འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ

Sanskrit title (Tibetan script, as in the text) ཨཱརྱ་སནྡྷི་ནིར་མོ་ཙ་ནཾ་སཱུ་ཏྲ་སྱ་བྱཱ་ཁྱཱ་ན་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 206 · folio 29a

པ་དག་དང་བྱེད་རྒྱུ་ཚད་མེད་པ་དག་དང་ཡང་དག་པར་འགྲུབ་པ་ཚད་མེད་པ་དག་གིས་འབྱུང་བ་ཡང་དེ་ལས་འབྱུང་བར་བྱེད་པ་འགའ་ཡང་མེད་མོད་ཀྱི་འབྱུང་བར་འགྱུར་བ་ཡང་ཡོད་དོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་སྐྱེ་བ་འབྱུང་བ་ཡང་

རྒྱུ་གཅིག་གིས་འབྱུང་བ་མ་ཡིན། བྱེད་རྒྱུ་གཅིག་གིས་མ་ཡིན་གྱི། རྒྱུ་ཚད་མེད་པ་དག་དང་བྱེད་རྒྱུ་ཚད་མེད་པ་དག་གིས་འབྱུང་སྟེ། འདི་ལྟ་སྟེ། སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ལས་ཆོས་ཀྱི་སྤྲིན་ཆེན་པོའི་ཆར་ཡང་དག་པར་རབ་ཏུ་འབབ་པས་ངོ་མི་ཤེས་པའི་བསམ་པ་ལ་ཡང་དག་

པར་དགའ་བ་ཡང་བརྟེན། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རླུང་གི་དཀྱིལ་འཁོར་ཆེན་པོ་བཞི་རྒྱུན་མི་འཆད་པར་ལྡང་བ་ལས་ཀྱང་བརྟེན་ནས་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རླུང་གི་དཀྱིལ་འཁོར་ཆེན་པོ་དྲན་པས་ཡང་དག་པར་འཛིན་ཅིང་

བསྲུང་བས་ཆུད་མི་ཟ་བ་རྣམ་པར་གཡེང་བ་མེད་པ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྲིན་ཆེན་པོའི་ཆར་ཡང་དག་པར་གཟུང་བའི་ཕྱིར་ལྡང་བ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རླུང་གི་དཀྱིལ་འཁོར་ཆེན་པོ་ཞི་གནས་དང་། ལྷག་མཐོང་མངོན་པར་གྲུབ་པ་ཞེས་བྱ་བ་

དེ་ཉོན་མོངས་པ་ཐམས་ཅད་ཡོངས་སུ་བསྐམ་པའི་ཕྱིར་ལྡང་བ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རླུང་གི་དཀྱིལ་འཁོར་ཆེན་པོ་ཡོངས་སུ་བསྔོ་བ་ལ་མཁས་པ་ཞེས་བྱ་བ་དེ་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་བསྔོ་བའི་ཕྱིར་ལྡང་བ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རླུང་གི་

དཀྱིལ་འཁོར་ཆེན་པོ་སྤྲུལ་པ་མངོན་པར་བསྒྲུབ་པའི་བཀོད་པ་ཤིན་ཏུ་རྣམ་པར་འབྱེས་ཤིང་རྣམ་པར་འབྱེད་པ་ཞེས་བྱ་བ་དེ་སྔོན་ཡོངས་སུ་སྨིན་པར་བྱས་པའི་སེམས་ཅན་རྣམས་ཀྱི་ལྷན་ཅིག་སྐྱེས་པའི་དགེ་བའི་རྩ་བ་ཡོངས་སུ་སྦྱངས་པ་དང་། དེ་བཞིན་གཤེགས་པའི་ཟག་པ་མེད་པའི་དགེ་

བའི་རྩ་བའི་སྟོབས་བསྐྱེད་པའི་ཕྱིར་ལྡང་བའོ། །དེ་དག་ལ་སོགས་པ་རྒྱུ་ཚད་མེད་པ་དག་དང་། བྱེད་རྒྱུ་ཚད་མེད་པ་དག་དང་། ཆོས་ཉིད་ཀྱིས་ཐོབ་པས་འབྱུང་ཡང་དེ་ལ་འབྱུང་བར་བྱེད་པ་འགའ་ཡང་མེད་མོད་ཀྱི་འབྱུང་བར་འགྱུར་བ་ཡང་ཡོད་དེ། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་

Vol. 206 · folio 29b

སེམས་དཔའ་ཆེན་པོས་འཇུག་པའི་སྒོ་དང་པོ་དེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐྱེ་བ་འབྱུང་བ་བསྟན་པ་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་འཇུག་པའི་སྒོ་རྣམ་པ་བཅུ་གསུངས་པ་བཞིན་དུ་བལྟ་བར་བྱའོ། །སྤྲུལ་པའི་སྐུ་དེ་འབྱོར་པ་

ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། དེའི་ཕྱིར་སྤྲུལ་པའི་སྐུའི་མཚན་ཉིད་འབྱུང་བ་ནི་དེ་བཞིན་གཤེགས་པའི་ཡོན་ཏན་བཀོད་པའི་འབྱུང་བའི་རྒྱན་གྱི་རྣམ་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་མཚན་ཉིད་དུ་བལྟ་བར་བྱའོ་ཞེས་བྱ་བ་གསུངས་པ་སྟེ། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་བཀོད་པ་

རྣམ་པ་ཐམས་ཅད་དང་ལྡན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་འཕགས་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པའི་མདོ་ལས། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་

རྒྱས་རྣམས་ཀྱི་སྐྱེ་བ་འབྱུང་བ་བསྟན་པ་ནི་འདི་ལྟར་ཁོང་དུ་ཆུད་པར་བྱ་སྟེ། སྤྱོད་པ་ཚད་མེད་པ་ཡང་དག་པར་བསྒྲུབ་པའི་ཕྱིར་ཚད་མེད་པའི་རྗེས་སུ་སོང་བར་ཁོང་དུ་ཆུད་པར་བྱའོ། །ཕྱོགས་ཐམས་ཅད་དུ་ཁྱབ་པའི་ཕྱིར་རྒྱ་ཆེ་བར་ཁོང་དུ་ཆུད་པར་བྱའོ། །སྐྱེ་བ་དང་། འཇིག་པ་དང་། གནས་པ་

དང་བྲལ་བའི་ཕྱིར་བླང་བ་མེད་པ་དང་དོར་བ་མེད་པར་ཁོང་དུ་ཆུད་པར་བྱའོ། །སེམས་དང་། ཡིད་དང་རྣམ་པར་ཤེས་པར་སྒྲོ་བཏགས་པ་མེད་པའི་ཕྱིར་སྤྲོས་པ་མེད་པ་དང་སྤྲོས་པ་དང་བྲལ་བར་ཁོང་དུ་ཆུད་པར་བྱའོ། །ནམ་མཁའི་ངོ་བོ་ཉིད་ཡིན་པའི་ཕྱིར་ལུས་མེད་པར་ཁོང་དུ་ཆུད་པར་བྱའོ། །

སེམས་ཅན་ཐམས་ཅད་བདག་མེད་པའི་ཕྱིར་མཉམ་པར་ཁོང་དུ་ཆུད་པར་བྱའོ། །ཞིང་ཐམས་ཅད་མི་ཟད་པའི་ཞིང་ཡིན་པའི་ཕྱིར་མི་ཟད་པར་ཁོང་དུ་ཆུད་པར་བྱའོ། །ཕྱི་མའི་མཐའི་མུར་རྒྱུན་མི་འཆད་པའི་ཕྱིར་མི་ཟློག་པར་ཁོང་དུ་ཆུད་པར་བྱའོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ལ་གཉེན་པོ་

མེད་པའི་ཕྱིར་མི་འཕྲོགས་པར་ཁོང་དུ་ཆུད་པར་བྱའོ། །འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་མཉམ་པར་རྟོགས་པའི་ཕྱིར་གཉིས་སུ་མེད་པའི་ཁོང་དུ་ཆུད་པར་བྱའོ། །སྔོན་ལེགས་པར་ཡོངས་སུ་སྨིན་པར་བྱ་བའི་སེམས་ཅན་གྱི་བསམ་པའི་ཁྱད་པར་ཡོངས་སུ་རྫོགས་པར་མཛད་པའི་ཕྱིར་འགྲོ་

Vol. 206 · folio 30a

བ་ཐམས་ཅད་ཉེ་བར་འཚོ་བར་ཁོང་དུ་ཆུད་པར་བྱ་སྟེ། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐྱེ་བ་འབྱུང་བ་བསྟན་པ་ནི། དེ་དག་ལ་སོགས་པ་རྣམ་པར་

བྱང་བའི་བྱེ་བྲག་བསྟན་པ་ཚད་མེད་པ་དག་གིས་ཁོང་དུ་ཆུད་པར་བྱའོ་ཞེས་གསུངས་པ་བཞིན་དུ་བལྟ་བར་བྱའོ། །ཆོས་ཀྱི་སྐུ་ལ་ནི་སྐྱེ་བ་འབྱུང་བ་མེད་དོ་ཞེས་བྱ་བ་ནི་ཆོས་ཀྱི་སྐུའི་ངོ་བོ་ཉིད་ཀྱིས་རྟག་པའི་ཕྱིར་ཏེ། དེས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐྱེ་བ་བསྟན་པ་ཞེས་བྱ་བས་ནི། དེ་བཞིན་

གཤེགས་པ་རྣམས་ཀྱི་གཟུགས་ཀྱི་སྐུ་རྣམ་པ་གཉིས་འཇིག་རྟེན་དུ་སྐྱེ་བ་འབྱུང་བའི་མཚན་ཉིད་ཡིན་པར་བསྟན་ཏོ། །དེ་དག་གིས་ནི་དེ་བཞིན་གཤེགས་པའི་སྐུ་ལ་ཤིན་ཏུ་རྨོངས་པ་ནོར་བར་རྟོག་པའི་གཉེན་པོར་སྐྱེ་བ་འབྱུང་བར་བསྟན་པ་བཤད་དེ། ནོར་བར་རྟོག་པ་ཞེས་བྱ་བས་ནི། དེ་བཞིན་

གཤེགས་པ་རྣམས་སྐྱེ་བ་འབྱུང་བ་བསྟན་པ་ཆོས་བཅུ་ལ་སོགས་པ་ཆོས་ཐ་དད་པ་བརྒྱ་སྟོང་ཚད་མེད་གྲངས་མེད་པ་ཡོངས་སུ་རྫོགས་པའི་ཚུལ་ཡང་དག་པར་འགྲུབ་པའི་བྱེད་རྒྱུ་དག་གིས་འབྱུང་བ་དང་འཇུག་པའི་སྒོ་རྣམ་པ་བཅུས་འཇིག་རྟེན་གྱི་ཁམས་འབྱུང་བ་དང་འདྲ་བ་དང་། དེ་བཞིན་གཤེགས་

པའི་ཡོན་ཏན་བཀོད་པའི་རྒྱན་གྱི་རྣམ་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་མཚན་ཉིད་དུ་མི་ཤེས་པ་སྟེ། དེའི་གཉེན་པོར་དེ་བཞིན་གཤེགས་པ་རྣམས་ཀྱི་སྐྱེ་བ་འབྱུང་བ་བསྟན་པའི་མཚན་ཉིད་ཇི་སྐད་སྨོས་པ་དེ་དག་མ་ནོར་བར་བསྟན་པ་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ཀྱི་སྐྱེ་བ་འབྱུང་བར་

བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་སྟོན་པ་མཛད་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། སྐུ་སྟོན་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྤྲུལ་པའི་སྐུ་སྟོན་པའི་ཐབས་ལ་མཁས་པའོ། །དེའི་ཕྱིར་དེ་བསྟན་

པའི་དབང་དུ་མཛད་ནས་བཅོམ་ལྡན་འདས་སྤྲུལ་པའི་སྐུ་སྟོན་པའི་ཐབས་ལ་མཁས་པ་གང་ལགས་པར་བལྟ་བར་བགྱི་ལགས་ཞེས་བྱ་བ་ཞུས་སོ། །སྤྲུལ་པའི་སྐུ་སྟོན་པའི་ཐབས་ལ་མཁས་པ་ནི་ཞེས་བྱ་བས་ནི་འཇིག་རྟེན་གྱི་ཁམས་རབ་འབྱམས་མ་ལུས་པ་ཐམས་ཅད་དུ་སངས་རྒྱས་འབྱུང་

Vol. 206 · folio 30b

བ་ཐམས་ཅད་ཀྱི་དང་པོ་དགའ་ལྡན་གྱི་ཕོ་བྲང་ན་བཞུགས་པ་དང་། འཕོ་བ་དང་། གཤེགས་པ་དང་། ལྷུམས་ན་བཞུགས་པ་དང་། བལྟམས་པ་དང་། གཞོན་ནུའི་རོལ་པ་དང་། བཙུན་མོའི་འཁོར་གྱི་ནང་ན་བཞུགས་པ་དང་། མངོན་པར་འབྱུང་བ་དང་། དཀའ་བ་སྤྱོད་པ་དང་། བྱང་ཆུབ་ཀྱི་སྙིང་པོར་

གཤེགས་པ་དང་། བདུད་འདུལ་བ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པར་མཛད་པ་ཕུན་སུམ་ཚོགས་པ་སྟོན་པའི་ཐབས་ལ་མཁས་པ་གང་ཡིན་པ་སྟོན་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་སངས་

རྒྱས་ཀྱི་ཞིང་ཐམས་ཅད་དུ་ཞེས་པས་ནི་འཇིག་རྟེན་གྱི་ཁམས་རབ་འབྱམས་མ་ལུས་པ་ཐམས་ཅད་དུ་སངས་རྒྱས་འབྱུང་བ་ཐམས་ཅད་ཀྱི་མཛད་པ་སྟོན་ཏོ། །བདག་པོར་གྲགས་པ་ཞེས་བྱ་བ་ནི་རྒྱལ་པོའོ། །སྦྱིན་གནས་སུ་གྲགས་པ་ཞེས་བྱ་བ་ནི་རྒྱལ་པོའི་མདུན་ན་འདོན་ཏོ། །མངལ་དུ་འཇུག་པ་ཞེས་བྱ་

བས་ནི་དང་པོར་དགའ་ལྡན་ན་བཞུགས་པ་དང་། འཕོ་བ་དང་། གཤེགས་པ་བསྟན་ཏེ། གཤེགས་པ་ཉིད་མངལ་དུ་འཇུག་པ་ཡིན་པར་སྦྱར་རོ། །བཙས་པ་ཞེས་བྱ་བས་ནི་ལྷུམས་ན་བཞུགས་པ་དང་། བལྟམས་པ་གཉིས་བསྟན་ཏོ། །སྐྱེ་བ་ཞེས་བྱ་བས་ནི་གཞོན་ནུའི་རོལ་པ་བསྟན་ཏོ། །འདོད་པ་ལ་ལོངས་

སྤྱོད་པ་ཞེས་བྱ་བས་ནི་བཙུན་མོའི་འཁོར་གྱི་ནང་ན་བཞུགས་པ་བསྟན་ཏོ། །མངོན་པར་འབྱུང་བ་ཞེས་བྱ་བས་ནི་མངོན་པར་འབྱུང་བ་བསྟན་ཏེ་ཁབ་ནས་རབ་ཏུ་བྱུང་བའོ། །དཀའ་བ་སྤྱོད་པ་ཞེས་བྱ་བས་ནི་དཀའ་བ་སྤྱོད་པ་བསྟན་ཏེ་ལོ་དྲུག་ཏུ་དཀའ་ཐུབ་མཛད་པའོ། །དེ་བཏང་བ་ཞེས་བྱ་བས་ནི་བྱང་ཆུབ་ཀྱི་སྙིང་པོར་

གཤེགས་པ་བསྟན་ཏེ། དཀའ་བ་སྤྱོད་པ་དེ་བཏང་སྟེ། དང་པོ་བྱང་ཆུབ་པའི་གནས་ནས་རྡོ་རྗེའི་གདན་ལ་གཤེགས་པའོ། །མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་པ་ཞེས་བྱ་བས་ནི། །བདུད་འདུལ་བ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཡོངས་སུ་མྱ་ངན་

ལས་འདས་པ་ཆེན་པོར་སྟོན་པ་བསྟན་ཏོ། །ཀུན་དུ་སྟོན་པ་ཡིན་པར་བལྟ་བར་བྱའོ་ཞེས་བྱ་བས་ནི་མཛད་པ་དེ་དག་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཅིག་དགའ་ལྡན་གྱི་གནས་བྱེ་བ་ཕྲག་བརྒྱ་ན་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱར་དུས་གཅིག་ཏུ་རིམ་གྱིས་མཛད་པ་སྟོན་པ་དང་། གདུལ་བའི་

Vol. 206 · folio 31a

སྐལ་བ་ཇི་ལྟ་བ་བཞིན་དུ་འཇིག་རྟེན་གྱི་ཁམས་རབ་འབྱམས་མ་ལུས་པ་ཐམས་ཅད་དུ་ཡང་དེ་བཞིན་དུ་སྟོན་པ་བསྟན་ཏོ། །དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་སྟོན་པའི་ཐབས་ལ་མཁས་པ་དེ་ནི་མཛད་པ་རེ་རེ་ལ་ཡང་འཇུག་པའི་སྒོ་རྣམ་པ་བཅུས་ཁོང་དུ་ཆུད་པར་བྱ་སྟེ། དེ་ཡང་

འཕགས་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པའི་མདོ་ལས་དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་

བའི་སྲས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐུ་སྟོན་པ་ཇི་ལྟར་ཁོང་དུ་ཆུད་པར་བྱ། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐུ་སྟོན་པ་ནི་ཚད་མེད་པའི་རྗེས་སུ་སོང་

བར་ཁོང་དུ་ཆུད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་བའི་སྲས་དག་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་སྟོན་པ་ནི་ཆོས་གཅིག་ལས་སམ། སྐུ་གཅིག་ལས་སམ། བྱམས་པ་གཅིག་ལས་སམ། ཞིང་གཅིག་ལས་སམ། སེམས་གཅིག་ལས་སམ། བྱེད་རྒྱུ་གཅིག་ལས་ཁོང་

དུ་ཆུད་པར་བྱ་བ་མ་ཡིན་གྱི། ཐམས་ཅད་ཀྱི་རྗེས་སུ་སོང་བ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རོ། །ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། དཔེར་ན་ནམ་མཁའི་ཁམས་ནི་ཐམས་ཅད་ཀྱི་རྗེས་སུ་སོང་བ་སྟེ། གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའི་དངོས་པོ་ཐམས་ཅད་ཀྱི་རྗེས་སུ་སོང་ཡང་གང་དུ་ཡང་སོང་

བ་མེད་ལ་གང་ནས་ཀྱང་འོང་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། ནམ་མཁའི་ལུས་མེད་པའི་ཕྱིར་རོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་ཡང་ཐམས་ཅད་དུ་སོང་བ་སྟེ། སེམས་ཅན་ཐམས་ཅད་དང་ཆོས་ཐམས་ཅད་དང་ཞིང་ཐམས་ཅད་ཀྱི་རྗེས་སུ་སོང་ཡང་གང་དུ་ཡང་སོང་

Vol. 206 · folio 31b

བ་མེད་ལ་གང་ནས་ཀྱང་འོང་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་ནི་ལུས་མེད་པའི་ཕྱིར་རོ། །འོན་ཀྱང་སེམས་ཅན་གྱི་རྣམ་པར་རིག་པ་ལ་བརྟེན་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་གཟུགས་ཀྱི་སྐུ་སྣང་བར་ཡང་འགྱུར་ཏེ། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོས་འཇུག་པའི་སྒོ་དང་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐུ་སྟོན་པ་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་འཇུག་པའི་སྒོ་རྣམ་པ་བཅུ་གསུངས་པ་བཞིན་དུ་བལྟ་བར་བྱའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་

སྟོན་པ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་བརྗོད་པ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། གསུང་བརྗོད་པ་ཞེས་བྱ་བ་ནི་ཆོས་ཀྱི་སྐུའི་བྱིན་གྱི་རླབས་ལས་བྱུང་བ་གཟུགས་ཀྱི་སྐུ་རྣམ་པ་གཉིས་ལས་

གདུལ་བྱ་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་སྡེ་སྣོད་གསུམ་བསྟན་པའི་གསུང་འབྱུང་བའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱི་སྐུས་གསུང་གང་དག་བརྗོད་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་མན་ཆད་ནི་

འདུལ་བ་སྡེ་སྣོད་གདགས་པ་ལ་ཤིན་ཏུ་རྨོངས་པ་རྣམས་ཀྱི་གཉེན་པོ་དེ་མ་ནོར་བར་བསྟན་པ་སྟོན་ཏོ། །དེ་ལ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་སྐུས་ཞེས་བྱ་བས་ནི་ཆོས་ཀྱི་སྐུས་བྱིན་གྱིས་བརླབས་པས་བྱུང་བ་གཟུགས་བརྙན་གྱི་སྐུ་རྣམ་པ་གཉིས་སོ། །གདུལ་བའི་ཁམས་ཞེས་བྱ་བ་

ནི་རང་བཞིན་གྱིས་གནས་པའི་རིགས་དང་ལྡན་པའི་སེམས་ཅན་གྱི་ཁམས་རྣམ་པར་དག་པ་ཐག་རིང་བ་ལས་བྱེ་བྲག་ཏུ་འབྱུང་བ་སྟེ། ཡང་དག་པར་བསྒྲུབ་པའི་རིགས་དང་ལྡན་པའི་གདུལ་བའི་ཁམས་རྣམ་པར་དག་པ་ཐག་ཉེ་བ་ལ་བྱའོ། །ཡོངས་སུ་མ་སྨིན་པ་ཞེས་བྱ་བ་ནི་འདོད་ཆགས་དང་། ཞེ་སྡང་

དང་། གཏི་མུག་དང་། ང་རྒྱལ་ལ་སོགས་པ་ཤས་ཆེ་བས་ད་དུང་ཡོངས་སུ་སྨིན་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་གང་ལ་ཡང་མི་གནས་པའོ། །ཡོངས་སུ་སྨིན་པར་མཛད་ལ་ཞེས་བྱ་བ་ནི་མི་སྡུག་པ་དང་། བྱམས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཁམས་རབ་ཏུ་དབྱེ་བ་ལ་སོགས་

Vol. 206 · folio 32a

པའི་དམིགས་པས་ཡོངས་སུ་སྨིན་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ལ་གནས་པར་མཛད་པའོ། །ཡོངས་སུ་སྨིན་པ་ཞེས་བྱ་བས་ནི་ཡོངས་སུ་སྨིན་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ལ་གནས་པ་དེའི་མཇུག་ཐོགས་སུ་རྣམ་པར་གྲོལ་བར་བྱར་རུང་བའོ་དམིགས་

པ་དེ་ཉིད་ཀྱིས་ཞེས་བྱ་བ་ནི་མི་སྡུག་པ་དང་། བྱམས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཁམས་རབ་ཏུ་དབྱེ་བའི་དམིགས་པ་ལ་སོགས་པ་གང་གིས་སུ་སྨིན་པར་གྱུར་པ་དེ་ཉིད་ཀྱིས་སོ། །རྣམ་པར་གྲོལ་བར་མཛད་པ་ཞེས་བྱ་བ་ནི་སྐལ་བ་ཇི་ལྟ་བ་བཞིན་དུ་ཐེག་པ་གསུམ་གྱི་ལམ་གྱིས་

རྣམ་པར་གྲོལ་བ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ཐོབ་པར་མཛད་པ་སྟེ། དཔེར་ན་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་ལ་སོགས་པའི་ཤས་ཆེ་བའི་གདུལ་བྱ་མཛེས་དགའ་དང་། སོར་ཕྲེང་དང་། ལྟེང་རྒྱས་འོད་སྲུངས་དང་། རྒྱལ་པོ་ཆེན་པོ་ཀ་པི་ན་ལ་

སོགས་པ་མི་སྡུག་པ་དང་། བྱམས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཁམས་རབ་ཏུ་དབྱེ་བའི་དམིགས་པ་ལ་སོགས་པས་ཡོངས་སུ་སྨིན་པར་མཛད་ནས་དམིགས་པ་དེ་ཉིད་ཀྱིས་རྣམ་པར་གྲོལ་བར་མཛད་པ་ལ་སོགས་པ་ལྟ་བུའོ། །གསུང་བརྗོད་པ་དུ་ཞིག་བརྗོད་པར་མཛད་

ལགས་ཞེས་བྱ་བ་ནི་གསུང་གི་ཡན་ལག་མཐའ་ཡས་མོད་ཀྱི་སྡེ་སྣོད་བསྡུ་བའི་ཚུལ་ཁྲིམས་གསུང་བརྗོད་པ་དུ་ཞིག་བརྗོད་པར་མཛད་ལགས་ཞེས་ཞུས་པ་ཡིན་ནོ། །འཇམ་དཔལ་དེ་བཞིན་གཤེགས་པའི་གསུང་བརྗོད་པ་ནི་གསུམ་པོ་འདི་དག་ཡིན་ཏེ། མདོ་སྡེ་བརྗོད་པ་དང་། འདུལ་བ་བརྗོད་པ་

དང་། མ་མོ་བརྗོད་པའོ་ཞེས་བྱ་བ་ཡང་སྡེ་སྣོད་བསྡུ་བའི་ཚུལ་ཁྲིམས་རྣམ་པ་གསུམ་དུ་བསྟན་པ་ཡིན་ནོ། །མདོ་སྡེ་དང་། འདུལ་བ་དང་། མ་མོའི་རྣམ་གྲངས་དང་། ངེས་པའི་ཚིག་དང་། རབ་ཏུ་དབྱེ་བ་མཐའ་ཡས་པ་དག་ལས་གང་བརྗོད་ཀྱང་རུང་སྟེ། རེ་རེ་ཞིང་ཡང་འཇུག་པའི་སྒོ་རྣམ་པ་བཅུ་

བཅུས་ཁོང་དུ་ཆུད་པར་བྱ་སྟེ། དེ་ཡང་འཕགས་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པའི་མདོ་ལས། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

Vol. 206 · folio 32b

པོ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གསུང་བརྗོད་པ་ཇི་ལྟར་ཁོང་དུ་ཆུད་པར་བྱ། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་

སངས་རྒྱས་རྣམས་ཀྱི་གསུང་བརྗོད་པ་ནི་དབྱངས་ཀྱི་དཀྱིལ་འཁོར་ཚད་མེད་པས་ཁྱབ་པའི་ཕྱིར་ཐམས་ཅད་ཀྱི་རྗེས་སུ་སོང་བར་ཁོང་དུ་ཆུད་པར་བྱའོ། །ཆོས་བསྟན་པས་མགུ་བར་མཛད་པའི་ཕྱིར་སེམས་ཅན་ཐམས་ཅད་བསམ་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་ཚིམ་པར་མཛད་པར་ཁོང་དུ་ཆུད་པར་

བྱའོ། །སེམས་རབ་ཏུ་ཚིམ་པར་མཛད་པས་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་མོས་པ་ཇི་ལྟ་བ་བཞིན་དུ་མགུ་བར་མཛད་པར་ཁོང་དུ་ཆུད་པར་བྱའོ། །དུས་ལས་མི་འདའ་བའི་ཕྱིར་དུས་ཇི་ལྟ་བ་བཞིན་དུ་མགུ་བར་མཛད་པར་ཁོང་དུ་ཆུད་པར་བྱའོ། །བྲག་ཅ་དང་འདྲ་བའི་ཕྱིར་རྟག་ཏུ་སྐྱེ་བ་མེད་པ་དང་

འགག་པ་མེད་པར་ཁོང་དུ་ཆུད་པར་བྱའོ། །སེམས་ཅན་གྱི་ལས་ཉེ་བར་བསགས་པ་བརྗོད་པར་མཛད་པའི་ཕྱིར་བདག་པོ་མེད་པར་ཁོང་དུ་ཆུད་པར་བྱའོ། །གཏིང་དཔག་དཀའ་བའི་ཕྱིར་ཟབ་པ་དང་ལྡན་པར་ཁོང་དུ་ཆུད་པར་བྱའོ། །ཆོས་ཀྱི་དབྱིངས་ལ་ངེས་པར་རྟོགས་པའི་ཕྱིར་མི་ཆོམས་པར་

ཁོང་དུ་ཆུད་པར་བྱའོ། །ཆོས་ཀྱི་དབྱིངས་ལ་ཡང་དག་པར་གཞོལ་བའི་ཕྱིར་རྒྱུན་མི་འཆད་པར་ཁོང་དུ་ཆུད་པར་བྱའོ། །ཤིན་ཏུ་མཐར་ཐུག་པའི་ཕྱིར་བསྐྱོད་དུ་མེད་པར་ཁོང་དུ་ཆུད་པར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་བརྗོད་པ་ནི་བདག་པོ་ཡོད་པའང་མ་ཡིན། བདག་པོ་མེད་

པའང་མ་ཡིན། རྣམ་པར་རིག་པ་ཡོད་པའང་མ་ཡིན། རྣམ་པར་རིག་པ་མེད་པའང་མ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་བའི་སྲས་དག་འདི་ལྟ་སྟེ་དཔེར་ན་འཇིག་རྟེན་གྱི་ཁམས་འཇིག་པར་འགྱུར་བའི་ཚེ་ཆོས་ཉིད་ཀྱིས་ཐོབ་པས་སྒྲ་སྐད་ཆེན་པོ་བཞི་འབྱུང་བ་དེ་དག་ནི་

Vol. 206 · folio 33a

བདག་པོ་མེད་པ་བདག་གི་མེད་པ་འཛིན་པ་མེད་པ་སྟེ། བཞི་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འཇིག་རྟེན་གྱི་ཁམས་འཇིག་པར་འགྱུར་བའི་ཚེ་ཆོས་ཉིད་ཀྱིས་ཐོབ་པས་ཀྱེ་མ་གྲོགས་པོ་དག་བསམ་གཏན་དང་པོ་ནི་བདེ་བར་འདོད་པ་དང་། གནོད་སེམས་དང་བྲལ་བ་སྟེ།

འདོད་པའི་ཁམས་ལས་ཡང་དག་པར་འདའ་བར་འགྱུར་བའོ་ཞེས་དེ་ལྟ་བུའི་སྒྲ་སྐད་ཆེན་པོ་དང་པོ་དེ་འབྱུང་སྟེ། སེམས་ཅན་རྣམས་ཀྱིས་སྒྲ་དེ་ཐོས་ནས་བསམ་གཏན་དང་པོ་བསྒྲུབས་ཏེ། འདོད་པའི་ཁམས་ལས་ཡང་དག་པར་འདས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེའོ། །དེ་ནས་ཀྱང་ཆོས་ཉིད་

ཀྱིས་ཐོབ་པས་ཀྱེ་མ་གྲོགས་པོ་དག་བསམ་གཏན་གཉིས་པ་ནི་བདེ་བ་རྟོག་པ་མེད་པ་དཔྱོད་པ་མེད་པ་སྟེ། ཚངས་རིས་ཀྱི་ལྷ་ལས་ཡང་དག་པར་འདའ་བར་འགྱུར་བའོ་ཞེས་དེ་ལྟ་བུའི་སྒྲ་སྐད་ཆེན་པོ་གཉིས་པོ་དེ་འབྱུང་སྟེ། སེམས་ཅན་རྣམས་ཀྱིས་སྒྲ་དེ་ཐོས་ནས་བསམ་གཏན་གཉིས་པ་བསྒྲུབས་

ཏེ། ཚངས་རིས་ཀྱི་ལྷ་ལས་ཡང་དག་པར་འདས་ནས་འོད་གསལ་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ། །དེ་ནས་ཀྱང་ཆོས་ཉིད་ཀྱིས་ཐོབ་པས་ཀྱེ་མ་གྲོགས་པོ་དག་བསམ་གཏན་གསུམ་པ་ནི་བདེ་བ་དགའ་བ་མེད་པ་སྟེ། འོད་གསལ་གྱི་ལྷ་ལས་ཡང་དག་པར་འདའ་བར་འགྱུར་རོ་ཞེས་དེ་ལྟ་བུའི་

སྒྲ་སྐད་ཆེན་པོ་དེ་འབྱུང་སྟེ། སེམས་ཅན་རྣམས་ཀྱིས་སྒྲ་དེ་ཐོས་ནས་བསམ་གཏན་གསུམ་པ་བསྒྲུབས་ཏེ། འོད་གསལ་གྱི་ལྷ་ལས་ཡང་དག་པར་འདས་ནས་དགེ་རྒྱས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ། །དེ་ནས་ཀྱང་ཆོས་ཉིད་ཀྱིས་ཐོབ་པས་ཀྱེ་མ་གྲོགས་པོ་དག་བསམ་གཏན་བཞི་པ་སྟེ།

དགེ་རྒྱས་ཀྱི་ལྷ་ལས་ཡང་དག་པར་འདའ་བར་འགྱུར་བའོ་ཞེས་དེ་ལྟ་བུའི་སྒྲ་སྐད་ཆེན་པོ་བཞི་པོ་དེ་འབྱུང་སྟེ། སེམས་ཅན་རྣམས་ཀྱི་སྒྲ་དེ་ཐོས་ནས་བསམ་གཏན་བཞི་པ་བསྒྲུབས་ཏེ། དགེ་རྒྱས་ཀྱི་ལྷ་ལས་ཡང་དག་པར་འདས་ནས་འབྲས་བུ་ཆེ་བའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ། །

ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་འཇིག་རྟེན་གྱི་ཁམས་འཇིག་པར་འགྱུར་བའི་ཚེ་ཆོས་ཉིད་ཀྱིས་ཐོབ་པས་སྒྲ་སྐད་ཆེན་པོ་བཞི་འབྱུང་བ་དེ་དག་ནི་བདག་པོ་མེད་པ་བདག་གི་མེད་པ་འཛིན་པ་མེད་ཀྱང་སྒྲ་དེ་དག་ནི་ཡོན་ཏན་ཚད་མེད་པ་དེ་དག་དང་ལྡན་པ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་དེ་བཞིན་

Vol. 206 · folio 33b

གཤེགས་པ་རྣམས་ལས་ཆོས་ཉིད་ཀྱིས་ཐོབ་པས་དེ་བཞིན་གཤེགས་པའི་གསུང་གི་སྒྲ་སྐད་ཆེན་པོ་བཞི་འབྱུང་བ་དེ་དག་ཀྱང་བདག་པོ་མེད་པར་རྗོད་པར་བྱེད་པ་མེད་པ་མ་སྤྲོས་པ་མ་བླངས་པས་འཁོར་བ་ཡིན་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཆོས་ཉིད་ཀྱིས་ཐོབ་པས་ཀྱེ་མ་གྲོགས་པོ་དག་

འདུ་བྱེད་འདི་དག་ཐམས་ཅད་ནི་སྡུག་བསྔལ་བའོ། །སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་ནི་སྡུག་བསྔལ་བའོ། །གཤིན་རྗེའི་འཇིག་རྟེན་ནི་སྡུག་བསྔལ་བའོ། །བསོད་ནམས་མ་བྱས་པ་ནི་སྡུག་བསྔལ་བའོ། །བདག་གིར་འཛིན་པ་ནི་སྡུག་བསྔལ་བའོ། །སྡིག་པའི་ལས་

སྤྱོད་པ་ནི་སྡུག་བསྔལ་བ་སྟེ། ལྷ་དང་མིར་སྐྱེ་བའི་ཕྱིར་དགེ་བའི་རྩ་བ་དག་སྐྱེད་ཅིག། འཕགས་པའི་གནས་ཡོངས་སུ་ཟུང་ཤིག། མི་ཁོམ་པར་སྐྱེ་བ་རྣམ་པར་སྤོངས་ཤིག་ཅེས་དེ་ལྟ་བུའི་སྒྲ་སྐད་ཆེན་པོ་དང་པོ་དེ་འབྱུང་སྟེ། སེམས་ཅན་རྣམས་ཀྱིས་སྒྲ་དེ་ཐོས་ནས་དེ་བཞིན་ཉིད་དུ་སྒྲུབ་པར་

བྱེད་ཅིང་དེ་བཞིན་ཉིད་དུ་བསྒྲུབས་ནས་དགེ་བའི་རྩ་བ་སྤྱོད་པར་བྱེད་དེ། དགེ་བའི་རྩ་བ་སྤྱོད་པ་ལ་ཞུགས་པ་ན་མི་ཁོམ་པར་སྐྱེ་བ་ཡོངས་སུ་སྤོང་བར་བྱེད་ཅིང་ལྷ་དང་མིའི་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པར་བྱེད་དོ། །དེ་ནས་ཡང་ཆོས་ཉིད་ཀྱིས་ཐོབ་པས་ཀྱེ་མ་གྲོགས་པོ་དག་འདུ་བྱེད་འདི་

དག་ཐམས་ཅད་ནི་སྡུག་བསྔལ་བ་ཀུན་ཏུ་འབར་བ་རབ་ཏུ་འབར་བ། ཀུན་ཏུ་རབ་ཏུ་འབར་བ། ཀུན་ནས་མེ་ལྕེར་གྱུར་པ། མེ་ལྕེ་གཅིག་ཏུ་གྱུར་པ་ལྕགས་ཀྱི་ཐུ་ལུམ་དང་འདྲ་བར་མི་རྟག་པར་འགྱུར་བའི་ཆོས་ཅན་ནོ། །འདུས་མ་བྱས་ནི་ཞི་བ་དང་གདུང་བ་མེད་པ་བསིལ་བར་གྱུར་པ་ཡོངས་སུ་

གདུང་བ་ཐམས་ཅད་དང་བྲལ་བའོ་ཞེས་དེ་ལྟ་བུའི་སྒྲ་སྐད་ཆེན་པོ་གཉིས་པ་དེ་འབྱུང་སྟེ། སེམས་ཅན་རྣམས་ཀྱིས་སྒྲ་དེ་ཐོས་ནས་དགེ་བའི་ཆོས་ལ་མངོན་པར་བརྩོན་པར་བྱེད་ཅིང་མངོན་པར་བརྩོན་པ་ན་ཉན་ཐོས་ཀྱི་ཐེག་པ་ལ་སྒྲའི་རྗེས་སུ་འགྲོ་བའི་བཟོད་པ་ཐོབ་པར་གྱུར་ཏོ། །དེ་ནས་ཡང་ཆོས་

ཉིད་ཀྱིས་ཐོག་པས་ཀྱེ་མ་གྲོགས་པོ་དག་ཉན་ཐོས་ཀྱི་ཐེག་པ་འདི་ནི་ཆུང་བ་གཞན་ལས་ཉན་པའི་སྒྲའི་རྗེས་སུ་འགྲོ་བའོ། །དེ་བས་ཆེས་རྒྱ་ཆེ་བའི་ཐེག་པ་ཡོད་དེ། འདི་ལྟ་སྟེ། རང་སངས་རྒྱས་ཀྱི་ཐེག་པ་སློབ་དཔོན་མེད་པར་རང་གིས་མངོན་པར་རྫོགས་པར་བྱང་ཆུབ་པའོ་ཞེས་དེ་ལྟ་བུའི་སྒྲ་སྐད་

Vol. 206 · folio 34a

ཆེན་པོ་གསུམ་པ་དེ་འབྱུང་སྟེ། སེམས་ཅན་ཆེས་རྒྱ་ཆེན་པོ་ལ་མོས་པ་རྣམས་ཀྱིས་སྒྲ་དེ་ཐོས་ནས་ཉན་ཐོས་ཀྱི་ཐེག་པ་སྤངས་ཏེ། རང་སངས་རྒྱས་བྱང་ཆུབ་པར་བྱ་བའི་ཕྱིར་ནན་ཏན་དུ་བྱེད་དོ། །དེ་ནས་ཡང་དེ་བཞིན་གཤེགས་པ་ལས་ཆོས་ཉིད་ཀྱིས་ཐོབ་པས་ཀྱེ་མ་

གྲོགས་པོ་དག་ཐེག་པ་ཆེན་པོ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལས་ཡང་དག་པར་འདས་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་མཐུན་པ་བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་དྲུག་རྒྱུན་མི་འཆད་པ། འཁོར་བ་དཔག་ཏུ་མེད་པ་ཡོངས་སུ་འཛིན་པ་བསོད་ནམས་དང་ཡེ་ཤེས་ཀྱི་

ཚོགས་མཐའ་ཡས་པ་ཡོངས་སུ་རྫོགས་པ་སྟེ། ཉན་ཐོས་ཀྱི་ཐེག་པ་ནི་གཞན་གྱི་སྒྲའི་རྗེས་སུ་འབྲང་བའོ། །རང་སངས་རྒྱས་ཀྱི་ཐེག་པ་ནི་ཆུང་ངུ་བའོ། །ཐེག་པ་ཆེན་པོ་ནི་ཐེག་པ་དམ་པ། ཐེག་པ་གཙོ་བོ། །ཐེག་པ་རབ་མཆོག། ཐེག་པ་བླ་ན་མེད་པ། སེམས་ཅན་ཐམས་ཅད་ཉེ་

བར་འཚོ་བའི་ཐེག་པའོ་ཞེས་དེ་ལྟ་བུའི་སྒྲ་སྐད་ཆེན་པོ་བཞི་པ་དེ་འབྱུང་སྟེ། སེམས་ཅན་ཆེས་ཤིན་ཏུ་རྒྱ་ཆེན་པོ་ལ་མོས་པ་དབང་པོ་རྣོ་བ་སྔོན་དགེ་བའི་རྩ་བ་བསྐྱེད་པ། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བརླབས་པ་རྣམས་ཀྱིས་སྒྲ་དེ་ཐོས་ནས་ལྷག་པའི་བསམ་པས་དེ་བཞིན་

གཤེགས་པ་ཉིད་དང་། རང་འབྱུང་ཉིད་ཀྱི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་དེ། དེ་བཞིན་གཤེགས་པའི་གསུང་དེ་ཡང་སྐུ་ལས་བྱུང་བ་མ་ཡིན། ཐུགས་ལས་བྱུང་བ་མ་ཡིན་མོད་ཀྱི། སེམས་ཅན་རྣམས་ཀྱི་དགེ་བའི་ལས་ཤིན་ཏུ་བསགས་

པ་རྣམ་པར་རིག་པར་ཡང་མཛད་པའི་ཕྱིར་རོ། །ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཇུག་པའི་སྒོ་དང་པོ་དེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་གསུང་བརྗོད་པས་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ལ་སོགས་

པ་འཇུག་པའི་སྒོ་རྣམ་པ་བཅུ་གསུངས་པ་བཞིན་དུ་བལྟ་བར་བྱའོ། །དེ་ནས་འཕགས་པ་འཇམ་དཔལ་གྱིས་མདོ་སྡེ་དང་། འདུལ་བ་དང་། མ་མོའི་མཚན་ཉིད་རྒྱ་ཆེར་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་མདོ་སྡེ་ནི་གང་ལགས། འདུལ་བ་ནི་གང་ལགས། མ་མོ་ནི་གང་

Vol. 206 · folio 34b

ལགས་ཞེས་བྱ་བ་ཞུས་སོ། །འདི་ལྟ་སྟེ། དངོས་པོ་བཞི་འམ་ཞེས་བྱ་བས་ནི་བྱེ་བྲག་ཏུ་རྟོགས་པའམ། ཁས་ལེན་པ་དང་སྒྲུབ་པ་དང་མཐར་ཐུག་པ་སྟོན་ཏེ། དེ་ཙམ་གྱིས་ཐམས་ཅད་བསྡུས་པ་ཡིན་ནོ། །དགུ་འམ་ཞེས་བྱ་བས་ནི་ཕུང་པོ་རྣམས་དང་། སྐྱེ་མཆེད་རྣམས་དང་། ཁམས་

རྣམས་དང་། ཟས་རྣམས་དང་། བདེན་པ་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་དང་། དཀོན་མཆོག་གསུམ་པོ་སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་སྟོན་ཏེ་རིམ་བཞིན་དུ་སྦྱར་རོ། །ཉི་ཤུ་རྩ་དགུ་ཞེས་བྱ་བས་ནི་ཀུན་ནས་ཉོན་

མོངས་པ་དང་རྣམ་པར་བྱང་བའི་ཕྱོགས་ཀྱི་དངོས་པོ་བསྡུ་བ་སྟོན་ཏོ། །དབང་དུ་བྱས་ནས་ཞེས་བྱ་བས་ནི་དེ་དག་ལ་བརྟེན་ནས་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ཡང་སྐབས་ཁ་ཅིག་ཏུ་ནི་དངོས་པོ་གཅིག་ལ་བརྟེན་ནས་སོ། །ཁ་ཅིག་ཏུ་ནི་གཉིས་ལ་བརྟེན་ནས་སོ། །ཁ་ཅིག་ཏུ་ནི་མང་པོ་ལ་བརྟེན་

ནས་ཏེ་མདོ་སྡེ་ཐམས་ཅད་དང་ཅི་རིགས་པར་སྦྱར་རོ། །ཆོས་རྣམས་ཀྱི་ཞེས་བྱ་བས་ནི་རང་དང་སྤྱིའི་མཚན་ཉིད་འཛིན་པའི་ཆོས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རབ་ཏུ་དབྱེ་བ་འདི་ལྟ་སྟེ། གཟུགས་ཅན་རྣམས་དང་། གཟུགས་ཅན་མ་ཡིན་པ་རྣམས་དང་། བསྟན་དུ་ཡོད་པ་རྣམས་

དང་། བསྟན་དུ་མེད་པ་རྣམས་དང་། ཐོགས་པ་དང་བཅས་པ་རྣམས་དང་། ཐོགས་པ་མེད་པ་རྣམས་དང་། བསྟན་དུ་མེད་པ་ཐོགས་པ་མེད་པ་རྣམས་དང་། བསྟན་དུ་ཡོད་པ་ཐོགས་པ་དང་བཅས་པ་རྣམས་དང་། ཟག་པ་དང་བཅས་པ་རྣམས་དང་། ཟག་པ་མེད་པ་རྣམས་དང་། ཉོན་

མོངས་པ་དང་བཅས་པ་རྣམས་དང་། ཉོན་མོངས་པ་ཅན་མ་ཡིན་པ་རྣམས་དང་། ཟང་ཟིང་དང་བཅས་པ་རྣམས་དང་། ཟང་ཟིང་མེད་པ་རྣམས་དང་། ཞེན་པ་ལ་བརྟེན་པ་རྣམས་དང་། མངོན་པར་འབྱུང་བ་ལ་བརྟེན་པ་རྣམས་དང་། འཇིག་རྟེན་པ་རྣམས་དང་། འཇིག་རྟེན་ལས་འདས་

པ་རྣམས་དང་། རྟོགས་པ་རྣམས་དང་། མ་རྟོགས་པ་རྣམས་དང་། འདུས་བྱས་རྣམས་དང་། འདུས་མ་བྱས་རྣམས་དང་། ཤེས་པར་བྱ་བ་རྣམས་དང་། རྣམ་པར་ཤེས་པར་བྱ་བ་དང་། དམིགས་པ་རྣམས་དང་། རྣམ་པར་གནས་པ་འདྲེན་པའི་ཚོགས་རྣམས་དང་། རྣམ་པར་སྨིན་

Vol. 206 · folio 35a

པ་དང་བཅས་པ་རྣམས་དང་། རྣམ་པར་སྨིན་པ་རྣམས་དང་། རྒྱུ་དང་བཅས་པ་རྣམས་དང་། རྒྱུ་མེད་པ་རྣམས་དང་། འབྲས་བུ་དང་བཅས་པ་རྣམས་དང་། འབྲས་བུ་མེད་པ་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་དང་། ནང་གི་རྣམས་དང་། ཕྱི་རོལ་གྱི་རྣམས་

དང་། མིང་དང་གཟུགས་ཀྱིས་བསྡུས་པ་རྣམས་དང་། ཟིན་པ་རྣམས་དང་། མ་ཟིན་པ་རྣམས་དང་། འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་པ་དང་། འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་པ་མ་ཡིན་པ་དང་། སྲིད་པ་རྣམས་དང་། སྲིད་པ་མ་ཡིན་པ་རྣམས་དང་། བླ་ན་ཡོད་པ་རྣམས་དང་། བླ་ན་མེད་པ་རྣམས་དང་། བསྒོམ་

པར་བྱ་བ་རྣམས་དང་། འདས་པ་རྣམས་དང་། མ་འོངས་པ་རྣམས་དང་། ད་ལྟར་བྱུང་བ་རྣམས་དང་། འདོད་པ་དང་ལྡན་པ་རྣམས་དང་། གཟུགས་དང་ལྡན་པ་རྣམས་དང་། གཟུགས་མེད་པ་དང་ལྡན་པ་རྣམས་དང་། དགེ་བ་རྣམས་དང་། མི་དགེ་བ་རྣམས་དང་། ལུང་དུ་མ་བསྟན་པ་

རྣམས་དང་། སློབ་པ་རྣམས་དང་། མི་སློབ་པ་རྣམས་དང་། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་རྣམས་དང་། མཐོང་བས་སྤང་བར་བྱ་བ་རྣམས་དང་། བསྒོམས་པས་སྤང་བར་བྱ་བ་རྣམས་དང་། སྤང་བར་བྱ་བ་མ་ཡིན་པ་རྣམས་དང་། ཟབ་མོ་མཐོང་བར་དཀའ་བའི་ཆོས་

རྣམས་ཀྱི་རབ་ཏུ་དབྱེ་བ་རྣམས་པར་གཞག་པ་རྣམས་ཀྱིའོ། །དངོས་པོ་བསྡུ་བ་ཙམ་ངས་གང་དུ་བསྟན་པ་དེ་ནི་མདོ་སྡེ་ཡིན་ནོ་ཞེས་བྱ་བས་ནི་དོན་མདོར་བསྟན་པས་ན་མདོ་སྡེ་ཞེས་བྱའོ། །གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་པ་གླེང་གཞིའི་སྡེ་དང་། གཏན་ལ་དབབ་པར་བསྟན་

པའི་སྡེ་གཉིས་མ་གཏོགས་པ་ལྷག་མ་བཅུ་དང་། སྤྱིར་ཅི་རིགས་པས་སྦྱར་རོ། །དངོས་པོ་བཞི་གང་ཞེ་ན། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པའི་དངོས་པོ་ཞེས་བྱ་བས་ནི་བྱེ་བྲག་ཏུ་རྟོགས་པ་བསྟན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་ཐོས་པ་ཡོངས་སུ་ཚོལ་བ་ནི་ཅི་ཞིག་ཚོལ་ཞེ་ན། མདོར་

བསྡུ་ན་བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་། ཉན་ཐོས་ཀྱི་སྡེ་སྣོད་དང་། ཕྱི་རོལ་གྱི་བསྟན་བཅོས་དང་། འཇིག་རྟེན་པའི་བཟོ་དང་། ལས་ཀྱི་གནས་ཞེས་བྱ་བ་རྣམས་ཚོལ་ལོ། །དེ་ལ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ནི་གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་ལས་ཤིན་ཏུ་རྒྱས་

Vol. 206 · folio 35b

པའི་སྡེ་ཞེས་བྱ་བ་ཡིན་ནོ། །ཉན་ཐོས་ཀྱི་སྡེ་སྣོད་ནི་ཡན་ལག་ཐམས་ཅད་ལྷག་མ་རྣམས་ཡིན་ནོ། །ཕྱི་རོལ་གྱི་བསྟན་བཅོས་ནི་རྣམ་པ་གསུམ་སྟེ། གསོ་བའི་བསྟན་བཅོས་དང་། གཏན་ཚིགས་ཀྱི་བསྟན་བཅོས་དང་། སྒྲའི་བསྟན་བཅོས་སོ། །འཇིག་རྟེན་པའི་བཟོ་དང་ལས་ཀྱི་གནས་

ཤེས་པ་ནི་རྣམ་པ་བཅུ་གཉིས་ཏེ། སྣོམས་སུ་བྱས་པའི་བཟོ་དང་། ཉོ་ཚོང་གི་བཟོ་དང་། རྒྱལ་པོའི་ཞབས་འབྲིང་བྱ་བའི་བཟོ་དང་། ཡི་གེ་དང་རྩིས་དང་ཤོད་འགོད་པ་དང་གྲངས་དང་ལག་རྩིས་ཀྱི་བཟོ་དང་། ལྟས་སུ་ལྟ་བའི་བཟོ་དང་། བློ་གྲོས་ཀྱི་བཟོ་དང་། བརྡུངས་པའི་བཟོ་དང་། བསྐྱེད་

པའི་བཟོ་དང་། སྦྱོར་བའི་བཟོ་དང་། གཡོས་བྱས་པའི་བཟོ་དང་། རོལ་མོའི་བཟོའོ། །བྱང་ཆུབ་སེམས་དཔས་བཙལ་བར་བྱ་བ་དེ་དག་ཀྱང་མདོར་བསྡུ་ན་རིག་པའི་གནས་ལྔ་པོ་ནང་གི་རིག་པ་དང་། གསོ་བའི་རིག་པ་དང་། གཏན་ཚིགས་ཀྱི་རིག་པ་དང་། སྒྲའི་རིག་པ་དང་། བཟོ་དང་ལས་

ཀྱི་གནས་ཀྱི་རིག་པ་དག་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཐོས་པ་ཡོངས་སུ་ཚོལ་བས་ཐོས་པའི་དངོས་པོར་རིག་པའི་གནས་ལྔ་པོ་དེ་དག་བཙལ་ན་མཁས་པར་བྱ་བ་སྣ་ཚོགས་དག་བྱེ་བྲག་ཏུ་གཏོགས་པར་འགྱུར་བ་དེ་ནི་བྱེ་བྲག་ཏུ་རྟོགས་པ་བསྟན་ཏོ། །སྐྱབས་སུ་འགྲོ་བའི་དངོས་པོ་ཞེས་བྱ་བས་

ནི་ཁས་ལེན་པ་བསྟན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་གསུམ་ལ་སྐྱབས་སུ་འགྲོ་བར་ཁས་ལེན་པས་ནི་གནས་ལྔ་པོ་ལུས་ཀྱི་ལས་ཡོངས་སུ་དག་པ་དང་། ངག་གི་ལས་ཡོངས་སུ་དག་པ་དང་། ཡིད་ཀྱི་ལས་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ལ་སྙིང་རྗེ་ཆེ་བ་དང་། བླ་ན་མེད་

པ་དང་ལྡན་པ་ཉིད་ཀྱིས་སྐྱབས་ཀྱི་འོས་ཉེ་བར་བརྟགས་ནས་སྐྱབས་སུ་འགྲོ་བར་བྱ་སྟེ། དེ་ལ་སྐྱབས་སུ་འགྲོ་བར་བྱ་བ་ནི་དུ། རྒྱུ་གང་གིས་ན་དེ་དག་ཉིད་ལ་སྐྱབས་སུ་འགྲོ། ཇི་ཙམ་གྱིས་ན་སྐྱབས་སུ་སོང་བ་ཡིན། སྐྱབས་སུ་སོང་བས་ནི་ཇི་ལྟར་བསྒྲུབ་པར་བྱ་སྟེ། སྐྱབས་སུ་སོང་བའི་ཕན་ཡོན་ནི་

གང་ཞེ་ན། སྐྱབས་སུ་འགྲོ་བར་བྱ་བ་ནི་གསུམ་སྟེ། སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་གོ། །རྒྱུ་བཞིས་ན་དེ་དག་ཉིད་ལ་སྐྱབས་སུ་འགྲོ་བ་སྟེ། སངས་རྒྱས་དཀོན་མཆོག་ནི་ཤིན་ཏུ་དུལ་བའི་བདག་ཉིད་ཡིན་ལ་རྣམ་པ་ཐམས་ཅད་དུ་གདུལ་བྱ་

Vol. 206 · folio 36a

འདུལ་བའི་ཐབས་ལ་མཁས་པ་དང་། ཐུགས་རྗེ་ཆེ་བ་དང་། ཟང་ཟིང་གི་མཆོད་པ་ཐམས་ཅད་ཀྱིས་མཉེས་པར་བྱ་བ་མ་ཡིན་པ་དང་། བསྒྲུབ་པའི་མཆོད་པས་མཉེས་པར་བྱ་བ་ཡིན་པས་སོ། །དེ་ལྟ་བུས་བསྟན་པའི་ཆོས་དཀོན་མཆོག་དང་། དེའི་གསུང་ལས་

སྐྱེས་པའི་དགེ་འདུན་དཀོན་མཆོག་ཀྱང་རྣམ་པ་དེ་ལྟ་བུ་ཁོ་ནས་སྐྱབས་སུ་འོས་པ་ཡིན་ནོ། །རྒྱུ་བཞིས་ན་སྐྱབས་སུ་སོང་བ་ཡིན་ཏེ། ཡོན་ཏན་ཤེས་པ་དང་། ཁྱད་པར་ཤེས་པ་དང་། ཁས་བླངས་པ་དང་། སྐྱབས་གཞན་མི་སྨྲ་བས་སོ། །སྐྱབས་སུ་སོང་བའི་ཡང་དག་པའི་སྒྲུབ་པ་ནི་རྣམ་

པ་བཞི་སྟེ། སྐྱེས་བུ་དམ་པ་ལ་ལེགས་པར་བརྟེན་པ་དང་། དམ་པའི་ཆོས་མཉན་པ་དང་། ཚུལ་བཞིན་ཡིད་ལ་བྱ་བ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པའོ། །གཞན་ཡང་ཡང་དག་པའི་སྒྲུབ་པ་རྣམ་པ་བཞི་སྟེ། དབང་པོ་མི་རྒོད་པར་བྱ་བ་དང་། བསླབ་པའི་གཞི་ཡང་དག་པར་

བླང་བར་བྱ་བ་དང་། སེམས་ཅན་རྣམས་ལ་སྙིང་རྗེ་བར་བྱ་བ་དང་། དུས་དུས་སུ་དཀོན་མཆོག་མཆོད་པ་ལ་བརྩོན་པར་བྱའོ། །སྐྱབས་སུ་སོང་བའི་ཕན་ཡོན་ནི་བཞི་སྟེ། བསོད་ནམས་རྒྱ་ཆེན་པོ་ཐོབ་པ་དང་། དགའ་བ་དང་མཆོག་ཏུ་དགའ་བ་རྒྱ་ཆེན་པོ་ཐོབ་པ་དང་། ཏིང་ངེ་འཛིན་ཐོབ་པ་དང་། རྣམ་

པར་དག་པ་ཐོབ་པའོ། །གཞན་ཡང་ཕན་ཡོན་བཞི་སྟེ། བསྲུང་བ་ཆེན་པོ་དང་ལྡན་པ་དང་། ལོག་པར་མོས་པའི་སྒྲིབ་པ་ཐམས་ཅད་བསྲབས་པ་དང་ཡོངས་སུ་ཟད་པ་དང་ཡོངས་སུ་རྟོགས་པ་ཐོབ་པ་དང་། དམ་པ་ཡང་དག་པར་སོང་བ་སྐྱེས་བུ་དམ་པ་རྣམས་ཀྱི་ནང་དུ་བགྲང་བར་གྱུར་པ་དང་། སྟོན་པ་དང་ཚངས་པ་

མཚུངས་པར་སྤྱོད་པ་རྣམས་དང་བསྟན་པ་ལ་མངོན་པར་དད་པའི་ལྷ་རྣམས་ཀྱི་ཡིད་དུ་འོང་ཞིང་དགའ་བར་འགྱུར་བའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་གསུམ་ལ་སྐྱབས་སུ་འགྲོ་བ་ནི་སྐྱབས་སུ་གཞན་ཁས་མི་ལེན་པར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་ཁས་ལེན་པའི་ཕྱིར་དེས་ནི་ཁས་ལེན་པ་སྟོན་ཏོ། །བསླབ་

པའི་དངོས་པོ་ཞེས་བྱ་བས་ནི་སྒྲུབ་པ་བསྟན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་གང་ལ་སློབ་པ་དང་། ཇི་ལྟར་སློབ་པ་དང་། གང་དག་སློབ་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱ་སྟེ། དེ་ཉིད་བསླབ་པའི་དངོས་པོ་ཡང་ཡིན་སྒྲུབ་པའང་ཡིན་ནོ། །དེ་ལ་བྱང་ཆུབ་

Vol. 206 · folio 36b

སེམས་དཔའ་རྣམས་གང་ལ་སློབ་ཅེ་ན། གནས་བདུན་ལ་སློབ་སྟེ། བདག་གི་དོན་དང་། གཞན་གྱི་དོན་དང་། དེ་ཁོ་ནའི་དོན་དང་། མཐུ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། རང་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་

སློབ་པའོ། །དེ་ལ་བདག་གི་དོན་གང་ཞེ་ན། རྣམ་པ་བཅུ་སྟེ། འབའ་ཞིག་པ་དང་། གཞན་དང་འབྲེལ་བ་དང་། ཕན་པའི་རྒྱུ་དང་། བདེ་བའི་རྒྱུ་དང་། རྒྱུར་བསྡུས་པ་དང་། འབྲས་བུར་བསྡུས་པ་དང་། ཚེ་འདི་པ་དང་། ཚེ་རབས་གཞན་པ་དང་། གཏན་དུ་བ་དང་། གཏན་དུ་བ་མ་ཡིན་པའོ། །

གཞན་གྱི་དོན་གང་ཞེ་ན། དེ་ཡང་རྣམ་པ་བཅུ་སྟེ། བདག་གི་དོན་གྱི་གནས་སྐབས་སུ་བསྟན་པ་བཅུ་པོ་དེ་དག་ཉིད་གཞན་གྱི་དོན་དུ་སྦྱར་བ་ཡིན་ནོ། །དེ་ཁོ་ནའི་དོན་གང་ཞེ་ན། མདོར་བསྡུ་ན་རྣམ་པ་གཉིས་ཏེ། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ལས་བརྩམས་ཏེ། ཆོས་རྣམས་ཀྱི་ཡང་དག་པ་ཉིད་གང་ཡིན་

པ་དང་། ཇི་སྙེད་ཡོད་པ་ཉིད་ལས་བརྩམས་ཏེ། ཆོས་རྣམས་ཀྱི་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པ་སྟེ། དེ་ལྟར་ཡང་དག་པ་ཉིད་དང་ཐམས་ཅད་ཉིད་ནི་ཆོས་རྣམས་ཀྱི་དེ་ཁོ་ནའི་དོན་མཐའ་དག་ཡིན་པར་རིག་པར་བྱའོ། །དེ་ཡང་རབ་ཏུ་དབྱེ་ན་རྣམ་པ་བཞི་སྟེ། འཇིག་རྟེན་གྱི་གྲགས་པའི་དེ་ཁོ་ན་དང་།

རིགས་པས་གྲགས་པའི་དེ་ཁོ་ན་དང་། ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་དང་། ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པའི་སྤྱོད་ཡུལ་གྱི་དེ་ཁོ་ནའོ། །དེ་དག་ལས་དང་པོ་གཉིས་ནི་ཐ་མའོ། །གསུམ་པ་ནི་འབྲིང་། བཞི་པ་ནི་མཆོག་ཡིན་པར་རིག་པར་

བྱའོ། །མཐུ་གང་ཞེ་ན། རྣམ་པ་ལྔ་སྟེ། མངོན་པར་ཤེས་པའི་མཐུ་དང་། ཆོས་ཀྱི་མཐུ་དང་། ལྷན་ཅིག་སྐྱེས་པའི་མཐུ་དང་། ཐུན་མོང་གི་མཐུ་དང་། ཐུན་མོང་མ་ཡིན་པའི་མཐུའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་གང་ཞེ་ན། དེ་ཡང་རྣམ་པ་དྲུག་སྟེ། ངོ་བོ་ཉིད་དང་། ཡོངས་སུ་སྨིན་

པར་བྱ་བའི་གང་ཟག་དང་། ཡོངས་སུ་སྨིན་པའི་རྣམ་པར་དབྱེ་བ་དང་། ཡོངས་སུ་སྨིན་པར་བྱ་བའི་ཐབས་དང་། ཡོངས་སུ་སྨིན་པར་བྱ་བའི་གང་ཟག་དང་། ཡོངས་སུ་སྨིན་པར་བྱེད་པའི་གང་ཟག་གི་མཚན་ཉིད་དོ། །རང་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་པ་གང་ཞེ་ན། དེ་ཡང་རྣམ་པ་དྲུག་

Vol. 206 · folio 37a

སྟེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཐབས་སུ་བསྟན་པ་དྲུག་པོ་དེ་དག་ཉིད་རང་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བར་སྦྱར་བ་ཡིན་ནོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གང་ཞེ་ན། རྣམ་པ་ལྔ་སྟེ། ངོ་བོ་ཉིད་དང་། དམ་པར་གྱུར་པ་དང་། ཡོན་

ཏན་དང་། འབྱུང་བ་དང་། ཁྱད་པར་གྱིས་རིག་པར་བྱའོ། །དེ་ལས་ངོ་བོ་ཉིད་ནི་སྤངས་པ་ཕུན་སུམ་ཚོགས་པ་དང་། ཡེ་ཤེས་ཕུན་སུམ་ཚོགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། ཆེ་བ་ཉིད་ཐམས་ཅད་དང་ལྡན་པའོ། །དམ་པར་གྱུར་པ་ནི་དམ་པ་རྣམ་པ་བདུན་པོ་སྐུ་དམ་པ་དང་། སྒྲུབ་

པ་དམ་པ་དང་། ཕུན་སུམ་ཚོགས་པ་དམ་པ་དང་། ཡེ་ཤེས་དམ་པ་དང་། མཐུ་དམ་པ་དང་། སྤངས་པ་དམ་པ་དང་། གནས་པ་དམ་པ་དང་ལྡན་པའོ། །ཡོན་ཏན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་

པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱའོ། །འབྱུང་བ་ནི་འཇིག་རྟེན་གྱི་ཁམས་གཅིག་ཏུ་གཉིས་མི་འབྱུང་བ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དོན་མཛད་པ་དང་། འཇིག་རྟེན་ཐམས་ཅད་

ན་སངས་རྒྱས་འབྱུང་བ་སྲིད་པ་ལ་སོགས་པའོ། །ཁྱད་པར་ནི་སངས་རྒྱས་ཐམས་ཅད་ཁྱད་པར་བཞི་པོ་སྐུ་ཚེ་དང་། མཚན་དང་། གདུང་དང་། གཟུགས་ཀྱི་སྐུ་མ་གཏོགས་པར་ཐམས་ཅད་མཚུངས་པར་མཉམ་སྟེ། ཁྱད་པར་མེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཇི་ལྟར་སློབ་ཅེ་ན།

དེ་ཡང་རྣམ་པ་བདུན་ཏེ་མོས་པ་མང་བར་བྱ་བ་དང་། ཆོས་བཙལ་བར་བྱ་བ་དང་། ཆོས་བསྟན་པར་བྱ་བ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པར་བྱ་བ་དང་། ལེགས་པར་གདམས་ཤིང་རྗེས་སུ་བསྟན་པར་བྱ་བ་དང་། ལེགས་པར་གདམས་ཤིང་རྗེས་སུ་བསྟན་པ་ལ་གནས་པར་བྱ་བ་དང་།

ཐབས་ཀྱིས་ཡོངས་སུ་ཟིན་པའི་ལུས་དང་། ངག་དང་ཡིད་ཀྱི་ལས་ཅན་དུ་བྱའོ། །དེ་ལ་ཇི་ལྟར་མོས་པ་མང་བར་བྱ་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པའི་གནས་བརྒྱད་པོ་མཆོག་གི་གནས་དང་། རྒྱ་ཆེ་བའི་གནས་དང་། ཟབ་པའི་གནས་དང་། རྒྱུ་རིགས་པའི་གནས་དང་། འབྲས་བུ་

Vol. 206 · folio 37b

རིགས་པའི་གནས་དང་། རྟོགས་པར་བྱ་བའི་གནས་དང་། བསྒྲུབ་པར་བྱ་བའི་གནས་དང་། བཤད་པར་བྱ་བའི་གནས་དང་། དཀོན་མཆོག་གསུམ་གྱི་ཡོན་ཏན་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཐུ་དང་། དེ་ཁོ་ནའི་དོན་དང་། ལམ་ལ་གནས་པ་དང་། འབྲས་བུ་ཐོབ་པ་དང་། བླ་ན་མེད་

པའི་བྱང་ཆུབ་དང་བྱང་ཆུབ་སེམས་དཔའི་བསླབ་པ་དང་། ལེགས་པར་གསུངས་པའི་ཆོས་མདོའི་སྡེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པའི་ཁམས་སངས་རྒྱས་ཀྱི་ཆོས་རྣམས་ལ་ཐོབ་པར་ནུས་པར་ཡིད་ཆེས་པས་རབ་ཏུ་ཕྱེ་བས་མོས་པ་མང་བར་བྱའོ། །ཇི་ལྟར་ཆོས་བཙལ་བར་བྱ་ཞེ་ན། བྱང་ཆུབ་

སེམས་དཔའ་ཚོལ་བས་ཅི་ཞིག་ཚོལ། ཇི་ལྟར་ཚོལ། ཅིའི་ཕྱིར་ཚོལ་ཞེ་ན། མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་། ཉན་ཐོས་ཀྱི་སྡེ་སྣོད་དང་། ཕྱི་རོལ་གྱི་བསྟན་བཅོས་དང་། འཇིག་རྟེན་པའི་བཟོ་དང་། ལས་ཀྱི་གནས་ཤེས་པས་བསྡུས་པ་རིག་པའི་གནས་ལྔ་པོ་

ནང་གི་རིག་པ་དང་། གསོ་བའི་རིག་པ་དང་། གཏན་ཚིགས་ཀྱི་རིག་པ་དང་། སྒྲའི་རིག་པ་དང་། བཟོ་དང་ལས་ཀྱི་གནས་ཀྱི་རིག་པ་དག་ཚོལ་ལོ། །ཇི་ལྟར་ཚོལ་ཞེ་ན། མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་ནི་རྣམ་པ་གསུམ་གྱིས་ཆོས་ཚོལ་ཏེ། གུས་པ་ཆེན་པོ་ཉེ་བར་གཞོག་པ་དང་། འགྲོ་བ་ཕུན་སུམ་

ཚོགས་པ་དང་། ཉན་པ་ཕུན་སུམ་ཚོགས་པས་སོ། །ཅིའི་ཕྱིར་ཚོལ་ཞེ་ན། མདོར་བསྡུ་ན་བྱང་ཆུབ་སེམས་དཔའི་རིག་པའི་གནས་ལྔ་པོ་དེ་དག་ཚོལ་བ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཚོལ་ལོ། །ཇི་ལྟར་ཆོས་བསྟན་པར་བྱ་ཞེ་ན། བྱང་ཆུབ་

སེམས་དཔས་ཆོས་སྟོན་པ་ཅི་ཞིག་སྟོན། ཇི་ལྟར་སྟོན། ཅིའི་ཕྱིར་སྟོན་ཞེ་ན། གང་བཙལ་བ་དེ་ཉིད་སྟོན་ཏོ། །གང་གི་ཕྱིར་བཙལ་བ་དེ་ཉིད་ཀྱི་ཕྱིར་སྟོན་ཏོ། །ཇི་ལྟར་སྟོན་ཞེ་ན། རྣམ་པ་གཉིས་ཀྱིས་སྟོན་ཏེ། མཐུན་པའི་གཏམ་བརྗོད་པ་དང་། ཡོངས་སུ་དག་པས་སྟོན་ཏོ། །ཇི་ལྟར་ཆོས་ཀྱི་

རྗེས་སུ་མཐུན་པའི་ཆོས་བསྒྲུབ་པར་བྱ་ཞེ་ན། མདོར་བསྡུ་ན་རྣམ་པ་ལྔར་རིག་པར་བྱ་སྟེ། ཇི་ལྟར་བཙལ་བ་དང་ཇི་ལྟར་གཟུང་བའི་ཆོས་དེ་དག་ཉིད་ལུས་དང་ངག་དང་ཡིད་ཀྱི་རྗེས་སུ་སྒྲུབ་པ་དང་། ལེགས་པར་སེམས་པ་དང་། ལེགས་པར་བསྒོམ་པ་དང་། བཅོམ་ལྡན་འདས་ཀྱིས་ཆོས་གང་

Vol. 206 · folio 38a

དག་ལུས་དང་ངག་དང་ཡིད་ཀྱིས་བྱེད་དུ་མ་གནང་བ་དེ་དག་ཡོངས་སུ་སྤང་བ་དང་། གང་དག་ལུས་དང་ངག་དང་ཡིད་ཀྱིས་བྱེད་དུ་གནང་བ་དེ་དག་ལ་སོ་སོར་བརྟེན་པར་བྱེད་པ་ཡིན་ནོ། །ཇི་ལྟར་ལེགས་པར་གདམས་ཤིང་རྗེས་སུ་བསྟན་པར་བྱ་ཞེ་ན། གདམས་ངག་ནི་མདོར་

བསྡུ་ན་རྣམ་པ་བརྒྱད་དུ་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པ་ནི་གང་ལ་འདམས་པར་མཛད་པ་དེ་ལ་དང་པོར་སེམས་བཙལ་ཏེ་མཁྱེན་ཏོ། །སེམས་བཙལ་ནས་དབང་པོ་བཙལ་ཏེ་མཁྱེན་ཏོ། །དབང་པོ་བཙལ་ནས་བསམ་པ་བཙལ་ཏེ་མཁྱེན་ཏོ། །བསམ་པ་བཙལ་

ནས་བག་ལ་ཉལ་བཙལ་ཏེ་མཁྱེན་ཏོ། །བག་ལ་ཉལ་བཙལ་ནས་ཅི་རིགས་པར་འཇུག་པའི་སྒོ་སྤྱོད་པ་རྣམ་པར་སྦྱོང་བའི་དམིགས་པ་ལ་འཛུད་པར་མཛད་དོ། །ཅི་རིགས་པར་འཇུག་པའི་སྒོར་བཙུད་ནས་ལེགས་པར་མ་ཟིན་པ་རྟག་པར་ལྟ་བའི་གཉེན་པོར་དབུ་མའི་ལམ་སྟོན་པར་མཛད་དོ། །

དེ་ནས་ལེགས་པར་མ་ཟིན་པ་ཁྱད་པར་ལྟ་བའི་མཐའི་གཉེན་པོར་དབུ་མའི་ལམ་སྟོན་པར་མཛད་དོ། །དེ་ནས་མ་བྱས་པ་དང་། མ་ཐོབ་པ་དང་། མ་རེག་པ་དང་། མངོན་སུམ་དུ་མ་ཁྱབ་པ་ལ་མངོན་སུམ་དུ་བྱའོ་སྙམ་པའི་མངོན་པའི་ང་རྒྱལ་འདོར་དུ་འཇུག་པར་མཛད་པའོ། །གདམས་

ངག་རྣམ་པ་བརྒྱད་པོ་དེ་དག་ཀྱང་མདོར་བསྡུ་ན་གནས་གསུམ་གྱིས་བསྡུ་བར་རིག་པར་བྱ་སྟེ། སེམས་མི་གནས་པ་གནས་པར་བྱ་བའི་ཕྱིར་ཐོག་མར་དམིགས་པ་ལ་ལེགས་པར་གཏོང་བའི་གནས་དང་། སེམས་གནས་པ་ལ་རང་གི་དོན་ཐོབ་པར་བྱ་བའི་ཕྱིར་ཐབས་ཀྱི་ལམ་ཡང་དག་པར་

བསྟན་པའི་གནས་དང་། རང་གི་དོན་ཐོབ་པ་མཐར་ཕྱིན་པ་བར་མ་དོའི་གནས་འདོར་དུ་འཇུག་པའི་གནས་ཀྱིས་ཏེ། དེ་ལ་གདམས་ངག་དང་པོ་ལྔ་ནི་གནས་དང་པོར་བསྡུས་སོ། །བར་མ་གཉིས་ནི་གནས་གཉིས་པར་བསྡུས་སོ། །ཐ་མ་ནི་གནས་ཐ་མར་བསྡུས་པར་རིག་པར་བྱའོ། །རྗེས་སུ་

བསྟན་པ་གང་ཞེ་ན། དེ་ནི་རྣམ་པ་ལྔར་རིག་པར་བྱ་སྟེ། ཁ་ན་མ་ཐོ་བ་དང་བཅས་པ་ཀུན་དུ་སྤྱོད་པ་དགག་པ་དང་། ཁ་ན་མ་ཐོ་བ་མེད་པ་ཀུན་དུ་སྤྱོད་པ་གནང་བ་དང་། དགག་པ་དང་གནང་བའི་ཆོས་རྣམས་ལ་འཁྲུལ་པར་ཀུན་དུ་སྤྱོད་པ་བསྐུལ་བ་དང་། ཡང་དང་ཡང་དུ་གུས་པར་གྱུར་ཏེ་

Vol. 206 · folio 38b

འཁྲུལ་པ་ལ་རྙོག་པ་མེད་པ་དང་། མི་མཐུན་པ་མེད་པ་དང་། སྣུམ་པའི་བསམ་པ་སྨ་དབབ་པས་བརྟན་པར་བྱེད་དུ་གཞུག་པ་དང་ཡང་དག་པར་ཞུགས་པ་ལ་དགག་པ་དང་། གནང་བའི་ཆོས་རྣམས་ཀྱི་ཡོན་ཏན་ཡང་དག་པ་དང་དགག་པ་བསྙད་པས་ཡང་དག་པར་དགའ་བར་བྱའོ། །རྗེས་སུ་བསྟན་

པ་ལྔ་པོ་དེ་དག་ཀྱང་མདོར་བསྡུ་ན་དགག་པ་དང་། གནང་བ་དང་། བསྐུལ་བ་དང་། སྨ་དབབ་པ་དང་། ཡང་དག་པར་དགའ་བར་བྱ་བ་ཡིན་ནོ། །ཇི་ལྟར་ལེགས་པར་གདམས་ཤིང་རྗེས་སུ་བསྟན་པ་ལ་གནས་པར་བྱ་ཞེ་ན། གདམས་ངག་རྣམ་པ་བརྒྱད་དང་རྗེས་སུ་བསྟན་པ་རྣམ་པ་ལྔ་པོ་ཇི་སྐད་

བསྟན་པས་གཞན་ལ་གདམས་ཤིང་རྗེས་སུ་བསྟན་པར་བྱ་བ་དེ་དག་ཉིད་ཀྱང་ལེགས་པར་གནས་པར་བྱའོ། །ཇི་ལྟར་ཐབས་ཀྱིས་ཡོངས་སུ་ཟིན་པའི་ལུས་དང་ངག་དང་ཡིད་ཀྱི་ལས་ཅན་བྱ་ཞེ་ན། བསྡུ་བའི་དངོས་པོ་བཞིའི་ཐབས་ཀྱིས་ཡོངས་སུ་ཟིན་པའི་ལུས་དང་ངག་དང་ཡིད་ཀྱིས་ཕ་རོལ་

ཏུ་ཕྱིན་པ་དྲུག་དང་། བསྡུ་བའི་དངོས་པོ་བཞི་དང་། དཀོན་མཆོག་མཆོད་པ་དང་། དགེ་བའི་བཤེས་གཉེན་བསྟེན་པ་དང་། ཚད་མེད་པ་བསྒོམ་པ་དང་། བྱང་ཆུབ་ཀྱི་ཕྱོགས་བསྒོམ་པ་དང་། བྱང་ཆུབ་སེམས་དཔས་ཐམས་ཅད་སློབ་པའི་ལས་ཅན་དུ་བྱའོ། །དེ་ལ་གང་དག་སློབ་ཅེ་ན། མདོར་

བསྡུ་ན་བྱང་ཆུབ་སེམས་དཔས་རྣམ་པ་བཅུ་པོ་དག་སློབ་པར་བྱེད་དེ། རིགས་ལ་གནས་པ་དང་། ཞུགས་པ་དང་། བསམ་པ་མ་དག་པ་དང་། བསམ་པ་དག་པ་དང་། ཡོངས་སུ་མ་སྨིན་པ་དང་། ཡོངས་སུ་སྨིན་པ་དང་། ངེས་པར་ཞུགས་པ་མ་ཡིན་པ་དང་། ངེས་པར་ཞུགས་པ་དང་། སྐྱེ་

བ་གཅིག་གིས་ཐོགས་པ་དང་། སྲིད་པ་ཐ་མའོ། །དེ་ལ་རིགས་ལ་གནས་པ་ནི་བྱང་ཆུབ་སེམས་དཔའི་རིགས་ཡང་དག་པར་སྒྲུབ་པ་ལ་གནས་ལ་སེམས་མ་བསྐྱེད་པའོ། །ཞུགས་པའི་རིགས་ལ་གནས་པ་དེ་ཉིད་སློབ་སློབ་པ་ན་སེམས་སྐྱེད་པར་བྱེད་པའོ། །བསམ་པ་མ་དག་པ་ནི་ཞུགས་པ་དེ་

ཉིད་ཇི་སྲིད་དུ་བསམ་པ་དག་པའི་ས་ལ་མ་ཞུགས་པའོ། །བསམ་པ་དག་པ་ནི་དེ་ཉིད་བསམ་པ་དག་པའི་ས་ལ་ཞུགས་པའོ། །ཡོངས་སུ་མ་སྨིན་པ་ནི་བསམ་པ་དག་པ་དེ་ཉིད་ཇི་སྲིད་དུ་མཐར་ཐུག་པར་འགྲོ་བའི་ས་ལ་མ་ཞུགས་པའོ། །ཡོངས་སུ་སྨིན་པ་ནི་དེ་ཉིད་མཐར་ཐུག་པར་འགྲོ་བའི་ས་

Vol. 206 · folio 39a

ལ་ཞུགས་པའོ། །ཡོངས་སུ་སྨིན་པ་ངེས་པར་ཞུགས་པ་མ་ཡིན་པ་ནི་ཡོངས་སུ་སྨིན་པ་དེ་ཉིད་ཇི་སྲིད་དུ་ངེས་པ་དང་། སྤྱོད་པ་ངེས་པའི་ས་ལ་མ་ཞུགས་པའོ། །ངེས་པར་ཞུགས་པ་ནི་དེ་ཉིད་ངེས་པ་དང་སྤྱོད་པ་ངེས་པའི་ས་ལ་ཞུགས་པའོ། །སྐྱེ་བ་གཅིག་གིས་ཐོགས་པ་ནི་

ཚེ་ཕྱི་མ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའོ། །སྲིད་པ་ཐ་མ་པའི་ཚེ་འདི་ཉིད་ལ་གནས་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་གང་ཡིན་པའོ། །དེ་ལྟར་གང་ལ་སློབ་

པ་དང་། ཇི་ལྟར་སློབ་པ་དང་། གང་དག་སློབ་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱ་སྟེ། དེ་ཉིད་ལ་བསླབ་པའི་དངོས་པོ་ཡིན་པའི་ཕྱིར་དེས་ནི་སྒྲུབ་པ་བསྟན་ཏོ། །བྱང་ཆུབ་ཀྱི་དངོས་པོ་ཞེས་བྱ་བས་ནི་མཐར་ཐུག་པ་བསྟན་ནོ། །བླ་ན་མེད་པ་ཡང་དག་

པར་རྫོགས་པའི་བྱང་ཆུབ་ཀྱི་དངོས་པོ་ནི་རྣམ་པ་ལྔས་རིག་པར་བྱ་སྟེ། ངོ་བོ་ཉིད་དང་། མཐུ་དང་། ཐབས་དང་། འཇུག་པ་དང་། ལྡོག་པས་སོ། །དེ་དག་གི་རྣམ་པར་དབྱེ་བ་ནི་སྔར་འབྲས་བུ་ཕུན་སུམ་ཚོགས་པའི་སྐབས་སུ་བཤད་ཟིན་ཏེ། དེ་ནི་གནས་གྱུར་པ་ཡང་དག་པར་གྲུབ་པ་ཆོས་ཀྱི་

སྐུའི་མཚན་ཉིད་ཡིན་པའི་ཕྱིར་དེ་ནི་མཐར་ཐུག་པ་བསྟན་ཏོ། །དེ་ལ་ཅིའི་ཕྱིར་ཐོས་པ་དང་སྐྱབས་སུ་འགྲོ་བ་དང་བསླབ་པ་དང་བྱང་ཆུབ་ཀྱི་དངོས་པོ་དེ་བཞི་ཚོམས་གཅིག་ཏུ་མཛད་ཅེ་ན། དེ་ཙམ་གྱིས་ཐམས་ཅད་བསྡུས་པའི་ཕྱིར་ཏེ། ཐོས་པས་བྱེ་བྲག་ཏུ་རྟོགས་པ་དང་། སྐྱབས་སུ་འགྲོ་བ་ཁས་

བླངས་པ་དང་། བསླབ་པས་བསླབས་པ་དང་། བྱང་ཆུབ་ཀྱི་མཐར་ཐུག་པར་བསྟན་པའི་རིམ་པ་དེས་ཆོས་འདི་པའི་དངོས་པོ་སེམས་བསྐྱེད་པ་ནས་ཐ་མར་འབྲས་བུ་མཆོག་ཐོབ་པའི་བར་ཐམས་ཅད་བསྡུས་པའི་ཕྱིར་རོ། །དེའི་འོག་ཏུ་དངོས་པོ་དགུ་གང་ཞེ་ན་ཞེས་བྱ་བ་ལ། སེམས་ཅན་དུ་

གདགས་པའི་དངོས་པོ་ཞེས་བྱ་བས་ནི་ཕུང་པོ་རྣམས་བསྟན་ཏེ། དེ་ལ་ཕུང་པོ་ནི་ལྔ་སྟེ། གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོའོ། །དེ་དག་གི་རྣམ་པར་གཞག་པ་ནི་རྣམ་པ་དྲུག་གིས་བསྟན་ཏེ། ངོ་

Vol. 206 · folio 39b

བོ་ཉིད་དང་། དོན་དང་། རབ་ཏུ་དབྱེ་བ་དང་། གོ་རིམས་དང་། བསྡུ་བ་དང་། རྟེན་གྱིས་སོ། །དེ་ལ་ཕུང་པོ་རྣམས་ཀྱི་ངོ་བོ་ཉིད་ནི་རྣམ་པར་གཞག་པ་གང་ཞེ་ན། གཟུགས་ཀྱི་ཕུང་པོའི་ངོ་བོ་ཉིད་རྣམ་པར་གཞག་པ་ནི་རྣམ་པ་བཅུ་གཅིག་སྟེ། མིག་ལ་སོགས་པ་རེག་བྱའི་མཐར་ཐུག་པའི་

བར་གྱི་སྐྱེ་མཆེད་བཅུ་དང་། ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པའི་གཟུགས་སོ། །དེ་ཡང་མདོར་བསྡུ་ན་འབྱུང་བ་ཆེན་པོ་བཞི་དང་། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་སྟེ། ཐམས་ཅད་ཀྱང་གཟུགས་སུ་རུང་བའི་མཚན་ཉིད་ཡིན་ནོ། །ཚོར་བའི་ཕུང་པོའི་ངོ་བོ་ཉིད་རྣམ་པར་གཞག་པ་གང་ཞེ་

ན། དེ་ནི་རྣམ་པ་དྲུག་སྟེ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའོ། །དེ་ཡང་མདོར་བསྡུ་ན་མྱོང་བ་རྣམ་པ་གསུམ་སྟེ། བདེ་བ་དང་། སྡུག་བསྔལ་བ་དང་། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའོ། །དེ་ཡང་རྣམ་པ་གཉིས་

ཏེ། ལུས་ཀྱི་དང་། སེམས་ཀྱི་སྟེ། གཟུགས་ཅན་ལ་བརྟེན་པ་ནི་ལུས་ཀྱིའོ། །གཟུགས་ཅན་མ་ཡིན་པ་ལ་བརྟེན་པ་ནི་སེམས་ཀྱི་སྟེ་ཐམས་ཅད་དང་མྱོང་བའི་མཚན་ཉིད་ཡིན་ནོ། །འདུ་ཤེས་ཀྱི་ཕུང་པོའི་ངོ་བོ་ཉིད་རྣམ་པར་གཞག་པ་གང་ཞེ་ན། དེ་ཡང་རྣམ་པ་དྲུག་སྟེ། མིག་དང་། རྣ་བ་དང་།

སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་སོ། །དེ་དག་ཀྱང་རྣམ་པ་དྲུག་སྟེ། ཆུང་ངུ་དང་། ཆེན་པོར་གྱུར་པ་དང་། ཚད་མེད་པ་དང་། ཅི་ཡང་མེད་པ་དང་། མཚན་མ་དང་བཅས་པ་དང་། མཚན་མ་མེད་པའོ། །དེ་ལ་ཆུང་ངུ་ནི་འདོད་པ་ན་སྤྱོད་པའིའོ། །

ཆེན་པོར་གྱུར་པ་ནི་གཟུགས་ན་སྤྱོད་པའིའོ། །ཚད་མེད་པ་ནི་གཟུགས་མེད་པ་ནམ་མཁའ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ན་སྤྱོད་པའིའོ། །ཅི་ཡང་མེད་པའི་སྐྱེ་མཆེད་ན་སྤྱོད་པའི་སྟེ། དེ་དག་ཐམས་ཅད་ནི་མཚན་མ་དང་བཅས་པ་ཡིན་ནོ། །མཚན་མ་མེད་པ་ནི་སྲིད་པའི་རྩེ་མོ་དང་

འཇིག་རྟེན་ལས་འདས་པ་སློབ་པ་དང་། མི་སློབ་པའིའོ། །དེ་དག་ཀྱང་མདོར་བསྡུ་ན་རྣམ་པ་གཉིས་ཏེ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་སྟེ། ཐམས་ཅད་ཀྱང་ཀུན་ཤེས་པར་བྱེད་པའི་མཚན་ཉིད་ཡིན་ནོ། །འདུ་བྱེད་ཀྱི་ཕུང་པོའི་མཚན་ཉིད་རྣམ་པར་གཞག་པ་གང་ཞེ་

Vol. 206 · folio 40a

ན། དེ་ཡང་རྣམ་པ་དྲུག་སྟེ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་སེམས་པའོ། །དེ་ཡང་ཡུལ་དང་མཐུན་པར་བྱེད་པ་དང་། དེ་དང་ཕྲད་པར་བྱེད་པའི་མཚན་ཉིད་ཡིན་ནོ། །རྣམ་པར་ཤེས་པའི་ཕུང་

པོའི་ངོ་བོ་ཉིད་རྣམ་པར་གཞག་པ་གང་ཞེ་ན། དེ་ནི་རྣམ་པ་བརྒྱད་དེ། ཀུན་གཞི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་། འཇུག་པའི་རྣམ་པར་ཤེས་པ་དྲུག་གོ། །དེ་ཡང་མདོར་བསྡུ་ན་དབྱེ་བ་རྣམ་པ་གསུམ་སྟེ། མྱོང་བའི་དབྱེ་བ་དང་། དམིགས་པ་ལ་མཚན་མར་འཛིན་པའི་

དབྱེ་བ་དང་། གནས་སྐབས་ཀྱི་དབྱེ་བའོ། །དེ་ལ་མྱོང་བའི་དབྱེ་བ་ནི་རྣམ་པ་གསུམ་སྟེ། བདེ་བ་དང་། སྡུག་བསྔལ་བ་དང་། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའོ། །དམིགས་པའི་མཚན་མར་འཛིན་པའི་དབྱེ་བ་ནི་རྣམ་པ་དྲུག་སྟེ། ཆུང་ངུ་དང་། ཆེན་པོར་གྱུར་པ་དང་།

ཚད་མེད་པ་དང་། ཅི་ཡང་མེད་པ་དང་། མཚན་མ་དང་བཅས་པ་དང་། མཚན་མ་མེད་པའོ། །གནས་སྐབས་ཀྱི་དབྱེ་བ་ཡང་རྣམ་པ་གསུམ་སྟེ། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པའོ། །དབྱེ་བ་དེ་དག་གཅིག་ཏུ་བསྡུས་ན་རྣམ་པ་བཅོ་བརྒྱད་དུ་འགྱུར་ཏེ། ཐམས་ཅད་

ཀྱང་དམིགས་པ་རྣམ་པར་རིག་པའི་མཚན་ཉིད་ཡིན་ཏེ། དེ་ནི་ཕུང་པོ་རྣམས་ཀྱི་ངོ་བོ་ཉིད་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་ཕུང་པོ་རྣམས་ཀྱི་དོན་རྣམ་པར་གཞག་པ་གང་ཞེ་ན། རྣམ་པ་གཉིས་ཏེ། ངེས་པའི་ཚིག་དང་། དགོས་པའོ། །དེ་ལ་ངེས་པའི་ཚིག་ནི། ཅིའི་ཕྱིར་ཕུང་

པོ་ཞེས་བྱ་ཞེ་ན། ཕུང་པོའི་དོན་བསྟན་པ་སྟེ། དེ་ཡང་དུས་དང་། རྒྱུ་དང་། རྣམ་པར་གྲོལ་བ་དང་། ཡུལ་ཐ་དད་པའི་གཟུགས་ལ་སོགས་པ་མདོར་བསྡུས་པ་ཉིད་ཀྱི་ཕྱིར་བསྡུ་བ་དང་། བསྡུས་པའི་དོན་ནི་ཕུང་པོའི་དོན་ཏོ། །དེ་ལ་གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། འདས་པ་དང་།

མ་འོངས་པ་དང་། ད་ལྟར་བྱུང་བ་དང་། ནང་གི་དང་། ཕྱི་རོལ་གྱི་དང་། རགས་པ་དང་། ཆ་ཕྲ་བ་དང་། ངན་པ་དང་། བཟང་པོ་དང་། ཐག་ཉེ་བ་དང་། ཐག་རིང་བ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་བར་ཡང་དེ་བཞིན་ཏེ། དེ་ལ་འདས་པ་དང་།

Vol. 206 · folio 40b

མ་འོངས་པ་དང་། ད་ལྟར་བྱུང་བ་དང་ཞེས་བྱ་བས་ནི་དུས་ཐ་དད་པ་བསྟན་ཏོ། །ནང་གི་དང་ཕྱི་རོལ་གྱི་ཞེས་བྱ་བས་ནི་རྒྱུད་ཐ་དད་པ་བསྟན་ཏོ། །རགས་པ་དང་ཕྲ་བ་ཞེས་བྱ་བས་ནི་རྣམ་པ་ཐ་དད་པ་བསྟན་ཏོ། །ངན་པ་དང་བཟང་པོ་ཞེས་བྱ་བས་ནི། འགྲོ་བ་ཐ་དད་པ་བསྟན་ཏོ། །ཐག་ཉེ་བ་དང་།

ཐག་རིང་བ་ཞེས་བྱ་བས་ནི་ཡུལ་ཐ་དད་པ་བསྟན་ཏེ། དེ་དག་གཅིག་ཏུ་བསྡུས་པས་ནི་རྣམ་པ་ཐམས་ཅད་བསྡུས་པ་ཡིན་པའི་ཕྱིར་བསྡུས་པའམ། སྤུངས་པའི་དོན་ནི་ཕུང་པོའི་དོན་ཏོ། །དགོས་པ་ཅིའི་ཕྱིར་ན་ཕུང་པོ་རྣམ་པར་གཞག་པ་ཡོངས་སུ་བསྟན་ཅེ་ན། ཕུང་པོ་རྣམ་པར་གཞག་པའི་

དགོས་པ་བསྟན་པ་སྟེ། ཕུང་པོ་དེ་དག་ནི་བདག་ཉིད་སྣ་ཚོགས་མང་པོ་ཡིན་པའི་ཕྱིར་འདུ་བྱེད་ཙམ་སྟེ། དེ་ལས་དོན་གཞན་པའི་བདག་མེད་པར་ཡོངས་སུ་བསྟན་པའི་ཕྱིར་ཕུང་པོ་རྣམ་པར་གཞག་པར་རིག་པར་བྱ་སྟེ། དེ་ནི་ཕུང་པོ་རྣམས་ཀྱི་དོན་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་ཕུང་པོ་

རྣམས་ཀྱི་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་གང་ཞེ་ན། གཟུགས་ཀྱི་ཕུང་པོའི་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་ནི་རྣམ་པ་དྲུག་སྟེ། དངོས་པོ་དང་། མཚན་ཉིད་དང་། རྣམ་པར་ཤེས་པ་གནས་པ་དང་། མི་གནས་པ་དང་། རྣམ་པར་ཤེས་པ་དབེན་པ་དང་། མི་དབེན་པ་དང་། འདུ་ཤེས་ཀྱི་

སྤྱོད་ཡུལ་དང་མཐའོ། །དེ་ལ་དངོས་པོའི་རབ་ཏུ་དབྱེ་བ་ནི་གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དག་དང་། འབྱུང་བ་ཆེན་པོ་བཞི་རྒྱུར་བྱས་པའོ། །མཚན་ཉིད་ཀྱི་རབ་ཏུ་དབྱེ་བ་ནི་རང་དང་སྤྱིའི་མཚན་ཉིད་དེ། གཟུགས་ཀྱི་རང་གི་མཚན་ཉིད་ནི་མདོར་བསྡུ་

ན་དང་བ་དང་དང་བའི་དང་བ་དང་། ཡིད་ཀྱིས་བཟུང་བའི་གཟུགས་སོ། །སྤྱིའི་མཚན་ཉིད་ནི་གཟུགས་སུ་རུང་བའི་མཚན་ཉིད་དོ། །རྣམ་པར་ཤེས་པ་གནས་པ་དང་། མི་གནས་པའི་རབ་ཏུ་དབྱེ་བ་ནི་མི་ཟད་པའི་གཟུགས་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་གནས་པ་ཞེས་བྱ་སྟེ། དེ་ཡང་རྣམ་

པར་ཤེས་པ་དང་འདྲེས་པ་གྲུབ་པ་དང་བདེ་བ་གཅིག་པའི་དོན་གྱིས་འཇུག་པ་གང་ཡིན་པ་དང་། ཚོར་བ་རྣམས་སྐྱེ་བའི་རྐྱེན་དུ་གྱུར་པ་གང་ཡིན་པའོ། །དེ་ལས་བཟློག་པ་གང་ཡིན་པ་དེ་ནི་མ་ཟིན་པ་སྟེ། རྣམ་པར་ཤེས་པ་མི་གནས་པ་ཡིན་པར་རིག་པར་བྱའོ། །རྣམ་པར་ཤེས་པ་ལས་དབེན་

Vol. 206 · folio 41a

པ་དང་། མི་དབེན་པའི་རབ་ཏུ་དབྱེ་བ་ནི་རྣམ་པར་ཤེས་པ་ལས་མི་དབེན་པའི་གཟུགས་གང་ཡིན་པ་དེ་ནི་མཚུངས་པ་ཞེས་བྱ་སྟེ། རྣམ་པར་ཤེས་པ་དང་མཚུངས་པར་དོན་ལ་འཇུག་པ་ཉིད་ཀྱི་ཕྱིར་རོ། །རྣམ་པར་ཤེས་པ་ལས་དབེན་པའི་གཟུགས་གང་ཡིན་པ་དེ་ནི་

དེ་དག་དང་མཚུངས་པ་ཞེས་བྱ་སྟེ། རང་གི་རྒྱུད་དང་མཚུངས་པར་རྗེས་སུ་འཇུག་པ་ཉིད་ཀྱི་ཕྱིར་རོ། །འདུ་ཤེས་ཀྱི་སྤྱོད་ཡུལ་གྱི་རབ་ཏུ་དབྱེ་བ་ནི་འདུ་ཤེས་གསུམ་པོ་འདི་དག་ནི་གཟུགས་ལ་དམིགས་པ་ཡིན་ཏེ། གཟུགས་ཀྱི་འདུ་ཤེས་དང་། ཐོགས་པའི་འདུ་ཤེས་དང་། སྣ་ཚོགས་ཀྱི་འདུ་

ཤེས་སོ། །གཟུགས་ཀྱང་མཚན་ཉིད་གསུམ་སྟེ། སྣང་བ་དང་བཅས་པའི་མཚན་ཉིད་དང་། ཡུལ་གནས་པའི་མཚན་ཉིད་དང་། རྒྱས་པའི་མཚན་ཉིད་དང་། དེ་དག་ཀྱང་གོ་རིམས་བཞིན་དུ་འདུ་ཤེས་གསུམ་པོ་དག་གི་སྤྱོད་ཡུལ་དུ་གྱུར་པ་ཡིན་པར་བལྟ་བར་བྱའོ། །དེ་ལ་སྔོན་པོ་

ལ་སོགས་པའི་ཁ་དོག་འཛིན་པར་བྱེད་པ་ནི་གཟུགས་ཀྱི་འདུ་ཤེས་སོ། །འགྲོ་བ་ཐོགས་པ་འཛིན་པར་བྱེད་པ་ནི་ཐོགས་པའི་འདུ་ཤེས་སོ། །སྐྱེས་པ་དང་བུད་མེད་དང་ཁང་ཁྱིམ་དང་ཞིང་ལ་སོགས་པར་ཉེ་བར་འདོགས་པ་འཛིན་པར་བྱེད་པ་ནི་སྣ་ཚོགས་ཀྱི་འདུ་ཤེས་སོ། །མཐའི་རབ་ཏུ་དབྱེ་བ་

ནི་མདོར་བསྡུ་ན་གཟུགས་ཀྱི་མཐའ་རྣམ་པ་གཉིས་ཏེ། ཁམས་འོག་མ་དང་བར་མ་བར་མར་གཏོགས་པ་སྟེ། འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའོ། །དེ་ལ་ཚོར་བའི་ཕུང་པོའི་རབ་ཏུ་དབྱེ་བ་གང་ཞེ་ན། དེ་ནི་རྣམ་པ་ལྔ་སྟེ། དངོས་པོ་དང་། མཚན་ཉིད་དང་། རབ་ཏུ་སྐྱེ་བ་དང་། ཉེ་བར་

བརྟགས་པ་དང་། ངེས་པར་འབྱུང་བའོ། །དེ་ལ་དངོས་པོའི་རབ་ཏུ་དབྱེ་བ་ནི་མྱོང་བ་ཉིད་དང་། མྱོང་བའི་གནས་དང་། མཐུན་པའི་ཆོས་རྣམས་སོ། །མཚན་ཉིད་ཀྱི་རབ་ཏུ་དབྱེ་བ་ནི་རང་དང་སྤྱིའི་མཚན་ཉིད་དེ། རང་གི་མཚན་ཉིད་དེ་རང་གི་མཚན་ཉིད་བདེ་བ་དང་། སྡུག་བསྔལ་བ་དང་། སྡུག་

བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བའོ། །སྤྱིའི་མཚན་ཉིད་ནི། བདེ་བའི་ཚོར་བ་ནི་མཚན་ཉིད་བརྒྱུད་པའི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བ་དང་། སྡུག་བསྔལ་གྱི་ཚོར་བ་ནི་སྡུག་བསྔལ་གྱི་སྡུག་བསྔལ་གྱིས་སྡུག་བསྔལ་བ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་

Vol. 206 · folio 41b

ཡང་མ་ཡིན་པའི་ཚོར་བ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བའི་དབང་དུ་མཛད་ནས། གང་ཅི་ཚོར་ཡང་རུང་སྟེ། དེ་ནི་འདིར་སྡུག་བསྔལ་བའོ་ཞེས་གསུངས་པའོ། །རབ་ཏུ་སྐྱེ་བའི་རབ་ཏུ་དབྱེ་བ་ནི་རེག་པ་བཅུ་དྲུག་ལ་ཚོར་བ་རྣམས་རབ་ཏུ་སྐྱེ་བར་འགྱུར་བ་སྟེ། མིག་དང་། རྣ་བ་

དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པ་རྣམས་དང་། ཐོགས་པའི་འདུས་ཏེ་རེག་པ་དང་། ཚིག་བླ་དགས་ཀྱི་འདུས་ཏེ་རེག་པ་དང་། བདེ་བའི་ཚོར་བ་དང་མཐུན་པའི་འདུས་ཏེ་རེག་པ་དང་། སྡུག་བསྔལ་གྱི་ཚོར་བ་དང་། མཐུན་པའི་འདུས་ཏེ་རེག་པ་དང་། སྡུག་

བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་དང་མཐུན་པའི་འདུས་ཏེ་རེག་པ་དང་། རྗེས་སུ་ཆགས་པའི་འདུས་ཏེ་རེག་པ་དང་། ཁོང་ཁྲོ་བའི་འདུས་ཏེ་རེག་པ་དང་། རེག་པའི་འདུས་ཏེ་རེག་པ་དང་། མ་རིག་པའི་འདུས་ཏེ་རེག་པ་དང་། རིག་པ་ཡང་མ་ཡིན་མ་རིག་པ་ཡང་མ་ཡིན་

པའི་འདུས་ཏེ་རེག་པ་ལས་སོ། །བཅུ་དྲུག་པོ་དེ་དག་ཀྱང་ཡུལ་འཛིན་པར་བྱེད་པ་ཉིད་ལ་བརྟེན་ནས་ནི་འདུས་ཏེ་རེག་པ་དྲུག་པོ་རྣམས་དང་། ཐོགས་པའི་འདུས་ཏེ་རེག་པ་རྣམ་པར་གཞག་པའོ། །ཡུལ་ལ་རྣམ་པར་རྟོག་པ་ཉིད་ལ་བརྟེན་ནས་ནི་ཚིག་བླ་དགས་ཀྱི་འདུས་ཏེ་རེག་པ་རྣམ་པར་གཞག་

གོ། །ཡུལ་མྱོང་བར་བྱེད་པ་ཉིད་ལ་བརྟེན་ནས་ནི་བདེ་བ་ལ་སོགས་པའི་ཚོར་བ་དང་མཐུན་པའི་འདུས་ཏེ་རེག་པ་གསུམ་རྣམ་པར་གཞག་གོ། །ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཉིད་ལ་བརྟེན་ནས་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་། མ་རིག་པ་དང་། རིག་པ་དང་། རིག་པ་

ཡང་མ་ཡིན། མ་རིག་པ་ཡང་མ་ཡིན་པའི་འདུས་ཏེ་རེག་པ་རྣམ་པར་གཞག་གོ། །ཉེ་བར་བརྟགས་པའི་རབ་ཏུ་དབྱེ་བ་ནི་ཚོར་བ་ཉེ་བར་བརྟགས་པ་རྣམ་པ་བརྒྱད་དེ། རང་གི་མཚན་ཉིད་ཉེ་བར་བརྟགས་པ་དང་། ཚེ་འདི་ལ་འབྱུང་བའི་རྒྱུ་ཉེ་བར་བརྟགས་པ་དང་། དེ་འགོག་པ་ཉེ་བར་བརྟགས་པ་

དང་། ཚེ་ཕྱི་མ་ལ་འབྱུང་བའི་རྒྱུ་ཉེ་བར་བརྟགས་པ་དང་། དེ་འགོག་པ་ཉེ་བར་བརྟགས་པ་དང་། དེ་གཉིས་ཀ་ལས་འབྱུང་བའི་རྒྱུ་ཉེ་བར་བརྟགས་པ་དང་། དེ་གཉིས་ཀ་ལས་འབྱུང་བ་ཉེ་བར་བརྟགས་པ་དང་། རྣམ་པར་བྱང་བ་ཉེ་བར་བརྟགས་པས་སོ། །དེ་དག་ནི། མདོ་ལས་བཅོམ་

Vol. 206 · folio 42a

ལྡན་འདས་ཉག་གཅིག་དབེན་པར་གཤེགས་ཏེ། ནང་དུ་ཡང་དག་པར་འཇོག་པ་ལ་བཞུགས་པ་ན་ཐུགས་ལ་ཐུགས་ཀྱི་ཡོངས་སུ་རྟོག་པ་འདི་ལྟ་བུ་བྱུང་སྟེ། ཚོར་བ་ནི་གང་། ཚོར་བ་ཀུན་འབྱུང་བ་ནི་གང་། ཚོར་བ་འགོག་པ་ནི་གང་། ཚོར་བ་ཀུན་འབྱུང་བར་འགྱུར་

བའི་ལམ་ནི་གང་། ཚོར་བའི་རོ་མྱང་བ་ནི་གང་། ཚོར་བའི་ཉེས་དམིགས་ནི་གང་། ཚོར་བ་ལ་ཉེས་པར་འབྱུང་བ་ནི་གང་སྙམ་ནས། དེ་འདི་སྙམ་དུ་དགོངས་ཏེ། ཚོར་བ་ནི་གསུམ་པོ་འདི་དག་ཡིན་ཏེ། བདེ་བ་དང་། སྡུག་བསྔལ་བ་དང་། སྡུག་བསྔལ་བ་ཡང་མ་ཡིན། བདེ་བ་ཡང་མ་

ཡིན་པའོ། །རེག་པ་ཀུན་འབྱུང་བས་ཚོར་བ་ཀུན་འབྱུང་ངོ་། །རེག་པ་འགགས་པས་ཚོར་བ་འགག་གོ། །ཚོར་བ་ལ་མངོན་པར་དགའ་བ་དང་། མངོན་པར་བརྗོད་པ་དང་། ལྷག་པར་ཆགས་པ་དང་། ལྷག་པར་ཆགས་ཤིང་གནས་པ་གང་ཡིན་པ་དེ་ནི་ཚོར་བ་ཀུན་འབྱུང་བར་འགྱུར་བའི་

ལམ་ཡིན་ནོ། །ཚོར་བ་ལ་མངོན་པར་དགའ་བ་མེད་པ་དང་། མངོན་པར་མི་བརྗོད་པ་དང་། ལྷག་པར་ཆགས་ཤིང་མི་གནས་པ་གང་ཡིན་པ་འདི་ནི་ཚོར་བ་འགོག་པར་འགྱུར་བའི་ལམ་ཡིན་ནོ། །ཚོར་བ་ལ་བརྟེན་ཏེ་བདེ་བ་སྐྱེ་བ་དང་། ཡིད་བདེ་བ་སྐྱེ་བ་གང་ཡིན་པ་དེ་ནི་ཚོར་བའི་རོ་མྱོང་བ་ཡིན་

ནོ། །ཚོར་བ་མི་རྟག་པ་དང་། སྡུག་བསྔལ་བ་དང་འགྱུར་བའི་ཆོས་ཅན་གང་ཡིན་པ་འདི་ནི་ཚོར་བའི་ཉེས་དམིགས་ཡིན་ནོ། །ཚོར་བ་ལ་འདུན་པའི་འདོད་ཆགས་འདུལ་བ་དང་། འདུན་པའི་འདོད་ཆགས་སྤང་བ་དང་། འདུན་པའི་འདོད་ཆགས་ལས་ཡང་དག་པར་འདའ་བ་གང་ཡིན་པ་འདི་

ནི་ཚོར་བ་ལས་ངེས་པར་འབྱུང་བ་ཡིན་ནོ་སྙམ་མོ་ཞེས་གསུངས་པ་དང་གོ་རིམས་བཞིན་དུ་སྦྱར་རོ། །ངེས་པར་འབྱུང་བའི་རབ་ཏུ་དབྱེ་བ་ནི་ཚོར་བའི་དབང་པོ་ལྔ་ལས་ངེས་པར་འབྱུང་བ་སྟེ། ཡིད་མི་བདེ་བའི་དབང་པོ་ལས་ངེས་པར་འབྱུང་བ་ནི་བསམ་གཏན་དང་པོའོ། །སྡུག་བསྔལ་གྱི་དབང་པོ་ལས་

ངེས་པར་འབྱུང་བ་ནི་བསམ་གཏན་གཉིས་པའོ། །ཡིད་བདེ་བའི་དབང་པོ་ལས་ངེས་པར་འབྱུང་བ་ནི་བསམ་གཏན་གསུམ་པའོ། །བདེ་བའི་དབང་པོ་ལས་ངེས་པར་འབྱུང་བ་ནི་བསམ་གཏན་བཞི་པའོ། །བཏང་སྙོམས་ཀྱི་དབང་པོ་ལས་ངེས་པར་འབྱུང་བ་ནི་མཚན་ཉིད་མེད་པའི་དབྱིངས་སོ། །

Vol. 206 · folio 42b

དེ་ལ་འདུ་ཤེས་ཀྱི་ཕུང་པོའི་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་གང་ཞེ་ན། དེ་ཡང་རྣམ་པ་ལྔ་སྟེ། དངོས་པོ་དང་། མཚན་ཉིད་དང་། ཕྱིན་ཅི་ལོག་དང་། ཕྱིན་ཅི་མ་ལོག་པ་དང་། ཡོངས་སུ་གཅོད་པའོ། །དེ་ལ་དངོས་པོའི་རབ་ཏུ་དབྱེ་བ་ནི་དམིགས་པ་མཚན་མར་འཛིན་པ་དང་། དེའི་གནས་དང་

མཐུན་པའི་ཆོས་རྣམས་སོ། །མཚན་ཉིད་ཀྱི་རབ་ཏུ་དབྱེ་བ་ནི་རང་དང་སྤྱིའི་མཚན་ཉིད་དེ། རང་གི་མཚན་ཉིད་ནི་རྣམ་པ་དྲུག་སྟེ། ཆུང་ངུ་དང་། ཆེན་པོར་གྱུར་པ་དང་། ཚད་མེད་པ་དང་། ཅི་ཡང་མེད་པ་དང་། མཚན་མ་དང་བཅས་པ་དང་། མཚན་མ་མེད་པར་སྔར་བསྟན་པ་བཞིན་དུ་བལྟ་

བར་བྱའོ། །སྤྱིའི་མཚན་ཉིད་ནི་ཀུན་ཤེས་པར་བྱེད་པའི་མཚན་ཉིད་དོ། །ཕྱིན་ཅི་ལོག་གི་རབ་ཏུ་དབྱེ་བ་ནི་བྱིས་པ་མི་མཁས་པ་རིག་པ་དང་ལྡན་པའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ། དམིགས་པ་མི་རྟག་པ་ལ་རྟག་པ་དང་། སྡུག་བསྔལ་བ་ལ་བདེ་བ་དང་། མི་སྡུག་པ་ལ་

སྡུག་པ་དང་། བདག་མེད་པ་ལ་བདག་ཏུ་མཚན་མར་འཛིན་པ་སྟེ། དེ་ནི་འདུ་ཤེས་ཕྱིན་ཅི་ལོག་ཡིན་ནོ། །འདུ་ཤེས་ཕྱིན་ཅི་ལོག་དེ་ཡང་ཁྱིམ་པ་རྣམས་ལ་ནི་སེམས་ཕྱིན་ཅི་ལོག་ཏུ་འགྱུར་ལ། རབ་ཏུ་བྱུང་བ་འདི་ལས་ཕྱི་རོལ་པ་དག་ལ་ནི་ལྟ་བ་ཕྱིན་ཅི་ལོག་ཏུ་འགྱུར་རོ། །རྣམ་གྲངས་

གཞན་ཡང་དངོས་པོ་བཞི་པོ་དེ་དག་ལ་ལོག་པར་མཚན་མར་འཛིན་པ་གང་ཡིན་པ་དེ་ནི་འདུ་ཤེས་ཕྱིན་ཅི་ལོག་ཡིན་ནོ། །ཡུལ་དེ་ལ་དེ་ལྟར་ཀུན་དུ་ཤེས་པའི་ཀུན་དུ་འདོད་ཆགས་པ་གང་ཡིན་པ་དེ་ནི་སེམས་ཕྱིན་ཅི་ལོག་ཡིན་ནོ། །ཕྱིན་ཅི་ལོག་གི་དངོས་པོ་དེ་ཉིད་ལ་དེ་ལྟར་ཀུན་དུ་ཤེས་ཤིང་

ལྷག་པར་ཆགས་པའི་མངོན་པར་ཤེས་པ་དང་། འདོད་པ་དང་། སྟོན་པ་དང་། རྣམ་པར་འཇོག་པ་གང་ཡིན་པ་དེ་ནི་ལྟ་བ་ཕྱིན་ཅི་ལོག་ཡིན་ནོ། །ཕྱིན་ཅི་མ་ལོག་པའི་རབ་ཏུ་དབྱེ་བ་ནི་མཛངས་པ་མཁས་པར་རིག་པ་དང་ལྡན་པ་ཚུལ་བཞིན་ཡིད་ལ་བྱེད་པ། དམིགས་པ་མི་རྟག་པ་དང་། སྡུག་

བསྔལ་བ་ལ་སྡུག་བསྔལ་བ་དང་། མི་སྡུག་པ་ལ་མི་སྡུག་པ་དང་། བདག་མེད་པ་ལ་བདག་མེད་དོ་ཞེས་ཡང་དག་པར་མཚན་མར་འཛིན་པ་གང་ཡིན་པ་སྟེ། དེ་ནི་དེའི་འདུ་ཤེས་དང་། སེམས་དང་། ལྟ་བ་ཕྱིན་ཅི་མ་ལོག་པ་ཡིན་ནོ། །ཡོངས་སུ་གཅོད་པའི་རབ་ཏུ་དབྱེ་བ་ནི་རྣམ་པ་ལྔ་སྟེ།

Vol. 206 · folio 43a

ཡུལ་ཡོངས་སུ་གཅོད་པ་དང་། མྱོང་བ་ཡོངས་སུ་གཅོད་པ་དང་། བརྡ་ཡོངས་སུ་གཅོད་པ་དང་། ལོག་པར་ཡོངས་སུ་གཅོད་པ་དང་། བདེན་པའི་དོན་ཡོངས་སུ་གཅོད་པའོ། །དེ་ལ་ཡུལ་ཡོངས་སུ་གཅོད་པ་ནི་ཡུལ་ལ་མཚན་མ་དང་མངོན་རྟགས་སུ་

འཛིན་པའོ། །མྱོང་བ་ཡོངས་སུ་གཅོད་པ་ནི་ཡུལ་ལ་ངེས་པར་འབྱུང་བའི་ཚོར་བ་འཛིན་པའོ། །བརྡ་ཡོངས་སུ་གཅོད་པ་ནི་བདག་གམ་གཞན་དག་ལ་མིང་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ་བ་ལ་སོགས་པའི་ཐ་སྙད་དུ་འཛིན་པའོ། །ལོག་པར་ཡོངས་སུ་གཅོད་པ་ནི་

ཡུལ་ཕྱིན་ཅི་ལོག་ཏུ་འཛིན་པའོ། །བདེན་པའི་དོན་ཡོངས་སུ་གཅོད་པ་ནི་ཡུལ་ལ་ཕྱིན་ཅི་མ་ལོག་པར་འཛིན་པའོ། །དེ་ལ་འདུ་བྱེད་ཀྱི་ཕུང་པོའི་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་གང་ཞེ་ན། དེ་ཡང་རྣམ་པ་ལྔ་སྟེ། ཡུལ་དང་། གནས་སྐབས་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་

བྱང་བ་དང་། མངོན་པར་འདུ་བྱེད་པའོ། །དེ་ལ་ཡུལ་གྱི་རབ་ཏུ་དབྱེ་བ་ནི་སེམས་པའི་ཚོགས་དྲུག་པོ་རྣམས་འདུ་བྱེད་དུ་རྣམ་པར་གཞག་པ་ཡིན་ནོ། །གནས་སྐབས་ཀྱི་རབ་ཏུ་དབྱེ་བ་ནི་སྐྱེ་བ་དང་། རྒ་བ་ལ་སོགས་པ་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་ཀྱི་རྣམ་པར་གཞག་པ་ཡིན་ནོ། །ཀུན་

ནས་ཉོན་མོངས་པའི་རབ་ཏུ་དབྱེ་བ་ནི་འདུ་བྱེད་ཀུན་ནས་ཉོན་མོངས་པར་བྱེད་པའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་རྣམས་ཀྱི་རྣམ་པར་གཞག་པ་ཡིན་ནོ། །རྣམ་པར་བྱང་བའི་རབ་ཏུ་དབྱེ་བ་ནི་དད་པ་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་ཀྱི་རྣམ་པར་གཞག་པ་ཡིན་ནོ། །མངོན་པར་འདུ་བྱེད་

པའི་རབ་ཏུ་དབྱེ་བ་ནི་རྣམ་པ་ལྔ་སྟེ། ཡུལ་དང་མཐུན་པར་བྱེད་པ་དང་། དེ་དང་ཕྲད་པར་བྱ་བ་དང་། དེ་དང་འབྲལ་བར་བྱ་བ་དང་། ཀུན་ནས་ཉོན་མོངས་པ་དང་། ལས་ཀུན་དུ་བསླབ་པར་བྱ་བ་དང་། སེམས་ཀྱིས་དབང་བསྒྱུར་བར་བྱ་བའི་ཕྱིར་སེམས་མངོན་པར་འདུ་བྱེད་པ་རྣམ་པ་ལྔར་

བལྟ་བར་བྱའོ་ཞེས་སྔར་བསྟན་པ་བཞིན་ནོ། །དེ་ཡང་རྣམ་པར་ཤེས་པའི་ཕུང་པོའི་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་གང་ཞེ་ན། དེ་ཡང་རྣམ་པ་ལྔ་སྟེ། ཀུན་ནས་ཞེན་པ་དང་། ཀུན་ནས་ཉོན་མོངས་པ་དང་། གནས་དང་། གནས་པ་དང་། རྣམ་པ་སྣ་ཚོགས་སོ། །དེ་ལ་ཀུན་དུ་ཞེན་

Vol. 206 · folio 43b

པའི་རབ་ཏུ་དབྱེ་བ་ནི་འདོད་པའི་ཁམས་ན་འདོད་པ་ཅན་རྣམས་ཀྱི་རྣམ་པར་ཤེས་པ་ནི་ཕྱི་རོལ་གྱི་གཟུགས་ལ་མངོན་པར་ཞེན་པ་ལ་གཟུགས་ལ་ཀུན་དུ་ཞེན་པ་ཁོ་ན་ཞེས་བྱའོ། །གཟུགས་ཀྱི་ཁམས་ན་རྣམ་པར་དག་པའི་ལྷ་རྣམས་ཀྱི་རྣམ་པར་ཤེས་པ་ནི་ནང་གི་མིང་དང་གཟུགས་ལ་མངོན་པར་

ཞེན་ལ་ལས་དེ་གཉི་ག་ལ་ཀུན་དུ་ཞེན་པ་ཞེས་བྱའོ། །གཟུགས་མེད་པའི་ཁམས་ན་གཟུགས་མེད་པའི་སེམས་ཅན་རྣམས་ཀྱི་རྣམ་པར་ཤེས་པ་ནི་ནང་གི་མིང་ལ་མངོན་པར་ཞེན་པ་ལ་མིང་ལ་ཀུན་དུ་ཞེན་པ་ཞེས་བྱའོ། །ཀུན་ནས་ཉོན་མོངས་པའི་རབ་ཏུ་དབྱེ་བ་ནི་བྱིས་པ་རྣམས་ཀྱི་རྣམ་པར་ཤེས་

པ་ནི་སྒོ་གཉིས་ནས་ཉོན་མོངས་པར་འགྱུར་བ་སྟེ། ཚེ་འདི་ལ་ཡུལ་ལ་ཡོངས་སུ་སྤྱོད་པའི་སྒོ་དང་། ཚེ་ཕྱི་མ་ལ་སྐྱེ་བ་དང་རྒ་བ་ལ་སོགས་པ་སྡུག་བསྔལ་གྱི་སྒོ་ནས་སོ། །གནས་ཀྱི་རབ་ཏུ་དབྱེ་བ་ནི་རྣམ་པར་ཤེས་པ་རྗེས་སུ་འཇུག་པའི་གནས་ནི་ལྷན་ཅིག་འབྱུང་བའི་གནས་དབང་

པོ་ལྔ་དང་། དེ་མ་ཐག་པའི་གནས་ཡོད་པ་དང་། ས་བོན་གྱི་གནས་ཀུན་གཞི་རྣམ་པར་ཤེས་པའོ། །གནས་པའི་རབ་ཏུ་དབྱེ་བ་ནི་རྣམ་པར་ཤེས་པ་གནས་བཞི་པོ་དག་སྟེ། གཟུགས་ལ་ཉེ་བར་སོང་བའི་རྣམ་པར་ཤེས་པ་གནས་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་

ལ་ཉེ་བར་སོང་བའི་རྣམ་པར་ཤེས་པ་གནས་པ་སྟེ། དེ་ནི་གཟུགས་ཅན་གྱི་ཁམས་ནའོ། །གཟུགས་ཅན་མ་ཡིན་པའི་ཁམས་ནའོ། །གཟུགས་ཅན་མ་ཡིན་པའི་ཁམས་ནི་ཚོར་བ་ལ་སོགས་པའོ། །རྣམ་པ་སྣ་ཚོགས་ཀྱི་རབ་ཏུ་དབྱེ་བ་ནི་རྣམ་པ་ཉི་ཤུ་སྟེ། མདོ་ལས་སེམས་འདོད་

ཆགས་དང་བཅས་པ་དང་། འདོད་ཆགས་དང་བྲལ་བ་དང་། ཞེ་སྡང་དང་བཅས་པ་དང་། ཞེ་སྡང་དང་བྲལ་བ་དང་། གཏི་མུག་དང་བཅས་པ་དང་། གཏི་མུག་དང་བྲལ་བ་དང་། ཀུན་དུ་བསྡུས་པ་དང་། རྣམ་པར་གཡེང་བ་དང་། ཞུམ་པ་དང་། རབ་ཏུ་གཟུང་བ་དང་། རྒོད་པ་དང་། རྒོད་

པ་མ་ཡིན་པ་དང་། ཉེ་བར་ཞི་བ་དང་། ཉེ་བར་ཞི་བ་མ་ཡིན་པ་དང་། མཉམ་པར་གཞག་པ་དང་། མཉམ་པར་གཞག་པ་མ་ཡིན་པ་དང་། ལེགས་པར་བསྒོམ་པ་དང་། ལེགས་པར་བསྒོམ་པ་མ་ཡིན་པ་དང་། ཤིན་ཏུ་རྣམ་པར་གྲོལ་བ་དང་། ཤིན་ཏུ་རྣམ་པར་གྲོལ་བ་མ་ཡིན་པ་

Vol. 206 · folio 44a

ཞེས་གསུངས་པའོ། །ཡང་ཁམས་ཀྱི་རབ་ཏུ་དབྱེ་བ་ལས། འདོད་པ་ན་སྤྱོད་པ་རྣམས་ནི་སེམས་བཞི་ཡོད་དེ། དགེ་བ་དང་། མི་དགེ་བ་དང་། བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་

པ་རྣམས་ལ་ནི་གསུམ་གསུམ་སྟེ། མི་དགེ་བ་མ་གཏོགས་པ་རྣམས་སོ། །ཟག་པ་མེད་པའི་སེམས་ནི་སློབ་པ་དང་། མི་སློབ་པའི་སེམས་སོ། །ཡང་སྤང་བར་རབ་ཏུ་དབྱེ་བ་ལ་འདོད་པ་ན་སྤྱོད་པ་རྣམས་ལ་ནི་བདེན་པ་བཞི་མཐོང་བས་སྤང་བར་བྱ་བ་བཞི་དང་། བསྒོམ་པས་སྤང་བར་བྱ་བ་ལྔ་ཡོད་དོ། །

གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་ལ་ཡང་དེ་བཞིན་དུ་ལྔ་ལྔ་ཡོད་དོ། །དེ་ནི་ཕུང་པོ་རྣམས་ཀྱི་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་ཕུང་པོ་རྣམས་ཀྱི་གོ་རིམས་རྣམ་པར་གཞག་པ་གང་ཞེ་ན། རྣམ་པ་ལྔ་སྟེ། སྐྱེ་བ་ལས་གྱུར་པ་དང་། གཉེན་པོ་ལས་གྱུར་པ་དང་། འཇུག་

པ་ལས་གྱུར་པ་དང་། གནས་པ་ལས་གྱུར་པ་དང་། རྣམ་པར་གཞག་པ་ལས་གྱུར་པའོ། །དེ་ལ་སྐྱེ་བ་ལས་གྱུར་པའི་གོ་རིམས་རྣམ་པར་གཞག་པ་ནི། མིག་དང་གཟུགས་རྣམས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བ་དང་། ཡིད་དང་ཆོས་རྣམས་ལ་བརྟེན་ནས་ཡིད་ཀྱི་རྣམ་པར་

ཤེས་པ་སྐྱེ་བའོ་ཞེས་བྱ་བའི་བར་དུ་གསུངས་པའི་དབང་དུ་མཛད་པ་སྟེ། དེ་ལ་ནི་དང་པོར་གཟུགས་ཀྱི་ཕུང་པོ་བསྟན་ལ། དེའི་འོག་ཏུ་རྣམ་པར་ཤེས་པའི་ཕུང་པོ། །དེའི་འོག་ཏུ་ཚོར་བའི་ཕུང་པོའོ། །དེའི་འོག་ཏུ་འདུ་ཤེས་དང་འདུ་བྱེད་ཀྱི་ཕུང་པོ་བསྟན་ཏོ། །གཉེན་པོ་ལས་གྱུར་པའི་གོ་རིམས་

རྣམ་པར་གཞག་པ་ནི་ཕྱིན་ཅི་ལོག་བཞི་པོ་མི་གཙང་བ་ལ་གཙང་བར་ཕྱིན་ཅི་ལོག་པ་དང་། སྡུག་བསྔལ་བ་ལ་བདེ་བར་ཕྱིན་ཅི་ལོག་པ་དང་། བདག་མེད་པ་ལ་བདག་ཏུ་ཕྱིན་ཅི་ལོག་པ་དང་། མི་རྟག་པ་ལ་རྟག་པར་ཕྱིན་ཅི་ལོག་དག་གི་གཉེན་པོར་དྲན་པ་ཉེ་བར་གཞག་པ་བཞི་བསྟན་པའི་དབང་དུ་

མཛད་པ་སྟེ། དེ་ལ་ནི་དང་པོར་གཟུགས་ཀྱི་ཕུང་པོ་བསྟན་ལ། དེའི་འོག་ཏུ་ཚོར་བའི་ཕུང་པོ། །དེའི་འོག་ཏུ་ནི་རྣམ་པར་ཤེས་པའི་ཕུང་པོ། །དེའི་འོག་ཏུ་འདུ་ཤེས་དང་འདུ་བྱེད་ཀྱི་ཕུང་པོ་བསྟན་ཏོ། །འཇུག་པ་ལས་གྱུར་པའི་གོ་རིམས་རྣམ་པར་གཞག་པ་ནི་དབང་པོ་དང་ཡུལ་ལ་བརྟེན་ནས་ཡུལ་

Vol. 206 · folio 44b

སོ་སོར་མྱོང་བ་དང་། ཡུལ་ལ་མཚན་མར་འཛིན་པ་དང་། དེ་ནས་ཚེ་འདི་ལ་ཡུལ་ལ་ཡོངས་སུ་ལོངས་སྤྱོད་པའི་ཀུན་ནས་ཉོན་མོངས་པ་དང་། དགེ་བ་དང་མི་དགེ་བའི་ལས་མངོན་པར་འདུ་བྱེད་པས་ཚེ་ཕྱི་མ་ལ་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་འབྱུང་བ་དང་། ཀུན་ནས་ཉོན་མོངས་པར་འགྱུར་

བ་གང་ཡིན་པའི་རིམ་གྱིས་འཁོར་བར་འཇུག་པའི་དབང་དུ་མཛད་པ་སྟེ། དེ་ལ་ནི་དང་པོར་གཟུགས་ཀྱི་ཕུང་པོ་བསྟན་ལ། དེའི་འོག་ཏུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོ་བསྟན་ཏོ། །གནས་པ་ལས་གྱུར་པའི་གོ་རིམས་རྣམ་པར་གཞག་པ་ནི།

རྣམ་པར་ཤེས་པའི་གནས་བཞི་པོ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། དེ་དག་ལ་གནས་པ་རྣམ་པར་ཤེས་པ་ཉིད་ཀྱི་དབང་དུ་མཛད་པ་སྟེ། དེ་ལ་ཡང་དང་པོར་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ཀྱི་ཕུང་པོ་བསྟན་ལ།

དེའི་འོག་ཏུ་རྣམ་པར་ཤེས་པའི་ཕུང་པོ་བསྟན་ཏོ། །རྣམ་པར་གཞག་པ་ལས་གྱུར་པའི་གོ་རིམས་ནི་དང་པོར་གང་ཟག་མཐོང་ནས་གཟུགས་ཀྱིས་སོ་སོར་ངོ་ཤེས་པར་འགྱུར་བ་དང་། དེའི་འོག་ཏུ་ཚོར་བས་འབྱོར་པ་དང་། རྒུད་པ་དང་། བདེ་བ་དང་། སྡུག་བསྔལ་བའོ་ཞེས་རྣམ་པར་འཇོག་

པ་དང་། དེའི་འོག་ཏུ་འདུ་ཤེས་ཀྱི་མིང་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ་ཞེས་བྱ་བ་ལ་སོགས་པ་རྣམ་པར་འཇོག་པ་དང་། དེའི་འོག་ཏུ་འདུ་བྱེད་ཀྱིས། དེ་ལྟ་བུ་ནི་བྱིས་པའོ། །དེ་ལྟ་བུ་ནི་མཁས་པའོ་ཞེས་བྱ་བར་རྣམ་པར་འཇོག་པ་དང་། དེའི་འོག་ཏུ་རྣམ་པར་

ཤེས་པས། ནང་གི་སེམས་ཅན་དུ་བགྲང་བའི་བདག་རྣམ་པར་འཇོག་པར་བྱེད་པའི་དབང་དུ་མཛད་པ་སྟེ། དེ་ལ་ཡང་དང་པོར་གཟུགས་ཀྱི་ཕུང་པོ་བསྟན་ལ། དེའི་འོག་ཏུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོ་བསྟན་ཏོ། །རྣམ་པར་གཞག་པ་ལས་

གྱུར་པའི་གོ་རིམས་རྣམ་པར་གཞག་པའི་རྣམ་གྲངས་གཞན་ཡང་རྣམ་པ་གསུམ་སྟེ། རགས་པའི་རིམ་པ་དང་། སྣོད་ལ་སོགས་པའི་དཔེའི་རིམ་པ་དང་། ཀུན་ནས་ཉོན་མོངས་པ་སྐྱེ་བའི་རིམ་པའི་དབང་དུ་མཛད་ནས་གོ་རིམས་དེ་ལྟར་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་རགས་པའི་རིམ་

Vol. 206 · folio 45a

པའི་དབང་དུ་མཛད་པ་ནི་གཟུགས་ནི་ཐོགས་པ་དང་བཅས་པ་དང་། རྣམ་པར་ཤེས་པའི་ཚོགས་ལྔའི་གནས་ཡིན་པ་དང་། རྣམ་པར་ཤེས་པའི་ཚོགས་དྲུག་གི་དམིགས་པ་ཡིན་པའི་ཕྱིར་ཕུང་པོ་གཞན་བཞི་པས་ཆེས་རགས་པས་དང་པོར་བསྟན་ཏོ། །ཚོར་བ་ནི་རྒྱུ་བ་རགས་

པའི་ཕྱིར་ཕུང་པོ་གཞན་གསུམ་པས་ཆེས་རགས་ཏེ། འདི་ལྟར་ན་འཇིག་རྟེན་ན་ངའི་ཀླད་པར་ཚོར་རོ། །ཀླད་པ་ཕྱེད་ལ་ཚོར་རོ་ཞེས་ཐ་སྙད་དུ་བྱ་བའི་ཕྱིར་དེའི་འོག་ཏུ་བསྟན་ཏོ། །འདུ་ཤེས་ནི་མཚན་མར་འཛིན་པ་སྟེ། འཇུག་པ་ཤིན་ཏུ་རྟོགས་པར་སླ་བའི་ཕྱིར་ཕུང་པོ་གཞན་གཉིས་པས་ཆེས་

རགས་པས་དེའི་འོག་ཏུ་བསྟན་ཏོ། །འདུ་བྱེད་རྣམས་ནི་མངོན་པར་འདུ་བྱེད་པའི་མཚན་ཉིད་ཡིན་པས་འདོད་ཆགས་ལ་སོགས་པ་ཀུན་ཏུ་འབྱུང་བ་གསལ་བར་རྟོགས་པའི་ཕྱིར་རྣམ་པར་ཤེས་པ་པས་ཆེས་རགས་པས་དེའི་འོག་ཏུ་བསྟན་ཏོ། །སྣོད་ལ་སོགས་པའི་རིམ་པའི་དབང་དུ་མཛད་པ་ནི་

གཟུགས་ཀྱི་ཕུང་པོ་ནི་ཚོར་བ་ལ་སོགས་པའི་གནས་ཡིན་པས་ཟས་བཞག་པའི་སྣོད་ལྟ་བུ་ཡིན་པའི་ཕྱིར་དང་པོར་བསྟན་ཏོ། །ཚོར་བའི་ཕུང་པོ་ནི་སེམས་ཅན་གྱི་ལུས་ལ་ཕན་པ་དང་གནོད་པ་བྱེད་པ་ཟས་ལྟ་བུ་ཡིན་པའི་ཕྱིར་དེའི་འོག་ཏུ་བསྟན་ཏོ། །འདུ་ཤེས་ཀྱི་ཕུང་པོ་ནི་བདེ་བ་དང་། སྡུག་བསྔལ་བ་

དང་། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ལ་མཛའ་བཤེས་དང་། དགྲ་བོ་དང་། ཐ་མལ་པ་ལྟ་བུར་འཛིན་པས་ཚོད་མ་དང་འདྲ་བའི་ཕྱིར་དེའི་འོག་ཏུ་བསྟན་ཏོ། །འདུ་བྱེད་ཀྱི་ཕུང་པོ་ནི་དེའི་དབང་གིས་འདོད་པ་དང་མི་འདོད་པའི་རྣམ་པར་སྨིན་པ་མངོན་པར་གྲུབ་པར་

བྱེད་པས་བྱན་པོ་ལྟ་བུ་ཡིན་པའི་ཕྱིར་དེའི་འོག་ཏུ་བསྟན་ཏོ། །རྣམ་པར་ཤེས་པ་ནི་དེ་ལ་བདག་ཏུ་འཛིན་ཅིང་སྡུག་བསྔལ་དང་བདེ་བ་ལ་སོགས་པ་རྣམ་པར་ཤེས་པར་བྱེད་པས་ཟ་བ་པོ་ལྟ་བུ་ཡིན་པའི་ཕྱིར་ཐམས་ཅད་ཀྱི་ཐ་མར་བསྟན་ཏོ། །ཀུན་ནས་ཉོན་མོངས་པ་སྐྱེ་བའི་རིམ་པའི་དབང་དུ་མཛད་པ་ནི་

གཟུགས་ཀྱི་ཕུང་པོ་ལ་བརྟེན་ནས་ཐོག་མ་མེད་པ་ཅན་གྱི་འཁོར་བ་ན་སྐྱེས་པ་དང་བུད་མེད་རྣམས་ཕན་ཚུན་ཁ་དོག་དང་དབྱིབས་ལ་མངོན་པར་དགའ་བ་ལས་ཐོག་མར་ཀུན་ནས་ཉོན་མོངས་པ་འབྱུང་བས་དེའི་ཕྱིར་དང་པོར་གཟུགས་ཀྱི་ཕུང་པོ་བསྟན་ཏོ། །གཟུགས་ཀྱི་སྒོ་ནས་བདེ་བའི་ཚོར་བ་ལ་མངོན་

Vol. 206 · folio 45b

པར་ཆགས་པ་ལ་ཀུན་ནས་ཉོན་མོངས་པ་འབྱུང་བས་དེའི་འོག་ཏུ་ཚོར་བའི་ཕུང་པོ་བསྟན་ཏོ། །ཚོར་བའི་སྒོ་ནས་བདེ་བ་ལ་སོགས་པ་མཚན་མར་འཛིན་པའི་འདུ་ཤེས་ཕྱིན་ཅི་ལོག་འབྱུང་བས་ཀུན་ནས་ཉོན་མོངས་པ་འབྱུང་བས་དེའི་འོག་ཏུ་འདུ་ཤེས་ཀྱི་ཕུང་པོ་བསྟན་ཏོ། །འདུ་ཤེས་ཕྱིན་ཅི་ལོག་དེ་ནི་

འདུ་བྱེད་ཀྱི་ཉོན་མོངས་པ་ལ་གནས་པས་དེའི་འོག་ཏུ་འདུ་བྱེད་ཀྱི་ཕུང་པོ་བསྟན་ཏོ། །འདུ་བྱེད་ཀྱི་ལས་དང་ཉོན་མོངས་པ་རྣམས་ཀྱིས་འགྲོ་བ་གཞན་དུ་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པར་འགྱུར་བས་དེའི་འོག་ཏུ་རྣམ་པར་ཤེས་པའི་ཕུང་པོ་ཐམས་ཅད་ཀྱི་འོག་ཏུ་བསྟན་ཏོ། །དེ་ལྟར་གོ་

རིམས་བཞིན་དུ་བསྟན་པའི་སྐབས་འདི་ཉིད་ཀྱིས་གྲངས་ཀྱང་བསྟན་ཏེ། ཕུང་པོ་རྣམས་ནི་ལྔ་ཁོ་ནར་ཟད་དེ་མི་ཉུང་མི་མང་བར་ངེས་སོ། །དེ་ཅིའི་ཕྱིར་ཞེ་ན། བདག་གི་ཉེ་བར་སྤྱད་པའི་དངོས་པོ་དང་། བདག་གི་དངོས་པོའི་དབང་དུ་མཛད་པའི་ཕྱིར་ཏེ། དེ་ལ་བདག་གི་ལུས་ལ་བརྟེན་པ་དང་།

ཡུལ་ལ་བདེ་བ་དང་། སྡུག་བསྔལ་མྱོང་བར་བྱེད་པ་དང་། བདག་དང་གཞན་ལ་མིང་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ་ཞེས་བྱ་བ་ལ་སོགས་པ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དང་། དེ་གཉིས་ལ་བརྟེན་ནས་ཆོས་དང་ཆོས་མ་ཡིན་པ་ཉེ་བར་སྩོགས་པར་བྱེད་དེ།

དེ་ལྟར་ན་དེ་དག་གི་ཉེ་བར་སྤྱད་པའི་དངོས་པོ་ཡིན་པར་རིག་པར་བྱའོ། །ཕུང་པོ་ཐ་མ་ནི་བདག་གི་དངོས་པོ་ཉིད་ཡིན་པར་རིག་པར་བྱ་སྟེ། འདི་ལྟར་འཇིག་རྟེན་ཕལ་ཆེར་རྣམ་པར་ཤེས་པ་ནི་བདག་ཏུ་འཛིན་ལ། ལྷག་མ་བཞི་ལ་ནི་བདག་གིར་འཛིན་པའི་ཕྱིར་དེ་སྐད་བསྟན་པར་ཟད་ཀྱི་དངོས་པོ་

རྣམ་པར་ཤེས་པའི་དངོས་པོའི་དབང་དུ་མཛད་ནས་ཕུང་པོའི་གྲངས་ལྔ་ཁོ་ནར་ངེས་པར་བསྟན་ཏེ། དེ་ནི་ཕུང་པོ་རྣམས་ཀྱི་གོ་རིམས་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་ཕུང་པོ་རྣམས་ཀྱི་བསྡུ་བ་རྣམ་པར་གཞག་པ་ནི་གཟུགས་ཀྱི་ཕུང་པོ་ནི་ཕུང་པོ་དུ་དག་དང་། ཁམས་དུ་དག་དང་། སྐྱེ་མཆེད་

དུ་དག་དང་། སྲིད་པའི་ཡན་ལག་དུ་དག་དང་། གནས་དང་གནས་མ་ཡིན་པ་དུ་དག་དང་། དབང་པོ་དུ་དག་གིས་བསྡུས། གཟུགས་ཀྱི་ཕུང་པོ་ཇི་ལྟ་བ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོའི་བར་དུ་ཡང་ཕུང་པོ་ལ་སོགས་པ་དུ་དག་

Vol. 206 · folio 46a

གིས་བསྡུས་ཤེ་ན། དེ་ལ་གཟུགས་ཀྱི་ཕུང་པོ་ནི་ཕུང་པོ་གཅིག་ཁོ་ནས་བསྡུས་ཏེ། གཟུགས་ཀྱི་ཕུང་པོ་ཉིད་ཀྱིས་སོ། །ཁམས་དང་སྐྱེ་མཆེད་བཅུ་བཅུས་བསྡུས་ཏེ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་ཁམས་དང་། གཟུགས་དང་། སྒྲ་

དང་། དྲི་དང་། རོ་དང་། རེག་བྱའི་ཁམས་རྣམས་དང་། དེ་དག་གི་སྐྱེ་མཆེད་རྣམས་ཀྱིས་སོ། །ཁམས་དང་སྐྱེ་མཆེད་གཅིག་གི་ཕྱོགས་ཀྱིས་ཀྱང་བསྡུས་ཏེ། ཁམས་བཅོ་བརྒྱད་ཀྱི་ནང་ནས་ཁམས་གཅིག་ནི་ཆོས་ཀྱི་ཁམས་ཏེ། དེའི་ཕྱོགས་ནི་ཆོས་ཀྱི་ཁམས་བརྒྱད་ལས་རྣམ་པར་

རིག་བྱེད་མ་ཡིན་པའི་གཟུགས་སོ། །སྐྱེ་མཆེད་བཅུ་གཉིས་ཀྱི་ནང་ནས་སྐྱེ་མཆེད་གཅིག་ཀྱང་ཆོས་ཀྱི་སྐྱེ་མཆེད་དེ། དེའི་ཕྱོགས་ཀྱང་ཆོས་ཀྱི་སྐྱེ་མཆེད་བརྒྱད་ལས་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱིས་སོ། །སྲིད་པའི་ཡན་ལག་དྲུག་གི་ཕྱོགས་ཀྱིས་བསྡུས་ཏེ་འདུ་བྱེད་དང་། མིང་

དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤིའི་ནང་ནས་གཟུགས་ཀྱི་ཕྱོགས་རེ་རེ་བཟུང་བས་སོ། །གནས་དང་གནས་མ་ཡིན་པའི་ཕྱོགས་གཅིག་གིས་བསྡུས་ཏེ། གཟུགས་ཀྱི་རྒྱུ་དང་འབྲས་བུ་མ་ནོར་བའི་གནས་དང་ནོར་བའི་གནས་མ་ཡིན་པའི་ཕྱོགས་

སོ། །དབང་པོ་བདུན་གྱིས་བསྡུས་ཏེ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཕོ་དང་། མོའི་དབང་པོ་རྣམས་ཀྱིས་སོ། །ཚོར་བའི་ཕུང་པོ་ནི་ཕུང་པོ་གཅིག་ཁོ་ནས་བསྡུས་ཏེ་ཚོར་བའི་ཕུང་པོ་ཉིད་ཀྱིས་སོ། །ཁམས་དང་སྐྱེ་མཆེད་གཅིག་གིས་ཕྱོགས་བསྡུས་ཏེ། ཁམས་

བཅོ་བརྒྱད་ཀྱི་ནང་ནས་ཁམས་གཅིག་ནི་ཆོས་ཀྱི་ཁམས་ཏེ། དེའི་ཕྱོགས་ནི་ཆོས་ཀྱི་ཁམས་བརྒྱད་ལས་ཚོར་བའོ། །སྐྱེ་མཆེད་བཅུ་གཉིས་ཀྱི་ནང་ནས་སྐྱེ་མཆེད་གཅིག་ཀྱང་ཆོས་ཀྱི་སྐྱེ་མཆེད་དེ་དེའི་ཕྱོགས་ཀྱང་ཆོས་ཀྱི་སྐྱེ་མཆེད་བརྒྱད་ལས་ཚོར་བས་སོ། །སྲིད་པའི་ཡན་ལག་གཅིག་གིས་

བསྡུས་ཏེ་ཚོར་བས་སོ། །སྲིད་པའི་ཡན་ལག་གསུམ་གྱི་ཕྱོགས་ཀྱིས་ཀྱང་བསྡུས་ཏེ། མིང་དང་། གཟུགས་དང་། སྐྱེ་བ་དང་། རྒ་ཤིའི་ནང་ནས་ཚོར་བའི་ཕྱོགས་རེ་རེ་བཟུང་བས་སོ། །གནས་དང་གནས་མ་ཡིན་པའི་ཕྱོགས་གཅིག་གིས་བསྡུས་ཏེ། ཚོར་བའི་རྒྱུ་འབྲས་བུ་མ་ནོར་བའི་

Vol. 206 · folio 46b

གནས་དང་། ནོར་བའི་གནས་མ་ཡིན་པའི་ཕྱོགས་སོ། །དབང་པོ་ལྔས་བསྡུས་ཏེ། ཡིད་མི་བདེ་བ་དང་། སྡུག་བསྔལ་བ་དང་། ཡིད་བདེ་བ་དང་། བདེ་བ་དང་། བཏང་སྙོམས་ཀྱི་ནི་དབང་པོས་སོ། །དབང་པོ་གསུམ་གྱི་ཕྱོགས་ཀྱིས་ཀྱང་བསྡུས་ཏེ། མི་ཤེས་པ་ཀུན་ཤེས་པ་དང་།

ཀུན་ཤེས་པ་དང་། ཀུན་ཤེས་པ་དང་ལྡན་པའི་དབང་པོ་གསུམ་རེ་རེ་ཡང་དབང་པོ་དགུ་དགུ་ཡོད་པ་ལས་ཚོར་བའི་དབང་པོར་གཏོགས་པའི་ཕྱོགས་རེ་རེ་བཟུང་བས་སོ། །འདུ་ཤེས་ཀྱི་ཕུང་པོ་ནི་ཕུང་པོ་གཅིག་ཁོ་ནར་བསྡུས་ཏེ། འདུ་ཤེས་ཀྱི་ཕུང་པོ་ཉིད་ཀྱིས་སོ། །ཁམས་དང་སྐྱེ་མཆེད་

གཅིག་གིས་ཕྱོགས་ཀྱིས་ཀྱང་བསྡུས་ཏེ། ཁམས་བཅོ་བརྒྱད་ཀྱི་ནང་ནས་ཁམས་གཅིག་གི་ནི་ཆོས་ཀྱི་ཁམས་ཏེ། དེའི་ཕྱོགས་ནི་ཆོས་ཀྱི་ཁམས་བརྒྱད་ལས་འདུ་ཤེས་སོ། །སྐྱེ་མཆེད་བཅུ་གཉིས་ཀྱི་ནང་ནས་སྐྱེ་མཆེད་གཅིག་དང་། ཆོས་ཀྱི་སྐྱེ་མཆེད་དེ། དེའི་ཕྱོགས་དང་ཆོས་ཀྱི་

སྐྱེ་མཆེད་བརྒྱད་ལས་འདུ་ཤེས་ཀྱིས་སོ། །སྲིད་པའི་ཡན་ལག་གསུམ་གྱི་ཕྱོགས་ཀྱིས་བསྡུས་ཏེ། མིང་དང་གཟུགས་དང་། སྐྱེ་བ་དང་། རྒ་ཤིའི་ནང་ནས་འདུ་ཤེས་ཀྱི་ཕྱོགས་རེ་རེ་བཟུང་བས་སོ། །གནས་དང་གནས་མ་ཡིན་པའི་ཕྱོགས་གཅིག་གིས་བསྡུས་ཏེ། འདུ་ཤེས་ཀྱི་

རྒྱུ་དང་། འབྲས་བུ་ལ་ནོར་བའི་གནས་དང་། ནོར་བའི་གནས་པ་ཡིན་པའི་ཕྱོགས་ཀྱིས་སོ། །དབང་པོ་ནི་གང་གིས་ཀྱང་མ་བསྡུས་སོ། །འདུ་བྱེད་ཀྱི་ཕུང་པོ་ནི་ཕུང་པོ་གཅིག་ཁོ་ནས་བསྡུས་ཏེ། འདུ་བྱེད་ཀྱི་ཕུང་པོ་ཉིད་ཀྱིས་སོ། །ཁམས་དང་སྐྱེ་མཆེད་གཅིག་གི་ཕྱོགས་ཀྱིས་བསྡུས་ཏེ།

ཁམས་བཅོ་བརྒྱད་ཀྱི་ནང་ནས་ཁམས་གཅིག་ནི་ཆོས་ཀྱི་ཁམས་ཏེ། དེའི་འོག་ནི་བརྒྱད་པ་ལས་འདུ་བྱེད་དོ། །སྐྱེ་མཆེད་བཅུ་གཉིས་ཀྱི་ནང་ནས། སྐྱེ་མཆེད་གཅིག་ཀྱང་ཆོས་ཀྱི་སྐྱེ་མཆེད་དེ། དེའི་ཕྱོགས་ཀྱང་ཆོས་ཀྱི་སྐྱེ་མཆེད་བརྒྱད་ལས་འདུ་བྱེད་ཀྱིས་སོ། །སྲིད་པའི་ཡན་ལག་

བཞིས་བསྡུས་ཏེ། མ་རིག་པ་དང་། རེག་པ་དང་། སྲེད་པ་དང་། ལེན་པས་སོ། །སྲིད་པའི་ཡན་ལག་ལྔའི་ཕྱོགས་ཀྱིས་ཀྱང་བསྡུས་ཏེ། འདུ་བྱེད་དང་། མིང་དང་། གཟུགས་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤིའི་ནང་ནས་གཟུགས་ལ་སོགས་པ་མ་ཡིན་པ་འདུ་བྱེད་ཀྱི་

Vol. 206 · folio 47a

ཕྱོགས་རེ་རེ་བཟུང་བས་སོ། །གནས་དང་གནས་མ་ཡིན་པའི་ཕྱོགས་གཅིག་གིས་བསྡུས་ཏེ། འདུ་བྱེད་ཀྱི་རྒྱུ་དང་། འབྲས་བུ་མ་ནོར་བའི་གནས་དང་། ནོར་བའི་གནས་མ་ཡིན་པའི་ཕྱོགས་ཀྱིས་སོ། །དབང་པོ་དྲུག་གིས་བསྡུས་ཏེ། དད་པ་དང་།

བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་དང་། སྲོག་གི་དབང་པོས་སོ། །དབང་པོ་གསུམ་གྱི་ཕྱོགས་ཀྱིས་ཀྱང་བསྡུས་ཏེ། མི་ཤེས་པ་ཀུན་ཤེས་པ་དང་། ཀུན་ཤེས་པ་དང་། ཀུན་ཤེས་པ་དང་ལྡན་པའི་དབང་པོ་གསུམ་པོ་རེ་རེ་ལ་ཡང་དབང་

པོ་དགུ་དགུ་ཡོད་པ་ལས། དད་པ་ལ་སོགས་པ་ལྔའི་ཕྱོགས་རེ་རེ་བཟུང་བས་སོ། །རྣམ་པར་ཤེས་པའི་ཕུང་པོ་ནི་ཕུང་པོ་གཅིག་ཁོ་ནས་བསྡུས་ཏེ། རྣམ་པར་ཤེས་པའི་ཕུང་པོ་ཉིད་ཀྱིས་སོ། །ཁམས་བདུན་གྱིས་བསྡུས་ཏེ། རྣམ་པར་ཤེས་པའི་ཁམས་དྲུག་དང་། ཡིད་ཀྱི་ཁམས་

ཀྱིས་སོ། །སྐྱེ་མཆེད་གཅིག་གིས་བསྡུས་ཏེ། ཆོས་ཀྱི་སྐྱེ་མཆེད་ཀྱིས་སོ། །སྲིད་པའི་ཡན་ལག་གཅིག་གིས་བསྡུས་ཏེ། རྣམ་པར་ཤེས་པས་སོ། །སྲིད་པའི་ཡན་ལག་བཞིའི་ཕྱོགས་ཀྱིས་ཀྱང་བསྡུས་ཏེ། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། སྐྱེ་བ་དང་། རྒ་ཤིའི་

ནང་ནས་རྣམ་པར་ཤེས་པའི་ཕྱོགས་རེ་རེ་བཟུང་བས་སོ། །གནས་དང་གནས་མ་ཡིན་པའི་ཕྱོགས་ཀྱིས་བསྡུས་ཏེ། རྣམ་པར་ཤེས་པའི་རྒྱུ་དང་། འབྲས་བུ་མ་ནོར་བའི་གནས་དང་། ནོར་བའི་གནས་མ་ཡིན་པའི་ཕྱོགས་ཀྱིས་སོ། །དབང་པོ་གཅིག་གིས་བསྡུས་ཏེ། ཡིད་ཀྱི་དབང་

པོས་སོ། །དབང་པོ་གསུམ་གྱི་ཕྱོགས་ཀྱིས་བསྡུས་ཏེ། མི་ཤེས་པ་ཀུན་ཤེས་པ་དང་། ཀུན་ཤེས་པ་དང་། ཀུན་ཤེས་པ་དང་ལྡན་པའི་དབང་པོ་གསུམ་པོ་རེ་རེ་ལ་ཡང་དབང་པོ་དགུ་དགུ་ཡོད་པ་ལས། ཡིད་ཀྱི་དབང་པོའི་ཕྱོགས་རེ་རེ་བཟུང་བས་སོ། །ཕུང་པོ་རྣམས་ཀྱིས་བསྡུས་

པ་རྣམ་པར་གཞག་པའི་རྣམ་གྲངས་གཞན་ཡང་རྣམ་པ་བཅུ་ཡོད་དེ། ཁམས་ཀྱིས་བསྡུས་པ་ནི་ཕུང་པོ་དེ་དག་ཉིད་དང་རང་གི་ས་བོན་གྱིས་བསྡུས་པ་གང་ཡིན་པའོ། །མཚན་ཉིད་ཀྱིས་བསྡུས་པ་ནི་ཕུང་པོ་དེ་དག་ཉིད་རང་དང་སྤྱིའི་མཚན་ཉིད་ཀྱིས་བསྡུས་པ་གང་ཡིན་པའོ། །རིགས་

Vol. 206 · folio 47b

ཀྱིས་བསྡུས་པ་ནི་ཕུང་པོ་དེ་དག་ཉིད་རང་གི་རིགས་ཟད་པར་གྱིས་བསྡུས་པ་གང་ཡིན་པའོ། །གནས་སྐབས་ཀྱིས་བསྡུས་པ་ནི་ཕུང་པོ་དེ་དག་ཉིད་བདེ་བའི་ཚོར་བ་དང་མཐུན་པ་ལ་སོགས་པའི་གནས་སྐབས་རྣམས་ཀྱིས་བསྡུས་པ་གང་ཡིན་པའོ། །ཐ་མི་དད་པས་བསྡུས་པ་

ནི་ཕུང་པོ་དེ་དག་ཉིད་ཀྱིས་ཆོས་རེ་རེ་ཡང་ཕུང་པོ་འཁོར་དང་བཅས་པ་ཐམས་ཅད་ཀྱིས་བསྡུས་པ་གང་ཡིན་པའོ། །དུས་ཀྱིས་བསྡུས་པ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཕུང་པོ་དེ་དག་ཉིད་དུས་དེ་ཉིད་ཀྱིས་བསྡུས་པ་གང་ཡིན་པའོ། །ཡུལ་གྱིས་བསྡུས་

པ་ནི་ཕུང་པོ་དེ་དག་ཉིད་ཡུལ་གང་དུ་འཇུག་པ་དང་། གནས་གང་ནས་འབྱུང་བའི་ཡུལ་དེ་ཉིད་ཀྱིས་བསྡུས་པ་གང་ཡིན་པའོ། །མཐའ་དག་གིས་བསྡུས་པ་ནི་ཕུང་པོ་དེ་དག་ཉིད་ལྔ་ཉིད་ཀྱིས་བསྡུས་པ་གང་ཡིན་པའོ། །ཕྱོགས་གཅིག་གིས་བསྡུས་པ་ནི་ཕུང་པོ་དེ་དག་ཉིད་རྣམ་

པར་ཕྱེ་ན། གཅིག་གི་ནང་ན་གཞན་མེད་པའི་རང་རང་གི་ཕྱོགས་ཀྱིས་བསྡུས་པ་གང་ཡིན་པའོ། །དོན་དམ་པས་བསྡུས་པ་ནི་ཕུང་པོ་དེ་དག་ཉིད་དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱིས་བསྡུས་པ་གང་ཡིན་པའོ། །དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ནས་ཕུང་པོ་རྣམས་ཀྱི་བསྡུ་བ་རྣམ་པ་

བཅུ་དྲུག་ཡོད་དེ། དེ་ནི་ཕུང་པོ་རྣམས་ཀྱི་བསྡུ་བ་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་ཕུང་པོ་རྣམས་ཀྱི་རྟེན་པར་གཞག་པ་ནི་གཟུགས་ཀྱི་ཕུང་པོ་ནི་གནས་དུ་དག་ལས་བརྟེན་ནས་འཇུག་པར་འགྱུར། མིང་གིས་བསྡུས་པའི་ཕུང་པོ་དག་ནི་གནས་དུ་དག་ལས་བརྟེན་ནས་འཇུག་པར་འགྱུར་

ཞེ་ན། གཟུགས་ཀྱི་ཕུང་པོ་ནི་གནས་དྲུག་ལ་བརྟེན་ནས་འཇུག་པར་འགྱུར་ཏེ། རྟེན་གྱི་གནས་སྣོད་ཀྱི་འཇིག་རྟེན་དང་། གནས་ཀྱི་གནས་ཁང་ཁྱིམ་ལ་སོགས་པ་དང་། ཡོ་བྱད་ཀྱི་གནས་ཡོ་བྱད་བཅུ་དང་། དབང་པོའི་གནས་དགུར་བྱས་པའི་གཟུགས་དང་། དབང་པོའི་རྟེན་གྱི་

གནས་འབྱུང་བ་ཆེན་པོའི་གཟུགས་དང་། མཐུ་ལས་བྱུང་བའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གནས་བསྟན་དུ་མེད་པ་ཐོགས་པ་མེད་པའི་གཟུགས་ལའོ། །མིང་གིས་བསྡུས་པའི་ཕུང་པོ་དག་ནི་གནས་བདུན་ལ་བརྟེན་ནས་འཇུག་པར་འགྱུར་ཏེ། འདོད་པ་དང་། རེ་བ་དང་། ཡུལ་དང་།

Vol. 206 · folio 48a

རྣམ་པར་རྟོག་པ་དང་། ཡང་དག་པར་ཤེས་པ་དང་། དག་པའི་སྦྱོར་བ་དང་། དག་པ་ལའོ། །དེ་ལ་འདོད་པ་ལ་ལོངས་སྤྱོད་པ་རྣམས་ཀྱི་གནས་སྐབས་ནི་བཞིའོ། །སྡོམ་པ་ལ་གནས་པའི་སྡོམ་བརྩོན་པ་རྣམས་ཀྱི་ནི་གཅིག་གོ། །ཉེར་བསྡོགས་ཐོབ་

པ་མཉམ་པར་གཞག་པ་རྣམས་ཀྱི་ཡང་གཅིག་གོ། །དངོས་གཞི་ལ་གནས་པ་རྣམས་ཀྱི་ཡང་གཅིག་གོ། །དེ་ལྟར་ན་གནས་བདུན་པོ་དེ་དག་ནི་གནས་སྐབས་བཞིར་འགྱུར་ཏེ། དེ་ནི་ཕུང་པོ་རྣམས་ཀྱི་རྟེན་རྣམ་པར་གཞག་པ་ཡིན་ནོ། །ཕུང་པོ་རྣམས་ཀྱི་རྣམ་པར་གཞག་པ་ཇི་སྐད་

བསྟན་པ་དེ་དག་ནི་སེམས་ཅན་དུ་སྟོན་པ་ཡིན་པའི་ཕྱིར་དེས་ནི་སེམས་ཅན་དུ་གདགས་པའི་དངོས་པོ་བསྟན་ཏོ། །དེའི་ལོངས་སྤྱོད་ཀྱི་དངོས་པོ་ཞེས་བྱ་བས་ནི་སྐྱེ་མཆེད་རྣམས་ཀྱིས་བསྟན་ཏེ། དེ་ལས་སྐྱེ་མཆེད་ནི་བཅུ་གཉིས་ཏེ། མིག་གི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་དང་། རྣ་བའི་

སྐྱེ་མཆེད་དང་། སྒྲའི་སྐྱེ་མཆེད་དང་། སྣའི་སྐྱེ་མཆེད་དང་། དྲིའི་སྐྱེ་མཆེད་དང་། ལྕེའི་སྐྱེ་མཆེད་དང་། རོའི་སྐྱེ་མཆེད་དང་། ལུས་ཀྱི་སྐྱེ་མཆེད་དང་། རེག་བྱའི་སྐྱེ་མཆེད་དང་། ཡིད་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་དོ། །དེ་དག་གི་རྣམ་པར་གཞག་པ་ཡང་རྣམ་པ་

བཅུ་དྲུག་གིས་བསྟན་ཏེ། ངོ་བོ་ཉིད་དང་། དོན་དང་། རབ་ཏུ་དབྱེ་བ་དང་། གོ་རིམས་དང་། བསྡུ་བ་དང་། རྟེན་གྱིས་སོ། །དེ་ལ་སྐྱེ་མཆེད་རྣམས་ཀྱི་ངོ་བོ་ཉིད་རྣམ་པར་གཞག་པ་གང་ཞེ་ན། མིག་གི་སྐྱེ་མཆེད་ཀྱི་ངོ་བོ་ཉིད་ནི་མིག་ཐོབ་ཅིང་མ་སྤངས་ལ། དེ་མ་ཐག་ཏུ་ལུས་ལ་འགོག་

པའི་ཆོས་ཅན་མ་ཡིན་པ་གང་ཡིན་པའོ། །མིག་གི་སྐྱེ་མཆེད་ཇི་ལྟ་བ་བཞིན་དུ་སྐྱེ་མཆེད་ལྷག་མ་རྣམས་ཀྱང་ངོ་བོ་ཉིད་ལས་དེ་བཞིན་དུ་བལྟ་བར་བྱ་སྟེ། དེ་ནི་སྐྱེ་མཆེད་རྣམས་ཀྱི་ངོ་བོ་ཉིད་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་སྐྱེ་མཆེད་རྣམས་ཀྱི་དོན་རྣམ་པར་གཞག་པ་གང་ཞེ་ན། རྣམ་

པ་གཉིས་ཏེ། ངེས་པའི་ཚིག་དང་། དགོས་པའོ། །དེ་ལ་ངེས་པའི་ཚིག་ནི་ཅིའི་ཕྱིར་སྐྱེ་མཆེད་ཅེས་བྱ་ཞེ་ན། སྐྱེ་མཆེད་ཀྱི་དོན་བསྟན་པ་སྟེ། དེ་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱི་སྐྱེ་བའི་སྒོའི་དོན་དང་། རྐྱེན་གྱི་དོན་དང་། ཐབས་ཀྱི་དོན་དང་། ཚོགས་

Vol. 206 · folio 48b

པའི་དངོས་པོའི་དོན་དང་། རྟེན་གྱི་དོན་དང་། དེ་དག་སྣང་བའི་གནས་ཀྱི་དོན་ཏོ། །དགོས་པ་ནི་ཅིའི་ཕྱིར་ན། སྐྱེ་མཆེད་རྣམ་པར་གཞག་པ་ཡོངས་སུ་བསྟན་ཅེ་ན། སྐྱེ་མཆེད་རྣམ་པར་གཞག་པའི་དགོས་པ་བསྟན་པ་མཚུངས་པ་དེ་མ་ཐག་པ་དང་། དམིགས་པ་དང་། བདག་

པོའི་རྐྱེན་རྣམས་པ་གསུམ་ཡོངས་སུ་བསྟན་པར་བྱ་བའི་ཕྱིར་སྐྱེ་མཆེད་རྣམ་པར་གཞག་པ་སྟེ། དེ་ནི་སྐྱེ་མཆེད་རྣམས་ཀྱི་དོན་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་སྐྱེ་མཆེད་རྣམས་ཕྱི་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་གང་ཞེ་ན། མདོར་བསྡུ་ན་རྣམ་པ་དྲུག་ཏུ་བལྟ་བར་བྱ་སྟེ། སྐྱེ་བའི་

སྒོའི་སྐྱེ་མཆེད་མིག་ལ་སོགས་པ་དག་གི་སྐྱེ་མཆེད་རྣམས་སོ། །དག་པའི་སྐྱེ་མཆེད་ནི་གང་ཟག་རིགས་ལ་གནས་པ་རྣམས་ཀྱི་སྐྱེ་མཆེད་གང་དག་ཡིན་པའོ། །རང་བཞིན་གྱི་སྐྱེ་མཆེད་ནི་སྐྱེ་མཆེད་བཅུ་གཉིས་པོ་དེ་དག་ཉིད་ཐོག་མ་མེད་པའི་དུས་ནས་སྐྱེ་བ་དང་། ཕྱི་མ་དག་རབ་ཏུ་

གྲུབ་པ་གང་ཡིན་པ་དང་། གང་ཟག་རིགས་ལ་གནས་པ་དང་། རིགས་ལ་གནས་པ་མ་ཡིན་པ་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བ་དང་། ཡོངས་སུ་མྱ་ངན་ལས་འདའ་བ་མ་ཡིན་པའི་ཆོས་ཉིད་དུ་གྲུབ་པ་གང་ཡིན་པའོ། །ཡོངས་སུ་བསྒོམས་པའི་སྐྱེ་མཆེད་ནི་སྔོན་

དགེ་བ་དང་། མི་དགེ་བ་ཡོངས་སུ་བསྒོམས་པ་དེ་དག་ཉིད་འཁོར་བར་སྐྱེ་བ་དང་། འབྲི་བ་དང་། བྱེ་བྲག་དང་། མྱ་ངན་ལས་འདས་པ་ཐོབ་པའི་སྐྱེ་མཆེད་ཉིད་གང་ཡིན་པའོ། །འབྲས་བུ་བསྐྱེད་པའི་སྐྱེ་མཆེད་ནི་དེ་དག་ཉིད་འབྲས་བུ་བསྐྱེད་ནས་འགགས་པ་གང་ཡིན་

པའོ། །འབྲས་བུ་མ་བསྐྱེད་པའི་སྐྱེ་མཆེད་ནི་དེ་དག་ཉིད་འབྲས་བུ་མ་བསྐྱེད་ལ་འགགས་པའམ་མ་འགགས་པ་གང་ཡིན་པ་སྟེ། དེ་ནི་སྐྱེ་མཆེད་རྣམས་ཀྱི་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་སྐྱེ་མཆེད་རྣམས་ཀྱི་གོ་རིམས་རྣམ་པར་གཞག་པ་གང་ཞེ་ན། དེ་ནི་

མདོར་བསྡུ་ན་རྣམ་པ་གཉིས་ཏེ། གཉིས་ཀྱི་གོ་རིམས་དང་། དྲུག་གི་གོ་རིམས་སོམོ། །དེ་ལ་གཉིས་ཀྱི་གོ་རིམས་ནི་ནང་དང་ཕྱི་སྟེ། ནང་གི་རྣམ་པར་ཤེས་པའི་གནས་ཡིན་ལ། གནས་དེ་ལ་རྣམ་པར་ཤེས་པ་ཡུལ་གཅིག་པའི་དོན་གྱིས་བརྟེན་པས་དང་པོ་བསྟན་ལ།

Vol. 206 · folio 49a

ཕྱིའི་ནི་དམིགས་པ་ཡིན་པས་དེའི་འོག་ཏུ་བསྟན་ཏོ། །དྲུག་གི་གོ་རིམས་ནི་དང་པོར་མིག་དང་གཟུགས་བསྟན་པ་ནས་ཐ་མར་ཡིད་དང་ཆོས་ཀྱི་སྐྱེ་མཆེད་བསྟན་པའི་བར་གྱིས་ཏེ། དེ་ཡང་མིག་ནས་རེག་བྱའི་བར་ནི་རྒྱུ་རྣམ་པ་དྲུག་གི་གོ་རིམས་དེ་ལྟར་

བསྟན་ཏེ། མིག་དང་གཟུགས་ནི་སྤྱོད་ཡུལ་ཆེས་ཕལ་ཆེ་བ་དང་། སྣ་ཚོགས་པ་དང་ཡང་དང་ཡང་འབྱུང་བའི་ཕྱིར་དང་པོར་བསྟན་ཏོ། །ལྷག་མ་རྣམས་ཀྱང་རིམ་གྱིས་དེ་བཞིན་པས་དེའི་འོག་ཏུ་རིམ་གྱིས་བསྟན་ཏེ། དེ་ནི་རྒྱུ་དང་པོ་ཡིན་ནོ། །ཡང་འཇིག་རྟེན་གྱི་ཐ་སྙད་རྗེས་སུ་

འཇུག་པ་ལས་ཏེ། འཇིག་རྟེན་པ་རྣམས་ནི་དང་པོར་གཅིག་ལ་གཅིག་ལྟ་བར་བྱེད་པས་དེའི་ཕྱིར་མིག་དང་། གཟུགས་དང་པོར་བསྟན་ཏོ། །དེའི་འོག་ཏུ་ཀུན་དུ་སྨྲ་བར་བྱེད་པས་རྣ་བ་དང་སྒྲ་བསྟན་ཏོ། །དེའི་འོག་ཏུ་འདུས་ཤིང་ཟ་བ་དང་། ལྷག་པར་ཟ་བར་བྱེད་པས་ན་སྣ་དང་དྲི་དང་

པོར་མྱོང་བས་སྣ་དང་དྲི་བསྟན་ཏོ། །དེའི་འོག་ཏུ་ལྕེ་དང་། རོ་མྱོང་བས་ལྕེ་དང་རོ་བསྟན་ཏོ། །དེའི་འོག་ཏུ་ཉི་མ་ནུབ་ཅིང་ནམ་སྲོས་པ་ནམ་ལ་ཤོམ་ཞིང་མལ་སྟན་ལ་སོགས་པའི་རེག་པ་ལ་རྟེན་པར་བྱེད་པས་ལུས་དང་རེག་བྱ་བསྟན་ཏེ། དེ་ནི་རྒྱུ་གཉིས་པ་ཡིན་ནོ། །ཡང་དགའ་བའི་

བྱེ་བྲག་གི་གནས་ལས་ཏེ། མིག་གིས་ནི་རྒྱང་རིང་པོ་ནས་གཟུགས་མཐོང་བས་དགའ་བའི་བྱེ་བྲག་སྐྱེ་བས་དང་པོར་མིག་དང་གཟུགས་བསྟན་ཏོ། །ལྷག་མ་རྣམས་རིམ་གྱིས་དེ་བཞིན་པས་དེའི་འོག་ཏུ་རིམ་གྱིས་བསྟན་ཏེ། དེ་ནི་རྒྱུ་གསུམ་པ་ཡིན་ནོ། །ཡང་མཛེས་པའི་བྱེ་བྲག་ཡོངས་སུ་

འཛིན་པ་ལས་ཏེ། འདོད་པ་ལ་ལོངས་སྤྱོད་པ་རྣམས་ཀྱི་མིག་ཚུགས་དང་། མིག་སྨན་ལ་སོགས་པས་མཛེས་པར་བྱས་པ་ནི་མིག་གོ། །རྣ་ཆ་དང་རྣ་རྒྱན་ལ་སོགས་པས་མཛེས་པར་བྱས་པ་ནི་རྣ་བ་ཡིན་ནོ། །གཞན་ནི་དེ་ལྟ་མ་ཡིན་པས་རིམ་བཞིན་བསྟན་ཏེ། དེ་ནི་རྒྱུ་བཞི་པ་ཡིན་ནོ། །

ཡང་བྱ་བ་དང་། ཟས་དང་། འཁྲིག་པའི་དབང་ལས་ཏེ། སེམས་ཅན་རྣམས་ནི་ལུས་དང་ངག་གི་ལས་དགེ་བ་དང་མི་དགེ་བ་དག་གིས་ཐམས་ཅད་ལ་རྩོལ་བར་བྱེད། ཡོངས་སུ་རྩོལ་བར་བྱེད་པས་མིག་དང་། གཟུགས་དང་། རྣ་བ་དང་། སྒྲ་བསྟན་ཏོ། །དེའི་འོག་ཏུ་ཁམ་གྱི་

Vol. 206 · folio 49b

ཟས་དག་ཟ་བར་བྱེད་པས་སྣ་དང་། དྲི་དང་། ལྕེ་དང་། རོ་སྟོན་ཏོ། །དེའི་འོག་ཏུ་ཚིམ་ཞིང་རྒྱས་པ་དང་འཁྲིག་པ་སྟེན་པར་བྱེད་པས་ལུས་དང་རེག་བྱ་བསྟན་ཏེ། དེ་ནི་རྒྱུ་ལྔ་པ་ཡིན་ནོ། །ཡང་ལས་དང་བྱ་བའི་བྱེ་བྲག་ཡོངས་སུ་འཛིན་པ་ལས་ཏེ། མིག་གིས་གཟུགས་དག་མཐོང་

ནས་འགྲོ་བ་ལ་སོགས་པ་ལ་དཀའ་བ་བྱེད་པས་དང་པོར་མིག་དང་གཟུགས་བསྟན་ཏོ། །རྣ་བས་ནི་སྒྲ་སྣ་ཚོགས་དག་ཉན་པ་ལ་སོགས་པར་བྱེད་དེ། སྔ་མ་བས་ལས་སླ་བས་དེའི་འོག་ཏུ་རྣ་བ་དང་སྒྲ་བསྟན་ཏོ། །སྣ་ནི་དྲི་སྣ་ཚོགས་དག་སྣོམ་པ་ལ་སོགས་པར་བྱེད་དེ་སྔ་མ་བས་ལས་སླ་

བས་དེའི་འོག་ཏུ་སྣ་དང་དྲི་བསྟན་ཏོ། །ལྕེ་ནི་རོ་སྣ་ཚོགས་དག་མྱོང་བ་ལ་སོགས་པར་བྱེད་དེ། སྔ་མ་བས་ལས་སླ་བས་དེའི་འོག་ཏུ་ལྕེ་དང་རོ་བསྟན་ཏོ། །ལུས་ནི་རེག་བྱ་སྣ་ཚོགས་དག་རེག་པ་ལ་སོགས་པར་བྱེད་དེ། སྔ་མ་བས་ལས་སླ་བས་དེའི་འོག་ཏུ་ལུས་དང་རེག་བྱ་བསྟན་

ཏེ། དེ་ནི་རྒྱུ་དྲུག་པ་ཡིན་ནོ། །ཡིད་དང་ཆོས་ནི་མིག་ལ་སོགས་པའི་དྲུག་པོ་དེ་དག་གི་རྣམ་གྲངས་ཐམས་ཅད་དང་ཐམས་ཅད་དུ་འགྲོ་བ་ཡིན་པའི་ཕྱིར་ཐམས་ཅད་ཀྱི་ཐ་མར་བསྟན་པར་རིག་པར་བྱ་སྟེ། དེ་ནི་སྐྱེ་མཆེད་རྣམས་ཀྱི་གོ་རིམས་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་སྐྱེ་

མཆེད་རྣམས་ཀྱི་བསྡུ་བ་རྣམ་པར་གཞག་པ་གང་ཞེ་ན། མིག་ལ་སོགས་པ་ལྔ་དང་། གཟུགས་ལ་སོགས་པ་ལྔ་དང་། ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་རྣམ་པར་རིག་པར་བྱེད་པ་མ་ཡིན་པའི་གཟུགས་ནི་གཟུགས་ཀྱི་ཕུང་པོར་གཏོགས་པས་གཟུགས་ཀྱི་ཕུང་པོས་ཕུང་པོ་དང་། སྐྱེ་མཆེད་

དང་། ཁམས་དང་། སྲིད་པའི་ཡན་ལག་དང་། གནས་དང་གནས་མ་ཡིན་པ་དང་། དབང་པོ་དག་བསྡུ་བར་སྔར་བསྟན་པ་ཁོ་ན་བཞིན་དུ་སྦྱར་རོ། །ཡིད་ཀྱི་སྐྱེ་མཆེད་ནི་རྣམ་པར་ཤེས་པའི་ཕུང་པོར་གཏོགས་པས་རྣམ་པར་ཤེས་པའི་ཕུང་པོས་ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་

དང་། སྲིད་པའི་ཡན་ལག་དང་། གནས་དང་གནས་མ་ཡིན་པ་དང་། དབང་པོ་དག་བསྡུ་བ་སྔར་བསྟན་པ་ཁོ་ན་བཞིན་དུ་སྦྱར་རོ། །ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་གསུམ་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ཀྱི་ཕུང་པོར་གཏོགས་པས་

Vol. 206 · folio 50a

ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ཀྱི་ཕུང་པོས་ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་དང་། སྲིད་པའི་ཡན་ལག་དང་། གནས་དང་གནས་མ་ཡིན་པ་དང་། དབང་པོ་དུ་དག་བསྡུས་པ་སྔར་བསྟན་པ་ཁོ་ན་བཞིན་དུ་སྦྱར་རོ། །ཆོས་ཀྱི་སྐྱེ་མཆེད་ཀྱི་

ཕྱོགས་འདུས་མ་བྱས་པ་རྣམ་པ་བཞི་ནི་ཁམས་སུ་མ་གཏོགས་པ་ཡིན་པས་ཕུང་པོ་ལ་སོགས་པ་གང་གིས་ཀྱང་མ་བསྡུས་སོ། །གཞན་ཡང་བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དང་། ཟད་པར་གྱི་སྐྱེ་མཆེད་བཅུ་དང་། ནམ་མཁའ་མཐའ་

ཡས་སྐྱེ་མཆེད་ལ་སོགས་པ་བཞི་དང་། འདུ་ཤེས་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་གཉིས་དང་། རེག་པའི་སྐྱེ་མཆེད་ལ་སོགས་པ་སྐྱེ་མཆེད་ཀྱི་སྒྲར་བསྟན་པའི་ཆོས་གང་དག་གསུངས་པ་དེ་དག་ཀྱང་སྐྱེ་མཆེད་བཅུ་གཉིས་པོ་དག་གི་མཚན་

ཉིད་ཇི་སྐད་སྨོས་པ་ཅི་རིགས་པར་བསྡུས་པར་རིག་པར་བྱ་སྟེ། དེ་ནི་སྐྱེ་མཆེད་རྣམས་ཀྱི་བསྡུ་བ་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་སྐྱེ་མཆེད་རྣམས་ཀྱི་རྟེན་རྣམ་པར་གཞག་པ་གང་ཞེ་ན། སྐྱེ་མཆེད་གཟུགས་ཅན་རྣམས་ནི་གཟུགས་ཀྱི་ཕུང་པོར་གཏོགས་པས་གཟུགས་ཀྱི་ཕུང་པོ་གནས་

དྲུག་ལ་བརྟེན་ནས་འཇུག་པར་འགྱུར་བ་སྔར་བསྟན་པ་ཁོ་ན་བཞིན་དུ་སྦྱར་རོ། །སྐྱེ་མཆེད་གཟུགས་ཅན་མ་ཡིན་པ་རྣམས་ཀྱི་མིང་གིས་བསྡུས་པའི་ཕུང་པོ་བཞིར་གཏོགས་པས་མིང་གིས་བསྡུས་པའི་ཕུང་པོ་བཞི་པོ་དག་གནས་བདུན་ལ་བརྟེན་པས་འཇུག་པར་འགྱུར་བ་སྔར་བསྟན་པ་ཁོ་

ན་བཞིན་དུ་སྦྱར་ཏེ། དེ་ནི་སྐྱེ་མཆེད་རྣམས་ཀྱི་རྟེན་རྣམ་པར་གཞག་པ་ཡིན་ནོ། །སྐྱེ་མཆེད་བཅུ་གཉིས་ཀྱི་རྣམ་པར་གཞག་པ་ཇི་སྐད་བསྟན་པ་དེ་དག་གི་སྒོ་ནས་སེམས་ཅན་དུ་གདགས་པའི་དངོས་པོས་ཕྱི་ནང་གི་ལོངས་སྤྱོད་ཉམས་སུ་མྱོང་བའི་ཕྱིར། དེས་ནི་དེའི་ལོངས་སྤྱོད་ཀྱི་དངོས་པོ་

བསྟན་ཏོ། །དེ་འབྱུང་བའི་དངོས་པོ་ཞེས་བྱ་བས་ནི་ཁམས་རྣམས་བསྟན་ཏེ། དེ་ལ་ཁམས་ནི་བཅོ་བརྒྱད་དེ། མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་དང་། རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་

Vol. 206 · folio 50b

དང་། སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་

ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སོ། །དེ་དག་གི་རྣམ་པར་གཞག་པ་ཡང་རྣམ་པ་དྲུག་གིས་བསྟན་ཏོ། །ངོ་བོ་ཉིད་དང་། དོན་དང་། རབ་ཏུ་དབྱེ་བ་དང་། གོ་རིམས་དང་། བསྡུ་བ་དང་། རྟེན་གྱིས་སོ། །དེ་ལ་ཁམས་རྣམས་ཀྱི་ངོ་

བོ་ཉིད་རྣམ་པར་གཞག་པ་གང་ཞེ་ན། མིག་གི་ཁམས་ཀྱི་ངོ་བོ་ཉིད་ནི་མིག་མ་སྤངས་པའམ། སྤངས་པ་སྲོག་གི་དབང་པོས་ཡོངས་སུ་ཟིན་པ་གང་ཡིན་པའོ། །མིག་གི་ཁམས་ཇི་ལྟ་བུ་ཞེ་ན། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། དེ་དག་གི་རྣམ་པར་ཤེས་

པ་རྣམས་དང་། ཆོས་ཀྱི་ཁམས་ཀྱི་ཕྱོགས་འདུས་མ་བྱས་མ་གཏོགས་པ་རྣམས་ཀྱང་དེ་བཞིན་ནོ། །གཟུགས་ཀྱི་ཁམས་ནི་ངོ་བོ་ཉིད་ནི་དབང་པོ་རྣམས་ཀྱིས་བྱུང་བའི་གཟུགས་གང་ཡིན་པ་དེ་ལ་དེའི་དབང་གིས་གཟུགས་ཀྱི་ཁམས་ཞེས་བྱའོ། །གཟུགས་ཀྱི་ཁམས་ཇི་ལྟ་བ་བཞིན་

དུ་སྒྲ་དང་། དྲི་དང་། རོ་དང་། རེག་བྱའི་ཁམས་རྣམས་ཀྱང་དེ་བཞིན་ནོ། །ཆོས་ཀྱི་ཁམས་ཀྱི་ཕྱོགས་འདུས་མ་བྱས་ཀྱི་ངོ་བོ་ཉིད་ནི་ཡོངས་སུ་གཡོ་བའི་གཞི་དང་། མི་སྐྱེ་བའི་གཞིའི་ངོ་བོ་ཉིད་ཡིན་ཏེ། དེ་ནི་ཁམས་རྣམས་ཀྱི་ངོ་བོ་ཉིད་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་ཁམས་

རྣམས་ཀྱི་དོན་རྣམ་པར་གཞག་པ་གང་ཞེ་ན། རྣམ་པ་གཉིས་ཏེ། ངེས་པའི་ཚིག་དང་། དགོས་པའོ། །དེ་ལ་ངེས་པའི་ཚིག་ནི། ཅིའི་ཕྱིར་ཁམས་ཞེས་བྱ་ཞེ་ན། ཁམས་ཀྱི་དོན་བསྟན་པ་སྟེ། ཁམས་ཀྱི་དོན་ནི་རྒྱུའི་དོན་དང་། ས་བོན་གྱི་དོན་དང་། རང་བཞིན་གྱི་དོན་དང་།

རིགས་ཀྱི་དོན་དང་། ཆ་ཕྲ་བའི་དོན་དང་། གཞིའི་དོན་ཏོ། །དགོས་པ་ནི་ཅིའི་ཕྱིར་ན། ཁམས་རྣམ་པར་གཞག་པ་ཡོངས་སུ་བསྟན་ཞེ་ན། ཁམས་རྣམ་པར་གཞག་པའི་དགོས་པ་བསྟན་པ་སྟེ། རྒྱུའི་རྐྱེན་ཡོངས་སུ་བསྟན་པར་བྱ་བའི་ཕྱིར་དང་། དབང་པོ་དང་ཡུལ་

Vol. 206 · folio 51a

དང་ཉེ་བར་སྤྱོད་པ་ཡོངས་སུ་བསྟན་པར་བྱ་བའི་ཕྱིར་ཏེ། དེ་ནི་ཁམས་རྣམས་ཀྱི་དོན་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་ཁམས་རྣམས་ཀྱི་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་གང་ཞེ་ན། མདོར་བསྡུ་ན་རྣམ་པ་དྲུག་ཏུ་བསྡུ་བར་བྱ་སྟེ། མཚན་ཉིད་འཛིན་

པའི་ཁམས་ནི་མིག་ལ་སོགས་པ་དག་གི་ཁམས་རྣམས་སོ། །དག་པའི་ཁམས་ནི་གང་ཟག་རིགས་ལ་གནས་པ་རྣམས་ཀྱི་ཁམས་དག་པ་ཡིན་ནོ། །རང་བཞིན་གྱི་ཁམས་ནི་ཁམས་བཅོ་བརྒྱད་པོ་ཇི་སྐད་བསྟན་པ་དེ་དག་ཉིད་ཐོག་མ་མེད་པའི་དུས་ནས་རབ་ཏུ་གྲུབ་པ་གང་ཡིན་

པ་དང་། གང་ཟག་རིགས་ལ་གནས་པ་དང་། རིགས་ལ་གནས་པ་མ་ཡིན་པ་རྣམས་ནི་ཡོངས་སུ་མྱ་ངན་ལས་འདས་པ་དང་། ཡོངས་སུ་མྱ་ངན་ལས་འདའ་བ་མ་ཡིན་པའི་ཆོས་ཉིད་དུ་རབ་ཏུ་གྲུབ་པ་གང་ཡིན་པའོ། །ཡོངས་སུ་བསྒོམ་པའི་ཁམས་ནི་སྔོན་དགེ་བ་དང་།

མི་དགེ་བ་ཡོངས་སུ་བསྒོམ་པ་དེ་དག་འཁོར་བར་སྐྱེ་བ་དང་། འབྲི་བ་དང་། བྱེ་བྲག་དང་། མྱ་ངན་ལས་འདས་པ་ཐོབ་པའི་རྒྱུ་གང་ཡིན་པའོ། །འབྲས་བུ་སྐྱེ་བའི་ཁམས་ནི་དེ་དག་ཉིད་འབྲས་བུ་བསྐྱེད་ནས་འགགས་པ་གང་ཡིན་པའོ། །འབྲས་བུ་མ་བསྐྱེད་པའི་ཁམས་ནི་དེ་དག་

ཉིད་འབྲས་བུ་མ་བསྐྱེད་ལ། མ་འགགས་པ་གང་ཡིན་པ་སྟེ། དེ་ནི་ཁམས་རྣམས་ཀྱི་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་ཁམས་རྣམས་ཀྱི་གོ་རིམས་རྣམ་པར་གཞག་པ་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། གསུམ་གྱི་གོ་རིམས་དང་། དྲུག་གི་

གོ་རིམས་སོམོ། །དེ་དག་གི་རྣམ་པར་དབྱེ་བ་ནི་སྐྱེ་མཆེད་ཀྱི་སྐབས་སུ་བསྟན་པ་བཞིན་དུ་ཅི་རིགས་པར་སྦྱར་ཏེ། དེ་ནི་ཁམས་རྣམས་ཀྱི་གོ་རིམས་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་ཁམས་ཀྱི་བསྡུ་བ་རྣམ་པར་གཞག་པ་གང་ཞེ་ན། སྐྱེ་མཆེད་ཀྱི་སྐབས་སུ་བསྟན་པ་བཞིན་ཅི་

རིགས་པར་སྦྱར་རོ། གཞན་ཡང་བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས་ཁམས་དྲུག་དང་། ཁམས་གསུམ་དང་། འདུས་བྱས་དང་། འདུས་མ་བྱས་ཀྱི་ཁམས་གཉིས་དང་། འཇིག་རྟེན་གྱི་ཁམས་དང་། ཆོས་ཀྱི་ཁམས་དང་། སེམས་ཅན་གྱི་ཁམས་དང་། གདུལ་བའི་

Vol. 206 · folio 51b

ཁམས་དང་། གདུལ་བའི་ཁམས་ཀྱི་ཐབས་ལ་སོགས་པ་ཁམས་ཀྱི་སྒྲར་བསྟན་པའི་ཆོས་གང་དག་གསུངས་པ་དེ་དག་ཀྱང་། ཁམས་བཅོ་བརྒྱད་པོ་དག་གི་མཚན་ཉིད་ཇི་སྐད་སྨོས་པས་ཅི་རིགས་པར་བསྡུས་པར་རིག་པར་བྱ་སྟེ། དེ་ནི་ཁམས་རྣམས་ཀྱི་བསྡུ་བ་དང་རྣམ་པར་

གཞག་པ་ཡིན་ནོ། །དེ་ལ་ཁམས་རྣམས་ཀྱི་རྟེན་རྣམ་པར་གཞག་པ་གང་ཞེ་ན། སྐྱེ་མཆེད་ཀྱི་སྐབས་སུ་བསྟན་པ་བཞིན་ཅི་རིགས་པར་སྦྱར་ཏེ། དེ་ནི་ཁམས་ཀྱི་རྟེན་རྣམ་པར་གཞག་པ་ཡིན་ནོ། །ཁམས་བཅོ་བརྒྱད་ཀྱི་རྣམ་པར་གཞག་པ་ཇི་སྐད་བསྟན་པ་དེ་དག་ལས་སེམས་ཅན་དུ་

གདགས་པའི་དངོས་པོ་ལ་སོགས་པ་འབྱུང་བའི་ཕྱིར་དེས་ནི་དེ་འབྱུང་བའི་དངོས་པོ་བསྟན་ཏོ། །དེ་འབྱུང་བ་གནས་པའི་དངོས་པོ་ཞེས་བྱ་བ་ནས་ཟས་རྣམས་བསྟན་ཏེ། དེ་ལ་ཟས་ནི་བཞི་སྟེ། ཁམས་ཀྱི་ཟས་དང་། རེག་པའི་ཟས་དང་། ཡིད་ལ་སེམས་པའི་ཟས་དང་། རྣམ་

པར་ཤེས་པའི་ཟས་སོ། །དེ་དག་གི་རྣམ་པར་གཞག་པ་ཡང་རྣམ་པ་དྲུག་གིས་བསྟན་ཏེ། ངོ་བོ་ཉིད་དང་། དོན་དང་། རབ་ཏུ་དབྱེ་བ་དང་། གོ་རིམས་དང་། བསྡུ་བ་དང་། རྟེན་གྱིས་སོ། །དེ་ལ་ཟས་རྣམ་པར་གཞག་པ་གང་ཞེ་ན། ཁམ་གྱི་ཟས་ཀྱི་ངོ་བོ་ཉིད་

ནི་དྲི་དང་། རོ་དང་། རེག་བྱའི་སྐྱེ་མཆེད་གསུམ་གྱིས་བསྡུས་པའི་ཁམ་གྱི་ཟས་ཡོངས་སུ་འཇུག་པའི་ཚེ། དྲི་དང་། རོ་དང་། རེག་བྱའི་མཐུ་དང་། རྣམ་པར་སྨིན་པ་ལ་སོགས་པའི་སྟོབས་ཀྱིས་རྣམ་པར་ཤེས་པ་ལ་ཕན་འདོགས་པར་བྱེད་ཅིང་། ཕན་བཏགས་པའི་རྣམ་

པར་ཤེས་པ་སྟོབས་དང་ལྡན་པ་དེས་དབང་པོ་གཟུགས་ཅན་ལྔ་དང་། ཡིད་ཀྱི་དབང་པོ་དང་། དབང་པོའི་རྟེན་གྱི་འབྱུང་བ་ཆེན་པོ་རྣམས་འཕེལ་ཞིང་། ཡངས་པ་དང་། རྒྱས་པར་འགྱུར་བ་གང་ཡིན་པའོ། །རེག་པའི་ཟས་ཀྱི་ངོ་བོ་ཉིད་ནི་རེག་པའི་སྐྱེ་མཆེད་དྲུག་གིས་བསྡུས་

པའི་རེག་པ་བདེ་བའམ། ཡིད་བདེ་བ་དང་། བཏང་སྙོམས་ཀྱི་ཚོར་བ་སྐྱེད་པར་བྱེད་པ་ད་ལྟར་བྱུང་བའི་བདེ་བ་འམ། བཏང་སྙོམས་ཀྱི་སྟོབས་ཀྱིས་རྣམ་པར་ཤེས་པ་ལ་ཕན་འདོགས་པར་བྱེད་ཅིང་། ཕན་བཏགས་པའི་རྣམ་པར་ཤེས་པ་སྟོབས་དང་ལྡན་པ་དེས་དབང་པོ་

Vol. 206 · folio 52a

གཟུགས་ཅན་ལྔ་དང་། ཡིད་ཀྱི་དབང་པོ་དང་། དབང་པོའི་རྟེན་གྱི་འབྱུང་བ་ཆེན་པོ་རྣམས་འཕེལ་ཞིང་ཡངས་པ་དང་། རྒྱས་པར་འགྱུར་བ་གང་ཡིན་པའོ། །ཡིད་ལ་སེམས་པའི་ཟས་ཀྱི་ངོ་བོ་ཉིད་ནི་ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་ཀྱིས་བསྡུས་པའི་སེམས་

པ་ཡུལ་འདོད་པ་འཐོབ་པའི་རྒྱུ་ཡང་དག་པའི་ཐབས་ཉོན་མོངས་པ་ཅན་ནམ། ཉོན་མོངས་པ་ཅན་མ་ཡིན་པ་ལ་བརྟེན་ནས་རེ་བའི་ཡིད་བདེ་བ་མ་འོངས་པའི་ཡུལ་ལ་དམིགས་པས་མ་འོངས་པའི་ཡུལ་འདོད་པ་ཐོབ་ཏུ་རེ་བའི་ཡིད་ལ་སེམས་པའི་སྟོབས་ཀྱིས་རྣམ་པར་ཤེས་པ་ལ་ཕན་

འདོགས་པར་བྱེད་ཅིང་ཕན་བཏགས་པའི་རྣམ་པར་ཤེས་པ་སྟོབས་དང་ལྡན་པ་དེས་དབང་པོ་གཟུགས་ཅན་ལྔ་དང་ཡིད་ཀྱི་དབང་པོའི་རྟེན་གྱི་འབྱུང་བ་ཆེན་པོ་རྣམས་འཕེལ་ཞིང་ཡངས་པ་དང་རྒྱས་པར་གྱུར་པ་གང་ཡིན་པའོ། །རྣམ་པར་ཤེས་པའི་ཟས་ཀྱི་ངོ་བོ་ཉིད་ནི་ཉིད་ཀྱི་སྐྱེ་མཆེད་ཀྱིས་

བསྡུས་པ་རྣམ་པར་ཤེས་པ་ཟས་གསུམ་པོ་རྣམས་ཀྱི་ད་ལྟར་དང་། མ་འོངས་པ་ལ་དམིགས་པས་ཕན་བཏགས་ཤིང་སྟོབས་དང་ལྡན་པ་དེས་དབང་པོ་གཟུགས་ཅན་ལྔ་དང་། ཡིད་ཀྱི་དབང་པོ་དང་། དབང་པོའི་རྟེན་གྱི་འབྱུང་བ་ཆེན་པོ་རྣམས་འཕེལ་ཞིང་ཡངས་པ་དང་། རྒྱས་

པར་འགྱུར་བ་གང་ཡིན་པ་སྟེ། དེ་ནི་ཟས་རྣམས་ཀྱི་ངོ་བོ་ཉིད་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་ཟས་རྣམས་ཀྱི་དོན་རྣམ་པར་གཞག་པ་གང་ཞེ་ན། རྣམ་པ་གཉིས་ཏེ། ངེས་པའི་ཚིག་དང་། དགོས་པའོ། །དེ་ལ་ངེས་པའི་ཚིག་ནི་ཟས་ཞེས་བྱ་ཞེ་ན། ཟས་ཀྱི་དོན་བསྟན་

པ་སྟེ། ཟས་ཀྱི་དོན་ནི་ཁམས་གསུམ་ན་སྤྱོད་པའི་སེམས་ཅན་སྐྱེས་ཤིང་འབྱུང་བ་རྣམས་ཀྱི་གནས་པ་སྒྲུབ་པར་བྱེད་པའི་དོན་ཏོ། །དགོས་པ་ཅིའི་ཕྱིར་ཟས་རྣམ་པར་གཞག་པ་ཡོངས་སུ་བསྟན་ཞེ་ན། ཟས་རྣམ་པར་བཞག་པའི་དགོས་པ་བསྟན་པ་སྟེ། གནས་པ་སྒྲུབ་

པར་བྱེད་པའི་ཆོས་རྣམས་ཀྱི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར་ཏེ། དེ་ནི་ཟས་རྣམས་ཀྱི་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་ཟས་རྣམས་ཀྱི་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་གང་ཞེ་ན། རྣམ་པ་བདུན་ཏེ། ཁམས་ཀྱི་རབ་ཏུ་དབྱེ་བ་དང་། རགས་པ་དང་ཆ་ཕྲ་

Vol. 206 · folio 52b

བའི་རབ་ཏུ་དབྱེ་བ་དང་། དངོས་པོའི་རབ་ཏུ་དབྱེ་བ་གང་ཞེ་ན། གནས་སྐབས་ཀྱི་རབ་ཏུ་དབྱེ་བ་དང་། ཟས་དང་ཟས་མ་ཡིན་པའི་རབ་ཏུ་དབྱེ་བ་དང་། བྱ་བ་བྱེད་པའི་རབ་ཏུ་དབྱེ་བ་དང་། མུ་བཞིར་བཅད་པའི་རབ་ཏུ་དབྱེ་བའོ། །དེ་ལ་ཁམས་ཀྱི་རབ་ཏུ་དབྱེ་བ་གང་ཞེ་ན། ཁམ་

གྱི་ཟས་ཀྱིས་ནི་འདོད་པ་ན་སྤྱོད་པའི་སེམས་ཅན་རྣམས་གནས་ཤིང་འཚོ་བའོ། །རེག་པ་དང་། ཡིད་ལ་སེམས་པ་དང་། རྣམ་པར་ཤེས་པའི་ཟས་ཀྱིས་ནི་ཁམས་གསུམ་ན་སྤྱོད་པའི་སེམས་ཅན་ཐམས་ཅད་གནས་ཤིང་འཚོ་བའོ། །རགས་པ་དང་ཆ་ཕྲ་བའི་རབ་ཏུ་དབྱེ་བ་གང་

ཞེ་ན། ཁམས་ཀྱི་ཟས་རགས་པ་ནི་དུད་འགྲོ་དང་། ཡི་དགས་དང་། མི་བཙས་པའི་དུས་ཚུན་ཆད་ལ་གནས་པ་རྣམས་ཀྱིའོ། །ཆ་ཕྲ་བ་ནི་སེམས་ཅན་མངལ་ན་གནས་པ་མེར་མེར་པོ་ལ་སོགས་པའི་དུས་རྣམས་དང་། ལྷའི་རིས་དྲུག་པོ་དག་གི་སྟེ། དེ་དག་ནི་ཁམ་གྱི་ཟས་

ཟོས་པའི་མོད་ལ་ལུས་ཀྱི་ཡན་ལག་ཐམས་ཅད་དུ་ཅིག་ཅར་འཇུ་ཞིང་རིམ་གྱིས་མ་ཡིན་པས་དེ་དག་ལ་བཤང་བ་དང་། གཅི་བར་གྱུར་པ་ཡང་མེད་དོ། །ཉི་ཚེ་བའི་སེམས་ཅན་དམྱལ་བ་ཁ་ཅིག་མ་གཏོགས་པ་སེམས་ཅན་དམྱལ་བ་པ་རྣམས་ལ་ཡང་ཁམ་གྱི་ཟས་མེད་དེ། དེ་

དག་ནི་རླུང་ཆ་ཕྲ་མོ་རྗེས་སུ་ཞུགས་པ་ཟས་ཀྱི་ཐ་སྙད་ལ་མ་གཏོགས་པ་དང་། ལས་ཀྱི་དབང་གིས་གནས་ཤིང་འཚོའོ། །རེག་པ་དང་། ཡིད་ལ་སེམས་པ་དང་། རྣམ་པར་ཤེས་པའི་ཟས་རགས་པ་གང་ཞེ་ན། འདོད་པ་ན་སྤྱོད་པ་རྣམས་ཀྱིའོ། །ཆ་ཕྲ་བ་གང་ཞེ་ན། གཟུགས་

དང་གཟུགས་མེད་པ་ན་སྤྱོད་པ་རྣམས་ཀྱིའོ། །དངོས་པོའི་རབ་ཏུ་དབྱེ་བ་གང་ཞེ་ན། ཁམ་གྱི་ཟས་ཀྱིས་ནི་འདའ་གུ་དང་། སྣུམ་ཁུར་དང་། འབྲས་ཆན་དང་། ཟན་དྲོན་དང་། ཞུན་མར་དང་། སྦྲང་རྩི་དང་། བུ་རམ་གྱི་དབུ་བ་དང་། ཤ་དང་། ཉ་ཤ་དང་། ཤ་སྐམ་དང་། ལན་

ཚྭ་དང་། འོ་མ་དང་། ཞོ་དང་། མར་དང་། གཞན་ཡང་དེ་ལྟ་བུའི་ཡོ་བྱད་གང་དག་ཁམ་དུ་བྱས་ཏེ། བཟར་རུང་བ་དག་སྟེ། དེའི་ཕྱིར་ཁམ་གྱི་ཟས་ཞེས་བྱའོ། །རེག་པའི་ཟས་ཀྱིས་ནི་རེག་པའི་སྐྱེ་མཆེད་དྲུག་གིས་བསྡུས་པའི་རེག་པའི་ཚོར་བ་དྲུག་པོ་བདེ་བ་དང་། ཡིད་བདེ་

Vol. 206 · folio 53a

བ་དང་། བཏང་སྙོམས་ཀྱི་ཚོར་བ་སྐྱེད་པར་བྱེད་པ་ལྟར་བྱུང་བ་དག་གོ། །ཡིད་ལ་སེམས་པའི་ཟས་ཀྱི་འདུས་ཏེ་རེག་པའི་ཚོགས་དྲུག་གིས་བསྡུས་པའི་སེམས་པའི་ཚོགས་དྲུག་པོ་མ་འོངས་པའི་ཡུལ་འདོད་པ་ལས་དམིགས་པ་དག་གོ། །རྣམ་པར་ཤེས་

པའི་ཟས་ཀྱིས་ནི་ཡིད་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པ་རྣམ་པར་ཤེས་པའི་ཚོགས་བརྒྱད་པོ་ཟས་གསུམ་པོ་རྣམས་ཀྱིས་ད་ལྟར་དང་མ་འོངས་པ་ལས་དམིགས་པས་ཕན་བཏགས་ཤིང་སྟོབས་དང་ལྡན་པ་དག་གོ། །གནས་སྐབས་ཀྱི་རབ་ཏུ་དབྱེ་བ་གང་ཞེ་ན། ཁམ་གྱི་ཟས་དུས་གང་གི་

ཚེ་ཟས་ཉིད་དུ་རྣམ་པར་གཞག་ཅེ་ན། འཇུག་པའི་ཚེ་ཁོ་ན་ཟས་སུ་རྣམ་པར་གཞག་གི། ཟ་བའི་ཚེ་ན་ནི་མ་ཡིན་ནོ། །རེག་པ་དང་། ཡིད་ལ་སེམས་པ་དང་། རྣམ་པར་ཤེས་པའི་ཟས་ནི་གང་གི་ཚེ་དབང་པོ་དང་འབྱུང་བ་ཆེན་པོ་རྣམས་འཕེལ་ཞིང་ཡངས་པ་དང་རྒྱས་པར་འགྱུར་

བའི་ཚེ་ན་ཟས་སུ་རྣམ་པར་གཞག་གོ། །ཟས་དང་ཟས་མ་ཡིན་པའི་རབ་ཏུ་དབྱེ་བ་གང་ཞེ་ན། ཁམ་གྱི་ཟས་ནི་དབང་པོ་དང་འབྱུང་བ་ཆེན་པོ་འཕེལ་ཞིང་ཡངས་པ་དང་རྒྱས་པར་བྱེད་པ་ནི་ཟས་ཡིན་ལ། དེ་ལས་བཟློག་པ་ནི་ཟས་མ་ཡིན་ཏེ། དེ་ལ་ཁམ་གང་ཟ་བའི་ཚེ་ན། ཡིད་དུ་འོང་

བར་ཟ་བ་པོའི་དབང་པོ་ཚིམ་པར་བྱེད་པ་དེ་ནི་ད་དུང་མ་ཞུ་བས་དབང་པོ་དང་འབྱུང་བ་ཆེན་པོ་རྣམས་འཕེལ་ཞིང་ཡངས་པ་དང་། རྒྱས་པར་མི་བྱེད་པའི་ཕྱིར་ཁམ་གྱི་ཟས་ཞེས་བརྗོད་པར་ནི་མི་བྱ་མོད་ཀྱི། འོན་ཀྱང་དེའི་རེག་པའི་སྐྱེ་མཆེད་དྲུག་ཅར་ནས་དབང་པོ་དང་འབྱུང་བ་ཆེན་པོ་

རྣམས་འཕེལ་ཞིང་ཡངས་པ་དང་རྒྱས་པར་བྱེད་པས་རེག་པའི་ཟས་ཞེས་བརྗོད་པར་བྱའོ། །ཁམ་དེ་འཕྲོད་པས་དབང་པོ་དང་འབྱུང་བ་ཆེན་པོ་རྣམས་འཕེལ་ཞིང་ཡངས་པ་དང་། རྒྱས་པར་འགྱུར་བར་འཇུ་བ་ནི་དེ་འཇུ་བའི་ཚེ་ན་ཁམ་གྱི་ཟས་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་ཁམ་

དེ་ཞུ་ཡང་དབང་པོ་དང་འབྱུང་བ་ཆེན་པོ་རྣམས་འཕེལ་ཞིང་ཡངས་པ་དང་། རྒྱས་པར་མི་འགྱུར་ན་ནི་དེ་ཞུར་ཟིན་ཀྱང་ཁམ་གྱི་ཟས་མ་ཡིན་པར་བརྗོད་པར་བྱའོ། །ཁམ་གང་ཟ་བའི་ཚེ་ན་ཁ་བ་དང་། ཚ་བ་ལ་སོགས་པས་གནོད་པ་བྱེད་པ་དང་། འདུ་བའི་ཚེ་ཕན་འདོགས་པར་བྱེད་པ་དེ་ནི་

Vol. 206 · folio 53b

ཁམ་གྱི་ཟས་ཡིན་པར་བརྗོད་པར་བྱའོ། །ཁམ་གང་ཟ་བའི་ཚེ་ན་ཞིམ་ལ་འཇུ་བའི་ཚེ་ན་མི་འཕྲོད་པ་དེ་ནི་ཁམ་གྱི་ཟས་མ་ཡིན་པར་བརྗོད་པར་བྱའོ། །ཁམ་གང་དྲི་དང་རོ་དང་རེག་བྱའི་སྐྱེ་མཆེད་ཀྱིས་བསྡུས་པ་ནི་ལེགས་པར་ཞུ་བས་ཕན་འདོགས་པ་ཁམ་གྱི་ཟས་ཡིན་གྱི། གཟུགས་

དང་སྒྲའི་སྐྱེ་མཆེད་ནི་ཕན་པར་ཡང་མི་འཇུ་གནོད་པར་ཡང་མི་འཇུ་བའི་ཁམ་གྱི་ཟས་ཡིན་པར་བརྗོད་པར་མི་བྱའོ། །རེག་པ་དང་། ཡིད་ལ་སེམས་པ་དང་། རྣམ་པར་ཤེས་པའི་ཟས་ནི་སྔར་སོ་སོའི་ངོ་བོ་ཉིད་ཇི་སྐད་བསྟན་པ་དེ་དག་ནི་དབང་པོ་དང་། འབྱུང་བ་ཆེན་པོ་རྣམས་

འཕེལ་ཞིང་ཡངས་པ་དང་། རྒྱས་པར་གྱུར་པར་ཟས་ཡིན་པར་བརྗོད་པར་བྱའོ། །སྡུག་བསྔལ་དང་ཡིད་མི་བདེ་བའི་ཚོར་བ་སྐྱེད་པར་བྱེད་པའི་རེག་པ་དང་། ཡུལ་འདོད་པ་ཐོབ་ཏུ་མི་རེ་བ་དང་། ཡུལ་མི་འདོད་པ་ཐོབ་ཏུ་དོགས་པའི་ཡིད་ལ་སེམས་པ་དང་། ཟས་གསུམ་

དང་བྲལ་ཞིང་ཟས་གསུམ་གྱི་མི་མཐུན་པའི་ཕྱོགས་དང་ཕྲད་པའི་རྣམ་པར་ཤེས་པ་གནོད་པས་ཉམ་ཐག་པ་དང་། འཆི་ཁའི་རྣམ་པར་ཤེས་པ་ལ་སོགས་པ་ནི་དབང་པོ་དང་འབྱུང་བ་ཆེན་པོ་རྣམས་འཕེལ་ཞིང་ཡངས་པ་དང་། རྒྱས་པར་མི་འགྱུར་བས་ཟས་མ་ཡིན་པར་བརྗོད་པར་

བྱའོ། །བྱ་བ་བྱེད་པའི་རབ་ཏུ་དབྱེ་བ་གང་ཞེ་ན། ཁམ་གྱི་ཟས་ཀྱིས་ནི་ཡོངས་སུ་འཇུ་བའི་ཚེ་དྲི་དང་རོ་དང་རེག་བྱའི་མཐུ་དང་། རྣམ་པར་སྨིན་པ་ལ་སོགས་པའི་སྟོབས་ཀྱི་རྣམ་པར་ཤེས་པ་ལ་ཕན་འདོགས་པར་བྱེད་ཅིང་ཕན་བཏགས་པའི་རྣམ་པར་ཤེས་པ་སྟོབས་དང་ལྡན་པ་

དེས་དབང་པོ་དང་འབྱུང་བ་ཆེན་པོ་རྣམས་འཕེལ་ཞིང་ཡངས་པ་དང་། རྒྱས་པར་བྱེད་པས་ཟས་ཀྱི་བྱ་བ་བྱེད་དོ། །རེག་པ་དང་ཡིད་ལ་སེམས་པ་དང་། རྣམ་པར་ཤེས་པའི་ཟས་ཀྱིས་ནི་སོ་སོའི་སྟོབས་ཀྱིས་རྣམ་པར་ཤེས་པ་ལ་ཕན་འདོགས་པར་བྱེད་ཅིང་ཕན་བཏགས་པའི་རྣམ་

པར་ཤེས་པ་སྟོབས་དང་ལྡན་པ་དེས་དབང་པོ་དང་འབྱུང་བ་ཆེན་པོ་རྣམས་འཕེལ་ཞིང་ཡངས་པ་དང་། རྒྱས་པར་བྱེད་པས་ཟས་ཀྱི་བྱ་བ་བྱེད་དོ། །དེ་ལ་རྣམ་པར་ཤེས་པ་ཇི་ལྟར་ན་ཡིད་ཀྱི་དབང་པོའི་ཟས་ཡིན་ཞེ་ན། དེ་ལྟར་ཟས་རྣམ་པ་གསུམ་གྱིས་ཉེ་བར་བརྟགས་

Vol. 206 · folio 54a

པའི་རྣམ་པར་ཤེས་པ་དེ་ཡིད་ཀྱི་དབང་པོ་གོང་ནས་གོང་དུ་ཆེས་བརྟས་པ་དང་། ཆེས་སྟོབས་དང་ལྡན་པར་སྐྱེ་བའི་རྒྱུར་གྱུར་པའི་ཕྱིར་རོ། །མུ་བཞིར་བཅད་པའི་རབ་ཏུ་དབྱེ་བ་གང་ཞེ་ན། ཁམ་གང་ཡིན་པ་དེ་ཟས་ཀྱང་ཡིན་ལ། ཟས་གང་

ཡིན་པ་དེ་ཡང་ཁམ་ཡིན་ནམ་ཞེ་ན། མུ་བཞི་སྟེ། ཁམ་ཡིན་ལ་ཟས་མ་ཡིན་པ་ནི། ཁམ་གང་དབང་པོ་དང་འབྱུང་བ་ཆེན་པོ་འཕེལ་བར་མི་འགྱུར་བའོ། །ཟས་ཡིན་ལ་ཁམ་མ་ཡིན་པ་ནི་རེག་པ་དང་། ཡིད་ལ་སེམས་པ་དང་། རྣམ་པར་ཤེས་པ་གང་དབང་པོ་

དང་འབྱུང་བ་ཆེན་པོ་འཕེལ་བར་འགྱུར་བའོ། །ཟས་ཀྱང་ཡིན་ལ་ཁམ་ཡང་ཡིན་པ་ནི་ཁམ་གང་དབང་པོ་དང་འབྱུང་བ་ཆེན་པོ་འཕེལ་བར་འགྱུར་བའོ། །ཁམ་ཡང་མ་ཡིན་ལ་ཟས་ཀྱང་མ་ཡིན་པ་ནི་རེག་པ་དང་། ཡིད་ལ་སེམས་པ་དང་། རྣམ་པར་ཤེས་པ་གང་དབང་པོ་

དང་འབྱུང་བ་ཆེན་པོ་འཕེལ་བར་མི་འགྱུར་བའོ། །རེག་པ་ལ་སོགས་པ་ལྷག་མ་རྣམས་ལ་ཡང་མུ་བཞི་དེ་བཞིན་དུ་ཅི་རིགས་པར་བརྗོད་པར་བྱ་སྟེ། དེ་ནི་ཟས་རྣམས་ཀྱི་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་ཟས་རྣམས་ཀྱི་གོ་རིམས་རྣམ་པར་གཞག་པ་གང་ཞེ་

ན། རྣམ་པ་ལྔའི་ཕྱིར་ཏེ། མང་བའི་རིམ་པ་དང་། བརྡ་ཕྲད་པའི་རིམ་པ་དང་། ཕན་འདོགས་པའི་རིམ་པ་དང་། སྲོག་གི་དབང་པོ་འཛིན་པའི་རིམ་པ་དང་། དྲན་པ་ཉེ་བར་གཞག་པ་ལ་འཇུག་པའི་ཕྱིར་རོ། །དེ་ལ་མང་བའི་རིམ་པ་ནི་ཁམ་གྱི་ཟས་ནི་དྲི་དང་། རོ་དང་།

རེག་བྱའི་སྐྱེ་མཆེད་ཀྱིས་བསྡུས་པའི་ཁམ་དུ་བྱ་བའི་ཟས་སྒོ་མང་པོ་སྣ་ཚོགས་ནས་བྱུང་བ་དང་པོར་བསྟན་ཏོ། །རེག་པའི་ཟས་ནི་བདེ་བ་དང་། ཡིད་བདེ་བ་དང་། བཏང་སྙོམས་ཀྱི་ཚོར་བ་སྐྱེད་པར་བྱེད་པའི་རེག་པའི་ཚོགས་ཉི་ཚེ་ལས་བྱུང་བས་སྔ་མས་ཀྱང་ཉུང་བའི་ཕྱིར་དེའི་འོག་

ཏུ་བསྟན་ཏོ། །ཡིད་ལ་སེམས་པའི་ཟས་ནི་ཡུལ་འདོད་པ་ཐོབ་ཏུ་རེ་བ་ལ་སེམས་པའི་ཡིད་ལ་སེམས་པ་འབའ་ཞིག་ལས་བྱུང་བས་སྔ་མ་བས་ཀྱང་ཆེས་ཉུང་བའི་ཕྱིར་དེའི་འོག་ཏུ་བསྟན་ཏོ། །རྣམ་པར་ཤེས་པའི་ཟས་སྔ་མ་གསུམ་པོ་དག་གིས་ཕན་བཏགས་པའི་རྣམ་

Vol. 206 · folio 54b

པར་ཤེས་པ་ཉི་ཚེ་ལས་བྱུང་བས་སྔ་མ་བས་ཀྱང་ཆེས་ཤིན་ཏུ་ཉུང་བའི་ཕྱིར་དེའི་འོག་ཏུ་བསྟན་ཏོ། །བརྡ་ཕྲད་པར་སླ་བའི་རིམ་པ་ནི་ཁམ་གྱི་ཟས་ནི་བྱིས་པ་ཡན་ཆད་ཀྱིས་ཀྱང་གཟུང་བ་དང་། འཇུག་པ་དང་། རྟོགས་པར་སླ་བས་དང་པོར་བསྟན་ཏོ། །རེག་པའི་ཟས་ནི་ངོ་བོ་

ཉིད་དང་། གནས་དང་། དམིགས་པ་དང་། གྲོགས་དང་ལས་ལ་སོགས་པ་སྔ་མ་བས་བརྡ་ཕྲད་པར་དཀའ་བས་དེའི་འོག་ཏུ་བསྟན་ཏོ། །ཡིད་ལ་སེམས་པའི་ཟས་ནི་ངོ་བོ་ཉིད་ལ་སོགས་པ་སྔ་མ་བས་ཀྱང་ཆེས་བརྡ་ཕྲད་པར་དཀའ་བས་དེའི་འོག་ཏུ་བསྟན་ཏོ། །རྣམ་པར་

ཤེས་པའི་ཟས་ནི་ངོ་བོ་ཉིད་ལ་སོགས་པ་སྔ་མ་བས་ཀྱང་ཆེས་ཤིན་ཏུ་བརྡ་ཕྲད་པར་དཀའ་བས་དེའི་འོག་ཏུ་བསྟན་ཏོ། །ཕན་འདོགས་པའི་རིམ་པ་ནི་ཁམ་གྱི་ཟས་ནི་དབང་པོ་དང་། འབྱུང་བ་ཆེན་པོ་འཕེལ་བ་ལ་ཕན་འདོགས་པའི་མཐུ་ཆེ་བས་དང་པོར་བསྟན་ཏེ། །རེག་

པའི་ཟས་ནི་སྔ་མ་བས་ཕན་འདོགས་པའི་མཐུ་ཆུང་བས་དེའི་འོག་ཏུ་བསྟན་ཏོ། །ཡིད་ལ་སེམས་པའི་ཟས་ནི་སྔ་མ་བས་ཀྱང་ཕན་འདོགས་པའི་མཐུ་ཆེས་ཆུང་བས་དེའི་འོག་ཏུ་བསྟན་ཏོ། །རྣམ་པར་ཤེས་པའི་ཟས་ནི་སྔ་མ་བས་ཀྱང་ཕན་འདོགས་པའི་མཐུ་ཆེས་ཤིན་ཏུ་

ཆུང་བས་དེའི་འོག་ཏུ་བསྟན་ཏོ། །སྲོག་གི་དབང་པོ་འཛིན་པའི་རིམ་པ་ནི་ཁམ་གྱི་ཟས་ནི་དེ་ཡོད་ན་སྲོག་གི་དབང་པོ་རེ་ཞིག་མི་འགགས་པས་དང་པོར་བསྟན་ཏོ། །རེག་པའི་ཟས་ནི་ཁམ་གྱི་ཟས་མེད་ན་དེ་ཡོད་ཀྱང་སྲོག་གི་དབང་པོ་མྱུར་དུ་འགགས་པས་དེའི་འོག་ཏུ་བསྟན་ཏོ། །

ཡིད་ལ་སེམས་པའི་ཟས་ནི་ཁམ་དང་རེག་པའི་ཟས་མེད་ན་དེ་ཡོད་ཀྱང་སྲོག་གི་དབང་པོ་ཆེས་མྱུར་དུ་འགགས་པས་དེའི་འོག་ཏུ་བསྟན་ཏོ། །རྣམ་པར་ཤེས་པའི་ཟས་ནི་ཁམ་དང་། རེག་པ་དང་། ཡིད་ལ་སེམས་པའི་ཟས་མེད་ན་གཏན་མེད་པས་སྲོག་གི་དབང་པོ་ཆེས་ཤིན་ཏུ་མྱུར་དུ་

འགགས་པས་དེའི་འོག་ཏུ་བསྟན་ཏོ། །དྲན་པ་ཉེ་བར་གཞག་པ་ལ་འཇུག་པའི་རིམ་པ་ནི་ཁམ་གྱི་ཟས་ནི་ལུས་དྲན་པ་ཉེ་བར་གཞག་པ་ལ་འཇུག་པའི་སྒོ་ཡིན་པས་དང་པོར་བསྟན་ཏོ། །རེག་པའི་ཟས་ནི་ཚོར་བ་དྲན་པ་ཉེ་བར་གཞག་པ་ལ་འཇུག་པའི་སྒོ་ཡིན་པས་དེའི་འོག་ཏུ་

Vol. 206 · folio 55a

བསྟན་ཏོ། །ཡིད་ལ་སེམས་པའི་ཟས་ནི་ཆོས་དྲན་པ་ཉེ་བར་གཞག་པ་ལ་འཇུག་པའི་སྒོ་ཡིན་པས་དེའི་འོག་ཏུ་བསྟན་ཏོ། །རྣམ་པར་ཤེས་པའི་ཟས་ནི་སེམས་དྲན་པ་ཉེ་བར་གཞག་པ་ལ་འཇུག་པའི་སྒོ་ཡིན་པས་དེའི་འོག་ཏུ་བསྟན་ཏེ། དེ་ནི་ཟས་

རྣམས་ཀྱི་གོ་རིམས་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་ཟས་རྣམས་ཀྱི་བསྡུ་བ་རྣམ་པར་གཞག་པ་གང་ཞེ་ན། ཁམ་གྱི་ཟས་ནི་གཟུགས་ཀྱི་ཕུང་པོར་གཏོགས་པས་དེ་ནི་གཟུགས་ཀྱི་ཕུང་པོའི་ཆོས་གང་དག་བསྡུས་པ་དེ་དག་བསྡུས་སོ། །རེག་པ་དང་ཡིད་ལ་སེམས་པའི་

ཟས་ནི་འདུ་ཤེས་ཀྱི་ཕུང་པོར་གཏོགས་པས་དེ་གཉིས་ཀྱིས་ནི་འདུ་བྱེད་ཀྱི་ཕུང་པོས་ཆོས་གང་དག་བསྡུས་པ་དེ་དག་བསྡུས་སོ། །རྣམ་པར་ཤེས་པའི་ཟས་ནི་རྣམ་པར་ཤེས་པའི་ཕུང་པོར་གཏོགས་པས་དེས་ནི་རྣམ་པར་ཤེས་པའི་ཕུང་པོས་ཆོས་གང་དག་བསྡུས་པ་དེ་དག་བསྡུས་

པར་བལྟ་བར་བྱའོ། །དེ་ལ་གཉིད་དང་ཡ་ང་བ་སྤངས་པ་དང་། ཚངས་པར་སྤྱོད་པ་དང་། སྙོམས་པར་འཇུག་པ་དག་ཀྱང་དབང་པོ་དང་འབྱུང་བ་ཆེན་པོ་རྒྱས་པར་བྱེད་པ་ཡིན་ན། ཅིའི་ཕྱིར་ཟས་ཡིན་པར་རྣམ་པར་མི་གཞག་ཅེ་ན། རྒྱས་པར་ནི་གཉིས་པོ་འདི་དག་ཡིན་ཏེ།

དོན་གཞན་ལ་ཕན་འདོགས་པས་རྒྱས་པ་དང་། གནོད་པར་མི་བྱེད་པས་རྒྱས་པའོ། །དེ་ལ་གཉིད་ལ་སོགས་པ་ནི་རྒྱས་པ་ཕྱི་མ་ཤོས་ཀྱིས་རྒྱས་པར་བྱེད་པ་ཡིན་གྱི། སྔ་མ་ཤོས་ཀྱིས་མ་ཡིན་ཏེ། དེའི་ཕྱིར་དེ་དག་ཟན་ཡིན་པར་མི་གཞག་གོ། །ཅིའི་ཕྱིར་ལུས་གནས་

པར་བྱེད་པའི་སྲོག་གི་དབང་པོ་ཟས་ཡིན་པར་རྣམ་པར་མི་གཞག་ཅེ་ན། དེ་ནི་ཟས་མེད་ན་རྒྱས་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །གང་གི་ཚེ་རྒྱུ་བདུན་གྱིས་འདུ་བྱེད་རྣམས་གནས་པར་འགྱུར་ཏེ། བདུན་གང་ཞེ་ན། སྐྱེ་བ་དང་། སྲོག་གི་དབང་པོ་དང་། ཟས་དང་། སེམས་

ལ་དབང་བ་རྣམས་ཀྱི་རྫུ་འཕྲུལ་དང་། རྒྱུ་དང་རྐྱེན་ཚོགས་པ་དང་། སྔོན་གྱི་ལས་ཀྱིས་འཕེན་པ་དང་། བར་དུ་གཅོད་པ་མེད་པ་སྟེ། རྒྱུ་བདུན་པོ་དེ་དག་གིས་འདུ་བྱེད་རྣམས་གནས་པར་གྱུར་པ་དམིགས་པ་དེའི་ཚེ་ཅིའི་ཕྱིར་སེམས་ཅན་སྐྱེས་ཤིང་འབྱུང་བ་རྣམས་ཟས་བཞི་པོ་ཁོ་ནས་

Vol. 206 · folio 55b

གནས་པར་གསུངས་ཏེ། ཟས་བཞི་ནི་མང་བའི་ཕྱིར་དང་། བརྡ་ཕྲད་སླ་བའི་ཕྱིར་དང་། ཕན་འདོགས་པར་བྱེད་པའི་ཕྱིར་དང་། སྲོག་གི་དབང་པོ་འཛིན་པའི་ཕྱིར་དང་། དྲན་པ་ཉེ་བར་གཞག་པ་ལ་འཇུག་པའི་སྒོ་ཡིན་པའི་ཕྱིར་སེམས་ཅན་སྐྱེས་ཤིང་འབྱུང་བ་རྣམས་

ཟས་བཞིས་གནས་པ་ཁོ་ན་ཡིན་པར་གསུངས་ཏེ། དེ་ནི་ཟས་རྣམས་ཀྱི་བསྡུ་བ་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་ཟས་རྣམས་ཀྱི་རྟེན་རྣམ་པར་གཞག་པ་གང་ཞེ་ན། ཁམ་གྱི་ཟས་ནི་གཟུགས་ཀྱི་ཕུང་པོར་གཏོགས་ལ་རེག་པ་དང་ཡིད་ལ་སེམས་པ་དང་། རྣམ་པར་ཤེས་

པའི་ཟས་ནི་མིང་གིས་བསྡུས་པའི་ཕུང་པོ་ཡིན་པས་དེ་དག་གི་རྟེན་དང་། སྔར་གཟུགས་ཀྱི་ཕུང་པོ་ནི་གནས་དྲུག་ལ་བརྟེན་ཏེ་འཇུག་ལ་མིང་གིས་བསྡུས་པའི་ཕུང་པོ་བཞི་པོ་དག་ནི་གནས་བདུན་ལ་བརྟེན་ཏེ་འཇུག་པར་འགྱུར་རོ་ཞེས་བསྟན་པ་བཞིན་དུ་ཅི་རིགས་པར་སྦྱར་

ཏེ། དེ་ནི་ཟས་རྣམས་ཀྱི་རྟེན་རྣམ་པར་གཞག་པ་ཡིན་ནོ། །དེ་ལྟར་ཟས་རྣམས་ཀྱི་རྟེན་རྣམ་པར་གཞག་པ་ཇི་སྐད་བསྟན་པ་དེ་དག་གིས་སེམས་ཅན་སྐྱེས་ཤིང་འབྱུང་བ་རྣམས་གནས་ཤིང་ཚོར་བར་འགྱུར་བའི་ཕྱིར་དེས་ནི་དེ་འབྱུང་བའི་དངོས་པོ་བསྟན་ཏོ། །དེའི་ཀུན་ནས་ཉོན་

མོངས་པ་དང་རྣམ་པར་བྱང་བའི་དངོས་པོ་ཞེས་བྱ་བས་ནི་བདེན་པ་རྣམས་བསྟན་ཏེ། སྡུག་བསྔལ་འཕགས་པའི་བདེན་པ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་འཕགས་པའི་བདེན་པའོ། །དེ་དག་གི་རྣམ་པར་གཞག་པ་ཡང་རྣམ་པ་དྲུག་གིས་བསྟན་ཏེ།

ངོ་བོ་ཉིད་དང་། དོན་དང་། རབ་ཏུ་དབྱེ་བ་དང་། གོ་རིམས་དང་། བསྡུ་བ་དང་། རྟེན་གྱིས་སོ། །དེ་ལ་བདེན་པ་རྣམས་ཀྱི་ངོ་བོ་ཉིད་རྣམ་པར་གཞག་པ་གང་ཞེ་ན། སྡུག་བསྔལ་གྱི་བདེན་པ་ཞེས་བྱ་བ་ལ་སོགས་པས་ནི་བདེན་པ་རྣམས་བསྟན་ཏེ། དེ་ལ་བདེན་པ་ནི་

བཞི་སྟེ། སྡུག་བསྔལ་ལ་འཕགས་པའི་བདེན་པའི་ངོ་བོ་ཉིད་ནི་སྐྱེ་བའི་ཀུན་ནས་ཉོན་མོངས་པ་སྡུག་བསྔལ་བརྒྱད་དང་གསུམ་གྱིས་བསྡུས་པ་གང་ཡིན་པའོ། །ཀུན་འབྱུང་བའི་བདེན་པའི་ངོ་བོ་ཉིད་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་། ལས་ཀྱི་ཀུན་ནས་ཉོན་

Vol. 206 · folio 56a

མོངས་པ་དང་། སྲེད་པས་བསྡུས་པ་གང་ཡིན་པའོ། །འགོག་པའི་བདེན་པའི་ངོ་བོ་ཉིད་ནི་སྡུག་བསྔལ་དང་། ཀུན་འབྱུང་བ་མ་ལུས་པར་སྤངས་པ་ཉོན་མོངས་པ་འགོག་པ་དང་། ཕུང་པོ་འགོག་པས་བསྡུས་པ་གང་ཡིན་པའོ། །ལམ་གྱི་བདེན་

པའི་ངོ་བོ་ཉིད་ནི་སྡུག་བསྔལ་དང་། ཀུན་འབྱུང་བ་སྤོང་བ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཚོགས་ཀྱི་ལམ་དང་། སྦྱོར་བའི་ལམ་དང་། རྣམ་པར་དག་པའི་ལམ་གྱིས་བསྡུས་པ་གང་ཡིན་པ་སྟེ། དེ་ནི་བདེན་པ་རྣམས་ཀྱི་ངོ་བོ་ཉིད་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་

བདེན་པ་རྣམས་ཀྱི་དོན་རྣམ་པར་གཞག་པ་གང་ཞེ་ན། རྣམ་པ་གཉིས་ཏེ། ངེས་པའི་ཚིག་དང་། དགོས་པའོ། །དེ་ལ་ངེས་པའི་ཚིག་ནི་ཅིའི་ཕྱིར་བདེན་པ་ཞེས་བྱ། ཅིའི་ཕྱིར་འཕགས་པའི་བདེན་པ་ཞེས་བྱ། ཅིའི་ཕྱིར་སྡུག་བསྔལ་དང་། འགོག་པ་དང་། ལམ་

ཞེས་བྱ། ཅིའི་ཕྱིར་སྡུག་བསྔལ་བདེན་པ་དང་། ཀུན་འབྱུང་བ་བདེན་པ་དང་། འགོག་པ་བདེན་པ་དང་། ལམ་བདེན་པ་ཞེས་བྱ་ཞེ་ན། བདེན་པ་ཞེས་བྱ་བའི་དོན་ནི་བསྟན་པ་དང་མི་མཐུན་པ་མེད་པའི་མཚན་ཉིད་ཀྱི་དོན་དང་། དེ་མཐོང་ན་རྣམ་པར་དག་པའི་རྒྱུར་འགྱུར་བའི་

དོན་ཏོ། །ཅིའི་ཕྱིར་འཕགས་པའི་བདེན་པ་ཞེས་བྱ་ཞེ་ན། འཕགས་པའི་བདེན་པའི་དོན་ནི་འཕགས་པ་རྣམས་ཀྱི་བདེན་པ་དེ་དག་ཆོས་ཉིད་ཀྱི་སྒོ་དང་། རྟོགས་པའི་སྒོ་གཉི་ག་ནས་དེ་ཁོ་ན་ལྟ་བུ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་མཁྱེན་ཅིང་གཟིགས་ཀྱི། བྱིས་པ་རྣམས་

ཀྱི་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་མི་མཐོང་བས་ན། དེའི་ཕྱིར་འཕགས་པའི་དོན་ཞེས་བྱ་སྟེ། བྱིས་པ་རྣམས་ལ་ཡང་དེ་དག་ཆོས་ཉིད་ཀྱི་སྒོ་ནས་ནི་དོན་མེད་མོད་ཀྱི། རྟོགས་པའི་སྒོ་ནས་ནི་མ་ཡིན་གྱི། འཕགས་པ་རྣམས་ལ་ནི་དེ་གཉི་གའི་སྒོ་ནས་བདེན་པ་ཡིན་ནོ། །

ཅིའི་ཕྱིར་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཞེས་བྱ་ཞེ་ན། སྡུག་བསྔལ་གྱི་དོན་ནི་ཉོན་མོངས་པ་ལས་འབྱུང་བའི་འདུ་བྱེད་དོ། །ཀུན་འབྱུང་བའི་དོན་ནི་སྡུག་བསྔལ་བསྐྱེད་པའི་དོན་ཏོ། །འགོག་པའི་དོན་ནི་དེ་གཉི་ག་ཉེ་བར་ཞི་བའི་དོན་ཏོ། །

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words