འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ

Sanskrit title (Tibetan script, as in the text) ཨཱརྱ་སནྡྷི་ནིར་མོ་ཙ་ནཾ་སཱུ་ཏྲ་སྱ་བྱཱ་ཁྱཱ་ན་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 206 · folio 56b

ལམ་གྱི་དོན་ནི་དོན་གསུམ་པོ་དེ་དག་སྒྲུབ་པའི་དོན་ཏོ། །ཅིའི་ཕྱིར་སྡུག་བསྔལ་བདེན་པ་དང་། ཀུན་འབྱུང་བ་བདེན་པ་དང་། འགོག་པ་བདེན་པ་དང་། ལམ་བདེན་པ་ཞེས་བྱ་ཞེ་ན། སྡུག་བསྔལ་ཡང་སྡུག་བསྔལ་བའི་དོན་ཏོ། །ལམ་གྱི་བར་ཡང་ལམ་གྱི་དོན་

གྱིས་ཡང་དག་པ་དེ་བཞིན་པ་མ་ནོར་བ་སྟེ། ཕྱིན་ཀྱི་མ་ལོག་ཅིང་མ་བསླད་པ་དང་། རང་གི་མཚན་ཉིད་ཀྱིས་མི་སླུ་བའི་ཕྱིར་རོ། །དེ་ལ་དགོས་པ་ནི་ཅིའི་ཕྱིར་བདེན་པ་རྣམ་པར་གཞག་པ་ཡོངས་སུ་བསྟན་ཞེ་ན། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཕྱོགས་སུ་

གཏོགས་པའི་རྒྱུ་དང་འབྲས་བུ་རྣམ་པར་གཞག་པ་བསྟན་པའི་ཕྱིར་ཏེ། སྡུག་བསྔལ་གྱི་བདེན་པ་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་སུ་གཏོགས་པའི་འབྲས་བུ་ཡིན་ལ། ཀུན་འབྱུང་བའི་བདེན་པ་ནི་དེ་སྐྱེད་པར་བྱེད་པའི་རྒྱུ་ཡིན་ནོ། །འགོག་པའི་བདེན་པ་ནི་རྣམ་པར་

བྱང་བའི་ཕྱོགས་སུ་གཏོགས་པའི་འབྲས་བུ་ཡིན་ལ། ལམ་གྱི་བདེན་པ་ནི་དེ་ཐོབ་པར་བྱེད་པའི་རྒྱུ་ཡིན་ཏེ། དེ་ནི་བདེན་པ་རྣམས་ཀྱི་དོན་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་བདེན་པ་རྣམས་ཀྱི་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་གང་ཞེ་ན། རྣམ་པ་དྲུག་སྟེ། ངོ་བོ་ཉིད་

ཀྱི་རབ་ཏུ་དབྱེ་བ་དང་། མངོན་སུམ་དང་རྗེས་སུ་དཔག་པའི་རབ་ཏུ་དབྱེ་བ་དང་། མི་མཐུན་པའི་ཕྱོགས་དང་གཉེན་པོའི་རབ་ཏུ་དབྱེ་བ་དང་། ཡིད་ལ་བྱེད་པའི་རབ་ཏུ་དབྱེ་བ་དང་། མངོན་པར་རྟོགས་པའི་རབ་ཏུ་དབྱེ་བ་དང་། འབྲས་བུ་ཐོབ་པའི་རབ་ཏུ་དབྱེ་བའོ། །དེ་

ལ་ངོ་བོ་ཉིད་ཀྱི་རབ་ཏུ་དབྱེ་བ་གང་ཞེ་ན། སྡུག་བསྔལ་གྱི་བདེན་པའི་ངོ་བོ་ཉིད་ནི་སྐྱེ་བའི་ཀུན་ནས་ཉོན་མོངས་པ་སྡུག་བསྔལ་བརྒྱད་དང་གསུམ་གྱིས་བསྡུས་པ་གང་ཡིན་པའོ་ཞེས་བསྟན་པ་དེ་ལ་སྐྱེ་བའི་ཀུན་ནས་ཉོན་མོངས་པ་ནི་གང་། སྡུག་བསྔལ་བརྒྱད་ནི་གང་ཞེ་ན།

སྐྱེ་བའི་ཀུན་ནས་ཉོན་མོངས་པ་ཞེས་བྱ་བ་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པས་ཁམས་གསུམ་དུ་སྐྱེའོ། །དེའི་འོག་ཏུ་རབ་ཏུ་དབྱེ་བ་ནི་རྣམ་པ་བཞིས་རྣམ་པར་གཞག་སྟེ། རབ་ཏུ་དབྱེ་བ་དང་། སྡུག་བསྔལ་བ་

Vol. 206 · folio 57a

དང་། མ་ཉེས་པ་དང་། འཇུག་པས་སོ། །དེ་ལ་རབ་ཏུ་དབྱེ་བ་ནི་རྣམ་པ་ལྔ་སྟེ། ཁམས་ཀྱི་རབ་ཏུ་དབྱེ་བ་དང་། འགྲོ་བའི་རབ་ཏུ་དབྱེ་བ་དང་། གནས་གཞན་གྱི་རབ་ཏུ་དབྱེ་བ་དང་། རིགས་ཀྱི་རབ་ཏུ་དབྱེ་བ་དང་། འཇིག་རྟེན་

ན་ལུས་ཀྱི་རབ་ཏུ་དབྱེ་བའོ། །དེ་ལ་ཁམས་ཀྱི་རབ་ཏུ་དབྱེ་བ་ནི་ཁམས་གསུམ་དུ་སྐྱེ་བ་རྣམ་པ་གསུམ་མོ། །འགྲོ་བའི་རབ་ཏུ་དབྱེ་བ་ནི་འགྲོ་བ་ལྔར་སྐྱེ་བ་རྣམ་པ་ལྔའོ། །གནས་གཞན་གྱི་རབ་ཏུ་དབྱེ་བ་ནི་འདོད་པའི་ཁམས་ན་གནས་གཞན་སུམ་ཅུ་རྩ་དྲུག་དང་། གཟུགས་

ཀྱི་ཁམས་ན་གནས་གཞན་བཅོ་བརྒྱད་དང་། གཟུགས་མེད་པའི་ཁམས་ན་གནས་གཞན་ལྔ་བཅུ་རྩ་བརྒྱད་དུ་སྐྱེའོ། །རིགས་ཀྱི་རབ་ཏུ་དབྱེ་བ་ནི་འདོད་པའི་ཁམས་ན་མི་རྣམས་ལ་སྐྱེ་བ་རྣམ་པ་གསུམ་ཡོད་དེ། རིགས་ངན་པར་སྐྱེ་བ་དང་། རིགས་བཙུན་པ་དང་།

རིགས་ངན་པ་ཡང་མ་ཡིན་བཙུན་པ་ཡང་མ་ཡིན་པར་སྐྱེ་བ་དང་། འདོད་པ་ན་སྤྱོད་པའི་ལྷ་རྣམས་ལ་ཡང་སྐྱེ་བ་རྣམ་པ་གསུམ་ཡོད་དེ། ལྷ་མ་ཡིན་དུ་སྐྱེ་བ་དང་། ས་གཞི་ལ་བརྟེན་པའི་ནང་དུ་སྐྱེ་བ་དང་། ནམ་མཁའི་གཞལ་མེད་ཁང་ལ་བརྟེན་པའི་ནང་དུ་སྐྱེ་བའོ། །

གཟུགས་ཀྱི་ཁམས་ན་ཡང་སྐྱེ་བ་རྣམ་པ་གསུམ་ཡོད་དེ། སོ་སོའི་སྐྱེ་བོ་རྣམས་ཀྱི་འདུ་ཤེས་དང་བཅས་པར་སྐྱེ་བ་དང་། འདུ་ཤེས་མེད་པར་སྐྱེ་བ་དང་། འཕགས་པ་རྣམས་ཀྱི་གནས་གཙང་མར་སྐྱེ་བའོ། །གཟུགས་མེད་པའི་ཁམས་ན་ཡང་སྐྱེ་བ་རྣམ་པ་གསུམ་

ཡོད་དེ། འདུ་ཤེས་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་སྐྱེ་བ་དང་། འདུ་ཤེས་ཚད་མེད་པ་རྣམས་ཀྱི་ནང་དུ་སྐྱེ་བ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བ་སྟེ། དེ་དག་བསྡོམས་ན་རིགས་བཅུ་གཉིས་སུ་སྐྱེ་བའོ། །འཇིག་རྟེན་ན་ལུས་ཀྱི་རབ་ཏུ་དབྱེ་བ་

ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་དག་ན་གནས་པ་རྣམས་ཀྱི་སྐྱེ་བ་ཚད་མེད་པ་དག་ཡིན་པར་རིག་པར་བྱའོ། དེ་ལ་སྡུག་བསྔལ་བའི་རབ་ཏུ་དབྱེ་བ་ནི་ཡུན་རིང་པོ་ནས་སྐྱེ་བ་དེ་དག་འགྲོ་ཞིང་འཁོར་བ་རྣམས་ཀྱི་ཡན་ལག་དང་ཉིང་ལག་བཅད་པ་མང་པོ་ཉམས་སུ་

Vol. 206 · folio 57b

མྱོང་བ་ལས་ཁྲག་འཛག་ཅིང་འབབ་པ་དང་། དེར་ཕ་མ་དང་། ཕུ་ནུ་དང་། བུ་སྲིང་གི་ཕྱིར་སྡུག་བསྔལ་བ་དང་། གཉེན་བཤེས་དང་། ནོར་དང་། ལོངས་སྤྱོད་ཟད་པ་མང་པོ་ཉམས་སུ་མྱོང་བ་རྣམས་ཀྱིས་མཆི་མ་མང་པོ་འཛག་ཅིང་འབབ་པ་དང་། དེ་དག་ཏུ་མའི་ནུ་ཞོ་འཐུངས་

པ་ཡང་རྒྱ་མཚོ་ཆེན་པོ་བཞིའི་ཆུ་བས་ཀྱང་ཆེས་མང་ངོ་ཞེས་གསུངས་པ་དང་། དེ་ལྟ་བུ་དང་མཐུན་པ་རྣམས་ནི་སྐྱེ་བའི་སྡུག་བསྔལ་བའི་རབ་ཏུ་དབྱེ་བ་ཡིན་པར་རིག་པར་བྱའོ། །དེ་ལ་མ་ངེས་པའི་རབ་ཏུ་དབྱེ་བ་ནི་སྐྱེ་བ་དེ་དག་ཏུ་འགྲོ་ཞིང་འཁོར་བ་རྣམས་ཀྱི་ཕ་དང་མའི་མཐའ་

ཐུག་པ་མེད་པ་དང་། ཕ་མ་དང་། ཕུ་ནུ་དང་། བུ་སྲིང་དང་། མཁན་པོ་དང་། སློབ་དཔོན་དང་། བླ་མ་དང་། བླ་མ་ལྟ་བུར་མ་གྱུར་པ་མེད་པ་དང་། གང་ཟག་གཅིག་གི་རུས་པའི་ཕུང་པོ་ཡང་སྡུད་པ་ཞིག་ཡོད་ལ་བསྡུས་ཀྱང་འཇིག་པ་དང་། རུལ་བར་མི་འགྱུར་དུ་ཟིན་ན་

ནི་རི་ངོས་ཀྱི་དཔངས་ཙམ་མོ་ཞེས་གསུངས་པ་དང་། དེ་ལྟ་བུ་དང་མཐུན་པ་རྣམས་ནི་སྐྱེ་བའི་མ་ངེས་པའི་རབ་ཏུ་དབྱེ་བ་ཡིན་པར་རིག་པར་བྱའོ། །དེ་ལ་འཇུག་པའི་རབ་ཏུ་དབྱེ་བ་ནི་སྐྱེ་བ་དེ་དག་ཏུ་འགྲོ་ཞིང་འཁོར་བ་རྣམས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཉིད་དང་། དོན་དང་།

རབ་ཏུ་དབྱེ་བ་དང་། གོ་རིམས་དང་། བསྡུ་བ་དང་། རྟེན་རྣམ་པར་གཞག་པ་དག་ཡིན་པར་རིག་པར་བྱའོ། །དེ་ལ་སྡུག་བསྔལ་བརྒྱད་གང་ཞེ་ན། སྐྱེ་བའི་སྡུག་བསྔལ་དང་། རྒ་བའི་སྡུག་བསྔལ་དང་། ན་བའི་སྡུག་བསྔལ་དང་། འཆི་བའི་སྡུག་བསྔལ་དང་།

མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་དང་། སྡུག་པ་དང་བྲལ་བའི་སྡུག་བསྔལ་དང་། འདོད་པས་ཕོངས་པའི་སྡུག་བསྔལ་དང་། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བའོ། །དེ་ལ་ཇི་ལྟར་ན་སྐྱེ་བ་སྡུག་བསྔལ་བ་ཡིན་ཞེ་ན། རྣམ་པ་ལྔ་སྟེ། སྡུག་བསྔལ་

དང་ལྡན་པའི་ཕྱིར་དང་། གནས་ངན་ལེན་དང་ལྡན་པའི་ཕྱིར་དང་། སྡུག་བསྔལ་གྱི་གནས་ཡིན་པའི་ཕྱིར་དང་། ཉོན་མོངས་པའི་གནས་ཡིན་པའི་ཕྱིར་དང་། མི་འདོད་བཞིན་དུ་འབྲལ་བའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །རྒ་བ་ཡང་རྣམ་པ་ལྔས་སྡུག་བསྔལ་ཉིད་ཡིན་ཏེ།

Vol. 206 · folio 58a

གཟུགས་བཟང་བ་ཡོངས་སུ་ཉམས་པའི་ཕྱིར་དང་། མཐུ་སྟོབས་ཡོངས་སུ་ཉམས་པའི་ཕྱིར་དང་། དབང་པོ་ཡོངས་སུ་ཉམས་པའི་ཕྱིར་དང་། ཡུལ་ལོངས་སྤྱོད་པ་ཡོངས་སུ་ཉམས་པའི་ཕྱིར་དང་། ཚེ་ཡོངས་སུ་ཉམས་པའི་ཕྱིར་རོ། །ན་

བ་ཡང་རྣམ་པ་ལྔས་སྡུག་བསྔལ་བ་ཉིད་ཡིན་ཏེ། ལུས་ཀྱི་རང་བཞིན་འགྱུར་བའི་ཕྱིར་དང་། སྡུག་བསྔལ་དང་ཡིད་མི་བདེ་བ་མངོན་པར་འཕེལ་ཞིང་དེ་ལ་ཤས་ཆེར་གནས་པའི་ཕྱིར་དང་། ཡུལ་གྱི་ལོངས་སྤྱོད་ཡིད་དུ་འོང་བ་མི་འདོད་པའི་ཕྱིར་དང་། ཡུལ་གྱི་ལོངས་སྤྱོད་

ཡིད་དུ་འོང་བ་མི་འདོད་བཞིན་དུ་ཡོངས་སུ་སྤྱད་དགོས་པའི་ཕྱིར་དང་། སྲོག་གི་དབང་པོ་དང་བྲལ་བར་འགྱུར་བའི་ཕྱིར་རོ། །འཆི་བ་ཡང་རྣམ་པ་ལྔས་སྡུག་བསྔལ་ཉིད་ཡིན་ཏེ། ལོངས་སྤྱོད་སྡུག་པ་ཕུན་སུམ་ཚོགས་པ་དང་འབྲལ་བ་ཉིད་ཀྱི་ཕྱིར་དང་། རྩ་འཇིང་སྡུག་

པ་ཕུན་སུམ་ཚོགས་པ་དང་འབྲལ་བ་ཉིད་ཀྱི་ཕྱིར་དང་། འཁོར་ཕུན་སུམ་ཚོགས་པ་དང་འབྲལ་བ་ཉིད་ཀྱི་ཕྱིར་དང་། ལུས་སྡུག་པ་ཕུན་སུམ་ཚོགས་པ་དང་འབྲལ་བ་ཉིད་ཀྱི་ཕྱིར་དང་། འཆི་བའི་ཚེ་སྡུག་བསྔལ་དང་ཡིད་མི་བདེ་བ་རབ་ཏུ་དྲག་པོ་ཉམས་སུ་མྱོང་བར་

འགྱུར་བ་ཉིད་ཀྱི་ཕྱིར་དང་། མི་སྡུག་པ་དང་ཕྲད་པ་ཡང་རྣམ་པ་ལྔས་སྡུག་བསྔལ་བ་ཉིད་ཡིན་ཏེ། དེ་དང་ཕྲད་པས་སྡུག་བསྔལ་དང་ཡིད་མི་བདེ་བ་ཉིད་ཀྱི་ཕྱིར་དང་། ཆད་པས་འཇིགས་པའི་གནས་ཉིད་ཀྱི་ཕྱིར་དང་། ཉམ་ང་བཞིན་དུ་འཆི་བའི་འཇིགས་པའི་གནས་ཉིད་

ཀྱི་ཕྱིར་དང་། ཆོས་དང་འགལ་བས་ངན་འགྲོས་འཇིགས་པའི་གནས་ཉིད་ཀྱི་ཕྱིར་རོ། །སྡུག་པ་དང་བྲལ་བ་ཡང་རྣམ་པ་ལྔས་སྡུག་བསྔལ་བ་ཉིད་ཡིན་ཏེ། དེ་དང་བྲལ་བས་མྱ་ངན་སྐྱེས་པ་ཉིད་ཀྱི་ཕྱིར་དང་། སྨྲེ་སྔགས་འདོན་པ་ཉིད་ཀྱི་ཕྱིར་དང་། ལུས་ལ་གནོད་པ་ཉིད་

ཀྱི་ཕྱིར་དང་། ཡོན་ཏན་རྣམ་པ་ལྔས་རྗེས་སུ་དྲན་ཞིང་འདོད་པས་ཡིད་ཡོངས་སུ་གདུང་བ་ཉིད་ཀྱི་ཕྱིར་དང་། དེའི་ལོངས་སྤྱོད་མཚན་ཉིད་ཀྱི་ཕྱིར་དང་། སྡུག་པ་དང་བྲལ་བའི་སྡུག་བསྔལ་གྱི་སྣོད་ཉིད་ཀྱི་ཇི་ལྟ་བ་བཞིན་དུ་འདོད་པས་ཕོངས་པའི་སྡུག་བསྔལ་ཡང་རྣམ་པ་དེ་ལྔས་

Vol. 206 · folio 58b

སྡུག་བསྔལ་བ་ཉིད་ཡིན་པར་རིག་པར་བྱའོ། །མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བ་ཡང་རྣམ་པ་ལྔས་སྡུག་བསྔལ་ཉིད་ཡིན་ཏེ། མངོན་པར་གྲུབ་པའི་སྡུག་བསྔལ་གྱི་སྣོད་ཉིད་ཡིན་པའི་ཕྱིར་དང་། མངོན་པར་གྲུབ་པ་ལ་བརྟེན་པའི་སྡུག་བསྔལ་གྱི་སྣོད་ཉིད་

ཡིན་པའི་ཕྱིར་དང་། སྡུག་བསྔལ་གྱི་སྡུག་བསྔལ་གྱི་སྣོད་ཉིད་ཡིན་པའི་ཕྱིར་དང་། འགྱུར་བའི་སྡུག་བསྔལ་གྱི་སྣོད་ཉིད་ཡིན་ཕྱིར་དང་། འདུ་བྱེད་ཀྱི་སྡུག་བསྔལ་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལ་སྐྱེ་བའི་སྡུག་བསྔལ་ཞེས་བྱ་བ་ནི་སྐྱེ་བའི་ཚེ་ན་ལུས་དང་སེམས་ཀྱི་

སྡུག་བསྔལ་གྱི་ཚོར་བ་འབྱུང་བ་ལ་བྱའི། སྐྱེ་བ་ཉིད་ནི་སྡུག་བསྔལ་མ་ཡིན་ཏེ། སྡུག་བསྔལ་གྱི་གཞི་ནི་དེ་ཡིན་ནོ། །དེ་བཞིན་དུ་འདོད་པས་ཕོངས་པའི་སྡུག་བསྔལ་ཞེས་བྱ་བའི་བར་ཡང་འདོད་པས་ཕོངས་པའི་སྡུག་བསྔལ་གྱི་ཚོར་བ་འབྱུང་བ་ལ་བྱའི། འདོད་པས་ཕོངས་པ་

ཉིད་ནི་སྡུག་བསྔལ་མ་ཡིན་ཏེ། སྡུག་བསྔལ་གྱི་གཞི་ནི་དེ་ཡིན་ནོ་ཞེས་སྔ་མ་བཞིན་དུ་སྦྱར་རོ། །མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བ་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པ་དེ་དག་གི་རྣམ་གྲངས་དག་གི་སྡུག་བསྔལ་ཁོ་ན་ཡིན་ཏེ། སྡུག་བསྔལ་བརྒྱད་པོ་དེ་དག་ཀྱང་སྐྱེ་བའི་ཀུན་

ནས་ཉོན་མོངས་པ་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་པར་རིག་པར་བྱའོ། །དེ་ལ་སྡུག་བསྔལ་གསུམ་གང་ཞེ་ན། སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་ལོ། །སྐྱེ་བའི་སྡུག་བསྔལ་དང་། རྒ་བའི་སྡུག་བསྔལ་དང་། ན་བའི་སྡུག་

བསྔལ་དང་། འཆི་བའི་སྡུག་བསྔལ་དང་། མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་ཞེས་སྨོས་པ་དང་པོ་ལྔའོ། །འགྱུར་བའི་སྡུག་བསྔལ་གང་ཞེ་ན། སྡུག་པ་དང་བྲལ་བའི་སྡུག་བསྔལ་དང་། འདོད་པས་ཕོངས་པའི་སྡུག་བསྔལ་ཞེས་སྨོས་པ་བར་མ་གཉིས་སོ། །འདུ་

བྱེད་ཀྱི་སྡུག་བསྔལ་གང་ཞེ་ན། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བ་ཞེས་སྨོས་པ་ཐ་མ་གཅིག་གོ། །ཡང་རྣམ་གྲངས་གཞན་དུ་ན་སྡུག་བསྔལ་གྱི་སྡུག་བསྔལ་ནི་དང་པོ་བདུན་གྱིས་བསྟན་ཏོ། །འགྱུར་བའི་སྡུག་བསྔལ་ལ་ནི་བདུན་པོ་དེ་དག་ལས་དྲུག་གི་གཉེན་

Vol. 206 · folio 59a

པོ་དཀར་པོའི་ཕྱོགས་དྲུག་པོ་རྒ་བའི་གཉེན་པོ་ནད་མེད་པ་དང་། འཆི་བའི་གཉེན་པོ་གསོན་པ་དང་། མི་སྡུག་པ་དང་ཕྲད་པའི་གཉེན་པོ་སྡུག་པ་དང་། སྡུག་པ་དང་བྲལ་བའི་གཉེན་པོར་མི་སྡུག་པ་དང་བྲལ་བ་དང་། འདོད་པས་ཕོངས་པའི་གཉེན་པོ་འདོད་པ་

ཕུན་སུམ་ཚོགས་པ་གང་ཡིན་པ་རྣམས་དང་། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་སོ། །འདུ་བྱེད་ཀྱི་སྡུག་བསྔལ་ནི་སྔ་མ་བཞིན་ཏེ། དེ་ཡང་མདོར་བསྡུ་ན་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་སྔར་བསྟན་པའི་རྟེན་དུ་གྱུར་པ་ཕུང་པོ་མ་

གཏོགས་པ་དེ་ལས་གཞན་པའི་ཕུང་པོ་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་དེ་དག་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཞེས་བྱ་སྟེ། སྡུག་བསྔལ་གསུམ་པོ་དེ་དག་ཀྱང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་ཉིད་ཀྱི་རབ་ཏུ་དབྱེ་བ་ཡིན་པར་རིག་པར་བྱའོ། །སྡུག་བསྔལ་གྱི་བདེན་

པའི་ངོ་བོ་ཉིད་རབ་ཏུ་དབྱེ་བ་ཇི་སྐད་བསྟན་པ་དེ་ཡང་མདོར་བསྡུ་ན་རྣམ་པ་བརྒྱད་དེ། ཤིན་ཏུ་རྒྱས་ལ་བསྲབས་པ་དང་། ཤིན་ཏུ་རྒྱས་ལ་བསྲབས་པ་ཡང་མ་ཡིན་མ་བསྲབས་པ་ཡང་མ་ཡིན་པ་དང་། བར་མ་མ་བསྲབས་པ་དང་། བསྲབས་ལ་མ་བསྲབས་པ་དང་། ཆེས་

བསྲབས་ལ་མ་བསྲབས་པ་དང་། ཤིན་ཏུ་ཆེས་བསྲབས་ལ་མ་བསྲབས་པ་དང་། སྡུག་བསྔལ་མ་ཡིན་ལ་སྡུག་བསྔལ་དུ་སྣང་ཞིང་བསྲབས་པ་ཆེན་པོར་ཉེ་བར་གནས་པའོ། །དེ་ལ་དང་པོ་ནི་འདོད་པ་ན་སྤྱོད་པ་དགེ་བའི་རྩ་བ་མ་བསགས་པ་རྣམས་ཀྱི་སྡུག་བསྔལ་

གང་ཡིན་པའོ། །གཉིས་པ་ནི་འདོད་པ་ན་སྤྱོད་པ་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་པ་རྣམས་ཀྱི་སྡུག་བསྔལ་གང་ཡིན་པའོ། །གསུམ་པ་ནི་འདོད་པ་ན་སྤྱོད་པ་འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བ་ཉིད་དང་བྲལ་བར་བྱ་བའི་ཕྱིར་དགེ་བའི་རྩ་བ་བསགས་

པ་རྣམས་ཀྱི་སྡུག་བསྔལ་གང་ཡིན་པའོ། །བཞི་པ་ནི་གཟུགས་ཀྱི་ཁམས་སུ་སྐྱེས་པ་ཐར་པའི་ཆ་དང་མཐུན་པ་རྣམ་པར་སྤངས་པ་རྣམས་ཀྱི་སྡུག་བསྔལ་གང་ཡིན་པའོ། །ལྔ་པ་ནི་གཟུགས་མེད་པའི་ཁམས་སུ་སྐྱེས་པ་ཐར་པའི་ཆ་དང་མཐུན་པ་རྣམས་པར་སྤངས་པ་རྣམས་

Vol. 206 · folio 59b

ཀྱི་སྡུག་བསྔལ་གང་ཡིན་པའོ། །དྲུག་པ་ནི་སློབ་པ་བཞི་མཐོང་བ་རྣམས་ཀྱི་སྡུག་བསྔལ་གང་ཡིན་པའོ། །བདུན་པ་ནི་མི་སློབ་པ་ཕུང་པོའི་ལྷག་མ་དང་བཅས་པ་རྣམས་ཀྱི་སྲོག་གི་དབང་པོའི་རྐྱེན་གྱིས་མིང་དང་གཟུགས་གང་ཡིན་པའོ། །བརྒྱད་པ་ནི་བྱང་ཆུབ་སེམས་དཔའ་ཕ་

རོལ་ཏུ་ཕྱིན་པ་ཐོབ་པ་བསམས་བཞིན་དུ་སྲིད་པར་སྐྱེ་བ་རྣམས་ཀྱི་སྡུག་བསྔལ་གང་ཡིན་པ་སྟེ། དེ་ནི་སྡུག་བསྔལ་གྱི་བདེན་པའི་ངོ་བོ་ཉིད་ཀྱི་རབ་ཏུ་དབྱེ་བ་ཡིན་ནོ། །ཀུན་འབྱུང་བའི་བདེན་པའི་ངོ་བོ་ཉིད་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་། ལས་ཀྱི་ཀུན་ནས་

ཉོན་མོངས་པ་སྲེད་པས་བསྡུས་པ་གང་ཡིན་པའོ་ཞེས་བསྟན་པ་དེ་ལ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ནི་གང་། ལས་ཀྱི་ཀུན་ནས་ཉོན་མོངས་པ་ནི་གང་། སྲེད་པ་ནི་གང་ཞེ་ན། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ཞེས་བྱ་བ་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་

སོ། །དེ་དག་གི་རབ་ཏུ་དབྱེ་བ་ནི་རྣམ་པ་དགུས་རྣམ་པར་གཞག་སྟེ། ངོ་བོ་ཉིད་དང་། རབ་ཏུ་དབྱེ་བ་དང་། རྒྱུ་དང་། གནས་སྐབས་དང་། སྒོ་དང་། ཆེ་བ་དང་། ཕྱིན་ཅི་ལོག་དང་། རྣམ་གྲངས་དང་། ཉེས་དམིགས་ཀྱིས་སོ། །དེ་ལ་ངོ་བོ་ཉིད་གང་ཞེ་ན། ཆོས་གང་སྐྱེ་བ་ན་བདག་

ཉིད་རབ་ཏུ་མ་ཞི་བའི་མཚན་ཉིད་དུ་སྐྱེ་ལ། དེ་ལ་སྐྱེས་པས་འདུ་བྱེད་ཀྱི་རྒྱུད་ཀྱང་རབ་ཏུ་མ་ཞི་བ་ཞི་བ་ཁོ་ནར་འཇུག་པའོ། །རབ་ཏུ་དབྱེ་བ་གང་ཞེ་ན། ཉོན་མོངས་པ་དྲུག་དང་། ཉེ་བའི་ཉོན་མོངས་པ་མང་པོ་དག་གི་མཚན་ཉིད་རབ་ཏུ་དབྱེ་བའོ། །རྒྱུ་གང་ཞེ་ན། རྣམ་པ་དྲུག་སྟེ། རྟེན་དང་།

དམིགས་པ་དང་། འདུ་འཛི་དང་། བཤད་པ་དང་། གོམས་པ་དང་། ཡིད་ལ་བྱེད་པ་ལས་ཉོན་མོངས་པ་སྐྱེས་པའོ། །གནས་སྐབས་གང་ཞེ་ན། རྣམ་པ་བདུན་ཏེ། བག་ལ་ཉལ་དང་། ཀུན་ནས་དཀྲིས་པ་དང་། ཀུན་བརྟགས་པ་དང་། ལྷན་ཅིག་སྐྱེས་པ་དང་། ཆུང་ངུ་དང་།

འབྲིང་དང་། ཆེན་པོའི་གནས་སྐབས་སོ། །སྒོ་གང་ཞེ་ན། རྣམ་པ་གཉིས་ཏེ། ཀུན་ནས་དཀྲིས་པ་དང་། བག་ལ་ཉལ་གྱི་སྒོའོ། །ཆེ་བ་གང་ཞེ་ན། རྣམ་པ་དྲུག་ཏེ། ལྟུང་བ་དང་། སྐྱེ་བ་དང་། རྒྱུད་དང་། གཞི་དང་། ལས་ཀུན་ནས་སློང་བ་དང་། མཐར་གྱུར་པའོ། །ཕྱིན་ཅི་ལོག་གང་

Vol. 206 · folio 60a

ཞེ་ན། རྣམ་པ་བདུན་ཏེ། ཕྱིན་ཅི་ལོག་བཞི་དང་། དེ་དག་ལ་འདུ་ཤེས་དང་། ལྟ་བ་དང་། སེམས་ཕྱིན་ཅི་ལོག་ཏུ་གྱུར་པའོ། །རྣམ་གྲངས་གང་ཞེ་ན། རྣམ་གྲངས་མང་པོ་འདི་ལྟ་སྟེ། ཀུན་ནས་སྦྱོར་བ་དང་། འཆི་བ་དང་། བག་ལ་ཉལ་བ་དང་། ཉེ་བའི་ཀུན་

ནས་ཉོན་མོངས་པ་དང་། ཀུན་ནས་དཀྲིས་པ་ཞེས་བྱ་བ་ལ་སོགས་པ་དག་གོ། །ཉེས་དམིགས་གང་ཞེ་ན། ཉེས་དམིགས་རྣམ་པ་དུ་མ་འདི་ལྟ་སྟེ། སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང་། དམིགས་པ་ལ་ཕྱིན་ཅི་ལོག་པར་བྱེད་པ་དང་། བག་ལ་ཉལ་བ་བརྟན་པར་བྱེད་པ་དང་། རྒྱུ་

མཐུན་པའི་འདུ་བྱེད་ཀྱི་རྒྱུན་འཇུག་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་དག་གོ། །ལས་ཀྱི་ཀུན་ནས་ཉོན་མོངས་པ་ཞེས་བྱ་བ་ནི་ལུས་དང་ངག་དང་ཡིད་ཀྱི་མངོན་པར་འདུ་བྱེད་པ་རྣམས་སོ། །དེ་དག་གི་རབ་ཏུ་དབྱེ་བ་ཡང་རྣམ་པ་དགུས་རྣམ་པར་གཞག་སྟེ། ངོ་བོ་ཉིད་དང་། རབ་ཏུ་དབྱེ་བ་དང་། རྒྱུ་དང་།

གནས་སྐབས་དང་། སྒོ་དང་། ཆེ་བ་དང་། ཕྱིན་ཅི་ལོག་དང་། རྣམ་གྲངས་དང་། ཉེས་དམིགས་ཀྱིས་སོ། །དེ་ལ་ངོ་བོ་ཉིད་གང་ཞེ་ན། ཆོས་གང་སྐྱེ་བ་ན་མངོན་པར་འདུ་བྱེད་པའི་མཚན་ཉིད་ཀྱང་སྐྱེ་ལ། དེ་སྐྱེས་པས་ལུས་དང་ངག་གི་མངོན་པར་འདུ་བྱེད་པ་ཡང་འཇུག་པའོ། །རབ་ཏུ་དབྱེ་

བ་གང་ཞེ་ན། རྣམ་པ་གཉིས་ཏེ། དགེ་བ་བཅུ་དང་། མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ་འཇུག་པའི་གང་ཟག་གི་མཚན་ཉིད་ཀྱི་རབ་ཏུ་དབྱེ་བ་དང་། ལས་ཀྱི་ལམ་དེ་ཉིད་ཀྱི་རབ་ཏུ་དབྱེ་བའོ། །རྒྱུ་གང་ཞེ་ན། རྣམ་པ་བཅུ་གཉིས་ཏེ། ཆགས་པ་དང་། ཞེ་སྡང་དང་། གཏི་མུག་

དང་། བདག་དང་། གཞན་དང་། གཞན་གྱི་རྗེས་སུ་འཇུག་པ་དང་། ཟང་ཟིང་དང་། འཇིགས་པ་དང་། གནོད་པ་བྱ་བའི་ཕྱིར་དང་། རྩེ་ཞིང་དགའ་བ་དང་། ཆོས་སུ་ཤེས་པ་དང་། འདིར་ས་བཅད་གཅིག་ཆད་འདུག་ཀྱང་མ་དཔེ་མ་རྙེད། ལོག་པར་ལྟ་བའི་གནས་སྐབས་གང་ཞེ་ན། རྣམ་པ་ལྔ་སྟེ། ཆུང་ངུ་

དང་། འབྲིང་དང་། ཆེན་པོ་དང་། བྱུང་བ་དང་། བག་ཆགས་ཀྱི་གནས་སྐབས་སོ། །སྒོ་གང་ཞེ་ན། རྣམ་པ་གཉིས་ཏེ། འབྲས་བུ་འབྱིན་པའི་སྒོ་ནས་དང་། གནོད་པ་བྱེད་པ་དང་ཕན་འདོགས་པའི་སྒོའོ། །ཆེ་བ་གང་ཞེ་ན། རྣམ་པ་དྲུག་སྟེ། མངོན་པར་འདུ་བྱེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་

Vol. 206 · folio 60b

དང་། ངོ་བོ་ཉིད་དང་། གཞི་དང་། མི་མཐུན་པའི་ཕྱོགས་གཅིག་ཏུ་ངེས་པ་དང་། མི་མཐུན་པའི་ཕྱོགས་སེལ་བའོ། །ཕྱིན་ཅི་ལོག་གང་ཞེ་ན། རྣམ་པ་གསུམ་སྟེ། བྱ་བ་ཕྱིན་ཅི་ལོག་དང་། འཛིན་པ་ཕྱིན་ཅི་ལོག་དང་། དགའ་བ་ཕྱིན་ཅི་ལོག་གོ། །རྣམ་གྲངས་གང་ཞེ་ན། ལས་བྱས་པ་དང་།

མ་བྱས་པ་དང་། བསགས་པ་དང་། མ་བསགས་པ་ཞེས་བྱ་བ་ལ་སོགས་པ་དག་གོ། །ཉེས་དམིགས་གང་ཞེ་ན། རྣམ་པ་བདུན་ཏེ། བདག་ལ་གནོད་པ་དང་། གཞན་ལ་གནོད་པ་དང་། གཉི་ག་ལ་གནོད་པ་དང་། ཚེ་འདིའི་ཁ་ན་མ་ཐོ་བ་བསྐྱེད་པ་དང་། ཚེ་ཕྱི་མའི་ཁ་ན་མ་ཐོ་བ་བསྐྱེད་

པ་དང་། དེ་ལས་སྐྱེས་པའི་སེམས་ལས་བྱུང་བ་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་ཉམས་སུ་མྱོང་བར་འགྱུར་རོ། །སྲེད་པ་གང་ཞེ་ན། རྣམ་པ་བཞི་སྟེ། བདག་ཏུ་སྲེད་པ་དང་། རྟག་པར་སྲེད་པ་དང་། བདེ་བར་སྲེད་པ་དང་། གཙང་བར་སྲེད་པའོ། །དེ་ལ་བདག་ཏུ་སྲེད་པ་ལ་

བརྟེན་ནས་ནི་ལུས་ལ་ཆགས་པ་དང་ལྡན་པའི་སྲེད་པ་འབྱུང་ངོ་། །རྟག་པར་སྲེད་པ་ལ་བརྟེན་ནས་ནི་ཡང་འབྱུང་བའི་སྲེད་པ་འབྱུང་ངོ་། །བདེ་བར་སྲེད་པ་ལ་བརྟེན་ནས་ནི་དགའ་བའི་འདོད་ཆགས་དང་ལྡན་པའི་སྲེད་པ་འབྱུང་ངོ་། །གཙང་བར་སྲེད་པ་ལ་བརྟེན་ནས་ནི་དེ་དང་དེར་མངོན་པར་

དགའ་བའི་སྲེད་པ་འབྱུང་སྟེ། སྲེད་པ་རྣམ་པ་བཞི་དེ་དག་ལས་དང་པོ་ནི་སྲེད་པའི་བག་ལ་ཉལ་གྱི་རྣམ་པ་ཡིན་ལ། ཐ་མ་གསུམ་ནི་སྲེད་པའི་ཀུན་ནས་དཀྲིས་པའི་རྣམ་པ་ཡིན་པར་རིག་པར་བྱའོ། །དེ་ལ་ལུས་ཆགས་པ་དང་ལྡན་པའི་སྲེད་པ་གང་ཞེ་ན། ལུས་ལ་ཆགས་ཤིང་སྦྱོར་བར་བྱེད་པ་གང་

ཡིན་པའོ། །ཡང་འབྱུང་བའི་སྲེད་པ་གང་ཞེ་ན། ཕྱི་མའི་ལུས་ཀྱི་ཁྱད་པར་འདོད་པ་གང་ཡིན་པའོ། །དགའ་བའི་འདོད་ཆགས་དང་ལྡན་པའི་སྲེད་པ་གང་ཞེ་ན། གཟུགས་ལ་སོགས་པ་ཡུལ་ཡིད་དུ་འོང་བ་ཐོབ་པ་རྣམས་ལ་ཡིད་མི་བདེ་ཞིང་ལྷག་པར་ཆགས་པ་དང་ལྡན་པ་གང་ཡིན་པའོ། །དེ་

དང་དེར་མངོན་པར་དགའ་བའི་སྲེད་པ་གང་ཞེ་ན། གཟུགས་ལ་སོགས་པ་ཡུལ་ཡིད་དུ་འོང་བ་མ་ཐོབ་པ་རྣམས་ལ་ཀུན་དུ་སྦྱོར་བར་འདོད་པ་དང་ལྡན་པ་གང་ཡིན་པའོ། །སྲེད་པའི་ཀུན་ནས་དཀྲིས་པའི་རྣམ་པ་གསུམ་པོ་དེ་དག་ཀྱང་མདོར་བསྡུ་ན་རྣམ་པ་གཉིས་ཏེ། ཡང་འབྱུང་བའི་སྲེད་པ་ལ་སྲེད་པ་དང་།

Vol. 206 · folio 61a

དེའི་ལོངས་སྤྱོད་ཀྱི་ཡུལ་ལ་སྲེད་པའོ། །དེ་ལ་ཡང་འབྱུང་བའི་སྲེད་པ་ནི་འབྱུང་བའི་སྲེད་པ་ཡིན་ནོ། །དགའ་བའི་འདོད་ཆགས་དང་ལྡན་པའི་སྲེད་པ་དང་། དེ་དང་དེར་མངོན་པར་དགའ་བའི་སྲེད་པ་གཉིས་ནི་དེའི་ལོངས་སྤྱོད་ཀྱི་ཡུལ་ལ་སྲེད་པ་སྟེ། དེ་ཡང་

ཡུལ་ཐོབ་པ་དང་། མ་ཐོབ་པ་ལ་སྲེད་པ་གོ་རིམས་བཞིན་ནོ། །སྲེད་པ་རྣམ་པ་བཞི་པོ་དེ་དག་གིས་བསྡུས་པའི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པ་ཇི་སྐད་བསྟན་པ་དེ་དག་ནི་ཀུན་ནས་འབྱུང་བའི་བདེན་པའི་ངོ་བོ་ཉིད་ཡིན་པར་རིག་

པར་བྱའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་མ་མོའི་མཚན་ཉིད་ཀྱི་ཚུལ་གྱིས་ཡང་འབྱུང་བའི་ལས་དང་ཉོན་མོངས་པ་སྡུག་བསྔལ་སྐྱེད་པར་བྱེད་པ་གང་དག་ཡིན་པ་དེ་དག་ཀུན་འབྱུང་བའི་བདེན་པ་ཡིན་པར་གསུངས་པ་ན། ཅིའི་ཕྱིར་མདོ་སྡེའི་ཚུལ་གྱིས་ལུས་ལ་ཆགས་པ་དང་

ལྡན་པའི་སྲེད་པ་ཁོ་ན་ཀུན་འབྱུང་བའི་བདེན་པ་ཡིན་པར་གསུངས་ཤེ་ན། དེ་ནི་གཙོ་བོ་ཡིན་པའི་ཕྱིར་ཏེ། འདི་ལྟར་སྲེད་པའི་བག་ལ་ཉལ་དེ་ནི་ཉོན་མོངས་པ་ཀུན་ནས་སློང་བར་བྱེད་པ་དང་། ལས་ཀུན་ནས་སློང་བར་བྱེད་པ་དང་། སྲེད་པའི་ཀུན་ནས་དཀྲིས་པ་རྣམ་པ་གསུམ་

པོ་ཡང་འབྱུང་བའི་སྲེད་པ་དང་། དགའ་བའི་འདོད་ཆགས་དང་ལྡན་པའི་སྲེད་པ་དང་། དེ་དང་དེར་མངོན་པར་དགའ་བའི་སྲེད་པ་ཀུན་ནས་སློང་བ་དངོས་པོ་ལ་ཁྱབ་པར་བྱེད་པ་དང་། དེ་སྐྱེ་བ་ནས་གནོད་པ་རྣམ་པ་མང་པོ་རྒྱས་པར་བྱེད་པས་དེ་ནི་གཙོ་བོ་ཡིན་པའི་ཕྱིར་ཏེ།

དེ་ནི་ཀུན་འབྱུང་བའི་བདེན་པའི་ངོ་བོ་ཉིད་ཀྱི་རབ་ཏུ་དབྱེ་བ་ཡིན་ནོ། །འགོག་པའི་བདེན་པའི་ངོ་བོ་ཉིད་ནི་སྡུག་བསྔལ་དང་། ཀུན་འབྱུང་བ་མ་ལུས་པར་སྤངས་པའི་ཉོན་མོངས་པའི་འགོག་པ་དང་། ཕུང་པོ་འགོག་པས་བསྡུས་པ་གང་ཡིན་པའོ་ཞེས་བསྟན་པ་དེ་ལ།

སྡུག་བསྔལ་དང་། ཀུན་འབྱུང་བ་མ་ལུས་པར་སྤངས་པ་ནི་གང་། ཉོན་མོངས་པ་འགོག་པ་ནི་གང་། ཕུང་པོ་འགོག་པ་ནི་གང་ཞེ་ན། སྡུག་བསྔལ་དང་ཀུན་འབྱུང་བ་མ་ལུས་པར་སྤངས་པ་ཞེས་བྱ་བ་ནི་དེ་གཉིས་ཀྱི་ས་བོན་འཕགས་པའི་ལམ་གྱིས་སོ་སོར་བརྟགས་ཏེ་བཀག་

Vol. 206 · folio 61b

པའོ། །ཉོན་མོངས་པ་འགོག་པ་ཞེས་བྱ་བ་ནི་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ཏེ། སྲེད་པ་ཟད་པ་དང་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ཡིན་ནོ། །ཕུང་པོ་འགོག་པ་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་

དབྱིངས་ཏེ། འགོག་པ་དང་མྱ་ངན་ལས་འདས་པ་ཞེས་བྱ་བ་ཡིན་ནོ། །འགོག་པའི་བདེན་པའི་ངོ་བོ་ཉིད་དེ་ཡང་རབ་ཏུ་དབྱེ་ན་རྣམ་པ་བཅུ་གཉིས་ཏེ། མཚན་ཉིད་དང་། ཟབ་པ་དང་། བརྡར་བཏགས་པ་དང་། དོན་དམ་པ་དང་། ཡོངས་སུ་མ་རྫོགས་པ་དང་།

ཡོངས་སུ་རྫོགས་པ་དང་། རྒྱན་མེད་པ་དང་། རྒྱན་དང་བཅས་པ་དང་། ལྷག་མ་དང་བཅས་པ་དང་། ལྷག་མ་མེད་པ་དང་། ཁྱད་པར་དུ་འཕགས་པ་དང་། རྣམ་གྲངས་སོ། །དེ་ལ་མཚན་ཉིད་གང་ཞེ་ན། དེ་བཞིན་ཉིད་དང་། ལམ་དང་། ཉོན་མོངས་པ་མི་འབྱུང་བ་

སྟེ་གང་དུ་འགོག་པ་དང་། གང་གིས་འགོག་པ་དང་། གང་འགོག་པའོ། །ཟབ་པ་གང་ཞེ་ན། འགོག་པ་དེ་འདུ་བྱེད་རྣམས་ཟད་པ་ལས་གཞན་ཞེས་ཀྱང་མི་བྱ། གཞན་མ་ཡིན་པ་ཞེས་ཀྱང་མི་བྱ། །གཞན་དང་གཞན་མ་ཡིན་པ་ཞེས་ཀྱང་མི་བྱ། གཞན་ཡང་མ་ཡིན་གཞན་མ་

ཡིན་པ་ཡང་མ་ཡིན་ཞེས་ཀྱང་མི་བྱའོ། །བརྡར་བཏགས་པ་གང་ཞེ་ན། འཇིག་རྟེན་པའི་ལམ་གྱིས་ས་བོན་ཉམས་སྨད་པས་འགོག་པ་སྟེ། དེ་ནི་མྱ་ངན་ལས་འདས་པ་ནི་མ་ཡིན་གྱི་དེའི་ཡན་ལག་གིས་མྱ་ངན་ལས་འདས་པ་ཞེས་བྱའོ། །དོན་དམ་པ་གང་ཞེ་ན། འཕགས་པའི་ཤེས་

རབ་ཀྱིས་ས་བོན་ཀུན་ཏུ་བཅོམ་པས་འགོག་པ་གང་ཡིན་པའོ། །ཡོངས་སུ་མ་རྫོགས་པ་གང་ཞེ་ན། སློབ་པ་རྣམས་ཀྱི་འགོག་པ་གང་ཡིན་པའོ། །ཡོངས་སུ་རྫོགས་པ་གང་ཞེ་ན། མི་སློབ་པ་རྣམས་ཀྱི་འགོག་པ་གང་ཡིན་པའོ། །རྒྱན་མེད་པ་གང་ཞེ་ན། དགྲ་བཅོམ་

པ་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་རྣམས་ཀྱི་འགོག་པ་གང་ཡིན་པའོ། །རྒྱན་དང་བཅས་པ་གང་ཞེ་ན། དགྲ་བཅོམ་པ་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་རིག་པ་གསུམ་དང་། མངོན་པར་ཤེས་པ་དྲུག་དང་ལྡན་པ་རྣམས་ཀྱི་འགོག་པ་གང་ཡིན་པའོ། །ལྷག་མ་དང་

Vol. 206 · folio 62a

བཅས་པ་གང་ཞེ་ན། ཕུང་པོའི་ལྷག་མ་དང་བཅས་པའི་འགོག་པ་གང་ཡིན་པའོ། །ལྷག་མ་མེད་པ་གང་ཞེ་ན། ཕུང་པོའི་ལྷག་མ་མེད་པའི་འགོག་པ་གང་ཡིན་པའོ། །ཁྱད་པར་དུ་འཕགས་པ་གང་ཞེ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མི་

གནས་པའི་མྱ་ངན་ལས་འདས་པས་བསྡུས་པའི་འགོག་པ་གང་ཡིན་པའོ། །རྣམ་གྲངས་གང་ཞེ་ན། མ་ལུས་པར་སྤངས་པ་དང་། ངེས་པར་སྤངས་པ་དང་། བྱང་བར་གྱུར་པ་དང་། ཟད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། རྣམ་པར་ཞི་བ་དང་། ནུབ་པ་

ཞེས་བྱ་བ་ལ་སོགས་པའོ། །རབ་ཏུ་དབྱེ་བ་རྣམ་པ་བཅུ་གཉིས་སུ་འགྱུར་བའི་གནས་ཀྱི་སྣོད་ཉིད་དུ་འགྱུར་བའི་ཕྱིར་རོ། །སྦྱོར་བའི་ལམ་གང་ཞེ་ན། ཚོགས་ཀྱི་ལམ་གང་ཡིན་པ་དེ་ཉིད་སྦྱོར་བའི་ལམ་ཡང་ཡིན་མོད་ཀྱི་སྦྱོར་བའི་ལམ་ཡིན་ལ་ཚོགས་ཀྱི་ལམ་མ་ཡིན་པ་ཡང་ཡོད་དེ།

ཚོགས་བསགས་པའི་གོང་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བཞི་པོ་དྲོ་བར་གྱུར་པ་དང་། རྩེ་མོ་དང་། བདེན་པའི་རྗེས་སུ་མཐུན་པའི་བཟོད་པ་དང་། འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་སོ། །རྣམ་པར་དག་པའི་ལམ་གང་ཞེ་ན། དེ་ནི་རྣམ་པ་གསུམ་

སྟེ། མཐོང་བའི་ལམ་དང་། བསྒོམ་པའི་ལམ་དང་། མཐར་ཐུག་པའི་ལམ་མོ། །དེ་ལ་མཐོང་བའི་ལམ་གང་ཞེ་ན། འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་མཇུག་ཐོགས་ཁོ་ནར་སྐད་ཅིག་མ་བཅུ་དྲུག་པོ་ལ་བདེན་པ་མངོན་པར་རྟོགས་པའི་ཤེས་པ་གང་ཡིན་པའོ། །བསྒོམ་

པའི་ལམ་གང་ཞེ་ན། མཐོང་བའི་ལམ་མ་ཐོབ་པའི་གོང་དུ་བསྒོམ་པའི་ལམ་རྣམ་པར་དབྱེ་བ་བཅུ་གཅིག་པོ་དག་སྟེ། ཞི་གནས་བསྒོམ་པ་དང་། ལྷག་མཐོང་བསྒོམ་པ་དང་། འཇིག་རྟེན་པའི་ལམ་བསྒོམ་པ་དང་། འཇིག་རྟེན་ལས་འདས་པའི་ལམ་བསྒོམ་པ་དང་། ལམ་

ཆུང་ངུ་བསྒོམ་པ་དང་། ལམ་འབྲིང་པོ་བསྒོམ་པ་དང་། ལམ་ཆེན་པོ་བསྒོམ་པ་དང་། སྦྱོར་བའི་ལམ་བསྒོམ་པ་དང་། བར་ཆད་མེད་པའི་ལམ་བསྒོམ་པ་དང་། རྣམ་པར་གྲོལ་བའི་ལམ་བསྒོམ་པ་དང་། ཁྱད་པར་གྱི་ལམ་བསྒོམ་པའོ། །མཐར་ཐུག་པའི་ལམ་གང་ཞེ་ན།

Vol. 206 · folio 62b

གནས་ངན་ལེན་ཐམས་ཅད་རྒྱུན་བཅད་པ་དང་། ཕྲད་པའི་ཐོབ་པ་རྣམས་ཀྱི་རྒྱུན་བཅད་པ་དང་། བྲལ་བའི་ཐོབ་པ་རྣམས་ཐོབ་པའི་ཕྱིར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་དེ་མ་ཐག་ཏུ་གནས་མ་ལུས་པར་གྱུར་ཏེ། ཟད་པ་དང་མི་ཟད་པ་སྐྱེ་བ་ཤེས་པ་དང་། མི་སློབ་པའི་ཆོས་བཅུ་

ཐོབ་པའི་ཤེས་པ་གང་ཡིན་པའོ། །ལམ་གྱི་བདེན་པའི་ངོ་བོ་ཉིད་དེ་ཡང་རབ་ཏུ་དབྱེ་ན་རྣམ་པ་བཅུ་གཅིག་སྟེ། དངོས་པོ་ལ་ཡོངས་སུ་རྟོག་པའི་ལམ་དང་། རྩོལ་བ་ལས་བྱུང་བའི་ལམ་དང་། ཏིང་ངེ་འཛིན་ཡོངས་སུ་སྦྱོང་བར་བྱེད་པའི་ལམ་དང་། མངོན་པར་རྟོགས་པ་ལ་སྦྱོར་བའི་ལམ་དང་།

མངོན་པར་རྟོགས་པ་དང་འདྲེས་པའི་ལམ་དང་། མངོན་པར་རྟོགས་པའི་ལམ་དང་། རྣམ་པར་དག་པར་ངེས་པར་འབྱིན་པའི་ལམ་དང་། གནས་དང་དབང་པོ་ཐ་དད་པའི་ལམ་དང་། བསླབ་པ་གསུམ་ཡོངས་སུ་སྦྱོང་བའི་ལམ་དང་། ཡོན་ཏན་ཐམས་ཅད་སྒྲུབ་པར་བྱེད་པའི་ལམ་

དང་། ལམ་སྡུད་པའི་ལམ་མོ། །དེ་དག་ཀྱང་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་པ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། ལམ་བཞི་དང་། ཆོས་ཀྱི་གནས་

བཞི་དང་། ཞི་གནས་དང་། ལྷག་མཐོང་དང་། དབང་པོ་གསུམ་དང་གོ་རིམས་བཞིན་ནོ། །དེ་ནི་ལམ་གྱི་བདེན་པའི་ངོ་བོ་ཉིད་ཀྱི་རབ་ཏུ་དབྱེ་བ་ཡིན་ནོ། །དེ་དག་ནི་ངོ་བོ་ཉིད་ཀྱི་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་རྣམ་པའི་རབ་ཏུ་དབྱེ་བ་གང་ཞེ་ན། བདེན་པ་

བཞི་པོ་དག་གི་མཚན་ཉིད་རྣམ་པ་བཞི་བཞིས་སོ་སོར་རིག་པར་བྱའོ། །དེ་ལ་སྡུག་བསྔལ་གྱི་བདེན་པའི་མཚན་ཉིད་ནི་རྣམ་པ་བཞི་པོ་མི་རྟག་པའི་རྣམ་པ་དང་། སྡུག་བསྔལ་བའི་རྣམ་པ་དང་། སྟོང་པའི་རྣམ་པ་དང་། བདག་མེད་པའི་རྣམ་པས་སོ་སོར་

རིག་པར་བྱའོ། །རྣམ་པ་བཞི་པོ་དེ་དག་གི་རྣམ་པར་གཞག་པ་ནི། སྡུག་བསྔལ་གྱི་བདེན་པ་ལ་རྣམ་པ་བཅུས་ཡོངས་སུ་རྟོག་པར་བྱེད་པ་ན། རྣམ་པ་བཞི་པོ་དེ་དག་གི་རྗེས་སུ་འཇུག་པར་འགྱུར་ཏེ། བཅུ་གང་ཞེ་ན། འགྱུར་བའི་རྣམ་པ་དང་། འཇིག་

Vol. 206 · folio 63a

པའི་རྣམ་པ་དང་། བྲལ་བའི་རྣམ་པ་དང་། ཆོས་ཉིད་ཀྱི་རྣམ་པ་དང་། ཉེ་བའི་རྣམ་པ་དང་། ཀུན་ཏུ་སྦྱོར་བ་དང་འཆིང་བའི་རྣམ་པ་དང་། མི་སྡུག་པའི་རྣམ་པ་དང་། གྲུབ་པ་དང་བདེ་བ་མེད་པའི་རྣམ་པ་དང་། དམིགས་སུ་

མེད་པའི་རྣམ་པ་དང་། རང་དབང་མེད་པའི་རྣམ་པས་སོ། །དེ་ལ་མི་རྟག་པའི་རྣམ་པ་ནི་རྣམ་པ་དང་པོ་ལྔས་བསྡུས་སོ། །སྡུག་བསྔལ་གྱི་རྣམ་པ་ནི་རྣམ་པ་བར་མ་གསུམ་གྱིས་བསྡུས་སོ། །སྟོང་པའི་རྣམ་པ་ནི་རྣམ་པ་ཐ་ལྟག་གཅིག་པུས་བསྡུས་སོ། །

བདག་མེད་པའི་རྣམ་པ་ནི་རྣམ་པ་ཐ་མས་བསྡུས་སོ། །དེ་ལ་འགྱུར་བའི་རྣམ་པ་གང་ཞེ་ན། འགྱུར་བ་རྣམ་པ་བཅོ་ལྔ་དང་། འགྱུར་བའི་རྣམ་པ་བརྒྱད་ཀྱིས་འདུ་བྱེད་རྣམས་འགྱུར་བ་སྟེ། འགྱུར་བའི་རྣམ་པ་བཅོ་ལྔ་གང་ཞེ་ན། གནས་སྐབས་ལས་གྱུར་པ་

དང་། ཁ་དོག་ལས་གྱུར་པ་དང་། དབྱིབས་ལས་གྱུར་པ་དང་། འབྱོར་པ་དང་རྒུད་པ་ལས་གྱུར་པ་དང་། ཡན་ལག་དང་ཉིང་ལག་ཚང་བ་དང་མ་ཚང་བ་ལས་གྱུར་པ་དང་། ཡོངས་སུ་ངལ་བ་ལས་གྱུར་པ་དང་། གཞན་གྱིས་གནོད་པ་བྱས་པ་ལས་གྱུར་

པ་དང་། གྲང་བ་དང་དྲོ་བ་ལས་གྱུར་པ་དང་། སྤྱོད་ལམ་ལས་གྱུར་པ་དང་། རིག་པ་ལས་གྱུར་པ་དང་། ཀུན་ནས་ཉོན་མོངས་པ་ལས་གྱུར་པ་དང་། ན་བ་ལས་གྱུར་པ་དང་། འཆི་བ་ལས་གྱུར་པ་དང་། རྣམ་པར་བསྔོས་པ་ལ་སོགས་པ་ལས་གྱུར་

པ་དང་། ཐམས་ཅད་ཀྱི་ཐམས་ཅད་དུ་མི་སྣང་ཞིང་ཡོངས་སུ་ཟད་པ་ལས་གྱུར་པའི་འགྱུར་བའོ། །འགྱུར་བའི་རྒྱུ་རྣམ་པ་བརྒྱད་གང་ཞེ་ན། དུས་ཀྱིས་ཡོངས་སུ་འགྱུར་བ་དང་། གཞན་གྱིས་གནོད་པ་བྱས་པ་དང་། ལོངས་སྤྱོད་པ་དང་། དུས་ཚིགས་འགྱུར་བ་དང་།

མེས་ཚིག་པ་དང་། ཆུས་ཁྱེར་བ་དང་། རླུང་གིས་སྐམས་པ་དང་། རྐྱེན་གཞན་དང་ཕྲད་པ་སྟེ། འགྱུར་བ་རྣམ་པ་བཅོ་ལྔ་དང་། འགྱུར་བའི་རྒྱུ་རྣམ་པ་བརྒྱད་ཀྱིས་འདུ་བྱེད་རྣམས་འགྱུར་བ་ནི། འགྱུར་བའི་རྣམ་པས་བསྡུས་པའི་མི་རྟག་པའི་རྣམ་པ་ཡིན་ནོ། །

Vol. 206 · folio 63b

འཇིག་པའི་རྣམ་པ་གང་ཞེ་ན། འདུ་བྱེད་རྣམས་སྐད་ཅིག་སྐད་ཅིག་ལ་རྐྱེན་གྱི་དབང་གིས་འབྱུང་ཞིང་བྱུང་ནས་ཀྱང་འཇིག་པའི་རྐྱེན་མེད་པར་རང་གི་ངང་གིས་འཇིག་པ་གང་ཡིན་པ་སྟེ། དེ་ནི་འཇིག་པའི་རྣམ་པས་བསྡུས་པའི་མི་རྟག་པའི་རྣམ་པ་ཡིན་ནོ། །བྲལ་བའི་རྣམ་པ་གང་

ཞེ་ན། ཕྱི་ནང་གི་དངོས་པོ་སྔོན་རྗེ་དཔོན་ལ་སོགས་པ་དང་། ལོངས་སྤྱོད་ཡོད་ཅིང་བདོག་པ་ལས་དེ་དང་བྲལ་བར་འགྱུར་བ་སྟེ། དེ་ནི་འབྲལ་བའི་རྣམ་པས་བསྡུས་པའི་མི་རྟག་པའི་རྣམ་པ་ཡིན་ནོ། །ཆོས་ཉིད་ཀྱི་རྣམ་པ་གང་ཞེ་ན། འགྱུར་བའི་མི་རྟག་པ་དང་།

འཇིག་པའི་མི་རྟག་པ་དང་། བྲལ་བའི་མི་རྟག་པ་དེ་དག་ད་ལྟར་བྱུང་བའི་དུས་སུ་ཉེ་བར་མ་གྱུར་དུ་ཟིན་ཀྱང་མ་འོངས་པའི་དུས་སུ་དེ་ལྟ་བུར་འགྱུར་བའི་ཆོས་ཉིད་ཡིན་པས་ཏེ། དེ་ནི་ཆོས་ཉིད་ཀྱི་རྣམ་པས་བསྡུས་པའི་མི་རྟག་པ་ཡིན་ནོ། །ཉེ་བའི་རྣམ་པ་གང་ཞེ་ན། འགྱུར་བའི་མི་རྟག་པ་དང་།

འཇིག་པའི་མི་རྟག་པ་དང་། བྲལ་བའི་མི་རྟག་པ་དེ་དག་ད་ལྟར་མངོན་སུམ་དུ་ཉེ་བར་གྱུར་པ་སྟེ། དེ་ནི་ཉེ་བའི་རྣམ་པས་བསྡུས་པའི་མི་རྟག་པའི་རྣམ་པ་ཡིན་ནོ། །དེ་ལྟར་ན་མི་རྟག་པའི་རྣམ་པ་ནི་འགྱུར་བའི་རྣམ་པ་དང་། འཇིག་པའི་རྣམ་

པ་དང་། བྲལ་བའི་རྣམ་པ་དང་། ཆོས་ཉིད་ཀྱི་རྣམ་པ་དང་། ཉེ་བའི་རྣམ་པ་ལྔས་བསྡུས་པ་ཡིན་ནོ། །ཀུན་དུ་སྦྱོར་བ་དང་འཆིང་བའི་རྣམ་པ་གང་ཞེ་ན། བདེ་བ་དང་མཐུན་པའི་འདུ་བྱེད་རྣམས་དང་། བདེ་བའི་ཚོར་བ་འགྱུར་བའི་སྡུག་བསྔལ་ཉིད་ཀྱིས་སྡུག་

བསྔལ་བ་གང་ཡིན་པ་སྟེ། དེ་དག་ནི་སྲེད་པའི་ཀུན་དུ་སྦྱོར་བའི་གནས་ཡིན་ལ། སྲེད་པའི་ཀུན་དུ་སྦྱོར་བ་ཡང་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་ལ་སོགས་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་འཆིང་བའི་གནས་

ཡིན་པའི་ཕྱིར་རོ། །མི་སྡུག་པའི་རྣམ་པ་གང་ཞེ་ན། སྡུག་བསྔལ་དང་མཐུན་པའི་འདུ་བྱེད་རྣམས་དང་། སྡུག་བསྔལ་གྱི་ཚོར་བ་སྡུག་བསྔལ་གྱི་སྡུག་བསྔལ་བ་ཉིད་ཀྱིས་སྡུག་བསྔལ་བ་གང་ཡིན་པ་སྟེ། དེ་དག་ནི་ཟག་པ་དང་བཅས་པ་དང་། ཉེ་བར་ལེན་

Vol. 206 · folio 64a

པ་དང་བཅས་པ་དང་། ཡིད་མི་བདེ་བ་དང་ལྡན་པ་དང་། གནས་ངན་ལེན་དང་ལྡན་པ་དང་། སྡུག་བསྔལ་ཉིད་ལས་རྣམ་པར་གྲོལ་བ་དང་། མི་རྟག་པ་དང་། འགོག་པའི་ཆོས་ཅན་ཡིན་པའི་ཕྱིར་རོ། །གྲུབ་པ་དང་བདེ་བ་མེད་

པའི་རྣམ་པ་གང་ཞེ་ན། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་། འདུན་པའི་འདུ་བྱེད་རྣམས་དང་། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བ་གང་ཡིན་པ་སྟེ། དེ་དག་ནི་ཟག་པ་

དང་བཅས་པ་དང་། ཉེ་བར་ལེན་པ་དང་བཅས་པ་དང་། གནས་ངན་ལེན་དང་ལྡན་པ་དང་། བདེ་བ་དང་སྡུག་བསྔལ་གྱི་ས་བོན་དང་ལྡན་པ་དང་། སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་ལས་རྣམ་པར་མ་གྲོལ་བ་དང་། མི་རྟག་པ་དང་འགོག་

པའི་ཆོས་ཅན་ཡིན་པའི་ཕྱིར་རོ། །དེ་ལྟར་ན་སྡུག་བསྔལ་བའི་རྣམ་པ་ནི་ཀུན་དུ་སྦྱོར་བ་དང་། འཆིང་བའི་རྣམ་པ་དང་། མི་རྟག་པའི་རྣམ་པ་དང་། གྲུབ་པ་དང་བདེ་བ་མེད་པའི་རྣམ་པ་གསུམ་གྱིས་བསྡུས་པ་ཡིན་ནོ། །དམིགས་སུ་མེད་པའི་རྣམ་པ་གང་ཞེ་ན། དབང་

པོ་ཙམ་དང་། ཡུལ་ཙམ་དང་། དེ་ལས་བྱུང་བའི་ཚོར་བ་ཙམ་དང་། སེམས་ཙམ་ཞིག་སྣང་བར་ཟད་ཀྱི་དེ་དག་ལས་བདག་དང་བདག་གི་ཞེས་བྱ་བ་དམིགས་སུ་མེད་པས་འདུ་བྱེད་ཐམས་ཅད་སྟོང་པ་དང་། བདག་མེད་པ་དང་། དེ་ལྟར་ན་སྟོང་པའི་རྣམ་པ་སྟེ། དམིགས་

སུ་མེད་པའི་རྣམ་པས་བསྡུས་པ་ཡིན་ནོ། །རང་དབང་མེད་པའི་རྣམ་པ་གང་ཞེ་ན། རང་གི་མཚན་ཉིད་དང་། མི་རྟག་པའི་མཚན་ཉིད་དང་། སྡུག་བསྔལ་གྱི་མཚན་ཉིད་དང་ལྡན་པའི་འདུ་བྱེད་ཐམས་ཅད་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་རང་དབང་མེད་པ་ཡིན་ལ།

རང་དབང་མེད་པ་གང་དག་ཡིན་པ་དེ་དག་ནི་བདག་མེད་པ་སྟེ། དེ་ལྟར་ན་བདག་མེད་པའི་རྣམ་པ་ནི་རང་དབང་མེད་པའི་རྣམ་པས་བསྡུས་པ་ཡིན་ནོ། །དེ་ལྟར་ན་སྡུག་བསྔལ་གྱི་བདེན་པའི་མཚན་ཉིད་ནི་རྣམ་པར་གཞག་པ་བཞི་པོ་རྣམ་པ་བཅུས་བསྡུས་པ་དེ་དག་གིས་སོ་སོར་

Vol. 206 · folio 64b

རིག་པར་བྱའོ། །དེ་ལ་ཀུན་འབྱུང་བའི་བདེན་པའི་མཚན་ཉིད་ནི་རྣམ་པ་བཞི་པོ་རྒྱུ་དང་། ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་། རྐྱེན་གྱི་རྣམ་པས་སོ་སོར་རིག་པར་བྱ་སྟེ། དེ་ལ་རྒྱུ་ནི་སྲིད་པ་སྟེ། སྡུག་བསྔལ་འཕེན་པར་བྱེད་པ་ཡིན་པའི་ཕྱིར་རོ། །ཀུན་འབྱུང་བ་ནི་

འཕངས་ནས་མངོན་པར་འགྲུབ་པར་བྱེད་ཅིང་སྡུག་བསྔལ་ཀུན་འབྱུང་བར་བྱེད་པའི་ཕྱིར་རོ། །རབ་ཏུ་སྐྱེ་བ་ནི་སྡུག་བསྔལ་མངོན་པར་གྲུབ་པ་སྟེ་སྲིད་པ་དེ་ལས་རབ་ཏུ་སྐྱེས་པའི་ཕྱིར་རོ། །རྐྱེན་ནི་སྲེད་པ་དེ་མ་འོངས་པའི་སྡུག་བསྔལ་གྱི་ས་བོན་ཡོངས་སུ་འཛིན་པ་དང་། རིམ་

གྱིས་སྡུག་བསྔལ་ཡང་དག་པར་གྲུབ་པར་བྱེད་པའི་ཕྱིར་རོ། །རྣམ་གྲངས་གཞན་དང་སྲེད་པ་དེ་ནི་ལེན་པའི་རྒྱུར་གྱུར་པ་ཡིན་པ་དང་། ལེན་པ་དང་ལེན་པའི་རྒྱུ་ལས་བྱུང་བའི་སྲེད་པ་ཀུན་འབྱུང་བར་བྱེད་པ་གང་ཡིན་པ་དང་། སྲིད་པ་སྔོན་དུ་བཏང་བའི་སྐྱེ་བའི་རབ་ཏུ་

སྐྱེས་པར་བྱེད་པ་ཡིན་པ་དང་། སྐྱེ་བའི་རྐྱེན་གྱིས་རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་ལ་སོགས་པ་མངོན་པར་འགྲུབ་པར་བྱེད་པའི་ཕྱིར་རྒྱུ་དང་། ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་། རྐྱེན་ཞེས་བྱ་སྟེ་གོ་རིམས་བཞིན་ནོ། །རྣམ་གྲངས་གཞན་ཡང་

སྲེད་པའི་བག་ལ་ཉལ་ལ་སོགས་པ་ཉོན་མོངས་པའི་བག་ལ་ཉལ་ལུས་ལ་ཞེན་པ་གང་ཡིན་པ་དེ་ནི་ཕྱི་མ་ལ་ཡང་སྲིད་པ་མངོན་པར་འགྲུབ་པའི་རྒྱུ་ཡིན་ནོ། །རྒྱུ་དེ་ལས་སྐྱེས་པའི་སྲིད་པའི་ཀུན་ནས་དཀྲིས་པ་རྣམ་པ་གསུམ་ནི་ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་།

རྐྱེན་ཡིན་ཏེ། དེ་ཡང་འབྱུང་བའི་སྲེད་པ་ཡང་དག་པར་འགྲུབ་པར་བྱེད་པའི་ཕྱིར་ཀུན་འབྱུང་བ་ཡིན་ནོ། །ཡང་འབྱུང་བའི་སྲེད་པ་ཡང་དེ་ཡང་དག་པའི་འདོད་ཆགས་དང་ལྡན་པའི་སྲེད་པ་རབ་ཏུ་སྐྱེ་བར་བྱེད་པ་ཡིན་ནོ། །དགའ་བའི་འདོད་ཆགས་དང་ལྡན་པའི་སྲེད་པ་

སྐྱེས་པ་དེ་ནི་དེ་དང་དེར་མངོན་པར་དགའ་བའི་སྲེད་པའི་རྐྱེན་ཡིན་ཏེ། དེ་ལྟར་སྲེད་པའི་བག་ལ་ཉལ་གྱི་རྣམ་པ་དང་། སྲེད་པའི་ཀུན་ནས་དཀྲིས་པ་རྣམ་པ་གསུམ་ལ་བརྟེན་ནས་ཕྱི་མ་ལ་ཡང་འབྱུང་བའི་སྲེད་པ་མངོན་པར་གྲུབ་པ་འབྱུང་བར་འགྱུར་བས་ན། དེའི་ཕྱིར་

Vol. 206 · folio 65a

རྒྱུ་དང་། ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་། རྐྱེན་ཞེས་བྱ་བར་གསུངས་སོ། །དེ་ལྟར་ན་ཀུན་འབྱུང་བའི་བདེན་པའི་མཚན་ཉིད་ནི་རྣམ་པ་བཞི་པོ་དེ་དག་གིས་སོ་སོར་རིག་པར་བྱའོ། །དེ་ལ་འགོག་པའི་བདེན་པའི་མཚན་ཉིད་ནི་རྣམ་པ་བཞི་པོ་

འགོག་པ་དང་། ཞི་བ་དང་། གྱ་ནོམ་པ་དང་། ངེས་པར་འབྱུང་བའི་རྣམ་པས་སོ་སོར་རིག་པ་དང་། དེ་ལ་འགོག་པ་ནི་ཀུན་འབྱུང་བའི་བདེན་པ་མ་ལུས་པར་ཟད་པའི་ཕྱིར་རོ། །ཞི་བ་ནི་སྡུག་བསྔལ་གྱི་བདེན་པ་མ་ལུས་པར་ཟད་པའི་ཕྱིར་རོ། །གྱ་ནོམ་པ་ནི་དེ་མཆོག་དང་།

གཅོ་བོ་དང་། བླ་ན་མེད་པ་ཡིན་པའི་ཕྱིར་རོ། །ངེས་པར་འབྱུང་བ་ནི་འགྱུར་བ་མེད་པའི་སྒོ་ནས་རྟག་པའི་ཕྱིར་ཏེ། དེ་ལྟར་ན་འགོག་པའི་བདེན་པའི་མཚན་ཉིད་རྣམ་པ་བཞི་པོ་དེ་དག་གིས་སོ་སོར་རིག་པར་བྱའོ། །དེ་ལ་ལམ་གྱི་བདེན་པའི་མཚན་ཉིད་ནི་རྣམ་པ་བཞི་པོ་ལམ་དང་།

རིགས་པ་དང་། སྒྲུབ་པ་དང་། ངེས་པར་འབྱིན་པའི་རྣམ་པས་སོ་སོར་རིག་པར་བྱ་སྟེ། དེ་ལ་ལམ་ནི་ཤེས་བྱ་ཡོངས་སུ་ཚོལ་བའི་དོན་ཏོ། །རིགས་པ་ནི་ཡང་དག་པ་ཡོངས་སུ་ཚོལ་བའི་དོན་ཏོ། །སྒྲུབ་པ་ནི་སྒོ་བཞིས་རྗེས་སུ་འཇུག་པའི་དོན་ཏོ། །ངེས་པར་འབྱིན་པ་ནི་

མྱ་ངན་ལས་འདའ་བར་འགྲོ་བའི་ཕྱིར་བགྲོད་པ་གཅིག་པའི་དོན་ཏོ། །དེ་ལྟར་ན་ལམ་གྱི་བདེན་པའི་མཚན་ཉིད་ནི་རྣམ་པ་བཞི་པོ་དེ་དག་གིས་སོ་སོར་རིག་པར་བྱ་སྟེ། དེ་ནི་རྣམ་པའི་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་མངོན་སུམ་དང་རྗེས་སུ་དཔག་པའི་རབ་ཏུ་

དབྱེ་བ་གང་ཞེ་ན། བདེན་པ་བཞི་ལ་བཟོད་པ་བརྒྱད་དང་ཤེས་པ་བརྒྱད་ལས་ཆོས་ཤེས་པའི་ཕྱོགས་སུ་གཏོགས་པའི་བཟོད་པ་བཞི་དང་། ཤེས་པ་བཞི་ནི་ཁམས་འདི་པ་ཡིན་པས་མངོན་སུམ་གྱི་རབ་ཏུ་དབྱེ་བ་ཡིན་ནོ། །རྗེས་སུ་དཔག་པའི་ཤེས་པའི་ཕྱོགས་སུ་གཏོགས་

པའི་བཟོད་པ་བཞི་དང་། ཤེས་པ་བཞི་ནི་ཁམས་གོང་མ་ཡིན་པས་རྗེས་སུ་དཔག་པའི་རབ་ཏུ་དབྱེ་བ་ཡིན་ནོ། །དེ་ལ་བདེན་པ་བཞི་ལ་བཟོད་པ་བརྒྱད་དང་ཤེས་པ་བརྒྱད་གང་ཞེ་ན། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་ཆོས་ཤེས་པ་དང་། སྡུག་

Vol. 206 · folio 65b

བསྔལ་ལ་རྗེས་སུ་རྟོགས་པའི་བཟོད་པ་དང་། སྡུག་བསྔལ་ལ་རྗེས་སུ་རྟོགས་པའི་ཤེས་པ་དང་། ཀུན་འབྱུང་བ་ལ་ཆོས་ཤེས་པའི་བཟོད་པ་དང་། ཀུན་འབྱུང་བ་ལ་ཆོས་ཤེས་པ་དང་། ཀུན་འབྱུང་བ་ལ་རྗེས་སུ་རྟོགས་པའི་ཤེས་པའི་བཟོད་པ་དང་། ཀུན་འབྱུང་བ་ལ་རྗེས་སུ་

རྟོགས་པའི་ཤེས་པ་དང་། འགོག་པ་ལ་ཆོས་ཤེས་པའི་བཟོད་པ་དང་། འགོག་པ་ལ་ཆོས་ཤེས་པ་དང་། འགོག་པ་ལ་རྗེས་སུ་རྟོགས་པའི་ཤེས་པའི་བཟོད་པ་དང་། འགོག་པ་ལ་རྗེས་སུ་རྟོགས་པའི་ཤེས་པ་དང་། ལམ་ལ་ཆོས་ཤེས་པའི་བཟོད་པ་དང་། ལམ་ལ་

ཆོས་ཤེས་པ་དང་། ལམ་ལ་རྗེས་སུ་རྟོགས་པའི་ཤེས་པའི་བཟོད་པ་དང་། ལམ་ལ་རྗེས་སུ་རྟོགས་པའི་ཤེས་པའོ། །དེ་ལ་བཟོད་པ་ཞེས་བྱ་བ་ནི་བར་ཆད་མེད་པའི་ལམ་སྟེ། བདེན་པ་ལ་བཟོད་ཅིང་ཉོན་མོངས་པ་སྤོང་བར་བྱེད་པ་ཡིན་ནོ། །ཤེས་པ་ཞེས་བྱ་བ་ནི་རྣམ་པར་

གྲོལ་བའི་ལམ་སྟེ། བདེན་པ་ལ་ངེས་ཤིང་རྣམ་པར་གྲོལ་བ་མངོན་སུམ་དུ་བྱེད་པ་ཡིན་ནོ། །དེ་དག་གི་རིམ་པ་ཇི་ལྟ་བུ་ཞེ་ན། སྔར་རྣམ་པའི་རབ་ཏུ་དབྱེ་བའི་སྐབས་སུ་རྣལ་འབྱོར་པས་བདེན་པ་བཞིའི་མཚན་ཉིད་རྣམ་པ་བཞི་བཞིས་སོ་སོར་རིག་པའི་དུས་ན་བདག་ཉིད་ཀྱི་ཕུང་པོ་

ལྐོག་ཏུ་མ་གྱུར་པ་རྣམས་ལ་བདེན་པར་ཤེས་པ་གང་ཡིན་པ་དང་། ཁམས་མི་འདྲ་བའི་ཕུང་པོ་ལྐོག་ཏུ་གྱུར་པ་རྣམས་ལ་རྗེས་སུ་དཔག་པའི་སྒོ་ནས་ཤེས་པ་གང་ཡིན་པ་དེ་ནི་ཕྱིས་ཆོས་ཤེས་པ་དང་། རྗེས་སུ་རྟོགས་པའི་ཤེས་པ་དག་སྐྱེ་བའི་ས་བོན་ལྟ་བུ་ཡིན་ཏེ། དེ་ཉིད་ལ་

བརྟེན་ནས་བདེན་པ་རྣམས་ལ་ཞུགས་པ་ན་མྱ་ངན་ལས་འདས་པ་ལ་མངོན་པར་དགའ་བའི་བར་དུ་གཅོད་པར་བྱེད་པ་ངའོ་སྙམ་པའི་ང་རྒྱལ་རགས་པ་གང་ཡིན་པ་དེ་ཀུན་དུ་སྤྱོད་པའི་སྒོ་ནས་སྤོང་བར་འགྱུར་ཞིང་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པས་མཉམ་ཞིང་

མཚུངས་པའི་ཡེ་ཤེས་སྐྱེ་བར་འགྱུར་ཏེ། ཡེ་ཤེས་བཟོད་པ་ཆུང་ངུ་དང་ལྡན་པར་གྱུར་པ་ནི་དྲོ་བར་གྱུར་པ་ཞེས་བྱ། བཟོད་པ་འབྲིང་དང་ལྡན་པར་གྱུར་པ་ནི་རྩེ་མོ་ཞེས་བྱ། བཟོད་པ་ཆེན་པོ་དང་ལྡན་པར་གྱུར་པ་ནི་བདེན་པའི་རྗེས་སུ་མཐུན་པའི་བཟོད་པ་ཞེས་བྱའོ། །དེ་ཐམས་ཅད་

Vol. 206 · folio 66a

ཀྱི་ཐ་མ་རྣམ་པར་མི་རྟོག་པའི་སེམས་དེའི་མཇུག་ཐོགས་སུ་སྔར་དཔྱད་པའི་བདེན་པ་རྣམས་ལ་བདག་ཉིད་རྩོལ་བར་བྱེད་པའི་སྐད་ཅིག་གང་ཡིན་པ་དེ་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་ཡིན་ཏེ། དེ་ཡན་ཆད་འཇིག་རྟེན་ལས་འདས་པའི་སེམས་ཁོ་ནས་སྐྱེ་

བར་འགྱུར་གྱི། འཇིག་རྟེན་པའི་སེམས་མི་སྐྱེ་བ་དང་། དེ་ནི་འཇིག་རྟེན་པའི་འདུ་བྱེད་རྣམས་ཀྱི་མཚམས་དང་མཐར་ཐུག་པ་ཡིན་པས་ན་དེའི་ཕྱིར་འཇིག་རྟེན་པའི་ཆོས་ཀྱི་མཆོག་ཅེས་བྱའོ། །དེ་ལྟར་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་སྐྱེས་པ་དེ་དག་གི་རྗེས་སུ་

སྔར་དཔྱད་པའི་བདེན་པ་རྣམས་ལ་རྩོལ་བར་བྱེད་ཅིང་མཐོང་བའི་ལམ་བསྐྱེད་པའི་གནས་སྐབས་སུ་བཟོད་པ་བརྒྱད་དང་། ཤེས་པ་བརྒྱད་འབྱུང་བར་རིག་པར་བྱའོ། །དེ་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཞེས་བྱ་བ་ནི་འདོད་པར་གཏོགས་པའི་སྡུག་བསྔལ་གྱི་བདེན་པའི་

ཆོས་དང་ཆོས་ཤེས་པའི་ས་ལ་ངེས་པའི་ཤེས་པ་སྐྱེད་པ་པོའི་བློའི་བྱེ་བྲག་སྟེ། བདེན་པ་ལ་བཟོད་པས་ན་དེའི་ཕྱིར་བཟོད་པ་ཞེས་བྱའོ། །སྡུག་བསྔལ་ལ་ཆོས་ཤེས་པ་ཞེས་བྱ་བ་ནི་འདོད་པར་གཏོགས་པའི་སྡུག་བསྔལ་གྱི་བདེན་པའི་ཆོས་དང་། ཆོས་ཤེས་པའི་ས་ལ་ངེས་པའི་ཤེས་

པ་དྲི་མ་མེད་པ་གང་ཡིན་པའོ། །ཆོས་ཤེས་པའི་ས་ཞེས་བྱ་བ་ནི་ས་གང་ལ་བརྟེན་ནས་ཆོས་ཤེས་པའི་ངེས་པའི་ཤེས་པས་འདི་སྐྱེ་བའི་ས་དྲུག་སྟེ། མི་ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པར་ཅན་དང་། བསམ་གཏན་བཞི་པོ་རྣམས་སོ། །སྡུག་བསྔལ་ལ་རྗེས་སུ་རྟོགས་

པའི་ཤེས་པའི་བཟོད་པ་ཞེས་བྱ་བ་ནི་དེ་ལྟར་འདོད་པར་གཏོགས་པའི་སྡུག་བསྔལ་གྱི་ཆོས་ཤེས་པའི་འོག་ཏུ་གཟུགས་དང་གཟུགས་མེད་པར་གཏོགས་པའི་སྡུག་བསྔལ་གྱི་བདེན་པ་རྗེས་སུ་རྟོགས་པའི་ཤེས་པ་བཟོད་པ་དང་། རྗེས་སུ་རྟོགས་པའི་ཤེས་པའི་ས་ལ་ངེས་པའི་ཤེས་པ་

བསྐྱེད་པའི་བློའི་བྱེ་བྲག་སྟེ། དེ་ཡང་བདེན་པ་ལ་བཟོད་པས་ན་དེའི་ཕྱིར་བཟོད་པ་ཞེས་བྱ་བའོ། །སྡུག་བསྔལ་ལ་རྗེས་སུ་རྟོགས་པའི་ཤེས་པ་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པར་གཏོགས་པའི་སྡུག་བསྔལ་གྱི་བདེན་པ་རྗེས་སུ་རྟོགས་པ་དང་། རྗེས་སུ་རྟོགས་པར་ཤེས་པའི་

Vol. 206 · folio 66b

ས་ལ་ངེས་པའི་ཤེས་པ་དྲི་མ་མེད་པ་གང་ཡིན་པའོ། །རྗེས་སུ་རྟོགས་པར་ཤེས་པའི་ས་ཞེས་བྱ་བ་ནི་ས་གང་ལ་བརྟེན་ནས་རྗེས་སུ་རྟོགས་པར་ཤེས་པའི་ངེས་པའི་ཤེས་པ་འདི་སྐྱེ་བའི་ས་དགུ་སྟེ། ཆོས་ཤེས་པའི་ས་དྲུག་དང་། གཟུགས་མེད་པ་བཞི་ལས་སྲིད་པའི་རྩེ་མོ་ལ་

གཏོགས་པ་གསུམ་མོ། །དེ་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་བ་ན་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་འདོད་པར་གཏོགས་པ་རྣམས་ཀྱི་ཐོབ་པ་ནས་བཟུང་སྟེ་འགག་ལ། སྡུག་བསྔལ་ལ་ཆོས་ཤེས་པ་ཡང་དེ་དག་གི་མྱ་ངན་ལས་འདས་པའི་

ས་ཐོབ་པ་ནས་བཟུང་སྟེ་སྐྱེའོ། །སྡུག་བསྔལ་ལ་རྗེས་སུ་རྟོགས་པའི་ཤེས་པའི་བཟོད་པ་སྐྱེ་བ་ན་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་གཟུགས་དང་། གཟུགས་མེད་པར་གཏོགས་པ་རྣམས་ཀྱི་ཐོབ་པ་ནས་བཟུང་སྟེ་འགག་ལ། སྡུག་བསྔལ་ལ་རྗེས་སུ་

རྟོགས་པའི་ཤེས་པ་ཡང་དེ་དག་གི་མྱ་ངན་ལས་འདས་པའི་ས་ཐོབ་པ་ནས་བཟུང་སྟེ་སྐྱེའོ། །དེ་ལྟར་ན་སེམས་བཞི་པོ་དེ་དག་གིས་ཁམས་གསུམ་པའི་སྡུག་བསྔལ་གྱི་བདེན་པ་མངོན་པར་རྟོགས་པར་འགྱུར་རོ། །ཇི་ལྟར་སྡུག་བསྔལ་གྱི་བདེན་པ་སེམས་བཞིས་མངོན་པར་

རྟོགས་པ་དེ་བཞིན་དུ་ཀུན་འབྱུང་བ་དང་། འགོག་པ་དང་ལམ་གྱི་བདེན་པ་རྣམས་ཀྱང་སེམས་བཞི་བཞིས་མངོན་པར་རྟོགས་པར་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་བཟོད་པ་བརྒྱད་དང་ཤེས་པ་བརྒྱད་ཀྱི་སེམས་བཅུ་དྲུག་གིས་ཁམས་གསུམ་གྱི་ཉོན་མོངས་པ་སྤང་བར་བྱ་བ་བརྒྱད་ཅུ་

རྩ་བརྒྱད་སྤངས་ནས་བདེན་པ་བཞི་མངོན་པར་རྟོགས་ཏེ། རྒྱུན་དུ་ཞུགས་པའི་འབྲས་བུ་ཡང་ཐོབ་པར་འགྱུར་རོ། །དེ་ནི་མངོན་སུམ་དང་རྗེས་སུ་དཔག་པའི་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་མི་མཐུན་པའི་ཕྱོགས་དང་གཉེན་པོའི་རབ་ཏུ་དབྱེ་བ་གང་ཞེ་ན། བདེན་

པ་བཞི་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བ་ཁམས་གསུམ་པའི་ཉོན་མོངས་པ་དགུ་བཅུ་རྩ་བརྒྱད་ནི་མི་མཐུན་པའི་ཕྱོགས་ཀྱི་རབ་ཏུ་དབྱེ་བ་ཡིན་ནོ། །མཐོང་བའི་ལམ་དང་། བསྒོམ་པའི་ལམ་གྱིས་བར་ཆད་མེད་པའི་ལམ་དང་། རྣམ་པར་གྲོལ་བའི་

Vol. 206 · folio 67a

ལམ་རྣམས་ནི་གཉེན་པོའི་རབ་ཏུ་དབྱེ་བ་ཡིན་ནོ། །དེ་ལ་བདེན་པ་བཞི་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བ་ཁམས་གསུམ་པའི་ཉོན་མོངས་པ་དགུ་བཅུ་རྩ་བརྒྱད་གང་ཞེ་ན། ཉོན་མོངས་པའི་རྩ་བ་རྣམ་པ་དྲུག་སྟེ། འདོད་ཆགས་དང་།

ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་། ཐེ་ཚོམ་དང་། དྲུག་པོ་དེ་དག་ལས་འདོད་ཆགས་རྣམ་པ་གཉིས་ཏེ། འདོད་པའི་འདོད་ཆགས་དང་། སྲིད་པའི་འདོད་ཆགས་སོ། །ལྟ་བ་རྣམ་པ་ལྔ་སྟེ། འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལོག་

པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྟེ། དེ་ལྟར་ཕྱེ་ན་རྣམ་པ་བཅུ་གཅིག་ཏུ་འགྱུར་རོ། །དེ་ལ་འདོད་པའི་ཁམས་ན་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སུམ་ཅུ་རྩ་གཉིས་དང་། བསྒོམ་པས་སྤང་བར་བྱ་བ་བཞི་སྟེ།

སྤྱིར་སུམ་ཅུ་རྩ་དྲུག་ཡོད་དོ། །གཟུགས་ཀྱི་ཁམས་ན་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ཉི་ཤུ་རྩ་བརྒྱད་དང་། བསྒོམ་པས་སྤང་བར་བྱ་བ་གསུམ་སྟེ། སྤྱིར་སུམ་ཅུ་རྩ་གཅིག་ཡོད་དོ། །གཟུགས་མེད་པའི་ཁམས་ན་ཡང་དེ་དང་འདྲ་བར་སུམ་ཅུ་རྩ་གཅིག་སྟེ། དེ་དག་གཅིག་

ཏུ་བསྡུས་ན་དགུ་བཅུ་རྩ་བརྒྱད་དུ་འགྱུར་ཏེ། དེ་དག་ལས་བརྒྱད་ཅུ་རྩ་བརྒྱད་ནི་མཐོང་བས་སྤང་བར་བྱའོ། །བཅུ་ནི་བསྒོམ་པས་སྤང་བར་བྱའོ། །དེ་ལ་འདོད་པར་གཏོགས་པའི་མཐོང་བས་སྤང་བར་བྱ་བ་སུམ་ཅུ་རྩ་གཉིས་གང་ཞེ་ན། འདོད་པ་ན་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་

བཅུ་སྟེ། འདོད་པའི་འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་ལྔ་དང་། ཐེ་ཚོམ་མོ། །ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་བདུན་ཏེ། དེ་དག་གི་ནང་ནས་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ཚུལ་ཁྲིམས་དང་། བརྟུལ་

ཞུགས་མཆོག་ཏུ་འཛིན་པ་མ་གཏོགས་པ་རྣམས་སོ། །འགོག་པ་མཐོང་བས་སྤང་བར་བྱ་བ་ཡང་བདུན་ཏེ། དེ་དག་ཉིད་དོ། །ལམ་མཐོང་བས་སྤང་བར་བྱ་བ་ཡང་བརྒྱད་དེ། བདུན་པོ་དེ་དག་ཉིད་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྟེ། དེ་དག་བསྡོམས་ན་

Vol. 206 · folio 67b

སུམ་ཅུ་རྩ་གཉིས་སུ་འགྱུར་རོ། །བསྒོམ་པས་སྤང་བར་བྱ་བ་བཞི་གང་ཞེ་ན། ལྟ་བ་རྣམས་དང་། ཐེ་ཚོམ་མ་གཏོགས་པ་རྣམས་ཏེ། དེ་ལྟར་དེ་དག་ནི་འདོད་པར་གཏོགས་པའི་ཉོན་མོངས་པ་སུམ་ཅུ་རྩ་དྲུག་ཡིན་ནོ། །གཟུགས་སུ་གཏོགས་པའི་མཐོང་བས་སྤང་བར་བྱ་བ་ཉི་ཤུ་

རྩ་བརྒྱད་གང་ཞེ་ན། གཟུགས་ན་སྡུག་བསྔལ་མཐོང་བའི་སྤང་བར་བྱ་བ་དགུ་སྟེ། སྔ་མ་ལས་ཁོང་ཁྲོ་བ་མ་གཏོགས་པ་རྣམས་སོ། །ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་དྲུག་སྟེ། དེ་ཡང་སྔ་མ་ལས་ཁོང་ཁྲོ་བ་མ་གཏོགས་པ་རྣམས་སོ། །འགོག་པའི་

མཐོང་བས་སྤང་བར་བྱ་བ་ཡང་དྲུག་སྟེ། དེ་དག་ཉིད་དོ། །ལམ་མཐོང་བས་སྤང་བར་བྱ་བ་བདུན་ཏེ། དེ་ཡང་སྔ་མ་ལས་ཁོང་ཁྲོ་བ་མ་གཏོགས་པ་རྣམས་ཏེ། དེ་དག་བསྡོམས་པས་ཉི་ཤུ་རྩ་བརྒྱད་དུ་འགྱུར་རོ། །བསྒོམ་པས་སྤང་བར་བྱ་བ་གསུམ་གང་ཞེ་ན།

སྔ་མ་ལས་ཁོང་ཁྲོ་བ་མ་གཏོགས་པ་རྣམས་ཏེ། དེ་ལྟར་དེ་དག་ནི་གཟུགས་སུ་གཏོགས་པའི་ཉོན་མོངས་པ་སུམ་ཅུ་རྩ་གཅིག་ཡིན་ནོ། །གཟུགས་མེད་པར་གཏོགས་པའི་ཉོན་མོངས་པ་སུམ་ཅུ་རྩ་གཅིག་ཀྱང་དེ་བཞིན་ཏེ། དེ་དག་ནི་བདེན་པ་བཞི་མཐོང་བས་

སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བ་ཁམས་གསུམ་པའི་ཉོན་མོངས་པ་དགུ་བཅུ་རྩ་བརྒྱད་ཡིན་ནོ། །དེ་ལ་མཐོང་བའི་ལམ་དང་བསྒོམ་པའི་ལམ་གྱི་བར་ཆད་མེད་པའི་ལམ་དང་རྣམ་པར་གྲོལ་བའི་ལམ་རྣམས་གང་ཞེ་ན། དེ་ལ་རེ་ཞིག་འདོད་པའི་

ཁམས་ཀྱི་བར་ཆད་མེད་པའི་ལམ་ནི་སྔར་མངོན་སུམ་གྱི་རབ་ཏུ་དབྱེ་བའི་སྐབས་སུ་ཆོས་ཤེས་པའི་བཟོད་པ་བརྒྱད་བསྟན་པ་རྣམས་སོ། །རྣམ་པར་གྲོལ་བའི་ལམ་ནི་ཆོས་ཤེས་པ་བརྒྱད་བསྟན་པ་རྣམས་ཏེ། དེ་དག་གིས་འདོད་པར་གཏོགས་པའི་མཐོང་བས་

སྤང་བར་བྱ་བའི་ཉོན་མོངས་པ་སུམ་ཅུ་རྩ་གཉིས་སྤོང་བར་བྱེད་དོ། །གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་བར་ཆད་མེད་པའི་ལམ་སྔར་རྗེས་སུ་གཏོགས་པའི་ཤེས་པའི་བཟོད་པ་བརྒྱད་བསྟན་པ་རྣམས་སོ། །རྣམ་པར་གྲོལ་བའི་ལམ་ནི་རྗེས་

Vol. 206 · folio 68a

སུ་རྟོགས་པའི་ཤེས་པ་བརྒྱད་བསྟན་པ་རྣམས་ཏེ། དེ་དག་གིས་གཟུགས་དང་གཟུགས་མེད་པར་གཏོགས་པའི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ལྔ་བཅུ་རྩ་དྲུག་སྤོང་བར་བྱེད་དོ། །དེ་ལ་སྐད་ཅིག་མ་བཅོ་ལྔ་ནི་མཐོང་བའི་ལམ་

སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པའི་གནས་སྐབས་ཡིན་ནོ། །སྐད་ཅིག་མ་བཅུ་དྲུག་པ་ནི་བསྒོམ་པའི་ལམ་སྟེ། རྒྱུན་དུ་ཞུགས་པའི་གནས་སྐབས་ཡིན་ནོ། །དེ་ལ་བསྒོམ་པའི་ལམ་གྱི་བར་ཆད་མེད་པའི་ལམ་དང་། རྣམ་པར་གྲོལ་

བའི་ལམ་གང་ཞེ་ན། དེ་ལ་རེ་ཞིག་འདོད་པར་གཏོགས་པའི་འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་འདམ་དུ་སྦམ་པའི་ཚུལ་དུ་བསྡུས་ནས་རིམ་པ་དགུར་ཕྱེ་སྟེ། ཆེན་པོའི་ཆེན་པོ་དང་། ཆེན་པོའི་འབྲིང་དང་། ཆེན་པོའི་ཆུང་ངུ་དང་། འབྲིང་པོའི་

ཆེན་པོ་དང་། འབྲིང་པོའི་འབྲིང་པོ་དང་། འབྲིང་པོའི་ཆུང་ངུ་དང་། ཆུང་ངུའི་ཆེན་པོ་དང་། ཆུང་ངུའི་འབྲིང་དང་། ཆུང་ངུའི་ཆུང་ངུའོ། །དེ་དག་གི་གཉེན་པོ་བར་ཆད་མེད་པའི་ལམ་དང་། རྣམ་པར་གྲོལ་བའི་ལམ་ཡང་དེ་བཞིན་དུ་རིམ་པ་དགུ་དགུར་རིག་པར་

བྱའོ། །དེ་ལ་ཉོན་མོངས་པའི་རྣམ་པ་ཆེན་པོའི་ཆེན་པོའི་གཉེན་པོ་བར་ཆད་མེད་པའི་ལམ་དང་། རྣམ་པར་གྲོལ་བའི་ལམ་གྱི་རྣམ་པ་ཆུང་ངུའི་ཆུང་ངུ་སྟེ། དེ་བཞིན་དུ་ཉོན་མོངས་པའི་རྣམ་པ་ཆུང་ངུའི་ཆུང་ངུའི་གཉེན་པར་ནི་ལམ་ཆེན་པོའི་ཆེན་པོའི་བར་དུའོ། །དེ་ལ་འདོད་པའི་

ཁམས་ཀྱི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པའི་རྣམ་པ་དགུ་ལ་རྣམ་པ་དྲུག་སྤངས་ནས། ལན་ཅིག་ཕྱིར་འོང་བར་འགྱུར་རོ། །དགུ་པ་སྤངས་ན་ཕྱིར་མི་འོང་བར་འགྱུར་རོ། །གཟུགས་དང་གཟུགས་མེད་པར་གཏོགས་པའི་བར་ཆད་མེད་པའི་ལམ་དང་། རྣམ་པར་གྲོལ་

བའི་ལམ་ནི་གཟུགས་ཀྱི་ཁམས་ན་བསམ་གཏན་བཞི་དང་གཟུགས་མེད་པ་བཞི་སྟེ། སྤྱིར་ས་བརྒྱད་ཡོད་པའི་ས་རེ་རེ་ལ་ཡང་སྲིད་པའི་འདོད་ཆགས་དང་། ང་རྒྱལ་དང་མ་རིག་པ་སྔ་མ་བཞིན་དུ་རྣམ་པ་དགུ་དགུར་ཕྱེ་སྟེ། དེ་དག་གི་གཉེན་པོ་བར་ཆད་མེད་པའི་ལམ་དང་། རྣམ་པར་

Vol. 206 · folio 68b

གྲོལ་བའི་ལམ་ཡང་རྣམ་པ་དགུ་དགུར་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་ཉོན་མོངས་པ་རྣམས་མཐར་གྱིས་སྤངས་པར་གནས་ཏེ། སྲིད་པའི་རྩེ་མོའི་ཉོན་མོངས་པའི་རྣམ་པ་ཆུང་ངུའི་ཆུང་ངུ་སྤངས་ནས་དགྲ་བཅོམ་པར་འགྱུར་ཏེ། དེ་ནི་མི་མཐུན་པའི་ཕྱོགས་དང་། གཉེན་པོའི་

རབ་ཏུ་དབྱེ་བ་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་ཡིད་ལ་བྱེད་པའི་རབ་ཏུ་དབྱེ་བ་གང་ཞེ་ན། འཕགས་པའི་བདེན་པ་བཞི་པོ་དག་ལ་བརྩམས་ནས་དགྲ་བཅོམ་པ་ཉིད་ཐོབ་ཀྱི་བར་དུ་ཡིད་ལ་བྱེད་པ་བདུན་རིམ་གྱིས་འབྱུང་བར་འགྱུར་ཏེ། བདུན་གང་ཞེ་ན། མཚན་ཉིད་སོ་

སོར་རིག་པའི་ཡིད་ལ་བྱེད་པ་དང་། མོས་པ་ལས་བྱུང་བའི་ཡིད་ལ་བྱེད་པ་དང་། རབ་ཏུ་དབེན་པའི་ཡིད་ལ་བྱེད་པ་དང་། སྤྱོད་པའི་ཡིད་ལ་བྱེད་པ་དང་། དགའ་བ་སྡུད་པའི་ཡིད་ལ་བྱེད་པ་དང་། སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པ་དང་། སྦྱོར་བ་མཐར་ཐུག་པའི་

འབྲས་བུ་ཡིད་ལ་བྱེད་པའོ། །དེ་ལ་མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་གང་ཞེ་ན། དང་པོའི་རྣམ་པའི་རབ་ཏུ་དབྱེ་བས་བདེན་པ་བཞི་པོ་དག་གི་མཚན་ཉིད་རྣམ་པ་བཞི་བཞིས་སོ་སོར་རིག་པར་བྱེད་པའི་ཡིད་ལ་བྱེད་པ་ཡིན་ནོ། །མོས་པ་ལས་བྱུང་བའི་ཡིད་ལ་བྱེད་པ་གང་ཞེ་

ན། དེ་ལྟར་མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་ཐོབ་པ་ཡན་ཆད་ནས་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་རབ་ཏུ་དབྱེ་བ་བདེན་པ་བཞི་པོ་དག་ལ་ཐོས་པ་དང་བསམ་པ་ལས་བྱུང་བའི་ཡིད་ལ་བྱེད་པ་དང་། མ་འདྲེས་པར་གཅིག་ཏུ་བསྒོམ་པའི་རྣམ་པས་མོས་པར་བྱེད་པའི་

ཡིད་ལ་བྱེད་པ་ཡིན་ནོ། །རབ་ཏུ་དབེན་པའི་ཡིད་ལ་བྱེད་པ་གང་ཞེ་ན། མངོན་སུམ་དང་རྗེས་སུ་དཔག་པའི་རབ་ཏུ་དབྱེ་བའི་བཟོད་པ་བརྒྱད་དང་། ཤེས་པ་བརྒྱད་ཀྱིས་བདེན་པ་བཞི་མངོན་པར་རྟོགས་ནས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་ཏེ། རྒྱུན་

ཏུ་ཞུགས་པའི་ས་ཐོབ་པའི་ཡིད་ལ་བྱེད་པ་ཡིན་ནོ། །དཔྱོད་པའི་ཡིད་ལ་བྱེད་པ་གང་ཞེ་ན། བསྒོམ་པའི་ལམ་ཐམས་ཅད་ལ་ཉོན་མོངས་པ་སྤངས་པ་དང་། མ་སྤངས་པ་ལ་སོ་སོར་བརྟགས་ཤིང་དཔྱད་ནས་ལམ་ཇི་ལྟར་ཐོབ་པ་གོམས་པར་བྱེད་པའི་ཡིད་ལ་བྱེད་པ་ཡིན་ནོ། །

Vol. 206 · folio 69a

དགའ་བ་སྡུད་པའི་ཡིད་ལ་བྱེད་པ་གང་ཞེ་ན། དཔྱོད་པའི་ཡིད་ལ་བྱེད་པ་དེ་ཉིད་ཀྱི་གནས་སྐབས་ན་ལམ་ཇི་ལྟར་ཐོབ་པ་གོམས་པར་བྱས་ནས་དེའི་འོག་ཏུ་དུས་དུས་སུ་ཀུན་དུ་སྐྱོ་བར་འགྱུར་བའི་ཆོས་རྣམས་ལ་སེམས་སྐྱོ་བར་བྱེད་པ་དང་། དུས་དུས་སུ་མངོན་པར་དགའ་

བར་འགྱུར་བའི་ཆོས་རྣམས་ལ་སེམས་མངོན་པར་དགའ་བར་བྱེད་པའི་ཡིད་ལ་བྱེད་པ་ཡིན་ནོ། །སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པ་གང་ཞེ་ན། དེ་ལྟར་དགའ་བ་སྡུད་པའི་ཡིད་ལ་བྱེད་པ་དེ་ཀུན་དུ་བརྟེན་ཞིང་གོམས་པར་བྱས། ལན་མང་དུ་བྱས་པའི་རྒྱུས་བསྒོམ་པས་སྤང་བར་

བྱ་བའི་ཉོན་མོངས་པ་མ་ལུས་པར་སྤང་བར་བྱ་བའི་ཕྱིར་ཐམས་ཅད་ཀྱི་ཐ་མར་སློབ་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐྱེས་པར་གྱུར་པའི་ཡིད་ལ་བྱེད་པ་ཡིན་ནོ། །སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིད་ལ་བྱེད་པ་གང་ཞེ་ན། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐྱེས་མ་ཐག་ཏུ་ཉོན་མོངས་པའི་ཕྱོགས་སུ་

གྱུར་པ་གནས་ངན་ལེན་གྱི་ས་བོན་ཐམས་ཅད་ཡང་དག་པར་བཅོམ་པའི་ཕྱིར་སེམས་ཤིན་ཏུ་རྣམ་པར་གྲོལ་བ་དང་། རིགས་ཡོངས་སུ་དག་པ་ཐོབ་པ་དང་། ཟད་པ་དང་མི་སྐྱེ་བ་ཤེས་པ་སྐྱེས་པའི་དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་བའི་ཡིད་ལ་བྱེད་པ་ཡིན་ཏེ། དེ་ནི་ཡིད་ལ་བྱེད་པའི་

རབ་ཏུ་དབྱེ་བ་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་མངོན་པར་རྟོགས་པའི་རབ་ཏུ་དབྱེ་བ་གང་ཞེ་ན། བདེན་པ་མངོན་པར་རྟོགས་པའི་མཚན་ཉིད་དང་། རྣམ་པར་བསྟན་པ་སྟེ། དེ་ལ་བདེན་པ་མངོན་པར་རྟོགས་པའི་མཚན་ཉིད་གང་ཞེ་ན། རྣམ་པར་གྲོལ་བའི་ལམ་གྱིས་བསྡུས་པའི་ཤེས་

པ་རྣམས་དང་། མཐོང་བའི་ལམ་གྱི་གནས་སྐབས་ན་བདེན་པ་རྣམས་ལ་ངེས་པའི་ཤེས་རབ་ལྷན་ཅིག་འབྱུང་བ་དང་རྒྱུ་དང་བཅས་པ་དང་། དེ་ནི་རེ་ཞིག་མཚན་ཉིད་ཡིན་ནོ། །བདེན་པ་མངོན་པར་རྟོགས་པ་ལ་རྣམ་པ་དུ་ཡོད་ཅེ་ན། རྣམ་པ་དྲུག་སྟེ། བསམ་པ་མངོན་པར་རྟོགས་པ་དང་། དད་

པ་མངོན་པར་རྟོགས་པ་དང་། ཚུལ་ཁྲིམས་མངོན་པར་རྟོགས་པ་དང་། མངོན་པར་རྟོགས་པའི་ཤེས་པ་བདེན་པ་མངོན་པར་རྟོགས་པ་དང་། མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་བདེན་པ་མངོན་པར་རྟོགས་པ་དང་། མཐར་ཐུག་པའི་མངོན་པར་རྟོགས་པའོ། །དེ་ལ་བསམ་

Vol. 206 · folio 69b

པ་མངོན་པར་རྟོགས་པ་གང་ཞེ་ན། བདེན་པ་རྣམས་ལ་ངེས་པར་སེམས་པ་བསམ་པ་ལས་བྱུང་བའི་ཤེས་རབ་ཆེན་པོའི་ངོ་བོ་ཉིད་དང་། དེ་དང་ལྡན་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཀྱི་ངོ་བོ་ཉིད་ཡིན་ནོ། །དད་པ་མངོན་པར་རྟོགས་པ་གང་ཞེ་ན། འཇིག་རྟེན་པ་དང་། འཇིག་

རྟེན་ལས་འདས་པའི་དད་པ་ཆེན་པོ་ཐོས་པ་ལས་བྱུང་བའི་ཤེས་རབ་ངེས་པ་དཀོན་མཆོག་ལ་དམིགས་པའི་ངོ་བོ་ཉིད་དང་། དེ་དང་ལྡན་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཀྱི་ངོ་བོ་ཉིད་ཡིན་ནོ། །ཚུལ་ཁྲིམས་མངོན་པར་རྟོགས་པ་གང་ཞེ་ན། ངན་སོང་བའི་ལས་མི་བྱེད་ཅིང་ངེས་

པར་སྡོམ་པ་ཐོབ་པ་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་དང་། དེ་དང་ལྡན་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཀྱི་ངོ་བོ་ཉིད་ཡིན་ནོ། །མངོན་པར་རྟོགས་པའི་ཤེས་པ་བདེན་པ་མངོན་པར་རྟོགས་པ་གང་ཞེ་ན། རྣམ་པར་མ་བཞག་པའི་བདེན་པ་ལ་དམིགས་པའི་ཤེས་རབ་ཀྱི་

ངོ་བོ་ཉིད་དང་། དེ་དང་ལྡན་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཀྱི་ངོ་བོ་ཉིད་ཡིན་ཏེ། དེ་ནི་སྔོན་སྦྱོར་བའི་ལམ་ལ་ཚོགས་ཤིན་ཏུ་བསགས་པའི་ཚེ་སེམས་ཡོངས་སུ་སྦྱངས་པ་ལེགས་པར་བྱས་པ་ན། འཇིག་རྟེན་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་མཐར་

ཐུག་པའི་རྗེས་ལ་སོ་སོའི་བདག་ཉིད་ལ་སེམས་ཅན་གྱི་བརྡ་བསྩལ་བའི་ཆོས་ལ་དམིགས་ཤིང་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ཆུང་ངུ་དང་བྲལ་བའི་སེམས་དང་པོ་སྐྱེ་བ་དང་། དེའི་རྗེས་ལ་སོ་སོའི་བདག་ཉིད་ལ་ཆོས་ཀྱི་བརྡ་བསྩལ་བའི་ཆོས་

ལ་དམིགས་ཤིང་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་འབྲིང་དང་བྲལ་བའི་སེམས་གཉིས་པ་སྐྱེ་བ་དང་། དེའི་རྗེས་ལ་སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་ཀྱི་བརྡ་བསྩལ་བའི་ཆོས་ལ་དམིགས་ཤིང་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་

ཕྱོགས་དང་མཐུན་པའི་གནས་ངན་ལེན་ཐམས་ཅད་དང་བྲལ་བའི་སེམས་གསུམ་པ་སྐྱེ་བ་གང་ཡིན་པ་སྟེ། སེམས་གསུམ་པོ་དེ་དག་ལས་དང་པོ་གཉིས་ནི་ཆོས་ཤེས་པ་དང་མཚུངས་པར་ལྡན་པ་ཡིན་ལ། ཐ་མ་གསུམ་པ་གཅིག་པུ་ནི་རྗེས་སུ་རྟོགས་པའི་ཤེས་པ་དང་མཚུངས་པར་

Vol. 206 · folio 70a

ལྡན་པ་ཡིན་ཏེ། དེ་དག་ཀྱང་ཞི་གནས་དང་། ལྷག་མཐོང་ཟུང་དུ་འབྲེལ་པས་འཇུག་པའི་ལམ་ཡིན་ནོ། །དེ་ལྟར་ཞི་གནས་དང་། ལྷག་མཐོང་གི་ཕྱོགས་དང་མཐུན་པའི་སེམས་གསུམ་པོ་དེ་དག་གིས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ཉེ་བར་ཞི་བ་

མངོན་དུ་བྱེད་པ་དང་། ཉོན་མོངས་པ་དང་ཕུང་པོ་ཐམས་ཅད་ཞི་བར་བྱེད་པ་འཇིག་རྟེན་ལས་འདས་པའི་ལམ་ཐོབ་པ་གང་ཡིན་པ་དེ་ནི་མངོན་པར་རྟོགས་པའི་ཤེས་པ་བདེན་པ་མཐོང་བར་རྟོགས་པ་ཞེས་བྱའོ། །མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཤེས་པ་བདེན་པ་མངོན་པར་རྟོགས་

པ་གང་ཞེ་ན། རྣམ་པར་གཞག་པ་ལ་བདེན་པའི་དམིགས་པའི་ཤེས་རབ་ཀྱི་ངོ་བོ་ཉིད་དང་། དེ་དང་ལྡན་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཀྱི་ངོ་བོ་ཉིད་ཡིན་ཏེ། དེ་ཡང་སེམས་གསུམ་པའི་མཇུག་ཐོགས་སུ་མཐོང་བའི་ལམ་ལས་ལངས་པས་མངོན་དུ་བྱས་ནས་ང་སྔོན་འཇིག་རྟེན་པའི་

ཤེས་པས་དཔྱད་ནས་རྣམ་པར་གཞག་པའི་བདེན་པས་འོག་མ་པ་ས་འོག་མའི་དབང་གིས་བྱུང་བ་དང་། ས་འོག་མ་པ་ས་གོང་མའི་དབང་གིས་བྱུང་བ་རྣམས་ལ་ཆོས་ཤེས་པ་དང་། རྗེས་སུ་རྟོགས་པའི་ཤས་པ་དང་འདྲ་བ་ཀུན་རྫོབ་ཤེས་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་

རྗེས་ལ་ཐོབ་པའི་ཤེས་པས་བདེན་པ་རེ་རེ་ལ་ཡང་གོ་རིམས་བཞིན་དུ་འདོད་པའི་ཤེས་པ་དང་། མངོན་པར་རྟོགས་པ་ངེས་པའི་ཤེས་པ་གཉིས་གཉིས་བྱུང་སྟེ། དེ་ལྟར་མངོན་པར་རྟོགས་པའི་སྔ་མ་ལས་ལངས་པ་ལས་གོང་མའམ་གོང་མའི་བདེན་པ་དག་ལ་ཤེས་པ་གཉིས་གཉིས་འབྱུང་བ་

གང་ཡིན་པ་དེ་ནི་མངོན་པར་རྟོགས་པའི་རྗེས་ལས་ཐོབ་པའི་ཤེས་པ་ཡིན་པས་ན། དེའི་ཕྱིར་མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཤེས་པ་བདེན་པ་མངོན་པར་རྟོགས་པ་ཞེས་བྱའོ། །དེ་ལ་ཤེས་པ་སྔ་མ་ནི་བརྡ་བསྩལ་བའི་ཆོས་ལ་དམིགས་པའི་ཕྱིར་རྣམ་པར་རྟོག་པ་མེད་པ་དང་། རྣམ་པར་

མ་བཞག་པའི་བདེན་པ་ལ་དམིགས་པ་ཡིན་ནོ། །ཤེས་པ་ཕྱི་མ་ནི་བརྡ་མ་བསྩལ་བའི་ཆོས་ལ་དམིགས་པའི་ཕྱིར་རྣམ་པར་རྟོག་པ་དང་བཅས་པ་དང་། རྣམ་པར་བཞག་པའི་བདེན་པ་དམིགས་པ་ཡིན་ནོ། །ཡང་སྔ་མས་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་བག་ལ་ཉལ་

Vol. 206 · folio 70b

གནས་པ་སྤོང་བར་བྱེད་དོ། །ཕྱི་མས་ནི་དམིགས་པ་ཡིད་ལ་བྱེད་པས་དེ་དག་ཉིད་ཀྱིས་འཇུག་པ་སྤོང་བར་བྱེད་དོ། །ཡང་སྔ་མས་ནི་བསྒོམ་པའི་ལམ་ལ་འཇིག་རྟེན་ལས་འདས་པའི་ལམ་གྱིས་སྤོང་བར་བྱེད་དོ། །ཕྱི་མས་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་

གྱིས་སྤོང་བར་བྱེད་དོ། །མཐར་ཐུག་པའི་མངོན་པར་རྟོགས་པ་གང་ཞེ་ན། ཟད་པ་དང་མི་སྐྱེ་བ་ཤེས་པའི་ངོ་བོ་ཉིད་དང་དེ་དང་ལྡན་པའི་བྱང་ཆུབ་ཀྱི་ཕྱོགས་དང་། མཐུན་པའི་ཆོས་ཀྱི་ངོ་བོ་ཉིད་ཡིན་ཏེ། དེ་ཡང་བསྒོམ་པས་སྤང་བར་བྱ་བ་དག་སྤངས་པ་ལ་ཟད་པ་ཤེས་པ་དང་མི་སྐྱེ་བའི་

ཤེས་པ་གཅིག་ཏུ་འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཚེ་འདི་ལ་ཉོན་མོངས་པ་ཐམས་ཅད་ངེས་པར་སྤངས་པ་དང་། ཕྱི་མ་ལ་ཡང་ཕུང་པོ་ཐམས་ཅད་ངེས་པར་འགགས་པས་ན་དེའི་ཕྱིར་མཐར་ཐུག་པའི་མངོན་པར་རྟོགས་པ་ཞེས་བྱའོ། །དེ་ལ་

འཇིག་རྟེན་ལས་འདས་པའི་ཟད་པ་ཤེས་པ་གང་ཞེ་ན། ཟད་པ་ལ་རྣམ་པར་མི་རྟོག་པའི་ཤེས་པ་གང་ཡིན་པའོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཟད་པ་ཤེས་པ་གང་ཞེ་ན། ཟད་པ་ལ་རྣམ་པར་རྟོག་པ་དང་བཅས་པའི་ཤེས་པ་གང་ཡིན་པའོ། །འཇིག་རྟེན་ལས་འདས་པའི་མི་སྐྱེ་

བ་ཤེས་པ་གང་ཞེ་ན། ཕུང་པོ་འགགས་པ་དེ་ཉིད་ཀྱི་རྒྱུའི་དོན་གྱིས་ཕྱི་མར་ཕུང་པོ་མི་སྐྱེ་བ་ལས་རྣམ་པར་མི་རྟོག་པའི་ཤེས་པ་གང་ཡིན་པའོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་མི་སྐྱེ་བ་ཤེས་པ་གང་ཞེ་ན། ཕྱི་མར་ཕུང་པོ་མི་སྐྱེ་བ་ལ་རྣམ་པར་རྟོག་པ་དང་བཅས་པའི་ཤེས་པ་གང་

ཡིན་པ་སྟེ། དེ་ནི་མངོན་པར་རྟོགས་པའི་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་འབྲས་བུ་ཐོབ་པའི་རབ་ཏུ་དབྱེ་བ་གང་ཞེ་ན། བདེན་པ་བཞི་མངོན་པར་རྟོགས་པའི་འབྲས་བུ་འཕགས་པའི་གང་ཟག་བརྒྱད་རྣམ་པར་གཞག་པ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་

བའི་ཕྱིར་ཞུགས་པ་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་སུམ་

Vol. 206 · folio 71a

དུ་བྱ་བའི་ཕྱིར་ཞུགས་པ་དང་། དགྲ་བཅོམ་པའོ། །དེ་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་གང་ཞེ་ན། མཐོང་བའི་ལམ་གྱིས་སྐད་ཅིག་མ་བཅོ་ལྔ་མངོན་པར་རྟོགས་པ་སྟེ། དེ་ཡན་ཆད་འཕགས་པའི་གང་ཟག་ཅེས་བྱའོ། །རྒྱུན་དུ་ཞུགས་པ་

གང་ཞེ་ན། བསྒོམ་པའི་ལམ་དུ་གཏོགས་པ་ལམ་ལ་རྗེས་སུ་རྟོགས་པའི་ཤེས་པ་ཞེས་བྱ་བ་སྐད་ཅིག་མ་བཅུ་དྲུག་པ་མངོན་པར་རྟོགས་པ་སྟེ། མྱ་ངན་ལས་འདས་པའི་རྒྱུན་གྱི་ལམ་དུ་ཞུགས་པས་རྒྱུན་དུ་ཞུགས་པ་ཞེས་བྱའོ། །དེ་ནི་རྣམ་པ་གཉིས་ཏེ། དེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་དང་།

རིགས་ནས་རིགས་སུ་སྐྱེ་བའོ། །དེ་ལ་རེ་ཞིག་ཐོགས་ན་སྲིད་པ་ལན་བདུན་པ་ཞེས་བྱ་བ་ནི་མི་རྣམས་ཀྱི་ནང་དུ་དེ་ལས་གཞན་པའི་སྲིད་པ་བདུན་པ་དང་། སྲིད་པའི་བར་མ་བདུན་དང་། འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་ནང་དུ་ཡང་དེ་ལས་གཞན་པའི་སྲིད་པ་བདུན་དང་། སྲིད་པ་བར་མ་བདུན་ཉིང་

མཚམས་སྦྱོར་བར་བྱེད་དེ། དེ་ལྟར་སྲིད་པ་ཉི་ཤུ་རྩ་བརྒྱད་ཀྱི་བར་དུ་ཉིང་མཚམས་སྦྱར་ནས་ཡོངས་སུ་མྱ་ངན་ལས་འདས་པའི་ངང་ཚུལ་ཅན་གང་ཡིན་པའོ། །དེ་ཡང་ཐམས་ཅད་ནི་དེ་ལྟར་མ་ཡིན་པས་དེ་ལྟར་ཐོགས་ན་ཞེས་བྱ་བ་གསུངས་ཏེ། ཐམས་ཅད་ཀྱི་ཐ་ཤལ་བ་དང་སྦྱར་རོ། །རིགས་

ནས་རིགས་སུ་སྐྱེ་བ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། ལྷའི་རིགས་ནས་རིགས་སུ་སྐྱེ་བ་དང་། མིའི་རིགས་ནས་རིགས་སུ་སྐྱེ་བའོ། །དེ་ལ་ལྷའི་རིགས་ནས་རིགས་སུ་སྐྱེ་བ་ནི་འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བ་གཉིས་སམ་གསུམ་དུ་འཁོར་ནས་ལྷའི་རིགས་དེ་ཉིད་དམ་

གཞན་དུ་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཡིན་པའོ། །མིའི་རིགས་ནས་རིགས་སུ་སྐྱེ་བ་ནི་མི་རྣམས་ཀྱི་ནང་དུ་སྐྱེ་བ་གཉིས་སམ་གསུམ་དུ་འཁོར་ནས་གླིང་དེ་ཉིད་དམ་གཞན་དུ་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཡིན་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་

བྱ་བའི་ཕྱིར་ཞུགས་པ་གང་ཞེ་ན། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པ་དེ་ཉིད་ཀྱིས་འདོད་པའི་ཁམས་ཀྱི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམ་པ་དགུ་ལས་རྣམ་པ་གཅིག་ནས་རྣམ་པ་ལྔའི་བར་དུ་སྤངས་པ་གང་ཡིན་པའོ། །ལན་ཅིག་ཕྱིར་འོང་བ་གང་ཞེ་ན།

Vol. 206 · folio 71b

ཞུགས་པ་དེ་ཉིད་ཀྱིས་འདོད་པའི་ཁམས་ཀྱི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམ་པ་དྲུག་སྤངས་པ་སྟེ། འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་ནང་དུ་སོང་ནས་མིའི་འཇིག་རྟེན་དུ་ལན་ཅིག་ཕྱིར་འོང་བའི་ཕྱིར་ལན་ཅིག་ཕྱིར་འོང་བ་ཞེས་བྱའོ། །དེ་ནི་བར་ཆད་གཅིག་པ་ཞེས་བྱ་སྟེ།

མྱ་ངན་ལས་འདས་པ་ལ་ཚེ་གཅིག་གིས་ཆོད་པའི་ཕྱིར་དང་། ཕྱིར་མི་འོང་བའི་འབྲས་བུ་ལ་ཉོན་མོངས་པའི་རྣམ་པ་གཅིག་གིས་ཆོད་པའི་ཕྱིར་རོ། །དེ་ཡང་རྒྱུ་གསུམ་གྱིས་ན་བར་ཆད་གཅིག་པ་ཡིན་ཏེ། འདོད་པའི་ཁམས་ཀྱི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པའི་རྣམ་པ་བདུན་

ནམ་བརྒྱད་སྤངས་པའི་ཕྱིར་དང་། དེའི་གཉེན་པོ་ཟག་པ་མེད་པའི་དབང་པོ་ཐོབ་པའི་ཕྱིར་དང་། ཚེ་གཅིག་ལུས་པའི་ཕྱིར་རོ། །ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་གང་ཞེ་ན། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་གནས་པ་དེ་ཉིད་ཀྱིས་འདོད་པའི་ཁམས་

ཀྱི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམ་པ་བདུན་ནམ་བརྒྱད་སྤངས་པ་གང་ཡིན་པ་དེ་ཉིད་ཡིན་ནོ། །ཕྱིར་མི་འོང་བ་གང་ཞེ་ན། ཞུགས་པ་དེ་ཉིད་ཀྱི་འདོད་པའི་ཁམས་ཀྱི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པའི་རྣམ་པ་དགུ་སྤངས་པ་སྟེ། འདོད་པའི་ཁམས་སུ་ཕྱིར་

མི་འོང་བས་ཕྱིར་མི་འོང་བ་ཞེས་བྱའོ། །དེ་ནི་རྣམ་པ་གསུམ་སྟེ། གཟུགས་སུ་ཉེ་བར་འགྲོ་བ་དང་། གཟུགས་མེད་པར་ཉེ་བར་འགྲོ་བ་དང་། ཚེ་འདི་ལ་ཡོངས་སུ་མྱ་ངན་ལས་འདའ་བའོ། །དེ་ལ་གཟུགས་སུ་ཉེ་བར་འགྲོ་བ་ཞེས་བྱ་བ་ནི་འདོད་པའི་འདོད་ཆགས་དང་བྲལ་བ་

གཟུགས་ཀྱི་ཁམས་སུ་སྐྱེ་བའི་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བའོ། །དེ་ནི་རྣམ་པ་ལྔ་སྟེ། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། མངོན་པར་འདུ་བྱེད་པ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། མངོན་པར་

འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། གོང་དུ་འཕོ་བའོ། །དེ་ལ་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱ་བ་ནི། གཟུགས་ཀྱི་ཁམས་ཀྱི་ལྷའི་རིགས་གང་ཡང་རུང་བ་ནས་ཤི་འཕོས་ནས་གཟུགས་ཀྱི་ཁམས་ཀྱི་ལྷའི་རིས་གང་ཡང་རུང་བའི་བར་མ་དོའི་སྐྱེ་

Vol. 206 · folio 72a

བའི་སྲིད་པ་ལ་གནས་པ་སྟེ། སྐྱེ་བའི་སྲིད་པ་མངོན་པར་མ་གྲུབ་པའི་སྐབས་སུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདའ་བའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བའི་ངང་ཚུལ་གང་ཡིན་པའོ། །དེ་ཡང་རྣམ་པ་གསུམ་སྟེ། ཤི་འཕོས་མ་ཐག་ཁོ་ནར་བར་མ་དོའི་སྲིད་

པ་མངོན་པར་གྲུབ་པའི་ཚེ་བར་མ་དོའི་སྲིད་པ་མངོན་པར་གྲུབ་པར་བྱེད་ཅིང་མངོན་པར་གྲུབ་པ་དང་། དུས་མཉམ་པ་ཁོ་ནར་ཡོངས་སུ་མྱ་ངན་ལས་འདའ་སྟེ། དཔེར་ན་སྦུར་མའི་མེ་སྟག་བྱུང་མ་ཐག་ཁོ་ནར་འཆི་བ་ལྟ་བུ་དང་། བར་མ་དོའི་སྲིད་པ་མངོན་པར་འགྲུབ་པར་བྱེད་ཅིང་བར་མ་དོའི་

སྲིད་པ་མངོན་པར་འགྲུབ་པ་དེ་ལ་གནས་པའི་དུས་གཞན་གྱིས་ཡོངས་སུ་མྱ་ངན་ལས་འདའ་ཞིང་སྐྱེ་བའི་སྲིད་པ་ག་ལ་བ་དེར་ནི་ད་རུང་མི་གཞོལ་བ་དཔེར་ན་ལྕགས་ཀྱི་ཐུ་ལུམ་མམ་ལྕགས་གླེབས་པ་མེར་བསྲེགས་ཤིང་རབ་ཏུ་འབར་བ་དག་ལྕགས་ཀྱི་ཐོ་བ་དག་གིས་བརྡུངས་པ་ན། ལྕགས་ཀྱི་ཚ་

ཚ་གནམ་དུ་ཡར་ནས་ཕྱིར་མ་ལོག་པའི་སྐབས་ཁོ་ནར་འཆི་བ་ལྟ་བུ་དང་། བར་མ་དོའི་སྲིད་པ་མངོན་པར་འགྲུབ་པར་བྱེད་ཅིང་མངོན་པར་གྲུབ་ནས་ཀྱང་སྐྱེ་བའི་སྲིད་པ་ག་ལ་བ་དེར་གཞོལ་བར་བྱེད་ལ། གཞོལ་ནས་ཀྱང་སྐྱེ་བའི་སྲིད་པ་ཅུང་ཟད་མ་སྐྱེས་པའི་སྐབས་ཁོ་ནར་ཡོངས་སུ་མྱ་ངན་ལས་

འདའ་བ་དཔེར་ན་ལྕགས་ཀྱི་ཚ་ཚ་དེ་ཉིད་གནམ་དུ་ཡར་ནས་ཕྱིར་ལོག་སྟེ་ས་ལ་ཅུང་ཟད་མ་ལྷུང་བའི་སྐབས་ཁོ་ནར་འཆི་བ་ལྟ་བུ་དག་གོ། །སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱ་བ་ནི། གཟུགས་ཀྱི་ཁམས་ཀྱི་ལྷའི་རིས་གང་ཡང་རུང་བར་སྐྱེས་མ་ཐག་ཁོ་ནར་ཕུང་པོའི་ལྷག་མ་དང་བཅས་

པའི་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའ་བའི་ངང་ཚུལ་ཅན་གང་ཡིན་པའོ། །དེ་ཡང་རྣམ་པ་གསུམ་སྟེ། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དེ་ཉིད་དང་། དེའི་ཁྱད་པར་གཉིས་པོ་མངོན་པར་འདུ་བྱེད་པ་དང་བཅས་པ་དང་། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་

མྱ་ངན་ལས་འདའ་བ་སྟེ། དེ་དག་ཐམས་ཅད་ཀྱང་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དག་ཡིན་པའི་ཕྱིར་རོ། །མངོན་པར་འདུ་བྱེད་པ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱ་བ་ནི་མངོན་པར་འདུ་བྱེད་པ་དང་། འབད་པ་དང་། ངལ་བས་ལམ་མངོན་དུ་བྱས་ཤིང་དེར་

Vol. 206 · folio 72b

སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བའི་ངང་ཚུལ་ཅན་གང་ཡིན་པའོ། །མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱ་བ་ནི་མངོན་པར་འདུ་བྱེད་པ་མེད་པ་དང་། འབད་པ་མེད་པ་དང་། ངལ་བ་མེད་པས་ལམ་མངོན་དུ་བྱས་ཤིང་དེར་སྐྱེས་ནས་ཡོངས་སུ་མྱ་ངན་

ལས་འདས་པ་གང་ཡིན་པའོ། །གོང་དུ་འཕོ་བ་གང་ཞེ་ན། གཟུགས་ཀྱི་ཁམས་ཀྱི་ལྷའི་རིས་གང་དུ་སྐྱེས་པ་དེ་ནི་ཡོངས་སུ་མྱ་ངན་ལས་མི་འདའ་བའི་བར་གང་དུ་འགྲོ་བའི་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བའི་ངང་ཚུལ་ཅན་གང་ཡིན་པའོ། །དེ་ནི་རྒྱུ་དང་འབྲས་བུའི་སྒོ་ནས་

རྣམ་པ་གཉིས་ཏེ། རྒྱུའི་སྒོ་ནས་ནི་བསམ་གཏན་སྤེལ་བ་དང་། བསམ་གཏན་མ་སྤེལ་བ་གཉིས་སོ། །འབྲས་བུའི་སྒོ་ནས་ནི་འོག་མིན་གྱི་བར་དུ་འགྲོ་བ་དང་། སྲིད་པའི་རྩེ་མོའི་བར་དུ་འགྲོ་བ་གཉིས་སོ། །དེ་ལ་གང་གིས་བསམ་གཏན་སྤེལ་བ་དེ་ནི་འོག་མིན་གྱི་བར་དུ་སོང་ནས་དེར་ཡོངས་

སུ་མྱ་ངན་ལས་འདའ་བའི་ངང་ཚུལ་ཅན་ཡིན་ནོ། །གང་གིས་བསམ་གཏན་མ་སྤེལ་བ་དེ་ནི་སྲིད་པའི་རྩེ་མོའི་བར་དུ་སོང་ནས་དེར་ཡོངས་སུ་མྱ་ངན་ལས་འདའ་བའི་ངང་ཚུལ་ཅན་ཡིན་ནོ། །དེའི་གོང་དུ་འཕོ་བ་བསམ་གཏན་སྤེལ་བས་འོག་མིན་གྱི་བར་དུ་འགྲོ་བ་དེ་ཡང་རྣམ་པ་གསུམ་སྟེ།

འཕར་བ་དང་། ཁྱད་པར་དུ་འཕར་བ་དང་། གནས་ཐམས་ཅད་དུ་འཆི་འཕོ་བའོ། །དེ་ལ་འཕར་བ་ཞེས་བྱ་བ་ནི་སྔར་འདོད་པའི་ཁམས་འདིར་བསམ་གཏན་བཞི་པ་ཐོབ་པ་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་བསམ་གཏན་སྤེལ་མར་བསྒོམས་པས་བསམ་གཏན་གཉིས་པ་དང་

གསུམ་པ་དང་བཞི་པ་ལས་ཉམས་ལ་བསམ་གཏན་དང་པོ་ལས་ནི་མ་ཉམས་བསམ་གཏན་དང་པོའི་རོ་མྱོང་སྟེ། ཚངས་རིས་སུ་སྐྱེས་ནས། བསམ་གཏན་གཉིས་པ་དང་། གསུམ་པར་མི་སྐྱེ་བར་སྔོན་གོམས་པའི་དབང་གིས་བསམ་གཏན་བཞི་པའི་སོ་སོའི་སྐྱེ་བོའི་གནས་དང་གནས་གཙང་

མའི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་སྤེལ་མར་བསྒོམས་ཏེ། ཚངས་རིས་ནས་ཤི་འཕོས་ནས་གནས་བར་མ་དག་ཏུ་མི་སྐྱེ་བ་ཐལ་བྱུང་འོག་མིན་དུ་སྐྱེ་བ་གང་ཡིན་པའོ། །ཕྱེད་དུ་འཕར་ཞེས་བྱ་བ་ནི་དེ་ཉིད་ཚངས་རིས་ནས་ཤི་འཕོས་ནས་གནས་གཙང་མ་ལྔ་ལས་དང་པོའམ་

Vol. 206 · folio 73a

གཉིས་པའམ་གསུམ་པའམ་བཞི་པ་གང་ཡང་རུང་བ་ཅིག་ཏུ་སྐྱེས་ལ་དེ་ནས་ཤི་འཕོས་ནས་འོག་མིན་དུ་སྐྱེ་བ་གང་ཡིན་པའོ། །གནས་ཐམས་ཅད་འཆི་འཕོ་བ་ཞེས་བྱ་བ་ནི་དེ་ཉིད་ཀྱིས་བསམ་གཏན་གཉིས་པ་དང་། གསུམ་པ་དང་། བཞི་པ་ཐམས་ཅད་མཐར་

གྱིས་བསྐྱེད་དེ་སྤེལ་ནས། ཚངས་རིས་ནས་འོག་མིན་གྱི་བར་གྱི་གནས་རྣམས་ལས་ཚངས་ཆེན་མ་གཏོགས་པ་ཐམས་ཅད་དུ་སྐྱེས་ཤིང་ཤི་འཕོས་ནས་ཐ་མར་འོག་མིན་དུ་སྐྱེ་བ་གང་ཡིན་པའོ། །འཕགས་པ་ནི་ཚངས་ཆེན་དུ་མི་སྐྱེ་སྟེ། ལྟ་བའི་གནས་ཡིན་པའི་ཕྱིར་དང་གཙོ་བོ་གཅིག་ཏུ་ཟད་པའི་

ཕྱིར་རོ། །བསམ་གཏན་སྤེལ་བ་ཞེས་བྱ་བ་ནི་བསམ་གཏན་བཞི་པ་སྤེལ་བར་བྱེད་པ་སྟེ། བསམ་གཏན་དེ་ནི་ཐམས་ཅད་པ་ལས་སུ་རུང་བ་དང་མངོན་པར་ཤེས་པའི་སླ་བའི་ལམ་རྣམས་ཀྱི་ནང་ན་མཆོག་ཡིན་པའི་ཕྱིར་རོ། །དེ་ཡང་འདི་ལྟར་སྤེལ་བར་བྱེད་དེ། དགྲ་བཅོམ་པའམ་ཕྱིར་མི་

འོང་བའང་རུང་དང་པོར་ཟག་པ་མེད་པའི་བསམ་གཏན་བཞི་རྒྱུན་དང་ལྡན་པ་ལ་སྙོམས་པར་འཇུག་ཅིང་དེ་ལས་ལངས་ནས་བསམ་གཏན་བཞི་པ་དེ་ཉིད་ཀྱི་ཟག་པ་དང་བཅས་པ་རྒྱུན་དང་ལྡན་པ་ལ་ཡུན་རིང་དུ་སྙོམས་པར་འཇུག་ལ། དེ་ལས་ལངས་ནས་ཡང་བསམ་གཏན་བཞི་པ་དེ་ཉིད་

ཀྱི་ཟག་པ་མེད་ལ་རྒྱུན་དང་ལྡན་པ་ལའང་ཡུན་རིང་དུ་སྙོམས་པར་འཇུག་གོ། །ཚུལ་དེ་བཞིན་དུ་སྙོམས་པར་འཇུག་པ་ལས་ཁད་ཀྱི་ཁད་ཀྱིས་རྒྱུན་ཇེ་ཆུང་ཇེ་ཆུང་དུ་ཕྲི་ནས་གང་གི་ཚེ་ཟག་པ་མེད་པའི་སྐད་ཅིག་མ་གཉིས་ལ་སྙོམས་པར་འཇུག་ཅིང་། དེ་ལས་ལངས་ནས་ཟག་པ་དང་

བཅས་པའི་སྐད་ཅིག་མ་གཉིས་ལ་སྙོམས་པར་འཇུག་པ་དེ་ལས་ལངས་ནས་ཡང་ཟག་པ་མེད་པའི་སྐད་ཅིག་མ་གཉིས་ལ་སྙོམས་པར་འཇུག་སྟེ། ཟག་པ་མེད་པ་དང་། ཟག་པ་དང་བཅས་པའི་སྐད་ཅིག་མ་རེ་རེ་སྤེལ་བ་ནི་སངས་རྒྱས་བཅོམ་ལྡན་འདས་མ་གཏོགས་པ་གཞན་གྱིས་

མི་ནུས་པས། དེའི་ཕྱིར་དགྲ་བཅོམ་པ་དང་། ཕྱིར་མི་འོང་བ་དག་ནི་རྒྱུན་ཆགས་སུ་ཡུན་རིང་པོ་ནས་བཟུང་སྟེ་སྐད་ཅིག་མ་གཉིས་གཉིས་སྤེལ་བའི་མཐར་ཐུག་པ་ལ་སྙོམས་པར་འཇུག་པ་རྫོགས་པ་ཡིན་པར་བལྟའོ། །དེ་ལ་རྒྱུན་ཆགས་གསུམ་ལས་དང་པོ་གཉིས་ནི་བར་ཆད་

Vol. 206 · folio 73b

མེད་པའི་ལམ་ལྟ་བུ་ཡིན་ལ། གསུམ་པ་ནི་རྣམ་པར་གྲོལ་བའི་ལམ་ལྟ་བུ་ཡིན་ཏེ། ཟག་པ་དང་བཅས་པ་གང་ཡིན་པ་དེའི་དབང་གིས་ནི་དེ་དག་ཏུ་སྐྱེའོ། །དེ་ལ་གོང་དུ་འཕོ་བ་བསམ་གཏན་མ་སྤེལ་བ་སྲིད་པའི་རྩེ་མོའི་བར་དུ་འགྲོ་བ་གང་ཞེ་ན། ཚངས་རིས་སུ་སྐྱེས་པ་དེ་ཉིད་ཀྱིས་

བསམ་གཏན་དང་པོ་ནས་གཉིས་པ་དང་གསུམ་པ་དང་བསམ་གཏན་བཞི་པའི་སོ་སོའི་སྐྱེ་བོའི་གནས་གསུམ་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་རོ་མྱོང་བར་བྱེད་ཅིང་གནས་དེ་དག་ཐམས་ཅད་དུ་སྐྱེ་ལ། གནས་གཙང་མ་རྣམས་སུ་མི་འཇུག་པར་གཟུགས་མེད་པར་སྐྱེ་བའི་རིམ་

གྱིས་སྲིད་པའི་རྩེ་མོར་སོང་ནས་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། འདི་ནི་ཞི་གནས་སྤྱད་པ་ཡིན་ནོ། །སྔ་མ་ནི་ལྷག་མཐོང་སྤྱད་པ་ཡིན་ནོ། །གོང་དུ་འཕོ་བ་དེ་དག་བར་སྐབས་སུ་ཡང་ཡོངས་སུ་མྱ་ངན་ལས་འདའ་བར་རུང་བར་བལྟའོ། །འོག་མིན་དང་སྲིད་པའི་རྩེ་མོའི་མཐར་ཐུག་པ་ཉིད་

ནི་དེ་ཕན་ཆད་འགྲོ་བ་མེད་དེ། དཔེར་ན་རྒྱུན་དུ་ཞུགས་པ་རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་ཉིད་བཞིན་ཏེ། དེ་ནི་རེ་ཞིག་གཟུགས་སུ་ཉེ་བར་འགྲོ་བའི་ཕྱིར་མི་འོང་བ་ལྔ་ཡིན་ནོ། །མདོ་ལས། སྐྱེས་བུ་དམ་པའི་འགྲོ་བ་བདུན། །ཞེས་བསྟན་པ་ནི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་

གསུམ་དང་། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་གསུམ་དང་། གོང་དུ་འཕོ་བ་རྣམས་མ་ཕྱེ་བར་གཅིག་ཏུ་བསྡུས་པ་ལ་བྱའོ། །དེ་ལ་གཟུགས་མེད་པར་ཉེ་བར་འགྲོ་བ་ཞེས་བྱ་བ་ནི། ཕྱིར་མི་འོང་བ་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་འདོད་པའི་ཁམས་འདི་ནས་ཤི་འཕོས་ནས་གཟུགས་

མེད་པ་དག་གི་ནང་དུ་སྐྱེ་བ་གང་ཡིན་པ་སྟེ། དེ་ཡང་གཟུགས་སུ་ཉེ་བར་འགྲོ་བ་ལྔ་ལས་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་མ་གཏོགས་པ་བཞི་པོ་དག་གི་ཁྱད་པར་ཡིན་ནོ། །དེ་ལ་ཚེ་འདི་ལ་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱ་བ་ནི་ཕྱིར་མི་འོང་བ་འདོད་པའི་ཁམས་སུ་ཚེ་འདི་ལ་

ཡོངས་སུ་མྱ་ངན་ལས་འདའ་ཞིང་ཁམས་གོང་མ་གཉིས་སུ་མི་སྐྱེ་བ་གང་ཡིན་པ་སྟེ། དེ་ནི་གཟུགས་སུ་ཉེ་བར་འགྲོ་བ་ལྔ་དང་གཟུགས་མེད་པར་ཉེ་བར་འགྲོ་བ་བཞི་པོ་གང་ཡང་མ་ཡིན་མོད་ཀྱི། འོན་ཀྱང་མངོན་པར་འདུ་བྱེད་པ་དང་བཅས་པ་མངོན་པར་འདུ་བྱེད་པ་མེད་པས་མྱ་ངན་ལས་

Vol. 206 · folio 74a

འདའ་བ་ནི་ཡིན་ནོ། །ཕྱིར་མི་འོང་བ་དེ་དག་ལས་གང་ལ་ལས་འགོག་པའི་སྙོམས་པར་འཇུག་པ་ཐོབ་པ་དེ་ནི་མྱ་ངན་ལས་འདས་པ་དང་འདྲ་བའི་ཆོས་ལུས་ཀྱིས་མངོན་སུམ་དུ་བྱེད་པའི་ཕྱིར་ལུས་ཀྱིས་མངོན་པར་འདུ་བྱེད་པ་ཞེས་བྱའོ། །ཇི་ལྟར་ལུས་ཀྱིས་མངོན་

པར་འདུ་བྱེད་ཅེ་ན། སེམས་མེད་པས་ལུས་ལ་བརྟེན་ཏེ་སྐྱེ་བའི་ཕྱིར་རོ། །དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་གང་ཞེ་ན། ཕྱིར་མི་འོང་བ་དེ་ཉིད་ཀྱིས་བསམ་གཏན་དང་པོ་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པའི་རྣམ་པ་དགུ་ལས་རྣམ་པ་གཅིག་སྤངས་

པ་ནས་བཟུང་སྟེ། སྲིད་པའི་རྩེ་མོའི་རྣམ་པ་དགུ་ལས་རྣམ་པ་བརྒྱད་ཀྱི་བར་སྤངས་པ་གང་ཡིན་པའོ། །དེ་སྲིད་པའི་རྩེ་མོའི་རྣམ་པ་དགུ་པོ་སྤོང་བར་བྱེད་པའི་བར་ཆད་མེད་པའི་ལམ་ལ་གནས་པ་ན་ཡང་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་ཡིན་ཏེ། བར་ཆད་

མེད་པའི་ལམ་དེ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱའོ། །དགྲ་བཅོམ་པ་གང་ཞེ་ན། ཞུགས་པ་དེ་ཉིད་ཀྱི་སྲིད་པའི་རྩེ་མོའི་ཉོན་མོངས་པའི་རྣམ་པ་དགུ་པ་སྤོང་བར་བྱེད་པའི་བར་ཆད་མེད་པའི་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་མཇུག་ཐོགས་སུ་ཉོན་མོངས་པ་རྣམ་པ་དགུ་པ་མ་ལུས་པར་སྤངས་

པའི་རྣམ་པར་གྲོལ་བའི་ལམ་ཐ་མ་ཐོབ་པ་ཡིན་ཏེ། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་དང་མི་སློབ་པའི་ཆོས་ཐོབ་པ་ཡིན་ལ། དེ་ཉིད་ཀྱི་ཕྱིར་དེ་གཞན་གྱི་དོན་བྱེད་པར་འོས་པའི་ཕྱིར་དང་། འདོད་ཆགས་དང་བཅས་པ་ཐམས་ཅད་ཀྱིས་མཆོད་པར་འོས་པའི་ཕྱིར་དགྲ་བཅོམ་པ་ཞེས་

བྱའོ། །དེ་ནི་རྣམ་པ་དྲུག་སྟེ། ཡོངས་སུ་ཉམས་པའི་ཆོས་ཅན་དང་། འཆི་བར་སེམས་པའི་ཆོས་ཅན་དང་། རྗེས་སུ་སྲུང་བའི་ཆོས་ཅན་དང་། གནས་པ་ལས་མི་བསྐྱོད་པ་དང་། རྟོགས་པའི་སྐལ་བ་ཅན་དང་། མི་གཡོ་བའི་ཆོས་ཅན་ནོ། །དེ་ལ་ཡོངས་སུ་ཉམས་པའི་ཆོས་ཅན་གང་ཞེ་

ན། དགྲ་བཅོམ་པ་དབང་པོ་རྟུལ་པོ་གལ་ཏེ་ན་འབྲས་བུ་ཐོབ་པ་ལས་ཡོངས་སུ་ཉམས་པར་འགྱུར་བའི་ངང་ཚུལ་ཅན་གང་ཡིན་པའོ། །འཆི་བར་སེམས་པའི་ཆོས་ཅན་གང་ཞེ་ན། དགྲ་བཅོམ་པ་དབང་པོ་རྟུལ་པོ་གལ་ཏེ་བདག་ཚེ་འདི་ལ་འབྲས་བུ་ཐོབ་པ་ལས་ཡོངས་སུ་ཉམས་པར་

Vol. 206 · folio 74b

གྱུར་ན་མ་ལེགས་ཀྱི་མྱུར་དུ་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་སྙམ་དུ་སེམས་པའི་ངང་ཚུལ་ཅན་གང་ཡིན་པའོ། །རྗེས་སུ་སྲུང་བའི་ཆོས་ཅན་གང་ཞེ་ན། དགྲ་བཅོམ་པ་དབང་པོ་རྟུལ་པོ་ཅི་ནས་ཀྱང་ཚེ་འདི་ལ་འབྲས་བུ་ཐོབ་པ་ལས་ཡོངས་སུ་

མི་ཉམས་པར་བྱའོ་སྙམ་ནས་འབད་པ་དང་བཅས་པས་རྗེས་སུ་སྲུང་བར་བྱེད་པའི་ངང་ཚུལ་ཅན་གང་ཡིན་པའོ། །གནས་པ་ལས་མི་བསྐྱོད་པ་གང་ཞེ་ན། དགྲ་བཅོམ་པ་དབང་པོ་རྟུལ་པོ་ཡོངས་སུ་ཉམས་པར་འགྱུར་བའི་རྐྱེན་སྟོབས་དང་ལྡན་པ་མེད་ན་རྗེས་སུ་མ་བསྲུངས་ཀྱང་རྣམ་པར་འགྱུར་

བའི་སྐལ་བ་ཅན་ཡིན་ཞིང་ཉམས་པར་མི་འགྱུར་བ་དང་། མངོན་པར་བརྩོན་པ་མེད་ན་འཕེལ་བར་ཡང་མི་འགྱུར་བའི་ངང་ཚུལ་ཅན་གང་ཡིན་པའོ། །རྟོགས་པའི་སྐལ་བ་ཅན་གང་ཞེ་ན། དགྲ་བཅོམ་པ་དབང་པོ་རྟུལ་པོ་མི་གཡོ་བར་རྟོགས་པར་འགྱུར་བའི་ངང་ཚུལ་ཅན་གང་ཡིན་

པའོ། །མི་གཡོ་བའི་ཆོས་ཅན་གང་ཞེ་ན། དགྲ་བཅོམ་པ་དབང་པོ་ཡོངས་སུ་ཉམས་པར་མི་འགྱུར་བའི་ངང་ཚུལ་ཅན་གང་ཡིན་པའོ། །དེ་དག་ཀྱང་ཡོངས་སུ་ཉམས་པའི་ཆོས་ཅན་ཡང་གདོན་མི་ཟ་བར་ཡོངས་སུ་ཉམས་པར་འགྱུར་བ་མ་ཡིན་ལ། རྟོགས་པའི་སྐལ་བ་ཅན་གྱི་

བར་དུ་ཡང་རྟོགས་པར་འགྱུར་བ་ཁོ་ནར་ངེས་པ་ནི་མ་ཡིན་གྱི་སྲིད་པའི་ཕྱིར་དེ་སྐད་ཅེས་བཤད་དོ། །དེ་ལྟར་འབྲས་བུ་ལ་གནས་པ་བཞི་པོ་དེ་དག་ནི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཞེས་བྱ་སྟེ། དགེ་སྦྱོང་གི་ཚུལ་ཞེས་བྱ་བ་ནི་ཟག་པ་མེད་པའི་ལམ་མོ། །དེའི་འབྲས་བུ་ནི་བཞི་པོ་དེ་

དག་ཡིན་པས་དགེ་སྦྱོང་གི་ཚུལ་གྱི་འབྲས་བུའོ། །འབྲས་བུ་དེ་དག་ཀྱང་འདུས་བྱས་དང་འདུས་མ་བྱས་ཡིན་ཏེ། རྣམ་པར་གྲོལ་བའི་ལམ་ནི་འདུས་བྱས་ཡིན་ལ། བྲལ་བ་ནི་འདུས་མ་བྱས་ཡིན་ནོ། །དེ་ལ་ཅིའི་ཕྱིར་འབྲས་བུ་རྣམ་པ་བཞིར་རྣམ་པར་གཞག་ཅེ་ན། བཅོམ་ལྡན་

འདས་ཀྱིས་སྤོང་བའི་ལམ་གྱི་གནས་སྐབས་གང་ལ་རྒྱུ་ལྔ་སྲིད་པ་དེ་ལ་འབྲས་བུར་རྣམ་པར་གཞག་གོ། །ལྔ་གང་ཞེ་ན། ལམ་ལྔ་མ་བཏང་བ་དང་། ལམ་གཞན་ཐོབ་པ་དང་། སྤངས་པ་བསྡུས་པ་དང་། ཤེས་པ་བརྒྱད་ཐོབ་པ་དང་། རྣམ་པ་བཅུ་དྲུག་ཐོབ་པའོ། །དེ་ལ་

Vol. 206 · folio 75a

ལམ་ལྔ་མ་བཏང་བ་ནི་ཞུགས་པ་བཞིའི་ལམ་བཏང་བའོ། །ལམ་གཞན་ཐོབ་པ་ནི་འབྲས་བུ་ལ་གནས་པ་བཞིའི་ལམ་ཐོབ་པའོ། །སྤངས་པ་བསྡུས་པ་ནི་འབྲས་བུ་བཞིའི་གནས་སྐབས་ན་ཉོན་མོངས་པ་སྤངས་པ་ཐམས་ཅད་ཀྱི་ཐོབ་པ་གཅིག་རྙེད་པའོ། །

ཤེས་པ་བརྒྱད་ཐོབ་པ་ནི་འབྲས་བུ་བཞིའི་གནས་སྐབས་ན་ཆོས་ཤེས་པ་བཞི་དང་། རྗེས་སུ་རྟོགས་པའི་ཤེས་པ་ཐོབ་པ་བཞི་རྙེད་པའོ། །རྣམ་པ་བཅུ་དྲུག་ཐོབ་པ་ནི་འབྲས་བུ་བཞིའི་གནས་སྐབས་ན་བདེན་པ་བཞི་ལ་མི་རྟག་པའི་རྣམ་པ་ལ་སོགས་པ་བཅུ་དྲུག་ཐོབ་པ་སྟེ། རྒྱུ་ལྔ་

པོ་དེ་དག་ནི་འབྲས་བུ་བཞི་པོ་རེ་རེ་ལ་ཡང་ལྔ་ལྔ་ཡོད་དོ། །དེ་ལ་འབྲས་བུ་བཞི་ལ་གནས་པའི་གང་ཟག་ཇི་སྐད་བསྟན་པ་དེ་དག་ནི་རིགས་ཀྱི་སྒོ་ནས་རྣམ་པ་དྲུག་ཏུ་འགྱུར་ཏེ། སོ་སོའི་སྐྱེ་བོ་དབང་པོ་རྟུལ་པོ་དང་རྣོན་པོའི་རིགས་ཅན་གང་ཡིན་པ་དེ་གཉིས་མཐོང་བའི་ལམ་ལ་སེམས་ཀྱི་སྐད་

ཅིག་བཅོ་ལྔ་པོ་རྣམས་ལ་དད་པས་རྗེས་སུ་འབྲང་བ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ་གཉིས་སུ་འགྱུར་རོ། །དེ་གཉིས་བསྒོམ་པའི་ལམ་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་པ་ནས་བཟུང་སྟེ། སྲིད་པའི་རྩེ་མོའི་ཉོན་མོངས་པའི་རྣམ་པ་དགུ་པ་སྤོང་བའི་བར་ཆད་མེད་པའི་ལམ་གྱི་བར་

ལ་དད་པས་མོས་པ་དང་། མཐོང་བས་ཐོབ་པ་ཞེས་བྱ་བ་གཉིས་སུ་འགྱུར་རོ། །དེ་གཉིས་མི་སློབ་པའི་ལམ་ལ་ཟད་པ་ཤེས་པ་ནས་བཟུང་སྟེ། སེམས་ཀྱི་སྐད་ཅིག་མ་ཐ་མ་མྱ་ངན་ལས་འདས་པའི་བར་དུས་ཀྱི་རྣམ་པར་གྲོལ་བ་དང་། དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་ཞེས་བྱ་བ་གཉིས་

སུ་འགྱུར་ཏེ། དགྲ་བཅོམ་པ་རྣམ་པ་དྲུག་བསྟན་པ་དང་པོ་ལྔ་དང་། ཐ་མ་གཅིག་དང་། གོ་རིམས་བཞིན་ནོ། །དེ་ནི་འབྲས་བུ་ཐོབ་པའི་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་ཡིན་ཏེ། བདེན་པ་རྣམས་ཀྱི་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་བཤད་ཟིན་ཏོ།། །།དེ་ལ་བདེན་པ་རྣམས་ཀྱི་

གོ་རིམས་རྣམ་པར་གཞག་པ་གང་ཞེ་ན། ཡོངས་སུ་ཤེས་པར་བྱ་བ་དང་། སྤང་བར་བྱ་བ་དང་། མངོན་སུམ་དུ་བྱ་བ་དང་། བསྒོམ་པར་བྱ་བ་ཡིན་པའི་ཕྱིར་བདེན་པ་བཞི་པོ་དག་གི་གོ་རིམས་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཞེས་བྱ་བ་དེ་ལྟར་རྣམ་པར་

Vol. 206 · folio 75b

གཞག་གོ། །དེ་ལ་ཅིའི་ཕྱིར་སྡུག་བསྔལ་གྱི་བདེན་པ་ཡོངས་སུ་ཤེས་པར་བྱ་ཞེ་ན། སྡུག་བསྔལ་གྱི་བདེན་པ་ནི་ཕྱིན་ཅི་ལོག་བཞི་པོ་རྟག་པ་དང་བདེ་བ་དང་གཙང་བ་དང་བདག་ཏུ་ཕྱིན་ཅི་ལོག་པའི་གནས་ཡིན་ལ། སྡུག་བསྔལ་གྱི་བདེན་པའི་མཚན་ཉིད་ནི་མི་རྟག་པ་དང་། སྡུག་བསྔལ་

བ་དང་། སྟོང་པ་དང་བདག་མེད་པར་སོ་སོར་རིག་ན་ཕྱིན་ཅི་ལོག་བཞི་སྤོང་བར་འགྱུར་བས་དེའི་ཕྱིར་དེ་ནི་དང་པོར་ཡོངས་སུ་ཤེས་པར་བྱ་བ་ཡིན་ནོ། །གང་གི་ཚེ་བདེན་པ་བཞི་པོ་ཐམས་ཅད་ཀྱང་ཡོངས་སུ་ཤེས་པར་བྱ་བ་དག་ཡིན་པའི་ཚེ་ཅིའི་ཕྱིར་སྡུག་བསྔལ་གྱི་བདེན་པ་འབའ་ཞིག་

ཡོངས་སུ་ཤེས་པར་བྱ་ཞེས་གསུངས་ཤེ་ན། སྡུག་བསྔལ་གྱི་བདེན་པ་ནི་རང་གི་མཚན་ཉིད་དང་། སྤྱིའི་མཚན་ཉིད་ཀྱིས་ཡོངས་སུ་ཤེས་པར་བྱ་བ་ཡིན་གྱི། དེ་ལས་གཞན་པའི་བདེན་པ་གསུམ་ནི་རང་གི་མཚན་ཉིད་ཁོ་ན་སྟེ། ཀུན་འབྱུང་བའི་བདེན་པ་ལ་རྒྱུ་ལ་སོགས་པའི་རྣམ་

པ་དག་གིས་ཡོངས་སུ་ཤེས་པར་བྱ་བ་དེ་ཡང་དེའི་རང་གི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བ་ཡིན་ལ། འགོག་པའི་བདེན་པ་ལ་འགོག་པ་ལ་སོགས་པའི་རྣམ་པ་དག་གིས་ཡོངས་སུ་ཤེས་པར་བྱ་བ་དེ་ཡང་དེའི་རང་གི་མཚན་ཉིད་ཡིན། ལམ་གྱི་བདེན་པ་ལ་ལམ་ལ་སོགས་པའི་

རྣམ་པ་དག་གིས་ཡོངས་སུ་ཤེས་པར་བྱ་བ་དེ་ཡང་དེའི་རང་གི་མཚན་ཉིད་ཡིན་པས་དེའི་ཕྱིར་མཚན་ཉིད་གཉིས་ཀྱིས་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་རྣམ་པར་ཡོངས་སུ་ཤེས་པར་བྱ་དགོས་པའི་སྡུག་བསྔལ་གྱི་བདེན་པ་འབའ་ཞིག་ཡོངས་སུ་ཤེས་པར་བྱ་

ཞེས་གསུངས་སོ། །ཅིའི་ཕྱིར་ཀུན་འབྱུང་གི་བདེན་པ་སྤང་བར་བྱ་ཞེ་ན། ཀུན་འབྱུང་གི་བདེན་པ་ནི་སྡུག་བསྔལ་གྱི་བདེན་པས་བསྡུས་པ་ཡིན་པའི་ཕྱིར་སྡུག་བསྔལ་གྱི་བདེན་པ་ཡོངས་སུ་ཤེས་སུ་ཟིན་ཀྱང་ད་དུང་ཀུན་འབྱུང་བའི་བདེན་པ་དང་རྗེས་སུ་འབྲེལ་བའི་ཕྱིར། ཀུན་འབྱུང་བའི་

བདེན་པ་ནི་དེའི་འོག་ཏུ་སྤང་བར་བྱ་བ་ཡིན་ནོ། །གང་གི་ཚེ་སྡུག་བསྔལ་གྱི་བདེན་པ་ཡང་སྤང་བར་བྱ་བ་ཡིན་པ་དེའི་ཚེ་ཅིའི་ཕྱིར་ཀུན་འབྱུང་བའི་བདེན་པ་འབའ་ཞིག་སྤང་བར་བྱ་ཞེས་གསུངས་ཤེ་ན། སྡུག་བསྔལ་གྱི་བདེན་པ་སྤོང་བ་ནི་ཀུན་འབྱུང་བའི་བདེན་པ་སྤང་བས་རབ་ཏུ་ཕྱེ་བ་ཡིན་ཏེ།

Vol. 206 · folio 76a

དེའི་ཕྱིར་ཀུན་འབྱུང་བའི་བདེན་པ་འབའ་ཞིག་སྤང་བར་བྱ་ཞེས་གསུངས་སོ། །ཅིའི་ཕྱིར་ལམ་གྱི་བདེན་པ་བསྒོམ་པར་བྱ་ཞེ་ན། མངོན་སུམ་དུ་བྱས་པ་ནི་མངོན་སུམ་དུ་བྱ་བའི་དོན་ཡིན་པས་དེ་མངོན་དུ་བྱས་ན་འགོག་པ་མི་སྐྲག་ཅིང་དགའ་བ་ཡོངས་སུ་འཛིན་པའི་ཕྱིར་འགོག་

པའི་བདེན་པ་ནི་དེའི་འོག་ཏུ་མངོན་སུམ་དུ་བྱ་བ་ཡིན་ནོ། །ཅིའི་ཕྱིར་ལམ་གྱི་བདེན་པ་བསྒོམ་པར་བྱ་ཞེ་ན། ཇི་སྐད་སྨོས་པའི་དོན་གསུམ་པོ་དག་བསྒྲུབ་པའི་ཕྱིར་ལམ་གོམས་པར་བྱ་བ་རྟོགས་པས་ན་ལམ་གྱི་བདེན་པ་ནི་དེའི་འོག་ཏུ་བསྒོམ་པར་བྱ་བ་ཡིན་ནོ། །གོ་རིམས་ཀྱི་རྣམ་གྲངས་

གཞན་ཡང་གང་གིས་སྡུག་བསྔལ་བར་གྱུར་པ་དེ་ནི་དང་པོར་བསྟན་ཏོ། །ཇི་ལྟར་སྡུག་བསྔལ་བར་གྱུར་པ་དེ་ནི་གཉིས་པ་ཡིན་ནོ། །ནག་པོའི་ཕྱོགས་གཏུགས་ནས་ཡང་གང་གིས་བདེ་བར་གྱུར་པ་དེ་ནི་གསུམ་པ་ཡིན་ནོ། །ཇི་ལྟར་བདེ་བར་གྱུར་པ་དེ་ནི་བཞི་པ་ཡིན་ཏེ། དཔེར་ན་ནད་

དང་། དེའི་རྒྱུ་དང་། ནད་མེད་པ་དང་། སྨན་ལྟ་བུ་ཡིན་ནོ། །རྣམ་གྲངས་གཞན་ཡང་འཇིག་རྟེན་པའི་སྡུག་བསྔལ་འབྱུང་བའི་གོ་རིམས་བཞིན་དུ་བདེན་པ་རྣམས་ཀྱི་གོ་རིམས་གཞག་པར་བྱ་སྟེ། འཇིག་རྟེན་པ་དག་ནི་དང་པོར་སྡུག་བསྔལ་གང་ཡང་རུང་བ་ཞིག་གིས་ཐེབས་པ་ན་དེ་ལ་རྟོགས་

པར་བྱེད་དོ། །དེའི་འོག་ཏུ་དེ་དག་ལས་བྱུང་བ་ལའོ། །དེའི་འོག་ཏུ་དེ་ལས་ཐར་པ་ལའོ། །དེའི་འོག་ཏུ་དེ་ལས་ཐར་པའི་ཐབས་རྟོགས་པར་བྱེད་པའི་ཕྱིར་རོ། །དེའི་བདེན་པ་རྣམས་ཀྱི་གོ་རིམས་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་བདེན་པ་རྣམས་ཀྱི་བསྡུ་བ་རྣམ་པར་གཞག་པ་གང་ཞེ་

ན། བདེན་པ་བཞི་ལས་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། ལམ་གསུམ་ནི་འདུས་བྱས་ཡིན་ལ། འགོག་པ་ནི་འདུས་མ་བྱས་ཡིན་པས་སྔར་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། སྲིད་པའི་ཡན་ལག་དང་། གནས་དང་གནས་མ་ཡིན་པ་དང་། དབང་པོ་རྣམས་ལ་འདུས་བྱས་པ་

དང་འདུས་མ་བྱས་ཀྱི་ཕྱོགས་གང་གིས་བསྡུས་པ་ཁོ་ན་བཞིན་དུ་བལྟ་བར་བྱའོ། །དེ་ནི་བདེན་པ་རྣམས་ཀྱི་བསྡུ་བ་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་བདེན་པ་རྣམས་ཀྱི་རྟེན་རྣམ་པར་གཞག་པ་གང་ཞེ་ན། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། ལམ་གྱི་ཕུང་པོ་ལྔས་བསྡུས་པ་

Vol. 206 · folio 76b

ཡིན་པས་སྔར་ཕུང་པོ་ལྔའི་རྟེན་ཇི་སྐད་བསྟན་པ་ལ་བརྟེན་པར་ཅི་རིགས་པར་སྦྱར་རོ། །འགོག་པ་ནི་ཅི་ལ་ཡང་མི་རྟེན་མི་གནས་པར་བརྗོད་པར་བྱ་སྟེ། དེ་ནི་བདེན་པ་རྣམས་ཀྱི་རྟེན་རྣམ་པར་གཞག་པ་ཡིན་ནོ། །དེ་ལྟར་བདེན་པ་རྣམས་ཀྱི་རྟེན་རྣམ་པར་གཞག་པ་ཇི་སྐད་བསྟན་པ་དེ་

དག་གིས་སེམས་ཅན་སྐྱེས་ཤིང་འབྱུང་བ་རྣམས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་འགྱུར་བའི་ཕྱིར་དེས་ནི་དེའི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་དངོས་པོ་བསྟན་ཏོ། །དེའི་སྣ་ཚོགས་ཀྱི་དངོས་པོ་ཞེས་བྱ་བས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་ཏེ། རྟེན་ཅིང་འབྲེལ་

པར་འབྱུང་བ་ཞེས་བྱ་བ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་ཆོས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཕྱོགས་སུ་གཏོགས་པ་གང་ཡིན་པའོ། །དེ་ཡང་རྣམ་པ་དྲུག་གིས་རྣམ་པར་གཞག་སྟེ། ངོ་བོ་ཉིད་དང་། དོན་དང་། རབ་ཏུ་དབྱེ་བ་དང་། གོ་རིམས་དང་། བསྡུ་བ་དང་། རྟེན་གྱིས་

སོ། །དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཉིད་རྣམ་པར་གཞག་པ་གང་ཞེ་ན། ནང་དང་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་དགུ་དང་། རྐྱེན་དང་། འབྲས་བུ་རབ་ཏུ་དབྱེ་བ་གང་ཡིན་པའོ། །དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་རྣམ་པར་གཞག་པ་གང་ཞེ་ན། རྣམ་པར་

གཉིས་ཏེ། ངེས་པའི་ཚིག་དང་། དངོས་པོའོ། །དེ་ལ་ངེས་པའི་ཚིག་ནི་འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་ལ། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ་ཞེས་བྱ་བའི་དོན་འདིའི་དབང་དུ་བྱས་ནས་དེ་ངེས་པའི་ཚིག་ཏུ་བལྟ་བར་བྱའོ། །དེའི་དོན་གང་ཞེ་ན། སེམས་ཅན་མེད་པའི་དོན་

དང་། མི་རྟག་པའི་དོན་དང་། རིང་པོར་མི་ཐོགས་པར་ཉེ་བར་གནས་པའི་དོན་དང་། གཞན་གྱི་དབང་གི་དོན་དང་། བྱེད་པ་མེད་པའི་དོན་དང་། རྒྱུ་དང་འབྲས་བུ་རྒྱུན་མི་ཆད་པའི་དོན་དང་། རྒྱུ་དང་འབྲས་བུ་མཐུན་པར་འཇུག་པའི་དོན་དང་། ལས་བདག་གིར་བྱ་བའི་དོན་ནི་རྟེན་ཅིང་

འབྲེལ་པར་འབྱུང་བའི་དོན་ཏོ། །དགོས་པ་གང་ཞེ་ན། རྒྱུ་དང་རྐྱེན་རྣམས་ཀྱིས་རང་གི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་དོན་ཡོངས་སུ་བསྟན་པའི་ཕྱིར་རོ། །དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་གང་ཞེ་ན། རྣམ་པ་གསུམ་སྟེ།

Vol. 206 · folio 77a

ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཉིད་ཀྱི་རབ་ཏུ་དབྱེ་བ་དང་། ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཉིད་ཀྱི་རབ་ཏུ་དབྱེ་བ་དང་། དེ་གཉིས་ཀའི་རྒྱུ་དང་རྐྱེན་དང་འབྲས་བུའི་རབ་ཏུ་དབྱེ་བ་རྣམ་པར་གཞག་པའོ། །དེ་ལ་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བའི་

ངོ་བོ་ཉིད་ཀྱི་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་གང་ཞེ་ན། རྣམ་པ་གཉིས་ཏེ། རྒྱུ་འབྲེལ་པ་དང་། རྐྱེན་འབྲེལ་པའོ། །དེ་ལ་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བའི་རྒྱུ་འབྲེལ་པ་གང་ཞེ་ན། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་

པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ།

སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་ནི་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པ་འདི་འབྱུང་བར་འགྱུར་རོ་ཞེས་གསུངས་པའོ། །ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བའི་

རྐྱེན་འབྲེལ་པ་གང་ཞེ་ན། ཁམས་དྲུག་པོ་སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་འདུས་པའོ། །དེ་ལ་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཉིད་ཀྱི་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་

གང་ཞེ་ན། དེ་ཡང་རྣམ་པ་གཉིས་ཏེ། རྒྱུ་དང་འབྲེལ་པ་དང་། རྐྱེན་དང་འབྲེལ་པའོ། །དེ་ལ་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་རྒྱུ་འབྲེལ་པ་གང་ཞེ་ན། འདི་ལྟ་སྟེ། ས་བོན་ལས་མྱུ་གུ། མྱུ་གུ་ལས་འདབ་མ། འདབ་མ་ལས་སྡོང་བུ། སྡོང་བུ་ལས་སྦུ་བུ། སྦུ་བུ་ལས་

སྙིང་པོ། །སྙིང་པོ་ལས་མེ་ཏོག །མེ་ཏོག་ལས་འབྲས་བུའོ་ཞེས་གསུངས་སོ། །ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་རྐྱེན་འབྲེལ་པ་གང་ཞེ་ན། ཁམས་དྲུག་པོ་སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་

Vol. 206 · folio 77b

ཁམས་དང་། དུས་ཀྱི་ཁམས་རྣམས་བསྡུས་པའོ། །དེ་ལ་གཉིས་ཀའི་རྒྱུ་དང་རྐྱེན་དང་འབྲས་བུའི་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་གང་ཞེ་ན། རྣམ་པ་བཞིར་རིག་པར་བྱ་སྟེ། མཚན་ཉིད་དང་། གནས་དང་། རབ་ཏུ་དབྱེ་བ་དང་། རྣམ་པར་གཞག་པའོ། །དེ་ལ་མཚན་ཉིད་གང་ཞེ་ན། སྔ་མ་ཡོད་

པ་གང་ཡིན་པ་གང་ལ་བརྟེན་ནས་གང་ཕྲད་ན་ཆོས་གང་སྐྱེ་བའམ། འཐོབ་པའམ། འགྲུབ་པར་འགྱུར་བའམ། འགྲུབ་པའམ། གནས་པའམ། བྱེད་པར་འགྱུར་བ་དེ་ནི་རྒྱུ་དང་། རྐྱེན་དང་འབྲས་བུའི་མཚན་ཉིད་ཡིན་ཏེ། དེ་ལ་སྔ་ན་ཡོད་པ་ནི་རྒྱུའི་མཚན་ཉིད་དོ། །གང་ལ་བརྟེན་ནས་ཞེས་བྱ་བ་དང་།

གང་ལ་ཕྲད་ན་ཞེས་བྱ་བ་ནི། རྐྱེན་གྱི་མཚན་ཉིད་དོ། །ཆོས་གང་སྐྱེ་བའམ་ཞེས་བྱ་བ་ལ་སོགས་པ་ནི་འབྲས་བུའི་མཚན་ཉིད་དེ། དེ་ལ་རྒྱུ་ནི་ཕན་པའི་དོན། རྐྱེན་ནི་གནས་པར་བྱ་བའི་དོན། འབྲས་བུ་ནི་འགྲུབ་པའི་དོན་ཏོ། །དེ་ལ་སྔ་ན་ཡོད་པ་ཅི་ཞིག །ཅི་ལ་བརྟེན་ནས། ཅི་དང་ཕྲད་ན། ཆོས་

ཅི་ཞིག་སྐྱེ་བར་འགྱུར་ཞེ་ན། རང་གི་ས་བོན་ནི་སྔ་ན་ཡོད་པ་སྟེ། ས་བོན་གྱི་གནས་མ་གཏོགས་པ་དེ་ལས་གཞན་པའི་གནས་གཟུགས་ཅན་དང་། གཟུགས་ཅན་མ་ཡིན་པ་ལ་ཡང་བརྟེན་ལ། ལས་ལ་ཡང་བརྟེན་ནས་གྲོགས་དང་དམིགས་པ་དང་ཡང་ཕྲད་ན་འདོད་པ་དང་། གཟུགས་དང་།

གཟུགས་མེད་པ་དང་ལྡན་པ་དང་། ལྡན་པ་མ་ཡིན་པའི་ཆོས་རྣམས་སྐྱེ་བར་འགྱུར་ཏེ། དེ་ཡང་ཅི་རིགས་པར་སྦྱར་རོ། །སྔ་ན་ཡོད་པ་ཅི་ཞིག །ཅི་ལ་བརྟེན་ནས། ཅི་དང་ཕྲད་ན། ཆོས་ཅི་ཞིག་ཐོབ་པར་འགྱུར་ཞེ་ན། ཉན་ཐོས་དང་། རང་སངས་རྒྱས་དང་། དེ་བཞིན་གཤེགས་པའི་

རིགས་ནི་སྔ་ན་ཡོད་པ་སྟེ། ནང་གི་ཡན་ལག་གི་སྟོབས་ལ་བརྟེན་ནས། ཕྱི་རོལ་གྱི་ཡན་ལག་གི་སྟོབས་དང་ཕྲད་ན་ཉོན་མོངས་པ་དང་བྲལ་བ་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །སྔ་ན་ཡོད་པ་ཅི་ཞིག །ཅི་ལ་བརྟེན་ནས། ཅི་དང་ཕྲད་ན། ཆོས་ཅི་ཞིག་འགྲུབ་པར་འགྱུར་ཞེ་ན།

ཤེས་བྱ་ལ་མོས་ཤིང་འདོད་པའི་སྔ་ན་ཡོད་པ་སྟེ། དམ་བཅའ་བ་དང་། གཏན་ཚིགས་དང་། དཔེ་ལ་བརྟེན་ནས་ཕྱིར་རྒོལ་བ་དང་མི་མཐུན་པ་མེད་པའི་འཁོར་དང་ཕྲད་ན་བསྒྲུབ་པར་བྱ་བའི་དོན་འགྲུབ་པར་འགྱུར་རོ། །སྔ་ན་ཡོད་པ་ཅི་ཞིག །ཅི་ལ་བརྟེན་ནས། ཅི་དང་ཕྲད་ན།

Vol. 206 · folio 78a

ཆོས་ཅི་ཞིག་འགྲུབ་ཅེ་ན། བཟོ་ཤེས་པ་ནི་སྔ་ན་ཡོད་པ་སྟེ། དེ་དང་མཐུན་པའི་བརྩོན་པ་ལ་བརྟེན་ནས་བཟོའི་ལས་ཀྱི་གནས་དང་མཐུན་པའི་ཆ་བྱད་ཡོ་བྱད་དང་ཕྲད་ན་བཟོའི་ལས་ཀྱི་གནས་དེ་དང་དེ་དག་འགྲུབ་པར་འགྱུར་རོ། །སྔ་ན་ཡོད་པ་ཅི་ཞིག །ཅི་ལ་

བརྟེན་ནས། ཅི་དང་ཕྲད་ན། ཆོས་ཅི་ཞིག་གནས་པར་འགྱུར་ཞེ་ན། སྲེད་པ་ནི་སྔ་ན་ཡོད་པ་སྟེ། ཟས་ལ་བརྟེན་པའི་ལུས་ལ་བརྟེན་ནས། ཟས་རྣམ་བཞི་དང་ཕྲད་ན་སེམས་ཅན་འབྱུང་བ་རྣམས་གནས་ཤིང་འཚོ་བ་ལ་བརྟ་བར་འགྱུར་རོ། །སྔ་ན་ཡོད་པ་ཅི་ཞིག །ཅི་ལ་བརྟེན་

ནས། ཅི་དང་ཕྲད་ན། ཆོས་ཅི་ཞིག་བྱེད་པར་འགྱུར་ཞེ་ན། རང་གི་ས་བོན་ནི་སྔ་ན་ཡོད་པ་སྟེ། སྐྱེ་བ་ལ་བརྟེན་ན་སྐྱེ་བའི་རྐྱེན་དང་ཕྲད་ན་རང་གི་ཆོས་ཀྱི་རང་གི་བྱེད་པ་ཡོད་ཅིང་རང་གི་ལས་བྱེད་དེ། འདི་ལྟ་སྟེ། མིག་ནི་ལྟ་བར་བྱེད་པ་དང་། དབང་པོ་ལྷག་མ་རྣམས་ཀྱང་རང་རང་གི་བྱ་བ་

བྱེད་པ་དང་། ས་ནི་བརྟན་པར་བྱེད་པ་དང་། དེ་ལྟ་བུ་དང་མཐུན་པའི་ཕྱི་རོལ་གྱི་དངོས་པོ་རྣམས་ཀྱང་རང་རང་གི་བྱ་བ་བྱེད་པར་རིག་པར་བྱ་སྟེ། དེ་ནི་རྒྱུ་དང་རྐྱེན་དང་། འབྲས་བུའི་མཚན་ཉིད་ཡིན་ནོ། །དེ་ལ་རྒྱུ་དང་རྐྱེན་དང་འབྲས་བུའི་གནས་གང་ཞེ་ན། བཅོ་ལྔ་སྟེ། ཚིག་དང་། མྱོང་བ་

དང་། བག་ཆགས་དང་། རླན་དང་བཅས་པའི་ས་བོན་དང་། ཕྲད་ནས་འགག་པ་དང་། ཡུལ་དང་། དབང་པོ་དང་། བྱེད་པ་དང་། སྐྱེས་བུའི་བྱེད་པ་དང་། དེ་ཁོ་ན་ལ་ལྟ་བ་དང་། མཐུན་པ་དང་། མཐུ་སྣ་ཚོགས་དང་། ཚོགས་པ་དང་། བར་དུ་གཅོད་པ་དང་། བར་དུ་གཅོད་པ་མ་ཡིན་

པའོ། །དེ་ལ་ཚིག་ནི་རྟོག་པས་ཀུན་ནས་བསླང་བའི་ངག་གོ། །མྱོང་བ་ནི་བདེ་བ་དང་སྡུག་བསྔལ་ལ་སོགས་པ་ཉམས་སུ་མྱོང་བའོ། །བག་ཆགས་ནི་དགེ་བ་དང་མི་དགེ་བའི་ལས་ཀྱིས་བསྒོས་པའི་འདུ་བྱེད་ཀྱི་བག་ཆགས་སོ། །རླན་དང་བཅས་པའི་ས་བོན་ནི་སྲིད་པ་

དང་བཅས་པའི་ལས་དང་ཆུའི་རླན་དང་བཅས་པའི་ལོ་ཏོག་གི་ས་བོན་ནོ། །ཕྲད་ནས་འགག་པ་ནི་འགགས་མ་ཐག་པའི་རྐྱེན་ནོ། །ཡུལ་ནི་དམིགས་པའོ། །དབང་པོ་ནི་བདག་པོའོ། །བྱེད་པ་ནི་འདུ་བྱེད་རྣམས་དང་རང་རང་གི་ལས་བྱེད་པའོ། །སྐྱེས་བུའི་བྱེད་པ་ནི་བྱ་བ་སྒྲུབ་པའི་ཕྱིར་

Vol. 206 · folio 78b

སྐྱེས་བུའི་རྩོལ་བའོ། །དེ་ཁོ་ན་ལ་ལྟ་བའི་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བའོ། །མཐུན་པ་ནི་རིགས་མཐུན་པའོ། །མཐུ་སྣ་ཚོགས་ནི་འདུ་བྱེད་རྣམས་ཀྱི་སོ་སོའི་ནུས་པ་ཐ་དད་པའོ། །ཚོགས་པ་ནི་ལྷན་ཅིག་འབྱུང་བའོ། །བར་དུ་གཅོད་པ་ནི་སྐྱེ་བ་ལ་

སོགས་པ་ལ་བར་ཆད་བྱེད་པའོ། །བར་དུ་གཅོད་པ་མ་ཡིན་པ་ནི་སྐྱེ་བ་ལ་སོགས་པ་ལ་བར་ཆད་མི་བྱེད་པ་སྟེ། དེ་དག་ནི་རྒྱུ་དང་རྐྱེན་དང་འབྲས་བུའི་གནས་ཡིན་ནོ། །དེ་ལ་རྒྱུ་དང་རྐྱེན་དང་འབྲས་བུའི་རབ་ཏུ་དབྱེ་བ་གང་ཞེ་ན། རྒྱུ་བཅུ་དང་རྐྱེན་བཞི་དང་། འབྲས་བུ་ལྔ་སྟེ། དེ་ལ་རྒྱུ་བཅུ་གང་ཞེ་ན། རྗེས་

སུ་ཐ་སྙད་འདོགས་པའི་རྒྱུ་དང་། ལྟོས་པའི་རྒྱུ་དང་། འཕེན་པའི་རྒྱུ་དང་། མངོན་པར་འགྲུབ་པའི་རྒྱུ་དང་། ཡོངས་སུ་འཛིན་པའི་རྒྱུ་དང་། འདྲེན་པའི་རྒྱུ་དང་། སོ་སོར་ངེས་པའི་རྒྱུ་དང་། ལྷན་ཅིག་བྱེད་པའི་རྒྱུ་དང་། མི་མཐུན་པའི་རྒྱུ་དང་། མི་མཐུན་པ་མེད་པའི་རྒྱུའོ། །དེ་ལ་རྗེས་སུ་ཐ་སྙད་

འདོགས་པའི་རྒྱུ་གང་ཞེ་ན། ཆོས་ཐམས་ཅད་ཀྱི་མིང་དང་མིང་སྔོན་དུ་འགྲོ་བའི་འདུ་ཤེས་དང་། འདུ་ཤེས་སྔོན་དུ་འགྲོ་བའི་བརྗོད་པ་གང་ཡིན་པ་དེ་ནི་ཆོས་དེ་དང་དེ་དག་གིས་རྗེས་སུ་ཐ་སྙད་འདོགས་པའི་རྒྱུ་ཡིན་ནོ། །ལྟོས་པའི་རྒྱུ་གང་ཞེ་ན། གཞི་གང་ལས་ལྟོས་ཤིང་རྒྱུ་གང་གིས་

དངོས་པོ་གང་ལ་འདོད་པ་དང་ལེན་པར་འགྱུར་བ་དེ་ནི་དེའི་ལྟོས་པའི་རྒྱུ་ཡིན་ནོ། །འཕེན་པའི་རྒྱུ་གང་ཞེ་ན། ས་བོན་ནི་རང་གི་འབྲས་བུ་ཐ་མའི་བར་གྱིས་འཕེན་པའི་རྒྱུ་ཡིན་ནོ། །མངོན་པར་འགྲུབ་པའི་རྒྱུ་གང་ཞེ་ན། ས་བོན་དེ་ཉིད་ནི་རང་གི་འབྲས་བུ་མངོན་པར་འགྲུབ་པའི་རྒྱུ་ཡིན་ནོ། །

ཡོངས་སུ་འཛིན་པའི་རྒྱུ་གང་ཞེ་ན། ས་བོན་མ་གཏོགས་པ་དེ་ལས་གཞན་པའི་རྐྱེན་རྣམས་ནི་ཡོངས་སུ་འཛིན་པའི་རྒྱུ་ཡིན་ནོ། །འདྲེན་པའི་རྒྱུ་གང་ཞེ་ན། ས་བོན་ལས་གྲུབ་པའི་འབྲས་བུ་དེ་ནི་ས་བོན་གྱིས་འཕངས་པའི་འབྲས་བུ་ཕྱི་མའི་རྒྱུ་ཡིན་ནོ། །སོ་སོར་ངེས་པའི་རྒྱུ་གང་ཞེ་ན། ཆོས་རྣམ་པ་

སྣ་ཚོགས་རྣམ་པ་ཐ་དད་པའི་རང་རང་གི་རྒྱུ་ནི་སོ་སོར་ངེས་པའི་རྒྱུ་ཡིན་ནོ། །ལྷན་ཅིག་བྱེད་པའི་རྒྱུ་གང་ཞེ་ན། ལྟོས་པའི་རྒྱུ་དང་། འཕེན་པའི་རྒྱུ་དང་། མངོན་པར་འགྲུབ་པའི་རྒྱུ་དང་། ཡོངས་སུ་འཛིན་པའི་རྒྱུ་དང་། འདྲེན་པའི་རྒྱུ་དང་། སོ་སོར་ངེས་པའི་རྒྱུ་གང་ཡིན་པ་དེ་དག་ཐམས་ཅད་

Vol. 206 · folio 79a

གཅིག་ཏུ་བསྡུས་པ་ནི་ལྷན་ཅིག་བྱེད་པའི་རྒྱུ་ཡིན་ནོ། །མི་མཐུན་པའི་རྒྱུ་གང་ཞེ་ན། སྐྱེ་བ་ལ་སོགས་པ་ལ་བར་དུ་གཅོད་པའི་རྒྱུ་མི་མཐུན་པའི་རྒྱུ་ཡིན་ནོ། །མི་མཐུན་པ་མེད་པའི་རྒྱུ་གང་ཞེ་ན། སྐྱེ་བ་ལ་སོགས་པ་ལ་བར་དུ་གཅོད་པ་མེད་པའི་རྒྱུ་ནི་མི་མཐུན་

པ་མེད་པའི་རྒྱུ་ཡིན་ནོ། །རྒྱུ་བཅུ་པོ་དེ་དག་ནི་འཇིག་རྟེན་པའི་ལོ་ཏོག་ལ་སོགས་པ་ལུང་དུ་མ་བསྟན་པའི་དངོས་པོ་ཐམས་ཅད་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཕྱོགས་ཀྱི་དངོས་པོ་ཐམས་ཅད་ཕྱིན་ཅི་མ་ལོག་པར་འགྱུར་བའི་རྒྱུ་ཡིན་ཏེ། དེ་ལ་རྒྱུ་བཅུ་པོ་དེ་དག་གིས་

འཇིག་རྟེན་པའི་དངོས་པོ་ཐམས་ཅད་ནི་ཇི་ལྟར་འབྱུང་བར་འགྱུར། ཀུན་ནས་ཉོན་མོངས་པ་ནི་ཇི་ལྟར་འགྱུར། རྣམ་པར་བྱང་བ་ནི་ཇི་ལྟར་འགྱུར་ཞེ་ན། འདི་ལྟར་འཇིག་རྟེན་ན་འབྲུའི་གྲངས་སུ་གཏོགས་པའི་ལོ་ཏོག་གང་དག་གིས་འཇིག་རྟེན་འདི་འཚོ་བར་བྱེད་པ་གང་ཡིན་པ་དེ་

དག་གི་མིང་དང་། འདུ་ཤེས་དང་ཚིག་ཏུ་བརྗོད་པ་རྣམ་པ་སྣ་ཚོགས་འདི་ལྟ་སྟེ། ནས་དང་། འབྲས་དང་། སཱ་ལུ་དང་། གྲོ་དང་། ཏིལ་དང་། སྲན་མ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་འདི་ནི་དེ་དག་གི་ཐ་སྙད་དུ་ཁྱེར་ཏེ་ཤོག །ཐོགས་ཤིག །ཞོག་ཅིག་ཅེས་བྱ་བ་ལ་སོགས་

པའི་རྗེས་སུ་ཐ་སྙད་འདོགས་པའི་རྒྱུ་ཡིན་ནོ། །བཀྲེས་པ་དང་། སྐོམ་པ་དང་། ཉམ་ཆུང་བ་དང་། ལུས་གནས་པར་བྱ་བ་ལ་ལྟོས་པ་དང་། ཁམ་གྱི་ཟས་ཀྱི་མྱང་བར་བྱ་བ་ལ་ལྟོས་ནས། ནས་ལ་སོགས་པ་དེ་དག་འདོད་པ་དང་། ཚོལ་བ་དང་། ལེན་པ་དང་། ལོངས་སྤྱོད་པར་

བྱེད་པ་འདི་ནི་དེ་དག་གི་ལྟོས་པའི་རྒྱུ་ཡིན་ནོ། །ནས་ལ་སོགས་པའི་རང་རང་གི་ས་བོན་གང་དང་གང་ལ་ལོ་ཏོག་གང་དང་གང་འབྱུང་བའི་ས་བོན་དེ་ནི་དེའི་འཕེན་པའི་རྒྱུ་ཡིན་ནོ། །ས་བོན་དེ་ནི་མྱུ་གུ་དེའི་མངོན་པར་འགྲུབ་པའི་རྒྱུ་ཡིན་ནོ། །ས་དང་ཆར་པ་ལ་སོགས་པའི་རྐྱེན་ལས་མྱུ་གུ་འབྱུང་བར་

འགྱུར་བ་དེ་ནི་དེའི་ཡོངས་སུ་འཛིན་པའི་རྒྱུ་ཡིན་ནོ། །མྱུ་གུ་དང་སྡོང་བུ་དང་ལོ་མ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྒྱུན་དེ་ནི་ལོ་ཏོག་དེ་འགྲུབ་པ་དང་ཡོངས་སུ་སྨིན་པའི་འདྲེན་པའི་རྒྱུ་ཡིན་ནོ། །ནས་ཀྱི་ས་བོན་ལས་ཀྱང་ནས་ཀྱི་མྱུ་གུ་དང་ནས་ཀྱི་ལོ་ཏོག་འབྱུང་བར་འགྱུར་གྱི་གཞན་མ་ཡིན་ལ།

Vol. 206 · folio 79b

འབྲུ་གཞན་དག་ལས་ཀྱང་དེ་བཞིན་པ་དེ་ནི་དེ་དག་གི་སོ་སོར་ངེས་པའི་རྒྱུ་ཡིན་ནོ། །ལྟོས་པའི་རྒྱུ་ནས་བཟུང་སྟེ། སོ་སོར་ངེས་པའི་རྒྱུ་ལ་ཐུག་པའི་བར་གྱི་རྒྱུ་དྲུག་པོ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་ལོ་ཏོག་དེ་འགྲུབ་པའི་ལྷན་ཅིག་བྱེད་པའི་རྒྱུ་ཡིན་ནོ། །སེར་བ་དང་ལོ་ཏོག་ལ་གནོད་པ་འབྱུང་

བ་ལ་སོགས་པ་བར་དུ་གཅོད་པ་རྣམས་ནི་དེའི་མི་མཐུན་པའི་རྒྱུ་ཡིན་ནོ། །དེ་དག་མེད་དེ་བར་དུ་གཅོད་པ་མེད་པ་ནི་མི་མཐུན་པ་མེད་པའི་རྒྱུ་ཡིན་ཏེ། དེ་ལྟར་རྒྱུ་བཅུ་པོ་དེ་དག་ནི་འབྲུ་བསྡུས་པ་རྣམས་ལ་ཇི་ལྟ་བ་བཞིན་དུ་དེ་ལས་གཞན་པའི་འཇིག་རྟེན་པའི་དངོས་པོ་དག་ལ་ཡང་ཅི་རིགས་པར་སྦྱར་བར་རིག་

པར་བྱའོ། །དེ་ལ་ཀུན་ནས་ཉོན་མོངས་པར་ཇི་ལྟར་འགྱུར་ཞེ་ན། འདི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ཐམས་ཅད་ཀྱི་མིང་དང་འདུ་ཤེས་དང་། ཚིག་ཏུ་བརྗོད་པ་འདི་ལྟ་སྟེ། མ་རིག་པ་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། མིང་དང་གཟུགས་ནས། རྒྱས་པར་རྒ་ཤི་དང་།

མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ཞེས་བྱ་བའི་བར་དེ་ནི་རེ་ཞིག་ཀུན་ནས་ཉོན་མོངས་པའི་ཐ་སྙད་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བ་ལ་སོགས་པའི་རྗེས་སུ་ཐ་སྙད་འདོགས་པའི་རྒྱུ་

ཡིན་ནོ། །བདེ་བ་ལ་སོགས་པའི་ཡུལ་མྱོང་བ་ལ་ལྟོས་ནས་སྲིད་པའི་ཡན་ལག་འདི་དག་འཇུག་པ་དེ་ནི། ཀུན་ནས་ཉོན་མོངས་པ་དེའི་ལྟོས་པའི་རྒྱུ་ཡིན་ནོ། །ཚེ་འདི་ལ་སྐྱེས་ཤིང་འབྱུང་བའི་མ་རིག་པ་ལ་སོགས་པའི་ཆོས་རྣམས་ཀྱི་ས་བོན་གང་དག་ཡིན་པ་དེ་དག་ནི་སྐྱེ་བ་གཞན་གྱི་སྐྱེ་བ་དང་རྒ་ཤི་

འཕེན་པའི་རྒྱུ་ཡིན་ནོ། །མ་རིག་པ་ལ་སོགས་པའི་རང་གི་ས་བོན་ནི་མངོན་པར་འགྲུབ་པའི་རྒྱུ་ཡིན་ནོ། །སྐྱེས་བུ་དམ་པ་མ་ཡིན་པ་ལ་བརྟེན་པ་དང་། དམ་པའི་ཆོས་མ་ཡིན་པ་ཐོས་པ་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་། སྔོན་གོམས་པའི་འཕེན་པ་ནི་མ་རིག་པ་ལ་སོགས་པ་

དག་འབྱུང་བའི་ཡོངས་སུ་འཛིན་པའི་རྒྱུ་ཡིན་ནོ། །མ་རིག་པ་ལ་སོགས་པ་སྲེད་པ་ལ་ཐུག་པ་དེ་དག་ནི་ཕྱི་མ་ཕྱི་མ་འདྲེན་ཅིང་གཅིག་ནས་གཅིག་ཏུ་བརྒྱུད་པ་ཚེ་གཞན་གྱི་སྐྱེ་བ་རྒ་ཤི་དེའི་འདྲེན་པའི་རྒྱུ་ཡིན་ནོ། །མ་རིག་པ་ལ་སོགས་པ་མཐར་ཐུག་པ་རང་གི་ས་བོན་རྣམས་དང་བཅས་པ་གཞན་དག་

Vol. 206 · folio 80a

སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བ་དང་། གཞན་དག་དུད་འགྲོ་དང་། ཡི་དགས་དང་། མི་དང་། ལྷར་སྐྱེ་བར་འགྱུར་བ་དེ་ནི་ཀུན་ནས་ཉོན་མོངས་པའི་སོ་སོར་ངེས་པའི་རྒྱུ་ཡིན་ནོ། །ལྟོས་པའི་རྒྱུ་ནས་བཟུང་སྟེ། སོ་སོར་ངེས་པའི་རྒྱུ་ལ་ཐུག་པའི་བར་གྱི་རྒྱུ་

དྲུག་པོ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་ཀུན་ནས་ཉོན་མོངས་པའི་ལྷན་ཅིག་བྱེད་པའི་རྒྱུ་ཡིན་ནོ། །ཀུན་ནས་ཉོན་མོངས་པ་དེའི་མི་མཐུན་པའི་རྒྱུ་ནི་རིགས་དང་ལྡན་པ་དང་། སངས་རྒྱས་རྣམས་འབྱུང་བ་དང་། དམ་པའི་ཆོས་བསྟན་པ་དང་། སྐྱེས་བུ་དམ་པ་ལ་བརྟེན་པ་དང་།

དམ་པའི་ཆོས་ཉན་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་དོ། །མི་མཐུན་པ་མེད་པའི་རྒྱུ་ནི་ཇི་སྐད་བསྟན་པའི་ཆོས་འདི་དག་ཉིད་མེད་པ་དང་བྲལ་བ་ཉིད་དེ། དེ་ལྟར་རྒྱུ་བཅུ་པོ་དེ་དག་

གིས་སེམས་ཅན་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པ་ཐམས་ཅད་རིག་པར་བྱའོ། །དེ་ལ་རྣམ་པར་བྱང་བར་ཇི་ལྟར་འགྱུར་ཞེ་ན། རྣམ་པར་བྱང་བའི་ཆོས་ཐམས་ཅད་དང་འགོག་པ་མྱ་ངན་ལས་འདས་པ་ལ་མིང་དང་། འདུ་ཤེས་དང་ཚིག་ཏུ་བརྗོད་པ་གང་ཡིན་པ་འདི་ལྟ་སྟེ།

དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་བྱ་བ་ནས། སྐྱེ་བ་འགགས་པས་རྒ་ཤི་འགག་

ཅེས་བྱ་བའི་བར་དེ་དག་དང་། དེ་ལྟ་བུ་དང་མཐུན་པ་རྣམས་ནི་རྣམ་པར་བྱང་བའི་རྗེས་སུ་ཐ་སྙད་འདོགས་པའི་རྒྱུ་ཡིན་ནོ། །འདུ་བྱེད་ཀྱི་ཉེས་དམིགས་ལ་ལྟོས་ནས་རྣམ་པར་བྱང་བའི་ཚོལ་བ་དང་། རྣམ་པར་བྱང་བ་ཡོངས་སུ་འཛིན་པ་དང་རྣམ་པར་བྱང་བ་ཡོངས་སུ་གྲུབ་པ་གང་ཡིན་པ་དེ་ནི་དེའི་

ལྟོས་པའི་རྒྱུ་ཡིན་ནོ། །གང་ཟག་རིགས་ལ་གནས་པའི་རིགས་དང་ལྡན་པ་ཕུང་པོའི་ལྷག་མ་དང་བཅས་པ་དང་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་འཐོབ་པའི་སྔོན་དུ་འགྲོ་བ་གང་ཡིན་པ་དེ་ནི་རྣམ་པར་བྱང་བའི་འཕེན་པའི་རྒྱུ་ཡིན་ནོ། །རིགས་ཀྱིས་བསྡུས་པའི་ཟག་པ་མེད་པ་བྱང་

Vol. 206 · folio 80b

ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་ས་བོན་དེ་དག་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དེ་དག་གི་མངོན་པར་འགྲུབ་པའི་རྒྱུ་ཡིན་ནོ། །སྐྱེས་བུ་དམ་པ་ལ་བརྟེན་པ་དང་། དམ་པའི་ཆོས་མཉན་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་དང་། སྔོན་དབང་པོ་ཡོངས་སུ་སྨིན་པར་བྱས་པ་ནི་རྣམ་པར་བྱང་བའི་ཡོངས་སུ་

འཛིན་པའི་རྒྱུ་ཡིན་ནོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་རང་གི་ས་བོན་ལས་མངོན་པར་འགྲུབ་པ་དེ་ནི་ཕུང་པོའི་ལྷག་མ་དང་བཅས་པ་དང་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་རིམ་གྱིས་འདྲེན་པའི་རྒྱུ་ཡིན་ནོ། །ཉན་ཐོས་ཀྱི་རིགས་གང་ཡིན་པ་དེ་ནི་ཉན་ཐོས་ཀྱི་ཐེག་པས་ཡོངས་

སུ་མྱ་ངན་ལས་འདའ་བར་འགྱུར་བ་དང་། རང་སངས་རྒྱས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དང་། ཐེག་པ་ཆེན་པོའི་རིགས་ནི་ཐེག་པ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེ་ནི་རྣམ་པར་བྱང་བའི་སོ་སོའི་ངེས་པའི་རྒྱུ་ཡིན་ནོ། །ལྟོས་པའི་རྒྱུ་ནས་

བཟུང་སྟེ། སོ་སོར་ངེས་པའི་རྒྱུ་ལ་ཐུག་པའི་བར་གྱི་རྒྱུ་དྲུག་པོ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་རྣམ་པར་བྱང་བའི་ལྷན་ཅིག་བྱེད་པའི་རྒྱུ་ཡིན་ནོ། །རིགས་དང་མི་ལྡན་པ་དང་རང་སངས་རྒྱས་རྣམས་མི་འབྱུང་བ་དང་། མི་ཁོམ་པར་སྐྱེས་པ་དང་། སྐྱེས་བུ་དམ་པ་མ་ཡིན་པ་ལ་བརྟེན་

པ་དང་། དམ་པའི་ཆོས་མ་ཡིན་པ་མཉན་པ་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་། ལོག་པར་སྒྲུབ་པ་ནི་རྣམ་པར་བྱང་བའི་མི་མཐུན་པའི་རྒྱུ་ཡིན་ནོ། །མི་མཐུན་པའི་རྒྱུ་དེ་ཉིད་མེད་པ་དང་བྲལ་བ་ཉིད་གང་ཡིན་པ་དེ་ནི་མི་མཐུན་པ་མེད་པའི་རྒྱུ་ཡིན་ནོ། །དེ་ལྟར་རྒྱུ་བཅུ་པོ་དག་གིས་ཀུན་

ནས་ཉོན་མོངས་པར་འགྱུར་ལ་བཅུ་པོ་ཉིད་ཀྱིས་རྣམ་པར་བྱང་བར་འགྱུར་ཏེ། འདས་པའི་དུས་ན་བྱུང་བ་དང་མ་འོངས་པའི་དུས་ན་འབྱུང་བར་འགྱུར་བའི་ཀུན་ནས་ཉོན་མོངས་པའམ་རྣམ་པར་བྱང་བའི་རྒྱུ་གཞན་ནི་འདི་ལས་གོང་ན་ཡང་མེད་ལ་འདི་ལས་ལྷག་པ་ཡང་མེད་དོ། །རྒྱུ་བཅུ་པོ་དེ་དག་

ཀྱང་མདོར་བསྡུ་ན་རྒྱུ་གཉིས་ཀྱིས་བསྡུས་ཏེ། བསྐྱེད་པའི་རྒྱུ་དང་། ཐབས་ཀྱི་རྒྱུའོ། །དེ་ལ་འཕེན་པའི་རྒྱུ་དང་། མངོན་པར་འགྲུབ་པའི་རྒྱུ་གཉིས་ནི་བསྐྱེད་པའི་རྒྱུ་ཡིན་ནོ། །རྒྱུ་ལྷག་མ་བརྒྱད་ནི་ཐབས་ཀྱི་རྒྱུ་ཡིན་པར་རིག་པར་བྱ་སྟེ། དེ་ནི་རྒྱུའི་རབ་ཏུ་དབྱེ་བ་ཡིན་ནོ། །དེ་ལ་རྐྱེན་བཞི་

Vol. 206 · folio 81a

གང་ཞེ་ན། རྒྱུའི་རྐྱེན་དང་། དེ་མ་ཐག་པའི་རྐྱེན་དང་། དམིགས་པའི་རྐྱེན་དང་། བདག་པོའི་རྐྱེན་ནོ། །དེ་ལ་རྒྱུའི་རྐྱེན་གང་ཞེ་ན། ས་བོན་ཐམས་ཅད་པ་ཀུན་གཞིའི་རྣམ་པར་ཤེས་པ་གང་ཡིན་པའོ། །ཕྱི་རོལ་གྱི་དངོས་པོ་དག་ལ་ཡང་འཕེན་པའི་རྒྱུ་དང་མངོན་

པར་འགྲུབ་པའི་རྒྱུར་གྲགས་པ་ཐམས་ཅད་ནི་རྒྱུའི་རྐྱེན་ཡིན་ནོ། །དེ་མ་ཐག་པའི་རྐྱེན་གང་ཞེ་ན། སེམས་དང་སེམས་ལས་བྱུང་བའི་ཆོས་གང་དག་གི་མཇུག་ཐོགས་སུ་སེམས་དང་སེམས་ལས་བྱུང་བའི་ཆོས་གང་དག་བྱུང་བ་དེ་དག་ནི་དེ་དག་གི་དེ་མ་ཐག་པའི་རྐྱེན་ཞེས་བྱའོ། །རྣམ་པར་

ཤེས་པ་དྲུག་པོ་འགགས་མ་ཐག་པ་གང་ཡིན་པ་དེ་དག་གི་རྣམ་པར་ཤེས་པ་དྲུག་པོ་གང་དག་དེའི་མཇུག་ཐོགས་སུ་སྐྱེ་བ་ནི་དེ་མ་ཐག་པའི་རྐྱེན་ཡིན་ཏེ། དེ་དག་ནི་འགགས་སོ། །ཡིད་ལས་ཡིད་ཅེས་བྱ་བ་དང་། ཡིད་ཀྱི་སྐྱེ་མཆེད་ཅེས་བྱ་བ་དང་། ཡིད་ཀྱི་ཁམས་ཞེས་བྱ་བར་ཡང་བཏགས་

སོ། །དམིགས་པའི་རྐྱེན་གང་ཞེ་ན། གཟུགས་ལ་སོགས་པ་ཡུལ་ལྔ་པོ་དག་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་ནི་དམིགས་པའི་རྐྱེན་ཡིན་ནོ། །ནང་དང་ཕྱི་རོལ་གྱི་སྐྱེ་མཆེད་བཅུ་གཉིས་པོ་ཐམས་ཅད་ནི་ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པའི་རྐྱེན་ཡིན་ནོ། །བདག་པོའི་རྐྱེན་གང་ཞེ་ན། མིག་

ལ་སོགས་པའི་སྐྱེ་མཆེད་ལྷན་ཅིག་འབྱུང་བ་རྣམས་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་བདག་པོའི་རྐྱེན་ཡིན་ནོ། །རྣམ་པར་ཤེས་པ་རྣམས་དམིགས་པ་ལ་གཏོད་པར་བྱེད་པའི་ཡིད་ལ་བྱེད་པ་ལ་ཡང་རྣམ་པར་ཤེས་པ་རྣམས་ཀྱི་བདག་པོའི་རྐྱེན་ཡིན་ནོ། །སེམས་དང་སེམས་ལས་བྱུང་བའི་ཆོས་

ལྷན་ཅིག་བྱུང་བ་རྣམས་ཀྱང་གཅིག་གི་བདག་པོའི་རྐྱེན་གཅིག་ཡིན་པས་བདག་པོའི་རྐྱེན་ཡིན་ནོ། །དགེ་བ་དང་མི་དགེ་བའི་ལས་སྔོན་བྱས་པ་རྣམས་དང་ཕྱིས་འབྲས་བུ་འདོད་པ་དང་མི་འདོད་པ་རྣམ་པར་སྨིན་པར་འགྱུར་བའི་བདག་པོའི་རྐྱེན་ཡིན་ནོ། །ཞིང་དང་ལུད་དང་ཆུ་ལ་སོགས་པ་ནི་ལོ་ཏོག་མངོན་

པར་འགྲུབ་པའི་བདག་པོའི་རྐྱེན་ཡིན་ནོ། །བཟོ་ཤེས་པ་དང་བཟོའི་ལས་དང་དེ་དག་ནི་འཇིག་རྟེན་པའི་བཟོ་དང་ལས་ཀྱི་གནས་དེ་དང་དེ་དག་མངོན་པར་འགྲུབ་པའི་བདག་པོའི་རྐྱེན་ཡིན་ནོ། །དེ་ལ་རྒྱུའི་རྐྱེན་ནི་རྒྱུ་ཡང་ཡིན་རྐྱེན་ཡང་ཡིན་ཏེ་སྐྱེད་པའི་རྒྱུ་ཡིན་ནོ། །དེ་ལས་གཞན་པའི་རྐྱེན་གསུམ་པོ་

Vol. 206 · folio 81b

དག་ནི་རྐྱེན་ཁོ་ན་ཡིན་གྱི་རྒྱུ་ནི་མ་ཡིན་ཏེ། ཐབས་ཀྱི་རྒྱུ་ཡིན་ནོ། །དེ་ལ་ཡང་བདག་པོའི་རྐྱེན་ནི་གཙོ་ཆེར་ཐབས་ཀྱི་རྒྱུ་ཐམས་ཅད་ཡིན་ནོ། །དེ་མ་ཐག་པའི་རྐྱེན་དང་དམིགས་པའི་རྐྱེན་ནི་ཡོངས་སུ་འཛིན་པའི་རྒྱུས་བསྡུས་པའི་སྒོ་ནས་ཐབས་ཀྱི་རྒྱུ་ཡིན་པར་རིག་པར་བྱ་སྟེ་དེ་ནི་རྐྱེན་གྱི་རབ་ཏུ་དབྱེ་བ་ཡིན་

ནོ། །དེ་ལ་འབྲས་བུ་ལྔ་གང་ཞེ་ན། རྣམ་པར་སྨིན་པའི་འབྲས་བུ་དང་། རྒྱུ་མཐུན་པའི་འབྲས་བུ་དང་། བྲལ་བའི་འབྲས་བུ་དང་། སྐྱེས་བུ་བྱེད་པའི་འབྲས་བུ་དང་། བདག་པོའི་འབྲས་བུའོ། །དེ་ལ་རྣམ་པར་སྨིན་པའི་འབྲས་བུ་གང་ཞེ་ན། མི་དགེ་བའི་ཆོས་རྣམས་ཀྱི་རྣམ་པར་སྨིན་པ་ངན་སོང་

རྣམས་སུ་རྣམ་པར་སྨིན་པར་འགྱུར་བ་དང་། དགེ་བ་ཟག་པ་དང་བཅས་པ་རྣམས་ཀྱི་རྣམ་པར་སྨིན་པ་བདེ་འགྲོ་རྣམས་སུ་རྣམ་པར་སྨིན་པར་འགྱུར་བ་གང་ཡིན་པ་དེ་ནི་རྣམ་པར་སྨིན་པའི་འབྲས་བུའོ། །རྒྱུ་མཐུན་པའི་འབྲས་བུ་གང་ཞེ་ན། མི་དགེ་བ་ལ་གོམས་པས་མི་དགེ་བ་ལ་དགའ་ཞིང་མི་དགེ་བ་མང་བར་

གནས་པ་དང་། དགེ་བ་ལ་གོམས་པས་དགེ་བ་ལ་དགའ་ཞིང་དགེ་བ་མང་བར་གནས་པ་དང་། སྔོན་གྱི་ལས་དང་མཐུན་པར་ཕྱིས་རྗེས་སུ་འཇུག་པ་གང་ཡིན་པ་དེ་ནི་རྒྱུ་མཐུན་པའི་འབྲས་བུའོ། །བྲལ་བའི་འབྲས་བུ་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་པས་ཉོན་མོངས་པ་འགོག་པ་

གང་ཡིན་པ་དེ་ནི་བྲལ་བའི་འབྲས་བུའོ། །སྐྱེས་བུ་བྱེད་པའི་འབྲས་བུ་གང་ཞེ་ན། ལ་ལ་ཆོས་འདི་ཉིད་ལ་བཟོ་དང་ལས་ཀྱི་གནས་ཀྱི་གནས་གང་ཡང་རུང་བ་ལ་བརྟེན་ནས་སྐྱེས་བུའི་བྱེད་པས་ཡང་ན་ཞིང་རྨེད་དམ། ཡང་ན་ཚོང་བྱེད་དམ། ཡང་ན་རྒྱལ་པོའི་ཞ་འབྲིང་བྱེད་དམ། ཡི་གེ་དང་

རྩིས་དང་ཤོད་འགོད་དང་བགྲང་བ་དང་ལག་རྩིས་ཀྱི་ལོ་ཏོག་ལ་སོགས་པ་དང་། རྙེད་པ་ལ་སོགས་པའི་འབྲས་བུ་མངོན་པར་འགྲུབ་པ་གང་ཡིན་པ་དེ་ནི་སྐྱེས་བུ་བྱེད་པའི་འབྲས་བུའོ། །བདག་པོའི་འབྲས་བུ་གང་ཞེ་ན། མིག་གི་རྣམ་པར་ཤེས་པ་ནི་མིག་གི་དབང་པོའི་འབྲས་བུའོ། །ཡིད་

ཀྱི་རྣམ་པར་ཤེས་པའི་བར་ཡང་ཡིད་ཀྱི་དབང་པོའི་བར་གྱི་བདག་པོའི་འབྲས་བུའོ། །དེ་བཞིན་དུ་སྲོག་དང་མ་བྲལ་བ་ནི་སྲོག་གི་དབང་པོའི་བདག་པོའི་འབྲས་བུའོ། །དེ་བཞིན་དུ་དབང་པོ་ཉི་ཤུ་རྩ་གཉིས་པོ་ཐམས་ཅད་ཀྱི་སོ་སོའི་དབང་གིས་འབྲས་བུ་གང་འགྲུབ་པ་དེ་ནི་བདག་པོའི་འབྲས་

Vol. 206 · folio 82a

བུ་ཡིན་པར་རིག་པར་བྱ་སྟེ། དེ་ནི་འབྲས་བུའི་རབ་ཏུ་དབྱེ་བ་ཡིན་ནོ། །དེ་ལ་རྒྱུ་དང་རྐྱེན་དང་འབྲས་བུ་རྣམ་པར་གཞག་པ་གང་ཞེ་ན། རྒྱུའི་གནས་ལ་བརྟེན་ནས་རྗེས་སུ་ཐ་སྙད་འདོགས་པར་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འདོད་པ་དང་གཟུགས་དང་གཟུགས་

.མེད་པ་དང་ལྡན་པ་དང་ལྡན་པ་མ་ཡིན་པའི་ཆོས་རྣམས་ལ་མིང་རྣམ་པར་གཞག་པ་སྔར་བྱུང་ནས་འདུ་ཤེས་འཇུག་གོ། །འདུ་ཤེས་སྔར་བྱུང་ནས་ཚིག་འབྱུང་ངོ་། །ཚིག་གིས་ནི་ཇི་ལྟར་མཐོང་བ་དང་ཐོས་པ་དང་བྱེ་བྲག་ཕྱེད་པ་དང་རྣམ་པར་ཤེས་པ་བཞིན་དུ་རྗེས་སུ་ཐ་སྙད་འདོགས་པའི་

ཕྱིར་ཏེ། དེ་བས་ན་ཚིག་ལ་བརྟེན་ནས་རྗེས་སུ་ཐ་སྙད་འདོགས་པའི་རྒྱུ་འདོགས་སོ། །དེ་ལ་རྒྱུའི་གནས་མྱོང་བ་ལ་བརྟེན་ནས་ལྟོས་པའི་རྒྱུ་འདོགས་པར་བྱེད་དེ། ཅིའི་ཕྱིར་ཞེ་ན། འདི་ལྟར་འདོད་པ་དང་ལྡན་པའི་བདེ་བ་འདོད་པ་གང་ཡིན་པ་དེ་ནི་དེ་ལ་ལྟོས་ནས་འདོད་པ་རྣམས་རྙེད་པའམ། ཀུན་

རྫོགས་པའམ། སོ་སོར་བསྟེན་པ་ཡོངས་སུ་ཚོལ་བ་དང་། གཟུགས་དང་གཟུགས་མེད་པ་དང་ལྡན་པའི་བདེ་བ་འདོད་པ་གང་ཡིན་པ་དེ་ནི་དེ་ལ་ལྟོས་ནས་དེའི་རྐྱེན་རྙེད་པའམ། སོ་སོར་བསྟེན་པ་ཡོངས་སུ་ཚོལ་བ་དང་ལྡན་པ་མ་ཡིན་པའི་བདེ་བ་འདོད་པ་གང་ཡིན་པ་དེ་ཡང་དེ་ལ་ལྟོས་ནས་དེའི་རྐྱེན་རྙེད་པ་འམ།

སོ་སོར་བསྟེན་པ་ཡོངས་སུ་ཚོལ་བ་དང་། སྡུག་བསྔལ་མི་འདོད་པ་གང་ཡིན་པ་དེ་ཡང་དེ་ལ་ལྟོས་ནས་དེའི་རྐྱེན་རྣམས་སྤོང་བའམ། དེ་སྤོང་བའི་རྐྱེན་རྣམས་རྙེད་པའམ། སོ་སོར་བསྟེན་པའམ། ཡོངས་སུ་ཚོལ་བའི་ཕྱིར་ཏེ། དེ་བས་ན་མྱོང་བ་ལ་བརྟེན་ནས་ལྟོས་པའི་རྒྱུ་འདོགས་སོ། །དེ་ལ་རྒྱུའི་གནས་

བག་ཆགས་ལ་བརྟེན་ནས་འཕེན་པའི་རྒྱུ་འདོགས་པར་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དགེ་བ་དང་། མི་དགེ་བའི་ལས་ཀྱིས་ཡོངས་སུ་བསྒོས་པའི་འདུ་བྱེད་རྣམས་ཀྱི་ཁམས་གསུམ་དུ་སྡུག་པ་དང་མི་སྡུག་པའི་འགྲོ་བ་རྣམས་སུ་སྡུག་པ་དང་མི་སྡུག་པའི་ལུས་རྣམས་འཕེན་པར་བྱེད་པ་དང་། དེ་ཉིད་

ཀྱི་དབང་གིས་ཕྱི་རོལ་གྱི་དངོས་པོ་རྣམས་ཀྱང་ཕུན་སུམ་ཚོགས་པ་དང་རྒུད་པར་འགྱུར་བའི་ཕྱིར་ཏེ། དེ་བས་ན་བག་ཆགས་ལ་བརྟེན་ནས་འཕེན་པའི་རྒྱུ་འདོགས་སོ། །དེ་ལ་རྒྱུའི་གནས་རླན་དང་བཅས་པའི་ས་བོན་ལ་བརྟེན་ནས་མངོན་པར་འགྲུབ་པའི་རྒྱུ་འདོགས་པར་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན།

Vol. 206 · folio 82b

འདི་ལྟར་འདོད་པ་དང་གཟུགས་དང་གཟུགས་མེད་པ་དང་ལྡན་པའི་ཆོས་རྣམས་རང་རང་གི་ས་བོན་ལས་འབྱུང་བར་འགྱུར་བ་དང་། སྲེད་པ་ནི་ས་བོན་གྱི་རླན་ཅེས་བྱ་སྟེ། དེས་ས་བོན་བརླན་ནས་ལུས་འཕངས་པ་རྣམས་མངོན་པར་འགྲུབ་པར་འགྱུར་བའི་ཕྱིར་ཏེ། སྐྱེ་བའི་རྒྱུ་ནི་ལས་ཡིན་

ལ། མངོན་པར་འགྲུབ་པའི་རྒྱུ་ནི་སྲེད་པ་ཡིན་ནོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་བས་ན་རླན་དང་བཅས་པའི་ས་བོན་ལ་བརྟེན་ནས་མངོན་པར་འགྲུབ་པའི་རྒྱུ་འདོགས་སོ། །དེ་ལ་རྒྱུའི་གནས་ཕྲད་ནས་འགགས་པ་དང་ཡུལ་དང་དབང་པོ་དང་བྱེད་པ་དང་སྐྱེས་བུའི་བྱེད་པ་དང་དེ་ཁོ་ན་ལ་ལྟ་

བ་ལ་བརྟེན་ནས་ཡོངས་སུ་འཛིན་པའི་རྒྱུ་འདོགས་པར་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འདོད་པ་དང་། གཟུགས་དང་གཟུགས་མེད་པ་དང་ལྡན་པ་ཆོས་རྣམས་ཀྱི་ནང་ནས་འདུ་བྱེད་རྣམས་ཀྱིས་འཇུག་པ་འབྱུང་བ་ནི་ཕྲད་ནས་འགགས་པ་དང་ཡུལ་དང་དབང་པོ་དང་བྱེད་པ་དང་སྐྱེས་བུའི་བྱེད་པས་

ཡོངས་སུ་ཟིན་པ་ལས་འབྱུང་བ་དེ་ཁོ་ན་ལ་ལྟ་བས་ཡོངས་སུ་ཟིན་པའི་ཆོས་དེ་ལས་གཞན་པ་ལྡན་པ་མ་ཡིན་པ་རྣམས་ཀྱང་འབྱུང་བར་འགྱུར་བའི་ཕྱིར་ཏེ། དེ་བས་ན་ཕྲད་ནས་འགགས་པ་དང་ཡུལ་དང་དབང་པོ་དང་བྱེད་པ་དང་སྐྱེས་བུའི་བྱེད་པ་དང་དེ་ཁོ་ན་ལ་ལྟ་བ་ལ་བརྟེན་ནས་ཡོངས་སུ་འཛིན་པའི་རྒྱུ་

འདོགས་སོ། །དེ་ལ་རྒྱུའི་གནས་མཐུན་པ་ལ་བརྟེན་ནས་འདྲེན་པའི་རྒྱུ་འདོགས་པར་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འདོད་པ་དང་ལྡན་པའི་དགེ་བའི་ཆོས་རྣམས་ནི་འདོད་པ་དང་ལྡན་པའི་དགེ་བའི་ཆོས་ཁྱད་པར་ཅན་རྣམས་དང་གཟུགས་དང་གཟུགས་མེད་པ་དང་ལྡན་པ་དང་ལྡན་

པ་མ་ཡིན་པའི་ཆོས་རྣམས་འདྲེན་པ་དང་། དེ་བཞིན་དུ་གཟུགས་དང་ལྡན་པའི་དགེ་བའི་ཆོས་རྣམས་ཀྱང་གཟུགས་དང་ལྡན་པའི་དགེ་བའི་ཆོས་ཁྱད་པར་ཅན་རྣམས་དང་གཟུགས་མེད་པ་དང་ལྡན་པ་དང་། ལྡན་པ་མ་ཡིན་པའི་ཆོས་རྣམས་འདྲེན་པ་དང་། དེ་བཞིན་དུ་གཟུགས་མེད་པ་དང་ལྡན་པའི་

དགེ་བའི་ཆོས་རྣམས་ཀྱང་གཟུགས་མེད་པ་དང་ལྡན་པའི་དགེ་བའི་ཆོས་ཁྱད་པར་ཅན་རྣམས་དང་ལྡན་པ་མ་ཡིན་པའི་ཆོས་རྣམས་འདྲེན་པ་དང་། དེ་བཞིན་དུ་ལྡན་པ་མ་ཡིན་པའི་དགེ་བའི་ཆོས་རྣམས་ཀྱང་ལྡན་པ་མ་ཡིན་པའི་དགེ་བའི་ཆོས་ཁྱད་པར་ཅན་རྣམས་དང་འདུས་མ་བྱས་པ་མངོན་སུམ་

Vol. 206 · folio 83a

དུ་བྱ་བ་ལ་འདྲེན་པ་དེ་བཞིན་དུ་མི་དགེ་བའི་ཆོས་རྣམས་ཀྱང་མི་དགེ་བའི་ཆོས་ཁྱད་པར་ཅན་རྣམས་འདྲེན་པ་དང་། དེ་བཞིན་དུ་ལུང་མ་བསྟན་པའི་ཆོས་རྣམས་ཀྱང་ལུང་དུ་མ་བསྟན་པའི་ཆོས་ཁྱད་པར་ཅན་རྣམས་དང་ལུང་དུ་མ་བསྟན་པའི་ཀུན་གཞིའི་རྣམ་པར་ཤེས་པ་དགེ་བ་དང་མི་

དགེ་བའི་ས་བོན་ཅན་གྱིས་དགེ་བ་དང་མི་དགེ་བའི་ཆོས་རྣམས་ཀྱང་འདྲེན་པའི་ཕྱིར་ཏེ། དེ་དག་ནི་དེ་དག་དང་ཅི་རིགས་པར་མཐུན་པའི་ཕྱིར་རོ། །དེ་བས་ན་མཐུན་པ་ལ་བརྟེན་ནས་འདྲེན་པའི་ཆོས་སོ། །དེ་ལ་རྒྱུའི་གནས་མཐུ་སྣ་ཚོགས་ལ་བརྟེན་ནས་སོ་སོར་ངེས་པའི་རྒྱུ་འདོགས་པར་བྱེད་

དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འདོད་པ་དང་གཟུགས་དང་གཟུགས་མེད་པ་དང་ལྡན་པ་དང་ལྡན་པ་མ་ཡིན་པའི་ཆོས་ངོ་བོ་ཉིད་རྣམ་པ་སྣ་ཚོགས་པ་རྣམས་ནི་ངོ་བོ་ཉིད་ཀྱི་ཁྱད་པར་རྣམ་པ་སྣ་ཚོགས་མཐུ་རྣམ་པ་སྣ་ཚོགས་ཅན་ལས་བྱུང་བའི་ཕྱིར་ཏེ། དེ་བས་ན་མཐུ་སྣ་ཚོགས་ལ་བརྟེན་

ནས་སོ་སོར་ངེས་པའི་རྒྱུ་འདོགས་སོ། །དེ་ལ་རྒྱུའི་གནས་ཚོགས་པ་ལ་བརྟེན་ནས་ལྷན་ཅིག་བྱེད་པའི་རྒྱུ་འདོགས་པར་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འདོད་པ་དང་གཟུགས་དང་གཟུགས་མེད་པ་དང་ལྡན་པ་དང་ལྡན་པ་མ་ཡིན་པའི་ཆོས་རྣམས་རང་སྐྱེ་བའི་ཚོགས་པ་དང་ཕྲད་

ནས་སྐྱེ་བ་དང་སྐྱེ་བའི་ཚོགས་པ་ཇི་ལྟ་བ་བཞིན་དུ་འཐོབ་པ་དང་འགྲུབ་པར་འགྱུར་བ་དང་གྲུབ་པ་དང་གནས་པ་དང་བྱེད་པའི་ཚོགས་པ་དང་ཕྲད་ན་བྱེད་པར་འགྱུར་བའི་ཕྱིར་ཏེ། དེ་བས་ན་ཚོགས་པ་ལ་བརྟེན་ནས་ལྷན་ཅིག་བྱེད་པའི་རྒྱུ་འདོགས་སོ། །དེ་ལ་རྒྱུའི་གནས་བར་དུ་གཅོད་པ་ལ་

བརྟེན་ནས་མི་མཐུན་པའི་རྒྱུ་འདོགས་པར་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འདོད་པ་དང་གཟུགས་དང་གཟུགས་མེད་པ་དང་ལྡན་པ་དང་ལྡན་པ་མ་ཡིན་པའི་ཆོས་རྣམས་སྐྱེ་བ་ལ་གལ་ཏེ་བར་དུ་གཅོད་པ་ཉེ་བར་གནས་པར་གྱུར་ན་སྐྱེ་བར་མི་འགྱུར་བ་དང་། དེ་བཞིན་དུ་འཐོབ་པ་དང་གྲུབ་པར་

འགྱུར་བ་དང་། གྲུབ་པ་དང་གནས་པ་དང་བྱེད་པ་ལ་ཡང་དེ་དེ་དང་འདྲ་བའི་ཕྱིར་ཏེ། དེ་བས་ན་བར་དུ་གཅོད་པ་ལ་བརྟེན་ནས་མི་མཐུན་པའི་རྒྱུ་འདོགས་སོ། །དེ་ལ་རྒྱུའི་གནས་བར་དུ་གཅོད་པ་མ་ཡིན་པ་ལ་བརྟེན་ནས་མི་མཐུན་པ་མེད་པའི་རྒྱུ་འདོགས་པར་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན།

Vol. 206 · folio 83b

འདི་ལྟར་འདོད་པ་དང་གཟུགས་དང་གཟུགས་མེད་པ་དང་ལྡན་པ་དང་ལྡན་པ་མ་ཡིན་པའི་ཆོས་རྣམས་སྐྱེ་བ་ལ་གལ་ཏེ་བར་དུ་གཅོད་པ་མ་ཡིན་པ་ཉེ་བར་གནས་པར་གྱུར་ན་དེ་དག་སྐྱེ་བ་དང་། དེ་བཞིན་དུ་འཐོབ་པ་དང་གྲུབ་པར་འགྱུར་བ་དང་གྲུབ་པ་དང་། གནས་པ་དང་བྱེད་པ་ལ་ཡང་

དེ་དང་འདྲ་བའི་ཕྱིར་ཏེ། དེ་བས་ན་བར་དུ་གཅོད་པ་མ་ཡིན་པ་ལ་བརྟེན་ནས་དེ་མི་མཐུན་པ་མེད་པའི་རྒྱུ་འདོགས་ཏེ། དེ་ནི་རྒྱུའི་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་རྐྱེན་གྱི་རྣམ་པར་བཞག་པ་གང་ཞེ་ན། རྐྱེན་གྱི་གནས་བག་ཆགས་དང་རླན་དང་བཅས་པའི་ས་བོན་ལ་བརྟེན་ནས་རྒྱུའི་

རྐྱེན་འདོགས་པར་བྱེད་དོ། །རྐྱེན་གྱི་གནས་ཕྲད་ནས་འགགས་པ་ལ་བརྟེན་ནས་དེ་མ་ཐག་པའི་རྐྱེན་འདོགས་པར་བྱེད་དོ། །རྐྱེན་གྱི་གནས་ཡུལ་ལ་བརྟེན་ནས་དམིགས་པའི་རྐྱེན་འདོགས་པར་བྱེད་དོ། །རྐྱེན་གྱི་གནས་དབང་པོ་ལ་སོགས་པ་དེ་ལས་གཞན་པ་རྣམས་ལ་

བརྟེན་ནས་བདག་པོའི་རྐྱེན་འདོགས་པར་བྱེད་དེ། དེ་ནི་རྐྱེན་གྱི་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་འབྲས་བུའི་རྣམ་པར་གཞག་པ་གང་ཞེ་ན། འབྲས་བུའི་གནས་བག་ཆགས་ལ་བརྟེན་ནས་རྣམ་པར་སྨིན་པའི་འབྲས་བུ་འདོགས་པར་བྱེད་དོ། །འབྲས་བུའི་གནས་མཐུན་པ་ལ་བརྟེན་ནས།

རྒྱུ་མཐུན་པའི་འབྲས་བུ་འདོགས་པར་བྱེད་དོ། །འབྲས་བུའི་གནས་དེ་ཁོ་ན་ལྟ་བ་ལ་བརྟེན་ནས་བྲལ་བའི་འབྲས་བུ་འདོགས་པར་བྱེད་དོ། །འབྲས་བུའི་གནས་སྐྱེས་བུའི་བྱེད་པ་ལ་བརྟེན་ནས། སྐྱེས་བུའི་བྱེད་པའི་འབྲས་བུ་འདོགས་པར་བྱེད་དོ། །འབྲས་བུའི་གནས་དེ་ལ་གཞན་རྣམས་ལ་

བརྟེན་ནས་བདག་པོའི་འབྲས་བུ་འདོགས་པར་བྱེད་དོ། །དེ་ནི་འབྲས་བུའི་རྣམ་པར་གཞག་པ་ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བའི་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་བཤད་ཟིན་ཏོ།། །།དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་གོ་རིམས་རྣམ་པར་གཞག་པ་གང་ཞེ་ན། སྲིད་པའི་ཡན་

ལག་བཅུ་གཉིས་ཀྱི་གོ་རིམས་བསྟན་པ་སྟེ། ཐོག་མ་ཁོ་ནར་ཤེས་བྱའི་དངོས་པོ་ལ་རྨོངས་པ་ནི་མ་རིག་པའོ། །རྨོངས་པ་དེ་ཉིད་ལ་ལོག་པར་མངོན་པར་འདུ་བྱེད་པ་ནི་འདུ་བྱེད་རྣམས་སོ། །ལོག་པར་མངོན་པར་འདུ་བྱེད་པས་སེམས་ཕྱིན་ཅི་ལོག་ཏུ་འགྱུར་བ་ནི་རྣམ་པར་ཤེས་པའོ། །སེམས་

Vol. 206 · folio 84a

ཕྱིན་ཅི་ལོག་ཏུ་གྱུར་པས་ཉིང་མཚམས་སྦྱོར་བ་ནི་མིང་དང་གཟུགས་སོ། །ཉིང་མཚམས་སྦྱོར་བས་དབང་པོ་ཡོངས་སུ་རྫོགས་པར་འགྱུར་བ་ནི་སྐྱེ་མཆེད་དྲུག་གོ། །དབང་པོ་ཡོངས་སུ་རྫོགས་པ་ལས་ཡུལ་ལ་ཡོངས་སུ་ལོངས་སྤྱོད་པར་བྱེད་པ་ནི་རེག་པའོ། །ཡུལ་ལ་ཡོངས་

སུ་ལོངས་སྤྱད་པ་ལས་ལྷག་པར་ཞེན་པར་འགྱུར་བ་ནི་ཚོར་བའོ། །ལྷག་པར་ཞེན་པ་ལས་དེ་འདོད་པར་འགྱུར་བ་ནི་སྲེད་པའོ། །འདོད་ནས་ཡོངས་སུ་ཚོལ་བས་ཉོན་མོངས་པ་བསོགས་པར་འགྱུར་བ་ནི་ལེན་པའོ། །ཉོན་མོངས་པ་བསགས་པས་ཡང་སྲིད་པ་སྡུག་པ་དང་མི་སྡུག་པའི་ལས་ཀུན་

ནས་ལྡང་བ་ནི་སྲིད་པའོ། །ལས་བསགས་པ་ཀུན་ནས་ལྡང་བ་ནི་འགྲོ་བ་ལྔའི་འཁོར་བར་སྡུག་བསྔལ་མངོན་པ་ནི་སྐྱེ་བའོ། །སྡུག་བསྔལ་མངོན་པར་འགྲུབ་པར་བྱས་པས་ལུས་ཡོངས་སུ་འགྱུར་བའི་རྒྱུ་ལས་བྱུང་བའི་སྡུག་བསྔལ་འབྱུང་བ་ནི་རྒ་ཤིའོ། །ཡུལ་ཡོངས་སུ་འགྱུར་བའི་རྒྱུ་ལས་

བྱུང་བའི་སྡུག་བསྔལ་འབྱུང་བ་ནི་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དག་ཡིན་ཏེ། དེ་ལྟ་བས་ན་བཅོམ་ལྡན་འདས་ཀྱིས་ཡན་ལག་བཅུ་གཉིས་པོ་དེ་དག་གོ་རིམས་ཀྱིས་བསྟན་ཏོ། །གོ་རིམས་ཀྱི་རྣམ་གྲངས་གཞན་ཡང་རྟེན་ཅིང་འབྲེལ་

པར་འབྱུང་བའི་ཡན་ལག་བཅུ་གཉིས་ལས་བརྩམས་པའི་རྐྱེན་རྣམ་པ་གཉིས་ཡོད་དེ། ལུས་ཀྱི་རྐྱེན་དང་། ཡུལ་ལ་ཉེ་བར་སྤྱོད་པའི་རྐྱེན་ནོ། །དེ་ལ་ལུས་ཀྱི་རྐྱེན་ནི་ཡན་ལག་དང་པོ་དྲུག་གིས་བསྡུས་ཏེ། ཐོག་མར་ལུས་ལ་བདག་ཏུ་འཛིན་པ་ལ་སོགས་པས་རྨོངས་པ་ནི་མ་རིག་པའོ། །དེ་

ནས་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་སྡུག་བསྔལ་བར་མ་ཤེས་ནས་ལས་བྱེད་པ་ནི་འདུ་བྱེད་རྣམས་སོ། །ལས་བྱས་ནས་ཀྱང་དེ་ཉིད་ལ་ཤས་ཆེར་རྗེས་སུ་རྟོགས་པ་ནི་རྣམ་པར་ཤེས་པའོ། །དེ་ན་གྲོགས་རྣམ་པར་ཤེས་པ་དེ་དང་ལྡན་པའི་ལས་ཀྱི་ཕྱི་མ་ལ་དབང་པོ་འགྲུབ་པས་བསྡུས་

པའི་མིང་དང་གཟུགས་ཀྱི་སྡུག་བསྔལ་དང་། དབང་པོ་ཡོངས་སུ་རྫོགས་པས་བསྡུས་པའི་སྐྱེ་མཆེད་དྲུག་གི་སྡུག་བསྔལ་དང་། ཡུལ་ལ་ལོངས་སྤྱོད་པས་བསྡུས་པས་རེག་པའི་སྡུག་བསྔལ་རྣམ་པ་གསུམ་མངོན་པར་འགྲུབ་སྟེ། དེ་ནི་ལུས་ཀྱི་རྐྱེན་གྱི་དབང་དུ་བྱས་པའི་གོ་རིམས་ཡིན་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words