྱོན་སྙམ་ན། དེ་ཞེས་བྱ་བ་བདེ་བ་དེ་མྱོང་བར་ནི་མི་རིགས་སོ། །གང་གི་ཚེ་ཞེ་ན་བདེ་བ་དེའི་རྒྱུར་གྱུར་པའི་དོན་ཤེས་པས་གཟུགས་ལ་སོགས་པས་གཟུང་བར་རོ། །བདེ་བ་ལ་སོགས་པས་ཀྱང་ཅིའི་ཕྱིར་མི་
སྐྱེ་ཞེ་ན། རྣམ་པར་ཤེས་པའི་སྔོན་རོལ་དུ་ནི་ཞེས་གསུངས་སོ། །གཟུགས་ལ་སོགས་པ་ལྟར་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་དཔེའོ། །བདེ་བ་ནི་སྔར་ཇི་ལྟར་མེད་སྙམ་ན། དེ་ནི་ཞེས་གསུངས་ཏེ། བདེ་བ་དེ་ནིའོ། །དུས་མཚུངས་པར་འབྱུང་བའི་བདེ་བ་ནི་ཤེས་པའི་ལྷན་ཅིག་འབྱུང་བའི་རྒྱུ་ཉིད་དུ་བྱེ་
བྲག་ཏུ་སྨྲ་བས་འདོད་པ་ཡིན་ནོ། །བདེ་བ་ལ་སོགས་པ་དང་ཤེས་པ་དག་རིག་བྱེད་ཀྱི་དངོས་པོར་ནི་མ་ཡིན་ནོ། །ད་ནི་རིག་བྱེད་ཀྱི་དངོས་པོ་ཉིད་གསལ་བའི་དོན་དུ་བརྗོད་པ་ནི། རིག་པའི་རང་བཞིན་མིན་པ་ནི། །ཞེས་བྱ་བའོ། །གལ་ཏེ་རྣམ་པར་ཤེས་པ་ནི་རང་གི་རྒྱུ་ཉིད་ལས་བདེ་བ་ལ་མངོན་དུ་ཕྱོགས་པ་
ཡིན་ཏེ། དེས་ན་རྣམ་པར་ཤེས་པ་འདི་དུས་མཚུངས་པ་ཡིན་ཡང་བདེ་བ་རིག་པའི་རང་བཞིན་གྱིས་མངོན་དུ་ཕྱོགས་པའི་ཕྱིར་བདེ་བར་འཛིན་པར་བྱེད་པ་ཡིན་ནོ་སྙམ་པའི་དོགས་པ་བསུ་ནས་བརྗོད་པ་ནི། བདེ་བ་ལ་ནི་མངོན་དུ་ཕྱོགས་ཏེ་ཞེས་བྱ་བའོ། །གཟུགས་བཞིན་དུ་བདེ་བ་ལ་ཡང་དབང་པོའི་བྱེད་
པ་ཡོད་དེ། དེས་ན་དབང་པོའི་རྣམ་པར་ཤེས་པ་བདེ་བའི་ཡུལ་ཅན་དུ་ཡང་འགྱུར་རོ་སྙམ་ན་དེ་ལ་ཞེས་བྱ་བའོ། །བདེ་བ་རྣམ་པར་ཤེས་པ་བསྐྱེད་པ་ལ་སོ་སོར་ནུས་པ་ཡིན་ནོ། །གལ་ཏེ་རིག་པ་ཉིད་མ་ཡིན་ནམ། དེ་ཇི་ལྟར་མི་འཐད་སྙམ་ན། རིག་པར་བྱ་བ་ཉིད་ཀྱང་ཞེས་བྱ་བའོ། །འདི་ནི་ཤིན་ཏུ་མི་
འཐད་པ་ཉིད་ལྷུར་བྱེད་པ་ལྷག་པར་བརྗོད་པ་ཚིག་སྟེ། དེ་ལ་རིག་པ་ནི་ཡོད་པ་མ་ཡིན་ནོ། །འགའ་ཞིག་འདོད་པ་མིན་ཞེས་བརྗོད་པ་ནི་གང་ཡིན་པ་དེ་དང་དེ་ལྟར་གསལ་བར་བྱེད་པ་ནི་ན་ཆུང་ཞེས་བྱ་བའོ། །དེ་ཉིད་ཀྱིས་ཞེས་བྱ་བ་ནི་ན་ཆུང་སྒེག་མོ་རྟོགས་པའི་དུས་ནའོ། །མཐོང་དང་ཞེས་བརྗོད་པ་གང་
Vol. 185 · folio 226a
ཡིན་པ་དེའི་བཤད་པ་ནི། དེ་ལྟར་མི་དམིགས་པ་ཡང་མ་ཡིན་ནོ་ཞེས་བྱ་བའོ། །ལྷན་ཅིག་པ་ཞེས་བྱ་བ་ནི་གཟུགས་དང་ལྷན་ཅིག་པའི་བདེ་བའོ། །ཟླ་བ་གཉིས་པ་ཡང་ནུས་པར་འགྱུར་རོ། །དེས་ན་དེ་ཡང་མེད་པར་བྱར་མི་ནུས་སོ། །རྗེས་སུ་འགྲོ་བ་དང་ལྡོག་པ་ནི་འདོད་པ་ཡང་མ་ཡིན་
ནོ་ཞེས་རྗེས་སུ་འཇུག་གོ། །ཅིའི་ཕྱིར་མི་འདོད་སྙམ་ན་མིག་ལས་ཞེས་བྱ་བའོ། །དེ་ལས་ཞེས་བྱ་བ་བདེ་བ་ལ་སོགས་པ་ལས་སྐྱོ་བར་རོ། །འབའ་ཞིག་ནི་བདེ་བར་རོ། །འོ་ན་ཅི་ལྟར་ཞེ་ན། རྒྱུ་འགའ་ཞིག་ཅེས་གསུངས་སོ། །ལྷན་ཅིག་གཟུང་བ་ན་ཞེས་བྱ་བ་ནི། གཟུགས་ལ་སོགས་པ་དང་བདེ་བ་ལྷན་
ཅིག་འཛིན་པའི་དུས་སུའོ། །འདི་ལ་བརྗོད་པ་ནི་འོ་ན་ནི་ཞེས་བྱ་བའོ། །གལ་ཏེ་ལྷན་ཅིག་ཏུ་གཟུང་བ་དག་ལ་རྒྱུར་རྟོགས་ན་དེའི་ཚེ་རེས་འགའ་སྔོན་པོ་དང་སེར་པོ་དག་ལྷན་ཅིག་ཏུ་རྟོགས་པ་ན། དེ་དག་ཀྱང་རྒྱུ་ཉིད་དུ་རྟོགས་པར་འགྱུར་རོ། །འདི་ནི་ཞེས་བྱ་བ་ནི་ལྷན་ཅིག་རྟོགས་པ་རྒྱུ་ཉིད་ཡིན་པ་ནི་འཐད་པ་མ་
ཡིན་ནོ། །དེའི་ཚེ་ཕྱི་རོལ་མི་མཐོང་བར་འགྱུར་རོ་ཞེས་བྱ་བ་ནི། ཕྱི་རོལ་མཐོང་བར་མི་འགྱུར་བའོ། །བདེ་བ་མྱོང་བ་ནི་དེ་མེད་ན་མི་འབྱུང་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཕྱི་རོལ་མཐོང་བ་མེད་ན་མི་འབྱུང་བ་ཡིན་པའི་ཕྱིར་རོ། །འཛིན་པའི་ཚོགས་པ་མེད་པ་ཉིད་བསྟན་པའི་དོན་དུ་བརྗོད་པ་ནི་དབང་པོ་དང་ཞེས་བྱ་
བའོ། །དེས་ན་ཞེས་བྱ་བ་ལ་བདེ་བ་ལ་སོགས་པའི་ཤེས་པ་སྐྱེད་པར་བྱེད་པའི་ཡིད་གཉིས་པ་མེད་པས་ནའོ། །དེ་ལས་ཞེས་པ་གཟུགས་ལ་སོགས་པ་ལས་སྐྱེས་པའོ། །གཞན་དག་གྲུབ་པ་ལ་སྒྲུབ་པ་ཉིད་སྟོན་པ་ནི་འོན་ཏེ་ཞེས་བྱ་བའོ། །གྲང་བའི་དུས་ན་གང་ཚེ་དྲོ་བའི་དུས་ན་རེག་པ་ཉེ་བ་དེའི་ཚེ་གྲང་བ་
དང་ཞེས་བྱ་བ་ལ་སོགས་པ་སྦྱར་རོ། །རྟག་ཏུ་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་སྐྱེད་པར་བྱེད་པའི་དོན་དག་ཉེ་བར་གནས་པ་ན། རྟག་ཏུ་བདེ་བ་དང་སྡུག་བསྔལ་དག་མྱོང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བདེ་བ་དང་སྡུག་བསྔལ་གཉིས་རྟག་ཏུ་འགྱུར་བ་ཁོ་ནའོ་ཞེ་ན། གཡུལ་དེ་འཐབ་མོ་སྤྲོད་པའི་
རེས་སེམས་འཕྲོགས་པ་སྟེ། ཡིད་བསྡུས་པ་གང་ཡིན་པ་དེ་རྗེའི་གླ་གང་ཡིན་པ་སྟེ། རིམ་གྲོ་ཡོ་བྱད་ཉེ་བར་སྤྱད་པ་པ་དེའི་གཞན་གྱི་དབང་དུ་གྱུར་པའི་བདག་ཉིད་འབྲས་བུ་དང་བཅས་པར་བྱ་བར་འདོད་པ་ནི་མཚོན་གྱིས་རེག་པར་ཞེས་བྱ་བ་བརྡེགས་པའི་སྡུག་བསྔལ་རིག་པ་མ་ཡིན་ནོ། །གལ་ཏེ་དེ་ལ་མཚོན་
Vol. 185 · folio 226b
བརྡེགས་པས་སྡུག་བསྔལ་ཉིད་མ་སྐྱེས་པ་དེས་ན་ཇི་ལྟར་རིག་པར་འགྱུར་སྙམ་ན་བཤད་པ་སྡུག་བསྔལ་རྒྱུ་མཚོན་གྱིས་བརྡེགས་པ་ཡོད་པ་ན་གདོན་མི་ཟ་བར་སྡུག་བསྔལ་དེ་སྐྱེ་བ་ཡང་ཡིན་ནོ། །དེས་ན་ཞེས་བྱ་བ་ནི་སྡུག་བསྔལ་སྐྱེས་པས་ནའོ། །གཞན་གྱིས་ནི་བདེ་བས་སོ། །གཞན་ནི་སྡུག་བསྔལ་ལོ། །
ཆེན་པོ་ཉིད་ལ་སོགས་པས་ཞེས་བྱ་བ་ནི་བདེ་བ་ཆེ་བས་སོ། །ལ་ལར་ཡང་ཞེས་བྱ་བ་ནི་བདེ་བ་ཉིད་ལའོ། །གོམས་པ་ཉིད་འདུ་བྱེད་པ་ཡིན་ལ་བདེ་བ་ལ་སོགས་པ་ཡང་དེ་ལས་སྐྱེས་པ་ཡིན་མོད། ཉེས་པ་ཅི་ཡོད་སྙམ་ན། བསྒོམས་པའི་སྟོབས་ལས་ཞེས་གསུངས་སོ། །ཤེས་པ་གང་ཞིག་
བདེ་བ་ལ་སོགས་ལ་སྐྱེ་བ་དེ་ཉིད་བསྒོམས་པའི་སྟོབས་ལས་འགྱུར་བ་ཡིན་གྱི། བདེ་བ་ལ་སོགས་པ་ནི་མ་ཡིན་ནོ། །བདེ་བ་ལ་སོགས་པ་དེ་དག་ནི་གཟུགས་ལ་སོགས་པའི་མཚན་ཉིད་ནང་གི་བེམས་པོའི་དོན་གྱི་སྟོབས་ཀྱིས་བསྐྱེད་པ་ཡིན་ན། དེའི་ཚེ་གོམས་པ་རྒྱུར་མི་འགྱུར་རོ་ཞེས་
བྱ་བ་ནི་གྲུབ་པའི་མཐའི་དོགས་པའོ། །དེ་ལྟ་ཞེས་བྱ་བ་ནི་དངོས་པོའི་སྟོབས་ལས་སྐྱེ་བའི་ཤེས་པ་ལ་གོམས་པ་ལས་སྐྱེས་པ་ཁས་ལེན་ནའོ། །དངོས་པོའི་སྟོབས་ལས་འབྱུང་བའི་ཤེས་པ་གོམས་པ་མེད་པར་ཡང་འབྱུང་བ་སྟོན་པ་ནི། སྔར་མ་བསམས་པའམ་ཞེས་བྱ་བའོ་ཞེས་པ་
འབའ་ཞིག་གོམས་པར་རོ། །འོན་ཏེ་དོན་དང་ཞེས་བྱ་བ་ནི་ཤེས་པ་དོན་དང་ལྷན་ཅིག་གོམས་པའི་ཕྱིར་གོམས་པས་སྐྱེས་པའི་ཤེས་པ་ཡང་དོན་མེད་པར་མི་འབྱུང་ངོ་ཞེ་ན། འདི་ལ་བརྗོད་པ་ནི་དེ་ལྟ་ཡིན་ན་ཞེས་བྱ་བའོ། །རྣམ་པར་ཤེས་ལས་ཕྱིར་བར་ནི་རང་བཞིན་ཐ་དད་པར་རོ། །
གཞན་དག་ནི་རིགས་པ་པའོ། །འོན་ཏེ་དེ་ཉིད་ཅེས་བྱ་བ་ནི་འགལ་བའི་ཉེ་བར་ལེན་པའི་རྒྱུ་མ་ཡིན་པ་ཉིད་དོ། །གང་གི་ཕྱིར་བདེ་བ་ལ་སོགས་པ་འགལ་བ་རྣམས་ལ་ཡང་ཤེས་པ་རྒྱུན་མཐོང་བ་ཡིན་ནོ། །རྣམ་པར་ཤེས་པ་མ་ཡིན་པའི་ཞེས་བྱ་བ་ནི། རིགས་པ་ཅན་ལ་སོགས་པའི་
ལུགས་ལ་བདེ་བ་ལ་སོགས་པ་བེམས་པོའི་རང་བཞིན་གྱིའོ། །བདག་པོ་དེ་ནི་འབྲས་བུ་འགལ་བ་ལ་ཡང་ཡོད་པ་ཉིད་དོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་རྣམ་འགྲེལ་ཉེ་བར་འགོད་པ་ཙམ་ཞིག་བྱས་པ་ནི་དོན་འདི་འཕེལ་བས་རྣམ་འགྲེལ་འདི་འཇུག་པ་ཡིན་ནོ་ཞེས་བསྟན་པའི་དོན་དུ་
Vol. 185 · folio 227a
ཡིན་ནོ། །སྔར་བཤད་པའི་གནོད་བྱེད་ཉིད་རེ་ཞིག་རང་ཉིད་དྲན་པར་བྱེད་པ་ནི་གལ་ཏེ་ཞེས་བྱ་བའོ། །ཁྱེད་ཀྱི་ལྟར་ན་ཡང་ཞེས་བྱ་བ་ནི། སངས་རྒྱས་པའི་ལྟར་ནའོ། །བག་ཆགས་སད་པ་ཉིད་ཅི་འདྲ་བ་ཞིག་མེད་སྙམ་ན། །གཟུགས་ལ་སོགས་པའི་ཞེས་བྱ་བ་སྟེ།
དཔེར་ན་གཟུགས་ལ་སོགས་པའི་རྣམ་པར་རྟོག་པ་སད་པའི་རྒྱུ་ནི་རེས་འགའ་ཞིག་ཡིན་པ་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །འགའ་ཞིག་གི་ཞེས་བྱ་བ་ནི་བདེ་བའམ་སྡུག་བསྔལ་གྱིའོ། །དེ་ལ་ནི་རིགས་པ་པ་ལའོ། །གལ་ཏེ་བག་ཆགས་རྒྱུ་ཡིན་མོད་དེ་ལྟ་ན་ཡང་དེའི་འབྲས་བུ་རྟོགས་པ་ཉིད་ཇི་
ལྟར་ཡིན་ཞེ་ན། བག་ཆགས་སྟོབས་ལས་ཞེས་གསུངས་སོ། །བག་ཆགས་ནི་དྲན་པ་དང་ངོ་ཤེས་པའི་རྒྱུ་ཉིད་ཡིན་པར་རྟོགས་ཏེ། །དེས་ན་བག་ཆགས་ནི་ཤེས་པ་ཉིད་ཀྱི་རྒྱུ་ཡིན་གྱི། ཤེས་པ་མ་ཡིན་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དྲན་པ་ནི་སྔ་མ་ཉིད་དྲན་པ་ཙམ་ཡིན་ལ་ངོ་ཤེས་པ་
ནི་སྔོན་མཐོང་བ་དང་ད་ལྟར་མཐོང་བཞིན་པ་གཅིག་ཉིད་དུ་སྒྲོ་འདོགས་པའོ་ཞེས་བྱ་བ་ནི་ཁྱད་པར་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་བྲམ་ཟེའི་ལུགས་སོ། །དེ་ལ་ཡང་ཞེས་བྱ་བ་ནི་དྲན་པ་ལ་སོགས་པ་ལ་ཡང་ངོ་། །རྣམ་པར་ཤེས་པ་ཡང་སྣང་བ་ཉིད་དེ། དེས་ན་དེ་ཡང་རིག་པའི་རང་
བཞིན་ཉིད་ཡིན་ནོ་སྙམ་ན། དེར་ཡང་ཞེས་བྱ་བའོ། །འདི་ལ་གྲུབ་པའི་མཐའ་པས་གསུངས་པ་ནི་གལ་ཏེ་ཞེས་བྱ་བའོ། །དེར་ནི་ཞེས་བྱ་བ་ནི་དྲན་པ་ལ་ཡང་ངོ་། །དེའི་ཚེ་དོན་དེའི་དྲན་པ་ནི་མངོན་སུམ་བཞིན་དུ་འཛིན་པ་ཉིད་དུ་འགྱུར་རོ། །དྲན་པ་ལ་སོགས་པ་ཡང་མངོན་སུམ་ཉིད་དུ་ཐལ་བར་
འགྱུར་རོ་ཞེས་དགོངས་པའོ། །སྣང་བ་དེས་ནི་ཞེས་བྱ་བ་ནི་སྐབས་ཀྱི་དྲན་པའོ། །འདི་ཞེས་བྱ་བ་དྲན་པ་དང་མངོན་སུམ་གཉིས་ཁྱད་པར་མེད་པའི་ཉེས་པའོ། །ལྐོག་ཉིད་དུ་མངོན་སུམ་མ་དམིགས་མོད། དེ་ལྟ་ན་ཡང་དྲན་པ་ལ་ནི་སྣང་བ་ཁོ་ནའོ་སྙམ་ན་མངོན་སུམ་གྱིས་ནི་ཞེས་སྨོས་སོ། །གཞན་
དུ་ཞེས་བྱ་བ་ནི་མངོན་སུམ་གྱིས་མཐོང་བའི་དོན་ལ་དྲན་པ་མི་འཇུག་གི །འོན་ཀྱང་མཐོང་བ་ཉིད་འཇུག་པ་ཡིན་ན། དེའི་ཚེ་སྔ་ན་མེད་པའི་རང་བཞིན་འཛིན་པར་འགྱུར་ལ། དེ་ལྟ་ན་ཡང་དེ་དྲན་པར་ཇི་ལྟར་འགྱུར། དྲན་པར་འགྱུར་བ་ཡང་ཡིན་ཏེ་དེས་ན་མངོན་སུམ་གྱིས་གཟུང་བའི་དོན་ཉིད་དྲན་པ་ཡིན་
Vol. 185 · folio 227b
ནོ་ཞེས་བརྗོད་པར་བྱ་བའོ། །ལྐོག་ཏུ་གྱུར་པ་ནི་མངོན་སུམ་གྱིས་གཟུང་བ་ཡང་མ་ཡིན་ནོ། །དེས་ན་དེ་དྲན་པ་ལ་སྣང་བར་ཇི་ལྟར་འགྱུར་ཞེས་བསམས་པའོ། །དོགས་པ་ནི་འོན་ཏེ་ཞེས་བྱ་བའོ། །གྲུབ་པའི་མཐའ་པ་རྣམ་པར་རྟོག་པར་མཛད་པ་ནི། ལྐོག་ཉིད་ཅེས་བྱ་བའོ། །གལ་ཏེ་ལྐོག་ཉིད་དོན་གྱི་
ངོ་བོ་ཡིན་ན་དེའི་ཚེ་མངོན་སུམ་ལ་སྣང་བར་འགྱུར་ཏེ། མངོན་སུམ་ནི་དོན་གྱི་རང་བཞིན་མངོན་སུམ་བྱེད་པ་ཡིན་པའི་ཕྱིར་རོ། །ནུས་པ་ངེས་པའི་ཕྱིར་ཞེས་བྱ་བ་ནི་དངོས་པོ་རྣམས་ནུས་པ་སྣ་ཚོགས་པ་ཅན་ཡིན་པའི་ཕྱིར་རོ། །དངོས་པོའི་རང་བཞིན་ཡང་འགའ་ཞིག་མངོན་སུམ་ལ་སྣང་བ་མ་ཡིན་ཏེ།
འོན་ཀྱང་གཞན་དུ་ཡིན་ནོ་ཞེས་བྱ་བའི་དོན་འདི་ལ་དཔེའི་སྒོ་ནས་བརྗོད་པ་ནི་དཔེ་ནི་ཞེས་བྱ་བའོ། །རང་བཞིན་གཞན་གྱིས་ཞེས་བྱ་བ་ནི་བུམ་པ་ལ་སོགས་པའི་རང་གི་ངོ་བོས་སྣམ་བུ་ལ་སོགས་པའི་དངོས་པོ་མེད་པའི་རང་བཞིན་གང་ཡིན་པ་དེ་ནི་དངོས་པོ་མེད་པའི་ཚད་མའི་ཡུལ་ཡིན་ནོ་ཞེ་ན། དེ་
ཡང་ཞེས་བྱ་བ་ནི་ལན་ནོ། །དངོས་པོ་ཡིན་ན་ནི་ཞེས་བྱ་བ་ནི་དངོས་པོའི་རང་བཞིན་ཡིན་ནའོ། །དེ་ལས་ནི་དངོས་པོ་ལས་སོ། །དེ་ནི་དངོས་པོ་མེད་པའི་ཐ་དད་ན་དངོས་པོའི་སྟེ། དོན་དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་གཉི་གར་ཇི་ལྟར་འགྱུར་ཏེ། དངོས་པོ་མེད་པ་ནི་དེ་ལས་ཐ་དད་པའི་ཕྱིར་རོ། །
གལ་ཏེ་དངོས་པོ་དང་དངོས་པོ་མེད་པའི་ཆོས་གཉིས་ཐ་དད་པ་དེ་ལྟ་ན་ཡང་དངོས་པོ་གཅིག་ཡིན་ལ་འགལ་བ་ཅི་ཡོད་སྙམ་ན། དངོས་པོ་ཐ་དད་པའི་ཞེས་གསུངས་སོ། །དངོས་པོ་དག་ནི་ཞེས་བྱ་བ་ནི་དོན་དག་གོ། །ཡང་ཇི་ལྟར་ན་དངོས་པོ་དག་ཁོ་ན་ཐ་དད་ཀྱི་དངོས་པོ་མེད་པ་དག་ནི་མ་ཡིན་ཏེ་ཞེ་ན།
གོ་རིམས་བཞིན་གཏན་ཚིགས་གཉིས་བརྗོད་པ་ནི། དངོས་པོ་དག་ཅེས་བྱ་བ་སྟེ། བུམ་པ་དང་སྣམ་བུ་དག་གོ། །དངོས་པོ་མེད་པ་ལས་ཞེས་བྱ་བ་ནི། གཅིག་ལ་གཅིག་མེད་པ་ལས་སོ། །དངོས་པོ་དང་དངོས་པོ་མེད་པ་དག་ཀྱང་དེ་བཞིན་དུ་ཐ་དད་པར་འགྱུར་རོ་སྙམ་ན། དངོས་པོ་དང་ཞེས་བྱ་བའོ། །
དངོས་པོ་མེད་པ་ཡང་གཞན་ནི་གཅིག་ལ་གཅིག་མེད་པ་དག་གོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་དངོས་པོ་དང་དངོས་པོ་མེད་པ་དག་ལ་ཡང་དངོས་པོ་མེད་པ་ཡོད་ན། དེའི་ཚེ་དག་ཐ་དད་པར་བྱ་བ་ལ་ཡང་གཅིག་ལ་གཅིག་མེད་པའི་མཚན་ཉིད་ཀྱི་དངོས་པོ་མེད་པ་གཞན་དག་ལ་དེ་ལ་ཡང་གཞན་
Vol. 185 · folio 228a
ཡིན་པའི་ཕྱིར་ཐུག་པ་མེད་པར་འགྱུར་རོ་ཞེ་ན་འདི་ལ་བརྗོད་པ་ནི། གལ་ཏེ་དངོས་པོ་མེད་པ་དངོས་པོ་ལས་གཞན་མ་ཡིན་ན། དེའི་ཚེ་དངོས་པོ་དང་དངོས་པོ་མེད་པ་དག་གཞན་ཏེ་ཐ་དད་པར་འཛིན་པ་ཇི་ལྟར་ཡིན། མངོན་སུམ་དང་དངོས་པོ་མེད་པའི་མཚན་ཉིད་དེ་འཛིན་པར་བྱེད་པའི་
ཚད་མ་གཉིས་ཐ་དད་པའི་ཕྱིར་དངོས་པོ་དང་དངོས་པོ་མེད་པ་དག་ཐ་དད་པ་ཡིན་ནོ་ཞེ་ན། ཐ་དད་མེད་པར་ཞེས་སྨོས་ཏེ། ཐ་མི་དད་པ་འཛིན་པ་ནི་མེད་དེ། ཐམས་ཅད་དུ་ཐ་དད་པ་ཁོ་ནར་འགྱུར་རོ་ཞེས་བྱ་བའོ། །ཕྱེད་ཕྱི་མ་འཆད་པ་ནི་གལ་ཏེ་ཞེས་བྱ་བའོ། །གཞན་གྱིས་ཞེས་བྱ་བ་ནི་རྣ་བའི་ཤེས་
པ་ལ་སོགས་པའོ། །དེས་ན་ཇི་ལྟར་དེར་བྱེད་པ་པོ་རྣམས་ཐ་དད་པར་གཟུང་ཡང་ཐ་མི་དད་པར་གཟུང་བར་རྟོགས་པ་དེ་བཞིན་དུ་འདིར་ཡང་ཚད་མ་གཉིས་ཀྱི་དངོས་པོ་དང་དངོས་པོ་མེད་པ་དག་ཐ་དད་པར་རྟོགས་ཀྱང་ཐ་མི་དད་པར་ཡང་རྟོགས་པར་ནུས་པ་ཡིན་ནོ་ཞེས་རྩོད་པ་བརྗོད་པ་ནི་འདི་ནི་ཞེས་
བྱ་བའོ། །འདིར་ཡང་ཞེས་བྱ་བ་ནི་དངོས་པོ་དང་དངོས་པོ་མེད་པ་དག་ལའོ། །དངོས་པོ་མེད་པ་ལས་ཐ་དད་པར་རྟོགས་པ་དེ་གང་ཡིན་པ་དེ་ཡང་ཐོགས་པ་མེད་པའི་བག་ཆགས་ཉིད་ལས་འགྱུར་ཏེ། དེས་ན་དངོས་པོ་ལས་དོན་གཞན་དངོས་པོ་མེད་པ་བརྟགས་པས་ཅི་ཞིག་བྱ་དངོས་པོ་མེད་པའི་
བློའི་རྒྱུ་མཚན་དུ་དངོས་པོ་མེད་པ་རྟོགས་པ་ཡིན་ན་བློ་དེ་ནི་གཞན་དུ་ཡང་མ་འཐད་པས་ད་ནི་དངོས་པོ་མེད་པས་ཅི་ཞིག་བྱ། གལ་ཏེ་དངོས་པོ་མེད་པ་ཞེས་བྱ་བའི་ཚད་མ་ཡོད་པའི་ཕྱིར་གདོན་མི་ཟ་བར་དེའི་གཞལ་བྱ་ཡོད་དགོས་སོ་ཞེས་བརྗོད་པ་ནི། དངོས་པོ་མེད་པ་ཞེས་བྱ་བའོ། །གལ་
ཏེ་དངོས་པོ་མེད་པའི་ཚད་མ་དང་། གཞལ་ཡང་མི་སྲིད་པ་ཡིན། འོ་ན་དངོས་པོ་རྣམས་ཕན་ཚུན་ལྡོག་པ་ཉིད་དུ་འགྱུར། གང་ལ་གང་གིས་དངོས་པོ་མེད་པ་དང་མི་མཐུན་པ་མི་འགྱུར་ཏེ། བུམ་པ་ལ་བུམ་པའི་རང་བཞིན་ནོ་ཞེ་ན། འདི་ལ་བརྗོད་པ་ནི་དེ་དང་མི་འདྲ་ཉིད་ཀྱིས་ཞེས་བྱ་བའོ། །གལ་
ཏེ་མི་འདྲ་བ་ཉིད་ཡོད་པ་ལ་ཚད་མ་ཅི་ཡོད་སྙམ་ན། མི་འདྲ་བ་ཡང་ཞེས་བྱ་བའོ། །དེའི་དུས་ཕྱིས་འབྱུང་བ་དེའི་སྟོབས་ལས་བྱུང་བའི་ཕྱིར་རོ་ཞེས་གཏན་ཚིགས་ཀྱི་དངོས་པོས་ཁྱད་པར་བྱས་པའོ། །གལ་ཏེ་དངོས་པོ་མེད་པའི་ཚད་མ་དེས་དངོས་པོ་མེད་པར་རྟོགས་སོ་སྙམ་པ་མཐོང་བ་མ་ཡིན་ནམ།
Vol. 185 · folio 228b
དེས་ན་དངོས་པོ་མེད་པའི་ཚད་མ་མེད་པར་ཇི་ལྟར་འགྱུར་སྙམ་ན། དངོས་པོ་མེད་པའི་ཚད་མས་བདག་གི་བྱ་བའོ། །སོ་སོ་རང་གི་ཞེས་བྱ་བ་ནི་དཔྱོད་པ་པ་ཉིད་ཀྱིས་སོ་སོར་ངེས་པའིའོ། །མཚུངས་པས་ན་དོན་གཅིག་པར་རོ། །འདི་ཉིད་དངོས་པོ་མེད་པའི་ཚད་མར་འགྱུར་རོ་སྙམ་ན།
མི་དམིགས་པ་དེ་ཡང་ཞེས་གསུངས་སོ། །ཇི་ལྟར་མངོན་སུམ་གྱིས་མ་བཟུང་བ་དངོས་པོ་མེད་པའི་ཆ་འཛིན་པ་དངོས་པོ་མེད་པ་ཚད་མ་གཞན་ཡིན་པ་དེ་བཞིན་དུ་མངོན་སུམ་གྱིས་མ་བཟུང་བའི་ལྐོག་ཉིད་འཛིན་པའི་ཕྱིར་དྲན་པ་ཡང་ཚད་མ་གཞན་དུ་འགྱུར་རོ། །འོན་ཏེ་མིའི་ལྐོག་ཏུ་གྱུར་
པ་ཉིད་རྟོགས་པར་གྱུར་པ་དེའི་ཚེ་དེའི་རྗེས་སུ་དཔག་པས་རྟོགས་པ་ཡིན་ཏེ། མངོན་སུམ་ལ་རྗེས་སུ་དཔག་པ་མི་འཇུག་པའི་ཕྱིར་རོ། །དེས་ལྐོག་ཉིད་རིག་པ་ལ་དགོས་པ་ཡོད་པ་ཉིད་དོ་ཞེ་ན་རྗེས་དཔག་ཅེས་བྱ་བའོ། །ལྐོག་ཏུ་གྱུར་པ་ཉིད་གཟུང་བ་ལས་ནི་རྗེས་སུ་དཔག་པ་འཇུག་པ་མ་ཡིན་ནོ་ཞེས་
བྱ་བའི་དོན་ཏོ། །ཕྱེད་ཕྱི་མ་བཤད་པའི་ཕྱིར་རྩོད་པ་བྱེད་པ་ནི་འདི་སྙམ་ན་ཞེས་བྱ་བའོ། །དེས་ན་འདི་ཞེས་བྱ་བ་ནི་རྗེས་སུ་དཔག་པ་འཇུག་པའི་མཚན་ཉིད་འདིའོ། །སྐྱེ་བཞིན་པའི་རྗེས་སུ་དཔག་པས་མེ་འཛིན་པ་སྟེ། ངེས་པར་བྱ་བ་ལ་དེའི་ཞེས་བྱ་བ་ནི་རྗེས་སུ་དཔག་པའི་སྔར་དེ་སྔོན་རོལ་དུ་
ལྐོག་ཏུ་གྱུར་པ་ཉིད་དུ་ངེས་པར་འཛིན་པ་ནི་སུ་ཡང་མེད་དོ། །ཡང་ཇི་ལྟར་ན་ཐམས་ཅད་ཀྱི་ཚེ་དགོས་པ་ལྟོས་པར་བྱ་བ་ཉིད་དུ་འགྱུར་ཞེ་ན། སྦྱོར་བར་བྱེད་པའི་ཞེས་གསུངས་སོ། །དེས་ན་གལ་ཏེ་རྗེས་སུ་དཔག་པ་སྐྱེ་བ་ན། རེས་འགའ་ལྐོག་ཏུ་གྱུར་པ་ངེས་པ་ཉིད་ལ་ལྟོས་པ་དེའི་ནི། དེ་སྦྱོར་བར་
བྱེད་པ་ཉིད་མ་ཡིན་པར་འགྱུར་རོ་ཞེས་དགོངས་པའོ། །རྒྱུའི་མཚན་ཉིད་ནི་དེ་ཙམ་རྗེས་སུ་འགྲོ་བ་དང་དེ་ལྡོག་པ་ཉིད་ཙམ་དུ་ཟད་པའི་ཕྱིར་རོ། །དྲན་པ་ནི་རྗེས་སུ་དཔག་པས་བྱ་བ་ཉིད་དུ་ངེས་པ་ཡིན་ནོ་ཞེ་ན། རྗེས་སུ་དཔག་པས་ཞེས་བྱ་བའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི། གལ་ཏེ་རྗེས་སུ་དཔག་པར་
བྱ་བ་ཉིད་དྲན་པའི་སྤྱོད་ཡུལ་དུ་འགྱུར་ནའོ། །དྲན་པས་ནི་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །འོ་ན་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །གལ་ཏེ་དྲན་པས་དེའི་ཚེ་ཡོད་པ་ཡང་དུ་མ་རྟོགས་ན་དེའི་ཚེ་དེའི་ལྐོག་ཏུ་གྱུར་པ་ཉིད་དུ་རྟོགས་པར་བྱ་བ་དེ་གང་ཞིག་ཡིན་ཞེས་བྱ་བའི་དོན་ཏོ། །སྔོན་མཐོང་བ་པོ་ཞེས་བྱ་
Vol. 185 · folio 229a
བ་ནི་དཔེ་ལ་མཐོང་བའི་མེ་ཉིད་ལྐོག་ཏུ་གྱུར་པ་ཡིན་པར་དྲན་པས་རྟོགས་པ་ཡིན་ནོ་ཞེ་ན། འདི་བརྗོད་པ་ནི་འོ་ན་ཞེས་བྱ་བའོ། །དེའི་དུས་ཀྱི་མཐར་ཐུག་པ་ཞེས་བྱ་བ་ནི་སྔོན་གྱི་དུས་ཀྱི་མཐར་ཐུག་པ་ཉིད་དོ། །གཞན་ནི་མ་ཡིན་པས་ན་ཞེས་བྱ་བ་ནི་རྗེས་སུ་དཔག་པའི་དུས་ན་ཡོད་པའི་ལྐོག་ཏུ་གྱུར་པ་
ཉིད་ནི་དྲན་པས་རྟོགས་པ་ཉིད་ནི་མ་ཡིན་ནོ། །དེ་ལྟར་ན་ཡང་དྲན་པས་བྱ་བ་ཅི་ཡོད་དེ། རྗེས་སུ་དཔག་པར་བྱ་བའི་ལྐོག་ཏུ་གྱུར་པ་ཉིད་ནི་མ་རྟོགས་པའི་ཕྱིར་རོ་ཞེས་དགོངས་པའོ། །དྲན་པས་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །འདི་ལ་བརྗོད་པ་དྲན་པས་འཇུག་གོ་ཞེས་བྱ་བའོ། །དཔྱོད་པའི་རྣམ་པ་ཉིད་
བརྗོད་པ་ནི་ཅི་ཞེས་བྱ་བའོ། །གལ་ཏེ་ཐོབ་མི་ནུས་མོད་དེ་ལྟ་ན་ཡང་འཇུག་གོ་སྙམ་ན་རྟོགས་ལྡན་ཞེས་བྱ་བའོ། །གཞན་དུ་ཞེས་བྱ་བ་ནི་ཐོབ་བྱའི་དོན་མེད་ནའོ། །རྣམ་པར་རྟོག་པ་གཉིས་པ་ལ་བརྗོད་པ་ནི། ད་ལྟ་བའི་དུས་ལ་ནི་ཞེས་བྱ་བའོ། །རྒྱུ་དེས་ན་དྲན་པ་ཇི་ལྟར་ཚད་མ་ཡིན། བཤད་པའི་དོན་ཉིད་གསལ་
བར་བྱེད་པ་ནི་སྔར་གྱི་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་སྔར་གྱི་དུས་ཀྱི་དོན་ཏོ། །ལྐོག་ཏུ་གྱུར་པ་ཉིད་མངོན་སུམ་གྱིས་འཛིན་པ་ཉིད་སྟོན་པ་ནི་མངོན་སུམ་གྱིས་ནི་ཞེས་བྱ་བའོ། །དུས་ཀྱི་ཞེས་བྱ་བ་ད་ལྟར་བྱུང་བའི་དུས་ཀྱིའོ། །དེའི་རྣམ་པ་ཉིད་ནི་ཞེས་བྱ་བ་ནི་ལྐོག་ཏུ་གྱུར་པའི་དངོས་པོའི་རྣམ་པ་ཉིད་
ནིའོ། །འདི་ནི་འདི་ཡིན་ཏེ་ལྐོག་ཏུ་གྱུར་པ་ཞེས་བྱ་བ་རྣམ་པ་ཐམས་ཅད་དུ་གཟུང་བར་མི་ནུས་སོ་ཞེས་དེ་སྐད་དུ་ནི་མི་བརྗོད་ཀྱི། འོན་ཀྱང་དྲན་པས་ལྐོག་ཏུ་གྱུར་པ་ཉིད་རྟོགས་སོ་ཞེས་གང་བརྗོད་པ་དེ་ནི་མ་འབྲེལ་ཏེ། དྲན་པས་ནི་རང་གི་རྣམ་པ་ཙམ་ཞིག་རྟོགས་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེ་ལྟ་བུར་
གྱུར་པའི་ཞེས་བྱ་བ་ནི། མི་གསལ་བའི་རྣམ་པ་ཅན་ནོ། །ལན་ནི་དོན་མོས་པ་མེད་ཅེས་བྱ་བ་སྟེ། གལ་ཏེ་དོན་ཡིན་ན་དོན་དུ་མོས་པ་ཡང་ཡོད་པར་འགྱུར་ན་ཡོད་པ་ཡང་མ་ཡིན་ཏེ། དེས་ན་དོན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དྲན་པའི་རྣམ་པ་ནི་མི་གསལ་བའི་རྣམ་པ་ཡིན་ལ་དེ་ལ་ནི་མོས་པ་དེ་ཡོད་པ་མ་
ཡིན་ནོ། །གལ་ཏེ་བདག་གི་མཐོང་བ་གང་ཡིན་པ་དེ་ཉིད་དྲན་པས་ཡུལ་དུ་བྱས་སོ་ཞེས་འཇིག་རྟེན་པ་རྣམས་ལས་ལྷག་པར་ཞེན་པ་ཡོད་པ་ཉིད་མ་ཡིན་ནམ། དེས་ན་ཇི་ལྟར་དོན་དུ་མོས་པ་མེད་སྙམ་ན་འདི་ལྟར་ཞེས་གསུངས་སོ། །རྣམ་པར་དཔྱོད་པ་ཅན་དག་ནི་འདི་ལྟར་རྟོགས་ཀྱི་དོན་ཉིད་དུ་ལྷག་པར་མོས་
Vol. 185 · folio 229b
པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཡན་ཆད་ནི་དྲན་པ་རང་གི་རྣམ་པ་ཙམ་མངོན་དུ་བྱེད་པ་ཉིད་དུ་རིམ་པ་བཞིན་བསྒྲུབས་ནས་དེ་ནི་དཔེའི་སྟོབས་ཉིད་ཀྱིས་བདེ་བ་ལ་སོགས་པ་ཡང་རང་རིག་པའི་རང་བཞིན་དུ་བསྒྲུབ་པས་རྣམ་འགྲེལ་གྱི་བཤད་པ་རྩོམ་པ་ནི། དེའི་ཕྱིར་ཞེས་བྱ་བའོ། །མྱོང་བའི་འདུ་
བྱེད་ལས་ཞེས་བྱ་བ་ནི་སྔར་ཞུགས་པའི་མངོན་སུམ་བྱས་པའི་འདུ་བྱེད་ལས་སོ། །དེ་དག་ཀྱང་ཞེས་བྱ་བ་ནི་བདེ་བ་སོགས་པའོ། །གོམས་པའི་འདུ་བྱེད་ལས་བྱུང་བ་སྟེ་ཉེ་བར་གནས་པའི་ནང་གི་རེག་བྱ་ལ་སོགས་པའི་ཁྱད་པར་གང་ཡིན་པ་དེའི་བདག་ཉིད་དུ་གྱུར་པའོ། །འོ་ན་ཞེས་བྱ་བ་ལ་སོགས་པའི་
འདྲེ་བ་ལ་བརྗོད་པ་ནི། དེའི་སྒོ་ནས་ཞེས་བྱ་བའོ། །རེག་པ་དང་ལྷན་ཅིག་འབྲེལ་པ་ལས་བྱུང་བའི་བདེ་བའི་རྣམ་པ་མྱོང་བ་གང་ཡིན་པ་དེ་ལས་སེམས་ཀྱི་རྒྱུད་ལས་སྐྱེས་པར་གྱུར་པའི་འདུ་བྱེད་དེ་ནི་དེ་དང་འདྲ་བའི་རང་བཞིན་དེ་མཐོང་བའི་ལས་སད་པར་འགྱུར་རོ། །འཆད་པ་ནི་མ་ཁྱུད་པའི་ཞེས་བྱ་བའོ། །
འདི་ཉིད་ཅེས་བྱ་བ་ནི་རང་རིག་པའི་རང་བཞིན་ཉིད་དོ། །དེ་ལྟ་མ་ཡིན་ཏེ་ཞེས་བྱ་བ་ནི་གལ་ཏེ་རང་གི་རྣམ་པ་མྱོང་བ་ཙམ་གྱིས་དོན་རིག་གོ་ཞེས་བྱ་བར་མི་འགྱུར་གྱི། འོན་ཀྱང་དོན་དམ་ཉིད་དུ་དོན་རིག་པ་མ་ཡིན་ན། དེའི་ཚེ་ཤེས་པ་དེས་གཞན་རིག་གོ་ཞེས་དོན་དང་ཤེས་པ་དག་འབྲེལ་པར་མི་འགྱུར་རོ། །
རང་གི་རྒྱུ་ལས་ནི་ཞེས་བྱ་བ་ནི་རང་གི་ངོ་བོ་རིག་པ་ནི་རྒྱུ་ལས་སྐྱེས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ནི་ཐ་དད་ཕྱིར་ཞེས་བྱ་བ་ནི། གཞན་དེ་རང་གི་ངོ་བོ་ལས་ཐ་མི་དད་པའི་ཕྱིར་རོ། །ཕྱི་རོལ་ཐ་དད་པའི་རང་བཞིན་ནི་གཞན་ཤེས་པའི་ངོ་བོ་ཡིན་པར་མི་འཐད་དོ། །དེ་ལས་ཏེ་ཤེས་པ་ལས་གཞན་
གསལ་བར་ཇི་ལྟར་འགྱུར། གལ་ཏེ་བུམ་པ་སྣང་བ་ལས་ཐ་དད་པ་ཉིད་དེས་གསལ་བ་མ་ཡིན་ནམ་སྙམ་ན། སྒྲོན་མ་ལས་ནི་ཞེས་བྱ་བ་ནི། གལ་ཏེ་དེ་བཞིན་དུ་རྣམ་པར་ཤེས་པ་ལས་ཀྱང་གསལ་བའི་རང་བཞིན་གྱི་དོན་སྐྱེ་བ་མ་ཡིན་ནམ། དེས་རྣམ་པར་ཤེས་པས་གསལ་བ་ཡིན་ནོ་ཞེ་ན། གསལ་བའི་
ཞེས་གསུངས་སོ། །ཤེས་པ་ལས་གསལ་བའི་རང་བཞིན་གྱིས་དོན་ཇི་ལྟར་མི་སྐྱེ་སྙམ་ན། འབྲས་ཉིད་ཅེས་གསུངས་སོ། །དོན་ཤེས་པའི་འབྲས་བུ་ཉིད་དུ་ཁས་ལེན་ན་རྒྱུར་གྱུར་པའི་ཤེས་པ་དེས་དོན་ཇི་ལྟར་རྟོགས་པར་འགྱུར་ཏེ། མི་འགྱུར་བ་ཁོ་ནའོ་དེ་ལྟ་མ་ཡིན་ན་ཞེས་བྱ་བའོ། །གལ་ཏེ་སྐྱེས་
Vol. 185 · folio 230a
པ་ལས་སྐྱེས་པ་གང་ཡིན་པ་དེ་ཤེས་པས་རིག་པ་ཡིན་ནའོ། །དེས་ནི་རྟོགས་པས་སོ། །རང་བཞིན་ཞེས་བྱ་བ་ནི་ཤེས་པའི་རང་བཞིན་ནོ། །དེ་ནི་ཞེས་བྱ་བ་ནི་དོན་ཉིད་ཀྱི་ཐ་དད་ནས་ཀྱང་སྔོན་དུ་ཕྱོགས་པར་སྐྱེས་པ་ཡིན་ནོ་ཞེ་ན། འདི་ལ་བརྗོད་པ་ནི་མིག་ལས་སོ། །ཀྱང་ཞེས་
བྱ་བ་སྟེ་ཤེས་པ་དེ་ནི་མིག་གི་ཐ་དད་ནས་ཀྱང་མངོན་དུ་ཕྱོགས་པར་སྐྱེས་པ་ཡིན་ཏེ། དེས་ན་ཤེས་པ་དེ་ནི་ཇི་ལྟར་མིག་དེ་རིག་པ་མ་ཡིན་ན། མིག་གི་ཐ་དད་ནས་ཀྱང་ཤེས་པ་དོན་ཉིད་ལ་ཕྱོགས་པར་སྐྱེས་པ་ཡིན་གྱི། མིག་ལ་ཕྱོགས་པར་ནི་མ་ཡིན་ནོ། །དེས་ན་དོན་ཉིད་རིག་པ་ཡིན་ནོ་ཞེ་ན་འདི་ལ་
བརྗོད་པ་ནི་ཤེས་པ་ནི་དོན་ལ་ཞེས་བྱ་བའོ། །ཤེས་པ་འདི་ལ་དོན་ལ་མངོན་དུ་ཕྱོགས་པ་ཉིད་ཡོད་དོ་ཞེས་ཇི་ལྟར་རྟོགས། འོ་ན་དོན་ལ་ཕྱོགས་པ་ཉིད་ཇི་ལྟར་རྟོགས་པར་འགྱུར་སྙམ་ན། གལ་ཏེ་ཞེས་བྱ་བ་གསུངས་སོ། །མངོན་དུ་ཕྱོགས་པ་ཉིད་མེད་པར་རོ། །དེ་དང་ནི་མངོན་དུ་ཕྱོགས་པ་དང་ངོ་། །
དེ་ལས་གཞན་ཞེས་བྱ་བ་ནི་ལྷན་ཅིག་སྣང་བ་ལས་སོ། །ལྷན་ཅིག་སྣང་བ་ཙམ་ཁོ་ན་ཡོད་པ་ཡིན་ནོ་ཞེས་དགོངས་པའོ། །རྒྱུ་དེས་ན་ལྷན་ཅིག་སྣང་བའི་དོན་དེའོ། །ངེས་པར་ཅིག་ཅར་ཏེ་དུས་གཅིག་ཏུ་སྔོན་པོ་ལ་སོགས་པ་དང་བདེ་བ་གཉིས་འཛིན་པ་གང་ཡིན་པ་དེ་མི་རིགས་སོ། །བདེ་བ་ལ་
སོགས་པ་ཞེས་བྱ་བ་ནི། བདེ་བ་ལ་སོགས་པའི་རང་བཞིན་སྒྲ་ལ་སོགས་པའོ། །ཆེན་པོ་ཞེས་བྱ་བ་ནི་བློའི་དེ་ཙམ་ཞེས་བྱ་བ་ནི་ཡུལ་ལོ། །བློའི་དབང་པོ་ལྔ་ཞེས་བྱ་བ་ནི་ཉན་པ་དང་པགས་པ་དང་མིག་དང་ལྕེ་དང་སྣ་ཞེས་བྱ་བའོ། །ལས་ཀྱི་དབང་པོ་ལྔ་ནི་རྐུབ་དང་མདོམས་དང་ལག་པ་དང་
རྐང་པ་དང་ངག་ཅེས་བྱ་བའོ། །གལ་ཏེ་དེ་ལྟ་ན་ཡང་འདི་ཐམས་ཅད་བདེ་བ་དང་སྡུག་བསྔལ་དང་གཏི་མུག་གི་རང་བཞིན་ཅན་གཙོ་བོ་ཡོངས་སུ་གྱུར་པ་ཡིན་ནོ་ཞེས་བྱ་བ་འདི་ཙམ་ཞིག་གྲུབ་མོད། སྒྲ་ལ་སོགས་པ་བདེ་བ་ལ་སོགས་པའི་རང་བཞིན་ཅན་དུ་གོ་ཇི་ལྟར་ཞེ་ན། རྣམ་པར་འགྱུར་བ་
ཡང་ཞེས་བྱ་བའོ། །བདེ་བ་ལ་སོགས་པ་ནི་བདེ་བ་ལ་སོགས་པའི་རང་བཞིན་ཅན་གྱི་གཙོ་བོ་གང་ཡིན་པ་དེའི་རང་བཞིན་ཁོ་ན་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཡིན། གཙོ་བོ་དེའི་རང་བཞིན་གྱིས་རྗེས་སུ་འགྲོ་བ་མཐོང་བའི་ཕྱིར་རོ། །འདི་ཞེས་བྱ་བ་ནི། གྲུབ་པའི་མཐའ་པས་སྨྲ་བའིའོ། །གང་ཞིག་གང་
Vol. 185 · folio 230b
ལས་སྐྱེས་པ་དེ་ནི་དེའི་རང་བཞིན་གྱིས་རྗེས་སུ་བྱེད་པ་ཡིན་ནོ་ཞེས་བྱ་བ་འདི་ནི་མ་ངེས་པ་ཡིན། གལ་ཏེ་ཕྲ་མོ་བསག་པ་མི་དམིགས་པ་རླུང་ཉིད་དམ། སྒྲའི་རྡུལ་ཡོད་པ་ཡིན་ལ་དེ་དག་གི་ཡོངས་སུ་གྱུར་པ་ནི་སྒྲའི་རང་བཞིན་དུ་གྱུར་པ་མ་ཡིན་ནམ། དེས་ན་མ་ངེས་པར་ཇི་ལྟར་འགྱུར་སྙམ་ན། གལ་ཏེ་
ཡང་ཞེས་གསུངས་སོ། །དེ་གྲུབ་པ་མ་ཡིན་ཏེ་འདི་ཚད་མ་མཐོང་བ་མ་ཡིན་ནོ། །འདི་ཡང་ཞེས་བྱ་བ་ནི་རྡོ་བ་དང་། དབྱིག་པའི་སྦྱོར་བ་ལས་སྐྱེས་པའི་སྒྲ་ལའོ། །དེའི་རང་བཞིན་གྱི་ཞེས་བྱ་བ་ནི། འཇིམ་པ་ལ་སོགས་པའི་རང་བཞིན་ཅན་ནོ། །གང་གི་ཕྱིར་དེ་ལྟ་ན་ཡང་དཔེ་འགའ་ཞིག་ཉེ་བར་བསྟན་ནས་
སྒྲུབ་པ་ནུས་པའི་གཏན་ཚིགས་དེས་ནའོ། །ཕྱོགས་གཞན་ཡང་བརྗོད་པ་ནི་བཟློག་པ་འགྲུབ་པོ་ཞེས་བྱ་བ་སྟེ། རིགས་མཐུན་པ་ཁོ་ན་ལས་སྐྱེས་པ་ཡིན་ནོ་ཞེས་བྱ་བ་འདི་ལས་བཟློག་པ་འགྲུབ་པོ། །འདི་ག་ལས་ཤེ་ན། ལྷན་ཅིག་པ་མ་ཡིན་པ་ཞེས་གསུངས་སོ། །འོན་ཀྱང་རིགས་མཐུན་པ་ཡང་རིགས་
མི་མཐུན་པ་དང་། ལྷན་ཅིག་པ་ཉིད་རྒྱུར་མཐོང་ངོ་། །དེས་ན་གང་འབྲས་བུ་ཡིན་པ་དེ་ནི་རིགས་མཐུན་པ་དང་རིགས་མི་མཐུན་པས་སྐྱེས་པ་ཡིན་ཏེ། དཔེར་ན་བུམ་པ་ལ་སོགས་པ་བཞིན་ནོ། །སྒྲ་ལ་སོགས་པ་ཡང་འབྲས་བུ་ཡིན་ནོ། །དེས་ན་རིགས་མཐུན་པ་ཉིད་དུ་མི་འགྲུབ་པོ་ཞེས་བསམས་པའོ། །
འོན་ཏེ་ཞེས་བྱ་བ་ནི་དགོངས་པའོ། །འདི་ལ་བརྗོད་པ་ནི་འདི་ལ་བཤད་ཟིན་ཏེ་ཞེས་བྱ་བའོ། །བཤད་ཟིན་པ་ཉིད་དྲན་པར་བྱེད་པ་ནི་ལྷན་ཅིག་པ་ཞེས་བྱ་བའོ། །གཟུང་བ་ཉིད་ལ་སོགས་པའི་སྒྲས་དངོས་པོ་ཉིད་ལ་སོགས་པ་རྗེས་སུ་འགྲོ་བའི་ཕྱིར་རོ། །འོན་ཏེ་ཡང་ཞེས་བྱ་བ་ནི་དངོས་པོ་ཉིད་ལ་སོགས་པ་
ཡང་ངོ་། །དེ་ཡང་བདེ་བ་ལ་སོགས་པའི་བདག་ཉིད་ཅན་ཇི་ལྟར་ཡིན་ཞེ་ན། དངོས་པོ་ཉིད་ལ་སོགས་པ་ཞེས་གསུངས་སོ། །བདེ་བ་ལ་སོགས་པ་བུམ་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ད་ལྟ་བུམ་པ་ལ་སོགས་པའི་བདག་ཉིད་ཅན་དུ་མཐོང་སྟེ། བུམ་པ་ལ་སོགས་པའི་བདག་ཉིད་དེ་རྗེས་
སུ་མཐོང་བའི་ཕྱིར་ན། གཙོ་བོ་ཡང་བུམ་པ་ལ་སོགས་པའི་བདག་ཉིད་ཁོ་ནར་འགྱུར་རོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །དེའི་གཙོ་བོའོ་འདི་ལ་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །རྣམ་པར་འགྱུར་བའི་ཚོགས་ནི་བུམ་པ་ལ་སོགས་པའི་རང་བཞིན་ནོ། །མངོན་པར་གསལ་བ་དང་མི་གསལ་བ་ཙམ་
Vol. 185 · folio 231a
རྣམ་པར་འགྱུར་བའི་དངོས་པོ་ཡིན་ནོ། །དེ་ཉིད་གསལ་བར་བྱེད་པ་ནི་མངོན་པར་གསལ་བ་ནི་ཞེས་བྱ་བའོ། །གསལ་བ་འདི་ཅི་ཞིག་ཅེས་དྲིས་པ་ལ་ནི་མངོན་པར་མི་གསལ་བ་ཡང་འཕངས་པ་ཡིན་ཏེ། དེ་ནི་གསལ་བ་མེད་པའི་རང་བཞིན་ཅན་ཡིན་པའི་ཕྱིར་ཞེས་བསམས་ནས་གཉི་ག་ལ་
ཡང་གཞན་ལན་འདེབས་པ་ནི། མཐོང་བའི་བདག་ཉིད་ནི་གསལ་བ་ཞེས་བརྗོད་ལ། མཐོང་བའི་བདག་ཉིད་མེད་པ་ནི་དེ་མེད་པའོ། །དོན་དེ་ཉིད་བརྗོད་པ་ནི་མི་དམིགས་པ་ནི་ཞེས་བྱ་བའོ། །ཚད་མས་གྲུབ་པའི་བུམ་པ་ལ་སོགས་པའི་རང་གི་ངོ་བོ་ནི་གཙོ་བོ་ལ་མ་དམིགས་སོ་ཞེས་བྱ་བར་ནུས་ཀྱི་རང་གི་ངོ་བོ་ཚད་
མས་མ་གྲུབ་ན་མེད་པ་ཁོ་ནར་འགྱུར་རོ། །མེད་པར་ཁོ་ནར་འགྱུར་མོད་ཅི་ཆད་སྙམ་ན། དེས་ན་ཞེས་གསུངས་སོ། །དེ་ལྟར་ཞེས་བྱ་བ་ནི་ཇི་ལྟར་ད་ལྟར་ཡོད་པ་དེ་ཁོ་ན་ལྟར་གལ་ཏེ་གཙོ་བོའི་གནས་སྐབས་སུ་ཡང་ཡོད་ན་དེའི་ཚེ་གཙོ་བོ་རྒྱུར་བརྟགས་པས་ཅི་ཞིག་བྱ། དེ་དག་གི་ཞེས་བྱ་བ་བུམ་པ་ལ་སོགས་པ་
རྣམས་ཀྱིའོ། །ཐ་དད་པར་ཞེས་བྱ་བ་ནི་སྒྲའི་རང་བཞིན་ལས་སོ། །གལ་ཏེ་བུམ་པ་ལ་སོགས་པ་དང་བདེ་བ་ལ་སོགས་པ་དག་རྣམ་པ་ཐ་དད་པར་འཛིན་མོད། དེ་ལྟ་ན་ཡང་གཅིག་ཉིད་དུ་མི་འགྱུར་སྙམ་ན། ཐ་དད་པར་སྣང་བ་ཅན་གྱི་ཞེས་བྱ་བའོ། །དཔེ་ཉིད་རྣམ་པར་འགྲེལ་པ་ནི་སྔོན་པོ་ལ་སོགས་པར་ཞེས་བྱ་
བའོ། །འོན་ཏེ་དེ་ལ་ཡང་བསྒོམས་པས་ཁྱད་པར་དུ་འགྱུར་བ་ཡོད་དོ་ཞེ་ན་དེ་ལྟ་ཡིན་ནོ་ཞེས་བྱ་བ་སྟེ། སྔོན་པོ་ལ་སོགས་པའི་རྣམ་པ་ཡང་བསྒོམས་པས་ཁྱད་པར་སྲིད་པ་ཡིན་ན་ནིའོ། །གོམས་པའི་རྗེས་སུ་འགྲོ་བ་ཅན་གོམས་པའི་འབྲས་བུའི་དེ་ཁོ་ན་མ་ཡིན་པ་ནི་དངོས་པོ་སྟེ། འདོད་ལྡན་མའི་རྣམ་པ་
བཞིན་ནོ། །དེ་ནི་ཞེས་བྱ་བ་ནི་ཕྱི་རོལ་མ་ཡིན་པར་ངེས་པའི་སྣང་བའི་རང་བཞིན་ནོ། །མ་ཡིན་ཏེ་ཞེས་བྱ་བ་ནི་ལན་ནོ། །འཁྲུལ་པའི་རྒྱུ་ནི་རབ་རིབ་ལ་སོགས་པ་ཡོད་དུ་ཆད་པ་ཁོ་ན་ཡིན་ཏེ། དེ་དག་མ་མཐོང་བའི་ཕྱིར་དང་ཕྱི་རོལ་མ་ཡིན་པར་སྣང་བ་ལ་ཡོད་པར་བྱེད་པ་མེད་པའི་ཡང་ཕྱིར་རོ། །དེ་བཞིན་དུ་
བློ་ཡང་ཞེས་བྱ་བ་གཙོ་བོ་ཡོངས་སུ་གྱུར་པའི་རང་བཞིན་ཡིན་ནོ། །བདག་གི་ཞེས་བྱ་བ་ནི་སྐྱེས་བུས་སོ། །འདིས་ནི་ཕྱི་རོལ་ཉིད་དུ་རྟོགས་པར་འགྱུར་རོ་ཞེས་གང་བརྗོད་པ་དེ་སྤངས་ནས་ད་ནི་བདེ་བ་ལ་སོགས་པ་ཁྱད་པར་གྱི་རིམ་པ་ཅན་དུ་མི་འགྱུར་རོ་ཞེས་གང་བརྗོད་པ་དེ་སོང་བ་ནི་བསྒོམས་པའི་ཞེས་བྱ་བའོ། །
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words