No title in the text — opening words: མིག་འབྱེད་མཐོང་བ་དོན་ལྡན་བཞུགས་སོ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 211 · folio 360b
༄། །མིག་འབྱེད་མཐོང་བ་དོན་ལྡན་བཞུགས་སོ། །༄༅༅། །རྒྱ་གར་ཤཱ་ཛང་གི་སྨན་པ་ཡུལ་བ་རི་པུ་ར་ནས་འོངས་པའི་མ་ན་ཧོའི་ལག་ལེན་ཟིན་བྲིས་སུ་དགོད་པ་ནི། དེ་ལ་
སྨན་དཔྱད་ཟས་སྤྱོད་བཞི་ལ། སྔོན་འགྲོ། །དངོས་གཞི། རྗེས། རྟེན་འབྲེལ། སྔགས་རྣམས་སོ། །དང་པོར་དགོངས་མོ་ཉལ་ནས་སང་མིག་མི་འབྱེད་ཀྱི་བར་དུ་ཟས་སྐོམ་གྱི་རིགས་བཀག །སྤྲིན་མེད་ཉི་མ་དྲོ་སར་ནད་པ་དང་སྨན་པ་གཉིས་སྟན་བདེ་བར་
བསྡད། ཡོ་བྱད་ལ། དཀར་ཡོལ་གཙང་མར་ཆུ། མེ་ཧྲག་དུ་བ་མེད། རས་དཀར་དྲི་མེད། སྲིན་བལ། གཙགས་བུ། ཐུར་མ། ཕྱིའི་མིག་སྨན་ཡུང་བ། ནང་གི་མིག་སྨན་ལ་བྱ་ཕུར་ལེབ་འདྲ་བ། ཤིང་སྨན་གཎྜ་པ་ཊ་གསུམ། རྔ་མོང་གི་ཀོ་ལྤགས་ཀྱི་རྔར།
Vol. 211 · folio 361a
རྫ་རྔར་འཇམ་པ་རྣམས་བསགས་རྗེས། ནད་པ་དང་སྨན་པ་གཉིས་ཀྱི་ལྷམ་ཕུད། སྨན་པའི་ལག་པ་གཙང་བར་བཀྲུས། ནས་ཕུད་གཉིས་ཀའི་ལག་ཏུ་ཐོགས་ནས་གསོལ་འདེབས་བདེན་བདར་བརྗོད་ནས་ནས་འཐོར། ཡུང་བ་བརྡར་ནས་ཆུ་དང་
སྦྱར་བས་མིག་གང་འབྱེད་ཀྱི་སྨིན་མའི་ལྟག་ལ་བྱུགས། དེ་རྗེས་མིག་གཡོན་མ་ལྟ་བུ་འབྱེད་ན་སྨན་པའི་པུས་མོ་གཡས་པ་བསླང་ཞིང་། ནད་པའི་ལག་པ་སྤར་འཛིངས་ཀྱིས་བཟུང་། དེའི་རྗེས་མིག་གི་འགྲིབ་ཀྱི་ཐད་གཡོན་ཕྱེད་ན་གཡོན་ཟུར། དཀར་ནག་
ནས་གང་གི་མཚམས་སུ་གཙགས་བུར་དར་དཀར་གྱི་སྐུད་པས་སྐེད་བཅིངས་བྱས་པའི་སྟེང་དུ་རྒྱ་གྲམ་བརྒྱབ་པའི་རྩེ་ནས་ནས་ཕྱེད་ཙམ་མཐོང་བ་དེས་བསྣུན་ནས་པགས་པ་ཕིགས་པ་བྱས་རྗེས་ཐུར་མ་བྲ་བོ་འདྲ་བས་ཆད་དར་སྐུད་ཀྱི་མཚམས་སུ་སླེབ་པ་རྒྱལ་མོར་བཏང་།
དེ་ནས་རྟེན་འབྲེལ་གྱི་སོག་མ་དཀར་པོ་གཅིག་གི་སྐེད་པ་གཏུབས་ནས་ནད་པ་དང་རང་ཉིད་ཀྱི་བར་ལ་སོག་མ་ལག་གཡས་ཀྱི་དེ་གཡོན་དང་གཡོན་གྱི་དེ་གཡས་ལ་བསྐྱུར་རྗེས། ལག་གཡོན་གྱིས་མིག་ལྦགས་ཡར་འཐེན་པ་དང་། གཡས་ཀྱིས་ཐུར་མ་རྒྱལ་མོའི་སྒྲིབ་བྱེད་འཕན་ལྟར་
བསྒྲིལ་བས་ཐུར་མར་སྒྲིབ་བྱེད་འཁྲིལ་ནས་རྒྱལ་མོ་ནག་སིང་ངེ་བྱུང་བ་དང་ཐུར་མའི་སྒབ་ནས་བཏེག་བཏེག་བྱེད་པ་དང་ལག་གཡོན་གྱིས་མིག་གང་འབྱེད་ཀྱི་ཚོག་སྒང་དུ་སྡེག་སྡེག་བྱས་པས་འགྲིབ་ལོག་བྱུང་ན་སྔར་ལྟར་བསྒྲིལ་ནས་བཞག །དེ་ནས་མིག་གི་མཐོང་བྱེད་དུ་རྫས་ཁ་
དོག་སྣ་ཚོགས་པ་ཆེ་བ་ཆུང་བའི་བར་རིམ་པར་བསྟན་པས་ཕྲ་རགས་སོ་སོར་དབྱེ་འབྱེད་ཐུབ་པ་ཡོད། དེ་རྗེས་མིག་ལ་སྲིན་པ་ལ་ཆུར་སྦྱངས་པ་བཀབ། མེ་མདངས་ཀྱི་བསྲོས་པས་འགྲིབ་བྱེད་ཐོན་སླ་བའོང་། དེ་ནས་ཐུར་མ་ཚུར་བསྒྲིལ་ནས་བཏོན། ཐུར་རྩེ་ཡུང་བའི་ཆུར་བཅུག་པས་
སྒྲིང་བྱེད་ཐུར་མར་འཁྲིལ་ནས་དངོས་སུ་མཐོང་བ་ཡོང་། དེ་ནས་བྱ་འཕུར་སློབ་འདྲ་བ། རྒྱ་གར་སྐད་ལ་རྙོ་དོན་ཛོ་ཏི། ཤིན་སྨན་གིཎྜ་པཊ ནིམཱའི་ རྣམས་ཆུ་ཐིགས་གཉིས་གསུམ་རྡོ་འཇམ་པོའི་སྟེང་བླུག་པར་རིམ་བཞིན་བརྡར་བའི་སྐྱོ་མ་སྔར་གྱི་ཐུར་མ་བརྒྱབ་པར་བསླན། དེའི་རྗེས་སྲིན་བལ་
Vol. 211 · folio 361b
ཆུར་སྦྱངས་བཀབ་དེ་སྟེང་རས་དཀར་ཡུང་བའི་ཁུ་བར་བཅུག་པ་བཀབ། རྒྱལ་མོ་དམར་ནག་བྱུང་ན་དར་དཀར་ཚྭ་སྣུམ་བསྲེས་པར་སྤགས་པ་བཀབ། དཀར་པོ་བྱུང་ན་མཚལ་དཀར་མ་བཏུལ་བ་དང་དུང་གཉིས་བརྡར་བའི་སྐྱོ་མ་གོང་ལྟར་བསླན། དེ་ནས་སྲིན་བལ་ཆུར་སྦྱངས་
ཡུང་བའི་ཆུར་རས་སྤགས་པ་རིམ་པར་བཀབ་སྟེང་རས་དཀར་གྱིས་མིག་འབྲས་བཀབ། རྫས་ལ། བྱུ་རུ། གླ་རྩི། གྲི་ཆུང་། དངུལ་གསུམ་པོ་མི་གཅིག་གིས་མགོ་ཐོག་ཏུ་བཞག་ནས། སྔགས་འདི་བརྗོད་དོ། །ཁངྒ་རཱ་ཁངྒ་རཱ། སཱ་ཏ་སཾ་བུངྦྷར། པ་ལ། གཎྜ།
གཽ་ར། སྨཽ་རེ། མཱ་ལེ། བེ་སེ་པཱ་ནིཿ། ཞེས་པ་ཚར་གསུམ་བཟླས་ལ་མིག་གི་སྟེང་དུ་ཕུ་གསུམ་རྒྱབ་པས་མིག་གི་ནད་ཟུག་དང་བགེགས་སོགས་ཞི་བར་བྱེད་པ་ཡིན། གྲི་ཆུང་ནད་པའི་རྐང་འོག་ཏུ་འདྲེན། ཡང་མིག་རུས་དང་མིག་ན་ན། ཙན་དན་དམར་པོ་དང་
ཡུར་བ། རྒྱ་གར་གྱི་བཙག་ཡུག་བརྡར་བའི་སྐྱོ་མ་ན་སར་བྱུགས། ཟས་སྐོམ་ཆུ་གྲང་གི་ཟན་བྱ་སྒོང་ཙམ་དང་། རྩམ་པ་སྨན་ཚ་བཏབ་པའི་ཚ་བ་བརྡི་བ་ཉིན་རེ་ཁ་སྐོམ་ན་ཐུག་པ་ཕོར་པ་གསུམ་རེ་ཙམ་གང་དགོས་གཏོང་། ཞག་གསུམ་བྱི་བར་ཟས་སྐྱོ་མ་འདི་མ་གཏོགས་
མི་བྱེད། སྤྱོད་ལམ་ཉིན་མོ་གཉིད་མི་ཉལ།ལྡན་པ་གཡས་གཡོན་ཕབ་ནས་མི་སྡོད། དགོངས་མོ་ཉལ་ས་སྟེང་ཤོད་ལ་འགྲོ་དགོས་ཡོད་ཚེ་དལ་བུས་ཕྱིན་ནས་ཉལ་ཞིང་རྐང་པ་བརྐྱངས་ཆོག །དེ་ཉིན་ནས་བཟུང་ཞག་གསུམ་གྱི་བར་མིག་སྨན་མིག་འབྱེད་པའི་དུས་དང་
དགོངས་ཇ་ཁར་མིག་ཁ་ཕྱེ་ནས་རྫས་ཕྲ་རགས་བསྟན་པས་གསལ་བར་ཡོང་། དེའི་རྗེས་མིག་སྨན་རེ་བརྒྱབ་ནས་དཀྲིས་མ་སྔར་བཞིན་བྱེད། རླུང་རྟགས་ཀྱིས་མགོ་དང་མི་རུས་ལ་སོགས་ན་བ་བྱུང་ན་སྣུམ་བསྐོལ་བ་ལ། ག་བུར། གླ་རྩི། ལི་ཤི། པི་པི་ལིང་། ཛཱ་ཏི།
བཙག་ཡུག་རྣམས་རིམ་ཆ་བསྐྱེད་ནས་བཏབ་བྱུགས་པས་ཕན་ཞིང་། གཞན་ཡང་ལོག་གནོན། འགྲམ་པ། འགྲིབ་པ། ཞར་བ། གཟེར་བ་སོགས་རྒྱུད་ལྟར་ཤེས་པར་བྱའོ། །ཀྱེ་མ་ཤར་ཕྱོགས་རིན་ཆེན་ཤེལ་གྱི་གཞལ་ཡས་ན། །བདེ་ཆེན་པདྨ་དཀར་པོའི་
Vol. 211 · folio 362a
གདན་ཁྲི་ལ། །སྐུ་ཡི་རིགས་ཀྱི་དྲང་སྲོང་འཁོར་དང་བཅས། །དེང་འདིར་ཞི་བའི་དབང་དང་བྱིན་རླབས་སྩོལ། །ལྷོའི་དྲང་སྲོང་སེར་པོ། ཀྱེ་མ་ལྷོ་ཕྱོགས་རིན་ཆེན་གསེར་གྱི་གཞལ་ཡས་ནས། །བདེ་ཆེན་པདྨ་སེར་པོའི་ཀློང་དཀྱིལ་ན། །ཡོན་ཏན་རིགས་
ཀྱི་དྲང་སྲོང་འཁོར་དང་བཅས། །དེང་འདིར་རྒྱས་པའི་དབང་དང་བྱིན་རླབས། །ནུབ་ཀྱི་དྲང་སྲོང་དམར་པོ། ཀྱེ་མ་ནུབ་ཕྱོགས་རིན་ཆེན་མཆོང་གི་གཞལ་ཡས་ནས། །བདེ་ཆེན་པདྨ་དམར་པོའི་དཀྱིལ་དབུས་ན། །གསུང་གི་རིགས་ཀྱི་དྲང་སྲོང་འཁོར་དང་བཅས། །དེང་འདིར་དབང་ལྡན་
དབང་གི་བྱིན་རླབས་སྩོལ། །བྱང་གི་དྲང་སྲོང་ལྗང་གུ། ཀྱེ་མ་བྱང་ཕྱོགས་རིན་ཆེན་གཡུ་ཡི་གཞལ་ཡས་ནས། །བདེ་ཆེན་པདྨ་ལྗང་གུའི་གདན་སྟེང་ན། །འཕྲིན་ལས་རིགས་ཀྱི་དྲང་སྲོང་འཁོར་དང་བཅས། །དེང་འདིར་འཕྲིན་ལས་དབང་དང་བྱིན་རླབས་སྩོལ། །དབུས་ཀྱི་དྲང་སྲོང་
མཐིང་བ། །ཀྱེ་མ་དབུས་ཕྱོགས་རིན་ཆེན་བཻཌཱུར་གཞལ་ཡས་ནས། །བདེ་ཆེན་པདྨ་མཐིང་གའི་ཀློང་དབུས་སུ། །རིགས་ལྡན་ཐུགས་ཀྱི་དྲང་སྲོང་འཁོར་དང་བཅས། །དེང་འདིར་བསམ་ཚད་ལྷུན་གྲུབ་དབང་མཆོག་སྩོལ། །ཁྱོད་ཀྱི་བུ་བརྒྱུད་སློབ་བརྒྱུད་ཐམས་ཅད་ལ། །དྲང་སྲོང་རིགས་ལྔ་སྨན་
སྐྱོང་སྲུང་མར་བཅས། །བསྐལ་པ་མ་སྟོངས་པར་དུ་བྱུན་གྱིས་རློབས། །ཀྱེ་རིན་ཆེན་སྣ་ལྔ་བཻཌཱུར་གཞལ་ཡས་ཁང་། །དཀར་སེར་དམར་ལྗང་མཐིང་ག་པདྨའི་སྟེང་། །རིགས་ལྔ་ཕོ་བྲང་འཇའ་ཚོན་འཁྲིགས་པའི་དབུས། །མཚན་དཔེས་རབ་བརྒྱན་སངས་རྒྱས་སྨན་གྱི་བླ། །ཡེ་ཤེས་
ལྔ་ལྡན་སྐུ་ལྔ་གསལ་བར་སྤྲུལ། །རེ་རེའི་འོད་ལ་འཁོར་གྱི་དྲང་སྲོང་དང་། །ལྷ་དང་དྲང་སྲོང་ཕྱི་ནང་སྡེ་བཞིས་བསྐོར། །ཞི་རྒྱས་དབང་དྲག་ལྷུན་གྲུབ་རྣམ་པ་ལྔའི། །སྨན་གྱི་བུ་མོ་རྣམ་ལྔ་གནས་འདིར་བྱོན། །དྲི་བཟང་མེ་ཏོག་གྲུ་གར་དུ་མ་བཅས། །དྲང་སྲོང་རྣམས་ལ་ཕྱག་དང་མཆོད་པ་འབུལ། །
ཁངྒ་ར་ཁངྒ་ར། སཱ་ཏ་སཾ་བུངྔྷ་ར། པ་ལ། གཎྜ། གཽ་ར། སྨཽ་རེ། མཱ་ལེ། བི་པེ་པཱ་ནི། ལན་གསུམ་བཟླ། ཤིང་ཀུན་སྲང་གང་། ལི་ཤི་སྲང་གང་། ཛཱ་ཏི་ཞ་དྲུག །སུག་སྨེལ་སྲང་གང་། པི་པི་ལེང་ཞོ་དྲུག །རྒྱ་གར་གྱི་ལ་ལ་ཕུད་ཞོ་དྲུག །ཁ་ཆེ་ཞོ་དོ། འཇམ་འབྲས་པགས་པ་མེད་པ་ཞོ་
Vol. 211 · folio 362b
གསུམ། ཤིང་ཚ་ཞོ་གསུམ། ཨ་རུ་ར་རུས་པ་མེད་པ་ཞོ་དྲུག །ཤུ་དག་ཞོ་གསུམ། རུ་རྟ་ཞོ་དྲུག །ཐལ་དཀར་རྡོ་རྗེ་ཞོ་དྲུག །ཀོང་པོའི་སྒ་ཞོ་དྲུག །ཤ་འབྲས་ཞོ་གསུམ། ག་བུར་ཞོ་གསུམ། ཟི་ར་ནག་པོ་ཞོ་དྲུག །ཕོ་བ་རི་ཞོ་གསུམ། དོམ་མཁྲིས་ཞོ་གསུམ། སུམ་ཅུ་ཏིག་ཞོ་གསུམ། གླ་རྩི་ཞོ་གསུམ།
གི་ཧཾ་ཞོ་གསུམ། སླེ་ཏྲེས་ཞོ་དྲུག །བྱི་ཐང་ཀ་ཞོ་གསུམ། བ་དུ་ར་ཞོ་དྲུག །སྒོག་པ་འཁར་ཉག་གསུམ། བཙོད་ཉག་གང་། དྷ་དུ་ར་ཞོ་གསུམ། བཙན་དུག་ཞོ་གསུམ། ས་མིན་ཕ་ལ་ཞོ་གསུམ། ཀོ་བྱིལ་ཞོ་གསུམ། ཙི་ཏྲ་ཀ་ཞོ་དྲུག །དངུལ་ཆུ་ཞོ་གང་། གཟི་ཡོད་པའི་སོ་མ་ར་ཙ་ཞོ་གསུམ།པད་ཀ་དམར་
པོའི་སྣུམ་ཉག་དྲུག །ཏིལ་ནག་གི་སྣུམ་ཉག་གསུམ། ཟར་མའི་སྣུམ་ཉག་གསུམ། ཉུངས་ཀར་གྱི་སྣུམ་ཉག་དྲུག །ཉ་ཚོ་བ་དཀྱུས་མཐོ་གང་ལྷག་ཙམ་བཅུ་དྲུག་གི་ཁུ་བ། ཕག་ཚིལ་ཉག་གསུམ། སྤྱང་ཀིའི་ཚིལ་ཉག་གང་། རྒོད་ཀྱི་ཚིལ་སྤོར་དོ། །སྨན་སྦྲུལ་སྒོར་མོ་བུབས་གཅིག་བཙོས་པའི་ཁུ་
བ། ཕུག་རོན་གྱི་ཤ་རུལ་སུམས་མེད་པ་བུབས་གཅིག་བཙོས་པའི་ཁུ་བ། འབྲི་མར་ལོ་བཅུ་གཉིས་སོང་བ་ཉག་ལྔ། ལྕག་མར་ཉག་དོ། རའི་འོ་མ་ཕུལ་གང་སྦྱར་བ་རྣམས་ཀྱི་བྱུག་པས། གྲུམ་བུའི་ནད། རྩ་དཀར། དྲེག །རླུང་འབམ། ཆུ་སེར། མེ་དབལ། ཟ་འཕྲུག །སྐམ་མཛེ། ཁེ་
མ། འབྲུམ་ཐོར། ཤུ་བ་སོགས་ཆུ་སེར་གྲང་བ་ལ་བརྟེན་པའི་རིགས་མཐའ་དག་ལ་ཕན། ཉི་མ་བྱུང་ན་དང་དེ་མིན་མེ་ལ་བསྲོས་པའི་འབྱུག་ཐེངས་གཉིས་བྱེད། སྲོང་ཕྱེད་རེ་ནད་གཞི་གང་ཡོད་ལ་བསྒུ་མཉེ་ཞིབ་འཐེམ་བྱས་པའི་ལོ་གཅིག་སོང་ན་ཞག་བདུན་ཚུན་ལ་དྲག །ན་བའི་ལོ་གཉིས་སོང་ན་ཞག་
བཅུ་བཞིར་དྲག །གསུམ་སོང་ན་ཞག་ཉི་ཤུ་རྩ་གཅིག་ལ་དྲག །འདི་ཁོང་དུ་གཏོང་རྒྱུའི་སྨན་ཉ་ཕྱིས་ཞོ་དྲུག །ལ་ལ་ཕུད་ཞོ་དྲུག །པི་པི་ལིང་ཞོ་གསུམ། ཙི་ཏ་ཀ་ཞོ་གསུམ། ཀོང་སྒ་ཞོ་དྲུག །གསེར་མདོག་རུས་མེད་ཞོ་དྲུག །བ་རུ་ར་ཞོ་གསུམ། སླེ་ཏྲེས་ཞོ་གསུམ། ཏིཀྟ་ཞོ་ཕྱེད་དོ། །སུག་སྨེལ་ཞོ་ཕྱེད་
དོ། །ཛཱ་དེཏི་ཞོ་ཕྱེད་དོ། །ལི་ཤི་ཞོ་ཕྱེད་དོ། །སོ་མ་ར་ཙ་ཞོ་གང་། འཇམ་འབྲས་ཞོ་གསུམ། གླ་རྩི་ཞོ་ཕྱེད་དོ། །གི་ཧཾ་ཞོ་ཕྱེད་དོ། །ཕོ་རིལ་ཞོ་ཕྱེད་དོ། །འདི་རྣམས་ཀྱི་ཁར་བྱེ་དཀར་སྤར་བ་གང་བཏབ་པའི་རིལ་བུ་ཁམ་བུ་སྐམ་པོ་ཙམ་ཐོ་རངས་ཆུ་སྐོལ་ངང་ཡལ་གྱེས་རྟ་བྱས་བཏང་ངོ་། །ཟས་ལ་རྩམ་པ། ཤ་གསར།
Vol. 211 · folio 363a
རུས་གསར་གྱི་ཐུག་པ་ཚ་ཕྱེད་ཚ། ཇ་ལ་མར་དང་འོ་མ་མེད་པའི་ཚ་ཕྱེད་ཚ་མ་གཏོགས་ཟས་ཀྱི་རིགས་མི་གཏོང་། ཕན་ཡོན་མགོ་དང་རྣ་བ་ཡན་ལག་མ་གཏོགས་ཁོང་ནད་ཀྱི་རིགས་ལ་ཕན། རྒྱ་གར་གྱི་སྐད་ལ་ས་མུ་དྲ་ཕེ་ན། བོད་སྐད་ལ་རྒྱ་མཚོའི་སྲུ་བ་དངོས། སྒོག་པ་སེའུ་
གསུམ། ལི་ཤི། ཛཱ་ཏི་གསུམ་ཆ་བསྙམས་པའི་ཕྱེ་མ་སྣུམ་སྐོལ་བར་བཏབ་པའི་ཁུ་བ་རྣ་བར་ཐིགས་པ་གསུམ་རི་གཉིས་ར་བླུགས་པས་ཏེ་རྣ་བའི་ནད་ཚ་གྲང་ཀུན་ལ་ཕན། བའི་འོ་མ་ཕུལ་དོ། སྣུམ་ཕུལ་གང་། རྒྱ་གར་གྱི་དྷ་དུ་ར་ཞོ་དྲུག་ཞིབ་པར་བཏགས་སྣུམ་དང་འོ་མ་གཉིས་སྐོལ་བར་
བཏབ་པ་ལུས་ལ་བྱུགས་པས་ཆུ་བསགས། ཕོ་བ་སྒོས་པ་ན་ཟུག་ཆེ་བའི་རིགས་ལ་ཕན། ཟས་སྤྱོད་རྩམ་པ་དང་སྐོམ་ལི་ཤི་འབྲུ་བདུན་ཙམ་ཆུ་ཕོར་གང་ལ་སྦངས་པའི་ཁུབ་གྲང་མོ་གཏོང་། གོང་གི་སྨན་རྣམས་ཉིན་རེ་ལ་འབྱུག་ཐེངས་གཉིས་རེ་བྱེད། ཉིན་བདུན་ཙམ་ལ་གྲག་འགྲོ། སྨན་ཆེན་སེར་པོ་
དང་དུང་མེ་ལ་བསྲེགས་པ་ཕོ་རིལ་གསུམ་ཞོ་ལ་བཏེག་པའི་རིལ་བུ་ཕོ་རིལ་ཙམ་སྒྲིལ་བ་ཁོང་དུ་བཏང་བས་ཆམ་པ། ཚ་བ། ཟ་མ་མ་ཞུ་བ་རྣམས་ལ་བསྔགས། སྨན་མ་ཞུ་ན་དུག་རིལ་ལྟག་པ་སྦྲད་ཅེས་བྱེཔ་ཡང་འདི་ཡིན། འཁྱགས་པ་སོགས་གྲང་བའི་ནད་རིགས་ཀུན་ལ་ཕན། རྒྱ་གར་གྱི་ལ་ལ་ཕུད་
ཆུ་ལ་ཐུན་ཆེ་བར་བཏབ་ལ་སྐོལ་བའི་ཁུ་བ་ཕོར་པ་དོ་གསུམ་ཙམ་བཏང་བས་ཤལ་སྐྱུག་གང་རིགས་བྱུང་ན་ཕན། གྲང་བ་ཡུན་རིང་ལོ་འདས་འགྲིམ་པ་ལ་ཀོ་ཅི་ལ་མེ་ལ་བསྲེགས་པ་དང་ལ་ལ་ཕུད་ཤུ་དག་གསུམ་ཁྲམ་ཁྲུམ་བརྡུངས་པ་ཐུན་ཆེ་བ་གསུམ་ཟོས་པས་ཕན། རྩམ་པ་རྩམ་ཐུག་མཛོ་ཞོའི་
ཆུ་རས་ལ་བཙགས་པ་བཏང་བས་ཕན། ཕོ་པ་འབྲས་བུ་གསུམ་སྡོམ་ཆུང་བ་ལ་ཐག་བཏང་བ་གཅིག་ཞིབ་པར་བཏགས་པའི་ཁུ་བ་མགོ་བོ་གཞོགས་ཕྱེད་ན་ ལ་ནདན་་གང་ནའི་མིག་ཏུ་དར་ལ་བཙགས་པའི་ཁུ་བ་བླུག་པས་ཕན། ཀྲོ་མ་སེང་གེ། ཙན་དན་དམར་པོ། ལྒ་སེར། བཙག་
རྣམས་བརྡར་བའི་ཁུ་བ་བལ་མཆུ་ལ་བྱུགས་པས་ཕན། སོ་མ་ར་ཙ་བརྡར་བའི་ཁུ་བ་མིག་གི་མཐའ་ལ་བྱུགས་པས་ན་ཟུག་ཆེ་བ་ལ་ཕན། མ་ལ་དྲོད་དུགས་བྱེད། ཧ་ཧ་ཐ་གྷ་རུ་ལ་གྷ་རུ་ར་ཡི་ཀེ་ཀེ་མ་ཙུ་ལི། ཨཾ་གེ་ཧེ་ཨཾ་གྷ་ས་མ་ཨི་ཞེས་ལན་གསུམ་ཐལ་བ་ལ་སྔགས་བཏབ་ན་ཁ་རླང་གི་དུག་ལ་ཕན་ནོ།། །།
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words