No title in the text — opening words: ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་བཞུགས
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 206 · folio 259a
ཐོབ་པོ་ཞེས་བསྟན་ན་དེ་བཞིན་དུ་ངེས་ཏེ། གཞན་འགའ་ཞིག་གིས་ལམ་དེ་མ་ཐོབ་བོ་ཞེས་རྒོལ་ན་ཡང་དེས་མི་འཇིགས་ཏེ། ལམ་དེ་བཞིན་དུ་འགྱུར་བ་ནི་གཉེན་པོ་བསྟན་པ་ལ་མི་འཇིགས་པ་ཞེས་བྱའོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི། ཆོས་སོ་སོ་ཡང་དག་པར་རིག་པ་དང་།
དོན་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟེ། དེ་ནི་ཆོས་སྣ་ཚོགས་ཐ་དད་པའི་མཚན་ཉིད་མ་ནོར་བར་ཤེས་པའི་ཕྱོགས་བཞི་ཡོད་པས་ན་སོ་སོ་ཡང་དག་པར་རིག་པ་ཞེས་བྱ། ཆོས་སོ་སོ་ཡང་དག་པར་རིག་པ་ནི་
སེམས་ཅན་བསམ་པ་ཐ་དད་པའི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་དང་དེའི་གཉེན་པོ་ཡང་ཐབས་སྣ་ཚོགས་སུ་སྟོན་པ་དང་། མདོ་སྡེ་དག་འཆད་ན་མཚམས་མཚམས་སུ་འཆད་དེ། སྤྱི་དོན་འདི་དང་འདི་ཡན་ཆད་དུའོ། །འདི་དང་འདི་སྟོན་ཏོ་ཞེས་པ་ཡང་འཆད་ལ་ཚིག་གཉེར་ཡང་ཞིབ་ཏུ་འཆད་པ་དང་།
ཆོས་གཅིག་ལ་མིང་མང་པོ་དུ་མར་བཏགས་པ་ཀུན་ཤེས་ཤིང་དོན་དང་མི་འགལ་བའོ། །དོན་སོ་སོ་ཡང་དག་པར་རིག་པ་ནི་མིང་དང་ཚིག་གིས་བརྗོད་ཅིང་བསྟན་པའི་དོན། སྤྱིའི་མཚན་ཉིད་མི་རྟག་པ་དང་སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་དང་། དོན་དམ་པའི་མཚན་ཉིད་སྐྱེ་བ་
མེད་པ་དང་འགག་པ་མེད་པ་དང་། ཆོས་ཀྱི་དབྱིངས་ཡང་དག་པ་གཉིས་སུ་མེད་པའི་དོན་རིག་པའོ། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི་སེམས་ཅན་སྣ་ཚོགས་ཀྱི་སྐད་དང་བརྡ་དང་སྒྲ་ཤེས་ཤིང་ཚིག་གཅིག་གིས་ཀྱང་དོན་རྣམ་པ་བཅུ་ལ་སོགས་པ་དུ་མར་གོ་བ་དང་། ཚིག་འཁྲུལ་
པ་དང་བརྟད་པ་དང་ཟློས་བུ་དང་། དོན་མེད་པ་མ་ཡིན་ཏེ། འཕགས་པས་བསྔགས་པའི་སྐྱེ་བོ་དགའ་བར་འགྱུར་བའི་ཚིག་རྣམས་སྨྲ་བའོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི་གཞན་ལས་དམ་པའི་ཆོས་མཉན་ཞིང་ཐེ་ཚོམ་ཞུ་བ་དང་། བདག་གིས་ཀྱང་ཆོས་བཤད་ཅིང་གཞན་གྱི་ཐེ་
ཚོམ་དགྲོལ་བ་ལ་སོགས་པ་སྙན་ཅིང་དོན་དང་ལྡན་པ་ཚངས་པའི་དབྱངས་ལྟ་བུར་མྱུར་ཞིང་རྒྱུན་མི་འཆད་ལ་ཐགས་ཐོགས་མེད་པར་སྨྲ་ནུས་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་འོག་ནས་འབྱུང་བའི་ཆོས་བཅོ་བརྒྱད་པོ་དེ་དག་ཉན་ཐོས་དང་རང་སངས་རྒྱས་དང་སོ་སོའི་སྐྱེ་བོ་རྣམས་
Vol. 206 · folio 259b
ལ་ཅུང་ཟད་ཀྱང་མེད་ལ། སངས་རྒྱས་ཉིད་ལ་མངའ་བའི་ཕྱིར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཞེས་སྨོས་སོ། །དེ་ཡང་དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའ་བ་ནི་ཉན་ཐོས་ལ་སོགས་པ་ནི་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་ལས་སུ་བྱེད་པ་ལ་འཁྲུལ་པ་འབྱུང་གི། སངས་རྒྱས་ཀྱི་སྐུ་དང་།
གསུང་དང་། ཐུགས་ཀྱི་ཕྲིན་ལས་ཡོངས་སུ་དག་པ་ལ་འཁྲུལ་པ་མི་མངའོ་ཞེས་བྱའོ། །ཅ་ཅོ་མི་མངའ་བ་ནི་ཉན་ཐོས་དག་ནགས་སྟུག་པོར་ལམ་པོར་ཏེ་འབོད་པ་དང་གྲོང་སྟོང་པར་ཕྱིན་ཏེ་སུ་ཡོད་ཅེས་རྨེད་པ་དང་། སྔོན་ཅ་ཅོ་ལ་དགའ་བའི་བག་ཆགས་ཅ་ཅོ་ལ་སྲེད་པ་ལྟ་བུ་འབྱུང་གི། སངས་
རྒྱས་ལ་དེ་ལྟ་བུ་མི་མངའ་བས་ན་ཅ་ཅོ་མི་མངའ་བ་ཞེས་བྱའོ། །བསྙེལ་བ་ནི་མངའ་བ་ནི་ཉན་ཐོས་དག་འཕྲལ་ལ་དགོངས་ནས་གཟོད་མཁྱེན་པ་ལ་འཇུག་གི་སངས་རྒྱས་ནི་མཁྱེན་པ་ཐོགས་པ་དང་ཆགས་པ་མེད་པས་བསྙེལ་བ་མི་མངའ་བ་ཞེས་བྱའོ། །སེམས་མཉམ་པར་མ་བཞག་པ་མི་མངའ་བ་ནི་ཉན་ཐོས་
དག་འཕྲལ་ལ་མཉམ་པར་འཇོག་ཅིང་ལྡང་གི། སངས་རྒྱས་ནི་འབྱུང་འཇུག་མི་མངའ་བར་སྤྱོད་ལམ་བཞིའི་དུས་ཐམས་ཅད་དུ་སེམས་མཉམ་པར་འཇོག་པས་མཉམ་པར་མ་བཞག་པ་མི་མངའ་བ་ཞེས་བྱའོ། །ཐ་དད་པའི་འདུ་ཤེས་མི་མངའ་བ་ཞེས་བྱ་བ་ནི་ཉན་ཐོས་དག་འཁོར་བ་དང་མྱ་ངན་ལས་འདས་པ་དག་སྐྱོན་
དང་ཡོན་ཏན་དུ་ལྟ་བས་ན་ཉོན་མོངས་པ་དང་རྣམ་པར་བྱང་བ་ལ་སོགས་པའི་ཆོས་རྣམས་ལ་བླང་དོར་གྱི་འདུ་ཤེས་ཐ་དད་པ་འབྱུང་གི། སངས་རྒྱས་ནི་ཐུགས་རྗེ་ཆེན་པོ་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་སྟོང་པ་ཉིད་དུ་ཐུགས་སུ་ཆུད་དེ་འཁོར་བ་སྟོང་པ་ཉིད་མྱ་ངན་ལས་འདས་པ་ཡིན་པས་བླང་དོར་ལྟ་བུའི་འདུ་ཤེས་ཐ་
དད་པ་མི་མངའ་བ་ཞེས་བྱའོ། །སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ་བ་ནི། ཉན་ཐོས་དག་སེམས་ཅན་ལ་འདུལ་བའི་སྐལ་བ་ཅི་ཡོད་པ་ཡང་སོ་སོར་མ་བརྟགས་ལ་དེ་དག་གི་དོན་ཡང་མི་བྱེད་པར་འདོར་བས་ན་མ་བརྟགས་པའི་བཏང་སྙོམས་མངའི། སངས་རྒྱས་ནི་སེམས་ཅན་འདུལ་བའི་སྐལ་བ་
ཅི་ཡོད་བརྟགས་ནས་སྐལ་བ་མེད་པ་དོན་བྱས་ཀྱང་དོན་དུ་མི་འགྱུར་བ་ཉི་ཚེ་བཏང་སྙོམས་སུ་འཇོག་ཅིང་། སྐལ་བ་ཅན་རྣམས་ལ་ཡལ་བར་བཏང་སྙོམས་སུ་མི་འཇོག་པས་སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ་བ་ཞེས་བྱའོ། །འདུན་པ་ཉམས་པ་མི་མངའ་བ་ནི་ཉན་ཐོས་དག་བླ་ན་མེད་པའི་བྱང་ཆུབ་དང་སེམས་ཅན་ཐམས་ཅད་ཀྱི་
Vol. 206 · folio 260a
དོན་ལ་འཇུག་པའི་མོས་པ་མེད་དེ་རང་གི་དོན་དང་སེམས་ཅན་ཉུང་ཤས་ཙམ་ཞིག་གི་དོན་ལ་མོས་པས་འདུན་པ་ཉམས་ཀྱི། སངས་རྒྱས་ནི་བླ་ན་མེད་པ་དང་། སེམས་ཅན་མ་ལུས་པའི་དོན་ལ་མོས་པས་འདུན་པ་ཉམས་པ་མི་མངའ་བའོ། །བརྩོན་འགྲུས་ཉམས་པ་མི་མངའ་
བ་ནི་སྐུ་དང་ཐུགས་བསྙེལ་བ་མི་འབྱུང་སྟེ། སེམས་ཅན་གཅིག་འབའ་ཞིག་གི་དོན་དུ་ཡང་བསྐལ་པར་བཤོས་མི་གསོལ་བར་ཆོས་སྟོན་པའི་ཕྱིར་རོ། །དྲན་པ་ཉམས་པ་མི་མངའ་བ་ནི་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་དང་། བསམ་པ་དང་བག་ལ་ཉལ་བ་དང་། དབང་པོ་ལ་སོགས་པ་དང་།
གཉེན་པོ་དང་། མི་མཐུན་པའི་བྱེ་བྲག་གང་ལ་གང་གིས་འདུལ་བ་ལ་སོགས་པ་སྔ་ནས་མཁྱེན་ཞིང་དྲན་པ་ཡེ་ཤེས་ཀྱིས་ཟིན་པས་ཉན་ཐོས་དག་ད་ལྟར་འཕྲལ་ལ་དགོངས་པ་མི་འཚལ་བའི་ཕྱིར་དྲན་པ་ཉམས་པ་མི་མངའ་བ་ཞེས་བྱའོ། །ཤེས་རབ་ཉམས་པ་མི་མངའ་བ་ནི་སེམས་ཅན་གྱི་སྤྱོད་པ་དང་།
ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དག་མཁྱེན་ཞིང་། སེམས་ཅན་གྱི་དོན་མི་ཟད་པར་སོ་སོ་ཡང་དག་པར་རིག་པ་མི་ཟད་པས་མཛད་པའི་ཕྱིར་ཤེས་རབ་ཉམས་པ་མི་མངའ་བ་ཞེས་བྱའོ། །ཏིང་ངེ་འཛིན་ཉམས་པ་མི་མངའ་བ་ནི་ཉན་ཐོས་དག་འཕྲལ་ལ་ཏིང་ངེ་འཛིན་དུ་འཇུག་པས་ན་མ་ཞུགས་པའི་ཚེ་ཉམས་ཀྱི།
སངས་རྒྱས་ནི་དུས་ཐམས་ཅད་དུ་མི་ཉམས་པར་འཇོག་པས་ན་ཉམས་པ་མི་མངའ་བ་ཞེས་བྱའོ། །རྣམ་པར་གྲོལ་བ་ཉམས་པ་མི་མངའ་བ་ནི་ཉན་ཐོས་དག་ནི་ཞི་བ་ཕྱོགས་གཅིག་ཏུ་ཐིམ་ཞིང་ཉོན་མོངས་པའི་སྒྲིབ་པ་ཙམ་ཞིག་ཉི་ཚེ་ལས་གྲོལ་བ་ནི་ཉམས་པ་ཞེས་བྱའི། སངས་རྒྱས་ནི་ཉོན་མོངས་པ་དང་ཤེས་
བྱའི་སྒྲིབ་པ་གཉིས་ཀ་ལས་གྲོལ་ཏེ། མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་ཅིང་འཁོར་བ་ཇི་སྲིད་པ་དེ་སྲིད་དུ་སེམས་ཅན་གྱི་དོན་མཛད་པས་ན་རྣམ་པར་གྲོལ་བ་མ་ཉམས་པ་ཞེས་བྱའོ། །ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ནི་སངས་རྒྱས་སྔོན་བྱང་
ཆུབ་སེམས་དཔའ་མཛད་པའི་དུས་ན་ཕྲིན་ལས་སུ་མཛད་དོ་འཚལ་ཐམས་ཅད་ལ་དགོངས་པ་སྔ་ནས་གཞག་སྟེ་ཕྲིན་ལས་མཛད་པ་དེ་ལྷུན་གྱིས་གྲུབ་པས་སངས་རྒྱས་པའི་དུས་ན་ཕྲིན་ལས་སུ་མཛད་པ་ཐམས་ཅད་ཉན་ཐོས་ལྟར་འཕྲལ་ལ་དགོངས་མི་འཚལ་ཏེ། ཅི་མཛད་དོ་ཅོག་ཡེ་ཤེས་ཀྱིས་སྔ་
Vol. 206 · folio 260b
ནས་མཁྱེན་བཞིན་དུ་ཕྲིན་ལས་མཛད་པས་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཞེས་བྱའོ། །ངག་གི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ནི། སྔར་ཡེ་ཤེས་ཀྱིས་སེམས་ཅན་གྱི་དོན་དུ་གང་འགྱུར་བ་གཏན་ལ་ཕབ་ནས་སེམས་ཅན་གྱི་
བསམ་པ་དང་མཐུན་པར་ཡན་ལག་དྲུག་ཅུ་དང་ལྡན་པའི་གསུང་འབྱུང་བའི་ཕྱིར་རོ། །ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ནི་ཐུགས་ཀྱི་ཕྲིན་ལས་ཏེ། རྣམ་པར་རྟོག་པ་དང་སྤྲོས་པ་ཐམས་ཅད་ཡེ་ཤེས་ཀྱི་སྔོན་དུ་སྤངས་ནས་དོན་དམ་པའི་རྗེས་སུ་
ཞུགས་ཤིང་ཆོས་ཀྱི་དབྱིངས་ལ་ཡིད་འཇོག་པས་ན་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཞེས་བྱའོ། །འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་ལ་འཇུག་པ་ནི་སྔོན་གྱི་དུས་བསྐལ་པ་གྲངས་མེད་པའི་མདུན་དུ་ཆོས་ཅི་འབྱུང་བ་དང་། ལས་དགེ་སྡིག་ཅི་སྤྱད་པའི་ལོ་རྒྱུས་ཐམས་ཅད་
མ་འཁྲུལ་པར་མཁྱེན་པ་ལ་བྱའོ། །མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་ལ་འཇུག་པ་དང་། ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་ལ་འཇུག་པ་གཉིས་ཀྱང་གོང་དང་འདྲ་བར་སྦྱར་ཏེ། མ་འོངས་པའི་དུས་ན་ཆོས་ཅི་དང་ཅི་འབྱུང་བ་
དང་། ད་ལྟར་ཁོ་ན་ཕྱོགས་བཅུ་ཐམས་ཅད་ན། ཆོས་ཅི་དང་ཅི་འབྱུང་བ་ཐམས་ཅད་གསལ་བར་མཁྱེན་ཞིང་དགོངས་པས་ན་ཡེ་ཤེས་མཐོང་བ་ལ་འཇུག་པ་ཞེས་བྱའོ། །དགེ་སྦྱོང་གི་འབྲས་བུ་བཞི་གང་ཞེ་ན། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་
མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པའི་འབྲས་བུའོ་ཞེས་བྱ་བ་ལ་བཟོད་པ་དང་། ཡེ་ཤེས་བཅུ་དྲུག་གི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བརྒྱད་ཅུ་རྩ་བརྒྱད་སྤངས་པ་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་ཞེས་བྱའོ། །འདོད་ཁམས་ཀྱི་ཉོན་མོངས་པ་བསྒོམ་པས་སྤང་བར་བྱ་
བ་བཞི་གཅིག་ཏུ་བསྡུས་ལ་དགུར་ཕྱེ་ནས་དེའི་གཉེན་པོ་ཡེ་ཤེས་ཀྱང་དགུར་ཕྱེ་སྟེ་རིམ་གྱིས་སྤོང་བའི་དྲུག་མན་ཆད་སྤངས་པ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཞེས་བྱའོ། །དགུ་པོ་དེ་རིམ་གྱིས་སྤངས་པ་ནི་ཕྱིར་མི་འོང་བའི་འབྲས་བུ་ཞེས་བྱའོ། །གཟུགས་དང་གཟུགས་མེད་པའི་ཁམས་ན་བསྒོམ་
Vol. 206 · folio 261a
པས་སྤང་བར་བྱ་བ་གསུམ་སྟེ་དྲུག་ཡོད་པ་ཡང་གཅིག་ཏུ་བསྡུས་ཏེ། བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་སྟེ། བརྒྱད་པ་གཅིག་ཅིང་ཡང་དགུ་དགུར་ཕྱེ། རིམ་གྱིས་སྤངས་ནས་སྲིད་པའི་རྩེ་མོར་ཉོན་མོངས་པ་ཆུང་
ངུའི་ཡང་ཆུང་ངུ་ཡེ་ཤེས་ཆེན་པོའི་ཡང་ཆེན་པོ་རྡོ་རྗེ་ལྟ་བུས་སྤངས་པའི་དུས་ན་དགྲ་བཅོམ་པའི་འབྲས་བུ་ཞེས་བྱའོ། །ལན་གསུམ་གང་ཞེ་ན། རང་བྱང་ཆུབ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བྱ་བ་ལ། སྔོན་དམ་པའི་ཆོས་མཉན་པའི་
རྒྱུས་ད་ལྟར་གྱི་དུས་ལྟ་བུར་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རང་ཉིད་ཀྱིས་རྟོགས་ཏེ། དགེ་བའི་བཤེས་གཉེན་ལ་མི་ལྟོས་པར་གང་ཟག་ལ་བདག་མེད་པར་རྟོགས་ཏེ། དགྲ་བཅོམ་པ་ཐོབ་པ་ནི་རང་བྱང་ཆུབ་ཅེས་བྱའོ། །བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཆོས་དང་གང་ཟག་གཉིས་ཀ་
ལ་བདག་མེད་པར་ཞུགས་ནས་ས་བཅུས་རིམ་གྱིས་སྒྲིབ་པ་རྣམ་པ་གཉིས་སྤོང་བ་ནི་ལམ་གྱི་རྣམ་པ་ཤེས་པ་ཞེས་བྱའོ། །ས་བཅུ་རིམ་གྱིས་འདས་ཏེ་སངས་རྒྱས་ཀྱི་སར་ཡེ་ཤེས་བཞི་དང་སྐུ་གསུམ་ལྷུན་གྱིས་གྲུབ་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱའོ། །དཀོན་མཆོག་གསུམ་
གང་ཞེ་ན། སངས་རྒྱས་དཀོན་མཆོག་དང་ཆོས་དཀོན་མཆོག་དང་དགེ་འདུན་དཀོན་མཆོག་གོ་ཞེས་བྱ་བ་ལ། མ་རིག་པའི་གཉིད་ལས་སད་དེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པས་པདྨ་ཁ་བྱེ་བ་བཞིན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱས་པ་ནི་སངས་རྒྱས་དཀོན་མཆོག་སྟེ། ཡོན་
ཏན་གྱི་ཕུལ་ཆེ་ལ་འཇིག་རྟེན་ན་ཉུང་བའི་ཕྱིར་རོ་ཞེས་སྦྱར་རོ། །ཆོས་ནི་བཤད་པའི་ཆོས་དང་། སྒྲུབ་པའི་ཆོས་དང་། འབྲས་བུའི་ཆོས་ཏེ། དེ་ལ་གསུང་རབ་ཡན་ལག་བཅུ་གཉིས་ནི་བཤད་པའོ། །ཕ་རོལ་ཏུ་ཕྱིན་པ་ལ་སོགས་ཏེ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ནི་སྒྲུབ་པའོ། །ཕུང་པོ་
ལྷག་མ་དང་བཅས་པ་དང་། ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པ་ནི་འབྲས་བུའི་ཆོས་ཞེས་བྱའོ། །དགེ་འདུན་ནི་སོ་སོའི་སྐྱེ་བོ་དང་སློབ་པ་དང་མི་སློབ་པ་སྟེ། གསོལ་བ་དང་བཞིས་བསྙེན་པར་རྫོགས་པ་ནི་སོ་སོའི་སྐྱེ་བོའོ། །རྒྱུན་དུ་ཞུགས་པ་ནས་དགྲ་བཅོམ་པ་ལ་ཞུགས་
Vol. 206 · folio 261b
པའི་བར་ནི་སློབ་པའོ། །དགྲ་བཅོམ་པ་ནི་མི་སློབ་པ་སྟེ་དེ་ལྟ་བུ་བཞི་ཡན་ཆད་མང་པོ་འདུས་པ་ལ་དགེ་འདུན་ཞེས་བྱའོ། །སྐུ་གསུམ་གང་ཞེ་ན། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུའོ་ཞེས་བྱ་བ་ལ་ཆོས་ཀྱི་དབྱིངས་དང་མེ་ལོང་ལྟ་བུའི་ཡེ་ཤེས་ནི་ཆོས་
ཀྱི་སྐུའོ། །འོག་མིན་གྱི་ཕོ་བྲང་ན་བྱང་ཆུབ་སེམས་དཔའ་ས་བཅུ་པ་རྣམས་ལ་ཆོས་སྟོན་ཅིང་མཚན་དང་དཔེ་བྱད་བཟང་པོས་བརྒྱན་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །འཛམ་བུའི་གླིང་ན་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་སྟོན་པ་ནི་སྤྲུལ་པའི་སྐུའོ། །མཚན་ཉིད་གསུམ་ནི་ཀུན་བརྟགས་
པའི་མཚན་ཉིད་དང་། གཞན་གྱི་དབང་གི་མཚན་ཉིད་དང་། ཡོངས་སུ་གྲུབ་པའི་མཚན་ཉིད་དོ་ཞེས་བྱ་བ་ལ། གཟུགས་ལ་སོགས་པའི་ཡུལ་དྲུག་དང་དབང་པོ་དྲུག་པོ་དག་ཆོས་དང་གང་ཟག་གི་དངོས་པོར་ཡོད་དོ་སྙམ་དུ་འཁྲུལ་པའི་རྣམ་པར་ཤེས་པས་ལོག་པར་བརྟགས་པ་རྣམས་
ནི་ཀུན་བརྟགས་པའོ། །ཀུན་གཞི་རྣམ་པར་ཤེས་པ་འཁོར་དང་བཅས་པ་ནི་རྒྱུ་དང་འབྲས་བུའི་ཚུལ་དུ་སྐད་ཅིག་མའི་རྒྱུན་ལས་འབྱུང་བ་ནི་གཞན་དབང་ངོ་། །སྟོང་པ་ཉིད་ཆོས་ཀྱི་དབྱིངས་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ཅེས་བྱའོ། །ཐེག་པ་གསུམ་
གང་ཞེ་ན། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་ཐེག་པ་ཆེན་པོས་མངོན་པར་འབྱུང་བའོ་ཞེས་བྱ་བ་ལ། དགེ་བའི་བཤེས་གཉེན་ལ་ལྟོས་ནས་སྡུག་བསྔལ་གྱི་བདེན་པ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་གྱི་བདེན་པ་དང་བཞི་ལ་གཅིག་ཅིང་རྣམ་
པ་བཞི་བཞི་ལྟར་ཤེས་པའི་སྒོ་ནས་གང་ཟག་ལ་བདག་མེད་པར་རྟོགས་ཏེ་ཉོན་མོངས་པའི་སྒྲིབ་པ་སྤངས་པ་ནི་ཉན་ཐོས་ཀྱི་ཐེག་པའོ། །དགེ་བའི་བཤེས་གཉེན་ལ་མ་བརྟེན་པར་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་བཞིན་འབྱུང་བ་དང་། ལུགས་ལས་བཟློག་པའི་མཚན་ཉིད་རྟོགས་ནས་གང་ཟག་ལ་
བདག་མེད་པར་རྟོགས་ཏེ་ཉོན་མོངས་པའི་སྒྲིབ་པ་སྤངས་པ་ནི་རང་སངས་རྒྱས་ཀྱི་ཐེག་པའོ། །ཕ་རོལ་ཏུ་ཕྱིན་པ་བཅུ་དང་ས་བཅུ་རིམ་གྱིས་བསྒྲུབ་ཅིང་ཆོས་དང་གང་ཟག་གཉིས་ཀ་ལ་བདག་མེད་པར་རྟོགས་ནས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་ཀ་སྤོང་བ་ནི་ཐེག་པ་ཆེན་པོས་མངོན་པར་
Vol. 206 · folio 262a
འབྱུང་བ་ཞེས་བྱའོ། །དེ་དག་གི་ཁྱད་པར་ལྔ་གང་ཞེ་ན། རིགས་ཀྱི་ཁྱད་པར་དང་། འཇུག་པའི་ཁྱད་པར་དང་། དུས་ཀྱི་ཁྱད་པར་དང་། བྱང་ཆུབ་ཀྱི་ཁྱད་པར་དང་། རྣམ་པར་གྲོལ་བའི་ཁྱད་པར་རོ་ཞེས་བྱ་བ་ལ། ཐེག་པ་གསུམ་གྱི་ནང་གི་རྒྱ་ཆེ་ཆུང་གི་
བྱེ་བྲག་ལ་དེ་དག་གི་ཁྱད་པར་ལྔ་ཞེས་བྱ་སྟེ། དེ་ཡང་སྔོན་བདེན་པ་བཞི་མཉན་པ་དང་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ས་དང་ཕ་རོལ་ཏུ་ཕྱིན་པ་དག་མཉན་པའི་བག་ཆགས་ཐ་དད་པ་ཡོད་པ་ནི་རིགས་ཀྱི་ཁྱད་པར་ཞེས་བྱ། ཐེག་པ་ཆུང་ངུ་དང་འབྲིང་པོ་ནི་རང་གི་དོན་ལ་འཇུག། །
ཐེག་པ་ཆེན་པོ་ནི་བདག་དང་གཞན་གཉིས་ཀའི་དོན་བྱེད་པ་ནི་འཇུག་པའི་ཁྱད་པར་ཞེས་བྱའོ། །ཉན་ཐོས་ནི་ཚེ་གསུམ་དང་ཚེ་བདུན། རང་སངས་རྒྱས་ནི་བསྐལ་པ་བརྒྱས་དགྲ་བཅོམ་པ་འཐོབ། ཐེག་པ་ཆེན་པོ་ནི་བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་གྱིས་འཚང་རྒྱ་བ་དག་ནི་དུས་ཀྱི་ཁྱད་
པར་རོ། །ཐེག་པ་གཉིས་ནི་གང་ཟག་ལ་བདག་མེད་པར་ཆུད། ཐེག་པ་ཆེན་པོ་ནི་ཆོས་དང་གང་ཟག་གཉིས་ཀ་ལ་བདག་མེད་པར་ཆུད་པ་ནི་བྱང་ཆུབ་ཀྱི་ཁྱད་པར་ཞེས་བྱ། ཐེག་པ་གཉིས་ཀྱིས་ནི་ཞི་བ་ཕྱོགས་གཅིག་པའི་དགྲ་བཅོམ་པ་ཐོབ་ལ། ཐེག་པ་ཆེན་པོས་ནི་མི་གནས་པའི་མྱ་ངན་ལས་
འདས་པ་ཐོབ་པ་དག་ནི་རྣམ་པར་གྲོལ་བའི་ཁྱད་པར་ཞེས་བྱའོ། །སྡེ་སྣོད་གསུམ་ནི་མདོ་སྡེར་བསྡུས་པ་དང་། འདུལ་བར་བསྡུས་པ་དང་། མ་མོར་བསྡུས་པའོ་ཞེས་བྱ་བ་ལ། གསུང་རབ་བཅུ་གཉིས་ལས་མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་།
ཆེད་དུ་བརྗོད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་སྡེ་དང་། བདུན་ནི་མདོ་སྡེར་བསྡུས་པའོ། །གླེང་གཞིའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པར་རབས་ཀྱི་སྡེ་བཞི་ནི་འདུལ་བར་བསྡུས་པའོ། །
གཏན་ལ་ཕབ་པར་བསྟན་པའི་སྡེ་ནི་ཆོས་མངོན་པ་སྟེ་མ་ནོར་བར་བསྡུས་པའོ། །དེ་ཡང་ཅི་དགོས་ཤེ་ན། བསླབ་པ་གསུམ་རྫོགས་པར་བྱ་བའི་ཕྱིར་ཏེ་མདོ་སྡེའི་ནང་ནས་ཏིང་ངེ་འཛིན་རྒྱ་ཆེར་སྟོན། འདུལ་བའི་ནང་ནས་ནི་སྡིག་པའི་ལས་ལས་ལྡོག་པ་སྟོན། མ་མོའི་ནང་ནས་ནི་ཆོས་ཐ་དད་པའི་
Vol. 206 · folio 262b
རང་དང་སྤྱིའི་མཚན་ཉིད་སྟོན་པས་ན་ལྷག་པའི་སེམས་དང་། ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་ཤེས་རབ་གསུམ་དང་གོ་རིམས་བཞིན་དུ་སྦྱར་ཏེ་རྫོགས་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་རྣམ་པ་གསུམ་གང་ཞེ་ན། ཐོས་པ་ལས་བྱུང་བའི་ཤེས་རབ་དང་། བསམ་
པ་ལས་བྱུང་བའི་ཤེས་རབ་དང་། བསྒོམ་པ་ལས་བྱུང་བའི་ཤེས་རབ་བོ་ཞེས་བྱ་བ་ལ། ཆོས་ཁོང་དུ་ཆུད་པའི་བློ་རྩིང་ཞིང་ཞིབ་པ་ནི་ཤེས་རབ་རྣམ་པ་གསུམ་སྟེ། དེ་ཡང་མིང་དང་ཚིག་དང་ཡི་གེ་ལ་དམིགས་པའི་བློ་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་བོ། །མིང་དང་ཚིག་དང་
ཡི་གེ་དང་། དེ་དག་གིས་བརྗོད་པའི་དོན་ཀུན་ལ་དམིགས་པའི་བློ་ནི་བསམ་པ་ལས་བྱུང་བའི་ཤེས་རབ་པོ། །དོན་གཅིག་པུ་ལ་ཕྱོགས་གཅིག་ཏུ་དམིགས་པའི་བློ་ནི་བསྒོམ་པ་ལས་བྱུང་བའི་ཤེས་རབ་བོ། །བསླབ་པ་གསུམ་གང་ཞེ་ན། ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་
སེམས་དང་། ལྷག་པའི་ཤེས་རབ་བོ་ཞེས་བྱ་བ་ལ། ལས་སུ་བྱ་བའི་མཆོག་ཉམས་སུ་བླང་བའི་དམ་པ་བློ་གྲོས་ཀྱི་མིག་ཅན་རྣམས་ཀྱི་བྱ་བའི་དམིགས་ནི་བསླབ་པ་གསུམ་སྟེ། སྐྱེ་བོ་ཕལ་པ་བས་མུ་སྟེགས་ལྷག །མུ་སྟེགས་པ་བས་ཉན་ཐོས་ལྷག །དེ་བས་རང་སངས་རྒྱས་ལྷག །རང་
སངས་རྒྱས་བས་ནི། ཐེག་པ་ཆེན་པོ་ལྷག་སྟེ། ཉན་ཐོས་ཀྱི་དགེ་སློང་དང་། དགེ་ཚུལ་དང་དགེ་བསྙེན་ཕོ་མོ་རྣམ་དྲུག་དང་། བར་ཁྲིམས་རྣམས་ནི་ཁྲིམས་སྡེ་བདུན་ཏེ། དེ་དག་དང་བྱང་ཆུབ་སེམས་དཔའི་སྡོམ་པ་གསུམ་སྟེ། མི་དགེ་བ་སྡོམ་པ་དང་། དགེ་བ་སྡུད་པ་དང་སེམས་ཅན་གྱི་
དོན་བྱེད་པ་རྣམས་ནི་ལྷག་པའི་ཚུལ་ཁྲིམས་སོ། །ཐེག་པ་ཆེན་པོ་ནི་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་དང་ཉན་ཐོས་དག་གི་མི་གཙང་བ་བསྒོམ་པ་དང་། བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དག་ནི་ལྷག་པའི་སེམས་སོ། །ཐེག་པ་ཆེན་པོ་ནི་ཆོས་དང་
གང་ཟག་གཉིས་ཀ་ལ་བདག་མེད་པར་མཁྱེན། ཉན་ཐོས་དག་ནི་གང་ཟག་བདག་མེད་པར་རིག་པ་ནི་ལྷག་པའི་ཤེས་རབ་བོ། །དབང་པོ་གསུམ་གང་ཞེ་ན། ཡོངས་སུ་མ་ཤེས་པ་ཡོངས་སུ་ཤེས་པའི་དབང་པོ་དང་། ཡོངས་སུ་ཤེས་པའི་དབང་པོ་དང་། ཡོངས་སུ་ཤེས་པ་རྟོགས་པའི་དབང་
Vol. 206 · folio 263a
པོའོ་ཞེས་བྱ་བ་ལ། མཐོང་བས་སྤང་བར་བྱ་བའི་ལམ་གྱི་དུས་ན་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་ལྔ་དང་། བདེ་བ་དང་། ཡིད་བདེ་བ་དང་། བཏང་སྙོམས་དང་། ཡིད་ཀྱི་དབང་པོ་བཞི་སྟེ། དགུ་པོ་
དེ་དག་གིས་མཐོང་བས་སྤང་བ་སྤངས་པ་ན། སྔོན་མི་ཤེས་པ་ཀུན་ཤེས་པས་ཡོངས་སུ་མ་ཤེས་པ་ཡོངས་སུ་ཤེས་པའི་དབང་པོ་ཞེས་བྱ། བསྒོམ་པས་སྤང་བ་སྤོང་བའི་དུས་ན་དབང་པོ་དགུ་པོས་མི་མཐུན་པ་དང་གཉེན་པོའི་ཕྱོགས་གསལ་བར་བྱེ་བྲག་ཕྱེད་པ་ནི་ཡོངས་སུ་ཤེས་པའི་
དབང་པོ་ཞེས་བྱ། དགྲ་བཅོམ་པའི་དུས་ན་མཐོང་བསྒོམ་གྱི་ཉོན་མོངས་པ་མ་ལུས་པར་སྤངས་པའི་དབང་པོ་དགུ་ནི་ཡོངས་སུ་ཤེས་པ་རྟོགས་པའི་དབང་པོ་ཞེས་བྱའོ། །ཉོན་མོངས་པ་གསུམ་གང་ཞེ་ན། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་
པ་དང་། ཚེའི་ཀུན་ནས་ཉོན་མོངས་པའོ་ཞེས་བྱ་བ་ལ། རང་ཉིད་ཀྱང་ཉོན་མོངས་པ་ཡིན་ལ། རྒྱུ་དེ་ལས་སྐྱེས་པ་ཡང་ཉོན་མོངས་པར་འགྱུར་བས་ན་ཉོན་མོངས་པ་གསུམ་སྟེ། དེ་ཡང་རྟེན་འབྲེལ་བཅུ་གཉིས་ལས་མ་རིག་པ་དང་སྲེད་པ་དང་ལེན་པ་དང་གསུམ་ནི་ཉོན་མོངས་པའི་
ཀུན་ནས་ཉོན་མོངས་པའོ། །འདུ་བྱེད་དང་སྲིད་པ་གཉིས་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པའོ། །རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་དང་སྐྱེ་བ་དང་རྒ་ཤི་བདུན་ནི་ཚེའི་ཀུན་ནས་ཉོན་མོངས་པ་སྟེ། སྡུག་བསྔལ་སྣ་ཚོགས་ཀྱི་རྒྱུ་དང་འབྲས་
བུ་འཁོར་བའོ། །ཀུན་རྫོབ་གསུམ་གང་ཞེ་ན། ཀུན་རྫོབ་ཀྱི་རྫོབ་དང་། ཡང་དག་པ་མ་ཡིན་པའི་ཀུན་རྫོབ་དང་། ཡང་དག་པའི་ཀུན་རྫོབ་བོ། །དེ་ལ་སྒྱུ་མ་དང་སྨིག་རྒྱུ་དང་མིག་ཡོར་ལ་སོགས་པ་རང་རང་གི་བྱ་བ་བྱེད་མི་ནུས་པའི་མཚན་ཉིད་རྣམས་ནི་ཀུན་རྫོབ་ཀྱི་ཀུན་རྫོབ་བོ། །
ཕྱི་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ལ་ཕྱིན་ཅི་ལོག་ཏུ་བརྟགས་ཤིང་བསྒྲུབས་ཏེ་བསྐྱེད་པ་རྣམས་ནི་ཡང་དག་པ་མ་ཡིན་པའི་ཀུན་རྫོབ་བོ། །ཕྱི་ནང་གི་རྟེན་འབྲེལ་ལ་ཡང་དག་པར་བརྟགས་ཏེ་དགེ་བ་བཅུ་ལ་སོགས་པས་བསྐྱེད་པའི་རྒྱུ་དང་འབྲས་བུ་དག་ནི་ཡང་དག་པའི་ཀུན་
Vol. 206 · folio 263b
རྫོབ་བོ། །བྱང་ཆུབ་སེམས་དཔའི་ཀུན་རྫོབ་ཡོན་ཏན་གྱི་སྒྲ་དོན་གསུམ་གང་ཞེ་ན། མོས་པ་དང་། སྦྱོར་བ་དང་། ཁོང་དུ་ཆུད་པའོ་ཞེས་བྱ་བ་ནི། བྱང་ཆུབ་ཅེས་བྱ་བ་དང་སེམས་དཔའ་ཞེས་བྱ་བ་དང་སེམས་དཔའ་ཆེན་པོ་ཞེས་བྱ་བའི་སྒྲ་གསུམ་དང་གོ་རིམས་བཞིན་དུ་སྦྱར་ཏེ། ངེས་
པར་འབྱེད་པའི་ཆ་བཞི་ལ་གནས་པ་ནི་བྱང་ཆུབ་ཅེས་བྱ་སྟེ་མོས་པ་དང་སྦྱར་རོ། །ས་དང་པོ་ནས་བཅུ་པ་མན་ཆད་ལ་གནས་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ་སྦྱོར་བ་དང་སྦྱར་རོ། །ས་བཅུ་གཅིག་པ་སངས་རྒྱས་ཀྱི་སའི་དུས་ན་སེམས་དཔའ་ཆེན་པོ་ཞེས་བྱ་སྟེ། ཁོང་དུ་ཆུད་པ་དང་
སྦྱར་རོ། །ཡང་ན་སེམས་ཅན་ལ་སྟོན་པ་དང་དེ་དག་བྱང་ཆུབ་ལ་འགོད་པ་དང་བྱང་ཆུབ་སེམས་དཔའོ་ཞེས་བྱ་བ་ལ། སེམས་ཅན་རྣམས་ལ་བླ་ན་མེད་པའི་ལམ་སྟོན་པས་ན་བྱང་ཆུབ་སྟེ། སེམས་ཅན་ལ་སྟོན་པ་དང་སྦྱར་རོ། །ལམ་ལ་བཀོད་པ་དེ་དག་འབྲས་བུ་ཐོབ་པར་བྱེད་པས་ན་
བྱང་ཆུབ་སེམས་དཔའ་སྟེ། དེ་དག་བྱང་ཆུབ་ལ་འགོད་པ་དང་སྦྱར་རོ། །བདག་ཉིད་ཀྱང་བྱང་ཆུབ་ཆེན་པོ་ཐོབ་པར་བྱེད་པས་ན་སེམས་དཔའ་ཆེན་པོ་སྟེ། བྱང་ཆུབ་ཏུ་སེམས་དཔའ་དང་སྦྱར་ཏེ་མཚན་ཉིད་ཀྱི་ཡོན་ཏན་དང་ལྡན་པར་སྟོན་པའོ། །ཁམས་གསུམ་གང་ཞེ་ན། འདོད་པའི་
ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་སོ་ཞེས་བྱ་བ་ལ། དམྱལ་བ་བརྒྱད་དང་། བྱོལ་སོང་དང་ཡི་དགས་གཉིས་ཏེ་བཅུ་དང་། གླིང་བཞི་དང་འདོད་པའི་ལྷ་དྲུག་དང་བཅུ་སྟེ་སྤྱིར་གནས་ཉི་ཤུ་ནི་འདོད་པའི་ཁམས་སོ། །བསམ་གཏན་དང་པོ་ནས་བཞི་
པའི་བར་གནས་བཅུ་བདུན་ནི་གཟུགས་ཀྱི་ཁམས་སོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནས་འདུ་ཤེས་ཡོད་མིན་མེད་མིན་མན་ཆད་གནས་བཞི་ནི་གཟུགས་མེད་པའི་ཁམས་སོ། །ཚུལ་གསུམ་པའི་རྟགས་གང་ཞེ་ན། རྗེས་སུ་དཔག་པ་ལ་ཡོད་པ་དང་། མཐུན་པའི་ཕྱོགས་ལ་ཡོད་
པ་དང་། མི་མཐུན་པའི་ཕྱོགས་ལ་མེད་པའོ་ཞེས་བྱ་བ་ལ། ཤེས་བྱ་མངོན་དུ་མ་གྱུར་ཀྱང་སྣོལ་ཚུལ་གྱི་ཐོག་ཏུ་འབེབས་པ་ནི་ཚུལ་གསུམ་པའི་རྟགས་ཞེས་བྱ་སྟེ། དེ་ཡང་མེ་དང་ཆུ་མི་སྣང་ཡང་དུ་བ་དང་ཆུ་བྱ་སྣང་བ་ཙམ་ལས་མེ་དང་ཆུ་ཡོད་པར་བརྟགས་པ་ནི་རྗེས་སུ་དཔག་པ་ལ་ཡོད་
Vol. 206 · folio 264a
པའོ། །ཚང་བང་ཆེན་པོ་ན་མེ་ཡོད་པར་བརྟགས་པ་ནི་མཐུན་པའི་ཕྱོགས་ལ་ཡོད་པ་སྟེ། ཚང་བང་དང་མེ་ཡོད་པར་མཐུན་པའི་ཕྱིར་རོ། །ཆུའི་ནང་ན་མེ་མེད་པར་བརྟགས་པ་ནི་མི་མཐུན་པའི་ཕྱོགས་ལ་མེད་པ་སྟེ། གཅིག་ལ་གཅིག་དགྲ་ལྟར་མི་
མཐུན་པའི་ཕྱིར་རོ། །སྡུག་བསྔལ་གསུམ་གང་ཞེ་ན། སྡུག་བསྔལ་བའི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་འདུ་བྱེད་ཀྱི་སྡུག་བསྔལ་ལོ་ཞེས་བྱ་བ་ལ། ཁམས་གསུམ་གྱི་ཚོར་བ་རྣམ་པ་གསུམ་ལ་སྡུག་བསྔལ་གསུམ་གྱིས་ཁྱབ་པས་ན་སྡུག་བསྔལ་གསུམ་ཞེས་བྱ་
སྟེ། དེ་ཡང་འདོད་པའི་ཁམས་ཀྱི་སེམས་ཅན་རྣམས་ལ་ཚོར་བ་གསུམ་ཆར་དང་ཡང་ལྡན་མོད་ཀྱི། སྡུག་བསྔལ་གྱི་ཚོར་བ་ཤས་ཆེ་བ་སྡུག་བསྔལ་བའི་སྡུག་བསྔལ་གྱིས་ཁྱབ་བོ། །གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་ནི་བསམ་གཏན་ལ་གནས་པས་ཕལ་ཆེར་ཚོར་བ་བདེ་བ་དང་ལྡན་
ཏེ། རེ་ཞིག་བདེ་ཡང་གཏན་དུ་དེ་ན་མི་གནས་ཏེ་ཚོ་ཟད་ནས་གཞན་དུ་འགྱུར་བས་ན་འགྱུར་བའི་སྡུག་བསྔལ་གྱིས་ཁྱབ་བོ། །གཟུགས་མེད་པའི་ཁམས་ན་ནི་མིང་བཞིའི་ཕུང་པོ་སྐད་ཅིག་མའི་རྒྱུན་ལ་གནས་པས་ཚོར་བ་བཏང་སྙོམས་དང་ལྡན་ཏེ། སྐྱེ་བོས་སྡུག་བསྔལ་དུ་མི་ཚོར་མོད་ཀྱི་
འཕགས་པ་རྣམས་ཀྱིས་སྡུག་བསྔལ་དུ་གཟིགས་ཏེ། མདོ་ལས་ཀྱང་། ལག་མཐིལ་སྤུ་ཉག་གཅིག་གཞག་པ། །མི་རྣམས་ཀྱིས་ནི་མི་རྟོགས་ལ། །མིག་ཏུ་སོང་ན་དེ་ཉིད་ཀྱིས། །མི་བདེ་བ་དང་གནོད་བསྐྱེད་བཞིན། །བྱིས་པ་དག་ནི་ལག་མཐིལ་འདྲ། །འདུ་བྱེད་སྡུག་བསྔལ་སྤུ་མི་
རྟོགས། །མཁས་པ་རྣམས་ནི་མིག་དང་འདྲ། །དེ་ཡིས་ཤིན་ཏུ་ཡིད་ཀྱང་འབྱུང་། །ཞེས་གསུངས་ཏེ། བྱིས་པ་དག་ནི་མནར་མེད་པའི་ཕུང་པོ་ལ་ཡང་སྡུག་བསྔལ་གྱི་བློ་མི་འབྱུང་གི། འཕགས་པ་དག་ནི་སྲིད་པའི་རྩེ་མོ་ལ་ཡང་སྡུག་བསྔལ་གྱི་བློ་འཇུག་པས་དེ་ནི་འདུ་བྱེད་ཀྱི་སྡུག་བསྔལ་
གྱིས་ཁྱབ་པར་བསྟན་ཏོ། །བསྐལ་པ་གྲངས་མེད་པ་གསུམ་གང་ཞེ་ན། མོས་པས་སྤྱོད་པའི་ས་ནས་ས་དང་པོའི་བར་དུ་གཅིག །ས་དང་པོ་ནས་ས་བརྒྱད་པའི་བར་དུ་གཅིག །ས་བརྒྱད་པ་ནས་ས་བཅུ་པའི་བར་དུ་གཅིག་གོ་ཞེས་བྱ་བ་ལ། བསྐལ་པའི་དང་པོ་ནི་ཚེ་དཔག་ཏུ་མེད་པ་ནས་
Vol. 206 · folio 264b
བྲི་ནས་བརྒྱད་ཁྲིར་གྱུར་པ་ནས་བཟུང་སྟེ་རིམ་གྱིས་མིའི་ཚེ་ལོ་བཅུའི་བར་དུ་མར་བྲི་བ་སྟེ། བར་གྱི་བསྐལ་པ་གཅིག་གོ། །དེ་ནས་ཡང་ཚེ་ལོ་བརྒྱད་ཁྲིར་གྱུར་ལ་སླར་ཡང་བྲི་བའི་རིམ་གྱིས་ཚེ་ལོ་བཅུ་པར་གྱུར་པའི་བར་དེ་ནི་ཡར་སྐྱེ་བ་དང་མར་བྲི་བའི་བར་གྱི་བསྐལ་པ་གཉིས་པ་སྟེ། དེ་
ལྟ་བུ་བཅོ་བརྒྱད་དང་དེའི་ཐ་མ་ཡང་ཚེ་ལོ་བཅུ་ནས་བརྒྱད་ཁྲིར་ཡར་སྐྱེ་བའི་བསྐལ་པ་གཅིག་དང་། དང་པོ་མར་འགྲིབ་པའི་བསྐལ་པ་སྟེ། དེ་ལྟ་བུ་བར་གྱི་བསྐལ་པ་ཉི་ཤུར་འཇིག་རྟེན་འཆགས་སོ། །ཉི་ཤུར་གནས་སོ། །ཉི་ཤུར་འཇིག་གོ། །ཉི་ཤུར་སྟོངས་ཏེ། བར་གྱི་
བསྐལ་བ་བརྒྱད་ཅུ་ལ་བསྐལ་བ་ཆེན་པོ་གཅིག་ཅེས་བྱ་སྟེ། དེ་ལྟ་བུ་བགྲང་བའི་མཐའ་ལས་འདས་པ་ནི་བསྐལ་བ་གྲངས་མེད་པ་གཅིག་སྟེ། མོས་པས་སྤྱོད་པའི་ས་དང་། ས་བརྒྱད་མན་ཆད་དང་། སངས་རྒྱས་ཀྱི་ས་ཀུན་དུ་འོད་མན་ཆད་དུ་བསྐལ་པ་དེ་ལྟ་བུ་རེ་རེ་ཐོགས་པར་གོ་རིམས་
བཞིན་དུ་སྦྱར་རོ། །གང་ཟག་གསུམ་གང་ཞེ་ན། ཐེ་ཚོམ་ཅན་གྱི་གང་ཟག་དང་། ལོག་པར་ཤེས་པའི་གང་ཟག་དང་། མི་ཤེས་པའི་གང་ཟག་གོ་ཞེས་བྱ་བ་ལ། ཆོས་ཀྱི་མཚན་ཉིད་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་བདག་མེད་པ་ཡིན་ནམ་འོན་ཏེ་མ་ཡིན་སྙམ་དུ་
སེམས་མ་ངེས་པ་ནི་ཐེ་ཚོམ་ཅན་གྱི་གང་ཟག་གོ། །ཆོས་རྣམས་རྟག་པ་དང་བདེ་བ་དང་གཙང་བ་དང་། བདག་ཡོད་པར་ངེས་པར་འཛིན་པ་ནི་ལོག་པར་ཤེས་པའི་གང་ཟག་གོ། །ཆོས་ཀྱི་མཚན་ཉིད་མི་རྟག་པ་དང་། རྟག་པ་ལ་སོགས་པ་གང་གི་རྒྱུས་ཀྱང་མི་ཤེས་པ་ནི་མི་ཤེས་པའི་གང་
ཟག་ཅེས་བྱའོ། །མ་འདྲེས་པའི་ཉེ་བར་གཞག་པ་གསུམ་གང་ཞེ་ན། གུས་པར་ཉན་པ་རྣམས་ལ་སེམས་སྙོམས་པ་དང་། གུས་པར་མི་ཉན་པ་རྣམས་ལ་སེམས་སྙོམས་པ་དང་། གུས་པར་ཉན་པ་དང་གུས་པར་མི་ཉན་པ་རྣམས་ལ་སེམས་སྙོམས་པའོ་ཞེས་བྱ་བ་ལས། སྐྱེ་བོ་དང་ཉན་ཐོས་
དག་ལ་མེད་ཀྱི་སངས་རྒྱས་ཉི་ཚེ་ལ་མངའ་བ་ནི་མ་འདྲེས་པའི་ཉེ་བར་གཞག་པ་ཞེས་བྱ་སྟེ། དེ་ཡང་སློབ་མ་འཁོར་གུས་པ་དང་རིམ་གྲོ་བསྐྱེད་དེ་འགྲུས་པར་ཆོས་ཉན་ན་ཡང་ལྷག་པར་དགའ་བ་ཡང་མེད་པས་གུས་པར་ཉན་པ་རྣམས་ལ་སེམས་སྙོམས་པའོ་ཞེས་པ་མེད་ཅིང་གྱོང་སྟེ་རིམ་གྲོ་ཆུང་བ་དང་ཆོས་
Vol. 206 · folio 265a
ཉན་དུ་མི་བཏུབ་ན་ཡང་ངན་སེམས་དང་ཞེ་སྡང་མི་འབྱུང་བས་ན་གུས་པར་མི་ཉན་པ་རྣམས་ལ་སེམས་སྙོམས་པའོ། །བར་བར་གུས་ཤིང་རིམ་གྲོ་དང་ཆོས་ཉན་པ་ལ་འགྲུས། བར་བར་མི་འགྲུས་ཏེ། རིམ་གྲོ་དང་ཆོས་ཉན་དུ་ཡང་མི་བཏུབ་ན། དེ་ལ་ཡང་གུས་པའི་ཚེ་དགའ་བ་
ཡང་མི་སྐྱེ། མི་གུས་པ་ལ་ཁྲོ་བ་ཡང་མི་འབྱུང་བ་ནི་གུས་པར་ཉན་པ་དང་། གུས་པར་མི་ཉན་པ་རྣམས་ལ་སེམས་སྙོམས་པ་ཞེས་བྱའོ། །གཏོང་བའི་ཁྱད་པར་གསུམ་གང་ཞེ་ན། གཏོང་བ་ནི་ཟང་ཟིང་སྦྱིན་པ་དང་། བུ་སྨད་སྦྱིན་པ་དང་། སྲོག་དང་ལུས་སྦྱིན་པའོ་ཞེས་པ་ལ། སྐྱེ་བོ་
རྣམས་ནི་ཕྱུག་ཅིང་བདོག་ན་ཡང་མི་གཅེས་པ་ལས་བུ་དང་གཉེན་རྩ་ཙམ་ཉི་ཚེ་ལ་གཏོང་གི། མི་བདོག་གམ་ཡང་ན་བདོག་ཀྱང་གཅེས་པ་དག་གཞན་ལ་མི་སྟེར་གྱི། འཕགས་པ་དག་ནི་གཅེས་པ་ཡང་མི་ཕོངས་པར་སེམས་ཅན་ཐམས་ཅད་ལ་གཏོང་ལ་མི་བདོག་ན་ལུས་དང་སྲོག་ཀྱང་གཏོང་
བས་ན་གཏོང་བའི་ཁྱད་པར་གསུམ་སྟེ། འཕྲལ་གྱི་བཟའ་བ་དང་། བཏུང་བ་དང་། ཡུན་གྱི་ཟོང་གསེར་དངུལ་དང་གོས་ཟས་དག་སྦྱིན་པ་ནི་ཟང་ཟིང་སྦྱིན་པའོ། །བུ་དང་ཆུང་མ་དང་བྲན་དང་འཁོར་དང་ལས་ཐབས་རྒྱལ་སྲིད་མན་ཆད་གཏོང་བ་ནི་བུ་སྨད་སྦྱིན་པའོ། །མགོ་དང་རྐང་ལག་དང་།
ཤ་ཁྲག་དང་ལུས་ཀྱི་སྲོག་མན་ཆད་གཏོང་བ་ནི་སྲོག་དང་ལུས་སྦྱིན་པའོ། །ཆོས་ཀྱི་མདོ་བཞི་གང་ཞེ་ན། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའོ་ཞེས་བྱ་སྟེ། དེ་ཡང་ཕྱི་ནང་གི་ཆོས་ཐམས་ཅད་ཀྱི་དོན་ཚིག་འདི་བཞིར་འདུས་པས་ན་ཆོས་ཀྱི་མདོ་བཞི་སྟེ།
དེ་ལ་མཚན་ཉིད་གསུམ་དང་ཡང་སྦྱར་ཏེ། ཀུན་བརྟགས་པའི་མཚན་ཉིད་ནི་རྟག་ཏུ་མེད་པས་ན་མི་རྟག་པའོ། །གཞན་གྱི་དབང་གི་མཚན་ཉིད་ནི་སྡུག་བསྔལ་ཐམས་ཅད་ཀྱི་གཞི་ཡིན་པས་ན་སྡུག་བསྔལ་བའོ། །ཡོངས་སུ་གྲུབ་པའི་མཚན་ཉིད་ལ་ནི་ཆོས་སུ་གདགས་པའི་དངོས་པོ་མེད་པས་
ན་སྟོང་པའོ། །གང་ཟག་ཏུ་གདགས་པའི་དངོས་པོ་མེད་པས་ན་བདག་མེད་པའོ། །བྱང་ཆུབ་སེམས་དཔའི་མོས་པས་སྤྱོད་པའི་ཆ་བཞི་གང་ཞེ་ན། སྣང་བ་མཆེད་པ་དང་། དེ་ཁོ་ན་ཉིད་ཀྱི་དོན་ལ་ཕྱོགས་གཅིག་པ་དང་། བར་ཆད་མེད་པའི་ཏིང་ངེ་འཛིན་ཏོ་ཞེས་བྱ་བ་ལ། དེ་ཡང་
Vol. 206 · folio 265b
དབང་པོ་ལྔ་དང་། སྟོབས་ལྔ་བསྒོམ་པའི་དུས་ན་གཅིག་ཏུ་དགེ་བའི་ཕྱོགས་ལ་ལྷག་པར་མོས་ཤིང་གཞོལ་ཏེ་འབད་རྩོལ་དང་བཅས་པ་ནི་མོས་པས་སྤྱོད་པའི་ཆ་བཞི་སྟེ། དེ་ལ་ཕྱི་ནང་གི་ཆོས་ལ་མིང་དུ་བཏགས་པའི་མིང་ཐམས་ཅད་སྒྱུ་མ་ཙམ་དུ་ཤེས་པའི་ཤེས་རབ་སྐྱེས་པ་ནི་སྣང་བ་ཐོབ་པའོ། །མིང་
དེ་དག་གིས་བརྗོད་པའི་དོན་གྱི་དངོས་པོ་ལ་སྒྱུ་མ་ཙམ་དུ་མེད་པའི་ཤེས་རབ་སྐྱེས་པ་ནི་སྣང་བ་མཆེད་པའོ། །ཆོས་རྣམས་ཀྱི་མིང་དེ་དག་སྟོང་པ་ཉིད་དུ་ཤེས་པའི་ཤེས་རབ་སྐྱེས་པ་ནི་དེ་ཁོ་ན་ཉིད་ཀྱི་དོན་ལ་ཕྱོགས་གཅིག་པའོ། །མིང་དེ་དག་གིས་བརྗོད་པའི་དོན་གྱི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཤེས་པའི་
ཤེས་རབ་སྐྱེས་པ་ནི་དེ་མ་ཐག་ཏུ་ས་དང་པོ་གནོན་པས་བར་ཆད་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །ཉན་ཐོས་ཀྱི་ཆ་བཞི་གང་ཞེ་ན། དྲོད་དང་། སྤྱི་བོ་དང་། བཟོད་པ་དང་། འཇིག་རྟེན་པའི་ཆོས་ཀྱི་མཆོག་ཅེས་བྱ་བའོ་ཞེས་བྱ་བ་ལ། ཆ་བཞི་ནི་གོང་མ་དང་འདྲ་སྟེ། དབང་པོ་དང་སྟོབས་
ཀྱི་དུས་ན་དགེ་བ་ལ་མོས་ཤིང་འདུན་པའོ། །དེ་ཡང་དཔེར་ན་གཙུབ་ཤིང་གིས་མེ་འབྱིན་པ་ན་མེའི་སྔ་ལྟས་དྲོ་བ་དང་འདྲ་བར་ཉོན་མོངས་པ་བསྲེགས་པའི་ཡེ་ཤེས་མེ་དང་འདྲ་བ་འབྱུང་བས་ན་དྲོད་ཅེས་བྱ། དེ་ནས་དགེ་བའི་རྩ་བ་གཉེན་པོའི་ཕྱོགས་མཐུ་སྐྱེས་ནས་མི་མཐུན་པའི་དབང་དུ་མི་འགྲོ་བའི་
སར་ཕྱིན་པས་ན་སྤྱི་བོ་ཞེས་བྱ། གང་ཟག་ལ་བདག་མེད་པའི་དོན་སྟོང་པ་ཉིད་ལ་ཡིད་ཆེས་ནས་དེ་ལ་དགའ་བ་སྐྱེས་པ་ནི་བཟོད་པ་ཞེས་བྱ། འདི་མན་ཆད་འཇིག་རྟེན་གྱི་དགེ་བ་ཡིན་ཏེ་མཐོང་བསྒོམ་གྱི་ཉོན་མོངས་པ་མ་སྤངས་ཀྱང་རྒྱུན་ཏུ་ཞུགས་པ་ལ་སོགས་པ་འཕགས་པའི་ས་འདིས་གནོན་ཏེ།
འཇིག་རྟེན་པ་གཞན་ལས་གཙོ་བོར་གྱུར་པས་ན་འཇིག་རྟེན་པའི་ཆོས་ཀྱི་མཆོག་ཅེས་བྱའོ། །ཡེ་ཤེས་བཞི་གང་ཞེ་ན། མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་དང་། བྱ་བ་སྒྲུབ་པའི་ཡེ་ཤེས་སོ་ཞེས་བྱ་བ་ལ། ཆོས་ཀྱི་དབྱིངས་རྣམ་པར་
དག་པ་ཡང་གོ་རིམས་བཞིན་ནོ་ཞེས་བྱ་བ་ལ། སོ་སོའི་སྐྱེ་བོ་ལས་སངས་རྒྱས་སུ་གྲུབ་ནས་རྣམ་པར་ཤེས་པ་བརྒྱད་གནས་གྱུར་པ་ནི་ཡེ་ཤེས་བཞི་སྟེ། དེ་ལ་ཀུན་གཞི་རྣམ་པར་ཤེས་པ་དྲི་མ་དག་སྟེ་གནས་གྱུར་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཉོན་མོངས་པའི་ཡིད་བདག་ཏུ་ལྟ་བའི་དྲི་མ་དག་
Vol. 206 · folio 266a
སྟེ་གནས་གྱུར་པ་ནི་བདག་དང་གཞན་དུ་མི་འབྱེད་དེ་མཉམ་པས་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་འདོད་ཆགས་ལ་སོགས་པའི་དྲི་མ་དག་སྟེ་གནས་གྱུར་པ་ནི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་སོ། །མིག་ལ་སོགས་པ་སྒོ་ལྔའི་རྣམ་པར་ཤེས་
པ་ཆོས་སྣ་ཚོགས་ལ་ཐ་དད་པར་རྟོག་པའི་དྲི་མ་དག་སྟེ་གནས་གྱུར་པ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་སོ། །གཟུགས་ཀྱི་ཕུང་པོ་ལ་སོགས་པ་ཕུང་པོ་ལྔའི་རང་བཞིན་སྟོང་པ་ཉིད་གང་ཡིན་པ་དེ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་སྟེ། ཡེ་ཤེས་དམ་པའི་ཡུལ་དུ་གཞག་གོ། །ཡེ་ཤེས་བཞིའི་ལས་
གང་ཞེ་ན། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ལས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ལས་དང་། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ལས་དང་། བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་ལས་སོ་ཞེས་བྱ་བ་ལ། ཡུལ་ཐ་དད་པར་འཇུག་ཅིང་དམིགས་པ་ནི་ཡེ་ཤེས་ཀྱི་ལས་ཏེ། དེ་ཡང་ཆོས་ཐམས་ཅད་
གཉིས་སུ་མེད་པའི་དོན་ཆོས་ཀྱི་དབྱིངས་སྟོང་པ་ཉིད་ལ་དམིགས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ལས་སོ། །བདག་དང་གཞན་དུ་དབྱེར་མེད་དེ། བདག་གི་དོན་བྱས་པ་ཡང་སེམས་ཅན་གྱི་དོན་ཡིན་ལ། སེམས་ཅན་གྱི་དོན་བྱས་པ་ཡང་བདག་གི་དོན་ཡིན་པར་དམིགས་པ་ནི་མཉམ་པ་
ཉིད་ཀྱི་ཡེ་ཤེས་ཀྱི་ལས་སོ། །ཆོས་ཐམས་ཅད་ཀྱི་སྤྱི་དང་རང་གི་མཚན་ཉིད་ཕྱིན་ཅི་མ་ལོག་པར་གཏན་ལ་འབེབས་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ལས་སོ། །སེམས་ཅན་གྱི་དོན་བྱ་བ་ཐམས་ཅད་ཐབས་སྣ་ཚོགས་ཀྱིས་སྒྲུབ་ཅིང་སྤྲུལ་པའི་ལས་བྱེད་པ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་ལས་སོ། །
དགོངས་པ་བཞི་གང་ཞེ་ན། མཉམ་པ་ཉིད་ལ་དགོངས་པ་དང་། དུས་གཞན་ལ་དགོངས་པ་དང་། དོན་གཞན་ལ་དགོངས་པ་དང་། གང་ཟག་གཞན་ལ་དགོངས་པའོ་ཞེས་བྱ་བ་ནི་འཕྲལ་དུ་གོ་བ་དང་དོན་དུ་སྦྱར་བ་ཐ་དད་ཀྱང་། ཚིག་གཅིག་གིས་འགལ་བ་མེད་པར་སྟོན་ཏེ། ཐབས་དེ་ལྟ་བུས་
སེམས་ཅན་དག་འདུལ་བར་འགྱུར་བ་ནི་དགོངས་པ་བཞི་ཞེས་བྱ་སྟེ། དེ་ཡང་འདས་པའི་སངས་རྒྱས་དང་། ཤཱཀྱ་ཐུབ་པ་གཉིས་ཆོས་ཀྱི་སྐུ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་། སེམས་ཅན་གྱི་དོན་གྱི་ཕྲིན་ལས་མཛད་པ་རྣམས་ཆེ་ཆུང་མི་མངའ་བའི་སྒོ་ནས་སངས་རྒྱས་ཤཱཀྱ་ཐུབ་པས་
Vol. 206 · folio 266b
སྔ་མ་འདས་པའི་སངས་རྒྱས་ཀྱང་ང་ཉིད་ཡིན་ནོ་ཞེས་གསུངས་པ་ནི་མཉམ་པ་ཉིད་ལ་དགོངས་པའོ། །སངས་རྒྱས་འོད་དཔག་མེད་དང་སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པ་སངས་རྒྱས་གཅིག་ཙམ་གྱི་མཚན་བརྗོད་པ་ཙམ་གྱིས་ཀྱང་འཚང་རྒྱ་བར་འགྱུར་རོ་ཞེས་གསུངས་པ་ཡང་དེས་འཕྲལ་
དུ་འཚང་རྒྱ་བ་མིན་གྱི། རྒྱུ་དེ་ཙམ་ལ་བརྟེན་ཏེ་བསྒྲུབས་ན་ནམ་ཞིག་འཚང་རྒྱ་བ་དང་། སྨོན་ལམ་བཏབ་ན་དེ་བཞིན་དུ་འགྱུར་རོ་ཞེས་བྱ་བ་ཡང་འཕྲལ་དུ་མི་འགྱུར་གྱི། ནམ་ཞིག་ན་རྒྱུར་འགྱུར་བས་ན་དུས་གཞན་ལ་དགོངས་པའོ། །སངས་རྒྱས་གང་གཱ་སྙེད་ལ་བསྙེན་བཀུར་མ་བྱས་ན་མདོ་སྡེ་འདི་ཐོས་པར་
མི་འགྱུར་རོ་ཞེས་བྱ་བ་ནི་འདིར་འཕྲལ་དུ་མཐོང་བ་ཙམ་ལ་མི་བྱའི། བྱང་ཆུབ་སེམས་དཔའ་ས་དང་པོ་ཐོབ་པ་ལ་བྱ་བས་ན་དོན་གཞན་ལ་དགོངས་པའོ། །ཚུལ་ཁྲིམས་ལ་སོགས་པ་དགེ་བའི་ཕྱོགས་གང་ལ་དད་ཅིང་ནུས་པ་དེ་ལ་བསྔགས་ཏེ་སྤྱོད་དུ་གཞུག་པ་དང་། ཡང་ན་ཚུལ་ཁྲིམས་བསྲུང་བ་
ཉི་ཚེས་ཆོག་གོ་སྙམ་དུ་སེམས་པ་ལ་དགེ་བ་གཞན་ཡང་བྱེད་དུ་གཞུག་པའི་ཕྱིར་ཚུལ་ཁྲིམས་སྨད་ལ་སྦྱིན་པ་བསྔགས་པ་ལ་སོགས་ཏེ། ཕ་རོལ་ཏུ་ཕྱིན་པ་ཀུན་ལ་སྦྱོར་བ་ནི་གང་ཟག་གཞན་ལ་དགོངས་པའོ། །ལྡེམ་པོར་དགོངས་པ་གང་ཞེ་ན། གཞུག་པ་ལ་ལྡེམ་པོར་དགོངས་པ་དང་།
མཚན་ཉིད་ལ་ལྡེམ་པོར་དགོངས་པ་དང་། གཉེན་པོ་ལ་ལྡེམ་པོར་དགོངས་པ་དང་། བསྒྱུར་བ་ལ་ལྡེམ་པོར་དགོངས་པའོ་ཞེས་བྱ་བ་ནི་ཚིག་ངེས་པ་མ་ཡིན་ཡང་དྲང་དུ་རུང་བ་ཙམ་ལ་དགོངས་ནས་གཞན་དག་བཀྲི་བའི་ཐབས་སུ་གསུངས་པ་ནི་ལྡེམ་པོར་དགོངས་པ་སྟེ། མུ་སྟེགས་པ་དག་
བདག་ཡོད་དམ་མེད་ཅེས་འདི་ན། སེམས་ཅན་གྱི་རྒྱུན་སྐད་ཅིག་མའམ་རྫུས་ཏེ་སྐྱེ་བའི་སེམས་ཅན་དག་ཡོད་པ་ཙམ་ལ་བརྟེན་ནས་བདག་ཡོད་དོ་ཞེས་བྱ་བ་དང་། ཉན་ཐོས་དག་ཆོས་ཀྱི་དངོས་པོ་ཡོད་དམ་མེད་ཅེས་འདྲི་ན། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ཡོད་དོ་ཞེས་སྐྱེ་བོ་རྣམས་ཐེག་པ་
ཆེན་པོ་དང་། བསྟན་པ་འདི་ལ་གཟུང་ཅིང་མི་སྐྲག་པར་བྱ་བའི་ཕྱིར་བཤད་པ་ནི་གཞུག་པ་ལ་ལྡེམ་པོར་དགོངས་པའོ། །ཆོས་ཐམས་ཅད་དངོས་པོ་ཡོད་དམ་མེད་ཅེས་འདྲི་ན། མཚན་ཉིད་གསུམ་ལ་དམིགས་ནས་མེད་པར་འདོད་པ་ལ་ནི་ཀུན་དུ་བརྟགས་པའི་མཚན་ཉིད་ལ་བསམས་ནས་མེད་ཅེས་
Vol. 206 · folio 267a
བསྟན་ཏེ། ཡོད་པར་འདོད་པ་ལ་ནི་གཞན་དབང་དང་། ཡོངས་སུ་གྲུབ་པའི་མཚན་ཉིད་གཉིས་ལ་དགོངས་ནས་ཡོད་ཅེས་བསྟན་པ་ནི་མཚན་ཉིད་དེ་ལ་ལྡེམ་པོར་དགོངས་པའོ། །སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་སྒོ་མོ་ཡང་བརྒྱད་ཁྲི་བཞི་སྟོང་
གསུངས་ཏེ། འདོད་ཆགས་ཀྱི་གཉེན་པོར་མི་གཙང་བ་ལ་སོགས་པ་གསུངས་པ་ནི་གཉེན་པོ་ལ་ལྡེམ་པོར་དགོངས་པའོ། །ཕ་བསད། མ་བསད། དགེ་འདུན་གྱི་དབྱེན་བྱས། དགྲ་བཅོམ་པ་བསད། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་ན་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་
རྒྱའོ་ཞེས་གསུངས་པ་དེ་དངོས་སུ་སྒྲ་བཞིན་དུ་བྱ་བ་མ་ཡིན་གྱི། མ་རིག་པའི་དངོས་པོ་མེད་པར་ཤེས་པ་ནི་མ་བསད་པའོ། །ཞེ་སྡང་གི་དངོས་པོ་མེད་པར་ཤེས་པ་ནི་ཕ་བསད་པའོ། །ཕུང་པོ་ལྔ་སྟོང་པར་བཤིག་སྟེ་དངོས་པོ་མེད་པ་ནི་དགེ་འདུན་གྱི་དབྱེན་ནོ། །ཀུན་གཞི་རྣམ་པར་ཤེས་པ་བག་
ཆགས་དང་བཅས་པ་དངོས་པོ་མེད་པར་ཤེས་པ་ནི་དགྲ་བཅོམ་པ་བསད་པའོ། །ཆོས་ཀྱི་དབྱིངས་སྟོང་པ་ཉིད་དུ་ཤེས་རབ་ཀྱིས་རྟོགས་པ་ནི་དེ་བཞིན་གཤེགས་པ་ལ་ཁྲག་ཕྱུང་བ་ཞེས་མིང་བསྒྱུར་བ་དང་། ཡང་ན། སྙིང་པོ་མེད་ལ་སྙིང་པོར་རྟོག །ཕྱིན་ཅི་ལོག་ལ་རབ་གནས་ཤིང་། །ཉོན་
མོངས་ཀྱིས་ནི་སྙོན་སྨོངས་ན། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་ཏེ། མི་གཡེང་བར་བསྒོམ་པ་དང་ཕྱིན་ཅི་ལོག་ལས་བཟློག་པར་གནས་པ་དང་། དཀའ་བ་སྣ་ཚོགས་ཀྱིས་བཀའ་ཐུབ་སྤྱད་པ་དང་གོ་རིམས་བཞིན་དུ་སྦྱར་ཏེ། དེ་ལྟ་བུར་སྤྱད་ན་འཚང་རྒྱའོ་ཞེས་བྱ་བའི་མིང་
བསྒྱུར་བ་ནི་བསྒྱུར་བ་ལ་ལྡེམ་པོར་དགོངས་པའོ། །རིགས་པ་བཞི་གང་ཞེ་ན། ལྟོས་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ་དང་། ཚད་མའི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པའོ་ཞེས་བྱ་བ་ལ། འཇིག་རྟེན་ན་ཆོས་རྣམས་ཀྱི་ཚུལ་ཇི་ལྟར་སྲིད་པ་བཞིན་དུ་འབྱུང་བ་ནི་རིགས་པ་
ཞེས་བྱ་སྟེ། དེ་ཡང་མིག་གི་རྣམ་པར་ཤེས་པ་རང་འབྱུང་མི་ནུས་ཀྱི། མིག་གི་དབང་པོ་དང་ཡུལ་གཟུགས་གཉིས་ལ་ལྟོས་ནས་འབྱུང་བར་རིགས་པ་དེ་བཞིན་དུ་གཞན་ཡང་སྦྱར་ཏེ། མྱུ་གུ་ནི་ས་བོན་ལ་ལྟོས་ནས་འབྱུང་བ་དང་མ་རིག་པ་ལ་ལྟོས་ནས་འདུ་བྱེད་འབྱུང་བ་ལ་སོགས་པ་ནི་ལྟོས་པའི་
Vol. 206 · folio 267b
རིགས་པའོ། །མིག་གི་རྣམ་པར་ཤེས་པ་དེ་བྱུང་ནས་གཟུགས་ལ་ལྟ་བའི་བྱ་བ་བྱེད་ཀྱི། སྒྲ་ལ་མི་ཉན་པ་དང་མིག་གི་དབང་པོས་ཀྱང་མིག་གི་རྣམ་པར་ཤེས་པ་སྐྱེད་ཀྱི། རྣ་བ་ལ་སོགས་པའི་རྣམ་པར་ཤེས་པ་གཞན་མི་སྐྱེད་དེ། དེ་བཞིན་དུ་ཀུན་ལ་སྦྱར་ཏེ། ནས་ཀྱི་ས་བོན་གྱིས་ནས་ཉིད་སྐྱེད་
ཀྱི། བྲ་སྲན་ལྟ་བུ་གཞན་མི་སྐྱེད་པ་དག་ནི་བྱ་བ་བྱེད་པའི་རིགས་པའོ། །འཐད་པ་སྒྲུབ་པ་ཞེས་ཀྱང་བྱ་སྟེ། རྗེས་སུ་དཔག་པ་དང་། མངོན་སུམ་དང་ལུང་གི་ཚད་མ་ངེས་པར་གཞག་པའོ། །དེ་ལ་རྗེས་སུ་དཔག་པ་ནི་དུ་བ་ལས་མེར་ཤེས་པ་དང་། ཆུ་བྱ་ལས་ཆུར་ཤེས་པ་དག་གོ། །མངོན་
སུམ་ནི་རྣམ་པར་ཤེས་པ་དྲུག་གིས་མཐོང་བ་དང་། རྣལ་འབྱོར་བའི་སེམས་ཀྱིས་མཐོང་བ་དག་གོ། །ལུང་ནི་མི་སླུ་བའི་ཚིག་སངས་རྒྱས་ཀྱི་བཀའ་ལུང་ཞལ་ནས་གསུངས་པ་སྟེ། དེ་དག་ནི་ཚད་མའི་རིགས་པའོ། །ཆུ་ཐུར་དུ་འབབ་པ་དང་ཉི་མ་ཤར་ཕྱོགས་ནས་འཆར་བ་དང་། ས་སྲབ་
པ་དང་། ཆུ་གཤེར་བ་དང་། མེ་ཚ་བ་དང་། རླུང་ཡང་བ་ལ་སོགས་པ་སྟེ་སྟོང་པ་དང་བདག་མེད་པ་ལྟ་བུ་སྤྱི་དང་རང་གི་མཚན་ཉིད་ཡེ་ནས་དེ་ལྟར་གནས་པ་དག་ནི་ཆོས་ཉིད་ཀྱི་རིགས་པ་ཞེས་བྱའོ། །མཁྱེན་པ་བཞི་གང་ཞེ་ན། ཁམས་མཁྱེན་པ་དང་། རང་བཞིན་མཁྱེན་པ་དང་། བསམ་
པར་ཁྱེན་པ་དང་། བག་ལ་ཉལ་མཁྱེན་པའོ་ཞེས་བྱ་བ་སྟེ། དེ་ལ་ཐེག་པ་ཆེ་ཆུང་རིགས་ཐ་དད་པ་གང་དང་གང་ཡིན་པ་ཐུགས་སུ་ཆུད་པ་ནི་ཁམས་མཁྱེན་པ་སྟེ། ཁམས་དང་། རིགས་དང་། ས་བོན་ཞེས་བྱ་བ་ཀུན་དོན་གཅིག་གོ། །སེམས་ཅན་དབང་པོ་རྣོན་པོ་དང་། དབང་པོ་རྟུལ་པོ་དང་།
དབང་པོ་འབྲིང་པོ་དག་གི་བྱེ་བྲག་ཐུགས་སུ་ཆུད་པ་ནི་རང་བཞིན་མཁྱེན་པའོ། །སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བཅུ་དག་ལ་སོགས་པ་གང་དང་གང་དག་ལ་དག་ལ་བ་ཐུགས་སུ་ཆུད་པ་ནི་བསམ་པ་མཁྱེན་པའོ། །དགེ་བ་དང་མི་དགེ་བའི་ས་བོན་དད་པ་དང་བརྩོན་འགྲུས་
སམ། འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཤས་ཆེ་ཆུང་ཅི་ཡོད་པ་ཐུགས་སུ་ཆུད་པ་ནི་བག་ལ་ཉལ་མཁྱེན་པའོ། །སྐྱེ་གནས་བཞི་གང་ཞེ་ན། མངལ་ནས་སྐྱེ་བ་དང་། སྒོ་ང་ལས་སྐྱེ་བ་དང་། དྲོད་གཤེར་ལས་སྐྱེ་བ་དང་། རྫུས་ཏེ་སྐྱེའོ་ཞེས་བྱ་བ་སྟེ། དེ་ལ་མི་དང་ཕྱུགས་ལུག་དང་།
Vol. 206 · folio 268a
གཅན་གཟན་ལ་སོགས་པ་ནི་ཕལ་ཆེར་མངལ་ནས་སྐྱེ་བའོ། །བྱ་དང་ཉ་དང་སྦལ་ལྕོང་དང་རྩངས་པ་ལ་སོགས་པ་ནི་སྒོ་ང་ལས་སྐྱེ་བའོ། །འབུ་སྲིན་དག་ནི་དྲོད་གཤེར་ལས་སྐྱེ་བའོ། །མཐོ་རིས་ཀྱི་ལྷ་རྣམས་དང་འདྲེ་སྲིན་ཡི་དགས་དམྱལ་བ་དག་ནི་རྫུས་ཏེ་སྐྱེ་
བའོ། །མཐའ་བཞི་གང་ཞེ་ན། ཡོད་པའི་མཐའ་དང་། མེད་པའི་མཐའ་དང་། ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པའི་མཐའ་དང་། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པའི་མཐའོ་ཞེས་བྱ་བ་ལ། ཕྱི་ནང་གི་ཆོས་ཐམས་ཅད་ནི་རྡུལ་དང་མུན་པ་སྙིང་སྟོབས་གསུམ་ལས་གྱུར་པ་ཡིན་
པས་ཡོད་པ་ཡིན་ཏེ། ཕྱི་རོལ་གྱི་ཆོས་ལ་སྦྱར་ན་ཡང་མེ་ཏོག་ལ་སོགས་པ་སྡུག་ཅིང་མཛེས་པ་ཐམས་ཅད་ནི་སྙིང་སྟོབས་ཤས་ཆེ་ལ། ཚེར་མ་དང་ངམ་གྲོག་ལ་སོགས་པ་མི་མཛེས་པ་ཐམས་ཅད་ནི་མུན་པ་ཤས་ཆེའོ། །འབྲུ་འབྲས་དང་ཁ་ཟས་ལ་སོགས་པ་དག་ནི་རྡུལ་ལས་གྱུར་བའི་
ཤས་ཆེ་བ་ཡིན་ཏེ་ཡོད་དོ་ཞེས་ཟེར་བ་ནི་ཡོད་པའི་མཐའོ། །འཇིག་རྟེན་རྒྱང་པན་པ་དག་ལས་དང་འབྲས་བུ་དང་ཚེ་སྔ་ཕྱི་ལ་སོགས་པ་ཅི་ཡང་མེད་དོ་ཞེས་ཟེར་བ་ནི་མེད་པའི་མཐའོ། །བདག་རྟག་པ་ནི་ཡོད་ལ་ཡུལ་དང་དབང་པོ་ལ་སོགས་པ་འབྱུང་བའི་གྲོང་ཁྱེར་ནི་མེད་དོ་ཞེས་ཟེར་བ་ནི། ཡོད་
ཀྱང་ཡོད་ལ་མེད་ཀྱང་མེད་པའི་མཐའོ། །གྲངས་ཅན་དག་དཔེར་ན་གསེར་གྱི་ཁ་དོག་ནི་གར་ཡང་མི་འགྱུར་ཏེ་མེད་པ་ཡང་མ་ཡིན་ལ། མགར་བས་བརྡུངས་ན་དབྱིབས་གཞན་དང་གཞན་དུ་འགྱུར་བས་ན་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་བདག་རྟག་པ་དེ་ཡང་དེ་དང་འདྲའོ་ཞེས་ཟེར་བ་ནི་ཡོད་པ་
ཡང་མ་ཡིན་མེད་པ་ཡང་མ་ཡིན་པའི་མཐའོ། །རྟོན་པ་བཞི་གང་ཞེ་ན། དོན་ལ་རྟོན་པར་བྱའི་ཚིག་འབྲུ་ལ་རྟོན་པར་མི་བྱའོ། །ཆོས་ལ་རྟོན་པར་བྱའི་གང་ཟག་ལ་རྟོན་པར་མི་བྱའོ། །ཡེ་ཤེས་ལ་རྟོན་པར་བྱའི་རྣམ་པར་ཤེས་པ་ལ་རྟོན་པར་མི་བྱའོ། །ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་པར་
བྱའི། དྲང་བའི་དོན་གྱི་མདོ་སྡེ་ལ་རྟོན་པར་མི་བྱའོ་ཞེས་བྱ་བ་ལ་ཉམས་སུ་བླང་ཞིང་དེ་དང་མི་འབྲལ་བར་བརྟེན་ཅིང་འདྲིས་པར་བྱེད་པ་ནི་རྟོན་པ་ཞེས་བྱ་སྟེ། དེ་ཡང་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་ཚུལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ནན་ཏན་དུ་བྱེད་པའི་འབྲས་བུ་སེམས་ཀྱི་སྦྱོར་བ་སྐད་ཅིག་
Vol. 206 · folio 268b
གིས་འཁོར་གསུམ་ཡོངས་སུ་དག་ཅིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་བྱེད་པ་ནི་དོན་ཏེ། དེ་ལ་རྟེན་པར་བྱ་བའོ། །ཚིག་འབྲུ་སྟེ། འཇིག་རྟེན་གྱི་བྱ་བ་མང་པོ་ལ་འཇུག་པ་དང་། ཡང་ན་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་སློབ་ཅིང་འཆད་པའི་ཚིག་དང་ཡི་གེའི་རྗེས་སུ་
འབྲང་བ་དག་ནི་དོན་ཆུང་ངུ་ཡིན་པས་དེ་དག་ལ་ནི་རྟོན་པར་མི་བྱའོ། །རྣམ་པར་བྱང་བ་དང་། ཀུན་ནས་ཉོན་མོངས་པའི་ཆོས་རྒྱུ་དང་འབྲས་བུའི་ཚུལ་ཕྱིན་ཅི་མ་ལོག་ཅིང་མ་འདྲེས་པའམ། དོན་གྱི་མཚན་ཉིད་མ་བྱུང་བ་དང་། མ་སྐྱེས་པ་ངེས་པར་སྟོན་པའི་གང་ཟག་ནི་སུ་ཅི་འདྲ་ཡང་རུང་
སྟེ། ཆོས་དང་མི་འགལ་ན་བརྟེན་པར་བྱའི། གང་ཟག་མ་བརྟགས་པ་ཏམ་ཏོམ་ཅན་ཆོས་དང་མི་མཐུན་པའི་སྤྱོད་པ་ཅན་ཡིན་ན་རྒྱལ་པོའི་བུ་ཡང་རུང་སྟེ་ཉེ་བར་མི་བརྟེན་པ་ནི་ཆོས་ལ་རྟོན་པར་བྱའི། གང་ཟག་ལ་རྟོན་པར་མི་བྱ་བའོ། །ཆོས་ཐམས་ཅད་ཀྱི་མཚན་ཉིད་དོན་དམ་པར་
སྐྱེ་བ་དང་འགག་པ་མེད་པ་ཆོས་དང་གང་ཟག་བདག་མེད་པར་མཁྱེན་པ་ནི་ཡེ་ཤེས་ཏེ། དེ་ལ་བརྟེན་ཞིང་འདྲིས་པར་བྱེད་ལ། གཟུགས་དང་སྒྲ་དང་དྲི་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་ལ་སོགས་པའི་རྗེས་སུ་སོང་བ་ནི་རྣམ་པར་ཤེས་པ་ཞེས་བྱ་སྟེ། དེ་ལ་མ་ཆགས་མི་གནས་རྟེན་པར་མི་
བྱེད་པ་ནི་ཡེ་ཤེས་ལ་རྟོན་པར་བྱའི། རྣམ་པར་ཤེས་པ་ལ་རྟོན་པར་མི་བྱ་བའོ། །ཆོས་གང་བསྟན་པས་ཟབ་ཅིང་རྒྱ་ཆེ་བའི་དོན་ཁོང་དུ་ཆུད་པར་བྱེད་པ་ནི་ངེས་པའི་དོན་གྱི་མདོ་སྡེ་ཞེས་བྱ་སྟེ། དེ་ལ་བརྟེན་ཞིང་འདྲིས་པར་བྱེད་ཀྱི་འཁོར་བས་སྐྱོ་བ་དང་ཀུན་རྫོབ་ལ་འཇུག་པ་ལ་སོགས་པ་སྟོན་པ་ནི་དྲང་བའི་
དོན་གྱི་མདོ་སྡེ་སྟེ། དེ་དག་ལ་བརྟེན་ཞིང་འདྲིས་པར་མི་བྱེད་པ་ནི་ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་པར་བྱའོ། །དྲང་བའི་དོན་གྱི་མདོ་སྡེ་ལ་རྟོན་པར་མི་བྱ་བའོ། །བསྡུ་བའི་དངོས་པོ་བཞི་གང་ཞེ་ན། སྦྱིན་པ་དང་སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པའོ་ཞེས་བྱ་བ་ལ། ཟ་བ་དང་བགོ་
བ་ལ་སོགས་པ་ལུས་ཀྱི་ལོངས་སྤྱོད་ཅི་དགོས་པས་མགུ་བར་བྱེད་པ་ནི་སྦྱིན་པའོ། །སེམས་མགུ་བར་བྱས་ཀྱི་འོག་ཏུ་དམ་པའི་ཆོས་བསྟན་ཞིང་བཤད་དེ་མི་དགེ་བ་ལས་བཟློག་ཅིང་དགེ་བ་ལ་འཛུད་པ་ནི་སྙན་པར་སྨྲ་བའོ། །ཚིག་ཏུ་སྨྲ་བར་མ་ཟད་ཀྱི་བདག་ཉིད་སྨྲ་བ་དང་མཐུན་པར་ཉམས་སུ་ལེན་པ་
Vol. 206 · folio 269a
ནི་དོན་སྤྱོད་པའོ། །གཞན་ལ་ཇི་སྐད་ཆོས་བསྟན་པ་དེ་བཞིན་དུ་བདག་ཉིད་ཀྱང་དེ་དང་མཐུན་པར་བྱེད་ལ་གཞན་ལ་ཡང་བྱེད་དུ་འཇུག་པ་ནི་དོན་མཐུན་པའོ། །འདུས་མ་བྱས་བཞི་གང་ཞེ་ན། སོ་སོར་བརྟགས་ཏེ་འགོག་པ་དང་། སོ་སོར་བརྟགས་པ་མ་ཡིན་པའི་འགོག་
པ་དང་། ནམ་མཁའ་དང་དེ་བཞིན་ཉིད་དོ་ཞེས་བྱ་བ་ལ། རྒྱུ་དང་རྐྱེན་གྱི་མཚན་ཉིད་གང་གིས་ཀྱང་མ་བསྐྱེད་པས་ན་འདུས་མ་བྱས་ཞེས་བྱ་སྟེ། དེ་ཡང་ཁམས་གསུམ་པའི་ཆོས་འདི་དག་ནི་མི་རྟག་པ་དང་སྡུག་བསྔལ་བ་ཡིན་ནོ་ཞེས་འདོད་པའི་ཡོན་ཏན་ལྔ་པོ་དག་ལ་མ་ཆགས་མི་འཇུག་པ་སྟེ།
དེ་ལ་མ་ཞུགས་ན་བག་ཆགས་མི་སོགས་ཤིང་འབྲས་བུ་མི་འབྱུང་བ་ནི་སོ་སོར་བརྟགས་ཏེ་འགོག་པ་ཞེས་བྱའོ། །གཟུགས་ལྟ་བུ་ལ་རྟོག་ཅིང་ཡེངས་པའི་དུས་ན་སྒྲ་དང་དྲི་ལ་སོགས་པ་བྱུང་ཡང་དེ་དག་ལ་མ་བརྟགས་ཏེ། འདས་པས་བག་ཆགས་མི་སོགས་ཤིང་འབྲས་བུ་མི་འབྱུང་ངོ་། །དེ་
བཞིན་དུ་སྒྲ་ལ་ཡེངས་པ་ནི་གཟུགས་ལ་མ་བརྟགས་པ་ལ་སོགས་པ་ནི་ཤེས་རབ་ཀྱིས་དཔྱད་པ་མེད་པས་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་ཞེས་བྱའོ། །རྒྱུ་དང་འབྲས་བུ་ལྟ་བུར་སྐྱེ་འབྱུང་མེད་ལ་གཞན་གྱིས་གོ་འབྱེད་པ་ནི་ནམ་མཁའ། ཆོས་རྣམས་ཀྱི་ཆོས་ཉིད་ལ་རྒྱུ་དང་
འབྲས་བུ་ལྟ་བུ་མེད་པ་ནི་དེ་བཞིན་ཉིད་ཅེས་བྱའོ། །ལུང་བསྟན་པ་བཞི་གང་ཞེ་ན། མགོ་གཅིག་ཏུ་ལུང་བསྟན་པ་དང་། རྣམ་པར་ཕྱེ་སྟེ་ལུང་བསྟན་པ་དང་། དྲིས་ནས་ལུང་བསྟན་པ་དང་། གཞག་པའི་ལུང་བསྟན་པའོ་ཞེས་བྱ་བ་ལ། གཞན་གྱིས་དྲིས་པའི་ལན་ངེས་པར་སྦྱིན་པ་ནི་ལུང་
བསྟན་པ་སྟེ། དེ་ཡང་སེམས་ཅན་འདི་དག་འཆིའམ་མི་འཆི་ཞེས་འདྲི་ན་སེམས་ཅན་དུ་གྱུར་ཕན་ཆད་མི་འཆི་བ་མེད་དེ་འཆིའོ་ཞེས་བསྟན་པ་ནི་མགོ་གཅིག་ཏུ་ལུང་བསྟན་པའོ། །སེམས་ཅན་འདི་དག་སྐྱེའམ་མི་སྐྱེ་ཞེས་འདྲི་ན། ཉོན་མོངས་པ་ཟད་ན་ནི་ལས་ཀྱི་དབང་གིས་ཁམས་གསུམ་དུ་མི་
སྐྱེ་བ་ཡང་ཡོད་དོ་ཞེས་བསྟན་པ་ནི་རྣམ་པར་ཕྱེ་སྟེ་ལུང་བསྟན་པའོ། །མི་འདི་དག་མཆོག་ཡིན་ནམ་མ་ཡིན་ཞེས་འདྲི་ན་ལྷ་ལ་ལྟོས་ནས་སམ། འདྲེ་ལ་ལྟོས་ནས་འདྲི་ཞེས་དྲིས་ནས་ལྷ་ལ་ལྟོས་ནས་ཞེས་ཟེར་ན་མཆོག་མ་ཡིན་ལ་འདྲེ་ལ་ལྟོས་ནས་ཞེས་ཟེར་ན་མཆོག་ཡིན་ནོ་ཞེས་བསྟན་པ་ནི་དྲིས་ནས་ལུང་
Vol. 206 · folio 269b
བསྟན་པའོ། །སེམས་ཅན་ལ་བདག་ཡོད་དམ་མེད་ཅེས་འདྲི་ན་ཡོད་ཅེས་བསྟན་དུ་ནི་རང་བཞིན་གྲུབ་པ་མེད་ལ། མེད་ཅེས་བསྟན་དུ་ནི་ད་ལྟར་མངོན་སུམ་དུ་སྣང་ཞིང་འདུག་པས་ཅི་ཡང་མི་བསྟན་པར་གཞག་པ་ནི་གཞག་པའི་ལུང་བསྟན་པའོ། །རིག་པའི་གནས་ལྔ་གང་ཞེ་ན། ནང་རིག་པ་དང་། རྒྱུ་
རིག་པ་དང་། སྒྲ་རིག་པ་དང་། གསོ་བ་རིག་པ་དང་། བཟོ་རིག་པའོ་ཞེས་བྱ་བ་ལ་ཤེས་རབ་ཀྱིས་ཤེས་པར་བྱ་བའི་ཡུལ་མདོར་བསྡུ་ན་ལྔ་ཡོད་པས་ན་རིག་པའི་གནས་ལྔའོ། །དེ་ཡང་གསུང་རབ་ཡན་ལག་བཅུ་གཉིས་ཤེས་པ་ནི་ནང་རིག་པའོ། །ཏར་ཀ་འམ། ཡང་ན་ཕྱི་ནང་གི་རྟེན་འབྲེལ་རྒྱུ་དང་རྐྱེན་གང་
དང་གང་ལས་འབྲས་བུ་ཅི་དང་ཅི་འབྱུང་བའི་རྒྱུ་མཚན་ལ་མཁས་པ་ནི་རྒྱུ་རིག་པའོ། །བྱཱ་ཀ་ར་ཎའི་སྐད་ལ་མཁས་པ་སྟེ། ཚིག་གཅིག་ལ་དོན་རྣམ་པ་བཅུར་འདྲེན་པ་ལྟ་བུ་དག་ནི་སྒྲ་རིག་པའོ། །ལུས་ཀྱི་ནད་བཞི་བརྒྱ་རྩ་བཞི་ལྟ་བུའི་གཉེན་པོ་གང་ལ་གང་ཕན་པའི་སྨན་དཔྱད་ལ་མཁས་པ་ནི་གསོ་བ་རིག་
པའོ། །བཟོ་དང་འཕོང་རྩལ་ལ་སོགས་པ་ལས་སུ་བྱའོ་ཅོག་ཐབས་སྣ་ཚོགས་ལ་མཁས་པ་ནི་བཟོ་རིག་པའོ། །བསྟན་བཅོས་ལས་ཀྱང་། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་པར། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་བས་གཞན་གང་ཚར་གཅོད་རྗེས་སུ་གཟུང་
ཕྱིར་རམ། །རང་གིས་ཤེས་པར་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །ཅེས་འབྱུང་སྟེ། རྒྱུ་དང་སྒྲ་ནི་ཏར་ཀ་དང་བྱཱ་ཀ་ར་ཎ་སྟེ། དེ་ཉིད་ཀྱིས་ནི་རྒོལ་བ་ཚར་གཅོད་པ་དང་། བཟོ་དང་སྨན་རིག་པས་ནི་གཞན་ལ་ཕན་གདགས་ཤིང་རྗེས་སུ་གཟུང་བ་དང་། རང་གི་སེམས་ལ་ཉོན་མོངས་པ་བསལ་བའི་ཕྱིར་ནི་ནང་རིག་པ་སྟེ།
གསུང་རབ་ཡན་ལག་བཅུ་གཉིས་ལ་མཁས་ན་ཤེས་རབ་སྐྱེ་སྟེ། དེས་འཕགས་པར་འགྱུར་རོ་ཞེས་གསུངས་སོ། །ཟག་པ་མེད་པའི་ཕུང་པོ་ལྔ་གང་ཞེ་ན། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་
ཤེས་མཐོང་བའི་ཕུང་པོའོ་ཞེས་བྱ་བ་ལ། ཉན་ཐོས་ཀྱི་ཁྲིམས་སྡེ་བདུན་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་རྣམ་པ་གསུམ་ནི་ཚུལ་ཁྲིམས་ཀྱི་ཕུང་པོའོ། །དབའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་དང་བསམ་གཏན་བཞི་དང་། སྙོམས་པར་འཇུག་པ་བཞི་ལ་སོགས་པ་ནི་ཏིང་ངེ་འཛིན་གྱི་ཕུང་
Vol. 206 · folio 270a
པོའོ། །སྤྱི་དང་རང་གི་མཚན་ཉིད་མ་ནོར་བར་རྟོགས་ཤིང་ཆོས་དང་གང་ཟག་ལ་བདག་མེད་པར་ཆུད་པ་ནི་ཤེས་རབ་ཀྱི་ཕུང་པོའོ། །ཕུང་པོའི་ལྷག་མ་དང་བཅས་པ་དང་། ཕུང་པོའི་ལྷག་མ་མ་ལུས་པར་མྱ་ངན་ལས་འདས་པ་ནི་རྣམ་པར་གྲོལ་བའི་ཕུང་པོའོ། །ཐེག་པ་ཆེན་
པོའི་ཡེ་ཤེས་བཞི་དང་། ཉན་ཐོས་དང་རང་སངས་རྒྱས་མྱ་ངན་ལས་འདས་པ་ཐོབ་མ་ཐག་ཏུ་བྱ་བ་ནི་བྱས། ཚངས་པར་ནི་སྤྱད་སྲིད་པ་འདི་ལས་གཞན་མི་ཤེས་པར་སེམས་པ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོའོ། །ཆོས་ལྔ་གང་ཞེ་ན། མིང་དང་། མཚན་མ་དང་། རྣམ་པར་རྟོག་པ་དང་།
དེ་བཞིན་ཉིད་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་སོ་ཞེས་བྱ་བ་ལ། ཆོས་ཐམས་ཅད་མདོ་འདིར་འདུས་པས་ཆོས་ལྔའོ། །དེ་ཡང་རྣམ་པར་ཤེས་པའི་སྤྱོད་ཡུལ་དུ་མི་སྣང་ཞིང་བརྗོད་དུ་མེད་ཀྱང་མིག་གིས་བརྟགས་ཤིང་མཚོན་ཏེ་བསྟན་པའི་ཕྱིར་མིང་ངོ་། །རྣམ་པར་ཤེས་པ་བདུན་དང་ཀུན་གཞི་
རྣམ་པར་ཤེས་པ་ཕན་ཚུན་རྒྱུ་དང་འབྲས་བུའི་ཚུལ་དུ་གནས་པ་ནི་མཚན་མའོ། །རྣམ་པར་ཤེས་པ་བརྒྱད་པོ་དག་གིས་ཆོས་རྣམས་ཀྱི་མཚན་ཉིད་ས་སྲ་བ་དང་ཆུ་གཤེར་བ་ལ་སོགས་པ་རང་བཞིན་དང་མི་རྟག་པ་དང་། སྡུག་བསྔལ་བ་ལ་སོགས་པའི་ཁྱད་པར་དུ་རྟོགས་པས་ན་རྣམ་པར་རྟོག་པའོ། །
ཆོས་ཐམས་ཅད་དངོས་པོར་མ་གྲུབ་སྟེ། སྟོང་པ་ཉིད་ཡིན་པས་ཆོས་ཀྱི་དབྱིངས་ནི་དེ་བཞིན་ཉིད་དོ། །ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པ་ཡང་དག་པའི་ཡེ་ཤེས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །མཚམས་མེད་པ་ལྔ་གང་ཞེ་ན། མ་བསད་པ་དང་། ཕ་བསད་པ་དང་། དགྲ་བཅོམ་པ་
བསད་པ་དང་། དགེ་འདུན་གྱི་དབྱེན་བྱས་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའོ་ཞེས་བྱ་བ་ལ། ལས་འདི་ལྔ་གང་ཡང་རུང་བ་ཅིག་བྱས་ན་སེམས་ཅན་དམྱལ་བའི་གནས་སུ་སྡུག་བསྔལ་ཆེན་པོའི་རྒྱུན་ཅུང་ཟད་ཀྱང་བར་མི་འཆད་པའི་གནས་སུ་ཡུན་རིང་པོར་སྐྱེ་སྟེ། ཐར་
པའི་སྐབས་མེད་པ་ནི་མཚམས་མེད་པ་ཞེས་བྱའོ། །མ་བསད་པ་དང་། ཕ་བསད་པ་དང་། དགྲ་བཅོམ་པ་བསད་པ་ནི་གོ་སླའོ། །དགེ་འདུན་གྱི་དབྱེན་ནི། དགེ་འདུན་སྡེར་ལོངས་པ་ལྟ་བ་ཕྱེ་བའོ། །དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་ནི་བསད་སེམས་ཀྱིས་ཁྲག་ཕྱུང་བ་སྟེ།
Vol. 206 · folio 270b
དེང་སང་ནི་སངས་རྒྱས་མི་བཞུགས་མོད་ཀྱི་དམ་པའི་ཆོས་འཇིག་ཅིང་སྤོང་བ་ལྟ་བུ་དང་སྦྱར་རོ། །མཚམས་མེད་པ་ལྔ་དང་ཉེ་བའི་ལས་ལྔ་གང་ཞེ་ན། དགྲ་བཅོམ་མ་སུན་པར་བྱས་པ་དང་། བྱང་ཆུབ་སེམས་དཔའ་ངེས་པའི་ས་ལ་གནས་པ་བསད་པ་དང་། སློབ་པ་བསད་པ་དང་། དགེ་འདུན་འདུ་བའི་སྒོ་
ཕྲོགས་པ་དང་། མཆོད་རྟེན་འཇིག་པའོ་ཞེས་བྱ་བ་ལ། སེམས་ཅན་དམྱལ་བ་གཞན་པས་སྡུག་བསྔལ་ཆེ་བ་ཡིན་ཡང་མཚམས་མེད་པའི་སྡུག་བསྔལ་ཁོ་ན་ཙམ་དུ་ཚབས་ཆེ་ཞིང་ཡུན་རིང་བ་ཉིད་མ་ཡིན་པའི་ཕྱིར་མཚམས་མེད་པ་དང་ཉེ་བ་ཞེས་བྱ་སྟེ། དེའི་ལས་ནི་མ་ཡང་ཡིན་ལ་དགྲ་བཅོམ་པ་ཡང་ཐོབ་པ་ལ་
མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བྱས་ན་དགྲ་བཅོམ་མ་སུན་པར་བྱས་པའོ། །ས་དང་པོ་ཡན་ཆད་ས་བཅུ་པ་མན་ཆད་ལ་གནས་པའི་བྱང་ཆུབ་སེམས་དཔའི་སྲོག་བཅད་པ་ནི་བྱང་ཆུབ་སེམས་དཔའ་ངེས་པའི་ས་ལ་གནས་པ་བསད་པའོ། །རྒྱུན་དུ་ཞུགས་པ་ནས་དགྲ་བཅོམ་པ་ཉིད་མ་ཐོབ་པའི་གང་ཟག་
བདུན་པོ་དག་སྲོག་བཅད་པ་ནི་སློབ་པ་བསད་པའོ། །དགེ་འདུན་སྤྱིར་མངའ་བའི་ཞལ་ཟས་དང་། ཕྱུགས་ནོར་སྤྱི་སྤུང་ལས་གང་ཟག་གི་སྒོར་སྤྱོད་དམ་རྐུ་འཕྲོག་བྱེད་པ་ནི་དགེ་འདུན་འདུ་བའི་སྒོ་ཕྲོགས་པའོ། །གཙུག་ལག་ཁང་དང་། སྐུ་གཟུགས་དང་ཅེ་ཏི་ལྟ་བུ་ངན་སེམས་ཀྱིས་འདྲལ་ཞིང་
གཙོག་པ་ལ་སོགས་པ་ནི་མཆོད་རྟེན་འཇིག་པའོ། །སྙིགས་མ་ལྔ་གང་ཞེ་ན། ཚེའི་སྙིགས་མ་དང་། ལྟ་བའི་སྙིགས་མ་དང་། ཉོན་མོངས་པའི་སྙིགས་མ་དང་། དུས་ཀྱི་སྙིགས་མ་དང་། སེམས་ཅན་གྱི་སྙིགས་མའོ་ཞེས་བྱ་བ་ལ། བཟང་པོ་བདམས་པའི་ཕྱི་ན་གང་ངན་པའི་ཐ་མར་གྱུར་པ་དེ་ནི་
སྙིགས་མ་ཞེས་བྱ་སྟེ། དེ་ཡང་ཚེ་ལོ་བརྒྱད་ཁྲི་བཞི་སྟོང་ཐུབ་པ་ལ་སོགས་པ་ཚེ་ཕྱིར་ཞིང་ཐུང་བའི་ཐ་མ་སྟེ། ཚེ་ལོ་བཅུ་པ་ནི་ཚེའི་སྙིགས་མའོ། །ཆོས་དང་གང་ཟག་ལ་བདག་མེད་པ་དང་ལས་དང་ལས་ཀྱི་འབྲས་བུ་ལ་སོགས་པ་ཆུད་མི་གསོན་པའི་ལྟ་བ་ལས་ཉམས་ཏེ། རྟག་པ་དང་ཆད་པའི་མཐར་
འཛིན་པའི་ལྟ་བ་ནི་ལྟ་བའི་སྙིགས་མའོ། །ཆགས་པ་དང་སྡང་བ་མེད་པའི་བྱམས་པ་དང་སྙིང་རྗེ་ལས་ཉམས་ཏེ། འདོད་ཆགས་དང་ཞེ་སྡང་དང་ཕྲག་དོག་དང་སེར་སྣ་ལ་སོགས་པ་ལྷག་པར་ཆེ་བ་ནི་ཉོན་མོངས་པའི་སྙིགས་མའོ། །ནས་འབྲས་ལ་སོགས་པ་རྨོ་བརྐོ་མི་དགོས་པར་བརྔས་མ་ཐག་
Vol. 206 · folio 271a
ཏུ་ནང་ནུབ་ཏུ་རང་སྐྱ་བ་དང་། བརྡེག་བཙོག་དང་འཐབ་རྩོད་མེད་པ་ལས་ཉམས་ཏེ་མུ་གེའི་བསྐལ་པ་དང་། ནད་ཀྱི་བསྐལ་པ་དང་། མཚོན་ཆའི་བསྐལ་པ་དག་གིས་གདུངས་པ་ནི་དུས་ཀྱི་སྙིགས་མའོ། །མི་ལུས་རྒྱང་གྲགས་ཙམ་དང་། འདོམ་གང་བ་ཡན་ཆད་ལྟ་བུའི་ཚེ་
བཟང་བ་ལས་ཉམས་ཤིང་མི་ལུས་ཁྲུ་གང་མན་ཆད་རྟ་རྟུག་ལ་རྒུ་རྟེན་བཅའ་བ་ལ་སོགས་ཏེ་བྱད་བཞིན་དང་། བསམ་པ་ངན་པ་དང་ལྡན་པ་ནི་སེམས་ཅན་གྱི་སྙིགས་མའོ། །ལམ་ལྔ་གང་ཞེ་ན། ཚོགས་ཀྱི་ལམ་དང་། སྦྱོར་བའི་ལམ་དང་། མཐོང་བའི་ལམ་དང་། བསྒོམ་པའི་ལམ་དང་། མཐར་ཕྱིན་
པའི་ལམ་མོ་ཞེས་བྱ་བ་ལ། སོ་སོའི་སྐྱེ་བོའི་གནས་ནས་འཕགས་པའི་གནས་སུ་ཕྱིན་པར་བྱེད་པ་ལྔ་ནི་ལམ་ལྔ་སྟེ། དེ་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་སྦྱར་ན། དང་པོ་སེམས་བསྐྱེད་ནས། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་
པ་བཞི་རྣམས་བསྒོམ་ཞིང་བསོད་ནམས་ཀྱི་ཚོགས་སོགས་པ་ནི་ཚོགས་ཀྱི་ལམ་མོ། །དབང་པོ་ལྔ་དང་སྟོབས་ལྔ་བསྒོམ་ཞིང་མོས་པས་སྤྱོད་པའི་ས་ལ་གནས་པ་ནི་སྦྱོར་བའི་ལམ་མོ། །བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམ་ཞིང་ས་དང་པོ་ཐོབ་པ་ནི་མཐོང་བའི་ལམ་མོ། །འཕགས་པའི་ལམ་ཡན་ལག་བརྒྱད་
བསྒོམ་ཞིང་ས་གཉིས་པ་ནས་ས་བཅུ་པ་མན་ཆད་ལ་གནས་པ་ནི་བསྒོམ་པའི་ལམ་མོ། །སངས་རྒྱས་ཀྱིས་ཀུན་དུ་འོད་ལ་གནས་པ་དང་། ཉན་ཐོས་ཀྱི་དགྲ་བཅོམ་པ་ཐོབ་པ་དག་ནི་མཐར་ཕྱིན་པའི་ལམ་མོ། །མི་དགེ་བ་བཅུའི་འབྲས་བུ་གང་ཞེ་ན། སྲོག་གཅོད་པའི་རྣམ་པར་སྨིན་པ་དང་། རྒྱུ་མཐུན་པའི་
འབྲས་བུ་དང་། དབང་གི་འབྲས་བུའོ། །མ་བྱིན་པར་ལེན་པའི་རྣམ་པར་སྨིན་པ་དང་། རྒྱུ་མཐུན་པའི་འབྲས་བུ་དང་། དབང་གི་འབྲས་བུའོ། །འདོད་པས་ལོག་པར་གཡེམ་པའི་རྣམ་པར་སྨིན་པ་དང་། རྒྱུ་མཐུན་པའི་འབྲས་བུ་དང་། དབང་གི་འབྲས་བུའོ། །བརྫུན་དུ་སྨྲ་བའི་རྣམ་པར་སྨིན་པ་དང་། རྒྱུ་
མཐུན་པའི་འབྲས་བུ་དང་། དབང་གི་འབྲས་བུའོ། །ཕྲ་མ་བྱས་པའི་རྣམ་པར་སྨིན་པ་དང་། རྒྱུ་མཐུན་པའི་འབྲས་བུ་དང་། དབང་གི་འབྲས་བུའོ། །ངག་རྩུབ་པོའི་རྣམ་པར་སྨིན་པ་དང་། རྒྱུ་མཐུན་པའི་འབྲས་བུ་དང་། དབང་གི་འབྲས་བུའོ། །ཚིག་འཁྱལ་པའི་རྣམ་པར་སྨིན་པ་དང་། རྒྱུ་མཐུན་
Vol. 206 · folio 271b
པའི་འབྲས་བུ་དང་། དབང་གི་འབྲས་བུའོ། །བརྣབ་སེམས་ཀྱི་རྣམ་པར་སྨིན་པ་དང་། རྒྱུ་མཐུན་པའི་འབྲས་བུ་དང་། དབང་གི་འབྲས་བུའོ། །གནོད་སེམས་ཀྱི་རྣམ་པར་སྨིན་པ་དང་། རྒྱུ་མཐུན་པའི་འབྲས་བུ་དང་། དབང་གི་འབྲས་བུའོ། །ལོག་པར་ལྟ་བའི་རྣམ་པར་སྨིན་པ་དང་། རྒྱུ་མཐུན་
པའི་འབྲས་བུ་དང་། དབང་གི་འབྲས་བུའོ་ཞེས་བྱ་བ་ལ། རྣམ་པར་སྨིན་པའི་འབྲས་བུའོ་ཞེས་བྱ་བ་ནི་སྲོག་གཅོད་པ་ནས་ལོག་པར་ལྟ་བའི་བར་བཅུ་ཆར་ཡང་ངན་སོང་རྒྱུད་གསུམ་དུ་སྐྱེ་བར་འདྲ་བར་སྦྱོར་རོ། །དེ་ལ་སྲོག་བཅད་པས་ཚེ་ཐུང་ཞིང་ནད་མང་ལ་གསོད་འདོད་པ་ནི་རྒྱུ་དང་མཐུན་པའི་འབྲས་བུའོ། །
ཁ་ཟས་མི་བསོད་ཅིང་མཐུ་ཆུང་བ་སྐྱེ་བའི་ཡུལ་དང་ཕྲད་པ་ནི་དབང་གི་འབྲས་བུའོ། །མ་བྱིན་པར་བླངས་པས་དབུལ་པོར་གྱུར་ཅིང་རྐུ་འདོད་པ་ནི་རྒྱུ་དང་མཐུན་པའི་འབྲས་བུའོ། །ཁ་ཟས་དང་ལོ་ཏོག་སད་སེར་ལ་སོགས་པས་འཕྲོག་ཅིང་ཁ་དོག་ངན་པར་སྐྱེ་བའི་ཡུལ་དང་ཕྲད་པ་ནི་དབང་གི་འབྲས་བུའོ། །འདོད་
པས་ལོག་པར་གཡེམ་པས་འཕྱོར་གཡེམ་ལ་སྲིད་ཅིང་ཆུང་མ་བྱི་པོ་དང་ཐུན་མོང་བ་ནི་རྒྱུ་དང་མཐུན་པའི་འབྲས་བུའོ། །ཡུལ་ས་རྡུལ་དང་བྱེ་མ་ཅན་དུ་སྐྱེས་པ་ནི་དབང་གི་འབྲས་བུའོ། །བརྫུན་སྨྲས་པས་སྐུར་པ་འདེབས་པ་མང་ཞིང་བདག་ཉིད་བརྫུན་དང་སྐུར་པ་ལ་དགའ་བ་ནི་རྒྱུ་དང་མཐུན་པའི་འབྲས་བུའོ། །
ཁ་ཟས་དྲི་ང་བ་སྐྱེ་བའི་ཡུལ་དང་ཕྲད་པ་ནི་དབང་གི་འབྲས་བུའོ། །ཕྲ་མ་བྱས་པས་གྲོགས་མི་རྙེད་ཅིང་། མཛའ་བ་དང་རྟག་ཏུ་འཁོན་ཞིང་དབྱེ་བ་ནི་རྒྱུ་མཐུན་པའི་འབྲས་བུའོ། །ཡུལ་ངམ་གྲོག་དང་ཐག་ཐུག་ཅན་མི་བདེ་བར་སྐྱེ་བ་ནི་དབང་གི་འབྲས་བུའོ། །ངག་རྩུབ་པ་སྨྲས་པས་རྟག་ཏུ་ཚིག་མི་སྙན་པ་དང་།
ཡིད་མི་དགའ་བར་འགྱུར་བའི་གཏམ་ཐོས་པ་ནི་རྒྱུ་དང་མཐུན་པའི་འབྲས་བུའོ། །ས་གཞི་ཚ་བ་ཅན་འབྲུ་དང་ལོ་ཏོག་སྐྱེར་མི་རུང་ཞིང་ཁ་ཟས་དཀོན་པའི་ཡུལ་དུ་སྐྱེ་བ་ནི་དབང་གི་འབྲས་བུའོ། །ཚིག་འཁྱལ་པ་སྨྲས་པས་ཚིག་སྨྲས་སོ་ཅོག་མི་བཙུན་ཞིང་། ཅི་སྨྲས་ཀྱང་གཞན་གྱིས་མི་ཉན་པ་ནི་རྒྱུ་དང་མཐུན་
པའི་འབྲས་བུའོ། །དབྱར་དགུན་གྱི་དུས་འགྱུར་ཞིང་དགུན་ཁ་ཆར་འབབ་ལ། དབྱར་ཉི་ལྷགས་ཆེ་ཞིང་ཆར་མི་འབབ་པ་ལྟ་བུའི་ཡུལ་དུ་སྐྱེ་བ་ནི་དབང་གི་འབྲས་བུའོ། །བརྣབ་སེམས་ཆེ་བས་མཐོང་ངོ་ཅོག་ལ་འདོད་ཆེན་བྱེད་ཅིང་ཆགས་པ་ནི་རྒྱུ་མཐུན་པའི་འབྲས་བུའོ། །འབྲུ་དང་ལོ་ཏོག་ཐམས་ཅད་ཕྲ་ཞིང་ཆུང་
Vol. 206 · folio 272a
བའི་ཡུལ་དུ་སྐྱེ་བ་ནི་དབང་གི་འབྲས་བུའོ། །གནོད་སེམས་པས་རང་བཞིན་གྱི་ཁྲོ་གཏུམ་དང་ཞེ་སྡང་ཆེ་བ་ནི་རྒྱུ་མཐུན་པའི་འབྲས་བུའོ། །འབྲུ་དང་ལོ་ཏོག་ཁ་ལ་ཚ་ཞིང་དཀུ་བ་འཁྲུད་པའི་ཡུལ་དུ་སྐྱེ་བ་ནི་དབང་གི་འབྲས་བུའོ། །ལོག་པར་ལྟ་བས་གཏི་མུག་ཆེ་སྟེ། ཤེས་རྒྱ་དང་
དྲན་གསལ་མེད་པ་ནི་རྒྱུ་དང་མཐུན་པའི་འབྲས་བུའོ། །ས་བོན་བཏབ་ཀྱང་ལོ་ཏོག་འཁྲུང་དུ་མི་བཏུབ་ལ་ཅུང་ཟད་འཁྲུངས་ན་ཡང་འབྲས་བུ་མི་ཆགས་ཤིང་མི་སྨིན་པའི་ཡུལ་དུ་སྐྱེ་བ་ནི་དབང་གི་འབྲས་བུའོ། །དེ་ཅིའི་ཕྱིར་འབྲས་བུ་གསུམ་དུ་འགྱུར་ཞེ་ན། སྡུག་བསྔལ་བར་བྱས་པ་དང་བསད་པ་
དང་མདངས་མེད་པར་བྱས་པའི་ཕྱིར་རོ་ཞེས་སྨོས་ཏེ། སྲོག་གཅོད་པ་ནི་དང་པོ་ཉིད་དུ་ན་ཞིང་ཚ་བར་བྱས་པ་ནི་སྡུག་བསྔལ་བར་བྱས་པ་ཞེས་བྱ་སྟེ། དེའི་རྒྱུས་སེམས་ཅན་དམྱལ་བ་ལ་སོགས་པ་གནོད་པ་སྣ་ཚོགས་ཀྱི་གནས་སུ་སྐྱེས་པ་ནི་རྣམ་པར་སྨིན་པའི་འབྲས་བུའོ། །དེ་ནས་བསད་པ་སྟེ།
ཚེ་ཐུང་བར་བྱས་པས་ཐ་མ་མིར་སྐྱེས་ན་ཡང་ཚེ་ཐུང་ཞིང་ནད་མང་བ་ནི་རྒྱུ་དང་མཐུན་པའི་འབྲས་བུའོ། །བསད་པའི་ཚེ་ལུས་དང་སེམས་ཀྱི་གཟི་བྱིན་དང་མངའ་བྱད་མེད་པར་བྱས་པས་ནི་མདངས་མེད་པར་བྱས་པ་ཞེས་བྱ་སྟེ། དེས་ཁ་ཟས་ཀྱི་འབྲུ་འབྲས་ངན་ཅིང་མི་བསོད་པ་དང་ཡུལ་ངན་པར་སྐྱེ་བ་ནི་
དབང་གི་འབྲས་བུ་སྟེ། མི་དགེ་བ་བཅུ་ཆར་ལ་ཡང་དེ་བཞིན་དུ་ཀུན་ལ་སྦྱར་རོ། །འཇིག་ཚོགས་ལ་ལྟ་བའི་རི་བོ་ཉི་ཤུའི་མིང་ལ། བདག་གཟུགས་ཡིན་ཏེ་བདག་པོ་དང་འདྲ། བདག་ཚོར་བ་ཡིན། བདག་འདུ་ཤེས་ཡིན། བདག་འདུ་བྱེད་ཡིན། བདག་རྣམ་པར་ཤེས་པ་ཡིན་ཞེས་བྱ་བ་ལ། མུ་སྟེགས་
པ་དག་ནི་ལྟ་བ་ཐ་དད་པར་ཕུང་པོ་ལྔ་དག་ལས་གང་ཡང་རུང་བ་གཅིག་ནི་བདག་རྟག་པ་ཡིན་ལ། ལྷག་མ་བཞི་ནི་བདག་དེའི་འཁོར་ཡིན་ནོ་ཞེས་བདག་དང་བདག་གིར་འདོད་དེ་ཕུང་པོ་ལྔ་པོ་རྣམས་ལ་གཅིག་ཅིང་ཡང་རྣམ་པ་བཞི་བཞིར་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བའི་རི་བོ་ཉི་ཤུའི་མིང་ཞེས་བྱའོ། །
དེ་ལ་གཟུགས་བདག་ཡིན་ཏེ་བདག་པོ་དང་འདྲ་ཞེས་བྱ་བ་ནི། དཔེར་ན་ནོར་གྱི་བདག་པོ་དེ་རང་གི་ནོར་ལ་ཅི་དགར་སྤྱོད་དུ་དབང་བ་དང་འདྲ་བར་གཟུགས་ཀྱི་ཕུང་པོ་ནི་བདག་རྟག་པ་ཡིན་ལ། ཕུང་པོ་ལྷག་མ་བཞི་ནི་བདག་དེའི་འཁོར་ཡིན་ཏེ་ནོར་བདག་དང་ནོར་ལྷ་ལྟ་བུར་གནས་སོ་ཞེས་ཟེར་བའོ། །དེ་བཞིན་
Vol. 206 · folio 272b
དུ་འོག་མ་རྣམས་ལ་ཡང་མཐུན་པར་མིང་སྤོ་ཞིང་སྦྱར་རོ། །བདག་གཟུགས་དང་ལྡན། བདག་ཚོར་བ་དང་ལྡན། བདག་འདུ་ཤེས་དང་ལྡན། བདག་འདུ་བྱེད་དང་ལྡན། བདག་རྣམ་པར་ཤེས་པ་དང་ལྡན་ཞེས་བྱ་བ་ནི། དཔེར་ན་ལྷ་སྦྱིན་རྒྱན་དང་ལྡན་ནོ་ཞེས་བྱ་བ་དང་འདྲ་བར་བདག་རྟག་པ་དེ་ནི་གུད་
ན་ཡོད་ལ་གཟུགས་ཀྱི་ཕུང་པོ་དེ་ནི་དེའི་རྒྱན་ལྟ་བུར་གནས། ཕུང་པོ་ལྷག་མ་བཞི་ནི་བདག་དེའི་འཁོར་ལྟ་བུར་གནས་སོ་ཞེས་བྱ་བ་སྟེ། ཕུང་པོ་ལྷག་མ་བཞི་ལ་ཡང་མིང་སྤོ་ཞིང་གོང་མ་བཞིན་དུ་སྦྱར་རོ། །གཟུགས་བདག་གི་ཡིན། ཚོར་བ་བདག་གི་ཡིན། འདུ་ཤེས་བདག་གི་ཡིན། འདུ་བྱེད་བདག་
གི་ཡིན། རྣམ་པར་ཤེས་པ་བདག་གི་ཡིན་ཞེས་བྱ་བ་ནི་དཔེར་ན་ལ་བ་ལྷ་སྦྱིན་དབང་ངོ་ཞེས་བྱ་བ་དང་འདྲ་བར་བདག་དེ་ནི་གུད་ན་ཡོད་ལ། དེ་གཟུགས་ཀྱི་ཕུང་པོ་ལ་འཁོར་དུ་དབང་ངོ་ཞེས་བྱ་བ་ལྟ་བུ་སྟེ། གཞན་ལ་ཡང་དེ་བཞིན་དུ་སྦྱར་རོ། །གཟུགས་ལ་བདག་གནས། ཚོར་བ་ལ་བདག་གནས། འདུ་ཤེས་
ལ་བདག་གནས། འདུ་བྱེད་ལ་བདག་གནས། རྣམ་པར་ཤེས་པ་ལ་བདག་གནས་ཞེས་བྱ་བ་ནི་དཔེར་ན་གཞོང་བུའི་སྟེང་ན་ཤིང་ཏོག་གནས་པ་དང་འདྲ་བར་གཟུགས་ཀྱི་ཕུང་པོ་དེ་ལ་བདག་རྟག་པ་དེ་གནས་སོ་ཞེས་ཟེར་བ་སྟེ། དེ་བཞིན་དུ་འོག་མ་གཞན་ལ་ཡང་མཐུན་པར་སྦྱར་རོ། །དུས་ཕྱི་མར་འབྱུང་
བའི་རྨི་ལྟས་བཅོ་བརྒྱད་གང་ཞེ་ན། གླང་པོ་ཆེའི་འཇུག་མ་སྐར་ཁུང་ལ་ཐོགས་པ་དང་། ཁྲོན་པས་སྐོམ་པའི་མི་སྙེགས་པ་དང་། ཕྱེ་དང་མུ་ཏིག་མཉམ་པོར་བརྗེ་བ་དང་། གླང་པོ་ཆེའི་བེའུ་སེར་གྱི་གནས་ནས་སྐྲོད་པ་དང་། ཀུན་དགའ་ར་བའི་མེ་ཏོག་དང་འབྲས་བུ་བདག་པོ་ལས་གཞན་གྱིས་ལོངས་སྤྱོད་
པ་དང་། འཐབ་པར་མི་འོས་པ་དག་སྡེ་རིས་སུ་བཅད་ནས་བརྒྱད་བཀག་དང་འཐབ་རྩོད་བྱེད་པ་དང་། རས་ཡུག་གཅིག་བགོས་པ་ལ་བཟང་ངན་གཏོད་པ་དང་། མེ་ཏོག་གིས་བདག་རྔོས་ཤིག་པར་བསྐུལ་བ་དང་། རྗེའུ་གསུམ་གྱི་བར་མ་སྟོང་པར་མཐོང་བ་དང་། ཙན་དན་སོལ་བར་འཚོང་བ་དང་། རྒན་
པོ་སྤྱི་ཅེར་དུ་གནས་པ་དང་། རྟ་ཁ་དང་རྐུབ་གཉི་གས་ཟ་བ་དང་། ཁྱི་ཆེན་པོ་བས་ཆུང་ངུ་ཁ་དྲག་པ་དང་། བ་བེའུ་འབྲེངས་མ་ཐག་ཏུ་བེའུ་ལ་ནུ་བར་འདོད་པ་དང་། སྔ་དྲོ་དར་ལ་བབ་ལ་ཕྱི་དྲོ་རྒས་འཁོགས་པར་གྱུར་པ་དང་། སེང་གེའི་རོ་རོ་དེ་ཉིད་ཀྱི་སྲིན་བུས་ཟོས་པ་དང་། སྤྲེའུ་མང་པོ་འདུས་ནས་
Vol. 206 · folio 273a
སྤྲེའུ་གཅིག་རྒྱལ་པོར་བསྐོས་པ་དང་། སྤྲེའུ་གཅིག་གིས་གཅིག་ལ་མི་གཙང་བ་སྐུད་པ་མཐོང་བའོ་ཞེས་པ་བྱ་ནི། རྒྱལ་པོ་ཀྲྀ་ཀཱི་ཞེས་བྱ་བའི་རྨི་ལམ་དུ་མིའི་སྤྱོད་ལམ་དང་། ཆོས་ལུགས་ཕྱིས་ཅི་འབྱུང་བ་རྣམས་སྔ་ལྟས་སུ་བྱུང་སྟེ་རྨིས་པའི་གླང་པོ་ཆེའི་འཇུག་མ་སྐར་ཁུང་
ལ་ཐོགས་པ་ནི་རབ་ཏུ་བྱུང་བ་རྣམས་ཁྱིམ་ནས་འབྱུང་དཀའ་བའི་གནས་ནས་བྱུང་སྟེ། ཟང་ཟིང་མང་པོ་ཀུན་གཏོང་ཞིང་འདོར་ནུས་ན་རབ་ཏུ་བྱུང་བའི་གནས་ན་ལྷུང་བཟེད་དང་ཆོས་གོས་སམ། གནས་ཁང་ཙམ་དག་ལ་ཆགས་ཤིང་འདུག་པའི་ལྟས་ཏེ། དཔེར་ན་གླང་པོ་ཆེ་སྐར་ཁུང་དུ་འཛུལ་བ་ནས་ལུས་ཆེན་པོ་
མི་ཤོང་བའི་རིགས་པ་ནི་ཤོང་ནས་འཇུག་མ་ཕྲ་མོ་མ་ཤོང་སྟེ་ཐོགས་པ་དང་འདྲའོ། །ཁྲོན་པས་སྐོམ་པའི་མི་སྙེགས་པ་ནི་རབ་ཏུ་བྱུང་བ་རྣམས་ཆོས་ཉན་པའི་ཕྱིར་སློབ་དཔོན་གྱི་ཐད་དུ་འོང་བའི་རིགས་པ་ལས་འོང་དུ་མི་བཏུབ་སྟེ་ཉན་པ་པོའི་གན་དུ་སློབ་དཔོན་གྱིས་ཆོས་འཆད་དུ་འོང་ན་ཉན་པ་པོ་འབྱོལ་ཞིང་ཉན་དུ་མི་
བཏུབ་པའི་རྟགས་ཏེ། དཔེར་ན་སུ་སྐོམ་པ་ཁྲོན་པར་སོང་སྟེ་ཆུ་འཐུང་བའི་རིགས་པ་ལས་སྐོམ་པ་ནི་འབྲོས་ཤིང་ཁྲོན་པའི་ཆུ་ནི་ཕྱི་བཞིན་སྙེགས་པ་ལྟ་བུའོ། །ཕྱེ་དང་མུ་ཏིག་མཉམ་པོར་བརྗེ་བ་ནི་ཕྱེ་བླང་བའི་ཕྱིར་ཆོས་སྟོན་པའི་རྟགས་དང་། གླང་པོ་ཆེ་བེའུ་སེར་གྱི་གནས་ནས་སྐྲོད་པ་ནི་ཚུལ་ཁྲིམས་དང་ལྡན་པ་
ཚུལ་ཁྲིམས་འཆལ་བས་གནས་ནས་སྐྲོད་པའི་རྟགས་དང་། ཀུན་དགའ་ར་བའི་མེ་ཏོག་དང་འབྲས་བུ་བདག་པོ་ལས་གཞན་གྱིས་ལོངས་སྤྱོད་པ་ནི་དགེ་འདུན་གྱི་ནོར་ཁྱིམ་པས་ལོངས་སྤྱོད་པའི་རྟགས་དང་། འཐབ་པར་མི་འོས་པ་དག་སྡེ་རིས་སུ་བཅད་ནས་བརྒྱད་བཀག་དང་འཐབ་རྩོད་བྱེད་པ་ནི་དེ་བཞིན་
གཤེགས་པ་ཤཱཀྱ་ཐུབ་པའི་བསྟན་པ་འཐབ་རྩོད་ཀྱིས་ནུབ་པར་འགྱུར་བའི་རྟགས་དང་། རས་ཡུག་གཅིག་བགོས་པ་ལ་བཟང་ངན་གཏོད་པ་ནི་སངས་རྒྱས་ཀྱི་ཆོས་དང་འདུལ་བ་ནི་དཀར་པོའི་ཕྱོགས་གཅིག་པ་ཡིན་ན་ཕྱིས་ལྟ་བ་ཐ་དད་པས་གཞུང་ཐ་དད་པ་བཟུང་སྟེ་ལྟ་བ་མང་པོར་གྱེས་པ་སྟེ། དཔེར་ན་རས་
ཡུག་གཅིག་ལ་བཟང་ངན་མེད་ཀྱང་བཟང་ངན་དུ་མཐོང་བ་དང་འདྲའོ། །མེ་ཏོག་གིས་བདག་རྔོས་ཤིག་པར་བསྐུལ་བ་ནི་སྐྱེས་པས་བུད་མེད་གཉེར་བའི་རིགས་ན་མི་གཉེར་གྱི། བུད་མེད་ཀྱིས་སྐྱེས་པ་གཉེར་ཞིང་ཕར་བསྐུལ་བ་སྟེ། དཔེར་ན་མེ་ཏོག་བརྔ་བ་ཡིན་ན་མེ་ཏོག་གིས་རྔོས་ཞེས་བསྐུལ་བ་ལྟ་བུའོ། །
Vol. 206 · folio 273b
རྗེའུ་གསུམ་གྱི་བར་མ་སྟོང་པར་མཐོང་བ་ནི་མཐོ་སེམས་མི་བྱེད་པ་མེད་དེ། དབུལ་པོར་གྱུར་ན་གཉེན་ཡང་ངལ་ཏེ། དེ་བོར་ནས་གཞན་དང་མཛའ་བར་བྱེད་དེ། དཔེར་ན་རྫེའུ་གསུམ་བཙུགས་ཏེ་སྟེང་འོག་གཉིས་ན་ཤ་དང་ཚིལ་བསྐོལ་ལ། བར་ན་ཆུ་བསྐོལ་ན་ཤ་དང་ཚིལ་གྱི་གཟར་བུ་ནང་འཁྲུལ་གྱི། ཆུ་
བསྐོལ་བར་གཟར་བུ་མི་འཁྲུལ་བ་ལྟ་བུའོ། །ཙན་དན་སོལ་བར་འཚོང་བ་ནི་ཆོས་མཁན་ཆོས་འཆད་ཅིང་སྟན་པ་ཁ་ཅིག་རྙེད་པ་དང་བཀུར་སྟིའི་ཁེ་ཡོད་པ་ཉི་ཚེ་ལ་ཆོས་འཆད་ཀྱི། སྙིང་རྗེའི་ཤུགས་ཀྱིས་ཆོས་འདོད་པ་ཀུན་ལ་བསྟན་ཞིང་བསོད་ནམས་རིན་པོ་ཆེ་མི་ཚོལ་བ་སྟེ། དཔེར་ན་ཙན་དན་རིན་ཆེན་
པོར་བཙོང་བའི་རིགས་ན་རིན་ཆེན་པོར་མི་འཚོང་བར་སོལ་བ་དང་ཚོང་བྱེད་པ་ལྟ་བུའོ། །རྒན་པོ་སྤྱི་ཅེར་དུ་གནས་པ་ནི་དམ་པའི་ཆོས་ནུབ་པའི་དུས་ན་ཡུལ་དབུས་ནས་སྔར་ནུབ་སྟེ། མཐའ་འཁོབ་དུ་མཆེད་ནས་ནུབ་པའི་ལྟས་ཏེ། དཔེར་ན་རྒན་པོའི་སྐྲ་སྤྱི་བོ་ནས་སྔར་འབྱེ་བ་ལྟ་བུའོ། །རྟ་ཁ་དང་རྐུབ་གཉི་
གས་ཟ་བ་ནི་སྣ་ལ་སོགས་པའི་བློན་པོ་ལ་སོགས་པ་བླ་མ་དང་འོག་མ་ཡན་མན་གཉིས་ཀ་ལ་རྣོ་གཟན་བྱེད་པ་སྟེ། དཔེར་ན་རྟ་ཁ་དང་རྐུབ་གཉིས་ཀ་ནས་རྩྭ་ཟ་བ་ལྟ་བུའོ། །ཁྱི་ཆུང་ངུ་ཁ་དྲག་པ་ནི་རྒྱལ་པོ་བས་བློན་པོ་ཁ་དྲག་ཅིང་སྐྱེས་པ་བས་བུད་མེད་ཁ་དྲག་སྟེ། བློན་པོ་དང་བུད་མེད་ཀྱི་ཁ་ཐབས་སུ་
འགྲོ་བའི་རྟགས་ཏེ། དཔེར་ན་ཁྱི་ཆེན་པོ་ཁ་ཉན་གྱི། ཆུང་ངུ་ཁ་དྲག་པ་ལྟ་བུའོ། །བ་བེའུ་འབྲེངས་མ་ཐག་ཏུ་བེའུ་ལ་ནུ་བར་འདོད་པ་ནི་ཕ་མས་བུ་ཚ་ལྟ་བུ་ཁྱིམ་ཕུབ་སྟེ་ནོར་ཕོག་མ་ཐག་ཏུ་ངེད་ཀྱི་བདོག་པ་ཁྱེད་ལ་བྱིན་པ་ཡིན་གྱིས། ད་ངེད་ཁྱེད་ཀྱིས་གསོས་ཤིག་ཅེས་སླར་སྦྱིན་དུ་རེ་བའི་རྟགས་ཏེ།
དཔེར་ན་བ་བེའུ་ལས་ནུ་བར་འདོད་པ་ལྟ་བུའོ། །སྔ་དྲོ་དར་ལ་བབ་ལ་ཕྱི་དྲོ་འཁོགས་པར་གྱུར་པ་ནི་ལས་སུ་བརྩམས་པ་གང་ཅི་ཡང་རུང་བ་ལ་དང་པོ་ཉིད་དུ་མཚར་ཅིག་བྱ་བ་ལྟར་གཞི་ཆེར་བརྩམས་ལ། དེ་མ་ཐག་ཏུ་སྐྱོ་ཞིང་གཏོང་བའི་རྟགས་ཏེ། དཔེར་ན་སྔ་དྲོ་དར་ལ་བབ་པ་ལ་ཞག་འགའ་ཡང་
མ་ལོན་པར་ཕྱི་དྲོ་ཉིད་དུ་རྒས་པ་ལྟ་བུའོ། །སེང་གེའི་རོ་རོ་དེ་ཉིད་ཀྱི་སྲིན་བུས་ཟོས་པ་ནི་དམ་པའི་ཆོས་འདི་འཇིག་པ་ན་ཕྱི་རོལ་པ་གཞན་གྱིས་སུན་དབྱུང་ཞིང་གཞིག་པར་མི་ནུས་ཀྱི། དགེ་སློང་དག་ཉིད་ཀྱིས་འཇིག་པར་བྱེད་པའི་རྟགས་ཏེ་དཔེར་ན་སེང་གེའི་རོ་ལ་བྱ་ཁྱི་ལ་སོགས་པ་གཞན་གང་
Vol. 206 · folio 274a
གིས་ཀྱང་བཟའ་བའི་ཐུག་མི་ཐུབ་ཀྱི། སེང་གེ་ཉིད་ཀྱི་སྤུ་ལས་སྲིན་བུར་གྱུར་ཏེ་ཟོས་པ་དང་འདྲའོ། །སྤྲེའུ་མང་པོ་འདུས་ནས་སྤྲེའུ་གཅིག་རྒྱལ་པོར་བསྐོས་པ་ནི་དགེ་སློང་ཚུལ་ཁྲིམས་འཆལ་བ་མང་པོ་འཚོགས་ནས་བདག་ཅག་དང་མཐུན་པའི་ཕྱོགས་གཅིག་དཔོན་པོར་
བསྐོ་བར་བྱའོ་ཞེས་སྡིག་ཅན་དཔོན་དུ་བསྐོ་བའི་རྟགས་སོ། །སྤྲེའུ་གཅིག་ལ་གཅིག་གིས་མི་གཙང་བ་སྐུད་པ་ནི་དགེ་སློང་དག་གཅིག་གིས་གཅིག་ལ་གླེང་སྐུར་དང་། གཡོ་སྐྱོན་འདོགས་པར་འགྱུར་བའི་རྟགས་སོ། །ཆོ་འཕྲུལ་གསུམ་གྱི་མིང་ལ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཀུན་བརྗོད་པའི་ཆོ་
འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་ལོ་ཞེས་བྱ་བ་ལ། སྐྱེ་བོ་ཕལ་ལ་མི་སྲིད་པ་སྟོན་པ་དངོས་སུ་འོག་ནས་འབྱུང་བ་དག་ནི་རྫུ་འཕྲུལ་ཞེས་བྱའོ། །དེ་ལ་ལུས་ཀྱི་སྒོ་ནས་ནམ་མཁའ་ལ་འཕུར་བ་དང་། མེ་ལྟར་འབར་བ་ལ་སོགས་ཏེ་དགའ་དགུ་ཅིར་ཡང་བསྒྱུར་ཞིང་སྟོན་པ་ནི་རྫུ་འཕྲུལ་གྱི་ཆོ་
འཕྲུལ་ཞེས་བྱའོ། །གཞན་གྱི་སེམས་ཤེས་པའི་སྒོ་ནས་ཉེས་དམིགས་དང་ལེགས་པའི་ཡོན་ཏན་གང་ཡིན་པ་སེམས་དང་མཐུན་པར་སྟོན་པ་ནི་ཀུན་བརྗོད་པའི་ཆོ་འཕྲུལ་ཏེ་གདམས་ངག་ལྟ་བུའོ། །སེམས་ཀྱི་རྒྱུད་ལ་ཉོན་མོངས་པའི་ཤས་གང་ཆེ་བ་བརྟགས་ནས་འདོད་ཆགས་ཆེ་ན་ནི་མི་གཙང་
བ། ཞེ་སྡང་ཆེ་ན་ནི་བྱམས་པ་གཏི་མུག་ཆེ་ན་ནི་རྟེན་ཅིང་འབྲེལ་པ་བསྒོམ་པ་ལ་སོགས་ཏེ། གཉེན་པོ་གང་ཡིན་པ་སྟོན་པ་ནི་རྗེས་སུ་བསྟན་པའི་ཆོ་འཕྲུལ་ལོ། །སྦྱངས་པའི་ཡོན་ཏན་བཅུ་གཉིས་གང་ཞེ་ན། ཕྱག་དར་ཁྲོད་པ་དང་། ཆོས་གོས་གསུམ་པ་དང་། ཕྱིང་པ་ཅན་དང་། སྟན་
གཅིག་པ་དང་། བསོད་སྙོམས་པ་དང་། ཟས་ཕྱིས་མི་ལེན་པ་དང་། དགོན་པ་པ་དང་། ཤིང་དྲུང་བ་དང་། བླ་གབ་མེད་པ་དང་། དུར་ཁྲོད་པ་དང་། ཅོག་པུ་པ་དང་། གཞི་ཇི་བཞིན་པའོ་ཞེས་བྱ་བ་ལ། འཚོ་བ་དང་འཚོ་བའི་ཡོ་བྱད་དང་། གནས་རྣམས་ལ་ཆགས་པ་ནི་སྐྱོན་ཡིན་ལ། དེ་
དག་ལ་མ་ཆགས་པ་ནི་སྦྱངས་པའི་ཡོན་ཏན་ཞེས་བྱའོ། །དེ་ལ་བཞིས་ནི་ཆོས་གོས་ལ་མ་ཆགས་པ་བསྟན། བར་མ་གཉིས་ཀྱིས་ནི་འཚོ་བ་ལ་མ་ཆགས་པ་བསྟན། ཐ་མ་དྲུག་གིས་ནི་གནས་ལ་མ་ཆགས་པ་བསྟན་ཏོ། །དེ་ལ་ཆོས་གོས་སར་པ་དང་། བཟང་པོ་ལ་མ་ཆགས་ཏེ། རྙིང་པ་བོར་བའི་དམ་
Vol. 206 · folio 274b
དུམ་དང་། ལྷན་པ་ཕྱག་དར་གྱི་ཁྲོད་ནས་བསྡུས་ཏེ། ཚེམ་བུར་བྱས་ནས་གྱོན་པས་ན་ཕྱག་དར་ཁྲོད་པའོ། །ཕྱག་དར་ཁྲོད་ནས་བཙལ་བ་དེ་ཡང་ཆོས་གོས་གསུམ་ལས་ལྷག་པར་མི་ཚོལ་བ་ནི་ཆོས་གོས་གསུམ་པའོ། །ལྷན་པ་ལྷན་བུ་མ་རྙེད་ན་བལ་དག་བསྡུས་ཏེ། ཕྱིང་བའི་ཆོས་གོས་གསུམ་
ཙམ་འཆང་བ་ནི་ཕྱིང་པ་ཅན་ནོ། །བདག་རང་གི་སྟན་གཅིག་བཙལ་ནས་དེས་ནམ་དེངས་ཀྱི་བར་དུ་སྟན་གཞན་ཡང་མི་ཚོལ། གཞན་གྱི་སྟན་ལ་ཡང་མི་འདུག་པར་དེ་ལ་འདུག་པ་ནི་སྟན་གཅིག་པའོ། །རྒྱལ་པོ་དང་བློན་པོ་ལ་སོགས་པ་ཡོན་བདག་དད་པས་བཟང་པོར་སྦྱར་བ་ལ་མ་ཆགས་ཀྱི་བསོད་
སྙོམས་ཅི་རྙེད་པས་ཆོག་པར་འཚོ་བ་ནི་བསོད་སྙོམས་པའོ། །ཟས་ཀྱིས་འགྲངས་པ་ཙམ་ཞིག་དུས་གཅིག་ཏུ་བླངས་ཏེ་ཞིམ་པའི་བྱེ་བྲག་དབྱེ་ཞིང་ཕྱིར་འདོད་ཅིང་ལེན་པ་མེད་པར་ཟ་བ་ནི་ཟས་ཕྱིས་མི་ལེན་པའོ། །ར་བ་དང་གྲོང་རྡལ་ལ་སོགས་པ་འདུ་འཛིའི་གནས་ནས་རྒྱང་གྲགས་གཅིག་ཕན་ཆད་
སྤགས་ཏེ་འདུག་པ་ནི་དགོན་པ་པའོ། །དགོན་པ་དེ་ནགས་ཚལ་ཅན་ལྟ་བུ་ཞིག་ན་འདུག་ན་ཤིང་དྲུང་བའོ། །དགོན་པ་དེར་སྦྲ་གུར་དང་ཁང་ཁྱིམ་ལྟ་བུར་མི་འབུགས་པར་འདུག་པ་ནི་བླ་གབ་མེད་པའོ། །དགོན་པ་དེ་མི་རོ་འདོར་བའི་གནས་ཞིག་ན་འདུག་པ་ནི་དུར་ཁྲོད་པའོ། །དགོན་པ་དེ་ན་མལ་བདེ་བ་
བཤམས་ཤིང་གློས་ཕབ་སྟེ་ས་ལ་མི་ཉལ་བ་ནི་ཅོག་པུ་པའོ། །དགོན་པ་དེ་ན་གནས་གར་བབ་བབ་ཏུ་འདུག་ཅིང་བདེ་བ་མི་འདམ་པར་འདུག་པ་ནི་གཞི་ཇི་བཞིན་པའོ། །དེ་བཞིན་གཤེགས་པའི་སྤྱན་ལྔ་གང་ཞེ་ན། ཤའི་སྤྱན་དང་། ལྷའི་སྤྱན་དང་། ཤེས་རབ་ཀྱི་སྤྱན་དང་། ཆོས་ཀྱི་སྤྱན་དང་། སངས་
རྒྱས་ཀྱི་སྤྱན་ནོ་ཞེས་བྱ་བ་ནི། ལས་དགེ་བའི་རྣམ་པར་སྨིན་པ་ལས་གྱུར་པ་སྟེ་སངས་རྒྱས་ཉག་གཅིག་ལ་མངའ་བས་དེ་བཞིན་གཤེགས་པའི་སྤྱན་ལྔ་ཞེས་བྱའོ། །སྟོང་གསུམ་གྱི་སྟོང་གཅིག་ཚུན་ཆད་ཀྱི་གཟུགས་ཐམས་ཅད་མཐོང་བ་ནི་ཤའི་སྤྱན་ནོ། །ནམ་མཁའི་ཁམས་ཀྱི་མཐས་
གཏུགས་པའི་འཇིག་རྟེན་གྱི་གཟུགས་ཐམས་ཅད་མཐོང་བ་ནི་ལྷའི་སྤྱན་ནོ། །ཆོས་ལ་བདག་མེད་པར་ཐུགས་སུ་ཆུད་པ་ནི་ཤེས་རབ་ཀྱི་སྤྱན་ནོ། །གང་ཟག་ལ་བདག་མེད་པར་ཐུགས་སུ་ཆུད་པ་ནི་ཆོས་ཀྱི་སྤྱན་ནོ། །ཤེས་པར་བྱ་བའི་ཡུལ་ལ་ཤེས་བྱ་ཐམས་ཅད་མ་ལུས་པར་ཐུགས་སུ་ཆུད་པ་ནི་
Vol. 206 · folio 275a
སངས་རྒྱས་ཀྱི་སྤྱན་ནོ། །བྱང་ཆུབ་སེམས་དཔའི་བསམ་པ་ཉི་ཤུ་རྩ་གཅིག་ལ་ཞེས་བྱ་བ་ནི་སྒྱུ་གསོག་དང་གཞན་ལ་གནོད་པ་མེད་པའི་དོན་ཏེ། དེ་ཡང་སློབ་དཔོན་དང་བླ་མ་ཐམས་ཅད་ལ་མི་སླུ་བའི་བསམ་པ་དང་ཞེས་བྱ་བ་ལ། ཁྲིམས་འབོགས་ཤིང་ཆོས་འཆད་པ་ནི་སློབ་དཔོན་
ནོ། །ཁྲིམས་དང་ཤེས་པས་རྒན་པ་ནི་བླ་མའོ། །དེ་ལྟ་བུ་ལ་སོགས་པ་གང་ལ་ཡང་བརྫུན་སྒྱུ་ལ་སོགས་པ་ཐབས་ངན་པ་རྣམས་སྲོག་གི་ཕྱིར་ཡང་མི་བྱེད་པ་ནི་ཐམས་ཅད་ལ་མི་སླུ་བ་སྟེ། དེ་ལྟ་བུ་སྐྱེ་བོ་སུ་ལ་ཡང་མེད་པས་ན་ལྷག་པའི་བསམ་པའོ། །ཆོས་མཐུན་པའི་བྱང་ཆུབ་སེམས་དཔའ་ལ་དེས་ཤིང་
འགྲོགས་ན་བདེ་བའི་བསམ་པ་དང་ཞེས་བྱ་བ་ལ། བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཚུལ་ཁྲིམས་མནོས་པ་ཐམས་ཅད་ནི། ཆོས་མཐུན་པའི་བྱང་ཆུབ་སེམས་དཔའོ། །ཁོང་ནས་ཞེ་སྡང་མེད་ཅིང་སེམས་དང་བ་ནི་དེས་པའོ། །ལུས་ཀྱིས་བརྡེག་འཚོག་མི་བྱེད། ངག་གིས་ཚིག་རྩུབ་མི་སྨྲ་བ་ནི་
འགྲོགས་ན་བདེ་བའི་བསམ་པའོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་། བདུད་ཀྱི་ལས་ཟིལ་གྱིས་གནོན་པ་ལ་རང་གི་སེམས་ཀྱིས་དབང་བྱ་བའི་བསམ་པ་དང་ཞེས་བྱ་བ་ལ་འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་། ཐེ་ཚོམ་དྲུག་ནི་ཉོན་མོངས་པའོ། །ཁྲོ་
བ་དང་། ཁོན་དུ་འཛིན་པ་དང་། འཆབ་པ་དང་། འཚིག་པ་དང་། ཕྲག་དོག་དང་། སེར་སྣ་དང་། སྒྱུ་དང་། གཡོ་དང་། རྒྱགས་པ་དང་། རྣམ་པར་འཚེ་བ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། རྨུགས་རྒོད་དང་། མ་དད་པ་དང་། ལེ་ལོ་དང་། བག་མེད་པ་དང་། བརྗེད་ངེས་པ་དང་། རྣམ་
པར་གཡེང་བ་དང་། ཤེས་བཞིན་མ་ཡིན་པ་དང་། གཉིད་དང་རྟོག་དཔྱོད་དེ་ཉི་ཤུ་ནི་ཉེ་བའི་ཉོན་མོངས་པའོ། །འདོད་པའི་ཡོན་ཏན་ལྔ་ལ་ཆགས་པ་དང་། ཉན་ཐོས་ཀྱི་ཞི་བ་ཕྱོགས་གཅིག་པ་ལ་དགའ་བ་ནི། གཅིག་ཏུ་འཁོར་བ་དང་མྱ་ངན་ལས་འདས་པ་ལ་ཕྱོགས་པས་མི་གནས་པའི་མྱ་ངན་ལས་
འདའ་བ་ཐེག་པ་ཆེན་པོ་ལ་བར་དུ་གཅོད་པས་ན་བདུད་ཀྱི་ལས་ཞེས་བྱ་སྟེ། དེ་རྣམས་ཀྱི་དབང་དུ་མི་འགྲོ་ཞིང་རང་གི་སེམས་ཀྱི་དབང་དུ་བྱེད་པ་ནི་ཟིལ་གྱིས་གནོན་པ་ལ་རང་གི་སེམས་ཀྱིས་དབང་བྱ་བའི་བསམ་པ་ཞེས་བྱའོ། །འདུ་བྱེད་ཐམས་ཅད་ལ་སྐྱོན་དུ་མི་ལྟ་བའི་བསམ་པ་དང་ཞེས་བྱ་བ་ལ་ཁམས་
Vol. 206 · folio 275b
གསུམ་གྱི་ཆོས་རྣམས་ནི་འདུ་བྱེད་ཅེས་བྱ་སྟེ། དེ་དག་ཐམས་ཅད་རང་བཞིན་གྱིས་རྟོགས་པར་ཐུགས་སུ་ཆུད་པ་ཉིད་མྱ་ངན་ལས་འདས་པ་ཡིན་གྱི། ཉན་ཐོས་ལྟར་འཁོར་བའི་སྐྱོན་སྤངས་ཏེ་མྱ་ངན་ལས་འདས་པ་གཞན་དུ་མི་ཚོལ་བས་ན་འདུ་བྱེད་ལ་སྐྱོན་དུ་མི་ལྟ་བའི་བསམ་པ་ཞེས་བྱའོ། །མྱ་ངན་ལས་
འདས་པ་ལ་ཡོན་ཏན་དུ་མི་ལྟ་བའི་བསམ་པ་དང་ཞེས་བྱ་བ་ནི། ཉན་ཐོས་ལྟར་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་དེ་ནི་བདེ་བ་ཡིན་གྱི་དེར་འཇུག་པར་བྱའོ་སྙམ་དུ་མི་སེམས་པའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དགེ་བ་རྣམས་རྟག་ཏུ་བསྒོམ་པའི་བསམ་པ་དང་ཞེས་བྱ་བ་ནི། བླ་ན་མེད་པའི་བྱང་
ཆུབ་འཐོབ་པར་བྱ་བའི་གྲོགས་དང་རྒྱུར་གྱུར་བ་ནི། བྱང་ཆུབ་ཀྱི་ཆོས་དགེ་བ་རྣམས་ཞེས་བྱ་སྟེ། དངོས་སུ་ན་དྲན་པ་ཉེ་བར་གཞག་པ་ལ་སོགས་ཏེ་ས་བཅུ་དང་ཕ་རོལ་ཏུ་ཕྱིན་པ་བཅུ་དག་སྐད་ཅིག་རེ་རེ་ལ་ཡང་རྒྱུན་མི་འཆད་པར་འདྲིས་པར་བྱའོ་སྙམ་དུ་སེམས་པ་ནི་རྟག་ཏུ་བསྒོམ་པའི་བསམ་པ་ཞེས་བྱའོ། །
དེ་དག་ཉིད་བསྒོམ་པ་དང་མཐུན་པའི་བདེན་པའི་བསམ་པ་དང་ཞེས་བྱ་བ་ནི། དགེ་བ་དེ་ཉམས་སུ་བླངས་ནས་འདུ་འཛི་དང་ཐག་བསྲིངས་ཏེ་དགོན་པའི་གནས་ལྟ་བུར་འགྲོ་བར་སེམས་པ་ནི་བསྒོམ་པ་དང་མཐུན་པའི་དབེན་པའི་བསམ་པའོ། །འཇིག་རྟེན་པའི་ཟང་ཟིང་ཐོབ་པ་དང་། རྙེད་པ་དང་བཀུར་
སྟི་ལ་མི་ལྟ་བའི་བསམ་པ་དང་ཞེས་བྱ་བ་ལ་བཟའ་བ་དང་བགོ་བ་ལ་སོགས་ཏེ། ལྷུང་བཟེད་དང་ཆོས་གོས་དག་ནི་འཇིག་རྟེན་པའི་ཟང་ཟིང་ཐོབ་པ་དང་རྙེད་པའོ། །ཕྱག་འཚལ་བ་དང་བསྙེན་བཀུར་བྱེད་པ་ནི་བཀུར་སྟི་སྟེ། སེམས་ཅན་ལ་ཆོས་འཆད་པ་ན་ཕན་གདགས་པའི་བསམ་པས་ཆོས་འཆད་ཀྱི།
ཟང་ཟིང་བསྒྲུབ་པའི་བསམ་པ་མེད་པའི་ཕྱིར་བཀུར་སྟི་ལ་མི་ལྟ་བའི་བསམ་པ་ཞེས་བྱའོ། །ཐེག་པ་དམན་པ་སྤངས་ཏེ་ཐེག་པ་ཆེན་པོ་རྟོགས་པར་བྱ་བའི་བསམ་པ་དང་ཞེས་བྱ་བ་ལ། བདག་རང་གི་དོན་དུ་ཞུགས་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྤྱོད་པ་ལ་མི་འཇུག་པ་ནི་ཐེག་པ་དམན་པ་སྤངས་པའོ། །
བདག་དང་གཞན་གཉིས་ཀས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་ས་དང་ཕ་རོལ་ཏུ་ཕྱིན་པ་བསྒྲུབ་པ་ནི་ཐེག་པ་ཆེན་པོ་རྟོགས་པར་བྱ་བའི་བསམ་པའོ། །སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་བྱ་བའི་བསམ་པ་དང་ཞེས་བྱ་བ་ལ། སྐྱེ་བ་རྣམ་པ་བཞི་ལས་སྐྱེས་ཤིང་ལམ་རྒྱུད་དྲུག་ཏུ་འཁོར་བ་
Vol. 206 · folio 276a
ནི་སེམས་ཅན་ཐམས་ཅད་དོ། །དེ་དག་ཚེ་འདིར་དགེ་བ་ལ་བཀོད་དེ། ཚེ་ཕྱི་མར་ལྷ་དང་མིའི་འབྲས་བུ་དང་། ཐར་པ་ཐོབ་པར་བྱ་བའོ་སྙམ་དུ་སེམས་པ་ནི་དོན་ཐམས་ཅད་བྱ་བའི་བསམ་པ་ཞེས་བྱའོ། །མཆོག་གི་བསམ་པ་དང་ཞེས་བྱ་བ་ནི་དཀོན་མཆོག་གསུམ་ནི་ལྷ་དང་
མི་ཐམས་ཅད་ཀྱི་ནང་ན་ཡོན་ཏན་གྱི་ཕུལ་ཏེ་མཆོག་ཡིན་ནོ་སྙམ་དུ་སེམས་པའོ། །ཚུལ་ཁྲིམས་ཀྱི་བསམ་པ་དང་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་ཏེ་དེ་དང་མི་འགལ་བར་བསྒྲུབ་བོ་སྙམ་དུ་སེམས་པའོ། །ཕ་རོལ་ཏུ་ཕྱིན་པའི་བསམ་པ་དང་ཞེས་བྱ་བ་ནི། སྦྱིན་པ་ལ་སོགས་
པ་ཕ་རོལ་ཏུ་ཕྱིན་པ་བཅུ་བསྒྲུབ་བོ་ཞེས་བྱ་བར་སེམས་པའོ། །དེ་ཁོ་ནའི་དོན་གྱི་བསམ་པ་དང་ཞེས་བྱ་བ་ནི་ཆོས་དང་གང་ཟག་ལ་བདག་མེད་པའི་དོན་སྟོང་པ་ཉིད་ཀྱི་མཚན་ཉིད་རྟོགས་པར་བྱའོ་སྙམ་དུ་སེམས་པའོ། །མཐུའི་བསམ་པ་དང་ཞེས་བྱ་བ་ནི་ལྷའི་མིག་ལ་སོགས་པ་མངོན་པར་ཤེས་
པ་དྲུག་ཐོབ་པར་བྱའོ་སྙམ་དུ་སེམས་པའོ། །ཕན་པའི་བསམ་པ་དང་ཞེས་བྱ་བ་ནི་སེམས་ཅན་རྣམས་ཚེ་འདི་ལ་བདེ་བར་བྱའོ་སྙམ་དུ་སེམས་པའོ། །བདེ་བའི་བསམ་པ་ནི་སེམས་ཅན་རྣམས་ཚེ་ཕྱི་མ་ལ་སྐྱིད་པར་བྱའོ་སྙམས་དུ་སེམས་པའོ། །ངེས་པར་གྲོལ་བའི་བསམ་པ་དང་ཞེས་བྱ་བ་ནི།
སེམས་ཅན་རྣམས་ལ་ཕན་འདོགས་ན་ཡང་ཚེ་འདིར་ལེ་ལན་མི་རེ་སྟེ། ཚེ་ཕྱི་མར་རྣམ་པར་སྨིན་པ་ལ་རེ་བ་མེད་པའོ། །བརྟན་པའི་བསམ་པ་དང་ཞེས་བྱ་བ་ནི་བྱང་ཆུབ་ཏུ་དང་པོ་སེམས་བསྐྱེད་ཕྱིན་ཆད་དེ་ལས་བློ་འགྱུར་ལྡོག་མེད་པའོ། །མི་སླུ་བའི་བསམ་པ་དང་ཞེས་བྱ་བ་ནི། བདག་དང་གཞན་ལ་
ཕན་པར་བྱ་བའི་སྒོར་ཐབས་མི་འཁྲུལ་ཞིང་ལམ་མི་ནོར་བར་ཤེས་རྒྱས་ཆོད་པའོ། །མ་དག་པའི་བསམ་པ་དང་ཞེས་བྱ་བ་ནི་མོས་པས་སྤྱོད་པའི་ས་བསྒྲུབ་བོ་སྙམ་དུ་སེམས་པའོ། །དག་པའི་བསམ་པ་དང་ཞེས་བྱ་བ་ནི་ས་དང་པོ་ནས་ས་བདུན་པ་མན་ཆད་བསྒྲུབ་བོ་སྙམ་དུ་སེམས་པའོ། །ཤིན་ཏུ་དག་
པའི་བསམ་པ་དང་ཞེས་བྱ་བ་ནི་ས་བརྒྱད་པ་ནས་ས་བཅུ་པ་མན་ཆད་བསྒྲུབ་བོ་སྙམ་དུ་སེམས་པའོ། །བསྡམས་པའི་བསམ་པ་དང་ཞེས་བྱ་བ་ནི་ས་བརྒྱད་པ་ལ་གནས་པ་དེ་རྩོལ་བ་དང་། འབད་པ་མི་འབྱུང་བར་ལྷུན་གྱིས་གྲུབ་པས་བསྡམས་པ་ཞེས་བྱ་སྟེ། དེ་འཐོབ་པར་བྱའོ་སྙམ་དུ་སེམས་པའོ། །
Vol. 206 · folio 276b
ལྷན་ཅིག་སྐྱེས་པའི་བསམ་པ་དང་ཞེས་བྱ་བ་ནི་ས་བརྒྱད་པའི་དུས་དེ་ན་ཡེ་ཤེས་ཀྱང་རྣམ་པར་མི་རྟོག་པའི་རང་བཞིན་དུ་གྱུར་པའི་ཕྱིར་ལྷན་ཅིག་སྐྱེས་པ་ཞེས་བྱ་སྟེ། དེ་འཐོབ་པར་བྱའོ་སྙམ་དུ་སེམས་པའོ། །བདུད་བཞི་གང་ཞེ་ན། ཕུང་པོའི་བདུད་དང་། ཉོན་མོངས་པའི་བདུད་དང་། ལྷའི་བུའི་བདུད་
དང་། འཆི་བདག་གི་བདུད་དོ་ཞེས་བྱ་བ་ལ། བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུ་དགེ་བའི་རྩ་བ་སྲོག་དང་འདྲ་བའི་བར་དུ་གཅོད་པས་བདུད་བཞིའོ། །ལས་དང་ཉོན་མོངས་པས་བསྐྱེད་པའི་ཕུང་པོ་འདི་གྲུབ་ན་རང་དབང་མེད་པར་ན་བ་དང་རྒ་བ་དང་རྒུད་པ་ལ་སོགས་པའི་རྐྱེན་གྱིས་དགེ་བའི་བར་ཆད་བྱེད་
པས་ན་ཕུང་པོའི་བདུད་དོ། །འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ཤས་ཆེ་བའི་དབང་གིས་དགེ་བའི་བར་ཆད་བྱེད་པས་ན་ཉོན་མོངས་པའི་བདུད་དོ། །འདོད་པའི་ཁམས་ཀྱི་ལྷའི་བུ་རྣམས་ཕྲག་དོག་གི་དབང་གིས་དགེ་བའི་བར་ཆད་བྱེད་པ་ནི་ལྷའི་བུའི་བདུད་དོ། །ཚེའི་འདུ་བྱེད་ཞིག་སྟེ་སྲོག་དང་
བྲལ་ནས་དགེ་བ་བྱེད་པའི་རྒྱུན་ཆད་པ་ནི་འཆི་བདག་གི་བདུད་ཅེས་བྱའོ། །འདོད་པའི་ཁམས་ཀྱི་ལྷའི་གནས་ཀྱི་རིམ་པའི་མིང་ལས་བླའི་གནམ་ནི་སའི་སྟེང་ན་ཤིང་དྲུང་དང་རྡོ་དྲུང་ལ་སོགས་པ་ན་གནས་པའོ། །བར་སྣང་གི་གནམ་ནི་ཉི་ཟླ་དང་སྐར་མ་ལ་སོགས་པ་ནམ་མཁའ་ལ་རྒྱུ་བའོ། །རྒྱལ་
ཆེན་བཞིའི་རིས་ཀྱི་གནམ་ནི་རི་རབ་ཀྱི་ངོས་བཞིའི་བྱང་ཕྱོགས་ན་ནི་ཀུ་བེ་ར། ཤར་ན་ཡུལ་འཁོར་སྲུང་། ལྷོ་ན་འཕགས་སྐྱེས་པོ། །ནུབ་ན་མིག་མི་བཟང་། དེའི་འཁོར་དུ་གཏོགས་པ་རྣམས་ནི་རིས་སོ། །སུམ་ཅུ་རྩ་གསུམ་གྱི་གནམ་ནི་རི་རབ་ཀྱི་རྩེ་ན་ལྷའི་རྒྱལ་པོ་ཕྱོགས་ན་བརྒྱད་བརྒྱད་དེ་སུམ་ཅུ་རྩ་
གཉིས། དེ་རྣམས་ཀྱི་སྤྱིར་རྒྱལ་པོ་ཆེན་པོ་གཅིག་སྟེ། སུམ་ཅུ་རྩ་གསུམ་ཡོད་པ་ལ་བྱའོ། །འཐབ་བྲལ་གྱི་གནམ་ནི་སུམ་ཅུ་རྩ་གསུམ་གྱི་ལྷ་ནི་ལྷ་མ་ཡིན་དང་འཐབ་ལ། དེ་དག་ནི་ལྷ་མ་ཡིན་དང་འཐབ་པ་དང་བྲལ་ཏེ་མི་འཐབ་པས་འཐབ་བྲལ་ཞེས་བྱའོ། །དགའ་ལྡན་གྱི་གནམ་ནི་འོག་མ་
ལས་ཁྱད་པར་དུ་ལོངས་སྤྱོད་ཆེ་ཞིང་ཉམས་བདེ་བའི་སྟེང་དུ་བྱམས་པས་ཆོས་བཤད་པའི་ལོངས་སྤྱོད་དང་ལྡན་པའི་ཕྱིར་དགའ་ལྡན་ནོ་ཞེས་བྱའོ། །འཕྲུལ་དགའི་གནམ་ནི་འདོད་པའི་ལོངས་སྤྱོད་ཅི་དགའ་དགུར་རང་གིས་སྤྲུལ་ཞིང་སྤྱོད་པའི་ཕྱིར་རོ། །གཞན་འཕྲུལ་དབང་བྱེད་ཀྱི་གནམ་ནི་འདོད་པའི་
Vol. 206 · folio 277a
ལོངས་སྤྱོད་ཅི་དགའ་དགུར་གཞན་གྱིས་སྤྲུལ་ཅིང་སྤྱོད་པའོ། །བསམ་གཏན་བཞི་ལས་བསམ་གཏན་དང་པོའི་མིང་ནི་གཟུགས་ཀྱི་ཁམས་ཡན་ཆད་ན་གནས་པ་སྟེ། ཚངས་རིས་ཀྱི་གནམ་དང་ཚངས་པའི་མདུན་ན་འདོན་པའི་གནམ་དང་ཚངས་འཁོར་གྱི་གནམ་སྟེ། དེ་
ལ་གོང་མ་ཚངས་པ་ཆེན་པོའི་རིས་དང་གཡོག་འཁོར་དུ་སྐྱེས་པས་ཚངས་རིས་ཀྱི་གནམ་ཞེས་བྱའོ། །ཚངས་པ་ཆེན་པོ་ལ་ནང་ནུབ་ཏུ་རིམ་གྲོ་བྱེད་ཅིང་འཁོར་ལྟ་བུར་ཉེ་བར་སྐྱེས་ཏེ་མདུན་དུ་སྨྲ་འདོན་པས་ན་ཚངས་ལྷ་ཉེ་ཕན་ཞེས་ཀྱང་བྱ། ཚངས་པའི་མདུན་ན་འདོན་ཞེས་ཀྱང་བྱའོ། །ཚངས་པ་འོག་མ་
གཉིས་ལས་ཁྱད་པར་དུ་ལུས་བཟང་ཞིང་ཚེ་རིང་ལ་དགེ་བའི་རྩ་བ་དང་མཐུ་ཆེ་བས་ཚངས་འཁོར་ཞེས་བྱ་སྟེ། ཚངས་པ་ཆེན་པོ་ཞེས་ཀྱང་ཟེར་རོ། །བསམ་གཏན་གཉིས་པའི་མིང་ལ། འོད་ཆུང་གི་གནམ་དང་ཚད་མེད་འོད་དང་འོད་གསལ་ལོ། །གནས་འདིར་སྐྱེས་པའི་ལྷ་ནི་གོང་མ་གཉིས་པས་ལུས་ཀྱི་གཟི་
བྱིན་དང་འོད་མདངས་ཆུང་བས་ན་འོད་ཆུང་གི་གནམ་མོ། །གནས་འདིར་སྐྱེས་པའི་ལྷ་ནི་ལུས་ཀྱི་འོད་འདི་ཙམ་མོ་ཞེས་ཚད་གཟུང་དུ་མེད་པས་ན་ཚད་མེད་འོད་ཅེས་བྱའོ། །གནས་འདིར་སྐྱེས་པའི་ལྷ་ནི་ལྷ་གཞན་གྱི་གནས་སུ་ཡང་འོད་གསལ་བར་བྱེད་པས་ན་འོད་གསལ་ཞེས་བྱའོ། །བསམ་གཏན་
གསུམ་པའི་མིང་ལ། དགེ་ཆུང་དང་ཚད་མེད་དགེ་དང་དགེ་རྒྱས་སོ། །གནས་འདིར་སྐྱེས་པའི་ལྷའི་བསམ་གཏན་གྱི་བདེ་བ་ལ་དགེ་བ་ཞེས་བྱ་སྟེ། གོང་མ་གཉིས་པས་བདེ་བ་ཆུང་བས་ན་དགེ་ཆུང་ཞེས་བྱའོ། །གནས་འདིར་སྐྱེས་པའི་བསམ་གཏན་གྱི་བདེ་བ་འདི་ཙམ་མོ་ཞེས་ཚད་གཟུང་དུ་མེད་པས་
ཚད་མེད་དགེ་ཞེས་བྱའོ། །གནས་འདིར་སྐྱེས་པའི་ལྷ་རྣམས་ནི་འཇིག་རྟེན་གྱི་བསམ་གཏན་གྱི་བདེ་བ་མ་ལུས་པར་རྫོགས་པས་དགེ་རྒྱས་ཞེས་བྱ་སྟེ། དེ་ཡན་ཆད་བསམ་གཏན་བཞི་པ་དག་ནི་བདེ་བ་སྤངས་ཏེ། བཏང་སྙོམས་ལ་གནས་པའི་ཕྱིར་རོ། །བསམ་གཏན་བཞི་པ་ལ་གནས་བརྒྱད་ལས་
སོ་སོའི་སྐྱེ་བོ་གསུམ་གྱི་མིང་ལ་སྤྲིན་མེད་དང་བསོད་ནམས་འཕེལ་དང་འབྲས་བུ་ཆེའོ། །དེ་ཡང་གནས་འདིར་སྐྱེས་པའི་ལྷ་ནི་ནམ་མཁའ་སྤྲིན་གྱིས་མ་ཆོད་ན་གསལ་བ་དང་འདྲ་བར་ལྷ་གཞན་གྱི་གཞལ་མེད་ཁང་གིས་མ་ཆོད་ཅིང་སྒྲིབ་པ་མེད་དེ། ལྷ་དེ་དག་རང་གི་གཞལ་མེད་ཁང་དང་ལྷན་
Vol. 206 · folio 277b
ཅིག་ཏུ་སྐྱེ་ཞིང་འཇིག་པས་ན་སྤྲིན་མེད་ཅེས་བྱའོ། །གནས་འདིར་སྐྱེས་པའི་ལྷ་ནི་སྐྱེ་བོ་རྣམས་ཀྱིས་བསོད་ནམས་ཀྱི་མཆོག་ཐོབ་པའི་གནས་ཡིན་པས་ན་བསོད་ནམས་འཕེལ་ཞེས་བྱའོ། །གནས་འདིར་སྐྱེས་པའི་ལྷ་རྣམས་ནི་དགེ་བའི་རྩ་བ་འོག་མ་གཞན་བས་ཆེར་བསྒྲུབས་པའི་འབྲས་བུ་
སྟེ། འབྲས་བུ་ཡང་གཞན་འོག་མ་བས་ཆེ་བའི་ཕྱིར་འབྲས་བུ་ཆེའོ། །གནས་གཙང་མ་ལྔའི་རིས་ཀྱི་མིང་ལ། མི་ཆེ་བ་དང་། མི་གདུང་བ་དང་། གྱ་ནོམ་སྣང་བ་དང་། ཤིན་དུ་མཐོང་བ་དང་། འོག་མིན་ནོ། །དེ་ལ་རྣམ་པར་སྣང་མཛད་ལ་སོགས་པ་འཕགས་པ་རྣམས་གཙོ་བོར་བཞུགས་
པས་ན་གནས་གཙང་མ་ཞེས་བྱའོ། །དེ་ཡང་གནས་གཙང་མའི་རིས་སུ་སྐྱེས་པའི་ནང་ན་ཡང་གོང་མ་གཞན་རྣམས་ལས་བསོད་ནམས་ཆུང་བས་ན་མི་ཆེ་བ་ཞེས་བྱའོ། །གནས་འདིར་སྐྱེས་པ་ནི་བསམ་གཏན་ཁྱད་པར་ཅན་ཐོབ་པས་ཉོན་མོངས་པས་གདུང་བར་མི་ནུས་པའི་ཕྱིར་མི་གདུང་བའོ། །གནས་
འདིར་སྐྱེས་པ་ནི་བསམ་གཏན་ལ་ཇི་ལྟར་བསྒོམ་ཡང་ཉོན་མོངས་པས་བསྒྲིབས་ཤིང་ཆོད་པ་མེད་པས་ན་གྱ་ནོམ་སྣང་ངོ་། གནས་འདིར་སྐྱེས་པའི་ལྷ་ནི་ལྷ་གཞན་གྱིས་བལྟས་ན་རབ་ཏུ་བདེ་ཞིང་ཞི་བའི་ཁྱད་པར་ཅན་དུ་མཐོང་བས་ན་ཤིན་ཏུ་མཐོང་ཞེས་བྱའོ། །གནས་འདིར་སྐྱེས་པའི་ལྷ་ནི་གཟུགས་ཀྱི་
ཁམས་ཀྱི་མཐར་ཐུག་ལ། དེ་ཡན་ཆད་གཟུགས་ཅན་གཞན་མེད་དེ། ཀུན་གྱི་གོང་དུ་གྱུར་པས་ན་འོག་མིན་ཞེས་བྱའོ། །འཇིག་རྟེན་གྱི་ཆོས་བརྒྱད་གང་ཞེ་ན། རྙེད་པ་དང་། མ་རྙེད་པ་དང་། བསྟོད་པ་དང་། མ་བསྟོད་པ་དང་། གྲགས་པ་དང་། མ་གྲགས་པ་དང་། བདེ་བ་དང་། མི་བདེ་བའོ། །
དེ་ལ་འཇིག་རྟེན་ལས་འདས་པ་འཕགས་པ་རྣམས་ཀྱི་དགོངས་པ་ནི་རི་རབ་དང་འདྲ་བར་རྐྱེན་གང་གིས་ཀྱང་མི་གཡོ་མི་འཁྲུགས་པ་ཡིན་གྱི། སྐྱེ་བོ་བྱིས་པ་ཆུང་ངུ་འདྲ་བ་རྣམས་ཀྱི་སེམས་ནི་འདོད་པའི་རླུང་གིས་རྩི་མཆོག་བཞིན་དུ་གཡེངས་ཏེ། ཕན་ཡོན་དང་ཉེས་དམིགས་ཕྲན་ཚེགས་ཙམ་གྱི་རྐྱེན་གྱིས་
ཀྱང་དགའ་བ་དང་མི་དགའ་བར་འགྱུར་བའི་བྱེ་བྲག་ལ་ནི་འཇིག་རྟེན་གྱི་ཆོས་ཞེས་བྱའོ། །དེ་ལ་ལྷུང་བཟེད་དམ་ཆོས་གོས་ལ་སོགས་པ་ཟང་ཟིང་ཅུང་ཟད་ཐོབ་པས་དགའ་བར་གྱུར་པ་ནི་རྙེད་པའོ། །ཟང་ཟིང་དེ་དག་མ་ཐོབ་སྟེ་མི་དགའ་བ་ནི་མ་རྙེད་པའོ། །ཡོན་ཏན་མངོན་སུམ་དུ་བརྗོད་པས་དགའ་
Vol. 206 · folio 278a
བ་ནི་བསྟོད་པའོ། །མངོན་སུམ་དུ་སྐྱོན་བརྗོད་དེ་སེམས་ལ་འཁྲུག་པ་ནི་མ་བསྟོད་པའོ། །ལྐོག་ཏུ་ཡོན་ཏན་བརྗོད་པ་ཐོས་ཏེ་དགའ་བ་ནི་གྲགས་པའོ། །ལྐོག་ཏུ་སྐྱོན་བརྗོད་པ་ཐོས་ཏེ་མི་དགའ་བ་ནི་མ་གྲགས་པའོ། །ལུས་དང་སེམས་ལ་དབེན་པ་ཉམས་སུ་མྱོང་སྟེ།
དགའ་བ་ནི་བདེ་བའོ། །ལུས་དང་སེམས་ལ་གནོད་པ་མྱོང་སྟེ། མི་དགའ་བ་ནི་མི་བདེ་བ་སྟེ། ཆོས་བརྒྱད་པོ་འདི་དག་གིས་མི་གོས་པར་སྐྱེ་བོ་རྣམས་ཀྱིས་ཀྱང་བཏང་སྙོམས་སུ་གནས་པར་ཅི་ནུས་སུ་བསླབ་བོ། །དགོད་པ་བཞིའི་མིང་ལ། ཐེག་པ་ལ་དགོད་པ་དང་། བདེ་བ་ལ་དགོད་པ་
དང་། རིགས་པ་ལ་དགོད་པ་དང་། ཆོས་ལ་དགོད་པའོ། །དེ་ལ་དགེ་བ་བཅུ་དང་། བསམ་གཏན་དང་སྙོམས་པར་འཇུག་པ་དག་ནི་ལྷ་དང་མིའི་ཐེག་པ་དང་བདེན་པ་བཞི་དང་། རྟེན་འབྲེལ་བཅུ་གཉིས་དང་། ས་དང་ཕ་རོལ་ཏུ་ཕྱིན་པ་དག་ནི་འཕགས་པའི་ཐེག་པ་སྟེ། ཐེག་པ་དེ་དག་སྟོན་པ་ནི་
ཐེག་པ་ལ་དགོད་པའོ། །ཆོས་ཐམས་ཅད་སྐྱེ་བ་དང་། འགག་པ་མེད་པ་ནི་བདེན་པ་གཅིག་གོ། །ཀུན་རྫོབ་དང་དོན་དམ་པ་ནི་བདེན་པ་གཉིས་སོ། །སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་ནི་བདེན་པ་བཞི་སྟེ། དེ་དག་སྟོན་པ་ནི་བདེན་པ་ལ་འགོད་པའོ། །ལྟོས་
པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ་དང་། འཐད་པ་སྒྲུབ་པའི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པ་དག་སྟོན་པ་ནི་རིགས་པ་ལ་དགོད་པའོ། །གསུང་རབ་བཅུ་གཉིས་འཇིག་རྟེན་དུ་གཞག་སྟེ་སྡེ་སྣོད་གསུམ་དུ་སྡུད་ཅིང་སྟོན་པ་ནི་ཆོས་ལ་དགོད་པ་ཞེས་བྱའོ། །ནོར་བདུན་གྱི་མིང་
ལ། དད་པའི་ནོར་དང་། ཚུལ་ཁྲིམས་ཀྱི་ནོར་དང་། བརྩོན་འགྲུས་ཀྱི་ནོར་དང་། ཁྲེལ་ཡོད་པའི་ནོར་དང་། ཐོས་པའི་ནོར་དང་། གཏོང་བའི་ནོར་དང་། ཤེས་པའི་ནོར་རོ། །དེ་ལ་ལས་དང་འབྲས་བུ་དང་བདེ་བ་དང་དཀོན་མཆོག་ཡོད་པ་དང་ཡོན་ཏན་ཅན་དུ་ཡིད་ཆེས་པ་ནི་ཚུལ་ཁྲིམས་ཀྱི་རྒྱུ་
སྟེ། དད་པའི་ནོར་རོ། །སྲོག་གཅོད་པ་ལ་སོགས་པ་སྡིག་པ་མི་དགེ་བ་སྤངས་པ་ནི་ཐར་པ་དང་མཐོ་རིས་སུ་སྐྱེ་བའི་རྒྱུ་སྟེ། ཚུལ་ཁྲིམས་ཀྱི་ནོར་རོ། །དམ་པའི་ཆོས་ཉན་པ་དང་སེམས་པ་དང་བསྒོམ་པ་རྒྱུན་མི་གཅོད་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འཕེལ་བའི་རྒྱུ་སྟེ། བརྩོན་
Vol. 206 · folio 278b
འགྲུས་ཀྱི་ནོར་རོ། །སྡིག་པ་མི་དགེ་བའི་ཆོས་ལ་བག་བྱེད་ཅིང་འཛེམ་པ་ནི་ཉེས་པ་མི་འབྱུང་བའི་རྒྱུ་སྟེ། ཁྲེལ་ཡོད་པའི་ནོར་རོ། །དམ་པའི་ཆོས་ལ་ཆོག་པར་མི་འཛིན་ཞིང་མང་དུ་ཉན་པ་ནི་བསམ་པ་དང་བསྒོམ་པའི་ཤེས་རབ་འཕེལ་བའི་རྒྱུ་སྟེ། ཐོས་པའི་ནོར་རོ། །ཕྱི་ནང་གི་དངོས་པོ་ཅི་བདོག་
པ་གཞན་ལ་སྦྱིན་པ་ནི་ལོངས་སྤྱོད་ཆེན་པོ་འབྱོར་བའི་རྒྱུ་སྟེ། གཏོང་བའི་ནོར་རོ། །བསམ་པ་དང་བསྒོམ་པའི་ཤེས་རབ་ཀྱིས་ཆོས་ཀྱི་དོན་རྟོགས་པ་ནི་མྱ་ངན་ལས་འདས་པ་ཐོབ་པའི་རྒྱུ་སྟེ། ཤེས་པའི་ནོར་རོ། །ཅིའི་ཕྱིར་ནོར་ཞེ་ན། དགོས་པ་ཐམས་ཅད་མི་འབྱོར་པ་མེད་པའི་ཕྱིར་རོ། །
སེམས་ཅན་གྱི་གནས་དགུ་ལ་ལུས་ཐ་དད་ཅིང་འདུ་ཤེས་ཀྱང་ཐ་དད་པ་ནི་བསམ་གཏན་དང་པོ་ཐོབ་མ་ཐག་པ་བཀོལ་ཏེ་བསམ་གཏན་དང་པོ་པ་རྣམས་དང་། འདོད་པའི་ཁམས་ཀྱི་སེམས་ཅན་ལྷ་མན་ཆད་རིལ་ནི་ལུས་ཀྱང་མི་འདྲ་ལ། འདུ་ཤེས་ཀྱང་སོ་སོར་མི་འདྲ་བས། ལུས་ཐ་དད་ཅིང་འདུ་ཤེས་
ཀྱང་ཐ་དད་ཅེས་བྱའོ། །ལུས་ཐ་དད་ལ་འདུ་ཤེས་གཅིག་པ་ནི་བསམ་གཏན་དང་པོར་སྔར་སྐྱེས་པའི་ཚངས་པ་རྣམས་ནི་ལུས་དང་ཁ་དོག་ཆེ་ཞིང་བཟང་ལ་ཚངས་པ་ཕྱི་མ་འདི་དག་ངས་བསྐྱེད་དོ་སྙམ་དུ་སེམས་ལ། བསམ་ཏན་དང་པོ་ཐོབ་མ་ཐག་པའི་ཚངས་པ་ནི་ལུས་དང་ཁ་དོག་དེ་བས་ངན་ལ།
བདག་ཅག་ནི་ཚངས་པ་ཆེན་པོས་བསྐྱེད་དོ་སྙམ་དུ་སེམས་པས་ན་ལུས་ཐ་དད་ལ་འདུ་ཤེས་གཅིག་པ་ཞེས་བྱའོ། །ལུས་གཅིག་ལ་འདུ་ཤེས་ཐ་དད་པ་ནི་བསམ་གཏན་གཉིས་པ་ཡན་ཆད། གསུམ་པ་མན་ཆད་ལ་གནས་པའི་ལྷ་རྣམས་ལུས་ནི་འདྲ་སྟེ་ཚད་གཅིག་ལ། འདུ་ཤེས་ནི་ཁ་ཅིག་བདེ་
བ་ལ་གནས། ཁ་ཅིག་བཏང་སྙོམས་ལ་གནས་པས་ལུས་གཅིག་ལ་འདུ་ཤེས་ཐ་དད་ཅེས་བྱའོ། །ལུས་གཅིག་ལ་འདུ་ཤེས་ཀྱང་གཅིག་པ་ནི་བསམ་གཏན་བཞི་པ་ལ་གནས་པ་རྣམས་ཀྱི་ལུས་ནི་ཚད་ཀྱང་གཅིག་ལ། འདུ་ཤེས་ཀྱང་ཚོར་བ་བཏང་སྙོམས་དང་ལྡན་པར་འདྲ་བའི་ཕྱིར་རོ། །ནམ་
མཁའ་མཐའ་ཡས་སྐྱེ་མཆེད་ནི། ཆོས་ཐམས་ཅད་ནམ་མཁའ་ཙམ་དུ་ཟད་ལ་ནམ་མཁའ་ནི་མཐའ་ཡས་སོ་སྙམ་དུ་སེམས་པའོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ནི་ཆོས་ཐམས་ཅད་ནམ་མཁའ་ལྟར་མཐའ་ཡས་པ་དེ་ལ་དམིགས་པའི་རྣམ་པར་ཤེས་པ་དེ་ཡང་མཐའ་ཡས་སོ་སྙམ་དུ་སེམས་པའོ། །
Vol. 206 · folio 279a
ཅི་ཡང་མེད་པའི་སྐྱེ་མཆེད་ནི་ཆོས་ཐམས་ཅད་ནམ་མཁའ་ལྟར་མཐའ་ཡས་ལ་དེ་ལ་དམིགས་པའི་རྣམ་པར་ཤེས་པ་ཡང་མཐའ་ཡས་ན། དེ་ལས་མ་གཏོགས་པའི་ཆོས་གཞན་ཅི་ཡོད་ཅེས་བརྟགས་ན་ཅི་ཡང་ཡོད་པར་མ་མཐོང་ནས་ཅི་ཡང་མེད་དོ་སྙམ་དུ་སེམས་པའོ། །འདུ་ཤེས་
མེད་འདུ་ཤེས་མེད་མིན་གྱི་སེམས་ཅན་ནི་ཆོས་ཐམས་ཅད་ནམ་མཁའ་ཙམ་དུ་ཟད་དེ་ཅི་ཡང་མེད་དོ་སྙམ་དུ་སེམས་པའི་འདུ་ཤེས་དེ་ཡང་ནད་དང་ཟུག་རྔུ་ལྟ་བུ་ཡིན་པས་སྤང་ངོ་ཞེས་ཇེ་ཕྲ་ཇེ་ཕྲར་བཀག་ནས་ཤིན་ཏུ་ཕྲ་བར་གྱུར་པ་དང་། འདུ་ཤེས་དེ་གཏན་མེད་པར་གྱུར་ན་ཡང་མི་རུང་ངོ་སྙམ་ནས་ཤིན་ཏུ་ཆ་
ཕྲ་བ་དེ་ཙམ་ལ་གནས་པའོ། །རིགས་ལྔ་ལ། ཉན་ཐོས་ཀྱི་ཐེག་པའི་རིགས་ནི་བདེན་པ་བཞི་མཉན་ཞིང་བསྒོམས་པའི་བག་ཆགས་རྒྱུད་ལ་ཡོད་པའོ། །རང་སངས་རྒྱས་ཀྱི་ཐེག་པའི་རིགས་ནི་རྟེན་ཅིང་འབྲེལ་བ་མཉེན་ཞིང་བསྒོམས་པའི་བག་ཆགས་ཡོད་པའོ། །དེ་བཞིན་གཤེགས་པའི་ཐེག་པའི་
རིགས་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་མཉན་ཞིང་བསྒོམས་པའི་བག་ཆགས་ཡོད་པའོ། །མ་ངེས་པའི་རིགས་ནི་ཐེག་པ་ཆེ་ཆུང་གསུམ་ཆར་གྱི་ཆོས་མཉན་ཞིང་བསྒོམས་པའི་བག་ཆགས་འདྲེན་མར་ཡོད་པས་གཅིག་ཏུ་མ་ངེས་ཏེ། དགེ་བའི་བཤེས་གཉེན་གང་ཡང་རུང་སྟེ་སུ་སྔ་བའི་ཕྱོགས་ལ་འཇུག་པའོ། །
རིགས་མེད་པ་ནི་ཐེག་པ་ཆེ་ཆུང་གང་གི་ཆོས་ལ་ཡང་མཉན་ཞིང་བསྒོམས་པའི་བག་ཆགས་མེད་པས་ཡུན་རིང་པོར་དགེ་བ་དང་ཕྲད་པའི་སྐལ་བ་མེད་དེ་ངན་སོང་ན་འཁྱམ་པའོ། །ལམ་བཞི་ལ། མངོན་པར་ཤེས་པ་བུལ་ལ་དཀའ་བའི་ལམ་དང་། མངོན་པར་ཤེས་པ་མྱུར་ལ་དཀའ་བའི་ལམ་དང་།
མངོན་པར་ཤེས་པ་བུལ་ལ་སླ་བའི་ལམ་དང་། མངོན་པར་ཤེས་པ་མྱུར་ལ་སླ་བའི་ལམ་མོ། །དེ་ལ་བསམ་གཏན་དང་པོ་ལ་འཇུག་པར་བྱེད་པའི་མི་ལྕོགས་པ་མེད་པས་བསམ་གཏན་ཁྱད་པར་ཅན་ནི་ལྷག་མཐོང་གི་ཤས་ཆེ་སྟེ་དཀའ་བ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ནི་ཞི་
གནས་ཀྱི་ཤས་ཆེ་སྟེ་དཀའ་བས་དེ་དག་ལ་གང་ཟག་དབང་པོ་རྟུལ་པོ་ཞུགས་པ་ནི་མངོན་པར་ཤེས་པ་བུལ་ལ་དཀའ་བའི་ལམ་ཞེས་བྱའོ། །མི་ལྕོགས་པ་མེད་པ་དང་བསམ་གཏན་ཁྱད་པར་ཅན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་པོ་དེ་ལ་དབང་པོ་རྣོན་པོ་ཞུགས་ན་ནི་མངོན་པར་ཤེས་
Vol. 206 · folio 279b
པ་མྱུར་ལ་དཀའ་བའི་ལམ་ཞེས་བྱའོ། །བསམ་གཏན་བཞི་པོ་དེ་ལ་དབང་པོ་རྟུལ་པོ་ཞུགས་ན་ནི་མངོན་པར་ཤེས་པ་བུལ་ལ་སླ་བའི་ལམ་ཞེས་བྱའོ། །གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་པོ་དེ་ནི་ཞི་གནས་དང་ལྷག་མཐོང་གི་ཆ་མཉམ་པས་ན་དེ་ལ་དབང་པོ་རྣོན་པོ་ཞུགས་ན་ནི་མངོན་
པར་ཤེས་པ་མྱུར་ལ་སླ་བའི་ལམ་ཞེས་བྱའོ། །བསྲུང་བ་མེད་པ་བཞི་ལ་དེ་བཞིན་གཤེགས་པའི་སྐུའི་ཕྲིན་ལས་ཀྱི་སྤྱོད་པ་ཡོངས་སུ་དག་པ་སྟེ། སྐུའི་ཕྲིན་ལས་ཡོངས་སུ་མ་དག་པ་མེད་པ་ནི་སྐུའི་ཕྲིན་ལས་འགྲོ་སྡོད་འདུག་ཉལ་གང་ཅི་མཛད་པ་ཡང་སྲོག་གཅོད་པ་ལ་སོགས་པའི་ཉེས་དམིགས་
ཅུང་ཟད་ཀྱང་མི་འབྱུང་བས་གཞན་གྱིས་དཔྱས་ཤིང་སྨད་པའི་དོགས་པ་མི་མངའ་བའི་ཕྱིར་རོ། །དེ་བཞིན་གཤེགས་པའི་གསུང་གི་ཕྲིན་ལས་ཀྱི་སྤྱོད་པ་ཡོངས་སུ་དག་པ་སྟེ། གསུང་གི་ཕྲིན་ལས་ཡོངས་སུ་མ་དག་པ་མེད་པ་ནི་ངག་གི་ཉེས་པ་བརྫུན་ལ་སོགས་པ་བཞི་སྤངས་པས་དམ་པའི་ཆོས་
འཆད་པ་ལ་སོགས་པ་ན་ཚིག་གི་སྐྱོན་གཞན་གྱིས་དཔྱས་སུ་དོགས་པ་ཅུང་ཟད་ཀྱང་མི་མངའ་བའོ། །དེ་བཞིན་གཤེགས་པའི་ཐུགས་ཀྱི་ཕྲིན་ལས་ཀྱི་སྤྱོད་པ་ཡོངས་སུ་དག་པ་སྟེ། ཐུགས་ཀྱི་ཕྲིན་ལས་ཡོངས་སུ་མ་དག་པ་མེད་པ་ནི་ཡིད་ཀྱི་ཉེས་པ་གསུམ་སྤངས་པས་དམ་པའི་ཆོས་དང་སེམས་
ཅན་གྱི་དོན་ལ་དགོངས་པས་ན་གཞན་གྱིས་ཚོར་དུ་དོགས་པའི་འཁྲུལ་པ་མི་མངའ་བའོ། །དེ་བཞིན་གཤེགས་པའི་ཚོར་བ་ཡོངས་སུ་དག་པ་སྟེ། འཚོ་བ་ཡོངས་སུ་མ་དག་པ་མེད་པ་ནི་ཚུལ་འཆོས་ཤིང་སྒྱུ་གསོག་གིས་འཚོ་བ་སྤངས་ཤིང་ཤེས་རབ་ཀྱིས་ཆོས་བཞིན་དུ་འཚོ་བས་ན་གཞན་གྱིས་ཚོར་དུ་
དོགས་ཤིང་བཅབ་དགོས་པའི་སྐྱོན་མི་མངའ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ། མ་བསྟན་པའི་སྦྱིན་པ་ཅན་རྣམས། མ་བསྟན་པའི་ཚུལ་ཁྲིམས་ཅན་རྣམས། མ་བསྟན་པའི་བཟོད་པ་ཅན་རྣམས། མ་བསྟན་པའི་བརྩོན་འགྲུས་ཅན་རྣམས། མ་བསྟན་པའི་
བསམ་གཏན་ཅན་རྣམས། མ་བསྟན་པའི་ཤེས་རབ་ཅན་རྣམས་ཞེས་བྱ་བ་ལ། སོ་སོའི་སྐྱེ་བོ་རྣམས་ལ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རང་བཞིན་དང་། ཡོན་ཏན་དང་། འབྲས་བུ་རྣམས་དགེ་བའི་བཤེས་གཉེན་གྱིས་བསྟན་ཞིང་བསྐུལ་ན་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་གི། བྱང་ཆུབ་
Vol. 206 · folio 280a
སེམས་དཔའ་རྣམས་ནི་སྔོན་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་སྤྱོད་པའི་བག་ཆགས་དང་གོམས་པའི་ཤུགས་ཡོད་པས་གཏན་ཚིགས་ཀྱིས་མ་བསྟན་མ་བསྐུལ་ཀྱང་སྦྱིན་པ་ལ་སོགས་པ་ལ་རང་བཞིན་གྱིས་འཇུག་གོ་ཞེས་བྱ་བར་ཀུན་ལ་སྦྱར་རོ། །དེ་ལ་སྦྱིན་པའི་རང་བཞིན་ནི་ཕྱི་ནང་གི་
དངོས་པོ་གཞན་ལ་གཏོང་བའོ། །ཡོན་ཏན་ནི་བསོད་ནམས་སོགས་པའོ། །འབྲས་བུ་ནི་བདེ་འགྲོ་མཐོ་རིས་དང་སངས་རྒྱས་ཐོབ་པའོ། །ཚུལ་ཁྲིམས་ཀྱི་རང་བཞིན་ནི་སྡིག་པ་མི་དགེ་བ་ལ་མི་འཇུག་པའོ། །ཡོན་ཏན་ནི་བསོད་ནམས་འཕེལ་བའོ། །འབྲས་བུ་ནི་མྱ་ངན་ལས་འདའ་བ་དང་
བདེ་འགྲོར་སྐྱེ་བའོ། །བཟོད་པའི་རང་བཞིན་ནི་གཞན་གྱིས་གནོད་པ་བྱས་ཀྱང་སེམས་མི་ཁྲོ་བའོ། །ཡོན་ཏན་དང་འབྲས་བུ་ནི་གོང་མ་དང་འདྲ་སྟེ། ཁྱད་པར་དུ་ཆ་ལུགས་སྡུག་ཅིང་མཛེས་ལ་འཁོར་མང་དུ་འདུ་བའོ། །བརྩོན་འགྲུས་ཀྱི་རང་བཞིན་ནི་མི་དགེ་བ་སྤོང་ཞིང་དགེ་བ་སྒྲུབ་པའི་རྒྱུན་མི་གཅོད་
པའོ། །ཡོན་ཏན་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་སོགས་པའོ། །འབྲས་བུ་ནི་བསམ་པ་ཐམས་ཅད་མཐར་ཕྱིན་ཅིང་སངས་རྒྱས་སུ་འགྲུབ་པའོ། །བསམ་གཏན་གྱི་རང་བཞིན་ནི་དམིགས་པ་སེམས་རྩེ་གཅིག་པའོ། །ཡོན་ཏན་ནི་ཤེས་རབ་དང་ཡེ་ཤེས་ཀྱི་ཚོགས་སོགས་པའོ། །
འབྲས་བུ་ནི་ཚེ་རབས་ཐམས་ཅད་དུ་སེམས་བདེ་ཞིང་ལུས་ལ་ནད་མེད་པ་དང་མཐར་འཚང་རྒྱ་བའོ། །ཤེས་རབ་ཀྱི་རང་བཞིན་ནི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ལ་མཁས་པའོ། །ཡོན་ཏན་ནི་ཡེ་ཤེས་ཀྱི་ཚོགས་སོགས་པའོ། །འབྲས་བུ་ནི་ཚེ་རབས་ཐམས་ཅད་དུ་རིག་པའི་གནས་ཐམས་ཅད་
ལ་མཁས་ཤིང་འཚང་རྒྱ་བའོ། །བསྡུ་བའི་དངོས་པོས་སེམས་ཅན་རྣམས་སྡུད་པ་ཞེས་བྱ་བ་ལ། གང་ཟག་སེར་སྣ་ཅན་ནི་སྦྱིན་པས་བསྡུས་ཏེ་དགེ་བ་ལ་འགོད། ཞེ་སྡང་ཅན་ནི་བྱམས་པས་བསྡུས་ཏེ་དགེ་བ་ལ་འགོད། །ང་རྒྱལ་ཅན་ནི་སེམས་དང་མི་འགལ་བར་དོན་མཐུན་པས་བསྡུས། ལེ་ལོ་
ཅན་རྣམས་ནི་ལས་ཀྱི་གྲོགས་བྱས་ཏེ་དོན་སྤྱད་པས་བསྡུས་ནས་དགེ་བ་ལ་འཛུད་པའོ། །ཡོངས་སུ་བསྔོ་བའི་ཆོ་ག་ཤེས་པ་ནི་དགེ་བ་ཕྲན་ཚེགས་ཆུང་ངུ་ཡན་ཆད་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་བསྔོས་པས་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པར་འཕེལ་
Vol. 206 · folio 280b
བའོ། །ཐབས་མཁས་པས་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པའི་དབང་གིས་ཐེག་པ་མཆོག་གིས་འབྱུང་བ་སྟོན་པ་ཞེས་བྱ་བ་ལ་སྙིང་རྗེ་དང་ཤེས་རབ་ལྡན་པ་ནི་ཐབས་མཁས་པ་ཞེས་བྱའོ། །ཐེག་པ་ཆུང་ངུ་དང་དུས་དང་བག་ཆགས་དང་སྐལ་བ་ཐ་དད་པ་ནི་སེམས་ཅན་གྱི་སྤྱོད་པའི་དབང་ཞེས་བྱ་སྟེ།
ཤེས་རབ་ཀྱིས་སྐལ་བ་ཆེ་ཆུང་བརྟགས་ནས་ཡིད་དང་མཐུན་པར་སྔར་ཐེག་པ་གསུམ་ལ་བཀོད་དེ་མཇུག་ཏུ་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པ་ནི། ཐེག་པ་མཆོག་གིས་འབྱུང་བ་སྟོན་པ་ཞེས་བྱའོ། །ཐེག་པ་ཆེན་པོ་ལས་མ་ཉམས་པ་ནི་སྙིང་རྗེ་དང་ལྡན་པས་ཉན་ཐོས་ཀྱི་ཐེག་པ་མི་སྤྱོད་དེ་འཁོར་བ་
མི་གཏོང་ལ་ཤེས་རབ་དང་ལྡན་པས་འཁོར་བ་ན་གནས་ཀྱང་འཁོར་བའི་ཉེས་པས་མི་གོས་ཏེ་མི་གནས་པའི་མྱ་ངན་ལས་འདས་པ་ནི་ཐེག་པ་ཆེན་པོ་ལས་མ་ཉམས་པ་ཞེས་བྱའོ། །འཁོར་བ་དང་མྱ་ངན་ལས་འདས་པའི་སྒོ་སྟོན་པ་ནི་དགའ་ལྡན་གྱི་ཕོ་བྲང་ནས་འཆི་འཕོ་བ་དང་། ལྷུམས་སུ་
གཤེགས་ཤིང་བལྟམས་ནས་གཞོན་ནུ་རོལ་ཅིང་ཁབ་ན་བཞུགས་པའི་བར་དག་སྟོན་པ་ནི་འཁོར་བའི་སྒོ་སྟོན་པའོ། །ཁབ་ནས་འབྱུང་བ་དང་། དཀའ་བ་སྤྱད་དེ་བདུད་བཏུལ་ཞིང་འཚང་རྒྱ་བ་དང་སྐུ་ཚེ་འདས་པ་སྟོན་པ་ནི་མྱ་ངན་ལས་འདས་པའི་སྒོ་སྟོན་པའོ། །ཟུང་དང་སྣྲེལ་ཞིའི་རྒྱུད་ལ་
མཁས་པ་ནི་ཀུན་རྫོབ་ཀྱི་བདེན་པ་འབའ་ཞིག་འཆད་པ་འམ། ཡང་ན་དོན་དམ་པའི་བདེན་པ་འབའ་ཞིག་འཆད་པ་ནི་སྣྲེལ་ཞིའི་རྒྱུད་ལ་མཁས་པའོ། །དོན་དམ་པའི་བདེན་པ་དང་ཀུན་རྫོབ་ཀྱི་བདེན་པ་གཉིས་ཀ་ཕྲུགས་སུ་འཆད་པ་ནི་ཟུང་གི་རྒྱུ་ལ་མཁས་པའོ། །ཡང་ན་མེ་དང་ཆུ་གཉིས་ཀ་
འབྱིན་ནམ། གང་ཡང་རུང་བ་གཅིག་ལུས་ལས་འབྱིན་པའི་རྫུ་འཕྲུལ་ལྟ་བུ་ནུས་པ་ལ་ཡང་བྱའོ། །ཡེ་ཤེས་སྔོན་དུ་འགྲོ་བས་མངོན་པར་འདུ་མི་བྱེད་ཅིང་ཁ་ན་མ་ཐོ་བ་མེད་པར་ཚེ་རབས་ཐམས་ཅད་དུ་མངོན་པར་ཞུགས་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་ཐམས་
ཅད་ཡེ་ཤེས་སྔོན་དུ་འགྲོ་སྟེ། ཡེ་ཤེས་ཀྱིས་ཟིན་པས་སྡིག་པ་མི་བྱེད་ཅིང་དགེ་བ་ལ་འཇུག་པ་བཙལ་མི་དགོས་པར་འབྱུང་བས་མངོན་པར་འདུ་མི་བྱེད་པ་ཞེས་བྱ་བ་ལ། དེ་ལྟར་ཁ་ན་མ་ཐོ་བའི་ཉེས་པ་མེད་བཞིན་དུ་སེམས་ཅན་གྱི་དོན་དུ་འཁོར་བར་སྐྱེ་བ་ནི་ཚེ་རབས་ཐམས་ཅད་དུ་མངོན་པར་ཞུགས་པ་
Vol. 206 · folio 281a
ཞེས་བྱའོ། །ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་དགེ་བ་བཅུ་དང་ལྡན་པ་ནི་སྐྱེ་བོ་གཞན་ལྟར་དུས་འགའ་ཞིག་ཏུ་དགེ་བ་བྱས་པས་ཆོག་པར་འཛིན་ཞིང་གཏོང་བ་ལྟ་བུ་མ་ཡིན་གྱི། ནམ་སངས་རྒྱས་ཀྱི་བར་དུ་ལུས་དང་ངག་དང་ཡིད་གསུམ་གྱི་དགེ་བ་རྒྱུན་མི་གཅོད་པ་ནི་
ལས་ཀྱི་མཐའ་དགེ་བ་བཅུ་དང་ལྡན་པ་ཞེས་བྱའོ། །སྡུག་བསྔལ་གྱི་ཕུང་པོ་ཐམས་ཅད་ཟོས་པའི་ལུས་ལེན་པས། སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་མི་གཏོང་བ་ནི་སྡུག་བསྔལ་ཉམས་སུ་ལེན་པ་དང་། གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་གཉིས་ལས་སེམས་ཅན་གྱི་དོན་བྱེད་པ་ནི་གྲང་བ་
དང་ཚ་བ་དང་། བཀྲེས་ཤིང་སྐོམ་པ་དག་གི་གནོད་པ་བྱུང་ཡང་མི་གཏོང་བ་ནི་སྡུག་བསྔལ་ཉམས་སུ་ལེན་པའི་བཟོད་པའོ། །སེམས་ཅན་རྣམས་ཀྱིས་བརྡེགས་པ་ལ་སོགས་པའི་གནོད་པ་བྱས་ཀྱང་མི་འཁྲུག་ཅིང་སེམས་ཅན་གྱི་དོན་བྱེད་པ་མི་གཏོང་བ་ནི་གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་སྟེ། བཟོད་
པ་དེ་གཉིས་དང་ལྡན་པའི་ལུས་དང་འགྲོགས་པས་དུས་ཐམས་ཅད་དུ་གནོད་པ་བྱུང་ཡང་སེམས་ཅན་གྱི་དོན་མི་འདོར་བས་ན་སྡུག་བསྔལ་གྱི་ཕུང་པོ་ཐམས་ཅད་བཟོད་པའི་ལུས་ལེན་པས་སེམས་ཅན་གྱི་ཁམས་ཐམས་ཅད་མི་གཏོང་བ་ཞེས་བྱའོ། །འགྲོ་བ་ཐམས་ཅད་མངོན་པར་དགའ་བར་སྟོན་པ་ནི་བྱང་ཆུབ་
སེམས་དཔའ་རྣམས་ཀྱི་ལུས་དང་ངག་གི་སྤྱོད་ལམ་ཐམས་ཅད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལས་བྱུང་བ་ཡིན་པས་ལུས་མཐོང་ཡང་རུང་། སྨྲ་བའི་ཚིག་ཐོས་ཀྱང་རུང་། གང་གི་སྒོ་ནས་ཀྱང་སེམས་ཅན་རྣམས་དད་པ་དང་དགའ་བ་སྐྱེ་ཞིང་ཡིད་དང་མི་མཐུན་པ་མི་འབྱུང་བས་འགྲོ་བ་དགའ་བར་
སྟོན་པ་ཞེས་བྱའོ། །བྱིས་པ་དང་ཉན་ཐོས་ཀྱི་མི་བཟད་པ་ཇི་སྙེད་གཅིག་གི་ནང་ན་ཡང་དགེ་བ་མང་པོ་རིན་པོ་ཆེའི་ཤིང་དཔག་བསམ་ལྟར་བརྟན་པའི་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་མ་ཉམས་པ་ནི་སྐྱེ་བོ་རྣམས་ལ་ཤེས་རབ་མེད་པས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་བཅིངས་
ཤིང་། སྐྱེ་རྒ་ན་འཆི་ལ་སོགས་པའི་སྡུག་བསྔལ་གྱིས་རྒྱུན་དུ་གཙེས་པ་ནི་བྱིས་པའི་མི་བཟད་པའོ། །ཉོན་མོངས་པ་སྤངས་པའི་ཤེས་རབ་ཡོད་ན་ཡང་སྙིང་རྗེ་ཆེན་པོ་མེད་པས་སེམས་ཅན་ཐམས་ཅད་ཀྱི་དོན་བཏང་སྟེ། བདག་འབའ་ཞིག་མྱ་ངན་ལས་འདའ་བ་ནི་ཉན་ཐོས་ཀྱི་མི་བཟད་པ་སྟེ།
Vol. 206 · folio 281b
དེ་གཉིས་ཀྱི་ནང་ན་གནས་ཀྱང་ཐབས་དང་ཤེས་རབ་ཏུ་ལྡན་པས་དགེ་བ་མང་པོ་འཕེལ་བའི་རྒྱུ་བདག་དང་གཞན་གཉིས་ཀའི་དོན་རྒྱུན་མི་གཅོད་ཅིང་བྱང་ཆུབ་ཀྱི་སེམས་ཅུང་ཟད་ཀྱང་མི་གཏོང་བ་ནི་དགེ་བ་མང་པོ་རིན་པོ་ཆེའི་དཔག་བསམ་གྱི་ཤིང་ལྟར་བརྟན་པ་ནི་ཐམས་ཅད་མཁྱེན་པའི་སེམས་མ་ཉམས་པ་
ཞེས་བྱའོ། །ཆོས་ཐམས་ཅད་ཀྱི་ཐབས་སྦྱིན་པས་དབང་བསྐུར་བ་འཐོབ་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཆོས་བཙལ་བ་བསྟན་པ་ལས་མི་ལྡོག་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དང་། ཕྱི་ནང་གི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཇི་སྙེད་པ་ཐམས་ཅད་མངོན་སུམ་དུ་གྱུར་པས་ས་
བཅུ་པའི་དུས་ན་ནི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཏུ་དབང་བསྐུར་བ་མཛད་པས་ན་ས་བཅུའི་དུས་ན་ནི་ཆོས་ཐམས་ཅད་ཀྱི་ཐབས་སྦྱིན་པས་དབང་བསྐུར་བ་ཞེས་བྱའོ། །དེ་ལྟ་བུའི་གནས་འཐོབ་པར་བྱ་བའི་ཕྱིར་བདག་ཉིད་ཀྱང་སངས་རྒྱས་ཀྱི་ཆོས་ཉན་
པ་ལ་སོགས་པའི་སྒོ་ནས་ཚོལ་ཞིང་གཞན་ལ་བསྟན་ཞིང་བཤད་པའི་རྒྱུན་མི་གཅོད་པ་ནི་སངས་རྒྱས་ཀྱི་ཆོས་བཙལ་བ་བསྟན་པ་ལས་མི་ལྡོག་པ་ཞེས་བྱའོ། །མཆོག་ཏུ་དགའ་བ་སྔོན་དུ་འགྲོ་བའི་ཆོས་དགུ་ལ་ཞེས་བྱ་བ་ལ། རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ནི་མཆོག་ཏུ་
དགའ་བ་ཞེས་བྱའོ། །དེའི་སྔོན་དུ་འགྲོ་བ་ནི་དེ་ཐོབ་པའི་རྒྱུ་ལྟ་བུ་སྟེ། ལྷག་པའི་བསླབ་པ་གསུམ་བདེ་བླག་ཏུ་སྲུང་བ་ལ་བྱའོ། །དེ་ཡང་དགུ་སྟེ། རབ་ཏུ་དགའ་བ་ལས་དགའ་བ་སྐྱེ་བ་ཞེས་བྱ་བ་ལ། འདོད་ཆགས་དང་ཞེ་སྡང་གིས་སེམས་མ་དཀྲུགས་ཏེ་ལུས་ཀྱི་དགེ་བ་གསུམ་བདེ་བླག་ཏུ་
སྲུང་བ་ནི་རབ་ཏུ་དགའ་བ་ཞེས་བྱ་སྟེ། དགའ་བ་དེས་རྒྱུ་བྱས་ནས་ཡིད་ཀྱི་དགེ་བ་གསུམ་བདེ་བླག་ཏུ་སྲུང་ནུས་པ་ནི་དགའ་བ་སྐྱེ་བ་ཞེས་བྱའོ། །ཡིད་དགའ་བས་ལུས་ཤིན་ཏུ་སྦྱངས་པར་འགྱུར་རོ་ཞེས་བྱ་བ་ནི་ཡིད་དགའ་སྟེ། ཡིད་ཀྱི་དགེ་བ་གསུམ་བདེ་བླག་ཏུ་སྲུང་ནུས་ན་དེའི་རྒྱུ་ལས་ལུས་
ལས་སུ་རུང་སྟེ། ལྕི་ཞིང་མི་བདེ་བ་མེད་པར་འགྱུར་བས་ཡིད་དགའ་བས་ལུས་ཤིན་ཏུ་སྦྱངས་པར་འགྱུར་རོ་ཞེས་བྱའོ། །ལུས་ཤིན་ཏུ་སྦྱངས་པས་བདེ་བ་མྱོང་བར་འགྱུར་རོ་ཞེས་བྱའོ། །འདི་ཡན་ཆད་བཞིས་ནི་ལྷག་པའི་ཚུལ་ཁྲིམས་ལ་གནས་པ་བསྟན་ཏོ། །བདེ་བར་གྱུར་བའི་སེམས་
Vol. 206 · folio 282a
མཉམ་པར་འཇོག་གོ་ཞེས་བྱ་བ་ནི་སེམས་ལས་སུ་རུང་སྟེ་བདེ་བར་གྱུར་ན་དེའི་རྒྱུ་ལས་སྒོམ་པ་པོའི་རྒྱུད་ལ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེས་ནི་ལྷག་པའི་སེམས་ཀྱི་བསླབ་པ་བསྟན་ཏོ། །སེམས་མཉམ་པར་གཞག་
ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས། ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ངོ་ཞེས་བྱ་བ་ནི་དཔེར་ན་ཆུ་ཀླུང་ལ་སོགས་པ་མ་བསྙོགས་མ་བསྐྱོད་ན་བཞིན་གྱི་གཟུགས་བརྙན་ལ་སོགས་པ་གསལ་བར་སྣང་བ་དང་འདྲ་བར་སེམས་མཉམ་པར་གཞག་སྟེ། རྣམ་པར་རྟོག་པའི་རླུང་གིས་མ་བསྐྱོད་ན་
ལྷག་མཐོང་དང་། ཞི་གནས་ཟུང་དུ་འབྲེལ་ཏེ། བདེན་པ་བཞི་ལ་སོགས་པ་ཆོས་ཀྱི་མཚན་ཉིད་ལྷག་མཐོང་གིས་ཤེས་ཤིང་། ཞི་གནས་ཀྱིས་མཐོང་བ་ཕྱིན་ཅི་མ་ལོག་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་ཞེས་བྱའོ། །ཡང་དག་པ་ཇི་ལྟ་བ་བཞིན་
དུ་མཐོང་ན་སྐྱོ་བར་འགྱུར་རོ་ཞེས་བྱ་བ་ནི་བདེན་པ་བཞི་ལ་སོགས་པའི་མཚན་ཉིད་མ་ནོར་བར་མཐོང་ཞིང་ཤེས་པའི་སྒོ་ནས་སྡུག་བསྔལ་གྱི་བདེན་པར་གཏོགས་པ་འཁོར་བའི་ཉེས་དམིགས་མཐོང་ནས་འཁོར་བས་ཡིད་བྱུང་བ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ན་སྐྱོ་བར་འགྱུར་བའོ། །ཚིག་གོང་མ་འདི་
གཉིས་ཀྱིས་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་བསྟན་ཏོ། །སྐྱོན་འདོད་ཆགས་དང་བྲལ་བར་འགྱུར་རོ་ཞེས་བྱ་བ་ནི་དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ལ་སྐྱོ་བར་གྱུར་ན་སྡུག་བསྔལ་དེ་སྐྱེད་པར་བྱེད་པའི་རྒྱུ་ཀུན་འབྱུང་གི་བདེན་པར་གཏོགས་པ། ཁམས་གསུམ་གྱི་ཉོན་མོངས་པ་རྣམས་སྤོང་བར་བྱེད་པས་ན་སྐྱོན་
འདོད་ཆགས་དང་བྲལ་བར་འགྱུར་རོ་ཞེས་བྱའོ། །འདོད་ཆགས་དང་བྲལ་ན་རྣམ་པར་གྲོལ་བར་འགྱུར་རོ་ཞེས་བྱ་བ་ནི་དེ་ལྟར་ཁམས་གསུམ་གྱི་མཐོང་བསྒོམ་གྱི་ཉོན་མོངས་པ་སྤངས་ན་མྱ་ངན་ལས་འདས་པ་འགོག་པ་བདེན་པ་མངོན་སུམ་དུ་འགྱུར་བས་ན་འདོད་ཆགས་དང་བྲལ་ན་རྣམ་པར་གྲོལ་བར་འགྱུར་
རོ་ཞེས་བྱའོ། །གོང་མ་འདི་གཉིས་ཀྱིས་ནི་རྣམ་པར་གྲོལ་བའི་ཕུང་པོ་ཐོབ་པར་བསྟན་ཏོ། །རྣམ་པར་གྲོལ་བ་དག་བདག་རྣམ་པར་གྲོལ་བའོ་སྙམ་པའི་ཡེ་ཤེས་མཐོང་བ་འབྱུང་ངོ་ཞེས་བྱ་བ་ནི་དེ་ལྟར་མྱ་ངན་ལས་འདས་པ་ཐོབ་པའི་འོག་ཏུ་ཡེ་ཤེས་འདི་ལྟ་བུ་སྐྱེ་སྟེ། སྡུག་བསྔལ་ཤེས་པར་བྱ་བ་
Vol. 206 · folio 282b
ཤེས་པར་བྱས་ཟིན་པས་ད་ཤེས་པར་བྱ་མི་དགོས། ཀུན་འབྱུང་བ་སྤང་བར་བྱ་བ་སྤངས་ཟིན་པས་དེ་སྤང་མི་དགོས། འགོག་པ་མངོན་དུ་བྱ་བ་མངོན་དུ་བྱས་ཟིན་པས་ད་མངོན་དུ་བྱ་མི་དགོས། ལམ་བསྒོམ་པར་བྱ་བ་བསྒོམས་ཟིན་པས་ད་བསྒོམ་མི་དགོས་སོ་ཞེས་བྱ་བའི་ཡེ་ཤེས་བཞི་སྐྱེས་པ་ནི་
རྣམ་པར་གྲོལ་བ་ལ་བདག་རྣམ་པར་གྲོལ་བའོ་སྙམ་པའི་ཡེ་ཤེས་མཐོང་བ་འབྱུང་སྟེ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཐོབ་པ་ཞེས་བྱའོ། །སྤྱིར་ཚིག་དེ་དག་གིས་ཟག་པ་མེད་པའི་ཕུང་པོ་ལྔ་ཐོབ་པར་བསྟན་ཏོ། །ཟད་པར་གྱི་སྐྱེ་མཆེད་བཅུ་ལ། ཟད་པར་སྔོན་པོའི་སྐྱེ་མཆེད་
དང་། ཟད་པར་སེར་པོའི་སྐྱེ་མཆེད་དང་། ཟད་པར་དམར་པོའི་སྐྱེ་མཆེད་དང་། ཟད་པར་དཀར་པོའི་སྐྱེ་མཆེད་དང་། ཟད་པར་སའི་སྐྱེ་མཆེད་དང་། ཟད་པར་ཆུའི་སྐྱེ་མཆེད་དང་། ཟད་པར་མེའི་སྐྱེ་མཆེད་དང་། ཟད་པར་རླུང་གི་སྐྱེ་མཆེད་དང་། ཟད་པར་ནམ་མཁའི་སྐྱེ་མཆེད་དང་།
ཟད་པར་རྣམ་པར་ཤེས་པའི་སྐྱེ་མཆེད་དང་། ལ་ལ་ཟད་པར་སའོ་ཞེས་སྟེང་དང་འོག་དང་ཐད་ཀར་གཉིས་སུ་མེད་ཅིང་ཚད་མེད་པར་འདུ་ཤེས་སུ་བྱེད། ལ་ལ་ཟད་པར་ཆུ་དང་། མེ་དང་རླུང་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་དཀར་པོ་ཞེས་སྟེང་དང་འོག་དང་ཐད་ཀར་གཉིས་
སུ་མེད་ཅིང་ཚད་མེད་པར་འདུ་ཤེས་སུ་བྱེད་པའོ་ཞེས་བྱ་བ་ནི་བསམ་གཏན་གྱི་སེམས་ལ་དབང་ཐོབ་པའི་རྣལ་འབྱོར་བས་ཇི་ལྟར་འདོད་པ་བཞིན་དུ་འབྱུང་བ་ཆེན་པོ་བཞི་དང་ཁ་དོག་བཞི་སྟེ་བརྒྱད། ནམ་མཁའ་དང་དགུ། རྣམ་པར་ཤེས་པ་དང་བཅུ་པོ་དེ་དག་གང་ཡང་རུང་བ་གཅིག་ལ་བསམས་ཏེ།
ཕྱོགས་མཚམས་བླ་འོག་ཐམས་ཅད་མེ་ཕུང་དུ་བསྒྱུར་བ་དེ་བཞིན་དུ་མེའི་ཕུང་པོ་ཁོ་ནར་འགྱུར་རོ། །དེ་བཞིན་དུ་ཁ་དོག་ལ་སོགས་པ་བཅུ་ཆར་ལ་ཡང་ཇི་ལྟར་བསྒྱུར་བ་བཞིན་དུ་འགྱུར་བའི་རང་དབང་ཐོབ་པ་ནི། ཟད་པར་གྱི་སྐྱེ་མཆེད་བཅུ་ཞེས་བྱ་སྟེ། རེ་རེ་ལ་ཡང་དེ་བཞིན་དུ་སྦྱར་རོ། །ཟད་པར་
སའོ་ཞེས་སྟེང་དང་འོག་དང་ཐད་ཀར་གཉིས་སུ་མེད་ཅིང་ཚད་མེད་པར་འདུ་ཤེས་སུ་བྱེད་ཅེས་བྱ་བ་ནི་ས་འམ་ཆུ་ལ་སོགས་པ་གང་ཡང་རུང་བ་གཅིག་བསྒྱུར་བའི་དུས་ན་དེ་ལས་གཞན་པའི་བྱེ་བྲག་ཐ་དད་པ་མེད་པས་གཉིས་སུ་མེད་ཅེས་བྱའོ། །ས་ཁྱོན་འདི་ཕན་ཆད་དང་ཚུན་ཆད་ཅེས་བྱེ་བྲག་དབྱེར་མེད་
Vol. 206 · folio 283a
པས་ཚད་མེད་ཅེས་བྱའོ། །ཐམས་ཅད་ཀྱང་ས་སྣ་དག་གིས་གང་ངོ་སྙམ་པ་ལ་སོགས་པར་གང་ཡང་རུང་བ་གཅིག་ཁོ་ན་ལ་དམིགས་པ་ནི་འདུ་ཤེས་སུ་བྱེད་པ་ཞེས་བྱ་སྟེ། གཞན་ལ་ཡང་རེ་རེ་ཞིང་དེ་བཞིན་དུ་སྦྱར་རོ། །མི་སྡུག་པ་བསྒོམ་པ་དགུ་ལ་རྣམ་པར་བསྔོས་པའི་འདུ་
ཤེས་ནི་མི་རོ་ལྟ་བུ་པགས་པའི་ཕྱི་རོལ་མདོག་སྔོན་པོར་གྱུར་པའོ། །རྣམ་པར་རྣགས་པའི་འདུ་ཤེས་ནི་པགས་པའི་ནང་ཅི་འདྲ་བ་བརྟགས་ན་རྣག་དང་ཁྲག་དང་། ཆུ་སེར་དང་། བད་ཀན་དང་ཀླད་རྒྱས་ལྟ་བུས་གང་བར་གྱུར་པའོ། །རྣམ་པར་འབུས་བཤིག་པའི་འདུ་ཤེས་ནི་ནང་དུ་སྦྲང་མ་སོང་ནས་
འབུ་ཞུགས་པའོ། །རྣམ་པར་བམ་པའི་འདུ་ཤེས་ནི་ཕྱི་ནང་ཐམས་ཅད་རུལ་པའོ། །རྣམ་པར་དམར་བའི་འདུ་ཤེས་ནི་བྱ་ཁྱི་དང་ཝ་སྤྱང་གིས་རྨ་བཏོད་ཅིང་ནང་གི་ཤ་ཁྲག་ལ་སོགས་པ་ཕྱི་རོལ་དུ་སྣང་བའོ། །རྣམ་པར་ཟོས་པའི་འདུ་ཤེས་ནི་བྱ་ཁྱི་ཝ་སྤྱང་ལ་སོགས་པས་ཟོས་པའོ། །རྣམ་
པར་འཐོར་བའི་འདུ་ཤེས་ནི་གཟུགས་བཞི་དང་རུས་ཚིགས་སོ་སོར་གྱེས་པའོ། །རྣམ་པར་ཚིག་པའི་འདུ་ཤེས་ནི་རུས་པ་ལ་ཤ་དང་ཆུ་བ་ར་རི་དང་བཅས་པ་ཉི་མ་དང་ལྷགས་པས་བསྐམས་ཤིང་གདུངས་པའོ། །རུས་གོང་གི་འདུ་ཤེས་ནི་རུས་པ་དུང་གི་མདོག་ལྟར་དཀར་པོར་གྱུར་པའོ། །དེ་
དག་གི་ལུས་ལ་འདོད་ཆགས་པའི་གཉེན་པོར་བསྟན་པའོ། །དབང་པོ་ཉི་ཤུ་རྩ་གཉིས་ལ། མིག་གི་དབང་པོ་དང་། རྣ་བའི་དབང་པོ་དང་། སྣའི་དབང་པོ་དང་། ལྕེའི་དབང་པོ་དང་། ལུས་ཀྱི་དབང་པོ་དང་། ཡིད་ཀྱི་དབང་པོ་དང་། ཕོའི་དབང་པོ་དང་། མོའི་དབང་པོ་དང་། སྡུག་
བསྔལ་གྱི་དབང་པོ་དང་། བདེ་བའི་དབང་པོ་དང་། ཡིད་བདེ་བའི་དབང་པོ་དང་། ཡིད་མི་བདེ་བའི་དབང་པོ་དང་། བཏང་སྙོམས་ཀྱི་དབང་པོ་དང་། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་
དབང་པོ་དང་། མི་ཤེས་པ་ཀུན་ཤེས་པའི་དབང་པོ་དང་། ཀུན་ཤེས་པའི་དབང་པོ་དང་། ཀུན་ཤེས་པ་དང་ལྡན་པའི་དབང་པོ་དང་། སྲོག་གི་དབང་པོའོ། །ཉི་ཤུ་རྩ་གཉིས་པོ་དེ་དག་ཀྱང་རྣམ་པ་ལྔར་བསྡུ་སྟེ། སེམས་ཀྱི་རྟེན་དང་། དེར་རྣམ་པར་རྟོག་པ་དང་། ཀུན་ནས་ཉོན་མོངས་
Vol. 206 · folio 283b
པ་དང་། རྣམ་པར་བྱང་བའི་ཚོགས་དང་། རྣམ་པར་བྱང་བའོ། །དེ་ལ་མིག་ནས་ཡིད་ཀྱི་བར་དྲུག་དང་། སྲོག་གི་དབང་པོ་ནི་སེམས་ཀྱི་རྟེན་ཏོ། །སྐྱེས་པ་དང་བུད་མེད་ཀྱི་དབང་པོ་ནི་དེར་རྣམ་པར་རྟོག་པ་སྟེ། སྐྱེས་པའོ་བུད་མེད་དོ་ཞེས་གཞན་གྱིས་དེ་ལ་རྟོག་གོ། །བདེ་བ་དང་ཡིད་བདེ་བ་ནི་འདོད་
ཆགས་བསྐྱེད། སྡུག་བསྔལ་དང་ཡིད་མི་བདེ་བ་ནི་ཞེ་སྡང་བསྐྱེད། བཏང་སྙོམས་ནི་གཏི་མུག་བསྐྱེད་པས་ཀུན་ནས་ཉོན་མོངས་པའོ། །དད་པ་ལ་སོགས་པའི་དབང་པོ་ལྔ་ནི་མྱ་ངན་ལས་འདས་པའི་རྒྱུ་བྱེད་པས་རྣམ་པར་བྱང་བའི་ཚོགས་སོ། །མི་ཤེས་པ་ཀུན་ཤེས་པ་ལ་སོགས་པ་གསུམ་ནི་རྣམ་པར་
བྱང་བའོ། །དེ་ལ་མིག་གི་དབང་པོ་ནི་ཟར་མ་ཁ་བྱེ་བ་འདྲའོ། །རྣ་བ་ནི་གྲོ་བ་གཅུས་པ་འདྲའོ། །སྣ་ནི་མོ་ཁབ་གཤིགས་པ་འདྲའོ། །ལྕེ་ནི་ཟླ་བ་བཀས་པ་འདྲའོ། །ལུས་ནི་སེན་མོ་ཁྲབ་གྱོན་པ་འདྲའོ། །ཡིད་ཀྱི་དབང་པོ་ནི་རྣམ་པར་ཤེས་པ་དྲུག་འདས་མ་ཐག་པའོ། །ཕོའི་ནི་མཐེ་བོང་
འདྲའོ། །མོའི་ནི་རྔའི་ཁོག་པ་འདྲའོ། །སྡུག་བསྔལ་གྱི་ནི་རྣམ་པར་ཤེས་པ་དང་དབང་པོར་བཅས་པའི་ལུས་མི་བདེ་བ་མྱོང་བའོ། །བདེ་བ་ནི་རྣམ་པར་ཤེས་པ་དང་དབང་པོར་བཅས་པའི་ལུས་ལ་སིམ་པ་མྱོང་བའོ། །ཡིད་བདེ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལ་དགའ་བ་མྱོང་བའོ། །ཡིད་
མི་བདེ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལ་གདུང་བ་སྐྱེས་པའོ། །བཏང་སྙོམས་ཀྱི་དབང་པོ་ནི་ལུས་དང་སེམས་གཉིས་ཀ་ལ་ལྷག་པར་བདེ་བ་ཡང་མ་བྱུང་སྡུག་བསྔལ་ཡང་མ་སྐྱེས་པའོ། །དད་པའི་དབང་པོ་ནི་ལས་དང་འབྲས་བུ་དང་བདེ་བ་དང་དཀོན་མཆོག་ལ་ཡོད་པ་དང་ཡོན་ཏན་ཅན་ཡིན་པར་ཡིད་
ཆེས་ཤིང་སེམས་དང་བའོ། །བརྩོན་འགྲུས་ཀྱི་དབང་པོ་ནི་ཉན་པ་དང་སེམས་པ་དང་བསྒོམ་པ་ལ་སོགས་པ་དེ་དགེ་བའི་ཕྱོགས་རྒྱུན་མི་གཅོད་པའོ། །དྲན་པའི་དབང་པོ་ནི་ཆོས་ཀྱི་མཚན་ཉིད་མཉན་ཞིང་ཐོས་པའི་ཚིག་དང་དོན་བསྐལ་པར་ཡང་མི་བརྗེད་པའོ། །ཏིང་ངེ་འཛིན་གྱི་དབང་པོ་ནི་བསྒོམ་
པའི་ཡུལ་ལ་སེམས་རྩེ་གཅིག་ཏུ་གནས་པ་ལས་མི་ཉམས་པའོ། །ཤེས་རབ་ཀྱི་དབང་པོ་ནི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་མ་ནོར་བར་ཤེས་པའོ། །མི་ཤེས་པ་ཀུན་ཤེས་པའི་དབང་པོ་ནི་མཐོང་བས་སྤང་བའི་ཉོན་མོངས་པ་སྤོང་བ་ན་དད་པའི་དབང་པོ་ནས། ཤེས་རབ་ཀྱི་དབང་པོའི་བར་
Vol. 206 · folio 284a
དུ་དབང་པོ་ལྔ་དང་བདེ་བའི་དབང་པོ་དང་ཡིད་བདེ་བ་དང་། བཏང་སྙོམས་དང་། ཡིད་ཀྱི་དབང་པོ་བཞི་སྟེ། དབང་པོ་དགུ་པོ་དེ་དག་གིས་མཐོང་བས་སྤང་བའི་ཉོན་མོངས་པ་སྤངས་ནས་སྔོན་མི་ཤེས་པ་ཀུན་ཤེས་པར་གྱུར་བའོ། །ཀུན་ཤེས་པའི་དབང་པོ་ནི་བསྒོམ་པས་སྤོང་
བའི་ཉོན་མོངས་པ་སྤོང་བའི་དུས་ན་དབང་པོ་དགུ་པོ་དེ་དག་ཉིད་ཀྱིས་མི་མཐུན་པ་དང་གཉེན་པོའི་ཕྱོགས་གསལ་བར་བྱེ་བྲག་ཕྱེད་པའོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོ་ནི་དགྲ་བཅོམ་པ་ཐོབ་པའི་དུས་ན་དབང་པོ་དགུ་པོ་དེ་དག་ཉིད་མཐོང་བསྒོམ་གྱི་ཉོན་མོངས་པ་མ་ལུས་པར་སྤངས་ཏེ་ཟད་ལ་མི་སྐྱེ་
བའི་ཡེ་ཤེས་དང་ལྡན་པ་ལ་བྱའོ། །སྲོག་གི་དབང་པོ་ནི་ཇི་སྲིད་མ་ཤིའི་བར་དུ་ཚེ་དང་སྲོག་འཛིན་པའོ། །བསོད་ནམས་བྱ་བའི་དངོས་པོ་ལ་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། བསྒོམ་པ་ལས་བྱུང་
བའི་བསོད་ནམས་བྱ་བའི་དངོས་པོ་དང་། རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོའོ་ཞེས་བྱ་བ་ནི་དོན་དུ་ལོངས་སྤྱོད་ཕུན་སུམ་ཚོགས་པའི་རྒྱུ་དང་། བདེ་འགྲོར་སྐྱེ་བའི་རྒྱུ་དང་། ངན་འགྲོ་དང་བདེ་འགྲོ་ཟློག་པར་བྱེད་པའི་རྒྱུ་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ལ་སྦྱིན་པ་དང་རྫས་ལས་
བྱུང་བ་གཉིས་ནི་ལོངས་སྤྱོད་ཀྱི་རྒྱུའོ། །ཚུལ་ཁྲིམས་ནི་བདེ་འགྲོའི་རྒྱུའོ། །བསྒོམ་པ་ནི་ངན་འགྲོ་དང་བདེ་འགྲོ་གཉིས་ལས་ཟློག་པའི་རྒྱུའོ། །དེ་ལ་སྦྱིན་པ་གང་གིས་ཤེ་ན། སྦྱིན་པའི་བདག་པོ་དེས་སོ། །གང་ལ་ཞེ་ན་ཕོངས་པའི་སེམས་ཅན་རྣམས་ལའོ། །གང་སྦྱིན་ཞེ་ན། བཟའ་
བ་དང་བགོ་བ་ལ་སོགས་པའི་ཡོ་བྱད་སྣ་སྣ་ནས་ཅི་མཁོ་བ་རྣམས་སྦྱིན་པ་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཞེས་བྱའོ། །ཚུལ་ཁྲིམས་ནི་གང་གིས་གང་གི་ཕྱིར་གང་སྲུང་ཞེ་ན། དད་པ་དང་ལྡན་པའི་གང་ཟག་གིས། ཚེ་འདིར་བདག་དང་གཞན་ལ་མི་གནོད་པར་བྱ་བའི་ཕྱིར་བསླབ་པ་
ལྔ་དང་བཅུ་དང་། ཉིས་བརྒྱ་ལྔ་བཅུ་ལ་སོགས་པ་སྲུང་བ་ནི་ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཞེས་བྱའོ། །བསྒོམ་པ་ནི་གང་གིས་གང་གི་ཕྱིར་གང་བསྒོམ་ཞེ་ན། རྣལ་འབྱོར་ལ་དགའ་བའི་གང་ཟག་གིས། ཉོན་མོངས་པའི་དྲི་མ་དག་པར་བྱ་བའི་ཕྱིར་ཚད་མེད་པ་བཞི་དང་
Vol. 206 · folio 284b
རྣམ་པར་ཐར་པའི་སྒོ་གསུམ་ལ་སོགས་པ་བསྒོམ་པ་ནི། བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཞེས་བྱའོ། །རྫས་ལས་བྱུང་བ་ནི་གང་གིས་གང་ལ་གང་ཕུལ་ཞེ་ན། དད་པའི་ཁྱིམ་བདག་དང་། བྲམ་ཟེ་ལ་སོགས་པས་དཀོན་མཆོག་གསུམ་ལ། གཙུག་ལག་ཁང་དང་། གནས་
ཁང་དང་། སྐྱེད་མོས་ཚལ་དང་། ཞལ་ཟས་དང་། ན་བཟའ་དང་། སྨན་ལ་སོགས་པའི་ཡོ་བྱད་སྣ་ཚོགས་ཕུལ་བ་ནི། རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཞེས་བྱའོ། །བྱིན་གྱི་རླབས་བཞི་ལ། བདེན་པའི་བྱིན་གྱི་རླབས་དང་། གཏོང་བའི་བྱིན་གྱི་རླབས་དང་། ཉེ་བར་ཞི་བའི་བྱིན་
གྱི་རླབས་དང་། ཤེས་རབ་ཀྱི་བྱིན་གྱི་རླབས་སོ་ཞེས་བྱ་བ་ནི་འཕགས་པའི་ལམ་ཆོས་ཀྱི་དོན་གང་ཡིན་པ་ལ་གནས་པའི་དབང་ཐོབ་ཅིང་མཐུ་ཡོད་པ་ནི་བྱིན་གྱི་རླབས་ཞེས་བྱའོ། །དེ་ལ་སྡུག་བསྔལ་གྱི་བདེན་པ་ཤེས་པར་བྱ་བ་ཤེས་པར་བྱས་ཟིན་པ་ནི་བདེན་པའི་བྱིན་གྱི་རླབས་སོ། །ཀུན་འབྱུང་གི་བདེན་
པ་སྤང་བར་བྱ་བར་སྤངས་ཟིན་པ་ནི་གཏོང་བའི་བྱིན་གྱི་རླབས་སོ། །འགོག་པའི་བདེན་པ་དག་མངོན་དུ་བྱ་བ་མངོན་དུ་བྱས་ཟིན་པ་ནི་ཉེ་བར་ཞི་བའི་བྱིན་གྱི་རླབས་སོ། །ལམ་གྱི་བདེན་པ་བསྒོམ་པར་བྱ་བ་བསྒོམས་ཟིན་པ་ནི་ཤེས་རབ་ཀྱི་བྱིན་གྱི་རླབས་སོ། །རྒྱུ་དྲུག་ལ། བྱེད་རྒྱུ་དང་། ལྷན་ཅིག་
འབྱུང་བའི་རྒྱུ་དང་། མཚུངས་པར་ལྡན་པའི་རྒྱུ་དང་། སྐལ་བ་མཉམ་པའི་རྒྱུ་དང་། ཀུན་དུ་འགྲོ་བའི་རྒྱུ་དང་། རྣམ་པར་སྨིན་པའི་རྒྱུའོ་ཞེས་བྱ་བ་ནི། ས་ཆུ་མེ་རླུང་ལྟ་བུ་གཅིག་གི་ནང་ན་ཡང་བཞི་ཆར་ཚང་བར་ཡོད་དེ་གཅིག་གི་རྒྱུ་གཅིག་གིས་བྱས་ནས་ཕན་ཚུན་གཅིག་ལ་གཅིག་བརྟེན་ཏེ་མགོ་མཉམ་
དུ་འབྱུང་བ་ནི་དཔེར་ན་མི་གཅིག་པུས་འཇིག་པར་འགྲོ་མི་ནུས་ཀྱི། མི་དུ་མ་བསྡོངས་ཏེ་དོང་ན་འཇིགས་པ་ལས་གཅིག་གིས་གཅིག་གྲོགས་བྱས་ནས་ཐར་པ་ལྟ་བུ་ནི་ལྷན་ཅིག་འབྱུང་བའི་རྒྱུ་ཞེས་བྱའོ། །སེམས་དང་སེམས་ལས་བྱུང་བ་རྣམས་ཡུལ་ལ་འཇུག་ཅིང་གཅོད་པ་ན་གཅིག་པུས་འཇུག་ཅིང་གཅོད་
མི་ནུས་ཀྱི། སེམས་དང་སེམས་ལས་བྱུང་བ་དུ་མ་གཅིག་གི་རྒྱུ་གཅིག་གིས་ཕན་ཚུན་དུ་གྲོགས་བྱས་ནས་མགོ་མཉམ་དུ་འབྱུང་བ་སྟེ། དཔེར་ན་གོང་མ་ནི་འཇིག་གྲོགས་ཉི་ཚེ་ཙམ་བྱས་པར་ཟད་ཀྱི། འདི་ནི་གྲོགས་ཀྱང་བྱས་ལ། འགྲོ་མ་ནུས་ན་ཡང་འདུག་མི་གནང་བར་རྒྱགས་མཐུད་ཀྱང་བྱས་ཏེ་
Vol. 206 · folio 285a
ཁྲིད་པ་དང་འདྲ་བར་འབྱུང་བ་ནི་མཚུངས་པར་ལྡན་པའི་རྒྱུ་ཞེས་བྱའོ། །སེམས་དགེ་བ་ཞིག་སྐྱེས་ན་སེམས་ལས་བྱུང་བ་ཡང་དགེ་བར་སྐྱེ། སེམས་མི་དགེ་བ་ཞིག་བྱུང་ན་སེམས་ལས་བྱུང་བ་ཡང་མི་དགེ་བར་འབྱུང་སྟེ། སེམས་ཇི་ལྟར་སྐྱེས་པ་དང་མཐུན་པར་སེམས་
ལས་བྱུང་བ་ཡང་དེ་ལྟར་འབྱུང་བ་ནི་སྐལ་བ་མཉམ་པའི་རྒྱུ་ཞེས་བྱའོ། །འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་སྟེ། གནས་དེ་དགུར་སྔར་སྐྱེས་པ་ནི་ཕྱིས་ཉོན་མོངས་པ་ཅན་གྱི་ཆོས་སྐྱེ་བར་འགྱུར་བས་ན་ཀུན་དུ་
འགྲོ་བའི་རྒྱུ་ཞེས་བྱའོ། །ལས་དགེ་བའི་རྒྱུས་མཐོ་རིས་སུ་སྐྱེ་ལ། ལས་མི་དགེ་བའི་རྒྱུས་ངན་སོང་དུ་སྐྱེ་ཞིང་ལུས་བཟང་ངན་དུ་སྐྱེ་བ་ནི་རྣམ་པར་སྨིན་པའི་རྒྱུ་ཞེས་བྱའོ། །ཆོས་གང་ཅི་ཡང་རུང་སྟེ་སྐྱེ་བ་ལ་མི་སྒྲིབ་ཅིང་གེགས་མི་བྱེད་པ་སྟེ། དཔེར་ན་མྱུ་གུ་སྐྱེ་བ་ལ་གཞན་གྱིས་གེགས་མ་བྱས་ན་དེ་
ཉིད་གེགས་མི་བྱེད་པའི་ཕྱིར་བྱེད་པའི་རྒྱུ་ཞེས་བཏགས་སོ། །རྐྱེན་བཞི་ལ། རྒྱུའི་རྐྱེན་དང་། བདག་པོའི་རྐྱེན་དང་། དེ་མ་ཐག་པའི་རྐྱེན་དང་། དམིགས་པའི་རྐྱེན་ནོ་ཞེས་བྱ་བ་ལ་ཀུན་གཞི་རྣམ་པར་ཤེས་པ་ནི་རྒྱུ་ཡང་བྱེད་རྐྱེན་དུ་ཡང་བྱེད་པས་རྒྱུ་རྐྱེན་ནོ། །མིག་ལ་སོགས་པའི་དབང་པོ་
ལྔ་ནི་རང་རང་གི་རྣམ་པར་ཤེས་པ་སྐྱེད་པའི་བདག་པོ་བྱེད་པས་བདག་པོའི་རྐྱེན་ནོ། །ཡིད་ཀྱི་དབང་པོ་འགགས་མ་ཐག་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་བསྐྱོད་པས་དེ་མ་ཐག་པའི་རྐྱེན་ནོ། །གཟུགས་དང་སྒྲ་ལ་སོགས་པ་ཕྱིའི་ཡུལ་དྲུག་ནི་རྣམ་པར་ཤེས་པའི་དམིགས་པའི་རྐྱེན་ནོ། །འབྲས་
བུ་ལྔ་ལ། རྒྱུ་མཐུན་པའི་འབྲས་བུ་དང་། བདག་པོའི་འབྲས་བུ་དང་། སྐྱེས་བུ་བྱེད་པའི་འབྲས་བུ་དང་། རྣམ་པར་སྨིན་པའི་འབྲས་བུ་དང་། བྲལ་བའི་འབྲས་བུའོ་ཞེས་བྱ་བ་ལ། ཚེ་སྔ་མ་ལ་དགེ་བ་བྱེད་བྱེད་ན། ཚེ་འདིར་ཡང་དགེ་བ་བྱེད་འདོད་ལ། ཚེ་སྔ་མ་ལ་སྡིག་པ་བྱེད་བྱེད་ན། ཚེ་འདིར་ཡང་
སྡིག་པའི་ལས་བྱེད་འདོད་པ་ནི་རྒྱུ་མཐུན་པའི་འབྲས་བུའོ། །ཚེ་རབས་སྔ་མ་ལ་སྡིག་པ་མི་དགེ་བ་བྱས་པས་ཚེ་འདིར་ཡང་ཡུལ་ཁམས་ངན་པར་སྐྱེས་པ་དང་། དགེ་བ་བྱས་པས་ཡུལ་བཟང་པོར་སྐྱེས་ཏེ། ཡུལ་བཟང་ངན་གྱི་བདག་པོར་སྐྱེ་བ་ནི་བདག་པོའི་འབྲས་བུའོ། །ཞིང་ལ་སོ་ནམ་བྱས་པས་ནས་མང་དུ་
Vol. 206 · folio 285b
རྙེད། ཚོང་བྱས་པས་ཟོང་མང་དུ་རྙེད། རྫིའུ་བྱས་པས་ཕྱུགས་མང་དུ་རྙེད་པ་ལྟ་བུ་ནི་སྐྱེས་བུ་བྱེད་པའི་འབྲས་བུའོ། །སྦྱིན་པ་བྱས་པས་ཕྱུག་པོར་འགྱུར་བ་དང་། རྐུ་འཕྲོག་བྱས་པས་དབུལ་པོར་འགྱུར་བ་དང་། གསོད་རྐྱེན་དང་བརྡེག་བཙོག་བྱས་པས་ཚེ་ཐུང་ཞིང་ནད་མང་བར་འགྱུར་བ་ལ་སོགས་པ་ནི་
རྣམ་པར་སྨིན་པའི་འབྲས་བུའོ། །འཕགས་པའི་ལམ་བསྒོམས་ནས་ཉོན་མོངས་པ་སྤངས་པ་ནི་བྲལ་བའི་འབྲས་བུའོ། །ཆོས་ཡང་དག་པར་ལེན་པ་བཞི་ལ་ད་ལྟར་བྱུང་བ་ལ་བདེ་ལ་ཕྱི་མ་ལ་རྣམ་པར་སྨིན་པ་སྡུག་བསྔལ་བ་ནི་ཚེ་སྔ་མ་ལ་གོམས་པའི་ཤུགས་ཀྱིས་རི་དགས་འཆོར་དུ་བཅུག་ན་དཀའ་བ་
མེད་དེ་སྐྱིད་ཅིང་དགའ་བ་བཞིན་དུ་འཆོར་ནུས་ལ། རྒྱུ་དེས་ཚེ་ཕྱི་མ་ལ་ངན་སོང་གསུམ་དུ་སྐྱེ་བ་ལ་བྱའོ། །ད་ལྟར་བྱུང་བ་ལ་སྡུག་བསྔལ་ལ་ཕྱི་མ་ལ་རྣམ་པར་སྨིན་པ་བདེ་བ་ནི་ཚེ་སྔ་མ་ལ་གོམས་པ་མེད་པས་དགེ་བའི་ཕྱོགས་ལ་དཀའ་ཐུབ་སྣ་ཚོགས་མི་ནུས་ཤིང་དཀའ་བཞིན་དུ་བྱེད་དེ། སྡུག་བསྔལ་ཆེ་ཡང་
ཚེ་ཕྱི་མར་མཐོ་རིས་དང་ཐར་པའི་གནས་སུ་སྐྱེ་བ་ལ་བྱའོ། །ད་ལྟར་བྱུང་བ་ལ་ཡང་སྡུག་བསྔལ་ལ་ཕྱི་མ་ལ་རྣམ་པར་སྨིན་པ་ཡང་སྡུག་བསྔལ་བ་ནི་ཚེ་སྔ་མ་ལ་གོམས་པ་མེད་པར་རི་དགས་འཆོར་དུ་བཅུག་པ་ལྟ་བུ་ཉམས་ཀྱིས་མི་ལྕོགས་ཏེ། འཕྲལ་དུ་ཡང་མི་ནུས་ཤིང་མི་བདེ་ལ་ཚེ་ཕྱི་མར་ཡང་ངན་སོང་གསུམ་དུ་
སྐྱེ་བ་ལ་བྱའོ། །ད་ལྟར་བྱུང་བ་ལ་ཡང་བདེ་ལ་ཕྱི་མ་ལ་ཡང་རྣམ་པར་སྨིན་པ་བདེ་བ་ནི་བསམ་གཏན་ལ་གནས་པ་དག་ད་ལྟར་ཡང་ལུས་དང་སེམས་བདེ་ལ། དེའི་འབྲས་བུ་ཡང་མཐོ་རིས་དང་མྱ་ངན་ལས་འདས་པ་ཐོབ་པ་ལ་བྱའོ། །སྡུག་བསྔལ་བརྒྱད་ལ། སྐྱེ་བའི་སྡུག་བསྔལ་ནི་ཁམས་གསུམ་དུ་སྐྱེ་
བའི་ཕུང་པོ་གྲུབ་ན་སྡུག་བསྔལ་གསུམ་དང་བརྒྱད་ཀྱི་གཞི་ལྟ་བུར་གྱུར་ཏེ། སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་གྱིས་ཁྱབ་པའི་ཕྱིར་སྐྱེ་བའི་སྡུག་བསྔལ་ཞེས་བྱའོ། །ལང་ཚོ་གཞོན་ནུ་མཐུ་རྩལ་དང་སྟོབས་དང་བྱད་བཞིན་གྱི་ཁ་དོག་དང་དབྱིབས་རྣམས་
གཞོན་ནུ་ལས་ཉམས་ཏེ་སྐྲ་དཀར་དང་གཉེར་མས་གང་ཞིང་བརྩོན་འགྲུས་དང་བློ་གྲོས་ལ་སོགས་པ་མེད་པར་གྱུར་བ་ནི། རྒས་པའི་སྡུག་བསྔལ་ཞེས་བྱའོ། །ལུས་ལ་བད་ཀན་དང་ཆུ་སེར་རམ་མཛེ་དང་ཤུ་བ་དང་རིམས་ཀྱིས་བཏབ་པ་དང་བདག་གི་འཁོར་གཉེན་བཤེས་དང་ནོར་རྫས་ལ་སོགས་པ་ལ་དམིགས་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words