No title in the text — opening words: ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་བཞུགས

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 206 · folio 231b

༄། །ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་བཞུགས། ༄༅༅། །ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་ཞེས་བྱ་བ། འཕགས་པའི་ཚོགས་

མ་ལུས་པ་ལ་ཕྱག་འཚལ་ལོ། །དེ་ལ་ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་ཞེས་བྱ་བ་ནི་མདོ་སྡེ་དང་བསྟན་བཅོས་དང་། ཤེས་རབ་འབུམ་དང་། ཡོ་ག་ཙཱརྱ་ལ་སོགས་པ་གཞུང་ཐ་དད་པ་མང་པོའི་ནང་ནས་དོན་འདུས་པའི་ཚིག་འཇེབས་འཇེབས་མདོ་ཙམ་བཏུས་ཏེ། ཆོས་མང་པོ་ཉན་

Vol. 206 · folio 232a

མི་ནུས་པའི་གང་ཟག་རྣམས་ཀྱིས་ཚེགས་ཆུང་ངུས་གསུང་རབ་ཀྱི་དོན་རྟོགས་པར་བྱ་བ་དང་། རང་གི་ལུས་གཞིག་པའི་མཚན་ཉིད་ལ་མཁས་པར་བྱ་བའི་ཕྱིར་བསྟན་པའོ། །དེ་ཡང་གཟུགས་ཀྱི་ཕུང་པོ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕུང་པོ་དང་ཁམས་

དང་སྐྱེ་མཆེད་ཀྱི་མཚན་ཉིད་ཡོ་ག་ཙཱརྱ་ལས་འབྱུང་བ་དེ་སྟོན་ཏོ། །དེ་ཡང་ཕུང་པོ་ལྔའི་ནང་ནས་གཟུགས་ཀྱི་ཕུང་པོ་གང་ཡིན་ཞེས་བྱ་བའི་དོན་སྟོན་ཏོ། །གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དང་འབྱུང་བ་ཆེན་པོ་བཞི་དག་རྒྱུར་གྱུར་པའོ་ཞེས་བྱ་བ་ལ།

གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་ཅེས་བྱ་བ་ནི་གཟུགས་རིང་པོ་དང་ཐུང་ངུ་དང་ཟླུམ་པོ་དང་གྲུ་བཞི་དང་། སྔོན་པོ་དང་སེར་པོ་ལ་སོགས་པ་དང་། འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་གཟུགས་དང་། ཉེ་བ་དང་། རིང་བ་དང་། བཟང་པོ་དང་། ངན་པ་ལ་

སོགས་པ་ཇི་ཙམ་དུ་གཟུགས་སུ་གདགས་པ་ཐམས་ཅད་དོ། །འབྱུང་བ་ཆེན་པོ་བཞི་ནི་མེ་དང་ཆུ་དང་ས་དང་རླུང་བཞིའོ། །འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་ནི་འབྱུང་བ་དེ་ལས་སྐྱེས་པའམ། དེ་ལས་གྱུར་ཞེས་བྱ་བའི་དོན་ཏེ། རྒྱུ་དེ་ལས་བྱུང་བའི་གཟུགས་རྣམས་ཏེ། མིག་

ལ་སོགས་པའི་དབང་པོ་ལྔ་དང་། དབང་པོ་དེ་རྣམས་ཀྱི་ཡུལ་གཟུགས་ནས་རེག་བྱའི་བར་དུ་ལྔ་སྟེ་བཅུ་དང་། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཏེ་བཅུ་གཅིག་དང་འབྱུང་བ་ཆེན་པོ་བཞི་སྟེ། གཟུགས་ཀྱི་ཕུང་པོ་ལ་ཕྱེ་ན་སྤྱིར་བཅོ་ལྔ་ཡོད་དོ། །གཟུགས་ནི་རྣམ་པ་གསུམ་སྟེ།

བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པ་དང་། བསྟན་དུ་མེད་ལ་ཐོགས་པ་དང་བཅས་པ་དང་། བསྟན་དུ་ཡང་མེད་ལ་ཐོགས་པ་ཡང་མེད་པ་དང་གསུམ་མོ། །དེ་ལ་འབྱུང་བ་ཆེན་པོ་བཞིའི་མཚན་ཉིད་ཁ་དོག་དང་དབྱིབས་ལ་སོགས་པ་ནི་བསྟན་དུ་ཡང་ཡོད་ཅིང་ཐོགས་པ་དང་

ཡང་བཅས་པའོ། །མིག་ལ་སོགས་པའི་དབང་པོ་ལྔ་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ནི་བསྟན་དུ་མེད་ལ་ཐོགས་པ་དང་བཅས་པའོ། །རྣམ་པར་རིག་བྱེད་མ་ཡིན་པ་ནི་བསྟན་དུ་ཡང་མེད་ལ་ཐོགས་པ་ཡང་མེད་པ་སྟེ། དེ་ནི་རྣམ་པར་རིག་བྱེད་ཀྱི་གཟུགས་དང་བསམ་གཏན་

Vol. 206 · folio 232b

བཞི་ལ། རྒྱུ་གཟུགས་ཅན་ལས་སྐྱེས་པའི་ཕྱིར་གཟུགས་སུ་གཞག་སྟེ། གཟུགས་ཀྱི་ཕུང་པོ་ནི་དེ་ལྟ་བུའི་མཚན་ཉིད་དོ། །ཚོར་བའི་ཕུང་པོ་གང་ཞེ་ན། མྱོང་བ་རྣམ་པ་གསུམ་སྟེ་ཞེས་སྨོས་ཏེ། བདེ་བ་དང་སྡུག་བསྔལ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་གསུམ་

ཉམས་སུ་མྱོང་བ་ནི་ཚོར་བ་ཞེས་བྱའོ། །དེ་ལ་བདེ་བ་ནི་གང་འགགས་ན་ཕྲད་པར་འདོད་པའོ་ཞེས་བྱ་བ་ནི་ལུས་དང་སེམས་ལས་དབེན་ཞིང་བདེ་བ་བྱུང་ན་དེ་དང་བྲལ་བར་མི་འདོད་ལ་བྲལ་ན་ཡང་སླར་ཕྲད་པར་འདོད་པའོ། །སྡུག་བསྔལ་ནི་གང་བྱུང་ན་བྲལ་བར་འདོད་པའོ་ཞེས་བྱ་བ་ནི་

ལུས་དང་སེམས་ལ་གནོད་པ་ཞིག་བྱུང་ན། དེ་དང་འགྲོགས་པར་མི་འདོད་པས་ན་བྲལ་བར་འདོད་པའོ། །སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ནི་གང་བྱུང་ན་གཉི་གར་འདོད་པར་མི་འགྱུར་བའོ་ཞེས་བྱ་བ་ནི། ལུས་དང་སེམས་ལ་གནོད་པར་བྱེད་པ་མེད་པས་

བྲལ་བར་འདོད་པ་ཡང་མེད། ལུས་དང་སེམས་ལ་ལྷག་པར་བདེ་ཞིང་ཕན་པར་བྱེད་པ་ཡང་མེད་པས་ན་འགྲོགས་པའམ་ཕྲད་པར་འདོད་པ་ཡང་མེད་དེ། གཉི་གར་འདོད་པ་མེད་ཅེས་བྱ་བའོ། །འདུ་ཤེས་ཀྱི་ཕུང་པོ་གང་ཞེ་ན། ཡུལ་ལ་མཚན་མར་འཛིན་པ་རྣམ་པ་གསུམ་སྟེ། ཆུང་

ངུ་དང་། ཆེན་པོ་དང་། ཚད་མེད་པའོ་ཞེས་སྨོས་ཏེ། ཡུལ་ནི་གཟུགས་དང་སྒྲ་ལ་སོགས་པ་དམིགས་པར་བྱ་བའི་ཆོས་རྣམས་སོ། །མཚན་མར་འཛིན་པ་ནི་ཁ་དོག་དང་དབྱིབས་ཀྱི་བྱེ་བྲག་ཐ་དད་པ་མང་པོ་ལ་བྱའོ། །ཆུང་ངུ་ནི་འདོད་པའི་ཁམས་ངན་པ་ལ་དམིགས་པའོ། །

ཆེན་པོ་ནི་བསམ་གཏན་དང་པོ་ནས། བཞི་པ་མན་ཆད་དེ་གཟུགས་ཀྱི་ཁམས་ལ་དམིགས་པའོ། །ཚད་མེད་པ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་མན་ཆད་དེ། གཟུགས་མེད་པའི་ཁམས་ལ་དམིགས་པ་དང་གསུམ་མོ། །འདུ་བྱེད་ཀྱི་

ཕུང་པོ་གང་ཞེ་ན། ཚོར་བ་དང་འདུ་ཤེས་ལས་གཞན་པ་སེམས་ལས་བྱུང་བའི་ཆོས་རྣམས་ཏེ་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་མང་པོ་ཚོགས་པ་ལས་བྱུང་བའི་ཕྱིར། གཟུགས་ལ་སོགས་པའི་ཕུང་པོར་བསྡུས་པ་ཀུན་ལ་ཡང་འདུ་བྱེད་ཅེས་བྱ་མོད་ཀྱི། འདི་ནི་སེམས་ལས་བྱུང་བའི་འདུ་བྱེད་

Vol. 206 · folio 233a

རྣམས་ལ་བྱ་སྟེ། ཚོར་བ་དང་འདུ་ཤེས་གཉིས་གོང་དུ་ཕུང་པོའི་ནང་དུ་བསྟན་པས་དེ་བཀོལ་བའི་ཕྱི་མ་རེག་པ་ནས་བཟུང་སྟེ། དཔྱོད་པ་ལ་ཐུག་པའི་བར་དེ་དག་ལ་བྱའོ། །དེ་དག་ལས་ལྔ་ཀུན་དུ་འགྲོ་བ་གང་ཞེ་ན་ཞེས་སྨོས་ཏེ། འདུ་བྱེད་སེམས་དང་ལྡན་པ་ལྔ་བཅུ་རྩ་གཅིག་

སེམས་དང་མི་ལྡན་པ་བཅུ་བཞི་པོ་དེ་དག་རེ་རེ་ནས་སྟོན་ཏོ། །ཀུན་དུ་འགྲོ་བ་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཀུན་གྱི་ནང་དུ་སྣང་ཞིང་འཇུག་ཅེས་བྱ་བའི་ཐ་ཚིག་གོ། །རེག་པ་ནི་གསུམ་འདུས་ནས་ཡོངས་སུ་གཅོད་པའོ་ཞེས་བྱ་བ་ནི། ཡུལ་དང་དབང་པོ་དང་རྣམ་པར་ཤེས་

པ་གསུམ་འདུས་པ་ལས། ཡུལ་བདེ་བ་ལ་སོགས་པ་ཇི་ལྟ་བ་དེ་ལྟར་དབང་པོ་ཡང་འགྱུར་བ་དེ་རྣམ་པར་ཤེས་པས་གཅོད་ཅིང་ཚོར་བ་སྐྱེད་པར་བྱེད་པས་ན་རེག་པ་ཞེས་བྱའོ། །ཡིད་ལ་བྱེད་པ་ནི་སེམས་ཀྱི་འཇུག་པའོ་ཞེས་བྱ་བ་ནི་དམིགས་པར་བྱ་བའི་ཡུལ་ལ་སེམས་གཏོད་ཅིང་མངོན་

དུ་ཕྱོགས་པར་བྱེད་པས་ན་སེམས་ཀྱི་འཇུག་པ་ཞེས་བྱའོ། །ཚོར་བ་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མྱོང་བར་བྱེད་པའོ་ཞེས་བྱ་བ་ནི། ལས་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་འབྲས་བུ་བདེ་བ་དང་སྡུག་བསྔལ་དང་གཉི་ག་

མ་ཡིན་པ་གསུམ་ཉམས་སུ་མྱོང་བར་བྱེད་པའོ། །འདུ་ཤེས་ནི་རྣམ་པར་ཤེས་པའི་དོན་རྣམས་ལ་བྱེ་བྲག་འབྱེད་པའོ་ཞེས་བྱ་བ་ནི་སྒོ་ལྔའི་རྣམ་པར་ཤེས་པའི་དམིགས་པ་ཐ་དད་པའི་བྱེ་བྲག་སོ་སོར་གསལ་བར་བྱེད་ཅིང་གཅོད་པའོ། །སེམས་པ་ནི་ཡོན་ཏན་དང་ཉེས་པ་དང་གཉི་ག་མ་ཡིན་

པ་ལ་སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་སོ་ཞེས་བྱ་བ་ནི་ལས་དགེ་བ་ནི་ཡོན་ཏན་ཞེས་བྱ། ལས་མི་དགེ་བ་ནི་ཉེས་པ་ཞེས་བྱ། ལས་ལུང་དུ་མ་བསྟན་པ་ནི་གཉི་ག་མ་ཡིན་པ་ཞེས་བྱ་སྟེ། ལས་དེ་གསུམ་ལ་སེམས་པས་སེམས་སློང་ཞིང་གཏོད་པ་ནི། དཔེར་ན་རྡོ་ཁབ་ལེན་གྱིས་

ཁབ་གཡོ་བར་བྱེད་པ་བཞིན་དམིགས་པའི་ཡུལ་ལ་འཇུག་པར་བྱེད་པའི་ཕྱིར་རོ། །ལྔ་ཡུལ་སོ་སོར་ངེས་པ་གང་ཞེ་ན། འདུན་པ་ནི་བསམ་པའི་དངོས་པོ་ལ་འདོད་པའོ་ཞེས་སྨོས་ཏེ། ཀུན་དུ་འགྲོ་བ་ལྟར་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་གནས་ཀུན་ལ་མི་འཇུག་གི་

Vol. 206 · folio 233b

རང་གི་ཡུལ་གང་ཡིན་པ་དེ་ཉི་ཚེ་ལ་འཇུག་པས་ན། ཡུལ་སོ་སོར་ངེས་པ་ཞེས་བྱའོ། །དབང་པོ་དང་རྣམ་པར་ཤེས་པའི་ཡུལ་དུ་གྱུར་པ་གང་ཡང་རུང་བ་དེ་དག་ནི་བསམ་པའི་དངོས་པོ་ཞེས་བྱ། དེ་ལ་མངོན་སུམ་དུ་བྱ་བའི་ཕྱིར་དོན་དུ་གཉེར་ཞིང་བསྒྲུབ་པ་ནི་འདོད་པ་ཞེས་བྱ་སྟེ། དེར་

འདུན་པའི་ཕྱིར་རོ། །མོས་པ་ནི་ངེས་པའི་དངོས་པོ་དེ་བཞིན་དུ་ངེས་པར་འཛིན་པའོ་ཞེས་བྱ་བ་ལ་ངེས་པ་ནི་མོས་པའི་ཡུལ་ཉི་ཚེ་ལ་བྱ་སྟེ། མ་མོས་པའི་ཡུལ་གཞན་ལ་མི་བྱའོ། །དེ་ཡང་མངོན་སུམ་དང་རྗེས་སུ་དཔག་པའི་སྒོ་ནས་དཔྱད་དེ། མདོ་སྡེ་དང་བསྟན་བཅོས་ཀྱི་ལུང་ལ་ཡིད་ཆེས་

ཤིང་ཐེ་ཚོམ་མེད་པ་ནི་ངེས་པ་ཞེས་བྱའོ། །ཡང་ན་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་རྟག་པ་དང་བདེ་བ་མ་ཡིན་གྱི། མི་རྟག་པ་ལ་སོགས་པར་འཛིན་པ་ལ་ངེས་པ་ཞེས་བྱའོ། །དྲན་པ་ནི་འདྲིས་པའི་དངོས་པོ་ཉིད་མ་བརྗེད་པ་སྟེ་སེམས་ཀྱིས་མངོན་པར་བརྗོད་པ་ཉིད་དོ་ཞེས་བྱ་བ་ལ་

སྔོན་འཕྲད་ཅིང་ཉམས་སུ་མྱོང་སྟེ་འགྲོགས་འགྲོགས་པ་ན། འདྲིས་པ་ཞེས་བྱ་སྟེ། འདྲིས་པ་དེ་ལྟ་བུའི་དངོས་པོ་མ་བརྗེད་པ་སྟེ། དཔེར་ན་ཚིག་ཏུ་སྨྲ་བ་ན་ང་འདྲ་བར་གསལ་བར་དྲན་པ་ནི་སེམས་ཀྱིས་མངོན་པར་བརྗོད་པ་ཞེས་བྱའོ། །ཏིང་ངེ་འཛིན་ནི་བརྟག་པའི་དངོས་པོ་ལ་སེམས་

རྩེ་གཅིག་པ་ཉིད་དོ་ཞེས་བྱ་བ་ལ་བརྟག་པའི་དངོས་པོ་ནི་མ་བྱུང་མ་སྐྱེས་པའི་དོན་ཉིད་དམ་བདེན་པ་བཞི་ལ་གཅིག་ཅིང་ཡང་བཞི་བཞི་ལྟར་ཤེས་པར་བྱའོ། །སེམས་རྩེ་གཅིག་པ་ནི་དཔེར་ན་སྐུད་པའི་སྣ་བསྒྲིམས་ཏེ་ཁབ་ཀྱི་མིག་ཏུ་གཞུག་པ་དང་འདྲ་བར་བསྒོམ་པའི་ཡུལ་ལ་སེམས་

གཞན་དུ་མི་གཡེང་བར་གཏོད་པ་ནི་ཏིང་ངེ་འཛིན་རྩེ་གཅིག་པ་ཞེས་བྱའོ། །ཤེས་རབ་ནི་དེ་དག་ཉིད་ལ་རབ་ཏུ་རྣམ་པར་འབྱེད་པ་སྟེ། རིགས་པ་དང་རིགས་པ་མ་ཡིན་པས་བསྐྱེད་པ་དང་གཞན་པའོ་ཞེས་བྱ་བ་ལ། ཤེས་རབ་ནི་རྣམ་པ་གསུམ་སྟེ། མཉན་པ་དང་བསམས་པ་

དང་བསྒོམས་པའི་ཤེས་རབ་སྟེ། དེ་ཡང་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་ནི་རིགས་པས་བསྐྱེད་པའོ། །མུ་སྟེགས་ཀྱི་བསྟན་པ་ལ་ཞུགས་པ་ནི་རིགས་པ་མ་ཡིན་པས་བསྐྱེད་པ་ཞེས་བྱའོ། །དེ་གཉིས་ཀས་མ་བསྟན་ཀྱང་རང་བཞིན་གྱིས་ཤེས་ཉེན་ཆེ་བ་ནི་གཞན་པ་

Vol. 206 · folio 234a

ཞེས་བྱའོ། །དེ་དག་ཉིད་ལ་རབ་ཏུ་རྣམ་པར་འབྱེད་ཅེས་བྱ་བ་ནི་གོང་དུ་སྨོས་པའི་ཏིང་ངེ་འཛིན་གྱི་ཡུལ་ཉིད་ལ་སྟེ། རིགས་པའི་ཤེས་པས་ནི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཅེས་དོན་དམ་པར་སྐྱེ་འགག་མེད་པ་དང་། ཀུན་རྫོབ་ཏུ་ས་སྲ་བ་དང་ཆུ་གཤེར་བ་ལ་སོགས་

པའི་མཚན་ཉིད་མ་ནོར་བར་གཏན་ལ་འབེབས་སོ། །རིགས་པ་མ་ཡིན་པའི་ཤེས་པས་ནི་བདག་མེད་པ་བདག་ཡོད་པར་བརྟགས་ཤིང་བསྒོམས་ཏེ་རྭ་སྐྱེས་པར་མཐོང་བ་ལ་སོགས་པ་ལྟ་བུའོ། །གཞན་པའི་ཤེས་རབ་ནི་སུས་ཀྱང་མ་བསླབས་པར་རང་བཞིན་གྱིས་བློ་རྣོ་ཞིང་ལས་སུ་བྱ་བ་

དང་། ཚིག་ཏུ་སྨྲ་བ་ལ་སོགས་པ་བྱ་བ་ཐམས་ཅད་ལ་མཁས་པའི་ཕྱིར་རོ། །བཅུ་གཅིག་དགེ་བ་གང་ཞེ་ན། དད་པ་ནི་ལས་དང་། འབྲས་བུ་དང་། བདེན་པ་དང་། དཀོན་མཆོག་ལ་མངོན་པར་ཡིད་ཆེས་པ་དང་། སེམས་དང་བའོ་ཞེས་སྨོས་ཏེ། ལས་ནི་དགེ་བ་དང་། མི་དགེ་བ་དང་།

ལུང་དུ་མ་བསྟན་པའོ། །འབྲས་བུ་ནི་ལས་དེས་བསྐྱེད་པ་སྟེ། བདེ་བ་དང་། སྡུག་བསྔལ་གཉི་ག་མ་ཡིན་པའོ། །བདེན་པ་ནི་བཞི་སྟེ་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་གྱི་བདེན་པ་སྟེ། དེ་དག་ཡོད་པར་ཡིད་ཆེས་པའོ། །དཀོན་མཆོག་ནི་

གསུམ་སྟེ། སངས་རྒྱས་ནི་མཁྱེན་པ་དང་སྤངས་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཆོས་ནི་སྡུག་བསྔལ་ཐམས་ཅད་ལས་ཐར་བར་བྱེད་པའི་ལམ་ཡིན་ནོ། །དགེ་འདུན་ནི་ཉོན་མོངས་པ་སྤོང་བ་ལ་ཞུགས་པ་བསོད་ནམས་ཀྱི་ཞིང་ཡིན་ནོ་ཞེས་དེ་དག་གི་ཡོན་ཏན་རིག་ནས་སེམས་དང་བ་ནི་དད་

པ་ཞེས་བྱའོ། །ངོ་ཚ་ཤེས་པ་ནི་བདག་གམ་ཆོས་ཀྱི་དབང་དུ་བྱས་ཏེ་ཁ་ན་མ་ཐོ་བས་འཛེམ་པའོ་ཞེས་སྨོས་ཏེ། བདག་ནི་དགེ་སྦྱོང་ངམ་བྲམ་ཟེ་ལྟ་བུ་རིགས་བཙུན་པའི་ཚུལ་འཛིན་པ་ཡིན་གྱི་ལས་ངན་པ་བྱ་བར་མི་འོས་པ་འདི་དག་ནི་བདག་གིས་བྱ་བའི་ཆ་མ་ཡིན་ནོ་སྙམ་ནས་མི་བྱེད་

པ་ནི་བདག་གི་དབང་དུ་བྱས་པའོ། །ཆོས་ཀྱི་དབང་དུ་བྱས་པ་ནི་ལས་ངན་པ་སྡིག་པ་མི་དགེ་བའི་ལས་བྱས་ན་དེའི་འབྲས་བུ་ངན་སོང་རྒྱུད་གསུམ་དུ་ལྟུང་ཞིང་སྡུག་བསྔལ་སྣ་ཚོགས་སུ་གྱུར་ན་མི་རུང་ངོ་སྙམ་ནས་མི་བྱེད་པའོ། །ཁ་ན་མ་ཐོ་བ་ནི་ཚིག་ཏུ་གླེང་ཞིང་བརྗོད་དུ་མི་བཟོད་

Vol. 206 · folio 234b

དེ་སྨྲ་བར་ཡང་མི་འོས་ཤིང་སྨད་པའི་གནས་ཏེ། དེ་ལྟ་བུས་འཇིགས་པ་ནི་འཛེམ་པ་ཞེས་བྱའོ། །ཁྲེལ་ཡོད་པ་ནི་འཇིག་རྟེན་གྱི་དབང་དུ་བྱས་ཏེ་ཁ་ན་མ་ཐོ་བས་འཛེམ་པའོ་ཞེས་བྱ་བ་ནི་བདག་གིས་སྲོག་གཅོད་པ་ལ་སོགས་པའི་ལས་བྱ་བའི་ཆ་མ་ཡིན་པ་འདི་དག་བྱས་ན་གཞན་གྱིས་སྨད་ཅིང་

དཔྱས་ཏེ་སྐྱོན་དུ་གྲགས་ན་མ་ལེགས་སོ་སྙམ་དུ་དེ་འཇིགས་ཤིང་མི་བྱེད་པ་ནི་འཛེམ་པ་ཞེས་བྱའོ། །མ་ཆགས་པ་ནི་ཆགས་པའི་གཉེན་པོ་སྟེ། ཡིད་འབྱུང་ཞིང་མི་ལེན་པའོ་ཞེས་བྱ་བ་ལ་ཆགས་པར་བྱ་བའི་ཡུལ་ནི་ལུས་དང་ལོངས་སྤྱོད་དོ། །དེ་དག་གི་གཉེན་པོ་ནི་འདོད་ཆགས་

དང་ཞེ་སྡང་དང་གཏི་མུག་གསུམ་གྱི་གཉེན་པོ་མི་གཙང་བ་དང་བྱམས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ་རིམ་བཞིན་དུ་རེ་རེར་སྦྱར་རོ། །ཡིད་འབྱུང་ཞིང་མི་ལེན་པ་ནི་ལུས་དང་ལོངས་སྤྱོད་དེ་དག་ལ་སྤྱོད་ཅིང་གནས་པའི་མཐའ་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་ལ་སོགས་པའི་སྡུག་

བསྔལ་སྣ་ཚོགས་འབྱུང་ཞིང་འཕེལ་བར་རིག་ནས་སྤོང་ཞིང་དེ་ལ་མི་འཇུག་པའོ། །ཞེ་སྡང་མེད་པ་ནི་ཞེ་སྡང་གི་གཉེན་པོ་སྟེ། བྱམས་པའོ་ཞེས་སྨོས་ཏེ། ཞེ་སྡང་གི་ཡུལ་ནི་དགྲ་དང་དུག་དང་མཚོན་ཆ་དག་སྟེ། དེ་དག་གཞིག་པ་དང་ཕུང་བ་དང་བརླག་པར་བྱའོ་སྙམ་པ་ནི་ཞེ་སྡང་ཞེས་

བྱ་སྟེ། དེ་ལྟ་བུའི་བསམ་པ་དང་སྦྱོར་བ་མི་བྱེད་པ་ཉིད་ལ་ཡང་གཉེན་པོ་ཞེས་བྱའོ། །འདིར་ནི་སེམས་ཅན་ཐམས་ཅད་ལ་བུ་གཅེས་པ་དང་འདྲ་བར་བྱམས་པའི་སེམས་ཡོད་པ་དེ་ལ་ཞེ་སྡང་མི་འབྱུང་བས་ན་གཉེན་པོ་སྟེ་བྱམས་པ་ལ་ཞེ་སྡང་མེད་པ་ཞེས་བྱའོ། །གཏི་མུག་མེད་པ་

ནི་གཏི་མུག་གི་གཉེན་པོ་སྟེ། ཡང་དག་པ་ལ་ཡང་དག་པར་རྟོག་པའོ་ཞེས་སྨོས་ཏེ། ཆོས་རྣམས་ལ་ཆོས་དང་གང་ཟག་དངོས་པོ་ཡོད་པར་ལྟ་ཞིང་། རྟག་སྐྱིད་ང་གཙང་ཕྱིན་ཅི་ལོག་ཏུ་རྟོག་པ་ནི་རྟོག་པ་ཞེས་བྱ། དེའི་གཉེན་པོ་ནི་ཕྱིན་ཅི་མ་ལོག་པའི་ཤེས་རབ་བརྩོན་འགྲུས་དང་

ཏིང་ངེ་འཛིན་དང་འགྲོགས་པ་དེས་ཆོས་དང་གང་ཟག་ལ་སོགས་པ་ཡོད་པར་རྟོག་པའི་ཕྱིན་ཅི་ལོག་སྤངས་ཏེ། སྟོང་པ་དང་བདག་མེད་པ་ལ་སོགས་པར་ཤེས་པ་ནི་ཡང་དག་པ་ལ་ཡང་དག་པར་རྟོག་པ་ཞེས་བྱའོ། །བརྩོན་འགྲུས་ནི་ལེ་ལོའི་གཉེན་པོ་སྟེ། དགེ་བ་ལ་སེམས་

Vol. 206 · folio 235a

མངོན་པར་སྤྲོ་བའོ་ཞེས་སྨོས་ཏེ། ལེ་ལོ་ནི་རྣམ་པ་གཉིས་ཏེ། དམན་པ་ལ་སྦྱོར་བ་དང་། སྙོམ་ལས་སོ། །དེ་ལ་སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་བྱེད་པ་དག་ནི་འབད་པ་ཆེན་པོས་བརྩོན་པར་བྱེད་ཀྱང་བརྩོན་འགྲུས་མ་ཡིན་གྱི། དམན་པ་ལ་སྦྱོར་བའི་ལེ་ལོ་

ཞེས་བྱའོ། །ཉལ་བ་དང་འཕྲེས་པ་ལ་སོགས་པ་ནི་སྙོམ་ལས་ཀྱི་ལེ་ལོ་ཞེས་བྱ་སྟེ། ཆོས་ཉན་པ་དང་སེམས་ཤིང་བསྒོམ་པ་ལ་སོགས་པ་མི་བྱེད་པའི་མཚན་ཉིད་དོ། །དེའི་གཉེན་པོ་ནི་ཉན་པ་དང་སེམས་པ་ནས་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་ཏེ། དགེ་བའི་ཕྱོགས་གང་ཅི་བསྒྲུབ་ཀྱང་སྲོག་

དང་ལུས་ལ་མི་ལྟ་ཞིང་བར་ཆད་མེད་པར་འབད་པ་ནི་དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་སོ། །ཤིན་ཏུ་སྦྱངས་པ་ནི་གནས་ངན་ལེན་གྱི་གཉེན་པོ་སྟེ། ལུས་དང་སེམས་ལས་སུ་རུང་བའོ་ཞེས་སྨོས་ཏེ། ལུས་ཉལ་ཞིང་འཕྲེས་པར་འདོད་པ་དང་། ཚགས་ཚིགས་མི་བདེ་ཞིང་སྙོམ་པ་དང་།

སེམས་ཞུམ་རྒོད་དང་བྱིང་རྨུགས་ཀྱི་དབང་དུ་སོང་སྟེ་ལས་སུ་མི་རུང་བ་ནི་གནས་ངན་ལེན་ཞེས་བྱ་སྟེ། དེས་འཁོར་བ་དང་ངན་སོང་གི་གནས་སུ་འགྲོ་བའི་ཕྱིར་རོ། །དེའི་གཉེན་པོ་ནི་ལུས་ངལ་ཞིང་སྙོམ་པ་དང་སྐྱོ་ཞིང་དུབ་པ་མེད་པར་ཡང་ཞིང་བདེ་བ་དང་ཞུམ་རྒོད་དང་བྱིང་རྒོད་

མེད་དེ་གསལ་ཞིང་རྩེ་གཅིག་ཏུ་འདུག་པ་སྟེ། ལུས་དང་སེམས་དེ་ལྟར་གྱུར་པ་ནི་ལས་སུ་རུང་བ་དང་ཤིན་ཏུ་སྦྱངས་པ་ཞེས་བྱའོ། །བག་ཡོད་པ་ནི་བག་མེད་པའི་གཉེན་པོ་སྟེ། མ་ཆགས་པ་ནས་བརྩོན་འགྲུས་ཀྱི་བར་དེ་དག་ལ་གནས་ནས་མི་དགེ་བའི་ཆོས་སྤོང་ཞིང་དེའི་གཉེན་པོ་དགེ་

བའི་ཆོས་རྣམས་ཀྱང་བསྒོམ་པའོ་ཞེས་སྨོས་ཏེ། བག་ཡོད་པ་ནི་འདོད་མ་ཆགས་པ་དང་། ཞེ་མི་སྡང་བ་དང་། གཏི་མི་མུག་པ་གསུམ་གྱིས་རྒྱུ་བྱས་ཤིང་བརྩོན་འགྲུས་ལ་གནས་བཅས་ནས་མི་དགེ་བའི་ཆོས་རྣམས་ལ་སེམས་ཡན་དུ་མི་གཏོང་ཞིང་ཕྱིར་ཟློག་པ་ནི་མི་དགེ་བ་སྤོང་བའོ། །

དགེ་བའི་ཆོས་བསྒོམ་པ་ནི་མོས་པས་སྤྱོད་པ་དང་ས་དང་པོ་ལ་སོགས་པ་འཇིག་རྟེན་གྱི་དགེ་བ་དང་། འཇིག་རྟེན་ལས་འདས་པའི་དགེ་བ་དེ་དག་ནི་གཉེན་པོ་སྟེ་དེ་ལ་སེམས་ཀྱིས་ཡང་ཡང་དུ་འདྲིས་པར་བྱེད་པ་ནི་བསྒོམ་པ་ཞེས་བྱའོ། །བཏང་སྙོམས་ནི་མ་ཆགས་པ་ནས་བརྩོན་

Vol. 206 · folio 235b

འགྲུས་ཀྱི་བར་དེ་དག་ཉིད་ལ་གནས་ཤིང་སེམས་མཉམ་པ་ཉིད་དང་། སེམས་རྣལ་དུ་འདུག་པ་ཉིད་དང་། སེམས་ལྷུན་གྱིས་གྲུབ་པ་ཡང་ཐོབ་པ་སྟེ། གང་གི་ཉོན་མོངས་པ་ཅན་གྱི་ཆོས་རྣམས་བསལ་ཞིང་ཉོན་མོངས་པ་ཅན་མེད་པར་གནས་པའོ་ཞེས་སྨོས་ཏེ། བཏང་སྙོམས་རྣམ་

པ་གསུམ་ལས་འདིར་ནི་འདུ་བྱེད་ཀྱི་བཏང་སྙོམས་ཏེ། དེ་ཡང་གོང་མ་བཞིན་དུ་མ་ཆགས་པ་ལ་སོགས་པ་གསུམ་ནི་བཏང་སྙོམས་ཀྱི་རྒྱུའོ། །བརྩོན་འགྲུས་ནི་བཏང་སྙོམས་ཀྱི་གནས་ཏེ། དེ་ལ་གནས་ནས་བཏང་སྙོམས་ཀྱི་ཐོག་མ་དང་བར་མ་དང་། ཐ་མ་གསུམ་འབྱུང་ངོ་། །དེ་ལ་ཐོག་

མར་ཞུམ་རྒོད་མེད་པ་རྙེད་མ་ཐག་པ་ནི་སེམས་མཉམ་པ་ཉིད་ཅེས་བྱའོ། །དེ་ནས་ཞུམ་རྒོད་དེ་ཕྱིར་འབྱུང་དུ་དོགས་བཞིན་དུ་གནས་པ་ནི་སེམས་རྣལ་དུ་འདུག་པ་ཞེས་བྱའོ། །དེ་ནས་ཡུན་རིང་དུ་བསྒོམས་ཏེ་གོམས་ནས་ཞུམ་རྒོད་མི་འབྱུང་ཞིང་དོགས་པ་མེད་པར་གནས་པ་ནི་ལྷུན་གྱིས་གྲུབ་

པ་ཞེས་བྱ་སྟེ། བཏང་སྙོམས་ཀྱི་རང་བཞིན་དེ་ལྟ་བུ་ཐོབ་པའི་གང་ཟག་ནི་འདོད་ཆགས་ལ་སོགས་པའི་སེམས་སྐྱེ་མི་སྲིད་དེ། དེ་མི་འབྱུང་བ་ནི་ཉོན་མོངས་པ་བསལ་བ་ཞེས་བྱ་སྟེ། དེ་ལྟར་སེམས་དག་པར་བསམ་གཏན་ལ་གནས་ན་ཉོན་མོངས་པ་མེད་པར་གནས་པ་ཡང་དེ་ཉིད་ཡིན་ནོ། །

རྣམ་པར་མི་འཚེ་བ་ནི་རྣམ་པར་འཚེ་བའི་གཉེན་པོ་སྟེ་སྙིང་རྗེ་བའོ་ཞེས་སྨོས་ཏེ། གསོད་སྒྱུགས་དང་རྡེག་འཚོག་ལ་སོགས་པ་གནོད་པ་སྣ་ཚོགས་བྱེད་པ་རྣམ་པར་འཚེ་བའོ། །དེའི་གཉེན་པོ་ནི་སྙིང་རྗེ་སྟེ། དེ་ཡོད་ན་བདག་གི་སྲོག་ལུས་ཀྱང་ཕངས་པ་མེད་པར་སེམས་ཅན་གྱི་ཕྱིར་

གཏོང་ན། གནོད་པ་མི་བྱ་བ་ལྟ་ཅི་ཞིག་སྨོས་ཏེ་སེམས་ཅན་ལ་ཐོ་མི་འཚམས་པའི་ཕྱིར་རོ། །ཉོན་མོངས་པ་དྲུག་གང་ཞེ་ན་ཞེས་བྱ་བ་ནི་འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་། ཐེ་ཚོམ་མོ། །འདོད་ཆགས་ནི་ཉེ་བར་ལེན་པའི་ཕུང་པོ་

ལྔ་རྣམས་ལ་ཞེན་པ་དང་ལྷག་པར་ཆགས་པའོ་ཞེས་བྱ་བ་ལ། ཟག་པ་དང་བཅས་པའི་གཟུགས་ཀྱི་ཕུང་པོ་ནས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོ་ཟག་པ་དང་བཅས་པའི་བར་དུ་ལྔ་ནི་རྒྱུ་འདོད་པ་དང་ལྟ་བ་དང་། ཚུལ་ཁྲིམས་

Vol. 206 · folio 236a

དང་། །བརྟུལ་ཞུགས་དང་། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་བཞི་ལས་བྱུང་བས་ཉེ་བར་ལེན་པའི་ཕུང་པོ་ཞེས་བཏགས་ཏེ། དཔེར་ན་རྩྭ་ལས་བྱུང་བའི་མེ་ལ་རྩྭའི་མེ་ཞེས་བྱ་བ་དང་འདྲའོ། །ཕུང་པོ་དེ་ལ་ད་ལྟར་གྱི་དུས་ན་དེ་དང་འབྲལ་མི་ཕོད་པ་ནི་ཞེན་པའོ། །ཚེ་རབས་

གཞན་དུ་ཕུང་པོ་ལྔ་ལེན་པར་འདོད་པ་ནི་ལྷག་པར་ཆགས་པ་སྟེ། དཔེར་ན་གོས་ལ་སྣུམ་ཞེན་ན་དབྱུང་དཀའ་བ་བཞིན་དུ་འདོད་པའི་ཡོན་ཏན་ལྔ་དང་རང་གི་ཕུང་པོ་ལ་ཆགས་པ་དེ་ཡང་ཉེན་པ་དང་སེམས་པ་དང་བསྒོམ་པ་ལ་སོགས་པ་འབད་པ་ཆེན་པོས་ཀྱང་བྲལ་ཞིང་སྤང་བར་དཀའ་བའི་

ཕྱིར་རོ། །ཁོང་ཁྲོ་བ་ནི་སེམས་ཅན་རྣམས་ལ་ཀུན་ནས་མནར་སེམས་པའོ་ཞེས་བྱ་བ་ནི་དགྲ་ལ་སོགས་པ་ཕ་རོལ་པོ་རྣམས་ལ་རྡེག་ཅིང་གསད་པ་ལ་སོགས་པ་གནོད་པ་སྣ་ཚོགས་བྱ་བར་སེམས་པ་སྟེ། རང་བཞིན་གྱིས་སེམས་རྩུབ་ཅིང་མནར་སེམས་དང་ལྡན་པས་རྟག་ཏུ་སྡུག་

བསྔལ་བར་གནས་པའི་ཕྱིར་བདེ་བ་ལ་མི་རེག་པའོ། །ང་རྒྱལ་གང་ཞེ་ན། རྣམ་པ་བདུན་ཏེ་ཞེས་བྱ་བ་ལ། ང་རྒྱལ་རྣམ་པ་བདུན་ནི། བདུན་ཆར་ཡང་རང་གི་ལུས་ཀྱི་ཕུང་པོ་ལ་བདག་དང་བདག་གིར་བལྟས་ནས་གཞན་དག་པས་བདག་ཁྱད་ཞུགས་སོ་སྙམ་ནས་གུས་པ་མེད་ཅིང་ཀུན་ལ་

འགྱིང་བའི་མཚན་ཉིད་དོ། །དེའི་བྱེ་བྲག་ལ་ང་རྒྱལ་ནི་ཉམས་རྩལ་དང་བྱད་གཟུགས་དང་། རུས་རིགས་དང་། ལོངས་སྤྱོད་ལ་སོགས་པ་ཆུང་བ་རྣམས་ལ་ལྟོས་ནས་བདག་ཆེ་བ་ཡང་ཡིན་མོད་ཀྱི། དེ་ཉིད་ལ་བདག་ནི་ཐ་གིས་ཆེའོ་སྙམ་དུ་སེམས་པའོ། །ཆེ་བའི་ང་རྒྱལ་ནི་བདག་

དང་ཕ་རོལ་ནོར་ལ་སོགས་པ་ཀུན་མཚུངས་ཤིང་འདྲ་བར་ཡིན་ན་དེ་ལས་ཚུལ་ཁྲིམས་ལ་སོགས་པ་སྣ་འགའ་ཞིག་གིས་ནི་བདག་ཆེའོ་སྙམ་དུ་སེམས་པའོ། །ང་རྒྱལ་ལས་ཀྱང་ང་རྒྱལ་ནི། །བདག་རུས་རིགས་ལ་སོགས་པ་གཞན་པས་ཆུང་བ་ཡིན་ཡང་གཞན་པས་བདག་ཆེའོ་སྙམ་

དུ་སེམས་པའོ། །ངའོ་སྙམ་པའི་ང་རྒྱལ་ནི་ཉེ་བར་ལེན་པའི་ཕུང་པོ་ལ་བདག་དང་བདག་གིར་དངོས་པོ་མེད་པར་བདག་དང་བདག་གིར་དངོས་པོ་ཡོད་དོ་སྙམ་དུ་སེམས་རློམ་ཞིང་ཁེངས་པའི་ཕྱིར་རོ། །མངོན་པའི་ང་རྒྱལ་ནི། འཕགས་པའི་གོ་འཕང་དང་། བསམ་གཏན་གྱི་

Vol. 206 · folio 236b

ཁྱད་པར་དག་བདག་གིས་མ་ཐོབ་པར་ཡང་སེམས་ལས་སུ་རུང་བ་ཅུང་ཟད་ཙམ་ཡོད་པའི་རྗེས་སུ་བདག་ནི་འཕགས་པའི་ས་ཐོབ་པོ་སྙམ་དུ་སེམས་པའོ། །ཅུང་ཟད་སྙམ་པའི་ང་རྒྱལ་ནི། བདག་དང་ཕ་རོལ་གཉིས་འབན་ཆད་པས་ཕ་རོལ་ཆེ་བ་ཡིན་ཏེ། དེ་ལྟར་མི་འཛིན་གྱི་བདག་དང་ཅུང་

ཟད་ཅིག་ཆེ་ཆུང་ཡོད་དུ་ཟད་སྙམ་དུ་སེམས་པའོ། །ལོག་པའི་ང་རྒྱལ་ནི་བདག་སྐྱོན་སྣ་ཚོགས་ཅན་ཡིན་ཏེ། ཡོན་ཏན་ཅུང་ཟད་ཀྱང་མེད་པ་ཡིན་ན། ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་ཀུན་དང་ལྡན་ནོ་སྙམ་དུ་སེམས་ཁེངས་ཤིང་འགྱིང་བའོ། །མ་རིག་པ་ནི་ལས་དང་འབྲས་བུ་དང་

བདེན་པ་དང་དཀོན་མཆོག་རྣམས་མི་ཤེས་པ་སྟེ། དེ་ཡང་ལྷན་ཅིག་སྐྱེས་པ་དང་། ཀུན་དུ་བརྟགས་པའོ་ཞེས་བྱ་བ་ལ། ལས་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའོ། །འབྲས་བུ་ནི་བདེ་བ་དང་སྡུག་བསྔལ་དང་གཉི་ག་མ་ཡིན་པའོ། །བདེན་པ་ནི་སྡུག་བསྔལ་གྱི་བདེན་པ་

དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་གྱི་བདེན་པ་བཞིའོ། །དཀོན་མཆོག་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་ཏེ། དེ་གསུམ་མོ། །དེ་དག་ལ་ཡོན་ཏན་མེད་པ་དང་། ཡོན་ཏན་ཅན་ཡིན་པར་མི་ཤེས་པ་ནི་མ་རིག་པའོ། །རང་བཞིན་གྱི་དེ་དག་ཡོད་པའམ་ཡོན་ཏན་ཅན་དུ་མི་

ཤེས་པ་ནི་ལྷན་ཅིག་སྐྱེས་པའི་མ་རིག་པའོ། །གཞན་གྱི་ལོག་པ་ནོར་བར་བསྟན་པའི་སྒོ་ནས་དེ་དག་མི་ཤེས་པ་ནི་ཀུན་དུ་བརྟགས་པའི་མ་རིག་པ་ཞེས་བྱའོ། །ལྟ་བ་ལྔ་ལས་འཇིག་ཚོགས་ལ་ལྟ་བ་ནི། ཕུང་པོ་ལྔ་པོ་དེ་དག་སྐད་ཅིག་རེ་རེ་ལ་འཇིག་ཅིང་རྫས་མང་པོ་དུ་མ་བསགས་པའི་ཚོགས་

ཡིན་ཏེ། བདག་དང་བདག་གི་དངོས་པོ་མེད་པ་ལ། བདག་དང་བདག་གི་དངོས་པོ་ཡོད་དོ་བར་རྟོག་པའོ། །མཐར་འཛིན་པར་ལྟ་བ་ནི་རྟག་པ་དང་ཆད་པ་གཉིས་སུ་ལྟ་བ་སྟེ། དེ་ཡང་སྦྲུལ་པགས་པ་བརྗེས་པ་ལྟ་བུར་འདོད་པ་དང་། ཤིང་ཟད་ན་མེ་ཤི་བ་བཞིན་དུ་གཏན་མེད་པར་འདོད་

པའོ། །ལོག་པར་ལྟ་བ་ནི་སྐུར་བ་འདེབས་པ་སྟེ། ལས་དང་། འབྲས་བུ་དང་། བདེན་པ་དང་། དཀོན་མཆོག་དང་འཇིག་རྟེན་འདི་དང་ཕ་རོལ་ལ་སོགས་པ་ཐམས་ཅད་མེད་དོ་ཞེས་ཟེར་བའོ། །ལྟ་བ་མཆོག་ཏུ་འཛིན་པ་ནི་གོང་དུ་སྨོས་པའི་ལྟ་བ་རྣམ་པ་གསུམ་དང་། ལྟ་བ་དེའི་གནས་

Vol. 206 · folio 237a

ལུས་ཀྱི་ཕུང་པོ་རྣམས་ལ་འདི་ཁོ་ན་བཟང་ངོ་ཞེས་དམ་པ་དང་གཙོ་བོར་འཛིན་ཏེ་འདི་ལས་ལྷག་པ་གཞན་མེད་དོ་སྙམ་དུ་སེམས་པའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་ཉེས་པ་ལུས་དང་ངག་ལས་བྱུང་བ་བདུན་སྤངས་པའི་ཚུལ་ཁྲིམས་དང་། ཁྱི་དང་བ་

ལང་གི་བརྟུལ་ཞུགས་སམ། སྐྲ་འབལ་ཞིང་འདྲེག་པ་ལ་སོགས་པ་རྣམས་བྱས་བས་གྲོལ་བ་དང་ཐར་པར་འགྱུར་རོ་སྙམ་དུ་སེམས་པའོ། །ཐེ་ཚོམ་ནི་བདེན་པ་ལ་སོགས་པ་ལ་གང་ཡིད་གཉིས་ཟ་བའོ་ཞེས་བྱ་བ་ནི་ལས་དང་འབྲས་བུ་དང་། བདེན་པ་དང་། དཀོན་མཆོག་རྣམས་ཡོད་

པ་ཡིན་ནམ་མ་ཡིན། ཡོད་ན་ཡང་ཡོན་ཏན་ཅན་ཡིན་ནམ་མ་ཡིན་སྙམ་དུ་བློ་གཉིས་སུ་འགྱུར་ཞིང་ངེས་པ་མ་རྙེད་དེ་དགེ་བའི་ཕྱོགས་ལ་མི་འཇུག་པའོ། །ཉེ་བའི་ཉོན་མོངས་པ་ཉི་ཤུ་གང་ཞེ་ན། ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། འཆབ་པ་དང་། འཚིག་པ་དང་། ཕྲག་དོག་དང་། སེར་སྣ་དང་།

སྒྱུ་དང་། གཡོ་དང་། རྒྱགས་པ་དང་། རྣམ་པར་འཚེ་བ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། རྨུགས་པ་དང་། རྒོད་པ་དང་། མ་དད་པ་དང་། ལེ་ལོ་དང་། བག་མེད་པ་དང་། བརྗེད་ངས་པ་དང་། རྣམ་པར་གཡེང་བ་དང་། ཤེས་བཞིན་མ་ཡིན་པ་དང་ཉི་ཤུའོ་ཞེས་སྨོས་ཏེ།

འོག་ནས་རིམ་བཞིན་བཤད་དོ། །དེ་ལ་ཁྲོ་བ་ནི་འཕྲལ་དུ་གནོད་པ་བྱེད་པ་ལ་གནས་ཏེ། གང་སེམས་ཀྱིས་ཀུན་ནས་མནར་སེམས་པའོ་ཞེས་བྱ་བ་ལ། དགྲ་ལ་སོགས་པ་ཁྲོ་བའི་ཡུལ་འདས་པ་དང་མ་འོངས་པ་ལྐོག་ཏུ་གྱུར་པ་རྣམས་ལ་མི་བྱའི། ད་ལྟར་མངོན་སུམ་དུ་གྱུར་པ་རྣམས་ལ་མ་

རུང་བ་དང་། གནོད་པར་བྱའོ་སྙམ་དུ་སེམས་པ་ནི་ཁྲོ་བ་དང་མནར་སེམས་ཞེས་བྱའོ། །ཁོན་དུ་འཛིན་པ་ནི་མདུད་པར་འཛིན་པའོ་ཞེས་བྱ་བ་ནི་བདག་དང་བདག་གི་གཉེན་ལ་སོགས་པ་རང་གི་འཁོར་རྣམས་ལ་གནོད་པ་བྱེད་པའི་དགྲ་ལ་སོགས་པ་ལ་ནམ་ཞིག་ན་གནོད་པ་མ་བྱས་པར་མི་

བཏང་ངོ་སྙམ་དུ་སེམས་པའོ། །འཆབ་པ་ནི་བདག་གི་ཁ་ན་མ་ཐོ་བ་མཁྱུད་པའོ་ཞེས་བྱ་བ་ནི་སྡིག་པ་མི་དགེ་བའི་ལས་བྱ་བར་མི་འོས་པ་རྣམས་བྱས་པ་ནི་ཁ་ན་མ་ཐོ་བ་ཞེས་བྱ་སྟེ། དགེ་བའི་བཤེས་གཉེན་གྱིས་བྱ་བ་མ་ཡིན་པའི་ལས་འདི་དག་བྱས་པས་ཉེས་ཀྱིས་ཉེས་དམིགས་འདི་དག་ཤོགས་

Vol. 206 · folio 237b

ཤིག་ཅེས་བྱས་ན་ང་ལ་ཉེས་པ་མེད་དོ་ཞེས་འཆགས་སུ་མི་བཏུབ་པའི་ཕྱིར་རོ། །འཚིག་པ་ནི་ཚིག་བརླང་པོས་ཞེར་འདེབས་པ་ཉིད་དོ་ཞེས་བྱ་བ་ལ། གཞན་གྱི་སྐྱོན་དང་མཚང་འདྲུ་ཞིང་གཏུམ་ཚིག་ཏུ་སྨྲ་བ་ནི་ཚིག་བརླང་པོ་ཞེས་བྱ་སྟེ། དེས་གཞན་གྱི་ཞེ་གཅོད་པས་ན་ཞེར་འདེབས་པ་ཞེས་

བྱའོ། །ཕྲག་དོག་ནི་གཞན་གྱི་ཕུན་སུམ་ཚོགས་པ་ལ་སེམས་ཁོང་ནས་འཁྲུགས་པའོ་ཞེས་བྱ་བ་ནི། གཞན་གྱི་རྙེད་པ་དང་བཀུར་སྟི་དང་། ཐོས་པ་དང་ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་དག་མཐོང་ནས་དེ་དག་ལ་ཆགས་པའི་དབང་གིས་ཞེ་སྡང་སྐྱེ་ཞིང་སེམས་མི་བཟོད་

པ་དང་ཕྲག་དོག་ཅེས་བྱའོ། །སེར་སྣ་ནི་སྦྱིན་པ་དང་མི་མཐུན་པ་སྟེ་སེམས་ཀྱིས་ཀུན་དུ་འཛིན་པའོ་ཞེས་བྱ་བ་ནི་འདོད་ཆགས་ཀྱི་ཤས་ཆེ་བས་འཚོ་བའི་ཡོ་བྱད་རྣམས་ལ་ཆགས་ཤིང་གཏོང་མི་ཕོད་པ་སྟེ། དཀོན་མཆོག་དང་ཕོངས་པ་རྣམས་ལ་མཆོད་པ་དང་སྦྱིན་པ་ལ་སོགས་པ་བྱེད་མི་ནུས་པ་

ནི་སྦྱིན་པ་དང་མི་མཐུན་པ་ཞེས་བྱ། ཡོ་བྱད་མི་མཁོ་བ་ངན་ངོན་ཀུན་ཀྱང་བསྡུས་ཏེ་སོགས་པ་ནི་སེམས་ཀྱིས་ཀུན་དུ་འཛིན་པ་ཞེས་བྱའོ། །སྒྱུ་ནི་གཞན་སླུ་བ་ཡང་དག་པ་མ་ཡིན་པའི་དོན་སྟོན་པའོ་ཞེས་བྱ་བ་ནི་ཁེ་དང་། བཀུར་སྟི་དང་། རྙེད་པ་འདོད་པའི་ཕྱིར་ཡོན་ཏན་མེད་པར་ཡང་ཡོན་

ཏན་ཅན་ལྟར་ཚུལ་འཆོས་ཤིང་མིག་སྒྱུ་བྱེད་པའོ། །གཡོ་ནི་བདག་གིས་ཉེས་པ་བཅབ་པའི་ཐབས་བཟུང་སྟེ་སེམས་གྱ་གྱུ་བའོ་ཞེས་བྱ་བ་ནི། རྙེད་པ་དང་། བཀུར་སྟི་འདོད་པའི་ཕྱིར་ཚུལ་འཆོས་པ་ལ་སོགས་པའི་ཉེས་སྐྱོན་དེ་གཞན་གྱིས་ངོས་ཟིན་དུ་དོགས་ནས་གཏམ་རླུང་ལ་བསྐུར་ཞིང་

ཚིག་དང་དོན་གཉི་ག་བརྒྱུད་པ་སྟེ། དེ་ནི་ཉེས་པ་བཅབ་པའི་ཐབས་གྱ་གྱུ་ཞེས་བྱའོ། །རྒྱགས་པ་ནི་བདག་གི་ཕུན་སུམ་ཚོགས་པ་ལ་ཆགས་པའི་རབ་ཏུ་དགའ་བ་སྟེ། སེམས་ཀྱི་ཡོངས་སུ་འཛིན་པའོ་ཞེས་བྱ་བ་ལ་ཕུན་སུམ་ཚོགས་པ་ནི་རུས་རིགས་དང་། ཤེས་ཉེན་དང་། ལོངས་

སྤྱོད་དང་། ཉམས་རྩལ་དང་། བྱད་བཞིན་ལ་སོགས་པ་དག་གོ། །དེ་ལ་ཆགས་པའི་རབ་ཏུ་དགའ་བ་ནི་ཕུན་སུམ་ཚོགས་པ་དེ་བདོག་པའི་རྒྱུས་ཉམས་བདེ་ཞིང་སེམས་དགའ་བའོ། །ཡོངས་སུ་འཛིན་པ་ནི་བདག་གི་ལོངས་སྤྱོད་ལ་སོགས་པ་ལ་སེམས་ཡེང་ཡེང་པོར་གྱུར་ནས་འདི་

Vol. 206 · folio 238a

དག་ཁོ་ནས་ཆོག་གོ་སྙམ་དུ་སེམས་ཤིང་དགེ་བའི་ཕྱོགས་གཞན་མི་བྱེད་པ་སྟེ་རྒྱགས་པ་ཡང་དེ་ཉིད་ལ་བྱའོ། །རྣམ་པར་འཚེ་བ་ནི་སེམས་ཅན་རྣམས་ལ་རྣམ་པར་ཐོ་འཚམས་པའོ་ཞེས་བྱ་བ་ནི་སྙིང་རྗེ་དང་སྙིང་བརྩེ་བ་མེད་པའི་རྒྱུས་ཐལ་ལྕག་དང་ཁུ་ཚུར་ལ་སོགས་པས་

བརྡེག་ཅིང་འཆིང་བ་དང་། ནན་དབང་ལ་སོགས་པ་ནན་ཏུར་སྣ་ཚོགས་བྱེད་པ་ནི་ཐོ་འཚམས་པ་ཞེས་བྱའོ། །ངོ་ཚ་མེད་པ་ནི་ཁ་ན་མ་ཐོ་བས་བདག་ལ་མི་མཛེམ་པའོ་ཞེས་བྱ་བ་ནི་འདོད་ཆགས་དང་། ཞེ་སྡང་དང་གཏི་མུག་གི་ཤས་ཆེ་བས་དེའི་དབང་དུ་སོང་བ་ནི་ངོ་ཚ་མེད་པའོ། །ཁ་ན་མ་ཐོ་བ་

ནི་སྡིག་པ་མི་དགེ་བའི་ལས་སོ། །བདག་ལ་མི་མཛེས་པ་ནི་བདག་རིགས་ཀྱི་བུའམ་རབ་ཏུ་བྱུང་བའི་དགེ་སྦྱོང་ཡིན་པས། འདི་ལྟ་བུའི་ལས་བྱེད་པ་ནི་བདག་གི་ཆ་མ་ཡིན་ནོ་སྙམ་དུ་སེམས་པ་མེད་པར་སྡིག་པའི་ལས་ལ་འཇུག་པའོ། །ཁྲེལ་མེད་པ་ནི་ཁ་ན་མ་ཐོ་བས་གཞན་ལ་མི་འཛེམ་

པའོ་ཞེས་བྱ་བ་ལ། གཞན་ལ་མི་མཛེམ་པ་ཞེས་བྱ་བ་ནི་སྡིག་པ་མི་དགེ་བའི་ལས་བྱ་བའི་ཆ་མ་ཡིན་པ་རྣམས་བྱེད་པའི་ཚེ་ན། གཞན་གྱི་ཆད་པ་གཏུགས་ལ་སོགས་ཏེ་དཔྱ་ཞིང་སྨོད་པ་དང་ཁྲེལ་བས་དོགས་པ་མེད་པའི་ཕྱིར་རོ། །རྨུགས་པ་ནི་སེམས་ལས་སུ་མི་རུང་བ་སྟེ། སློང་བ་

ཉིད་དོ་ཞེས་བྱ་བ་ནི་གཏི་མུག་གི་ཤས་ཆེ་བས་ཉན་པ་དང་སེམས་པའི་དུས་ན་སེམས་ལས་སུ་མི་རུང་སྟེ། ཤེས་རབ་ཀྱི་ཁྱད་པར་གསལ་བའི་སེམས་མེད་པའི་ཕྱིར་རོ། །རྒོད་པ་ནི་སེམས་མ་ཞི་བའོ་ཞེས་བྱ་བ་ནི་འདོད་ཆགས་ཀྱི་ཤས་ཆེ་བས་སྔོན་རྩེ་རྩེ་དགོད་དགོད་པ་ལ་སོགས་པ་

སྡུག་པའི་མཚན་མའི་རྗེས་སུ་འབྲངས་ཏེ་གཡེངས་ནས་བསྒོམ་པའི་དུས་ན་ཞི་གནས་ཀྱི་བར་དུ་གཅོད་པའི་ཕྱིར་རོ། །མ་དད་པ་ནི་ལས་དང་འབྲས་བུ་དང་བདེན་པ་དང་དཀོན་མཆོག་རྣམས་ལ་ཡིད་མི་ཆེས་པ་དང་སེམས་མ་དང་བ་སྟེ། དད་པའི་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་

བ་ལ། ལས་ནི་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པའོ། །འབྲས་བུ་ནི་བདེ་བ་དང་སྡུག་བསྔལ་དང་གཉི་ག་མ་ཡིན་པའོ། །བདེན་པ་ནི་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་གྱི་བདེན་པ་སྟེ་བཞིའོ། །དཀོན་མཆོག་ནི་སངས་རྒྱས་དང་ཆོས་དང་དགེ་

Vol. 206 · folio 238b

འདུན་གསུམ་མོ། །དེ་དག་ཡོད་པར་ནི་ཡིད་མི་ཆེས་ལ་ཡོན་ཏན་ཡིན་པ་ནི་སེམས་མ་དང་བ་སྟེ། དད་པ་མེད་ན་དགེ་བའི་ཕྱོགས་ལ་སྦྱོར་བ་མེད་པའི་ཕྱིར་རོ། །ལེ་ལོ་ནི་དགེ་བ་ལ་སེམས་མངོན་པར་མི་སྤྲོ་བ་སྟེ། བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ནི་ཉན་པ་དང་། སེམས་པ་དང་།

བསྒོམ་པ་ལ་སོགས་པ་དགེ་བའི་ཕྱོགས་རྣམས་ལ་མི་འཇུག་པར་ཉལ་བ་དང་སྙེས་ཤིང་འཕྲེས་པའི་བསོད་ཉམས་ཀྱི་དབང་དུ་བྱེད་ཅིང་། གཏི་མུག་གི་ཤས་ཆེ་བས་དགེ་བ་ལ་མི་རྩོལ་བའི་ཕྱིར་བརྩོན་འགྲུས་ཀྱི་མི་མཐུན་པ་དང་མི་སྤྲོ་བ་ཞེས་བྱའོ། །བག་མེད་པ་ནི་ཆགས་པ་དང་། ཞེ་སྡང་

དང་ལེ་ལོ་གང་ཡིན་པ་དག་གིས་ཉོན་མོངས་པ་ལས་སེམས་མི་བསྲུང་བ་དང་། དགེ་བ་མི་བསྒོམ་པའོ་ཞེས་བྱ་བ་ནི། འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་གསུམ་གྱིས་རྒྱུ་བྱས་ནས་ལེ་ལོ་ལ་གནས་བཅས་ཏེ་དེ་བཞིའི་དབང་དུ་གྱུར་པ་ནི་བག་མེད་པའོ། །འདོད་ཆགས་ལ་སོགས་པ་ཆོས་

དེ་བཞིའི་རྗེས་སུ་སེམས་ཡན་དུ་བཏང་སྟེ་ཕྱིར་མི་ཟློག་པ་ནི་སེམས་མི་བསྲུང་བའོ། །མ་ཆགས་པ་ལ་སོགས་པ་དགེ་བའི་ཕྱོགས་ལ་ཡང་དང་ཡང་དུ་འདྲིས་པར་མི་བྱེད་པས་ན་མི་བསྒོམ་པ་ཞེས་བྱའོ། །བརྗེད་ངས་པ་ནི་དྲན་པ་ཉོན་མོངས་པ་ཅན་ཏེ། དགེ་བ་ལ་མི་གསལ་བའོ་ཞེས་བྱ་

བ་ལ། འདོད་ཆགས་ལ་སོགས་པ་དང་འདྲིས་པའི་དྲན་པ་ནི་ཉོན་མོངས་པ་ཅན་ནོ། །ཡང་དག་པའི་མན་ངག་བརྗེད་དེ། དགེ་བའི་ཕྱོགས་ལ་དྲན་པ་མེད་པས་ན་མི་གསལ་བ་དང་བརྗེད་ངས་པ་ཞེས་བྱའོ། །རྣམ་པར་གཡེང་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཤས་ཀྱིས་

འདོད་པའི་ཡོན་ཏན་ལྔ་པོ་དག་ལ་གང་སེམས་རྣམ་པར་འཕྲོ་བའོ་ཞེས་བྱ་བ་ལ་གཡེང་བ་ནི་རྣམ་པ་དྲུག་སྟེ། རང་བཞིན་གྱིས་གཡེང་བ་དང་། ཕྱི་རོལ་དུ་གཡེང་བ་དང་། ནང་གི་གཡེང་བ་དང་། མཚན་མའི་གཡེང་བ་དང་། གནས་ངན་ལེན་གྱི་གཡེང་བ་དང་། ཡིད་ལ་བྱེད་པའི་གཡེང་བའོ། །

དེ་ལ་རང་བཞིན་གྱིས་གཡེང་བ་ནི་སྒོ་ལྔའི་རྣམ་པར་ཤེས་པ་རྣམས་ཏེ། དེ་དག་རང་བཞིན་གྱིས་ཁ་ཕྱིར་བལྟས་པས་ནང་དུ་མཉམ་པར་འཇོག་མི་ནུས་པའི་ཕྱིར་རོ། །ཕྱི་རོལ་དུ་གཡེང་བ་ནི་མཉམ་པར་གཞག་པ་ན་ཏིང་ངེ་འཛིན་གྱི་ཡུལ་བོར་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་འདོད་པའི་ཡོན་

Vol. 206 · folio 239a

ཏན་ལྔ་ལ་འགྲོ་བའོ། །ནང་གི་རྣམ་པར་གཡེང་བ་ནི་མཉམ་པར་གཞག་པ་ན་བྱིང་བ་དང་། རྒོད་པ་དང་། རོ་མྱོང་བར་བྱེད་པ་སྟེ། སྐྱོན་དེ་གསུམ་གྱིས་ཏིང་ངེ་འཛིན་མེད་པར་བྱེད་པའི་ཕྱིར་རོ། །མཚན་མའི་གཡེང་བ་ནི་ཐར་པ་འདོད་པའི་བསམ་པ་ནི་མེད་ཀྱི། ཁེ་དང་གྲགས་པ་

འདོད་པའི་ཕྱིར་རོ། །གཞན་དག་གིས་འདི་ནི་བསམ་གཏན་པ་བཙུན་པ་ཞིག་ཡིན་ནོ་ཞེས་བརྗོད་པའི་མཚན་མ་ཙམ་ཞིག་འདོད་པའི་ཕྱིར་བརྩོན་པ་སྟེ། དེ་ནི་དགེ་བ་ལ་བརྩོན་དུ་ཟིན་ཀྱང་དོན་གྱི་འབྲས་བུ་མེད་པའི་ཕྱིར་རོ། །གནས་ངན་ལེན་གྱི་གཡེང་བ་ནི་ངར་འཛིན་པ་དང་ང་ཡིར་འཛིན་པ་དང་།

ངའོ་སྙམ་དུ་འཛིན་པ་དང་བཅས་པ་ཡིད་ལ་བྱེད་པ་ནི་གནས་ངན་ལེན་གྱི་གཡེང་བ་སྟེ། དེ་ནི་སྙིང་ནས་ཏིང་ངེ་འཛིན་གྱི་ཡོན་ཏན་འདོད་ཀྱང་བདག་གི་བསམ་གཏན་པའོ་སྙམ་པའི་ང་རྒྱལ་གྱི་དབང་གིས་བདག་ལ་བསྟོད་ཅིང་གཞན་ལ་ཁྱད་དུ་གསོད་པ་སྟེ། དངོས་སུ་ན་ང་རྒྱལ་གྱི་བག་

ཆགས་མ་སྤངས་ཤིང་བརྟས་པ་དང་། དེ་ལས་ང་རྒྱལ་མངོན་དུ་བྱུང་བ་དེ་གཉིས་ལ་གནས་ངན་ལེན་ཅེས་བྱ་སྟེ། དེ་དགེ་བ་དྲི་མ་ཅན་དུ་གྱུར་པའི་ཕྱིར་རོ། །ཡིད་ལ་བྱེད་པའི་གཡེང་བ་ནི་ཐེག་པ་ཆེན་པོའི་རིགས་ཅན་དག་འཁོར་བའི་སྡུག་བསྔལ་གྱིས་སྐྱོ་ཞིང་མི་བཟོད་དེ། ཉན་ཐོས་

ཀྱི་ཐེག་པ་ཡིད་ལ་བྱེད་ན་ཐེག་པ་ཆེན་པོ་ལས་ཉམས་པར་འགྱུར་ཏེ། དེའི་ཕྱིར་སེམས་རྣམ་པར་འཕྲོ་བ་ཞེས་བྱའོ། །ཤེས་བཞིན་མ་ཡིན་པ་ནི་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་སྟེ། དེ་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་ལ་མི་ཤེས་བཞིན་དུ་འཇུག་པའོ་ཞེས་བྱ་བ་

ནི། ཤེས་རབ་ཡོད་མོད་ཀྱི་འདོད་ཆགས་དང་མ་རིག་པ་ལ་སོགས་པ་ཉོན་མོངས་པ་རྣམས་དང་འདྲེས་པའི་ཕྱིར་ཉོན་མོངས་པ་དང་མཚུངས་པར་ལྡན་པ་ཞེས་བྱ་སྟེ། དེས་འགྲོ་བ་དང་ལྡོག་པ་དང་། སྨྲ་བ་དང་བསམ་པ་ལ་སོགས་པ་ཐོག་ཏུ་མི་ཕེབས་བཞིན་དུ་དམུ་ཐོམ་དུ་བྱེད་པའི་ཕྱིར་རོ། །

བཞི་གཞན་དུ་ཡང་ངོ་ཞེས་བྱ་བ་ནི་འགྱོད་པ་གཉིས་དང་། རྟོག་པ་དང་དཔྱོད་པ་སྟེ་དེ་ནི་གང་དུ་དགེ་བ་དང་མི་དགེ་བ་ལྟར་ཕྱོགས་གཅིག་ཏུ་ངེས་པ་མེད་དེ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཀུན་གྱི་ནང་དུ་འགྲོ་བས་དགེ་བའི་ནང་དུ་སོང་ན་མི་དགེ་བ་ལས་གཞན་མི་དགེ་བའི་ནང་

Vol. 206 · folio 239b

དུ་སོང་ན་དགེ་བ་ལས་གཞན་དུ་གྱུར་པའི་ཕྱིར་གཞན་དུ་ཞེས་བྱའོ། །འགྱོད་པ་ནི་ཡིད་ལ་གཅགས་པའོ་ཞེས་བྱ་བ་ནི་འགྱོད་པ་མང་སྟེ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམས་ལས་སུ་བྱས་ཏེ་ཉེས་སོ་ཞེས་འགྱོད་པ་དང་། ལས་སུ་མ་བྱས་པ་ཉེས་སོ་ཞེས་འགྱོད་པ་སྟེ། དེ་ཡང་དགེ་

བ་བྱས་པ་ཉེས་སོ་ཞེས་ཡིད་ལ་གཅགས་པ་ནི་འགྱོད་པ་མི་དགེ་བའོ། །དགེ་བ་མ་བྱས་སོ་ཞེས་ཡིད་ལ་གཅགས་པ་ནི་འགྱོད་པ་དགེ་བ་ཞེས་བྱ་སྟེ། མི་དགེ་བ་དང་ལུང་དུ་མ་བསྟན་པ་ལ་ཡང་དེ་བཞིན་དུ་མཐུན་མཐུན་དུ་སྦྱར་རོ། །གཉིད་ནི་འཇུག་པ་ལ་རང་དབང་མེད་པར་སེམས་སྡུད་

པའོ་ཞེས་བྱ་བ་ནི། སྒོ་དྲུག་གི་རྣམ་པར་ཤེས་པ་ཕྱིའི་ཡུལ་ལ་དམིགས་པ་ནི་འཇུག་པ་ཞེས་བྱ་སྟེ། གཉིད་ཀྱི་རྒྱུ་ཉམ་ཆུང་ཞིང་དུབ་པ་དང་ལུས་ལྕི་ཞིང་མུན་པ་ཡིད་ལ་བྱེད་དེ། རྨུགས་རྨུགས་པོར་འདུག་པའི་དབང་གིས་རྣམ་པར་ཤེས་པ་ཡུལ་ལ་འཇུག་མི་ནུས་ཤིང་། ལུས་ཀྱང་

འཛིན་མི་ནུས་པར་ནང་དུ་འདུས་ནས་བྱ་བ་ཀུན་ཤོར་བའི་མཚན་ཉིད་དེ། དེ་ཡང་དགེ་བ་བྱེད་བྱེད་པ་ལས་ཉལ་ཏེ་བར་ཆད་ན་མི་དགེ་བའི་གཉིད་དོ། །སྡིག་པ་བྱེད་བྱེད་པ་ལས་ཉལ་ཏེ་རྒྱུན་ཆད་ན་དགེ་བའི་གཉིད་དོ། །རི་མོ་དང་ཚེམ་དྲུབ་བྱེད་བྱེད་པ་ལས་བར་ཆད་དེ་ལོག་ན་ལུང་དུ་མ་བསྟན་

པའོ། །ཡང་ན་རྨི་ལམ་ན་དགེ་སྡིག་ཅི་བྱེད་པ་རྣམ་པ་གསུམ་དང་ཡང་སྦྱར་རོ། །རྟོག་པ་གང་ཞེ་ན། རྟོག་པ་ནི་ཀུན་དུ་ཚོལ་བའི་ཡིད་ཀྱིས་བརྗོད་པ་སྟེ་སེམས་པ་དང་ཤེས་རབ་ཀྱི་བྱེ་བྲག་གང་སེམས་རྩིང་བའོ་ཞེས་བྱ་བ་ལ། བརྩལ་བའི་དོན་ཡིད་ཀྱི་རྣམ་པར་ཤེས་པའི་སེམས་ལ་དྲན་པ་

ནི་རྟོག་པ་དང་ཡིད་ཀྱི་བརྗོད་པ་ཞེས་བྱའོ། །རྟོག་པ་དེ་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་སྟེ། འཇིག་རྟེན་གྱི་རྟོག་པ་ནི་སེམས་དེ་སེམས་པ་དང་འགྲོགས་པའོ། །འཇིག་རྟེན་ལས་འདས་པ་ནི་ཤེས་རབ་དང་འགྲོགས་པ་ལས་འབྱུང་སྟེ། འདི་ཅི་ཡིན་ཞེས་བཙལ་ནས་འདི་

ནི་བུམ་པའོ་སྣམ་བུའོ་ཞེས་རགས་རིམ་སྤྱི་ཙམ་ཞིག་འོལ་ཕྱོགས་སུ་ཤེས་པ་ནི་སེམས་རྩིང་བ་ཞེས་བྱའོ། །དཔྱོད་པ་གང་ཞེ་ན། སོ་སོར་རྟོག་པའི་ཡིད་ཀྱི་བརྗོད་པ་སྟེ། དེ་བཞིན་དུ་གང་སེམས་ཞིབ་པའོ་ཞེས་བྱ་བ་ལ། གཞན་ནི་གོང་མ་དང་འདྲ་ལ། སེམས་ཞིབ་པ་ཞེས་བྱ་བ་ནི་སྔར་

Vol. 206 · folio 240a

བུམ་པའོ་ཙམ་དུ་རྩིང་བར་བརྟགས་པ་དེ་ཉིད་ལ་དཔྱོད་དོ། །བུམ་པའི་བཟང་ངན་དང་ཚོས་མ་ཚོས་ཀྱི་ཁ་དོག་དང་དབྱིབས་ཞིབ་ཏུ་གཏན་ལ་འབེབས་པ་ལྟ་བུའོ། །སེམས་དང་མི་ལྡན་པའི་འདུ་བྱེད་བཅུ་བཞི་གང་ཞེ་ན་ཞེས་བྱ་བ་ལ། མི་ལྡན་པའི་སྒྲས་ནི་འདུ་ཤེས་མེད་

པ་དང་། འགོག་པ་དང་། བརྒྱལ་བ་དང་གཉིད་སྟུག་པོ་ལ་སོགས་པའི་དུས་ན་སེམས་མི་རྒྱུ་བ་ལ་བྱའོ། །གཞན་ཡང་དགེ་བ་བྱེད་པའི་དུས་ན་མི་དགེ་བའི་སེམས་མི་འབྱུང་བ་དང་། རི་མོ་དང་ཚེམ་དྲུབ་ལྟ་བུ་ལུང་དུ་མ་བསྟན་པ་བྱེད་པའི་དུས་ན་གཅིག་ཏུ་དགེ་བ་དང་། སྡིག་པ་བྱ་བའི་

སེམས་མི་འབྱུང་བ་ལྟ་བུ་ཡང་མི་ལྡན་པ་ཞེས་བྱ་སྟེ། གཞན་ལ་ཡང་དེ་དང་འདྲ་བར་སྦྱར་རོ། །དེ་དག་ཀྱང་གང་ཞེ་ན། ཐོབ་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པ་དང་། སྲོག་གི་དབང་པོ་དང་། རིས་མཐུན་པ་དང་སྐྱེ་བ་དང་།

རྒ་བ་དང་། གནས་པ་དང་། མི་རྟག་པ་ཉིད་དང་། མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་དང་། སོ་སོའི་སྐྱེ་བོ་ཉིད་དང་། དེ་ལྟ་བུའི་ཆ་དང་མཐུན་པ་དག་གོ། །ཐོབ་པ་ནི་རྙེད་པ་དང་ལྡན་པའོ་ཞེས་བྱ་བ་ནི། ལས་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ལས་གང་ཡང་རུང་བ་

ཞིག་བྱས་ན། ལས་གང་བྱས་པ་དེའི་བག་ཆགས་སྔོན་མེད་པ་ལས་དང་པོ་ཡོད་པར་བྱས་པ་ནི་རྙེད་པ་ཞེས་བྱ། དེ་ཕན་ཆད་དེ་དང་མི་འབྲལ་པས་འགྲོགས་པ་ནི་ལྡན་པ་ཞེས་བྱའོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི། དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་ལ། གོང་མ་མ་ཡིན་

པ་འབྱུང་བའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་སེམས་དང་སེམས་ལས་བྱུང་བའི་ཆོས་བསྟན་པ་མ་ཡིན་པ་རྣམས་གང་འགོག་པའོ་ཞེས་བྱ་བ་ལ་བསམ་གཏན་བཞི་པའི་གནས་གསུམ་པོའི་ཡ་ཐོག་འབྲས་བུ་ཆེ་བའི་གནས་དེ་ཐོབ་པར་བྱ་བའི་ཕྱིར་སྒོ་དྲུག་གི་རྣམ་པར་ཤེས་པ་

དང་། དེ་དང་འགྲོགས་པའི་འདུ་ཤེས་རྣམས་བཀག་སྟེ། གནས་པ་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ཞེས་བྱའོ། །བསམ་གཏན་གསུམ་པའི་སྐྱོན་མ་ལུས་པར་སྤངས་པ་ནི་དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་བ་ཞེས་བྱའོ། །བསམ་གཏན་བཞི་པའི་སྐྱོན་སྤངས་པ་མཐར་

Vol. 206 · folio 240b

མ་ཕྱིན་པས་ན་གོང་མ་མ་ཡིན་པ་ཞེས་བྱ། གནས་དེ་ནི་ཐར་པ་གཏན་དུ་མྱ་ངན་ལས་འདས་པ་ཡིན་ནོ་སྙམ་དུ་སེམས་པ་ནི་འབྱུང་བའི་འདུ་ཤེས་སོ། །དེ་ཐོབ་པར་བྱའོ་སྙམ་དུ་སེམས་པ་ནི་སྔོན་དུ་བཏང་བའི་ཡིད་ལ་བྱེད་པའོ། །སེམས་ནི་རྣམ་པར་ཤེས་པ་དྲུག་གོ། །སེམས་ལས་བྱུང་བ་ནི་འདུ་ཤེས་

ལ་སོགས་པ་སྟེ། དེ་དག་བར་འགའ་འབྱུང་། བར་འགའ་མི་འབྱུང་བས་བརྟན་པ་མ་ཡིན་པ་ཞེས་པ་སྟེ། དེ་དག་འགོག་པ་ལ་བྱའོ། །འགོག་པའི་སྙོམས་པར་འཇུག་པ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བ་སྲིད་པའི་རྩེ་མོ་ལས་གྱེན་དུ་བསྐྱོད་པ་ཞི་བར་གནས་པའི་འདུ་

ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་སེམས་དང་སེམས་ལས་བྱུང་བའི་ཆོས་བརྟན་པ་མ་ཡིན་པ་རྣམས་དང་། བརྟན་པ་རྣམས་ལས་ཀྱང་ཁ་ཅིག་འགོག་པ་གང་ཡིན་པའོ་ཞེས་བྱ་བ་ནི། རྣམ་པ་བཞིས་གོང་མ་དང་ཁྱད་པར་དུ་དབྱེ་སྟེ། དེ་ཡང་རང་བཞིན་དང་། གང་ཟག་དང་།

ས་དང་ཡིད་ལ་བྱེད་པའོ། །དེ་ལ་འདུ་ཤེས་མེད་པ་ནི་རྣམ་པར་ཤེས་པ་དྲུག་འགོག་ལ། འགོག་པ་ལ་སྙོམས་པར་ཞུགས་པ་ནི་རྣམ་པར་ཤེས་པ་བདུན་འགོག་པས་རང་བཞིན་གྱིས་ཁྱད་ཞུགས་སོ། །གང་ཟག་ནི་ཕྱིར་མི་ལྡོག་པའི་འཕགས་པ་ཡན་ཆད་དུ་འཇུག་པ་དང་། སོ་སོའི་སྐྱེ་

བོས་ཕྱེའོ། །ས་ནི་ཅི་ཡང་མེད་པའི་སྐྱེ་མཆེད་དང་། དགེ་རྒྱས་ཀྱིས་ཕྱེའོ། །ཡིད་ལ་བྱེད་པ་ནི་གཏན་དུ་འབྱུང་བ་དང་། རེ་ཞིག་ཞི་བར་གནས་སོ་སྙམ་པས་ཁྱད་ཞུགས་སོ། །དེ་ལ་ཅི་ཡང་མེད་པའི་སྐྱེ་མཆེད་ནི་གཟུགས་མེད་པའི་སྙོམས་པར་འཇུག་པའི་གནས་གསུམ་པ་སྟེ། འདོད་ཆགས་

དང་བྲལ་བ་ནི་དེའི་ཉོན་མོངས་པ་དང་བྲལ་བའོ། །འདུ་ཤེས་མེད་འདུ་ཤེས་མིན་གྱི་ཉོན་མོངས་པ་སྤོང་བ་ལ་ཞུགས་པ་ནི་སྲིད་པའི་རྩེ་མོ་ལས་གྱེན་དུ་བསྐྱོད་པ་ཞེས་བྱའོ། །དེ་མཐར་མ་ཕྱིན་པར་གནས་པ་འདི་ནི་གཏན་དུ་མྱ་ངན་ལས་འདས་པ་མ་ཡིན་ཡང་དེ་དང་འདྲ་བར་བདེ་བ་ཡིན་པས་

རེ་ཞིག་དེ་ལ་གནས་སོ་སྙམ་དུ་སེམས་པ་ནི་ཞི་བར་གནས་པའི་འདུ་ཤེས་དང་ཡིད་ལ་གནས་པའི་བྱེད་པ་སྔོན་དུ་བཏང་བ་ཞེས་བྱའོ། །སེམས་དང་སེམས་ལས་བྱུང་བ་ནི་གོང་མ་དང་འདྲ། བརྟན་པ་ནི་ཉོན་མོངས་པའི་ཡིད་དང་དེའི་འཁོར་རྣམས་ལ་བྱ་སྟེ། རྣམ་པར་ཤེས་པ་བདུན་འགོག་

Vol. 206 · folio 241a

པ་ལ་བྱའོ། །འདུ་ཤེས་མེད་པ་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་འབྲས་བུ་སྟེ། འདུ་ཤེས་མེད་པའི་སེམས་ཅན་ལྷ་རྣམས་ཀྱི་ནང་དུ་སྐྱེས་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་བརྟན་པ་མ་ཡིན་པ་རྣམས་གང་འགོག་པའོ་ཞེས་བྱ་བ་ནི་གོང་དུ་འདུ་ཤེས་

མེད་པར་སྙོམས་པར་ཞུགས་པ་དེའི་འབྲས་བུ་སྟེ། འབྲས་བུ་ཆེ་བའི་ལྷ་རྣམས་ཀྱི་ཕྱོགས་གཅིག་ན་འདུ་ཤེས་མེད་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེས་ནས་དང་པོ་ནི་འདུ་ཤེས་ཡོད། དེ་ནས་སྔོན་གྱི་ཤུགས་ཀྱིས་འདུ་ཤེས་ཇེ་ཕྲ་ཇེ་ཕྲ་སྟེ་མེད་པར་གྱུར་ནས་བསམ་གཏན་ཁྱད་པར་ཅན་དང་འདྲ་བར་

གནས་པ་སྟེ། རྣམ་པར་ཤེས་པ་དྲུག་འགག་པའོ། །སྲོག་གི་དབང་པོ་ནི་རིས་མཐུན་པ་རྣམས་སུ་སྔོན་གྱི་ལས་ཀྱིས་འཕངས་པས་གང་འདུ་བྱེད་རྣམས་ཀྱི་གནས་པའི་དུས་ངེས་པའོ་ཞེས་བྱ་བ་ལ་ཚེ་རིང་ཐུང་ཇི་སྲིད་དུ་མི་འཆི་བ་ནི་སྲོག་གི་དབང་པོ་ཞེས་བྱའོ། །ལྷ་ནི་ལྷ་ནང་འདྲ་བ་ནས།

གྲོག་སྦུར་ལ་སོགས་པ་ཐ་དད་པ་ནང་འདྲ་བ་ནི་རིས་མཐུན་པ་སྟེ། དེ་དག་སྔོན་གྱི་ལས་དགེ་སྡིག་གི་དབང་གིས་སྐྱེས་ནས་ཚེའི་བྱེ་བྲག་ལོ་བརྒྱ་སྟོང་མན་ཆད་སྐད་ཅིག་སྐད་ཅིག་ཡན་ཆད་ལོ་ཟླ་དང་ཞག་གྲངས་སོ་སོའི་སྐལ་བས་ཅི་ཐུབ་པ་ནི་འདུ་བྱེད་གནས་པའི་དུས་ངེས་པ་ཞེས་བྱའོ། །རིས་མཐུན་

པ་ནི་གང་སེམས་ཅན་རྣམས་ཀྱི་ལུས་འདྲ་བའོ་ཞེས་བྱ་བ་ནི་མི་དང་ལྷ་དང་དུད་འགྲོ་ལ་སོགས་པ་ལམ་རྒྱུད་ལྔར་སྐྱེས་པ་རྣམས་སོ་སོར་ནང་འདྲ་བ་ལ་བྱའོ། །སྐྱེ་བ་ནི་རིས་མཐུན་པར་གང་འདུ་བྱེད་རྣམས་མ་བྱུང་བ་ལས་བྱུང་བའོ་ཞེས་བྱ་བ་ནི་ལྷ་དང་མི་ལ་སོགས་པ་སེམས་ཅན་གང་

ཡང་རུང་བའི་ནང་དུ་སྔོན་མེད་པ་ལས་གཟོད་བྱ་བ་ནི་སྐྱེ་བའོ། །རྒ་བ་ནི་དེ་ལྟར་དེ་དག་གིས་རྒྱུན་གཞན་དུ་འགྱུར་བའོ་ཞེས་བྱ་བ་ནི་ཕུང་པོ་ལྔ་པོ་དེ་དག་དང་པོ་མེར་མེར་པོ་ལ་སོགས་པའི་རྒྱུན་གཞན་དང་གཞན་དུ་འགྱུར་བ་ནས་ཐ་མ་སྐྲ་དཀར་དང་གཉེར་མ་ཅན་ལ་སོགས་པའི་བར་དུ་

འགྱུར་བ་ལ་བྱའོ། །གནས་པ་ནི་དེ་ལྟར་དེ་དག་གི་རྒྱུན་རྒྱུད་ཆགས་པའོ་ཞེས་བྱ་བ་ནི་འདུ་བྱེད་ཀྱི་ཕུང་པོ་དེ་དག་བྱུང་ནས་དེ་སྐད་ཅིག་མའི་རྒྱུན་བརྒྱུད་པ་ནམ་མ་ཤིའི་བར་དུ་འདུག་པ་ནི་གནས་པ་ཞེས་བྱའོ། །མི་རྟག་པ་ནི་དེ་དག་གི་རྒྱུད་རྒྱུན་ཆད་པའོ་ཞེས་བྱ་བ་ནི་ཕུང་པོའི་སྐད་

Vol. 206 · folio 241b

ཅིག་མའི་རྒྱུན་ཆད་ནས་ཚེ་འཕོས་ཏེ་ཕུང་པོ་ཞིག་པའོ། །མིང་གི་ཚོགས་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་ཚིག་བླ་དགས་སོ་ཞེས་བྱ་བ་ནི་ཆོས་གཅིག་ལ་སྐད་བརྡ་ཐ་དད་པས་མིང་དུ་བཏགས་ཤིང་དེས་དོན་གོ་བར་བྱེད་པ་སྟེ། དེ་ཡང་མེ་དང་ཆུ་ཞེས་བྱ་བ་དང་། རྒྱ་གར་གྱི་སྐད་ཀྱིས་ཨག་ནི་

དང་། པ་ནི་ཞེས་བརྗོད་པ་དང་། མེ་ནི་སྲེག་པར་བྱེད་པ་ཡིན། ཆུ་ནི་གཤེར་བར་བྱེད་པ་ཡིན་ནོ། །བར་དོན་གོ་བ་ལྟ་བུའོ། །ཡང་ན་མིང་གཅིག་བཏགས་པ་ལ་ཡི་གེར་བྱས་ན་ཡི་གེ་འབྲུ་མང་པོ་དུ་མ་ཚོགས་པ་དེ་ལ་མིང་གི་ཚོགས་ཞེས་བྱའོ། །ངོ་བོ་ཉིད་ཀྱི་ཚིག་བླ་དགས་ཞེས་བྱ་བ་ལ།

ཚ་བ་དང་གཤེར་བ་ལ་སོགས་པ་རང་རང་གི་བྱ་བ་བྱེད་ནུས་པ་ནི་ངོ་བོ་ཉིད་ཅེས་བྱ། མེ་དང་ཆུ་ཞེས་བྱ་བ་ལ་སོགས་པ་ནི་བླ་དགས་སུ་མིང་བཏགས་ན་ཚིག་བླ་དགས་ཞེས་བྱ་སྟེ། དེ་ལྟ་མ་ཡིན་ཏེ། མིང་ཉིད་དོན་ཡིན་ན་ནི་མེ་ཞེས་བརྗོད་པས་ཁ་ཚིག་པར་འགྱུར་བའི་ཕྱིར་རོ། །ཚིག་

གི་ཚོགས་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་བྱེ་བྲག་གི་ཚིག་བླ་དགས་སོ་ཞེས་བྱ་བ་ལ་མེ་དང་ཆུ་ཞེས་བྱ་བ་ལ་སོགས་པར་མིང་དུ་བཏགས་པ་ནི་མིང་གི་ཚོགས་ཞེས་བྱ། ཆུ་དེ་ཡང་མི་རྟག་པ་དང་སྡུག་བསྔལ་བ་དང་། སྟོང་པ་དང་བདག་མེད་པ་ཡིན་ནོ་ཞེས་བརྗོད་པ་ནི་ཚིག་གི་

ཚོགས་ཞེས་བྱ་སྟེ། ཆོས་རྣམས་ཀྱི་བྱེ་བྲག་གི་ཚིག་བླ་དགས་ཀྱང་དེ་ཉིད་ཡིན་ཏེ་ཆོས་ཐམས་ཅད་ལ་དེ་བཞིན་དུ་བསྒྲེ་ཞིང་སྦྱར་རོ། །ཡི་གེའི་ཚོགས་ནི་ཡི་གེ་རྣམས་ཏེ། དེ་གཉི་ག་གསལ་བར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ལ། ཡི་གེ་ཐམས་ཅད་ཀྱི་ཕྱི་མོ་ཨ་དང་ཀ་ལ་སོགས་པ་

མང་པོ་འདུས་པ་ནི་ཡི་གེའི་ཚོགས་སོ། །ཆོས་རྣམས་ཀྱི་ངོ་བོ་ཉིད་དང་། དེའི་ཁྱད་པར་དག་ཡི་གེས་མིང་དང་ཚིག་ཏུ་བཏགས་ནས་དེའི་དོན་སོ་སོར་གོ་བར་བྱེད་པ་ནི་གསལ་བར་བྱེད་པ་ཞེས་བྱའོ། །སོ་སོའི་སྐྱེ་བོ་ནི་འཕགས་པའི་ཆོས་མ་ཐོབ་པའོ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་

པའི་ཉོན་མོངས་པ་མ་སྤངས་ཤིང་རང་རང་གི་ལས་ཀྱི་དབང་གིས་གནས་ཐ་དད་པར་སྐྱེས་པ་ནི་སོ་སོའི་སྐྱེ་བོ་ཞེས་བྱའོ། །རྒྱུན་དུ་ཞུགས་པ་དང་ས་དང་པོ་ཐོབ་པ་ཡན་ཆད་ནི་འཕགས་པ་ཞེས་བྱ། འཕགས་པ་དེའི་ཆོས་ནི་མཐོང་བས་སྤང་བ་དང་། བསྒོམ་པས་སྤང་པའི་སྒྲིབ་པ་

Vol. 206 · folio 242a

རྣམས་སྤངས་པ་སྟེ། དེ་དག་མ་ཐོབ་པའི་ཕྱིར་སྐྱེ་བོ་ཞེས་བྱའོ། །དེ་ལྟ་བུའི་ཆ་དང་མཐུན་པ་ནི་འཇུག་པ་ལ་སོགས་པའོ་ཞེས་བྱ་བ་ནི་འདུ་བྱེད་སེམས་དང་མི་ལྡན་པའི་ཆ་དང་མཐུན་པའོ། །སོགས་པའི་སྒྲས་ནི་འཇུག་པ་ནས་ཚོགས་པའི་བར་དུ་དགུ་པོ་དག་བསྡུའོ། །དེ་ལ་འཇུག་པ་ནི་མི་ལ་

སོགས་པ་སེམས་ཅན་གང་ཡང་རུང་བའི་ཕུང་པོ་བླངས་ནས། སྐད་ཅིག་མའི་ཕྲེང་རྒྱུད་དང་འབྲས་བུའི་ཚུལ་རྒྱུན་མ་ཆད་པར་འཇུག་པ་ལ་བྱ་སྟེ། སྐད་ཅིག་མ་གཅིག་གམ་ཕུང་པོའི་རྒྱུན་ཆད་པ་ལ་ནི་མི་བྱའོ། །སོ་སོར་ངེས་པ་ནི་ཕྱི་ནང་གི་ཆོས་རྒྱུ་དང་འབྲས་བུ་སོ་སོར་ངེས་པ་སྟེ། ཕྱིའི་ཆོས་ནི་རྒྱུ་ནས་འབྲས་

ཀྱི་ས་བོན་བཏབ་ན་འབྲས་བུ་ཡང་ནས་འབྲས་ཉིད་དུ་ངེས་པར་འབྱུང་ཞིང་། བྲ་སྲན་དུ་མི་འགྱུར། རྒྱུ་བྲ་སྲན་གྱི་ས་བོན་བཏབ་ན་འབྲས་བུ་ཡང་དེ་བཞིན་དུ་འགྱུར་རོ། །ནང་གི་ཆོས་ཀྱང་ལས་དགེ་བ་ལས་ནི་འབྲས་བུ་ཡང་བདེ་བ། ལས་མི་དགེ་བ་ལས་ནི་འབྲས་བུ་ཡང་སྡུག་བསྔལ་དུ་ངེས་ཏེ། གཞན་དུ་མི་

འགྱུར་བའོ། །འབྱོར་པ་ནི་ཡོན་ཏན་གྱི་རྒྱུ་དང་འབྲས་བུ་འཚམ་པ་སྟེ། སྦྱིན་པས་ནི་ལོངས་སྤྱོད་འབྱོར། ཚུལ་ཁྲིམས་ཀྱིས་ནི་མཐོ་རིས། བཟོད་པས་ནི་བྱད་བཞིན། བརྩོན་འགྲུས་ཀྱིས་ནི་ཡོན་ཏན་རྣམས་འཕེལ་ཞིང་བར་མི་འཆད། བསམ་གཏན་གྱིས་ནི་ཤེས་རབ། ཤེས་རབ་ཀྱིས་ནི་རིག་པའི་གནས་ལྔ་ལ་མཁས་

པ་ལ་སོགས་ཏེ། ཕུན་སུམ་ཚོགས་པ་ཀུན་འབྱོར་ཏོ། །མགྱོགས་པ་ནི་རྒྱུ་དང་འབྲས་བུ་མྱུར་དུ་འབྱུང་བ་སྟེ། གོང་མའི་སྦྱིན་པ་ལ་སོགས་པའི་རྒྱུ་དང་འབྲས་བུ་རྣམས་དང་། ཡང་སྐད་ཅིག་མའི་སྔ་ཕྱིའི་རྒྱུ་དང་འབྲས་བུ་མྱུར་དུ་འབྱུང་བའི་ཕྱིར་རོ། །གོ་རིམས་ནི་རྒྱུ་སྔར་བྱུང་ལ་འབྲས་བུ་ཕྱིས་འབྱུང་བ་སྟེ། ཕྱི་

ནང་གི་ཆོས་ཐམས་ཅད་ཀྱང་རྒྱུ་དང་འབྲས་བུ་མགོ་མཉམ་དུ་མི་འབྱུང་གི །རེ་རེ་ནས་རིམ་བཞིན་འབྱུང་བའོ། །དུས་ནི་རྒྱུ་དང་འབྲས་བུ་རྒྱུན་དུ་འབྱུང་བའི་དུས་ཏེ་རྒྱུ་འབྲས་བྱུང་སྟེ་འགགས་པ་ལ་ནི་འདས་པའི་དུས་ཞེས་གདགས། རྒྱུ་འབྲས་མ་བྱུང་བ་ནི་མ་འོངས་པའི་དུས་ཞེས་གདགས། རྒྱུ་འབྲས་བྱུང་སྟེ་

མ་འགགས་པ་ལ་ནི་ད་ལྟར་གྱི་དུས་ཞེས་གདགས་སོ། །ཡུལ་ནི་ལྷོ་བྱང་ཤར་ནུབ་ཕྱོགས་བཅུའི་ཕྱོགས་རེ་རེ་ཀུན་ནས་ཡང་། ཕྱི་ནང་གི་ཆོས་རྒྱུ་དང་འབྲས་བུའི་དངོས་པོར་སྐྱེ་བ་ཡོད་པ་ཀུན་ལ་ཡུལ་ཞེས་བྱའོ། །གྲངས་ཞེས་བྱ་བ་ནི་དངོས་པོ་གཅིག་པུ་ལ་གྲངས་སུ་བགྲང་དུ་མེད་ཀྱི། དངོས་པོ་ཐ་དད་

Vol. 206 · folio 242b

པ་མང་པོ་ལ་གཉིས་དང་གསུམ་ལ་སོགས་པར་གྲངས་སུ་བགྲང་བས་ན། འདུ་བྱེད་རྣམས་ནི་གཅིག་པུ་མ་ཡིན་ཞིང་རྣམ་པ་མང་པོ་ཞེས་བྱ་བའི་དོན་ཏོ། །ཚོགས་པ་ཞེས་བྱ་བ་ནི་ཕྱི་ནང་གི་ཆོས་རྣམས་སྐྱེ་བའི་རྒྱུ་དང་རྐྱེན་ཏེ། ས་བོན་དང་ས་ཆུ་མེ་རླུང་ནི་ཕྱིའོ། །མ་རིག་པ་འདུ་བྱེད་གཉིས་དང་ཁམས་དྲུག་ནང་གི་རྒྱུ་དང་

རྐྱེན་ཏེ། དེ་དག་འདུས་པ་ནི་ཕྱི་ནང་གི་ཆོས་རྣམས་སྐྱེད་པར་བྱེད་པས་ཚོགས་པའོ། །རྣམ་པར་ཤེས་པའི་ཕུང་པོ་གང་ཞེ་ན། དམིགས་པ་རྣམ་པར་རིག་པའོ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་བརྒྱད་པོ་སོ་སོའི་ཡུལ་ཤེས་པར་བྱེད་པའོ། །སེམས་དང་ཡིད་ཀྱང་དེ་ཡིན་ཏེ། སྣ་ཚོགས་དང་ཡིད་རྟེན་བྱེད་པའི་ཕྱིར་རོ་ཞེས་བྱ་བ་

ལ། སེམས་ནི་སྣ་ཚོགས་ཞེས་བྱ་བའི་དོན་ཏེ། དེ་ཡང་མིག་དང་རྣ་བ་ལ་སོགས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་དྲུག་པོ་དེ་དག་རང་རང་གི་ཡུལ་ཐ་དད་པའི་ཆོས་སྣ་ཚོགས་ལ་འཇུག་པའི་ཕྱིར་རོ། །རྣམ་པར་ཤེས་པ་སྔ་མ་འགགས་པ་ནི་ཡིད་ཅེས་བྱ་སྟེ། རྣམ་པར་ཤེས་པ་ཕྱི་མ་སྐྱེད་པའི་རྒྱུ་བྱེད་པའི་

ཕྱིར་ཡིད་རྟེན་བྱེད་པ་ཞེས་བྱའོ། །དངོས་སུ་ན་སེམས་ནི་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་སྟེ། དེ་ནི་འདུ་བྱེད་ཐམས་ཅད་ཀྱི་ས་བོན་བསགས་པའོ་ཞེས་བྱ་བ་ནི་གང་གི་རྣམ་པར་ཤེས་པ་དྲུག་པོ་ལ་ཡང་སེམས་ཞེས་བྱ་མོད་ཀྱི་གཏན་ལ་དབབ་པར་ན་སེམས་ནི་ཀུན་གཞི་ལ་བྱའོ། །ཅིའི་ཕྱིར་ཞེ་ན། སེམས་ཀྱི་སྒྲ་ནི་བསགས་

པར་འདྲེན་ལ། ཀུན་གཞི་ཡང་སྐད་ཅིག་མ་རེ་རེ་ལ་ལས་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་འདུ་བྱེད་ཐམས་ཅད་ཀྱི་བག་ཆགས་བསགས་པའི་ཕྱིར་རོ། །དེ་ཡང་དམིགས་པ་དང་། རྣམ་པ་ཡོངས་སུ་མ་ཆད་པའོ་ཞེས་བྱ་བ་ནི། ཀུན་གཞི་རྣམ་པར་ཤེས་པ་དེའི་ཡུལ་ལ་ལ་ལ་དམིགས་ལ་ལ་ལ་མི་

དམིགས་པ་མ་ཡིན་གྱི། སྣོད་དང་བཅུད་ཀྱི་འཇིག་རྟེན་མ་ལུས་པ་ཐམས་ཅད་ལ་དམིགས་པ་མ་ཆད་པའོ། །ཁ་དོག་སྔོན་པོ་དང་སེར་པོ་ལ་སོགས་པའི་བྱེ་བྲག་གསལ་བར་མི་འབྱེད་པས་རྣམ་པ་མ་ཆད་པའོ། །ལེན་པའི་རྣམ་པར་ཤེས་པ་ཡང་དེ་ཡིན་ཏེ། ལུས་ལེན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཚེ་ཕྱི་མར་ལུས་ལེན་པ་ནི་བདག་

རྟག་པ་མ་ཡིན་གྱི་སེམས་ཀྱིས་ལུས་ལེན་ཏེ། དེ་ཡང་མངལ་དུ་ཁྲག་དང་ཁུ་བ་འཛིན་པ་ནས་དེ་ནམ་མ་ཤི་བའི་བར་དུ་ལུས་འཛིན་པས་ན་ལེན་པའི་རྣམ་པར་ཤེས་པ་ཡང་དེ་ཉིད་ཡིན་ཞེས་སྨོས་ཏེ། མིག་ལ་སོགས་པ་རྣམ་པར་ཤེས་པ་དྲུག་པོ་དང་བདག་རྟག་པ་དག་ནི་ལུས་ལེན་པ་མ་ཡིན་ན་ཞེས་བྱ་བའི་དོན་ཏོ། །དངོས་སུ་

Vol. 206 · folio 243a

ཡིད་ཀུན་གཞི་རྣམ་པར་ཤེས་པ་ལ་དམིགས་ཏེ་རྟག་ཏུ་འཁོར་བཞི་དང་ལྡན་པའོ་ཞེས་བྱ་བ་ནི་གོང་དུ་སྒོ་དྲུག་གི་རྣམ་པར་ཤེས་པ་ལ་སེམས་ཞེས་བཏགས་མོད་ཀྱི་དངོས་སུ་ན་སེམས་ནི་ཀུན་གཞི་ཡིན་ནོ་ཞེས་བྱ་བ་དང་འདྲ་བར་འདིར་ཡང་གོང་དུ་རྣམ་པར་ཤེས་པ་

དྲུག་པོ་འགགས་མ་ཐག་པ་དེ་ལ་ཡིད་ཅེས་བཏགས་མོད་ཀྱི་དངོས་སུ་དེ་ལ་མི་བྱ་སྟེ། འདིར་ནི་ཉོན་མོངས་པ་ཅན་གྱི་ཡིད་ལ་ཡིད་ཅེས་བྱ་སྟེ། དེ་རྣམ་པར་ཤེས་པ་ཡིན་ན། དམིགས་པ་མེད་དུ་མི་རུང་བས་དམིགས་པའི་ཡུལ་ཀུན་གཞིའོ། །དེ་སེམས་ཡིན་ན་སེམས་ལས་བྱུང་བ་མེད་དུ་མི་

རུང་བས་སེམས་ལས་བྱུང་བ་ནི་བདག་ཏུ་རྨོངས་པ་དང་། བདག་ཏུ་ལྟ་བ་དང་། བདག་ཏུ་ང་རྒྱལ་བ་དང་། བདག་ལ་ཆགས་པ་བཞི་དང་ཀུན་དུ་འགྲོ་བ་ལྔ་སྟེ། སེམས་ལས་བྱུང་བའི་འཁོར་དགུ་དང་ལྡན་ནོ་ཞེས་བྱའོ། །འཇུག་པའི་རྣམ་པར་ཤེས་པ་དྲུག་ཀྱང་མདོ་གཞན་ལས་འབྱུང་བ་བཞིན་དུ་

ཅི་རིགས་པར་ཤེས་པར་བྱའོ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དྲུག་སྟེ། དེ་ཡང་མིག་གི་རྣམ་པར་ཤེས་པ་ནི་མིག་ལ་བརྟེན་གཟུགས་ལ་དམིགས་ནས་གཟུགས་ཡོངས་སུ་ཤེས་པར་བྱེད་པས་ན། རྣ་བའི་རྣམ་པར་ཤེས་པ་ལ་སོགས་པ་ཀུན་ལ་ཡང་དེ་བཞིན་དུ་

སྦྱར་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡིད་ཀྱི་དབང་པོ་ལ་བརྟེན་ནས་ཆོས་ལ་དམིགས་ཤིང་ཆོས་ཡོངས་སུ་ཤེས་པར་བྱེད་པའི་བར་དུ་དེ་ལྟར་ཤེས་པར་བྱའོ། །སྐྱེ་མཆེད་བཅུ་གཉིས་གང་ཞེ་ན་ཞེས་བྱ་བ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་འབྱུང་ཞིང་སྐྱེ་བའི་རྒྱུའམ་སྒོ་ལྟ་བུར་གྱུར་

པས་སྐྱེ་མཆེད་ཅེས་བྱ་སྟེ། དངོས་སུ་ན་མིག་གི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་དང་། རྣ་བའི་སྐྱེ་མཆེད་དང་། སྒྲའི་སྐྱེ་མཆེད་དང་། སྣའི་སྐྱེ་མཆེད་དང་། དྲིའི་སྐྱེ་མཆེད་དང་། ལྕེའི་སྐྱེ་མཆེད་དང་། རོའི་སྐྱེ་མཆེད་དང་། ལུས་ཀྱི་སྐྱེ་མཆེད་དང་། རེག་བྱའི་སྐྱེ་མཆེད་དང་། ཡིད་ཀྱི་སྐྱེ་མཆེད་

དང་ཆོས་ཀྱི་སྐྱེ་མཆེད་དོ་ཞེས་སྨོས་ཏེ། མིག་ལ་སོགས་པའི་དབང་པོ་རྣམས་ལ་བརྟེན་ནས་ཡུལ་རྣམས་ལ་དམིགས་ཏེ། རྣམ་པར་ཤེས་པ་དྲུག་སྐྱེ་བས་ན་དབང་པོ་དྲུག་དང་། ཡུལ་དྲུག་ལ་ནི་སྐྱེ་མཆེད་བཅུ་གཉིས་ཞེས་བྱའོ། །དེ་ལ་རྣམ་པར་ཤེས་པའི་ཕུང་པོར་གཏོགས་པ་རྣམ་པར་ཤེས་པ་

Vol. 206 · folio 243b

བརྒྱད་ནི་ཡིད་ཀྱི་སྐྱེ་མཆེད་དུ་བསྡུའོ། །སོ་སོར་བརྟགས་ཏེ་འགོག་པ་དང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དང་ནམ་མཁའ་དང་དེ་བཞིན་ཉིད་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་སྟེ། ཆོས་དེ་བརྒྱད་ནི་ཆོས་ཀྱི་སྐྱེ་མཆེད་དུ་བསྡུའོ། །གཞན་ནི་གོ་

སླའོ། །ཁམས་བཅོ་བརྒྱད་གང་ཞེ་ན་ཞེས་བྱ་བ་ནི་རྟེན་གྱི་ཁམས་དྲུག་དང་། དམིགས་པའི་ཁམས་དྲུག་དང་བརྟེན་པའི་ཁམས་དྲུག་སྟེ་བཅོ་བརྒྱད་དོ། །དེ་ལ་དབང་པོ་དྲུག་རྟེན་ཞེས་བྱ། ཡུལ་དྲུག་ནི་དམིགས་པ་ཞེས་བྱ། རྣམ་པར་ཤེས་པ་དྲུག་ནི་བརྟེན་པ་ཞེས་བྱ་སྟེ། དངོས་སུ་ན། མིག་གི་

ཁམས་དང་གཟུགས་ཀྱི་ཁམས་དང་མིག་གི་རྣམ་པར་ཤེས་པའི་ཁམས་དང་། རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་

པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སོ་ཞེས་སྨོས་ཏེ། གོང་དུ་བཤད་པ་ལྟར་རིམ་བཞིན་སྦྱར་རོ། །ཁམས་དྲུག་གང་ཞེ་ན་ཞེས་བྱ་བ་ནི་མིང་དུ་ཁམས་དྲུག་

ཅེས་བརྗོད་པའི་རྣམ་གྲངས་གཞན་དག་ཀྱང་འདིར་བསྟན་ཏེ། དེ་ཡང་སའི་ཁམས་ནི་ས་བོན་བརྟེན་པའི་བྱ་བ་བྱེད་དོ། །ཆུའི་ཁམས་ནི་ས་བོན་བརླན་པའི་བྱ་བ་བྱེད་དོ། །མེའི་ཁམས་ནི་ས་བོན་དྲོ་བའི་བྱ་བ་བྱེད་དོ། །རླུང་གི་ཁམས་ནི་ས་བོན་འབུ་བའི་བྱ་བ་བྱེད་དོ། །ནམ་མཁའི་ཁམས་ནི་ས་བོན་མི་སྒྲིབ་

པའི་བྱ་བ་བྱེད་དོ། །དུས་ནི་ས་བོན་འགྱུར་བའི་བྱ་བ་བྱེད་དོ། །རྣམ་པར་ཤེས་པའི་ཁམས་ཞེས་ཀྱང་བཏགས་ཏེ། ཀུན་གཞི་རྣམ་པར་ཤེས་པ་ནི་མིང་དང་གཟུགས་སྐྱེ་བའི་བྱ་བ་བྱེད་དོ། །ནང་གི་ཆོས་སྐྱེ་བའི་ས་བོན་ཡིན་ནོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་གང་ཞེ་ན་ཞེས་བྱ་བ་ནི་ནང་

གི་ཆོས་རྣམས་ཇི་ལྟར་སྐྱེ་བའི་རྒྱུ་དང་འབྲས་བུ་རྣམས་སྟོན་ཏེ། དེ་ལ་མུན་པ་ཆེན་པོའི་ཕྱིར་མ་རིག་པའོ་ཞེས་བྱ་བ་ནི་དཔེར་ན་མུན་པས་བསྒྲིབས་ན་རྫས་ཀྱི་དངོས་པོ་རགས་པ་ཡང་མི་མཐོང་བ་དང་འདྲ་བར་མ་རིག་པས་ཀྱང་ལས་དང་ལས་ཀྱི་འབྲས་བུ་ཡོད་པ་དང་། བདེན་པ་དང་། དཀོན་མཆོག་ཡོན་ཏན་

Vol. 206 · folio 244a

ཅན་དང་། ཆོས་རྣམས་ཀྱི་མཚན་ཉིད་སྟོང་པ་ཉིད་དུ་མཐོང་བར་བྱ་བ་ལ་བསྒྲིབས་ཏེ་མི་མཐོང་བས་ན་མུན་པ་ཞེས་བྱའོ། །མངོན་པར་འདུ་བྱེད་པའི་ཕྱིར་འདུ་བྱེད་རྣམས་སོ་ཞེས་བྱ་བ་ནི་ཁམས་གསུམ་དུ་ལས་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་སྣ་ཚོགས་བྱེད་པས་ན་འདུ་

བྱེད་དོ། །རྣམ་པར་རིག་པའི་ཕྱིར་རྣམ་པར་ཤེས་པའོ་ཞེས་བྱ་བ་ནི་ཕྱི་ནང་གི་ཆོས་རྣམས་ལ་གཟུགས་དང་སྒྲ་ལ་སོགས་པ་ཡུལ་ཐ་དད་པ་མིག་ལ་སོགས་པའི་རྣམ་པར་ཤེས་པས་སོ་སོར་རིག་ཅིང་ཤེས་པས་ན་རྣམ་པར་ཤེས་པ་ཞེས་བྱའོ། །བརྟེན་པའི་ཕྱིར་མིང་དང་གཟུགས་སོ་ཞེས་བྱ་བ་ནི་དཔེར་ན་ཤིང་

གསུམ་རྩེ་སྤྲད་ན་མདུང་ཁྱིམ་དུ་རུང་བ་དང་འདྲ་བར་མིང་གི་ཕུང་པོ་དང་གཟུགས་ཀྱི་ཕུང་པོ་གཉིས་ཀྱང་གཅིག་ལ་གཅིག་བརྟེན་པས་ན་མིང་དང་གཟུགས་ཞེས་བྱའོ། །སྐྱེ་བའི་སྒོའི་ཕྱིར་སྐྱེ་མཆེད་དྲུག་གོ་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་སྐྱེ་ཞིང་འབྱུང་བའི་རྒྱུ་བྱེད་པས་ན་སྒོ་ཞེས་བྱ་སྟེ།

དངོས་སུ་ན་མིག་ལ་སོགས་པའི་དབང་པོ་དྲུག་ནི་སྐྱེ་མཆེད་ཅེས་བྱའོ། །རེག་པའི་ཕྱིར་རེག་པའོ་ཞེས་བྱ་བ་ནི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་གསུམ་འདུས་པ་ལ་རེག་པ་ཞེས་བྱའོ། །མྱོང་བའི་ཕྱིར་ཚོར་བའོ་ཞེས་བྱ་བ་ནི། ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་གསུམ་འདུས་པ་ན་ཡུལ་ཡིད་དུ་འོང་བ་དང་།

ཡིད་དུ་མི་འོང་བ་དང་། གཉི་ག་མ་ཡིན་པ་གང་དང་གང་ལ་རེག་པའི་རྒྱུས་ཚོར་བ་ཡང་བདེ་སྡུག་རྣམ་པ་གསུམ་མྱོང་བ་ནི་ཚོར་བ་ཞེས་བྱའོ། །སྐོམ་པའི་ཕྱིར་སྲེད་པའོ་ཞེས་བྱ་བ་ནི། སྐོམ་གྱིས་གདུངས་པ་དང་འདྲ་བར་ཚོར་བ་སྡུག་བསྔལ་དང་ནི་འབྲལ་བར་འདོད་ལ། ཚོར་བ་བདེ་བ་དང་ནི་ཕྲད་ཅིང་།

འགྲོགས་པར་འདོད་པས་སྲེད་པ་ཞེས་བྱའོ། །ལེན་པའི་ཕྱིར་ལེན་པའོ་ཞེས་བྱ་བ་ནི་ལེན་པ་བཞི་སྟེ། འདོད་པ་ལེན་པ་དང་། ལྟ་བ་ལེན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་སྙེམས་པ་ལེན་པ་དང་། བདག་ཏུ་སྨྲ་བ་ལེན་པའི་ཕྱིར་ལེན་པ་ཞེས་བྱའོ། །ཡང་སྲིད་པར་སྐྱེ་བའི་ཕྱིར་སྲིད་པའོ་ཞེས་བྱ་བ་ནི་

ཁམས་གསུམ་དུ་སྐྱེ་བའི་ཕྱིར་ཏེ། དེ་ཡང་སྐྱེ་བའི་རྒྱུ་ལས་དང་ཉོན་མོངས་པའི་བག་ཆགས་བརྟས་ནས་ཚེ་ཕྱི་མར་སྐྱེ་བ་ནི་སྲིད་པ་ཞེས་བྱའོ། །ཕུང་པོ་འབྱུང་བའི་ཕྱིར་སྐྱེ་བའོ་ཞེས་བྱ་བ་ནི་ལམ་རྒྱུད་ལྔར་ལྷ་དང་མི་ལ་སོགས་པའི་ལུས་ཀྱི་ཕུང་པོ་སྔོན་མེད་པ་ལས་གཟོད་བྱུང་བ་ནི་སྐྱེ་བ་ཞེས་བྱའོ། །ཕུང་

Vol. 206 · folio 244b

པོ་སྨིན་པའི་ཕྱིར་རྒ་བའོ་ཞེས་བྱ་བ་ནི་ཤིང་ཐོག་སྨིན་ནས་རྙིངས་པ་དང་འདྲ་བར་སྐྲ་དཀར་དང་གཉེར་མ་ཅན་དུ་འགྱུར་བ་ནི་རྒ་བ་ཞེས་བྱའོ། །འཇིག་པའི་ཕྱིར་འཆི་བའོ་ཞེས་བྱ་བ་ནི་ལུས་ཀྱི་ཕུང་པོ་གནས་པའི་དུས་ཟད་དེ་དྲོད་དང་རྣམ་པར་ཤེས་པས་བཏང་ནས་ཞིག་པའི་ཕྱིར་འཆི་བའོ། །སྐབས་ཡིན་པས་ན་ཞེས་བྱ་

བ་ནི། སྡུག་བསྔལ་འདི་དག་ཀྱང་སྐྱེ་བ་དང་། རྒ་ཤིའི་ཡན་ལག་ཏུ་གཏོགས་ཤིང་འབྲེལ་བ་ཡིན་ནོ་ཞེས་བྱ་བའོ། །མྱ་ངན་ནི་གཉེན་བཤེས་དང་ལོངས་སྤྱོད་ཀྱི་ཡོ་བྱད་རྣམས་དང་བྲལ་དུ་དོགས་པའི་སེམས་གདུང་བའོ། །སྨྲེ་སྔགས་འདོན་པ་ནི་རྒྱུ་གང་ལས་མྱ་ངན་དུ་གྱུར་བའི་ལོ་རྒྱུས་ཚིག་ཏུ་སྨྲ་ཞིང་

མཁང་བའོ། །སྡུག་བསྔལ་ནི་ལུས་ཉམས་ཤིང་མི་བདེ་བའོ། །ཡིད་མི་བདེ་བ་ནི་སེམས་ཉམས་ཤིང་མི་བདེ་བའོ། །འཁྲུགས་པ་ནི་སྔོན་ཉེས་པ་སྣ་ཚོགས་བྱས་པ་ཀུན་དྲན་ནས་སེམས་དངངས་པའོ། །བརྗོད་དོ་ཞེས་བྱ་བ་ནི་རྟེན་འབྲེལ་གྱི་མཇུག་ལ་བཏགས་ཏེ་བཤད་དོ་ཞེས་བྱའོ། །ཕ་རོལ་ཏུ་ཕྱིན་པ་བཅུ་གང་ཞེ་ན།

ཞེས་བྱ་བ་ནི་ཁམས་གསུམ་གྱི་སྡུག་བསྔལ་རྒྱ་མཚོ་དང་འདྲ་བ་འདས་ནས་ས་བཅུ་རིམ་གྱིས་ཐོབ་པར་བྱེད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་བཅུ་ཞེས་བྱ་སྟེ། དེ་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་དང་། ཟང་ཟིང་དང་། མི་འཇིགས་པ་གསུམ་སྦྱིན་པའོ། །དེ་ལ་དམ་པའི་ཆོས་དང་འཇིག་རྟེན་གྱི་སྙན་ངག་དང་།

བཟོ་དང་མཐུ་རྩལ་རྣམས་ཀྱིས་གཏོང་ཞིང་ཕན་འདོགས་པ་ནི་ཆོས་སྦྱིན་པའོ། །ཟས་སྐོམ་ནོར་རྫས་ལ་སོགས་ཏེ། མཁར་ཡུལ་རྒྱལ་སྲིད་མན་ཆད་དང་། བྲན་ཞིང་ཕྱུགས་ནོར་བུ་སྨད་རྣམས་དང་། རང་གི་ཤ་ཁྲག་དང་མགོ་ལུས་ལ་སོགས་པ་ཕྱི་ནང་གི་དངོས་པོ་རྣམ་པ་གསུམ་གྱིས་གཏོང་ཞིང་

ཕན་འདོགས་པ་ནི་ཟང་ཟིང་སྦྱིན་པའོ། །རྒྱལ་པོ་དང་བློན་པོ་ལ་སོགས་པའི་ཆད་པ་དང་། དགྲ་དང་གཅན་གཟན་ལ་སོགས་པའི་འཇིགས་པ་རྣམས་ལས་སྐྱོབ་ཅིང་ཕན་འདོགས་པ་ནི་མི་འཇིགས་པ་སྦྱིན་པ་སྟེ། དེ་དག་འཁོར་གསུམ་ཡོངས་སུ་དག་པར་སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །

ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དགེ་བ་སྡུད་པ་དང་། མི་དགེ་བ་སྡོམ་པ་དང་སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་རྣམ་པ་གསུམ་མོ། །དེ་ལ་དགེ་བ་སྡུད་པ་ནི་དམ་པའི་ཆོས་ཉན་ཅིང་སེམས་པ་ནས་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་ཏེ། བྱང་ཆུབ་ཀྱི་ཆོས་རྣམས་བསྒྲུབ་པའོ། །

Vol. 206 · folio 245a

མི་དགེ་བ་སྡོམ་པ་ནི་ཉན་ཐོས་ཀྱི་ཁྲིམས་སྡེ་བདུན་ཏེ། དགེ་སློང་ཕ་མ་དང་། དགེ་སྦྱོང་ཕ་མ་དང་། དགེ་བསྙེན་ཕ་མ་དང་བར་ཁྲིམས་མ་རྣམས་ཀྱིས་སྲུང་བའོ། །སེམས་ཅན་གྱི་དོན་བྱེད་པ་ནི་བུ་གཅིག་པ་གཅེས་པ་དང་འདྲ་བར་སེམས་ཅན་ཐམས་ཅད་ལ་དབྱེ་བཀོལ་མེད་པར་དོན་

བྱེད་པ་སྟེ། འཁོར་གསུམ་དག་པར་སྤྱོད་པ་ནི་འོག་མན་ཆད་ཀུན་ལ་ཡང་སྦྱར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྡུག་བསྔལ་ལ་ཇི་མི་སྙམ་པ་དང་། གནོད་པ་ལ་མི་མཇེད་པ་དང་། ཆོས་ལ་རྟོགས་པའི་བཟོད་པ་དང་གསུམ་མོ། །དེ་ལ་སྡུག་བསྔལ་ལ་ཇི་མི་སྙམ་པ་ནི་དགེ་བ་བྱེད་པའི་

དུས་ན་བཀྲེས་ཤིང་སྐོམ་པ་དང་། གྲང་ཞིང་ཚ་བ་ལ་སོགས་པ་གནོད་པའི་རྐྱེན་གང་ཅི་བྱུང་ཡང་མི་གཏོང་སྟེ་དགེ་བའི་རྒྱུན་མི་གཅོད་པའོ། །གནོད་པ་ལ་མི་མཇེད་པ་ནི་ཕན་བཏགས་པའི་སེམས་ཅན་ལ་སོགས་པ་གཞན་གྱིས་བརྡེག་པ་དང་། བཅིང་བ་ལ་སོགས་པའི་

གནོད་པ་སྣ་ཚོགས་བྱེད་ཀྱང་དེ་ལ་མི་ཁྲོ་ཞིང་ངན་སེམས་མི་འབྱུང་བའོ། །ཆོས་ལ་རྟོགས་པའི་བཟོད་པ་ནི། སྟོང་པ་ཉིད་དང་། བདག་མེད་པའམ། སྐྱེ་བ་དང་འགག་པ་མེད་པའི་དོན་ཟབ་མོ་དག་བསྟན་ན་སེམས་མི་དངང་ཞིང་དེ་ལ་དད་པ་དང་དགའ་བ་སྐྱེ་བའི་

ཕྱིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གོ་ཆ་དང་། དགེ་བ་སྡུད་པ་དང་། སེམས་ཅན་གྱི་དོན་བྱེད་པ་སྟེ་གསུམ་མོ། །དེ་ལ་དང་པོར་སེམས་ཅན་ཐམས་ཅད་ཀྱི་དོན་དང་། བླ་ན་མེད་པའི་བྱང་ཆུབ་བསྐལ་བའི་

མཐའི་བར་དུ་བསྒྲུབ་པོ་ཞེས་དམ་བཅའ་བ་ནི་གོ་ཆའི་བརྩོན་འགྲུས་སོ། །ཆོས་ཉན་པ་དང་། སེམས་པ་དང་སྒོམ་པར་བྱེད་པ་རྒྱུན་མི་གཅོད་པ་ནི་དགེ་བ་སྡུད་པའི་བརྩོན་འགྲུས་སོ། །བསྡུ་བ་རྣམ་པ་བཞིས་སེམས་ཅན་རྣམས་ཐབས་ཀྱིས་བསྡུས་

ཏེ་དགེ་བ་ལ་འགོད་པ་ནི་སེམས་ཅན་གྱི་དོན་བྱེད་པའི་བརྩོན་འགྲུས་ཞེས་བྱའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པ་དང་། ཡོན་ཏན་མངོན་པར་བསྒྲུབ་པ་དང་། སེམས་ཅན་གྱི་དོན་བྱེད་པ་སྟེ་གསུམ་མོ། །

Vol. 206 · folio 245b

དེ་ལ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དང་འགོག་པའི་སྙོམས་པར་འཇུག་པ་དག་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པའི་བསམ་གཏན་ཡིན་ནོ། །དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་གྱིས་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཐམས་ཅད་ཐོབ་པར་

བྱེད་པ་ནི་ཡོན་ཏན་མངོན་པར་བསྒྲུབ་པའི་བསམ་གཏན་ནོ། །བསམ་གཏན་བསྒྲུབ་པའི་སྒོ་ནས་མངོན་པར་ཤེས་པ་དྲུག་པོ་དག་ཐོབ་ནས་ལུས་ཀྱི་རྫུ་འཕྲུལ་བྱས་པའི་རྒྱུས་སེམས་དགའ་བར་བྱས་ཤིང་། གཞན་གྱི་སེམས་ཤེས་པས་སེམས་དང་མཐུན་པར་

ཆོས་བཤད་ནས་མི་དགེ་བ་ལས་བཟློག་ཅིང་དགེ་བ་ལ་འགོད་པ་ནི་སེམས་ཅན་གྱི་དོན་བྱེད་པའི་བསམ་གཏན་ཞེས་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བདག་གི་དོན་རྟོགས་པ་དང་། གཞན་གྱི་དོན་རྟོགས་པ་དང་། རྒོལ་བ་ཚར་གཅོད་པའི་ཤེས་རབ་

སྟེ་གསུམ་མོ། །དེ་ཡང་རིག་པའི་གནས་ལྔ་ལ་མཁས་པ་སྟེ་དེ་ལ་ནང་རིག་པ་ནི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དོན་ལ་མཁས་པས་བདག་གི་དོན་རྟོགས་པའི་ཤེས་རབ་པོ། །གསོ་བ་རིག་པ་ནི་ཕྱིའི་ནད་བཞི་བརྒྱ་རྩ་བཞིའི་སྨན་དཔྱད་ལ་མཁས་པ་

དང་། ནང་གི་ནད་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་གཉེན་པོ་བྱམས་པ་དང་སྙིང་རྗེ་ལ་སོགས་པ་སྟོན་པ་ནི་གསོ་བ་རིག་པའོ། །ལས་སུ་བྱ་བའི་རྣམ་པ་ཐམས་ཅད་ལ་མཁས་པ་ནི་བཟོ་རིག་པ་ཞེས་བྱ་སྟེ། དེས་སེམས་ཅན་བླུན་པོ་རྣམས་ཀྱི་མཐུ་རྩལ་

བསྐྱེད་ཅིང་བསྟངས་ཏེ། སེམས་ཅན་རྣམས་ཀྱི་དོན་བྱས་པས་གསོ་བ་དང་བཟོ་གཉིས་རིག་པས་ནི་གཞན་གྱི་དོན་རྟོགས་པའི་ཤེས་རབ་པོ། །རྒྱུ་རིག་པ་དང་སྒྲ་རིག་པ་གཉིས་ནི་ཏ་ར་ཀ་དང་བྱཱ་ཀ་ར་ཎའི་སྐད་ལ་མཁས་པ་སྟེ། དེ་གཉིས་ཀྱིས་ནི་མུ་སྟེགས་

ལ་སོགས་པ་སུན་འབྱིན་པས་རྒོལ་བ་ཚར་གཅོད་པའི་ཤེས་རབ་ཅེས་བྱའོ། །ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དགེ་བའི་རྩ་བ་མང་ཉུང་ཅི་བསགས་པ་ཅུང་ཟད་ཡན་ཆད་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་བླ་ན་མེད་པའི་བྱང་ཆུབ་ཆེན་

Vol. 206 · folio 246a

པོར་བསྔོས་པས་དེའི་འབྲས་བུ་དཔག་ཏུ་མེད་པར་ཆེ་ཞིང་ཟད་མི་ཤེས་པར་འགྱུར་བའི་ཕྱིར་རོ། །སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ནི་བདག་ཚེ་རབས་གར་སྐྱེས་ཀྱང་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་ཞིང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱ་རོལ་ཏུ་

ཕྱིན་པའི་སྤྱོད་པ་རྒྱུན་མི་གཅོད་པར་གྱུར་ཅིག་ཅེས་སྨོན་ལམ་དུ་བཏབ་པའོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་གཉིས་ཏེ་ཀུན་བརྟགས་པ་དང་བསྒོམས་པའི་སྟོབས་སོ། །དེ་ལ་ཏིང་ངེ་འཛིན་དང་འགྲོགས་པའི་ཤེས་རབ་ཀྱིས་ཕྱི་ནང་གི་ཆོས་རྣམས་སྟོང་པ་དང་བདག་

མེད་པར་མཐོང་བས་དེ་ལ་ཆགས་པ་མི་སྐྱེ་བ་ནི་ཀུན་བརྟགས་པའི་སྟོབས་ཞེས་བྱའོ། །བརྩོན་འགྲུས་ཀྱི་ཤས་ཆེ་བས་ཤེས་རབ་ཆུང་ཡང་གོམས་པའི་ཤུགས་ཀྱིས་དགེ་བའི་ཕྱོགས་འབད་མི་དགོས་པར་བསྒྲུབ་པ་ནི་བསྒོམས་པའི་སྟོབས་ཞེས་བྱ་སྟེ། དེ་དག་ལ་མི་མཐུན་

པའི་ཕྱོགས་སེར་སྣ་ལ་སོགས་པས་མི་ཚུགས་པའི་ཕྱིར་རོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་རྣམས་ཀྱི་མཚན་ཉིད་སྟོང་པར་ཐུགས་སུ་ཆུད་པས། བྱང་ཆུབ་སེམས་དཔའ་ཆེན་པོའི་ནང་དུ་ཆོས་ཀྱི་ལོངས་སྤྱོད་ཆེན་པོས་ལོངས་སྤྱོད་པའི་ཕྱིར་རོ། །རྒྱུ་དང་འབྲས་བུའི་

སྐབས་ཡིན་པ་བྱང་ཆུབ་སེམས་དཔའི་ས་བཅུ་གང་ཞེ་ན་ཞེས་བྱ་བ་ནི། ཕ་རོལ་ཏུ་ཕྱིན་པ་ནི་རྒྱུ་ཡིན་ལ། ས་བཅུ་ནི་འབྲས་བུ་ཡིན་པས། འདབ་ཆགས་སུ་བཤད་པར་རིགས་ཏེ་འབྲེལ་ཏོ་ཞེས་བྱ་བའི་ཚིག་གོ། །ས་བཅུ་གང་ཞེ་ན་ཞེས་བྱ་བ་ནི། མགོ་འདྲེན་པ་སྟེ་དངོས་

སུ་འོག་ནས་འབྱུང་བ་དང་སྦྱར་རོ། །དེ་ལ་ས་དང་པོ་ནི་རབ་ཏུ་དགའ་བའོ་ཞེས་བྱ་བ་ནི་དཔེར་ན་མི་དབུལ་པོ་ཞིག་གིས་ནོར་བུ་རིན་པོ་ཆེ་ཞིག་རྙེད་ན་སྔོན་མ་མཐོང་བའི་ནོར་བུ་མཆོག་ཏུ་རིན་ཆེ་བ་འདི་འདྲ་བ་རྙེད་དོ་ཞེས་ཤིན་ཏུ་དགའ་བ་དང་འདྲ་བར་སྔོན་ནམ་ཡང་མ་མཐོང་བའི་

ཆོས་ཀྱི་དབྱིངས་མངོན་དུ་མཐོང་བ་དང་། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་ནུས་ཏེ། སྦྱིན་པ་རྫོགས་ནས་དགའ་བའི་ཁྱད་པར་དཔག་ཏུ་མེད་པ་སྐྱེས་པའི་ཕྱིར་ས་དང་པོ་རབ་ཏུ་དགའ་བ་ཞེས་བྱའོ། །ས་གཉིས་པ་ནི་དྲི་མ་མེད་པ་སྟེ། དྲི་མ་ནི་

Vol. 206 · folio 246b

འཁོར་བའི་ཆོས་ལ་དགའ་བ་དང་ཐེག་པ་ཆུང་ངུ་ལ་དགའ་བ་སྟེ། དེ་ཡང་མི་དགེ་བ་བྱེད་པ་དང་སྙིང་རྗེ་མེད་པའོ། །དྲི་མ་དེ་གཉིས་ས་གཉིས་པའི་དུས་ན་མེད་པས་དྲི་མ་མེད་པའོ། །ཡང་ན་ཚུལ་ཁྲིམས་རྫོགས་ཏེ་རྨི་ལམ་ན་ཡང་ཚུལ་ཁྲིམས་ངན་པའི་ལས་མི་བྱེད་པས་དྲི་མ་

མེད་པ་ཞེས་བྱའོ། །ས་གསུམ་པ་འོད་བྱེད་པ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པས་ལུས་དང་སྲོག་ལ་ཡང་མི་ལྟ་བར་ཐོས་པ་བཙལ་ཏེ་བདག་དང་གཞན་གྱི་མི་ཤེས་པ་བསལ་ཞིང་ཤེས་རབ་སྐྱེས་པ་ནི་འོད་བྱེད་པ་ཞེས་བྱའོ། །ས་བཞི་པ་ནི་འོད་འཕྲོ་བ་ཅན་

ཏེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པས་བྱང་ཆུབ་ཀྱི་ཕྱོགས་བསྒོམས་པ་ལས་ཡེ་ཤེས་མེ་དང་འདྲ་བ་སྐྱེས་པས་ཉོན་མོངས་པ་རྩི་ཤིང་ལྟ་བུ་བསྲེགས་པའི་ཕྱིར་འོད་འཕྲོ་བ་ཅན་ཞེས་བྱའོ། །ས་ལྔ་པ་ནི་ཤིན་ཏུ་སྦྱོང་དཀའ་བ་སྟེ། བསམ་གཏན་གྱི་

ཕ་རོལ་ཏུ་ཕྱིན་པ་རྫོགས་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏིང་ངེ་འཛིན་ལས་ཀྱང་མི་ཉམས་ལ། སེམས་ཅན་གྱི་དོན་བྱེད་པ་ཡང་རྒྱུན་མི་གཅོད་ལ། གཉི་ག་མགོ་མཉམ་དུ་སྤྱོད་པ་དེ་ཤིན་ཏུ་དཀའ་བས་སྦྱང་དཀའ་བ་ཞེས་བྱའོ། །ས་དྲུག་པ་ནི་མངོན་

དུ་གྱུར་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པས་རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་བ་དང་། འགག་པ་མེད་པའི་དོན་མངོན་དུ་རྟོགས་པས་མངོན་དུ་གྱུར་པ་ཞེས་བྱའོ། །ས་བདུན་པ་ནི་རིང་དུ་སོང་བ་སྟེ། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པས་

འབད་པ་དང་རྩོལ་བས་འཇུག་པའི་མཚན་མའི་མཐར་ཕྱིན་ཅིང་མཚན་མ་དང་བྲལ་བའི་ཕྱིར་རིང་དུ་སོང་བ་ཞེས་བྱའོ། །ས་བརྒྱད་པ་ནི་མི་གཡོ་བ་སྟེ། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པས་མཚན་མ་མེད་པ་ལྷུན་གྱིས་གྲུབ་སྟེ། ཡེ་ཤེས་ཀྱི་སྟོབས་ཀྱིས་མཚན་

མ་ཟིལ་གྱིས་གནོན་ཏེ་ཅུང་ཟད་ཀྱང་མི་འབྱུང་བས་ནས་མི་གཡོ་བ་ཞེས་བྱའོ། །ས་དགུ་པ་ནི་ལེགས་པའི་བློ་གྲོས་ཏེ། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པས་ཆོས་སོ་སོར་རིག་པ་དང་། དོན་སོ་སོར་རིག་པ་དང་། ངེས་པའི་ཚིག་སོ་སོར་རིག་པ་དང་། སྤོབ་པ་སོ་སོར་

Vol. 206 · folio 247a

རིག་པ་སྟེ། སོ་སོ་ཡང་དག་པར་རིག་པ་བཞི་དང་ལྡན་པས་ཆོས་ཀྱི་མཁན་པོ་ཆེན་པོར་གྱུར་པའི་ཕྱིར་ལེགས་པའི་བློ་གྲོས་ཞེས་བྱའོ། །ས་བཅུ་པ་ནི་ཆོས་ཀྱི་སྤྲིན་ཞེས་བྱ་སྟེ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པས་དཔེར་ན་སྤྲིན་ཆེན་པོ་ལས་ཆར་བབ་

ན་དགོན་པ་ལས་ཡང་ལོ་ཐོག་འཁྲུངས་པ་དང་འདྲ་བར་ཡེ་ཤེས་དང་ཐུགས་རྗེ་སྤྲིན་ལྟ་བུས་སེམས་ཅན་གྱི་སེམས་དགོན་དུང་ལྟ་བུ་ལ་ཆོས་ཀྱི་ཆར་པ་ཕབ་ནས་ལོ་ཏོག་དགེ་བ་འཁྲུངས་ཤིང་འཕེལ་བས་ན་ཆོས་ཀྱི་སྤྲིན་ཞེས་བྱའོ། །སྟོང་པ་བཅོ་བརྒྱད་གང་ཞེ་ན་ཞེས་བྱ་བ་ནི་

སྟོང་པ་ཉིད་ལ་ནི་ཐ་དད་དུ་དབྱེར་མི་རུང་སྟེ། དུ་མར་བགྲང་དུ་མེད་མོད་ཀྱི་སེམས་ཅན་རྣམས་ཀྱིས་དངོས་པོ་ཡོད་པར་བརྟགས་པའི་ཡུལ་ཐ་དད་པ་རྣམས་ལ་དངོས་པོ་མེད་པར་བསྟན་པའི་སྒོ་ནས་སྟོང་པའི་རྣམ་གྲངས་ཀྱང་བཅོ་བརྒྱད་དུ་ཕྱེའོ། །དེ་ལ་ནང་སྟོང་པ་ཉིད་ནི་མིག་

ཅེས་བྱ་བ་ནས་ཡིད་ཅེས་བྱ་བའི་བར་དག་སྟེ། མིག་ལ་སོགས་པའི་དབང་པོ་དྲུག་དང་དེའི་རྟེན་ལུས་ཀྱི་ཕུང་པོ་ལྔ་དག་ནི་ནང་ཞེས་བྱ་སྟེ། དེ་དག་ལ་ཆོས་དང་གང་ཟག་ཅེས་བྱ་བ་ནི་རྟག་པ་ཐེར་ཟུག་དུ་གནས་པའི་དངོས་པོ་རྡུལ་ཙམ་ཡང་མེད་པའི་ཕྱིར་ནང་སྟོང་པ་ཉིད་ཅེས་བྱའོ། །དེ་

ལྟར་ཆོས་གང་ཟག་གི་དངོས་པོ་མེད་པ་སྟོང་པ་ཞེས་བྱ་བ་ནི་དོན་དམ་པ་ཡིན་པར་གཞན་ཀུན་ལ་ཡང་བསྒྲེ་ཞིང་གོ་བར་བྱའོ། །ཕྱི་སྟོང་པ་ཉིད་ནི་གཟུགས་ཞེས་བྱ་བ་ནས་ཆོས་ཞེས་བྱ་བའི་བར་དུ་ཡུལ་དྲུག་སྟེ། རྣམ་པར་ཤེས་པས་མ་ཟིན་པ་བླུན་པོའི་རང་བཞིན་བེམས་

པོའི་རྩི་ཤིང་དང་ནགས་ཚལ་ལ་སོགས་པ་འབྱུང་བ་ཆེན་པོ་བཞི་དང་དབང་པོ་དང་རྣམ་པར་ཤེས་པའི་ཡུལ་རྣམས་ནི་ཕྱི་ཞེས་བྱ་སྟེ། དེ་དག་ལ་ཡང་དངོས་པོ་མེད་དོ་ཞེས་བྱ་བར་སྦྱར་རོ། །ཕྱི་ནང་སྟོང་པ་ཉིད་ནི་སྐྱེ་མཆེད་བཅུ་གཉིས་ཏེ། ལ་ལ་དག་འདི་སྙམ་དུ་ནང་དང་ཕྱི་

གཉིས་ལ་ནི་དངོས་པོ་མེད་པར་བསྟན་ན། འོན་ཀྱང་ཕྱི་ནང་གཉིས་ཀ་འདུས་པའི་སྤྱི་ལ་ནི་དངོས་པོ་ཞིག་ཡོད་དོ་སྙམ་དུ་སེམས་ན་ཡང་དབང་པོ་དྲུག་དང་ཡུལ་དྲུག་དེ་ལ་དམིགས་ཤིང་བརྟེན་པ་རྣམ་པར་ཤེས་པ་དྲུག་ཙམ་དུ་ཟད་དེ། དེ་དག་ལ་ཡང་དངོས་པོ་མེད་དོ་བའི་དོན་

Vol. 206 · folio 247b

ཏོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་གང་ཡིན་པ་སྟེ། ལ་ལ་དག་འདི་སྙམ་དུ་ཕྱི་དང་ནང་དང་། ཕྱི་ནང་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ནི་དངོས་པོ་མེད་དེ་སྟོང་པར་བསྟན་ན། འོན་ཀྱང་ཆོས་དེ་དག་ཐམས་ཅད་སྟོང་པའོ་ཞེས་ཚིག་ཏུ་མིང་

བཏགས་པས་སྟོང་པ་ཞེས་བྱ་བ་དེ་ཉིད་དངོས་པོ་ཞིག་ཏུ་ཡོད་དོ་སྙམ་དུ་སེམས་ན་ཡང་སྟོང་པའི་དངོས་པོ་ལྟ་ག་ལ་ཡོད་དེ་མེད་ཅེས་པས་ན་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱའོ། །ཆེན་པོ་སྟོང་པ་ཉིད་ནི་ཕྱོགས་བཅུ་སྟེ། ལྷོ་བྱང་ཤར་ནུབ་ཀྱི་ཕྱོགས་ཇི་སྙེད་པ་ཐམས་ཅད་ཀྱི་སྣོད་ཀྱི་འཇིག་

རྟེན་གསུམ་དང་བཅུད་ཀྱི་འཇིག་རྟེན་རྒྱུད་ལྔར་སྐྱེས་པ་མང་ཞིང་རྒྱ་ཆེ་བ་དེ་དག་ལ་དངོས་པོ་ཡོད་པར་སེམས་ན་ཡང་དེ་ལ་ཡང་དངོས་པོ་མེད་དོ་ཞེས་བྱའོ། །དོན་དམ་པ་སྟོང་པ་ཉིད་ནི་མི་རྟག་མི་འཇིག་པའི་མཚན་ཉིད་དེ། ཆོས་ཀྱི་དབྱིངས་ཀྱང་མྱ་ངན་ལས་འདས་པ་ནི་དོན་དམ་པ་སྟེ་དེ་ནི་

རྟག་པའི་དངོས་པོ་མེད་པས་ན་མི་རྟག་གོ། །གཏན་ནས་ཅི་ཡང་མེད་པ་མ་ཡིན་པས་ན་མི་འཇིག་ཅེས་བྱ་སྟེ། དེ་ལ་དངོས་པོ་ཡོད་པར་རྟོགས་ན་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདུས་བྱས་སྟོང་པ་ཉིད་ནི་ཁམས་གསུམ་སྟེ། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་

གཟུགས་མེད་པའི་ཁམས་གསུམ་ནི་འདུས་བྱས་སོ། །ཡང་ན་འདུས་བྱས་ཀྱི་མཚན་ཉིད་བཞི་སྟེ། སྐྱེ་བ་དང་གནས་པ་དང་མི་རྟག་པ་དང་འཇིག་པ་བཞི་ལ་བྱ་སྟེ། དེ་དག་ལ་དངོས་པོ་ཡོད་པར་རྟོགས་ན་ཡང་ཡོད་པ་མ་ཡིན་ཏེ་མེད་དོ་ཞེས་བྱ་བའོ། །འདུས་མ་བྱས་སྟོང་པ་

ཉིད་ནི་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་གནས་པ་ལས་གཞན་དུ་འགྱུར་བ་མེད་པ་སྟེ། དེ་ནི་སོ་སོར་བརྟགས་པས་འགོག་པ་དང་། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དང་། དེ་བཞིན་ཉིད་དང་ནམ་མཁའ་སྟེ། ཆོས་དེ་བཞི་ནི་རྒྱུ་དང་རྐྱེན་གང་གིས་

ཀྱང་མ་བསྐྱེད་པས་འདུས་མ་བྱས་ཞེས་བྱ་སྟེ། དེ་ནི་འདུས་བྱས་ཀྱི་ཆོས་ལྟར་དང་། དང་པོ་སྐྱེ་བ་དང་། ཐ་མར་འགག་པ་དང་། བར་དུ་གནས་པའི་དུས་ན་ཡང་བཟང་ངན་དང་ཆེ་ཆུང་དུ་འགྱུར་བ་ལྟ་བུ་མེད་པ་སྟེ། དེ་ལ་དངོས་པོ་ཡོད་སྙམ་ན་ཡང་དངོས་པོ་མེད་པ་སྟེ་སྟོང་

Vol. 206 · folio 248a

ངོ་ཞེས་བྱའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་མཐའ་ཐམས་ཅད་དང་བྲལ་བ་སྟེ། ཡོད་པ་དང་མེད་པའི་མཐའ་ལས་འདས་པ་ཞེས་བྱ་བ་དེ་ལ་དངོས་པོ་ཡོད་དོ་ཞེའམ། ཡང་ན་སྔོན་དང་ད་ལྟར་དང་ཕྱི་མའི་མཐའ་ལ་དངོས་པོ་ཡོད་པར་རྟོགས་ན་དེ་དག་

ལ་དངོས་པོ་མེད་དོ་ཞེས་བྱ་བའོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ནི་དུས་གསུམ་སྟེ། དེ་ཡང་འཁོར་བའི་ཐོག་མ་ཞེས་བྱ་བ་དང་ཐ་མ་ཞེས་བྱ་བའམ། ཡང་ན་འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་དུས་གསུམ་རྣམས་ལ་དངོས་པོ་ཞིག་ཡོད་དོ་བར་རྟོགས་ན་ཡང་། དངོས་པོ་

མེད་པས་སྟོང་ངོ་། །དོར་བ་མེད་པ་སྟོང་པ་ཉིད་ནི་ཆོས་ཐམས་ཅད་བླང་བར་བྱ་བ་དང་སྤང་བར་བྱ་བ་མེད་པ་སྟེ་དཔེར་ན་བུམ་པའི་ནང་དུ་ཆུ་སྔར་བླུགས་པ་ལས་ཆུ་དེ་ཕོ་སྟེ་བུམ་པ་སྟོང་པར་གྱུར་པ་དང་འདྲ་བར་དོན་དམ་པ་དེ་ལ་ཡང་རྫས་ཀྱི་དངོས་པོ་ཞིག་སྔ་ན་ཡོད་ཡོད་པ་ལ་རྫས་དེ་

བོར་ཏེ་མེད་པར་གྱུར་ནས་སྟོང་པར་གྱུར་པ་ལྟ་བུ་ལ་མི་བྱའི། དོན་དམ་པ་ནི་ཐོག་མ་ཉིད་ནས་སྟོང་པ་ཉིད་ཀྱི་མཚན་ཉིད་ཡིན་པས་ན་སྟོང་པ་ཉིད་ལ་དོར་བ་དང་བླང་བ་དང་སྤང་བ་མེད་པས་ན་འགའ་ཞིག་དེ་ལ་དངོས་པོ་ཡོད་པར་རྟོགས་ན་དངོས་པོ་མེད་དོ་ཞེས་བྱ་བའོ། །རང་བཞིན་

སྟོང་པ་ཉིད་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཉན་ཐོས་དང་། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པ་རྣམས་ཀྱིས་སྟོང་པར་མ་བྱས་པའི་ཆོས་གང་ཡིན་པ་སྟེ། དེ་ཡང་གཟུགས་ནས་བརྩམས་ཏེ། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་

ཐམས་ཅད་ཡེ་ནས་སྟོང་པ་ཉིད་ཀྱིས་ཁྱབ་སྟེ། རང་བཞིན་གྱིས་སྟོང་པར་གནས་པ་དེ་ནི་ཉན་ཐོས་ལ་སོགས་པ་འཕགས་པ་རྣམས་ཀྱིས་བཙལ་ཏེ་སྟོང་པར་ཆེད་དུ་བྱས་པར་གྱུར་པ་ནི་མ་ཡིན་གྱི། དེ་ཡེ་ནས་སྟོང་པ་ཉིད་དུ་གནས་པས་ན་རང་བཞིན་སྟོང་པ་ཞེས་བྱའོ། །ཆོས་

ཐམས་ཅད་སྟོང་པ་ཉིད་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་ཁམས་གསུམ་དང་འདུས་བྱས་དང་འདུས་མ་བྱས་རྣམས་ཏེ། དེ་ཡང་ཕུང་པོ་ལ་སོགས་པ་ཕྱི་ནང་གི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་གཉིས་ལས་འདིར་སྤྱིའི་མཚན་ཉིད་དུ་ཆོས་ཐམས་ཅད་མི་རྟག་པ་དང་།

Vol. 206 · folio 248b

སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པ་ཞེས་བྱ་བ་དེ་ལ་དངོས་པོ་མེད་པའམ། ཡང་ན་དོན་དམ་པར་ཆོས་ཐམས་ཅད་ལ་ངོ་བོ་ཉིད་མེད་པ་ལ་འགའ་ཞིག་དངོས་པོ་ཡོད་པར་རྟོགས་པ་དེ་ལ་དངོས་པོ་མེད་དོ་ཞེས་བྱའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་གཟུགས་ནི་འཇིག་པའི་མཚན་ཉིད་

ཅེས་བྱ་བ་ནས། རྣམ་པར་ཤེས་པ་ནི་རྣམ་པར་རིག་པའི་མཚན་ཉིད་ཅེས་བྱ་བའི་བར་དག་སྟེ། དེ་ལ་ཡང་ས་སྲ་བ་དང་། ཆུ་གཤེར་བ་དང་། མེ་ཚ་བ་དང་། རླུང་ཡང་བ་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ནི་མངོན་སུམ་གྱི་མཚན་ཉིད་དོ་ཞེས་བྱ་བའི་བར་དུ་སྟེ། མཚན་ཉིད་རྣམ་གཉིས་

ལས་རང་གི་མཚན་ཉིད་དེ་དག་ལ་དངོས་པོ་ཡོད་པར་རྟོགས་ན་ཡང་དེ་དག་གི་དངོས་པོ་མེད་དོ་ཞེས་བྱ་བའོ། །མི་དམིགས་པ་སྟོང་པ་ཉིད་ནི་དུས་གསུམ་གྱི་ཆོས་རྣམས་ཏེ། དེ་ཡང་ཕྱི་ནང་གི་ཆོས་རྣམས་འདས་པའི་དུས་དང་ད་ལྟར་དང་། མ་འོངས་པའི་དུས་གང་དུ་ཡང་ལན་འགའ་ཡང་

དངོས་པོ་ཅན་དུ་མ་གྱུར་ཏེ། དངོས་པོར་ནམ་ཡང་མ་དམིགས་པས་ན་མི་དམིགས་པ་སྟོང་པ་ཞེས་བྱའོ། །དངོས་པོ་མེད་པ་སྟོང་པ་ཉིད་དང་ངོ་བོ་ཉིད་སྟོང་པ་ཉིད་དང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་དང་གནས་པ་དང་འགག་པའི་ཕྱིར་རོ་ཞེས་

སྨོས་ཏེ་ཚིག་དང་པོའི་དོན་ནི་གཟུགས་དང་སྒྲ་ལ་སོགས་པའི་ཆོས་རྣམས་ཇི་ལྟར་ད་ལྟར་སྣང་བ་བཞིན་དུ་དངོས་པོ་ཡང་དག་པར་མེད་པས་ན། དངོས་པོ་མེད་པ་སྟོང་པ་ཞེས་བྱ་བའོ། །ཚིག་གཉིས་པ་ནི་གཟུགས་དང་སྒྲ་ལ་སོགས་པའི་ཆོས་ཉིད་ཅེས་བྱ་སྟེ། ཆོས་ཉིད་དེ་ལ་དངོས་པོ་

མེད་པས་ན་ངོ་བོ་ཉིད་སྟོང་པ་ཞེས་བྱའོ། །ཚིག་གསུམ་པ་ནི་གོང་དུ་སྨོས་པའི་དངོས་པོ་མེད་པ་སྟོང་པ་ཉིད་དང་ངོ་བོ་ཉིད་མེད་པའི་སྟོང་པ་གཉིས་ཀ་གཅིག་ཏུ་བསྡུས་པ་ལ་དངོས་པོ་ཡོད་དོ་སྙམ་དུ་འགའ་ཞིག་རྟོགས་ན། དེ་གཉིས་འདུས་པ་ལ་ཡང་དངོས་པོ་མེད་པས་ན་དངོས་པོ་མེད་པའི་

ངོ་བོ་ཉིད་སྟོང་པ་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་རྒྱུ་དང་རྐྱེན་གཞན་དང་གཞན་ཐ་དད་པ་མང་པོ་གཅིག་ལ་གཅིག་བརྟེན་ཏེ་སྐྱེས་པ་ནི་སྐད་ཅིག་རེ་རེ་ལ་སྐྱེ་ཞིང་འགག་པའི་ཕྱིར་རྟག་པའི་དངོས་པོ་ཡོད་པ་ཡང་མ་ཡིན་ལ་ཐམས་ཅད་ནས་ཐམས་ཅད་དུ་གཏན་ཅི་ཡང་མེད་པ་

Vol. 206 · folio 249a

ཡང་མ་ཡིན་པས་ན། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་གནས་ཤིང་འགག་པའི་ཕྱིར་རོ་ཞེས་སྨོས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ནི་ས་དང་གཉེན་པོའི་ཚུལ་དུ་གཞག་སྟེ་ཞེས་བྱ་བ་ལ། བྱང་ཆུབ་ནི་ཉན་ཐོས་དང་རང་སངས་རྒྱས་དང་བླ་ན་མེད་པའི་

བྱང་ཆུབ་རྣམ་པ་གསུམ་སྟེ། ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ཐོབ་པ་ལ་བྱའོ། །དེའི་ཕྱོགས་ཀྱི་ཆོས་ནི་དེ་ཐོབ་པར་བྱ་བ་རྒྱུ་དང་ཐབས་ལྟ་བུ་གྲོགས་སུ་གྱུར་པ་ལ་བྱ་སྟེ། དངོས་པོ་འོག་ནས་འབྱུང་བ་རྣམས་སོ། །ས་ནི་རྒྱུན་དུ་ཞུགས་པ་ནས་ས་དང་པོ་ལ་སོགས་པ་ས་བཅུ་དག་གོ། །གཉེན་པོ་ནི་ས་དེ་

དག་གི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པ་བཟློག་ཅིང་སྤོང་བ་སྟེ། དགྲ་དང་དགྲ་ཟླ་ལྟ་བུའི་ཚུལ་ལ་གཞག་པའི་དོན་ཏོ། །དྲན་པ་ཉེ་བར་གཞག་པ་བཞི་ནི་ལུས་དྲན་པ་ཉེ་བར་གཞག་པ་དང་། ཚོར་བ་དྲན་པ་ཉེ་བར་གཞག་པ་དང་། སེམས་དྲན་པ་ཉེ་བར་གཞག་པ་དང་། ཆོས་དྲན་པ་ཉེ་

བར་གཞག་པ་སྟེ། དེ་ལ་དྲན་པ་ནི་ཤེས་རབ་སྟེ། ཆོས་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་མ་ནོར་བར་ཤེས་པས་ལྷག་མཐོང་དང་སྦྱར་ཞིང་། ཉེ་བར་གཞག་པ་ནི་ཇི་ལྟར་ཤེས་རབ་ཀྱིས་དཔྱད་པ་དེ་ཉིད་རྩེ་གཅིག་ཏུ་གཞོག་པས་ཞི་གནས་དང་སྦྱར་རོ། །ལུས་ནི་རྣམ་པ་གསུམ་སྟེ། ནང་དང་ཕྱི་དང་ཕྱི་

ནང་གསུམ་མོ། །དེ་ལ་ནང་གི་ལུས་ནི་བདག་རང་གི་ལུས་སོ། །ཕྱི་ནི་རྣམ་པར་ཤེས་པས་མ་ཟིན་པ་རྩི་ཤིང་ལ་སོགས་པ་སྣོད་ཀྱི་འཇིག་རྟེན་ནོ། །ཕྱི་ནང་གི་ལུས་ནི་བདག་ལས་ནི་ཕྱི། རྩི་ཤིང་སེམས་མེད་པ་ལས་ནང་སྟེ། སེམས་ཅན་གཞན་གྱི་ལུས་སོ། །དེ་དག་ལས་ནང་གི་ལུས་ལ་རང་གི་མཚན་ཉིད་

འབྱུང་བ་དང་འབྱུང་བ་ལས་གྱུར་པ་གཞིག་ཅིང་གཞོམ་དུ་རུང་བ་དང་སྤྱིའི་མཚན་ཉིད་མི་རྟག་པ་དང་སྡུག་བསྔལ་བ་ནས། སྤྱི་བོ་མན་ཆད་རྐང་པ་ཡན་ཆད་རྣག་དང་ཆུ་སེར་དང་བད་ཀན་ལ་སོགས་པ་མི་གཙང་བ་སྣ་ཚོགས་ཀྱི་མཚན་ཉིད་དུ་བརྟགས་ཏེ། ཕྱི་ནང་གི་ལུས་ཀྱང་དེ་དང་མཐུན་

ཕྱིའི་ལུས་ཀྱི་རང་གི་མཚན་ཉིད་ནི་རྡུལ་ཕྲ་མོ་དུ་མ་འདུས་པ་ཡིན་ལ། སྤྱིའི་མཚན་ཉིད་ནི་གོང་མ་དང་འདྲ་བར་ཤེས་རབ་ཀྱིས་གཏན་ལ་ཕབ་ན་རྩེ་གཅིག་ཏུ་འཇོག་པ་ནི་ལུས་དྲན་པ་ཉེ་བར་འཇོག་པ་ཞེས་བྱའོ། །ཚོར་བ་ནི་ནང་གི་ལུས་ལ་དམིགས་ནས་ཚོར་བ་རྣམ་པ་གསུམ་བྱུང་བ་ནི་ནང་གི་

Vol. 206 · folio 249b

ཚོར་བ་ཞེས་བྱ། དེ་བཞིན་དུ་ཕྱིའི་ལུས་ལ་དམིགས་ནས་བྱུང་བ་ཕྱིའི་ཚོར་བ་དང་། ཕྱི་ནང་གི་ལུས་ལ་དམིགས་ནས་བྱུང་བ་ཕྱི་ནང་གི་ཚོར་བ་ཞེས་རྣམ་པ་གསུམ་དུ་སྦྱར་རོ། །དེ་ཡང་ལུས་དང་སེམས་ལ་སིམ་པར་བྱེད་པ་ནི་ཚོར་བ་བདེ་བའོ། །ལུས་དང་སེམས་ལ་གདུང་བར་བྱེད་པ་ནི་ཚོར་བ་སྡུག་

བསྔལ་ལོ། །གདུང་བ་དང་སིམ་པ་གཉིས་ཀར་མི་བྱེད་པ་ནི་ཚོར་བ་བཏང་སྙོམས་ཏེ་དེ་དག་ཀྱང་སྤྱིའི་མཚན་ཉིད་ནི་གོང་མ་དག་དང་འདྲ་ལ། རང་གི་མཚན་ཉིད་ནི་ཚོར་བ་གསུམ་ཆར་ཡང་སྡུག་བསྔལ་བའི་མཚན་ཉིད་དེ། ཚོར་བ་སྡུག་བསྔལ་ལ་ནི་སྡུག་བསྔལ་གྱི་སྡུག་བསྔལ་གྱིས་

ཁྱབ། ཚོར་བ་བདེ་བ་ལ་ནི་འགྱུར་བའི་སྡུག་བསྔལ་གྱིས་ཁྱབ། ཚོར་བ་བཏང་སྙོམས་ལ་ནི་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་ཁྱབ་པོ་ཞེས་བརྟགས་ཤིང་རྩེ་གཅིག་ཏུ་འཇོག་པ་ནི་ཚོར་བ་དྲན་པ་ཉེ་བར་འཇོག་པའོ། །སེམས་ནི་ཉི་ཤུ་སྟེ་འདོད་ཆགས་དང་བཅས་པའི་སེམས་ནས་འདོད་ཆགས་དང་

བྲལ་བ་དང་། ཞེ་སྡང་དང་བཅས་པ་དང་ཞེ་སྡང་དང་བྲལ་བ་དང་། གཏི་མུག་དང་བཅས་པ་དང་། གཏི་མུག་དང་བྲལ་བ་དང་། བསྡུས་པའི་དང་། རྣམ་པར་གཡེང་བའི་དང་། ཞུམ་པའི་དང་། གཟེང་མཐོས་པའི་དང་། རྒོད་པའི་དང་། རྒོད་པ་མེད་པའི་དང་། ཞི་བའི་དང་། མ་ཞི་བའི་དང་། ཤིན་

ཏུ་མཉམ་པར་བཞག་པའི་དང་། ཤིན་ཏུ་མཉམ་པར་མ་བཞག་པའི་དང་། ལམ་ཤིན་ཏུ་བསྒོམས་པའི་དང་། ལམ་ཤིན་ཏུ་མ་བསྒོམས་པའི་དང་། ལམ་ཤིན་ཏུ་བསྒོམས་པ་ལས་གྲོལ་བ་དང་། ལམ་ཤིན་ཏུ་བསྒོམས་པ་ལས་གྲོལ་བ་མ་ཡིན་པའི་སེམས་ཏེ་ཉི་ཤུའོ། །དེ་དག་ཀྱང་བསྡུ་

ན་རྣམ་པ་གཉིས་ཏེ། དཔྱོད་པའི་དུས་ཀྱི་སེམས་དང་། གནས་པའི་དུས་ཀྱི་སེམས་སོ། །དེ་ལ་འདོད་ཆགས་དང་བཅས་པ་ནས། གཏི་མུག་དང་བྲལ་བའི་བར་དུ་སེམས་དྲུག་ནི་དཔྱོད་པའི་སེམས་ཞེས་བྱའོ། །བསྡུས་པའི་སེམས་མན་ཆད་ནི་གནས་པའི་སེམས་ཞེས་བྱའོ། །དེ་ལ་དཔྱོད་པ་ནི་ལས་

སུ་བྱེད་པའོ། །གནས་པ་ནི་ཏིང་ངེ་འཛིན་དུ་འཇོག་པའོ། །སེམས་དེ་དག་ཀྱང་ཕྱི་ནང་རྣམ་པ་གསུམ་དུ་སྦྱར་ཏེ། ནང་གི་ལུས་ལ་དམིགས་པའི་སྒོ་ནས་སེམས་ཉི་ཤུ་བྱུང་བ་ནི་ནང་གི་སེམས་ཞེས་བྱའོ། །དེ་བཞིན་དུ་ཕྱིའི་ལུས་དང་། ཕྱི་ནང་གི་ལུས་ལ་དམིགས་པའི་སེམས་རྣམ་པ་གསུམ་པོ་

Vol. 206 · folio 250a

ཐམས་ཅད་ཀྱང་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པའོ་ཞེས་རྩེ་གཅིག་ཏུ་འཇོག་པ་ནི་སེམས་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །ཆོས་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཏེ་དེ་ཡང་གོང་མའི་སེམས་ཉི་ཤུ་པོ་

དེ་དག་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་རྣམས་དང་ལྡན་པ་ནི་ཀུན་ནས་ཉོན་མོངས་པ་ཞེས་བྱའོ། །ཉོན་མོངས་པ་དེ་དག་སྤོང་བའི་གཉེན་པོ་མི་གཙང་བ་དང་བྱམས་པ་དང་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོགས་པ་དང་ལྡན་པ་ནི་རྣམ་པར་བྱང་བ་ཞེས་བྱ་སྟེ།

ཆོས་དེ་དག་ལ་སྟོང་པ་དང་བདག་མེད་པར་རྟོགས་ཤིང་བསྒོམ་པ་ནི་ཆོས་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །དེ་དག་བསྒོམས་པས་ཕྱིན་ཅི་ལོག་བཞི་སྤོང་སྟེ་དེ་ཡང་ལུས་དྲན་པ་ཉེ་བར་གཞག་པ་མི་གཙང་བར་བསྒོམས་པས་གཙང་བར་ལྟ་བ་སྤངས་སོ། །ཚོར་བ་དྲན་

པ་ཉེ་བར་གཞག་པ་སྡུག་བསྔལ་བར་བསྒོམས་པས་བདེ་བར་ལྟ་བ་སྤངས་སོ། །སེམས་དྲན་པ་ཉེ་བར་གཞག་པ་མི་རྟག་པར་བསྒོམས་པས་རྟག་པར་ལྟ་བ་སྤངས་སོ། །ཆོས་དྲན་པ་ཉེ་བར་གཞག་པ་བདག་མེད་པར་བསྒོམས་པས་བདག་ཡོད་པར་ལྟ་བ་སྤངས་སོ། །

བདེན་པ་བཞི་བསྒོམས་ཤིང་རྟོགས་པ་ཡང་དེ་དག་ཉིད་ཡིན་ཏེ་སྡུག་བསྔལ་བདེན་པ་དང་ཀུན་འབྱུང་བདེན་པ་དང་འགོག་པ་བདེན་པ་དང་ལམ་བདེན་པ་སྟེ། དེ་བཞི་དང་གོ་རིམས་བཞིན་དུ་རེ་རེ་སྦྱར་རོ། །ཡང་དག་པར་སྤོང་བ་བཞི་ནི་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་

རྣམས་མི་བསྐྱེད་པའི་ཕྱིར་འདུན་པ་སྐྱེད་དོ། །སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བའི་ཕྱིར་འདུན་པ་སྐྱེད་དོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པའི་ཕྱིར་འདུན་པ་སྐྱེད་དོ། །དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་ཕྱིར་ཞིང་འབྱུང་བ་དང་། ཉམས་པར་མི་འགྱུར་

བ་དང་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འདུན་པ་སྐྱེད་དོ། །གོང་དུ་དྲན་པ་ཉེ་བར་གཞག་པའི་སྐབས་སུ་ཆོས་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ན་ཀུན་ནས་ཉོན་མོངས་པའི་ཆོས་ནི་མི་མཐུན་པའི་ཕྱོགས་ཡིན་ལ། རྣམ་པར་བྱང་བའི་ཆོས་ནི་གཉེན་པོ་ཡིན་པར་རྟོགས་ནས་མི་མཐུན་པ་སྤོང་ཞིང་

Vol. 206 · folio 250b

གཉེན་པོ་སྐྱེད་པར་བྱེད་པའི་བརྩོན་འགྲུས་ཀྱི་རང་བཞིན་རྣམ་པ་བཞི་འབྱུང་བ་ནི་ཡང་དག་པར་སྤོང་བ་ཞེས་བྱའོ། །འདོད་པའི་ཁམས་ཀྱི་ལུས་ཀྱི་ལས་གསུམ་དང་ངག་གི་བཞི་དང་ཡིད་ཀྱི་གསུམ་སྟེ་མི་དགེ་བ་བཅུ་དང་། དེ་དག་སྐྱེད་པའི་རྒྱུ་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ནི་

བདག་དང་གཞན་ལ་གནོད་ཅིང་རྣམ་པར་སྨིན་པ་ཡང་སྡུག་བསྔལ་ཆེན་པོ་བསྐྱེད་པས་ན་སྡིག་པ་ཞེས་བྱ། དགེ་བ་དང་མི་མཐུན་ཞིང་འཕགས་པ་རྣམས་ཀྱིས་སྨད་པ་ཡིན་པས་ན་མི་དགེ་བ་ཞེས་བྱ་སྟེ། ཡུལ་དེ་དག་ལ་དམིགས་ཤིང་སྤྱད་པའི་སྒོ་ནས་སེམས་ཀྱི་རྒྱུད་ལ་བག་ཆགས་

བསགས་པ་ནི་སྐྱེས་པ་ཞེས་བྱ། བག་ཆགས་མ་བསགས་པ་ནི་མ་སྐྱེས་པ་ཞེས་བྱ་སྟེ། ཆོས་དེ་དག་སེམས་ལ་ད་ལྟར་ཡང་མ་བསྐྱེད་ལ་ཕྱིས་ཀྱང་མི་འབྱུང་བར་བྱའོ་སྙམ་དུ་སེམས་པ་དང་། ཆོས་དེ་དག་སྔར་སེམས་ལ་སྐྱེས་པ་རྣམས་ནི་ཅི་ནས་ཀྱང་རྒྱུན་གཅད་ཅིང་མངོན་དུ་མི་འབྱུང་

བར་སྤོང་ངོ་སྙམ་དུ་སེམས་པ་དེ་ནི་འདུན་པ་ཞེས་བྱའོ། །དགེ་བའི་ཆོས་ནི་གོང་མ་ལས་བཟློག་པ་སྟེ་དགེ་བ་བཅུ་དང་འདོད་མ་ཆགས་པ་དང་། ཞེ་མི་སྡང་བ་ལ་སོགས་པ་སྟེ། དེ་དག་ཅིའི་ཕྱིར་སྤོང་བ་ཞེས་བྱ་ཞེ་ན། དགེ་བའི་ཆོས་དེ་རྣམས་ཀྱིས་ཀྱང་མི་མཐུན་པའི་ཆོས་

རྣམས་སྤོང་བའི་ཕྱིར་ཡང་དག་པར་སྤོང་བ་ཞེས་བྱའོ། །ཆོས་དེ་དག་སེམས་ཀྱི་རྒྱུད་ལ་སྔ་ན་མེད་པ་ལས་དེ་བསྐྱེད་ཅིང་མངོན་སུམ་དུ་བསྒྲུབ་པོ་སྙམ་དུ་སེམས་པ་དང་སྔ་ན་སེམས་ཀྱི་རྒྱུད་ལ་ཅུང་ཟད་ཡོད་པ་ཡང་འཕེལ་ཞིང་རྒྱས་པར་བྱའོ་སྙམ་དུ་སེམས་པ་སྟེ། དེ་དག་སྔ་ན་ཡོད་པ་

ལས་མི་འབྲི་བ་ནི་གནས་པའོ། །ཡང་ནས་ཡང་དུ་མངོན་སུམ་དུ་བསྒྲུབས་པས་ཤས་ཇེ་ཆེ་ཇེ་ཆེར་འཕེལ་བ་ནི་ཕྱིར་ཞིང་འབྱུང་བའོ། །མི་མཐུན་པའི་ཕྱོགས་སྡིག་པའི་དབང་དུ་མི་འགྲོ་བ་ནི་ཉམས་པར་མི་འགྱུར་བའོ། །མི་དགེ་བ་སྤང་ཞིང་དགེ་བ་བསྐྱེད་པ་དེ་མྱུར་དུ་མཐར་ཕྱིན་པར་བྱེད་

པ་ནི་ཡོངས་སུ་རྫོགས་པར་བྱ་བའོ། །དེ་ལྟར་དེ་དག་གི་ཕྱིར་འདི་དང་འདི་བྱའོ་སྙམ་པའི་སྦྱོར་བའི་སེམས་ནི་འདུན་པ་སྟེ། བརྩོན་འགྲུས་བསྐྱེད་པའི་མཚན་ཉིད་དོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་འདུན་པའི་ཏིང་ངེ་འཛིན་ནི་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། སེམས་

Vol. 206 · folio 251a

ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་སྟེ། དེ་ལ་རྫུ་འཕྲུལ་

ནི་རྫུ་འཕྲུལ་དང་། རྣ་བ་དང་། གཞན་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་དང་། འཆི་འཕོ་དང་། སྐྱེ་བ་ཤེས་པ་སྟེ་མངོན་པར་ཤེས་པ་ལྔ་ལ་བྱ། རྐང་པ་བཞི་ནི་དེ་ཐོབ་པར་བྱེད་པའི་རྒྱུ་ལ་བྱ་སྟེ། དཀྱུས་ཀྱི་ཏིང་ངེ་འཛིན་བཞི་དང་སྦྱར་རོ། །སེམས་ཀྱི་ཏིང་ངེ་འཛིན་དུ་འཇོག་པ་ལ་ལྷག་

པར་དགའ་ཞིང་མོས་པའི་དབང་གིས་རྟག་ཏུ་ཏིང་ངེ་འཛིན་ལ་འཇུག་པའི་སྒོ་ནས་སེམས་རྩེ་གཅིག་ཐོབ་པ་ནི་མོས་པའི་ཏིང་ངེ་འཛིན་ཞེས་བྱ་སྟེ། དེ་ཡང་བསམ་གཏན་གྱི་འབྲས་བུ་མཐོ་རིས་དང་ཐར་པའི་ཡོན་ཏན་དག་ལ་འདོད་པའི་རང་བཞིན་ནོ། །ཏིང་ངེ་འཛིན་དེ་ལ་མི་

མཐུན་པའི་ཕྱོགས་སྒྲིབ་པ་ལྔ་ཡོད་དེ། དེ་ཡང་ལེ་ལོ་དང་དམིགས་པ་བརྗེད་པ་དང་། ཞུམ་རྒོད་དང་འདུ་མི་བྱེད་པ་དང་འདུ་བྱེད་པའོ། །དེ་ལ་ལེ་ལོ་ནི་དགེ་བ་ལ་མི་འཇུག་པ་སྟེ། དང་པོ་ཉན་པ་དང་སེམས་པ་ལ་སྦྱོར་བའི་དུས་ན་བསྒྲིབས་པའི་ཕྱིར་ཉེས་པའོ། །དམིགས་པ་

བརྗེད་པ་ནི་བསམ་གཏན་གྱི་མན་ངག་མི་དྲན་པས་བསྒོམ་པའི་ཡུལ་གང་ཡིན་གཏོལ་མེད་དེ། བསམ་གཏན་ལ་སྦྱོར་བའི་དུས་ན་རྨོངས་པའི་ཕྱིར་ཉེས་པའོ། །ཞུམ་རྒོད་ནི་བསྒོམ་པའི་ཡུལ་ལ་རྨུགས་ཤིང་གཡེངས་ཏེ་བསམ་གཏན་ལ་ཞུགས་པའི་དུས་ན་ལས་སུ་མི་རུང་

བས་ཉེས་པའོ། །འདུ་མི་བྱེད་པ་ནི་ཞུམ་རྒོད་བྱུང་ན་དེ་སྤོང་ཞིང་ཞི་གནས་སུ་མི་གློན་པས་ན་ཉེས་པའོ། །འདུ་བྱེད་དྲགས་པ་ནི་སེམས་མཉམ་པར་གནས་པའི་དུས་ན་དེ་ལས་བསྐྱོད་ཅིང་གཡེང་བར་བྱེད་པས་ཉེས་པ་སྟེ། དེ་ལྔ་ནི་སྤང་བར་བྱ་བ་ཡིན་ལ། དེ་སྤོང་བའི་

འདུ་བྱེད་ནི་བརྒྱད་དེ་མོས་པ་དང་། བརྩོན་འགྲུས་དང་། དད་པ་དང་། ཤིན་ཏུ་སྦྱངས་པ་དང་། དྲན་པ་དང་། ཤེས་བཞིན་དང་། སེམས་པ་དང་། བཏང་སྙོམས་རྣམས་སོ། །དེ་དག་གི་ཉེས་པ་ཇི་ལྟར་སྤོང་ཞེ་ན། འདུ་བྱེད་བཞིས་ནི་ལེ་ལོ་སྤོང་སྟེ་ཇི་ལྟར་ཞེ་ན། བརྩོན་འགྲུས་ཀྱི་གནས་དང་

Vol. 206 · folio 251b

རྟེན་དང་མཚན་མ་དང་འབྲས་བུ་བསྟན་པའི་སྒོ་ནས་སྤོང་སྟེ། དེ་ཡང་མོས་པ་ཡོད་ན་བརྩོན་འགྲུས་རྩོམ་པའི་ཕྱིར་མོས་པ་ནི་བརྩོན་འགྲུས་ཀྱི་གནས་སོ། །བརྩོན་འགྲུས་ཉིད་ནི་རྟེན་ནོ། །མོས་པ་སྐྱེ་བའི་རྒྱུ་ནི་དད་པ་སྟེ་དད་པ་ཡོད་ན་མོས་པ་འབྱུང་བས་མཚན་མ་སྟེ། མཚན་མ་དང་རྒྱུ་

ནི་དོན་གཅིག་གོ། །བརྩོན་འགྲུས་བརྩམས་ན་ལུས་དང་སེམས་ལས་སུ་རུང་བར་འགྱུར་བའི་ཕྱིར་ཤིན་ཏུ་སྦྱངས་པ་སྟེ་དེ་ནི་བརྩོན་འགྲུས་ཀྱི་འབྲས་བུའོ། །དེ་ལྟར་ལུས་དང་སེམས་ལས་སུ་རུང་ཞིང་བརྩོན་འགྲུས་ཀྱི་དབང་ཐོབ་ན་ལེ་ལོའི་གནས་མེད་པས་དེའི་ཕྱིར་འདུ་བྱེད་སྔ་མ་བཞི་

ནི་ལེ་ལོའི་གཉེན་པོ་ཡིན་ནོ། །ཉེས་པ་ལྷག་མ་བཞིའི་གཉེན་པོ་ནི་འདུ་བྱེད་བཞི་རེ་རེ་དང་རིམ་བཞིན་དུ་སྦྱར་ཏེ། དམིགས་པ་བརྗེད་པའི་གཉེན་པོ་ནི་དྲན་པའོ། །ཞུམ་རྒོད་བྱུང་ན་གང་བྱུང་བ་རྟོགས་པར་བྱེད་པས། ཞུམ་རྒོད་ཀྱི་གཉེན་པོ་ཤེས་བཞིན་ནོ། །མངོན་པར་འདུ་མི་བྱེད་པའི་

གཉེན་པོ་ནི་སེམས་པ་སྟེ། ཞུམ་རྒོད་བྱུང་ན་སེམས་པས་ཕྱིར་ཞི་གནས་སུ་གློན་པར་བྱེད་པའི་ཕྱིར་རོ། །འདུ་བྱེད་དྲགས་པའི་གཉེན་པོ་ནི་བཏང་སྙོམས་ཏེ་ནམ་གཡོ་བར་བྱེད་པ་ན་མི་གཡོ་བར་བསྒོམ་པའི་ཕྱིར་སྤོང་བའི་འདུ་བྱེད་ཅེས་བྱའོ། །སེམས་ཀྱི་ཏིང་ངེ་འཛིན་ནི་ཚེ་རབས་སྔ་

མ་ལ་བསམ་གཏན་བསྒོམས་བསྒོམས་པའམ། ཡང་ན་ཚེ་འདི་ལ་སྔ་ནས་ཏིང་ངེ་འཛིན་བསྒོམས་བསྒོམས་པའི་བག་ཆགས་བསགས་ཏེ་ཡུན་རིང་དུ་བསྒོམས་པའི་ཤུགས་ཀྱིས་སེམས་རྩེ་གཅིག་ཐོབ་པའི་ཕྱིར་རོ། །བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་ནི་གང་གི་ཚེ་སྡིག་པ་མི་དགེ་

བའི་ཆོས་སྤོང་ཞིང་གཉེན་པོ་དགེ་བའི་ཆོས་རྣམས་སྐྱེ་ཞིང་འཕེལ་བར་བྱ་བ་རྒྱུན་མི་གཅོད་པར་འབད་འབད་པ་ལས་སེམས་རྩེ་གཅིག་ཐོབ་པའི་ཕྱིར་རོ། །དཔྱོད་པའི་ཏིང་ངེ་འཛིན་ནི་དགེ་བའི་བཤེས་གཉེན་ལས་དམ་པའི་ཆོས་མཉན་ཞིང་བསམས་པའི་ཤེས་

རབ་ཀྱིས་ཆོས་རྣམས་ཀྱི་མཚན་ཉིད་མི་རྟག་པ་དང་སྟོང་པ་ལ་སོགས་པར་བཤིག་ཅིང་གཏན་ལ་ཕབ་ཅིང་ཐེ་ཚོམ་མེད་པར་དཔྱོད་པ་ལས་སེམས་རྩེ་གཅིག་ཐོབ་པ་ལ་བྱའོ། །སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་ནི་ཞེས་བྱ་བ་ནི་

Vol. 206 · folio 252a

མོས་པའི་ཏིང་ངེ་འཛིན་ལ་སྦྱར་བ་བཞིན་དུ་འོག་མ་རྣམས་ལ་ཡང་རེ་རེ་ཞིང་དེ་དང་འདྲ་བར་ཀུན་ལ་སྦྱར་རོ། །དབང་པོ་ལྔ་ནི་དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་

རབ་ཀྱི་དབང་པོ་སྟེ། དེ་ལ་ཅིའི་ཕྱིར་དབང་པོ་ཞེས་བྱ་ཞེ་ན། ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་པ་ལ་དབང་བྱེད་པས་སོ། །ཡང་ན་ཡིད་ཆེས་པ་དང་། དང་བ་དང་འདོད་པ་ནི་དད་པ་སྟེ། དེ་ཡོད་ན་འཁོར་བ་ལས་འབྱུང་ངོ་སྙམ་ནས་བརྩོན་འགྲུས་རྩོམ་

པར་འགྱུར་རོ། །བརྩོན་འགྲུས་ཀྱིས་ནི་བསླབ་པ་གསུམ་སྒྲུབ་པ་ལ་དབང་བྱེད་དེ། དྲན་པའི་དབང་པོས་ནི་ལྷག་པའི་ཚུལ་ཁྲིམས་ལ་དབང་བྱེད། ཏིང་ངེ་འཛིན་གྱི་དབང་པོས་ནི་ལྷག་པའི་སེམས་ལ་དབང་བྱེད། ཤེས་རབ་ཀྱི་དབང་པོས་ནི་ལྷག་པའི་ཤེས་རབ་ལ་དབང་བྱེད་

པ་དང་། ཡང་ན་གོང་མ་གོང་མའི་དབང་གིས་འོག་མ་འོག་མ་སྐྱེ་བ་ལ་དབང་བྱེད་པས་ན་དབང་པོ་ཞེས་བྱའོ། །དེ་ལ་ལས་དང་འབྲས་བུ་དང་བདེན་པ་དང་དཀོན་མཆོག་ལ་ཡིད་ཆེས་ཤིང་སེམས་དང་བ་ནི་དད་པའི་དབང་པོའོ། །ཉན་པ་དང་སེམས་པ་དང་བསྒོམ་པ་ལ་

སོགས་པའི་དགེ་བ་རྒྱུན་མི་གཅོད་པ་ནི་བརྩོན་འགྲུས་ཀྱི་དབང་པོའོ། །ཉན་ཅིང་བསམ་པ་དང་བསྒོམ་པའི་དོན་མ་བརྗེད་ཅིང་གསལ་བ་ནི་དྲན་པའི་དབང་པོའོ། །སེམས་གཟུགས་དང་སྒྲ་ལ་སོགས་པའི་ཡུལ་ལ་གཡེང་ཞིང་འཕྲོ་བ་མེད་པ་ནི་ཏིང་ངེ་འཛིན་གྱི་དབང་

པོའོ། །ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་མ་ནོར་བར་གསལ་བར་གཏན་ལ་འབེབས་པ་ནི་ཤེས་རབ་ཀྱི་དབང་པོ་སྟེ། དེ་ལྟར་དབང་དུ་གྱུར་ཀྱང་མི་མཐུན་པའི་ཕྱོགས་དང་ཅུང་ཟད་འདྲེ་ཞིང་སྐབས་སྐབས་སུ་བར་ཆད་བྱེད་དོ། །སྟོབས་ཀྱི་དུས་ན་ནི་མི་མཐུན་པའི་ཕྱོགས་མ་དད་

པ་དང་། ལེ་ལོ་དང་། བརྗེད་པ་དང་། གཡེང་བ་དང་། ཤེས་བཞིན་མེད་པ་རྣམས་ཅུང་ཟད་ཀྱང་གཡོར་མི་སྣང་བའི་ཕྱིར་སྟོབས་ཞེས་བྱ་སྟེ། དེ་ཡང་དངོས་སུ་ན་དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། ཤེས་

Vol. 206 · folio 252b

རབ་ཀྱི་སྟོབས་སོ། །དེ་དག་གི་རང་བཞིན་ནི་དབང་པོ་ལྔ་དང་མཐུན་ལ། ཁྱད་པར་ནི་མི་མཐུན་པའི་ཕྱོགས་ཀྱིས་འདྲེས་པ་དང་མ་འདྲེས་པའི་ཆས་དབྱེ་སྟེ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་ཡང་དེ་དག་ཉིད་ལ་གདགས་ཏེ། སྣང་བ་ཐོབ་པ་དང་། སྣང་བ་མཆེད་པ་དང་། དེ་ཁོ་

ནའི་ཕྱོགས་གཅིག་དང་། དེ་མ་ཐག་པ་སྟེ། ཆོས་རྣམས་ལ་མིང་དུ་བཏགས་པ་རྣམས་སྒྱུ་མ་ཙམ་དུ་ཤེས་པ་དང་མིང་གིས་བརྗོད་པའི་དོན་རྣམས་སྒྱུ་མ་ཙམ་དུ་ཤེས་པའི་དུས་ན་ནི་དབང་པོ་ལྔ་སྟེ། སྣང་བ་ཐོབ་པ་དང་སྣང་བ་མཆེད་པ་གཉིས་དང་སྦྱར་ཞིང་མིང་དུ་བཏགས་པའི་

མིང་རྣམས་སྟོང་པར་ཤེས་པ་དང་། མིང་གིས་བརྗོད་པའི་དོན་རྣམས་སྟོང་པར་ཤེས་པའི་དུས་ན་ནི་སྟོབས་ལྔ་སྟེ་དེ་ཁོ་ནའི་ཕྱོགས་གཅིག་དང་དེ་མ་ཐག་པ་གཉིས་དང་སྦྱར་ཏེ། དེ་དག་ནི་མཐོང་བའི་ལམ་ལ་སྦྱོར་བའི་དབང་དང་སྟོབས་སུ་གྱུར་བའི་མཚན་ཉིད་དོ། །བྱང་ཆུབ་ཀྱི་ཡན་

ལག་བདུན་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་

ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། དེ་དག་ནི། རང་བཞིན་ཡན་ལག་གནས་ཡན་ལག། །གསུམ་པ་ངེས་འབྱུང་ཡན་ལག་སྟེ། །བཞི་པ་ཕན་ཡོན་ཡན་ལག་ཡིན། །རྣམ་གསུམ་ཉོན་མོངས་མེད་ཡན་ལག །ཅེས་སྨོས་ཏེ། བྱང་ཆུབ་ཀྱི་སྒྲ་ནི་ཆོས་ཐམས་

ཅད་སྟོང་པར་ཁོང་དུ་ཆུད་པ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དེ་ཡང་ཆོས་རྣམ་པར་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་དང་སྦྱར་ཏེ། དེ་ནི་གཙོ་བོ་ཡང་ཡིན་ལ་ཡན་ལག་ཀྱང་ཡིན་ནོ། །གཞན་དྲུག་པོ་ནི་དེའི་གྲོགས་སུ་གྱུར་པས་ན་ཡན་ལག་བདུན་ཞེས་བྱའོ། །དྲན་པ་ཡང་དག་ནི་ཆོས་

རྣམ་པར་འབྱེད་པའི་ཡེ་ཤེས་ཀྱི་གནས་ཀྱི་ཡན་ལག་ཡིན་ཏེ། དྲན་པ་ཡོད་ན་དེ་ལས་ཤེས་རབ་འབྱུང་ཞིང་སྐྱེ་བས་གནས་ཞེས་བྱའོ། །ཆོས་རྣམ་པར་འབྱེད་པ་ནི་མཚན་ཉིད་རྟོགས་པར་བྱེད་པས་རང་བཞིན་གྱི་ཡན་ལག་སྟེ། ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །བརྩོན་

Vol. 206 · folio 253a

འགྲུས་ནི་ངེས་པར་འབྱུང་བའི་ཡན་ལག་སྟེ་སོ་སོའི་སྐྱེ་བོའི་གནས་ནས་ངེས་པར་འབྱུང་ཞིང་དེ་ལས་འདའ་བར་བྱེད་པའི་ཕྱིར་རོ། །དགའ་བ་ནི་ཕན་ཡོན་གྱི་ཡན་ལག་སྟེ། ས་དང་པོ་མཐོང་བའི་དགའ་བ་དེས་ལུས་དང་སེམས་ལ་ཕན་འདོགས་ཤིང་ཚིམ་པར་བྱེད་པའི་ཕྱིར་རོ། །

ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་གསུམ་ནི་ཉོན་མོངས་པ་མེད་པའི་ཡན་ལག་སྟེ། ཤིན་ཏུ་སྦྱངས་པ་ནི་ཉོན་མོངས་པ་མེད་པའི་གཞིའོ། །ཏིང་ངེ་འཛིན་ནི་ཉོན་མོངས་པ་མེད་པའི་གནས་སོ། །བཏང་སྙོམས་ནི་ཉོན་མོངས་པ་མེད་པའི་ངོ་བོ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། ལུས་དང་

སེམས་ལས་སུ་རུང་བ་ཡོད་ན། འདོད་ཆགས་དང་གཡེང་བ་ལ་སོགས་པ་མི་འབྱུང་བའི་ཕྱིར་དང་། སེམས་རྩེ་གཅིག་པར་བཞག་པས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བའི་ཕྱིར་དང་། མཐོང་བས་སྤང་བའི་ཉོན་མོངས་པ་སྤངས་ནས་དེ་ཕན་ཆད་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་མི་

འབྱུང་བར་སེམས་དག་པའི་རྒྱུན་ཉིད་དུ་བཏང་སྙོམས་སུ་འཇོག་པའི་ཕྱིར་ཉོན་མོངས་པ་མེད་པའི་གཞི་དང་། གནས་དང་། ངོ་བོ་ཉིད་གསུམ་དང་གོ་རིམས་བཞིན་དུ་རེ་རེར་སྦྱར་ལ། གང་གི་ཚིགས་བཅད་ཀྱི་དོན་བསྡུའོ། །འཕགས་པའི་ལམ་ཡན་ལག་བརྒྱད་ནི། ཡང་དག་པའི་ལྟ་བ་དང་ཡང་དག་པའི་རྟོག་པ་

དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏོ་ཞེས་བྱ་བ་ལ། འཕགས་པ་ནི་མཐོང་བ་དང་བསྒོམ་པས་སྤང་བའི་ཉོན་མོངས་པ་འདོད་ཆགས་ལ་སོགས་པ་ཐག་རིང་དུ་སྤངས་

པའི་ཕྱིར་རོ། །དེའི་ལམ་ནི་འཕགས་པ་དེ་འཐོབ་པར་བྱ་བའི་རྒྱུའམ་སྒོ་ལྟ་བུ་སྟེ། དངོས་སུ་ན་ཤེས་རབ་ཀྱི་བྱེ་བྲག་ཡན་ལག་བརྒྱད་དེ། དེ་ཡང་། ཡོངས་སུ་གཅོད་དང་གོ་བྱེད་དང་། །རྣམ་གསུམ་གཞན་ཡིད་ཆེས་པར་བྱེད། །མི་མཐུན་ཕྱོགས་ཀྱི་གཉེན་པོར་ནི། །ལམ་གྱི་ཡན་ལག་དེ་བརྒྱད་དོ། །ཞེས་

སྨོས་ཏེ། ཡང་དག་པའི་ལྟ་བ་ནི་ས་གཉིས་པ་ཡན་ཆད་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་རྗེས་ལས་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཏེ། དེ་ཆོས་ཀྱི་དབྱིངས་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་འདི་ལྟར་མཐོང་ངོ་སྙམ་དུ་དམིགས་ཤིང་གཅོད་པས་ན་ཡོངས་སུ་གཅོད་པའི་ཡན་ལག་གོ། །ཡང་

Vol. 206 · folio 253b

དག་པའི་རྟོག་པ་ནི་ཆོས་རྣམས་ཀྱི་སྤྱི་དང་རང་གི་མཚན་ཉིད་མ་ནོར་བར་བརྟགས་ཏེ། ཇི་ལྟར་རྟོགས་པ་དེ་བཞིན་དུ་ཡང་དག་པའི་ངག་གིས་གཞན་ལ་ཆོས་སྟོན་ཅིང་འཆད་པས་ན་རྟོག་པ་དང་ངག་གཉིས་ནི་གཞན་ལ་གོ་བར་བྱེད་པའི་ཡན་ལག་གོ། །ཡང་དག་པའི་ངག་ནི་རྒོལ་བ་དང་ཐེ་ཚོམ་འདྲི་བའི་ལན་མ་

ནོར་བར་འབྲེལ་བའི་གཏམ་སྨྲ་བས་ན་འདི་ནི་ཤེས་རབ་རྣམ་པར་དག་པ་ཡིན་ནོ་ཞེས་ཡིད་ཆེས་པར་བྱེད་དོ། །ཡང་དག་པའི་ལས་ཀྱི་མཐའ་ནི་སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་རྣམས་ཅུང་ཟད་ཀྱང་མི་བྱེད་པར་སྤངས་པས་འདི་ནི་ཚུལ་ཁྲིམས་རྣམ་པར་དག་པ་ཡིན་ནོ་ཞེས་ཡིད་ཆེས་པར་བྱེད་དོ། །

ཡང་དག་པའི་འཚོ་བ་ནི་ཡོ་བྱད་བསྙུངས་ནས་ཟང་ཟིང་མང་པོ་ལ་མཐོང་འདོད་མི་སྐྱེད་མི་སོགས་ཏེ། རང་གི་ལུས་དགེ་བ་སྤྱོད་ནུས་ཙམ་གྱི་ཡོ་བྱད་ཉི་ཚེ་ཙམ་ཞིག་ཚོལ་བས་ན་འདི་ནི་ཚོད་ཟིན་པར་འཚོ་ཞིང་ཡོ་བྱད་བསྙུངས་པ་ཡིན་ནོ་ཞེས་ཡིད་ཆེས་པར་བྱེད་དེ། ཡང་དག་པའི་ངག་དང་། ལས་ཀྱི་མཐའ་

དང་། འཚོ་བ་གསུམ་ནི་སྐྱོན་མེད་པར་གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་གོ། །ཡང་དག་པའི་རྩོལ་བ་ནི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་འདོད་ཆགས་ལ་སོགས་པའི་བག་ལ་ཉལ་སྤང་ཞིང་། ཡང་དག་པའི་དྲན་པས་ནི་ཉེ་བའི་ཉོན་མོངས་པ་ཞུམ་རྒོད་བྱུང་ན་རྩེ་གཅིག་ཏུ་གློན་ཞིང་གཟེངས་

བསྟོད་དེ་སྤང་ལ། ཡང་དག་པའི་ཏིང་ངེ་འཛིན་གྱིས་ནི་མངོན་པར་ཤེས་པ་དྲུག་མི་ཐོབ་པའི་སྒྲིབ་པ་སྤངས་ཏེ། མངོན་པར་ཤེས་པ་ཐོབ་པར་བྱེད་པས་ན་ཡང་དག་པའི་རྩོལ་བ་དང་། དྲན་པ་དང་ཏིང་ངེ་འཛིན་གསུམ་ནི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་ཞེས་བྱ་སྟེ། ཚིགས་སུ་བཅད་པ་དང་རིམ་པ་བཞིན་དུ་སྦྱར་

རོ། །འཕགས་པའི་བདེན་པ་བཞི་ནི་སྡུག་བསྔལ་ཡོངས་སུ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། སྡུག་བསྔལ་འགོག་པར་འགྱུར་བའི་ལམ་བསྒོམ་པར་བྱ་ཞེས་སྨོས་ཏེ། དེ་ལ་འཕགས་པ་ནི་གོང་དུ་སྨོས་པ་དང་འདྲ་ལ། བདེན་པ་བཞི་ནི་སྡུག་བསྔལ་ལ་སོགས་པའི་ཆོས་བཞི་པོ་དེ་དག་

དེ་ཁོ་ན་ལྟར་མ་ནོར་བར་ངེས་སོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་སྡུག་བསྔལ་ལ་ཡོངས་སུ་ཤེས་པར་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་འཇིག་རྟེན་སྔོན་གྱི་ལས་ཀྱི་འབྲས་བུ་གྲུབ་ཟིན་པ་འདི་ནི་སྤང་དུ་མི་རུང་བས་དེ་ནི་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པར་ཤེས་པར་བྱ་བའོ། །ཀུན་འབྱུང་

Vol. 206 · folio 254a

སྤང་བར་བྱ་བ་ནི་སྔོན་གྱི་ལས་དང་ཉོན་མོངས་པ་དེ་དག་ཁམས་གསུམ་རྒྱུད་ལྔར་འབྱུང་ཞིང་སྡུག་བསྔལ་གྱི་ཕུང་པོ་དེ་བསྐྱེད་པ་སྟེ། རྒྱུ་དང་ཀུན་འབྱུང་བ་དང་རབ་ཏུ་སྐྱེ་བ་དང་རྐྱེན་དང་འབྱུང་བའི་ཚུལ་དུ་རིག་ནས་ལམ་གྱིས་སྤང་བར་བྱ་བ་ཡིན་པར་ཤེས་པའོ། །འགོག་པ་མངོན་དུ་བྱ་བ་ནི་

སྡུག་བསྔལ་དང་ཀུན་འབྱུང་བ་གཉིས་ཀ་སྤངས་པ་ཕུང་པོའི་ལྷག་མ་དང་བཅས་པ་དང་ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པ་ནི་འགོག་པ་དང་ཞི་བ་དང་གྱ་ནོམ་པ་དང་ངེས་པར་འབྱུང་བ་ལྟ་བུར་ཤེས་པའོ། །སྡུག་བསྔལ་འགོག་པར་འགྱུར་བའི་ལམ་བསྒོམ་པར་བྱ་བ་ལ། ལམ་ནི་བྱང་

ཆུབ་ཀྱི་ཕྱོགས་སམ་ཡང་ན་འཕགས་པའི་ལམ་ཡན་ལག་བརྒྱད་པོ་དག་སྟེ། དེ་དག་གིས་སྡུག་བསྔལ་དང་ཀུན་འབྱུང་འགག་ཅིང་སྤང་སྟེ། དེ་ཡང་ལམ་དང་རིགས་པ་དང་བསྒྲུབ་པ་དང་ངེས་པར་འབྱུང་བར་ཤེས་པ་སྟེ། དངོས་སུ་ན་གང་ཟག་དང་ཆོས་ལ་བདག་མེད་པ་བཙལ་ཏེ་རྙེད་པར་བྱེད་པ་དང་།

སོ་སོའི་སྐྱེ་བོའི་ས་ནས་འཕགས་པའི་གནས་སུ་ཕྱིན་པར་བྱེད་པས་ན་ལམ་མོ། །དེ་ལ་རྟོགས་པ་དང་འདྲིས་པར་བྱེད་པ་ནི་བསྒོམ་པ་ཞེས་བྱའོ། །བསམ་གཏན་བཞི་གང་ཞེ་ན། རྟོག་དཔྱོད་དང་། དགའ་བ་དང་། བདེ་བ་དང་། བཏང་སྙོམས་ཏེ། དེ་ལ་བསམ་གཏན་བཞི་ནི་གཟུགས་ཀྱི་ཁམས་

ཀྱི་གནས་བཞིར་མི་མཐུན་པའི་ཕྱོགས་ཀྱིས་མི་བསྐྱོད་ཅིང་སེམས་བརྟན་པོ་རང་དབང་དུ་གནས་པའི་དོན་ཏོ། །དེ་ལ་རྟོག་དཔྱོད་ནི་བསམ་གཏན་དང་པོ་སྟེ་ས་འོག་མ་འདོད་པའི་ཁམས་ཀྱི་འདོད་པའི་ཡོན་ཏན་ལྔ་པོ་དག་ལ་སྤྱོད་པ་ནི་ནད་དང་ཤུ་བ་ལྟ་བུ་སྐྱོན་ཅན་ཡིན་ལ་གཟུགས་ཀྱི་བསམ་གཏན་དང་པོ་

ལ་སོགས་པ་ནི་ཞི་བ་དང་བདེ་བ་ཡིན་པར་རྟོག་ཅིང་དཔྱོད་པའི་སྒོ་ནས་གོང་མིའི་ཡོན་ཏན་ཐོབ་སྟེ་མི་མཐུན་པའི་ཕྱོགས་ཉམས་པའི་དགའ་བ་དང་བདེ་བ་ཅན་ནོ། །དགའ་བ་ནི་བསམ་གཏན་གཉིས་པ་སྟེ། གཉེན་པོ་བསྒོམས་པའི་སྒོ་ནས་ཏིང་ངེ་འཛིན་གྱི་ཁྱད་པར་ལས་སྐྱེས་པའི་དགའ་བ་དང་བདེ་བ་

ཅན་ནོ། །བདེ་བ་ནི་བསམ་གཏན་གསུམ་པ་སྟེ། དགའ་བ་ཡོད་ན་དེའི་ཟླས་མི་དགའ་བ་ཡང་འབྱུང་བས་དགའ་བ་སྤོང་ངོ་ཞེས་དགའ་བ་སྤངས་པས་དེའི་ཟླས་མི་དགའ་བ་ཡང་སྤངས་པའི་བཏང་སྙོམས་ཅན་ཏེ། དེ་ནི་བདེ་བ་མ་སྤངས་པས་བདེ་བ་ཅན་ཞེས་བྱའོ། །བཏང་སྙོམས་ནི་བསམ་གཏན་བཞི་པ་

Vol. 206 · folio 254b

སྟེ་འོག་མའི་བདེ་བ་ཡོད་ན་དེའི་ཟླས་སྡུག་བསྔལ་ཡང་འབྱུང་བས་བདེ་བ་དེ་ཡང་སྤང་ངོ་ཞེས་བདེ་བ་སྤངས་པས་དེའི་ཟླས་དབུགས་རྔུབ་པ་དང་འབྱུང་བའི་སྡུག་བསྔལ་ཡང་སྤངས་པའི་བཏང་སྙོམས་ཅན་ཏེ་བདེ་བ་ཡང་སྤངས་སྡུག་བསྔལ་ཡང་སྤངས་པའི་མཚན་ཉིད་དོ། །ཚད་མེད་པ་བཞི་གང་ཞེ་ན།

བྱམས་པ་ཚད་མེད་པ་དང་། སྙིང་རྗེ་ཚད་མེད་པ་དང་། དགའ་བ་ཚད་མེད་པ་དང་། བཏང་སྙོམས་ཚད་མེད་པ་སྟེ། དེ་ལ་ཚད་མེད་པ་བཞི་ནི་འཇིག་རྟེན་པ་དག་བུ་ཚ་དང་གཉེན་འཁོར་ཉི་ཚེ་ལྟ་བུ་ལ་བྱམས་པ་དང་། ཉན་ཐོས་དག་སེམས་ཅན་ཉུང་ཙམ་ཞིག་གི་དོན་བྱེད་ཅིང་བྱམས་པ་ལྟ་བུ་ནི་མ་ཡིན་གྱི།

སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་བྱམས་པ་དང་སྙིང་རྗེ་བསྐྱོད་པའི་ཕྱིར་རོ། །དེ་ལ་བྱམས་པ་ནི་སེམས་ཅན་ཐམས་ཅད་བདེ་བ་ལ་འགོད་པས་ཕན་གདགས་སོ་སྙམ་དུ་སེམས་པའོ། །སྙིང་རྗེ་ནི་སེམས་ཅན་ཐམས་ཅད་ཉོན་མོངས་པ་དང་བྲལ་ཞིང་སྡུག་བསྔལ་བསལ་བས་ཕན་གདགས་

སོ་སྙམ་དུ་སེམས་པའོ། །དགའ་བ་ནི་སེམས་ཅན་རྣམས་ལ་གོང་མ་ལྟར་ཕན་པ་དང་བདེ་བར་དོན་བྱས་པ་ལེགས་སོ་སྙམ་དུ་སེམས་པའོ། །བཏང་སྙོམས་ནི་སེམས་ཅན་རྣམས་བདེ་བ་དང་གྲོལ་བར་བྱས་ཟིན་པ་རྣམས་ལ་ཡང་གྲོལ་བར་བྱ་མི་དགོས་པས་བཏང་སྙོམས་སུ་གཞག་པའོ། །

གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་གང་ཞེ་ན། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། ཡོད་མིན་མེད་མིན་སྐྱེ་མཆེད་དེ་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཞེས་བྱ་བ་ནི་གཟུགས་མེད་པའི་ཁམས་སུ་

མིང་བཞི་པོ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་རྣམ་པར་ཤེས་པའི་ཕུང་པོ་བཞི་རང་དབང་དུ་གནས་བཞིར་རྩེ་གཅིག་ཏུ་འཇུག་པ་སྟེ། དེ་ལ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནི། ཆོས་ཐམས་ཅད་སོ་སོར་བཤིག་ན་དངོས་པོ་མེད་དེ། ནམ་མཁའ་ཙམ་དུ་ཟད་ལ། ནམ་མཁའ་དེ་ཡང་མཐའ་ཡས་

སོ་སྙམ་དུ་སེམས་པ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཅེས་བྱ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ནི་ཆོས་ཐམས་ཅད་ནམ་མཁའ་ཙམ་དུ་ཟད་ལ། ནམ་མཁའ་དེ་ཡང་མཐའ་ཡས་སྙམ་དུ་དམིགས་པའི་འདུ་ཤེས་དང་འགྲོགས་པའི་རྣམ་པར་ཤེས་པ་དེ་ཡང་ནམ་མཁའ་བཞིན་དུ་མཐའ་ཡས་སོ་

Vol. 206 · folio 255a

སྙམ་དུ་མོས་པའི་ཏིང་ངེ་འཛིན་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཅེས་བྱ། ཅི་ཡང་མེད་པའི་སྐྱེ་མཆེད་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ལངས་ནས་རྣམ་པར་ཤེས་པ་ལས་ཕ་རོལ་ན་དམིགས་པར་བྱ་བ་ཅི་ཡོད་ཅེས་བརྟགས་ན་གཟུགས་ཅན་དང་གཟུགས་མེད་པའི་ཆོས་ཅུང་ཟད་ཀྱང་

ཡོད་པར་མ་མཐོང་ནས་ཅི་ཡང་མེད་དོ་སྙམ་དུ་མོས་ཤིང་སྙོམས་པར་ཞུགས་པ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཅེས་བྱ། ཡོད་མིན་མེད་མིན་སྐྱེ་མཆེད་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ལངས་ནས་འདུ་ཤེས་འདི་ནི། ནད་དང་ཤུ་བ་དང་ཟུག་རྔུ་ལྟ་བུའོ་ཞེས་བརྟགས་ཏེ་འདུ་ཤེས་བཀག་ནས་ཇེ་ཕྲ་ཇེ་ཕྲར་གྱུར་པ་

དང་། འདུ་ཤེས་འདི་གཏན་མེད་ན་ཡང་རྨོངས་པར་འགྱུར་ཏེ་མི་རུང་ངོ་སྙམ་ནས་འདུ་ཤེས་ཤིན་ཏུ་ཕྲ་བ་ལ་གནས་ཏེ་སྙོམས་པར་ཞུགས་པ་ནི་འདུ་ཤེས་རགས་པ་ཡོད་པ་ཡང་མ་ཡིན་ལ་གཏན་མེད་པ་ཡང་མ་ཡིན་པས། ཡོད་མིན་མེད་མིན་སྐྱེ་མཆེད་ཅེས་བྱའོ། །རྣམ་པར་ཐར་པ་བརྒྱད་ནི་ཉོན་མོངས་པའི་

བཅིངས་པ་ལས་གྲོལ་བའི་ཕྱིར་རྣམ་པར་ཐར་པ་སྟེ་བརྒྱད་ནི་འོག་ནས་འབྱུང་བའི་གནས་བརྒྱད་དང་སྦྱར་རོ། །དེ་ཡང་གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ནི་རྣམ་པར་ཐར་པ་དང་པོ་སྟེ། བདག་རང་གི་གཟུགས་སྔར་མ་བཤིག་པར་ཕྱི་རོལ་གྱི་གཟུགས་སྟོང་པར་འཇིག་ཅིང་སུན་འབྱིན་པའི་ཏིང་ངེ་འཛིན་ནི་

གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ཞེས་བྱ་ལ། རྣམ་པར་ཐར་པ་ནི་གོང་དུ་བསྟན་པ་དང་འདྲ་བར་ཀུན་ལ་སྦྱར་རོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ་ཞེས་བྱ་བ་ལ་བདག་རང་གི་གཟུགས་ཆ་ཤས་ཀྱིས་སྟོང་པར་བཤིག་པ་ནི་ནང་གཟུགས་

མེད་པར་འདུ་ཤེས་པ་ལ་ཞེས་བྱ་ལ། ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་ནི་ཕྱིའི་གཟུགས་སྣམ་བུ་དང་བུམ་པ་ལ་སོགས་པ་སྟོང་པར་སུན་འབྱིན་པ་སྟེ་གོང་མ་དང་འདྲའོ། །སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་རྫོགས་པར་བྱས་ནས་གནས་པ་འདི་ནི་རྣམ་པར་ཐར་པ་གསུམ་པ་སྟེ། གོང་

དུ་ཕྱི་ནང་གི་ཆོས་སྟོང་པར་སུན་ཕྱུང་ནས་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་མི་འབྱུང་བར་གྱུར་པ་དེ་ནི་གཟུགས་མཐོང་ན་ཡང་འདོད་ཆགས་སྐྱེའམ་མི་སྐྱེ་སད་པའི་ཕྱིར་གཟུགས་སྡུག་གུ་མངོན་སུམ་དུ་སེམས་ཀྱི་ལུས་ཀྱིས་བསྒོམ་པ་ནི། སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་པའོ། །

Vol. 206 · folio 255b

དེ་ལྟར་བསྒོམས་ཀྱང་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་མི་སྐྱེ་བར་གྱུར་པ་ནི། རྫོགས་པར་བྱས་ནས་གནས་པ་ཞེས་བྱའོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ་ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་རྣམས་

ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་སྙམ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བཞི་པ་སྟེ། མིག་གི་རྣམ་པར་ཤེས་པའི་ཡུལ་གཟུགས་སྔོན་པོ་དང་སེར་པོ་ལ་སོགས་པ་ཁ་དོག་དང་དབྱིབས་ཐམས་ཅད་སྟོང་པར་བཤིག་སྟེ་ཡུལ་མེད་པས་

རྣམ་པར་ཤེས་པ་ཡང་མི་འབྱུང་། རྣམ་པར་ཤེས་པ་མི་འབྱུང་ན་དེ་དང་འགྲོགས་པའི་འདུ་ཤེས་ཀྱང་མི་འབྱུང་བ་དེ་ནི། རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་པ་ཞེས་བྱའོ། །རྣ་བ་ལ་སོགས་པའི་རྣམ་པར་ཤེས་པའི་ཡུལ་སྒྲ་དང་། དྲི་དང་། རོ་དང་། རེག་སྟེ། ཐོགས་པ་

ཅན་གྱི་གཟུགས་རྣམས་སྟོང་པར་བཤིག་སྟེ། ཡུལ་མི་འབྱུང་བས་དེ་ལ་དམིགས་པའི་རྣམ་པར་ཤེས་པ་རྣམས་ཀྱང་མི་འབྱུང་། དེ་མི་འབྱུང་བས་དེ་དང་འགྲོགས་པའི་འདུ་ཤེས་ཀྱང་མི་འབྱུང་བ་ནི་ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་པ་ཞེས་བྱའོ། །དེ་ལྟར་རྣམ་པར་ཤེས་པ་ལྔ་ནུབ་སྟེ་མི་འབྱུང་བས་

དེའི་རྗེས་སུ་འཇུག་པའི་ཡིད་ཀྱི་རྣམ་པར་ཤེས་པ་དང་། དེ་དང་འགྲོགས་པའི་འདུ་ཤེས་ཀྱང་མི་འབྱུང་བ་ནི་སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པ་ཞེས་བྱའོ། །དེ་ལྟར་ཕྱིའི་ཡུལ་དང་ཡུལ་ལ་རྒྱུ་བའི་རྣམ་པར་ཤེས་པ་མི་འབྱུང་བས་ན་ཆོས་ཐམས་ཅད་ནམ་མཁའ་ཙམ་དུ་ཟད་ལ། ནམ་མཁའ་ནི་མཐའ་

ཡས་སོ་སྙམ་དུ་སྙོམས་པར་ཞུགས་པ་ནི་ནམ་མཁའ་མཐའ་ཡས་སོ་སྙམ་ནས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་ཞེས་བྱའོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས་རྣམ་

ཤེས་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་ལྔ་པ་སྟེ། ཆོས་ཐམས་ཅད་ནམ་མཁའ་ཙམ་དུ་ཟད་ལ་ནམ་མཁའ་མཐའ་ཡས་སོ་སྙམ་དུ་སྙོམས་པར་ཞུགས་པ་དེ་ལ་སེམས་བསྐྱོད་ནས་ནམ་མཁའ་དེ་མཐའ་ཡས་པར་ཡང་མ་ཟད་ཀྱི་ནམ་མཁའ་མཐའ་ཡས་སོ་

Vol. 206 · folio 256a

སྙམ་དུ་དམིགས་པའི་འདུ་ཤེས་དང་འགྲོགས་པའི་རྣམ་པར་ཤེས་པ་དེ་ཡང་ནམ་མཁའ་བཞིན་དུ་མཐའ་ཡས་སོ་སྙམ་དུ་སྙོམས་པར་ཞུགས་པ་དེ་ནི་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་པ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་

རྫོགས་པར་བྱས་ཏེ་གནས་པ་ཞེས་བྱའོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་ཅི་ཡང་མེད་དོ་སྙམ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་དྲུག་པ་སྟེ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་བསྐྱོད་ནས་རྣམ་

པར་ཤེས་པ་ལས་ཕ་རོལ་ན་དམིགས་པར་བྱ་བ་ཅི་ཡོད་བརྟགས་ན་གཟུགས་ཅན་དང་གཟུགས་མེད་པའི་ཆོས་ཅུང་ཟད་ཀྱང་ཡོད་པར་མ་མཐོང་ནས། ཅི་ཡང་མེད་དོ་སྙམ་དུ་སྙོམས་པར་ཞུགས་པ་ནི་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་པ་དང་། ཅི་ཡང་མེད་པའི་

སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་ཞེས་བྱའོ། །དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བདུན་པ་སྟེ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་བསྐྱོད་ནས་འདུ་ཤེས་འདི་ནི་ནད་དང་ཤུ་བ་དང་ཟུག་རྔུ་

ལྟ་བུ་སྟེ་སྐྱོན་ཅན་ཡིན་ནོ་ཞེས་བཀག་ནས་ཇེ་ཕྲ་ཇེ་ཕྲར་གྱུར་པ་དང་འདུ་ཤེས་གཏན་མེད་ན་ཡང་རྨོངས་པར་འགྱུར་ཏེ་མི་རུང་ངོ་སྙམ་ནས་འདུ་ཤེས་ཤིན་ཏུ་ཕྲ་མོ་ལ་གནས་ཏེ་སྙོམས་པར་ཞུགས་པ་ནི་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་འདས་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་

མཆེད་རྫོགས་པར་བྱས་ཏེ་གནས་པ་ཞེས་བྱའོ། །དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་འདུ་ཤེས་དང་ཚོར་བ་འགོག་པ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་གནས་པ་འདི་ནི་རྣམ་པར་ཐར་པ་བརྒྱད་པའོ་ཞེས་བྱ་བ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་

མཆེད་ལས་བསྐྱོད་པ་ནི་འགོག་པའི་སྙོམས་པར་འཇུག་པ་ཞེས་བྱ་སྟེ། རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཞེས་བྱ་ལ། གནས་དེར་འདུ་ཤེས་བཀག་པ་དང་དེའི་ཟླས་རྣམ་པར་ཤེས་པ་དྲུག་དང་ཉོན་མོངས་པའི་ཡིད་ཀྱང་བཀག །ཚོར་བ་ནི་གསུམ་ཆར་

Vol. 206 · folio 256b

ཡང་སྡུག་བསྔལ་ཡིན་ལ་འདུ་ཤེས་ནི་ནད་དང་ཤུ་བ་དང་ཟུག་རྔུ་ལྟ་བུ་ཡིན་ནོ་ཞེས་བཀག་སྟེ་གནས་པ་ནི། འདུ་ཤེས་དང་ཚོར་བ་འགོག་པ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་གནས་པ་ཞེས་བྱ་སྟེ། དེ་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རིལ་གྱིས་སྤངས་ཏེ་བསྒོམ་པས་སྤང་བའི་ཉོན་མོངས་པ་ཡང་

ཤས་ཀྱིས་སྤངས་པས་ན་རྣམ་པར་ཐར་པ་བརྒྱད་ཅེས་བྱའོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི། རྟོག་དཔྱོད་དང་། དགའ་བ་དང་། བདེ་བ་དང་། བཏང་སྙོམས་དང་། དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ་ཐོགས་པའི་འདུ་ཤེས་རྣམས་

ནུབ་པར་གྱུར་ཅིང་སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་སྙམ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་རྣམ་ཤེས་མཐའ་ཡས་སོ་སྙམ་ནས་རྣམ་

ཤེས་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ནས་ཅི་ཡང་མེད་དོ་སྙམ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་

འདས་ནས་འདུ་ཤེས་མེད་འདུ་ཤེས་མིད་མིན་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་སོ། །འགོག་པའི་སྙོམས་པར་འཇུག་པའོ་ཞེས་བྱ་བ་དག་གི་ཚིག་གཉེར་ནི་གོང་དུ་རྣམ་པར་ཐར་པ་བརྒྱད་དང་འགོག་པའི་སྙོམས་པར་འཇུག་པ་བཤད་པ་དང་མཐུན་ཏེ་གོང་དུ་བལྟའོ། །མཐར་གྱིས་གནས་པའི་

སྙོམས་པར་འཇུག་པ་དགུ་ཞེས་བྱ་བ་ནི་བསམ་གཏན་བཞི་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་འགོག་པའི་སྙོམས་པར་འཇུག་པ་སྟེ་བསམ་གཏན་དང་པོ་ནས་གོ་རིམས་བཞིན་མཐར་ཆགས་སུ་འགོག་པ་ལ་ཐུག་གི་བར་དུ་འཇུག་པའི་ཕྱིར་རོ། །རྣམ་པར་ཐར་པའི་སྒོ་གསུམ་ནི་སྟོང་

པ་ཉིད་ཀྱི་རྣམ་པར་ཐར་པ་དང་། མཚན་མ་མེད་པའི་རྣམ་པར་ཐར་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པ་སྟེ། རྣམ་པར་ཐར་པ་ནི་མྱ་ངན་ལས་འདས་པ་ལ་བྱའོ། །སྒོ་གསུམ་ནི་ཐར་པ་དེ་ཐོབ་པར་བྱེད་པའི་རྒྱུའམ་ཐབས་ཏེ་ཏིང་ངེ་འཛིན་གསུམ་ལ་བྱའོ། །དེ་ལ་ཆོས་རྣམ་པ་གཉིས་ཏེ། མེད་

Vol. 206 · folio 257a

པའི་ཆོས་དང་། ཡོད་པའི་ཆོས་སོ། །དེ་ལ་ཀུན་བརྟགས་ཀྱི་མཚན་ཉིད་ནི་མེད་པའི་ཆོས་ཏེ། དེ་བསྒོམ་པ་ནི་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་ཞེས་བྱའོ། །ཡོད་པའི་ཆོས་ཀྱང་རྣམ་པ་གཉིས་ཏེ། འདུས་བྱས་དང་། འདུས་མ་བྱས་སོ། །དེ་ལ་གཞན་གྱི་དབང་གི་མཚན་ཉིད་ནི་

འདུས་བྱས་ཏེ། གཞན་དབང་འདུས་བྱས་དེ་དང་ཇི་སྲིད་འགྲོགས་པ་དེ་སྲིད་དུ་སྡུག་བསྔལ་ཡིན་ནོ་ཞེས་དེ་སྤོང་བར་བྱེད་པ་ནི་སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་ཞེས་བྱའོ། །ཡོངས་སུ་གྲུབ་པའི་མཚན་ཉིད་ནི་འདུས་མ་བྱས་ཏེ། དེ་ལ་སྔོན་པོ་དང་སེར་པོ་ལ་སོགས་པ་ཁ་དོག་དང་དབྱིབས་ཀྱི་མཚན་མར་

གྲུབ་པ་མེད་དེ། དེ་ཐོབ་པར་བྱེད་ཅིང་འདྲིས་པར་བྱེད་པ་ནི་མཚན་མ་མེད་པའི་རྣམ་པར་ཐར་པའི་སྒོ་ཞེས་བྱའོ། །མངོན་པར་ཤེས་པ་དྲུག་ནི་ལྷའི་མིག་དང་། ལྷའི་རྣ་བ་དང་། སེམས་ཀྱི་རྣམ་གྲངས་ཤེས་པ་དང་། ལུས་ཀྱི་རྫུ་འཕྲུལ་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། ཟག་པ་ཟད་པ་

ཤེས་པ་སྟེ། དེ་ལ་ཐག་རིང་པོ་དང་དུས་རིང་པོ་ན་གནས་ཤིང་འབྱུང་བ་ལྐོག་ཏུ་གྱུར་པའི་ཆོས་རྣམས་ལ་ད་ལྟར་མངོན་སུམ་དུ་དྲུང་ན་འདུག་པ་དང་འདྲ་བར་རྟོགས་ཤིང་ཤེས་པ་ནི་མངོན་པར་ཤེས་པ་ཞེས་བྱ་སྟེ། དེ་ལྟར་གྱི་ལུས་ཉེ་རིང་ཇི་སྙེད་པ་དང་ཤི་ནས་གར་སྐྱེས་པའི་གཟུགས་ཐམས་ཅད་མཐོང་བ་དེ་ནི་

ལྷའི་མིག་གོ། །སྒྲ་དང་སྐད་དང་བརྡ་སྣ་ཚོགས་ཐོས་ཤིང་གོ་བ་ནི་ལྷའི་རྣ་བའོ། །སེམས་ཅན་གྱི་བསམ་པ་དང་བག་ལ་ཉལ་ཤས་ཆེ་ཆུང་ཀུན་ཤེས་པ་ནི་སེམས་ཀྱི་རྣམ་གྲངས་ཤེས་པའོ། །འབར་བ་དང་། འཕུར་བ་དང་། མང་ཉུང་དང་། བཟང་ངན་དང་ཆུ་ལ་འགྲོ་ཞིང་ས་ལ་འབྱིང་བ་དག་ཤེས་པ་ནི་

ལུས་ཀྱི་རྫུ་འཕྲུལ་ཤེས་པའོ། །ད་ལྟར་གྱི་དུས་ནས་བཟུང་སྟེ། ཚེ་རབས་སྔ་མ་ལ་གནས་གང་ན་གནས་གནས་ལས་ཅི་བྱེད་བྱེད་པའི་ལོ་རྒྱུས་དྲན་པ་ནི་སྔོན་གྱི་གནས་རྗེས་སུ་དྲན་པའོ། །མཐོང་བ་དང་བསྒོམ་པས་སྤངས་པའི་ཉོན་མོངས་པ་ཅི་སྤངས་ཅི་མ་སྤངས་པའི་རིམ་པ་ཤེས་བཞིན་ཟད་པ་དང་མི་

སྐྱེ་བའི་ཡེ་ཤེས་ཐོབ་པ་ཤེས་པ་དག་ནི་ཟག་པ་ཟད་པ་ཤེས་པའོ། །གཟུངས་ཀྱི་སྒོ་བཞི་ནི་བཟོད་པ་ཐོབ་པའི་རྒྱུར་གྱུར་པའི་གཟུངས་དང་། སྔགས་ཀྱི་གཟུངས་དང་། ཆོས་ཀྱི་གཟུངས་དང་། དོན་གྱི་གཟུངས་ཏེ། གཟུངས་ཞེས་བྱ་བ་ནི་ཚིག་དང་ཡི་གེ་ཇི་སྲིད་དུ་བརྗོད་པའི་དོན་གཞན་དུ་མི་འགྱུར་

Vol. 206 · folio 257b

བར་ངེས་པའམ། ཇི་སྐད་དུ་བརྗོད་པ་དེ་ནམ་དུ་ཡང་དེ་དང་མི་འབྲལ་བར་གཟུང་བ་ལྟ་བུ་ལ་བྱ། སྒོ་ནི་དེ་ལྟ་བུའི་དོན་འབྱུང་བའི་རྒྱུ་དེ་དངོས་སུ་ན་མིང་དང་ཚིག་དང་ཡི་གེ་རྣམས་ལ་བྱའོ། །བཟོད་པ་ཐོབ་པའི་རྒྱུར་གྱུར་པའི་གཟུངས་ནི་ཡི་གེ་ཨ་མངོན་དུ་བསྒོམ་ཞིང་དེ་ལ་ཆས་བཤིག་སྟེ་སྟོང་པ་ཉིད་དུ་རྟོགས་

ནས་ཡི་གེ་གཞན་ལ་ཡང་དེ་བཞིན་དུ་གྱུར་པས་ན་ཆོས་ཐམས་ཅད་ལ་ཡང་བསྒྲེས་ཏེ། སྟོང་པ་ཉིད་དུ་རྟོགས་པའི་སྒོ་ནས་དགའ་བ་ནི་བཟོད་པ་ཐོབ་པའི་རྒྱུར་གྱུར་པའི་གཟུངས་ཞེས་བྱའོ། །སེམས་ཅན་རྣམས་ལ་ཚིག་ཏུ་ཚེ་རིང་བར་གྱུར་ཅིག་ནད་མེད་པར་གྱུར་ཅིག །ལོ་ལེགས་པར་གྱུར་ཅིག་ཅེས་བྱ་བ་

ལ་སོགས་པའི་ཚིག་བརྗོད་ན་དེ་བཞིན་དུ་གྱུར་པ་ནི་སྔགས་ཀྱི་གཟུངས་ཞེས་བྱ། མཁན་པོ་དང་སློབ་དཔོན་ལ་སོགས་པ་ལས་དམ་པའི་ཆོས་མཉན་པ་ནས། ཇི་སྐད་བཤད་ཅིང་ཐོས་པའི་ཚིག་ཐམས་ཅད་ནམ་དུ་ཡང་མི་བརྗེད་པར་འཛིན་པ་ནི་ཆོས་ཀྱི་གཟུངས་ཞེས་བྱའོ། །ཚིག་དང་མིང་གིས་བརྗོད་

པའི་དོན་གང་དང་གང་ཡིན་པའི་དམིགས་མྱུར་དུ་གོ་ཞིང་མི་བརྗེད་པར་འཛིན་པ་ནི་དོན་གྱི་གཟུངས་ཞེས་བྱའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་ཡེ་ཤེས་ཀྱི་སྟོབས་ཏེ། མཁྱེན་པའི་བྱེ་བྲག་སངས་རྒྱས་ཉིད་ལ་མངའ་བ་རྣམ་པ་བཅུ་སྟེ། དེ་ཡང་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་

ནི་རྒྱུ་དང་རྒྱུ་མ་ཡིན་པ་སྟེ། ལས་དང་ཉོན་མོངས་པ་ནི་སེམས་ཅན་སྐྱེད་པའི་རྒྱུ་ཡིན་པར་ཤེས་ལ། བདག་དང་བྱེད་པ་དང་དབང་ཕྱུག་ལ་སོགས་པ་ནི་སེམས་ཅན་སྐྱེད་པའི་རྒྱུ་མ་ཡིན་པར་མཁྱེན་ཏོ། །གཞན་ཡང་ལས་དགེ་བ་སྤྱད་པས་མཐོ་རིས་སུ་སྐྱེ་བའི་གནས་ཡིན་ལ། དེས་ངན་སོང་དུ་སྐྱེ་བའི་

གནས་མ་ཡིན་པ་དང་། མི་དགེ་བ་སྤྱད་པས་ངན་སོང་དུ་སྐྱེ་བ་ནི་གནས་ཡིན་ལ། དེས་མཐོ་རིས་སུ་སྐྱེ་བའི་གནས་མ་ཡིན་པ་ལ་སོགས་པ་མཁྱེན་པ་ལ་བྱའོ། །ལས་དང་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་ནི་ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ཏེ། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་སྤྱད་ན་མཐོ་

རིས་དང་ལོངས་སྤྱོད་ལ་སོགས་པའི་བདེ་བ་རྣམས་གྲུབ་པ་དང་། སྲོག་གཅོད་པ་ལ་སོགས་པ་སྡིག་པའི་ལས་བྱས་པས་ངན་སོང་དང་སྡུག་བསྔལ་རྣམས་གྲུབ་པར་མཁྱེན་པ་ལ་བྱའོ། །བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་

Vol. 206 · folio 258a

བྱང་བ་དང་། ལྡང་བ་ཐམས་ཅད་མཁྱེན་པའི་སྟོབས་ནི། བསམ་གཏན་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་རྣམས་ཏེ། དེ་དག་ལ་འཇུག་པ་ནི་མི་མཐུན་པའི་

ཕྱོགས་བར་དུ་གཅོད་ཅིང་བསྒྲིབས་པ་གང་དང་གང་ཡིན་པ་རྣམས་ནི་ཀུན་ནས་ཉོན་མོངས་པ་ཞེས་བྱའོ། །གཉེན་པོ་འཕེལ་བ་ནི་རྣམ་པར་བྱང་བ་ཞེས་བྱ། ལྡང་བ་ནི་གཏོང་བ་སྟེ་དེ་དག་གི་སྐྱོན་དང་ཡོན་ཏན་འབྱུང་འཇུག་གི་ཐབས་ཀུན་མཁྱེན་ཏོ་ཞེས་བྱ་བའི་དོན་ཏོ། །དབང་པོ་མཆོག་དང་མཆོག་མ་

ཡིན་པ་མཁྱེན་པའི་སྟོབས་ནི་སེམས་ཅན་འདི་ནི་དབང་པོ་འབྲིང་པོ་ཡིན། འདི་ནི་དབང་པོ་རྟུལ་པོ་ཡིན་ནོ་ཞེས་དབང་པོའི་རིམ་པ་ལ་མཁས་པའོ། །མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ནི། སེམས་ཅན་ལ་ལ་ཐེག་པ་ཆེན་པོ་ལ་མོས། ལ་ལ་ཐེག་པ་ཆུང་ངུ་ལ་མོས། ལ་ལ་ཐེག་པ་འབྲིང་པོ་ལ་

མོས། ལ་ལ་སྦྱིན་པ་ལ། ལ་ལ་ཚུལ་ཁྲིམས་ལ། ལ་ལ་བསམ་གཏན་ལ་མོས་ཤིང་ཆོས་རྣམས་ལ་ཐ་དད་པར་མོས་པའི་བྱེ་བྲག་ཀུན་མཁྱེན་པའོ། །ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ནི་ཁམས་དང་རིགས་དང་དོན་གཅིག་སྟེ། ཐེག་པ་ཆེ་ཆུང་རྣམ་པ་གསུམ་གྱི་རིགས་དང་མ་ངེས་པ་དང་རིགས་མེད་

པ་ལྟ་བུ་སྐལ་བ་དང་བག་ཆགས་ཤས་ཆེ་ཆུང་གི་བྱེ་བྲག་གིས་རིགས་ལྔར་དབྱེ་བར་མཁས་པ་ལ་བྱའོ། །ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ནི། ལམ་རྒྱུད་ལྔ་འཁོར་ཞིང་ཁམས་གསུམ་ཀུན་དུ་རྒྱུ་བ་མཁྱེན་པའམ། ཡང་ན་ལམ་གང་ལ་གནས་ན་མཐོ་རིས་དང་ཐར་པ་ཐོབ་པར་འགྱུར་བའི་

དམིགས་པ་ལ་མཁས་པའོ། །སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་ནི་བདག་ཚེ་རབས་སྔ་མ་ལ་ཡུལ་ནི་འདི་ན་གནས་གནས། མིང་ནི་འདི་ཞེས་བྱ། ཕ་མ་འདི་ལྟ་བུ་ཞིག །ལས་འདི་བྱེད་བྱེད། ཚེ་ནི་འདི་སྲིད་ཅིག་ཐུབ། ལོངས་སྤྱོད་ནི་འདི་ལྟ་བུ་ཞིག་སྤྱོད་སྤྱོད་ཅེས་བྱ་བའི་གཏན་ཚིགས་

ལ་མཁས་པའོ། །འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་ནི་སེམས་ཅན་འདི་དག་འདི་ནས་ཤི་འཕོས་ནས་འདིར་སྐྱེས་ཏེ། དེ་ནས་ཀྱང་ཤི་འཕོས་ནས་འདིར་སྐྱེ། དེ་ནས་ཀྱང་འདིར་སྐྱེའོ་ཞེས་བྱ་བའི་དུས་ལ་མཁས་པའོ། །ཟག་པ་ཟད་པ་མཁྱེན་པའི་སྟོབས་ནི་སེམས་ཅན་འདི་དག་ནི། ཟག་པ་

Vol. 206 · folio 258b

ཟད་དོ། །སེམས་ཅན་འདི་དག་གི་ནི་ཉོན་མོངས་པ་ལ་སོགས་པའི་ཟག་པ་ཟད་དོ་ཞེས་བྱ་བའི་བྱེ་བྲག་ལ་མཁས་པ་སྟེ་དེ་དག་ནི་སྟོབས་བཅུ་ཞེས་བྱའོ། །དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་ནི་བདག་གི་དོན་ཕུན་སུམ་ཚོགས་པ་བརྙེས་པ་ལ་མི་འཇིགས་པ་དང་། གཞན་གྱི་དོན་ཕུན་

སུམ་ཚོགས་པར་མཛད་པ་ལ་མི་འཇིགས་པ་གཉིས་ཏེ། འོག་ནས་འབྱུང་བ་དང་གོ་རིམས་བཞིན་དུ་སྦྱར་རོ། །དེ་ཡང་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མི་འཇིགས་པ་དང་ཟག་པ་ཐམས་ཅད་ཟད་པ་ལ་མི་འཇིགས་པ་དང་གཉིས་ཀྱིས་ནི་བདག་གི་དོན་ཕུན་སུམ་ཚོགས་པ་

སྟེ། དེ་ཡང་ཡེ་ཤེས་ཕུན་སུམ་ཚོགས་པ་དང་། སྤངས་པ་ཕུན་སུམ་ཚོགས་པའོ། །དེ་ལ་འདུས་བྱས་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་མ་ལུས་པར་ཐུགས་སུ་ཆུད་པས་མངོན་པར་རྫོགས་པར་བྱང་ཆུབ་པ་སྟེ། ལ་ལ་ཞིག་གིས་དེ་ལ་ཆོས་ཐམས་ཅད་ཐུགས་སུ་ཆུད་པ་མ་ཡིན་ནོ་ཞེས་རྒོལ་ན་

ཡང་དེས་མི་འཇིགས་པ་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་ཡིན་ནོ། །སངས་རྒྱས་ནི་རང་ཉིད་ཀྱང་འདོད་ཆགས་ལ་སོགས་པའི་ཟག་པ་ཐམས་ཅད་ཟད་ལ་གཞན་གྱི་ཟག་པ་ཟད་པ་ཀུན་ཀྱང་མཁྱེན་པས་གཞན་འགའ་ཞིག་གིས་ཟག་པ་མ་ཟད་དོ་ཞེའམ། ཟག་པ་ཟད་པ་མི་མཁྱེན་ཏོ་ཞེས་རྒོལ་ན་དེས་མི་

འཇིགས་པས་ན། དེས་ནི་སྤངས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །བར་དུ་གཅོད་པའི་ཆོས་རྣམས་གཞན་དུ་མི་འགྱུར་བས་ངེས་པའི་ལུང་བསྟན་པ་ལ་མི་འཇིགས་པ་དང་ཕུན་སུམ་ཚོགས་པ་ཐམས་ཅད་འཐོབ་པར་འགྱུར་བ་ངེས་པར་འབྱུང་བའི་ལམ་དེ་བཞིན་ཉིད་དུ་འགྱུར་བ་ལ་མི་འཇིགས་པས་ནི་གཞན་

གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏེ། དེ་ཡང་མི་མཐུན་པའི་ཕྱོགས་སྤངས་པ་དང་དེའི་གཉེན་པོ་བསྟན་པ་ལ་མི་འཇིགས་པ་སྟེ། དེ་ལ་འདོད་པའི་ཡོན་ཏན་ལྔ་པོ་དག་ནི་ཐར་པ་མྱ་ངན་ལས་འདའ་བའི་བར་དུ་གཅོད་པ་ཡིན་ནོ་ཞེས་ངེས་པར་ལུང་བསྟན་ན། ལ་ལ་ཞིག་གིས་དེ་བར་དུ་གཅོད་པར་མི་འགྱུར་རོ་

ཞེས་རྒོལ་ཡང་དེས་མི་འཇིགས་གཞན་དུ་མི་འགྱུར་བར་ངེས་པ་ཞེས་བྱ་སྟེ། དེས་མི་མཐུན་པའི་ཕྱོགས་སྤངས་པ་ལ་མི་འཇིགས་པར་བསྟན་ཏོ། །ཕུན་སུམ་ཚོགས་པ་ཐམས་ཅད་ནི་ཡེ་ཤེས་དང་སྤངས་པ་ཕུན་སུམ་ཚོགས་པ་སྟེ། དེ་ཐོབ་པར་ངེས་པར་འབྱུང་བའི་ལམ་འཕགས་པའི་ལམ་གྱིས་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words