ตัวบทไม่มีชื่อ — ประโยคแรก: གོས་ཀྱི་གཞིའི་བསྡུས་པའི་སྡོམ་ནི

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๓ · หน้า 107a

མཐའ་གཅིག་ཏུ་བཞག་སྟེ། སྨྱུག་གི་ཚལ་པས་བཞར་ནས་ས་དཀར་པོས་དྲིལ་ཕྱིས་བྱས་ཏེ་བཀྲུས་སོ། །དེ་ནས་སྐྱིལ་མོ་ཀྲུང་འཆར་བཅུག་སྟེ། དེའི་ཆོས་གོས་རྣམས་བཀྲུས་ཏེ། ཕྱོགས་དེ་ཡང་བའི་ལྕི་བ་འཇམ་པོས་བྱུག་པ་མཛད་དོ། །དེ་ནས་ཕྱག་དང་ཞབས་

བསིལ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་ནད་པ་ལ་རིམ་གྲོ་བྱ་བ་སྔོན་དུ་འགྲོ་བའི་ཆོས་བཤད་པས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་ནས་གཙུག་ལག་ཁང་དུ་ཞུགས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོས་བསོད་སྙོམས་ཀྱི་སྐུ་སྐལ་གྱི་བསོད་སྙོམས་ཁྱེར་ཏེ་བཅོམ་ལྡན་འདས་ཀྱི་

སྤྱན་སྔར་སོང་ངོ་། །ཆོས་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསོད་སྙོམས་ནོད་ནས་ཁྱེར་ཏེ་འོང་བའི་དགེ་སློང་ལ་སོ་སོ་ཡང་དག་པར་དགའ་བར་མཛད་པ་འདིས་སོ་སོ་ཡང་དག་པར་དགའ་བར་མཛད་དེ། དགེ་སློང་ཅི་ག་དགེ་སློང་གི་དགེ་འདུན་ཁ་ཟས་བསོད་པས་ལེགས་པར་

ཚིམ་པར་བྱས་སམ་ཞེས་ཡང་དག་པར་རབ་ཏུ་དགའ་བར་མཛད་པ་ཡིན་པས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཅི་ག་དགེ་སློང་གི་དགེ་འདུན་ཁ་ཟས་བསོད་པས་ལེགས་པར་ཚིམ་པར་བྱས་སམ། བཙུན་པ་དེ་བཞིན་དུ་ཞལ་ཟས་

བསོད་པས་དགེ་སློང་གི་དགེ་འདུན་ལེགས་པར་ཚིམ་པར་བགྱིས་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསོད་སྙོམས་ཀྱི་ཕྱེད་བཞེས་ཏེ་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་གཙུག་ལག་ཁང་ཆེ་གེ་མོ་ཞིག་ན་དགེ་སློང་ནད་ཚབས་ཆེ་བ་

ཞིག་ཡོད་པ་དེ་ལ་བསོད་སྙོམས་ཕྱེད་པོ་འདི་ཁྱེར་ལ་ཟོས་ནས་འདི་སྐད་ཅེས་ཚེ་དང་ལྡན་པ་ཁྱོད་ཀྱི་རིམ་གྲོ་སྟོན་པ་ཉིད་ཀྱིས་མཛད་དེ། བསོད་སྙོམས་ཕྱེད་ཀྱི་བགོ་བཤའ་ཡང་མཛད་དོ་ཞེས་གྱིས་ཤིག །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་

ཀྱི་ལྟར་མཉན་ནས་བསོད་སྙོམས་ཀྱི་ཕྱེད་ཁྱེར་ཏེ། དེ་ལ་བསོད་སྙོམས་བྱིན་ནས་ཇི་སྐད་བཀའ་སྩལ་པ་ཡང་སྨྲས་སོ།། །།འདུལ་བ་གཞི། བམ་པོ་དྲུག་བཅུ་དྲུག་པ། དེ་ནས་དགེ་སློང་དེ་འདི་སྙམ་དུ་སེམས་ཏེ། བདག་ནི་ཁམས་གསུམ་གྱི་བླ་མ་ཉིད་ཀྱིས་རིམ་གྲོ་

เล่ม ๓ · หน้า 107b

མཛད་དེ། བསོད་སྙོམས་ཀྱི་ཕྱེད་ཀྱང་གནང་གིས་བདག་དད་པས་བྱིན་པ་ལོངས་སྤྱད་ནས་ལེ་ལོས་དུས་འདས་པར་བྱེད་པ་ནི་བདག་ལ་རིགས་པ་མ་ཡིན་པས། མ་ལ་བདག་ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་སྦྱོར་བ་ལ་བརྩོན་པར་གནས་པར་བྱའོ་སྙམ་ནས། དེས་ནམ་གྱི་ཆ་

སྟོད་དང་ཆ་སྨད་ལ་མི་ཉལ་བར་སྦྱོར་བ་ལ་བརྩོན་པར་གནས་པ་ན་འཁོར་བའི་འཁོར་ལོ་ཆ་ལྔ་པ་གཡོ་བ་དང་མི་གཡོ་བ་འདི་ཉིད་རིག་སྟེ། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་ཉམས་པ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཉིད་དུ་ཟིལ་གྱིས་མནན་ནས་ཉོན་

མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པར་གྱུར་ཏོ། །དགྲ་བཅོམ་པར་གྱུར་ནས་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ། བོང་བ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་ཙན་དན་དང་སྟེའུར་མཉམ་པ། མ་རིག་པའི་སྒོ་ངའི་སྦུབས་

དྲལ་བར་གྱུར་ཅིང་རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་། འདོད་པའི་རྙེད་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ་དང་། དབང་པོ་དང་ཉེ་བའི་དབང་པོ་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་

དང་། མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ནད་པ་འདི་དག་ལ་ནི་ཚངས་པ་མཚུངས་པར་སྤྱོད་པ་ཁྱེད་ཅག་ཁོ་ན་མ་གཏོགས་པར་མ་མེད། ཕ་མེད། རྩ་ལག་གཞན་མེད་དོ། །དེ་ལྟ་བས་ན་ཚངས་

པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ཕན་ཚུན་དུ་རིམ་གྲོ་བྱ་སྟེ། མཁན་པོས་ནི་ལྷན་ཅིག་གནས་པའིའོ། །ལྷན་ཅིག་གནས་པས་ནི་མཁན་པོའིའོ། །སློབ་དཔོན་གྱིས་ནི་ཉེ་གནས་ཀྱིའོ། །ཉེ་གནས་ཀྱིས་ནི་སློབ་དཔོན་གྱིའོ། །མཁན་པོ་གཅིག་པས་ནི་མཁན་པོ་གཅིག་

པའིའོ། །སློབ་དཔོན་གཅིག་པས་ནི་སློབ་དཔོན་གཅིག་པའིའོ། །གཏམ་འདྲེས་པས་ནི་གཏམ་འདྲེས་པའིའོ། །ཕེབས་པར་སྨྲ་བས་ནི་ཕེབས་པར་སྨྲ་བའིའོ། །སྨོས་འདྲིན་གྱིས་ནི་སྨོས་འདྲིན་གྱིའོ། །འཁོར་དང་བྲལ་བ་ཤེས་པ་ཆུང་བ་གང་ཡིན་པ་དེ་ནི་དགེ་འདུན་

เล่ม ๓ · หน้า 108a

གྱིས་ནད་ཀྱི་གནས་སྐབས་ལ་བརྟགས་ནས་རིམ་གྲོ་བ་གཅིག་གམ། གཉིས་སམ། མང་པོ་སྦྱིན་ཏེ་མཐར་ན་དགེ་འདུན་ཀུན་གྱིས་ཀྱང་རིམ་གྲོ་བྱའོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་

པ་བཅོམ་ལྡན་འདས་ཉིད་ཀྱིས་དགེ་སློང་དེའི་ལུས་ཀྱི་རིམ་གྲོ་མཛད་ནས་དེས་དགྲ་བཅོམ་པ་མངོན་སུམ་དུ་བགྱིས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་འབའ་ཞིག་ཏུ་མ་ཟད་དེ། ཇི་ལྟར་འདས་པའི་དུས་ན་ཡང་ངས་འདིའི་རིམ་གྲོ་བྱས་ནས་དེས་

མངོན་པར་ཤེས་པ་ལྔ་མངོན་སུམ་དུ་བྱས་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་བསྟི་གནས་མེ་ཏོག་དང་། འབྲས་བུ་དང་། ཆུ་ཕུན་སུམ་ཚོགས་པ། ཤིང་སྣ་ཚོགས་ཀྱིས་མཛེས་པར་བྱས་པ་ཞིག་ན་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཞིག་གནས་སོ། །དེས་སློབ་མའི་

རིམ་གྲོ་བྱས་ནས་སོས་པ་དང་། དེ་ནས་དེས་མངོན་པར་ཤེས་པ་ལྔ་མངོན་སུམ་དུ་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་དྲང་སྲོང་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དྲང་སྲོང་དེའི་སློབ་མ་གང་ཡིན་པ་དེ་ནི་དགེ་སློང་འདི་ཉིད་ཡིན་ཏེ། དེ་ན་ཡང་ངས་དེའི་རིམ་

གྲོ་བྱས་སོ། །ད་ལྟར་ཡང་བྱས་སོ། །གཞན་ཡང་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་ལྷག་པར་ཡང་ནད་པ་རྣམས་ལ་བྱམས་པར་མཛད་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་འབའ་ཞིག་ཏུ་མ་

ཟད་དེ། ཇི་ལྟར་འདས་པའི་དུས་ན་ཡང་ང་ལྷག་པར་ནད་པ་རྣམས་ལ་བྱམས་པར་བྱེད་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་ཡུལ་ཤི་བིའི་དབྱངས་ཀྱི་རྒྱལ་པོའི་ཕོ་བྲང་ན་རྒྱལ་པོ་ཤི་བི་ཞེས་བྱ་བ་འབྱོར་པ་དང་། རྒྱས་པ་དང་བདེ་བ་དང་ལོ་ལེགས་པ་སྐྱེ་བོ་དང་མི་མང་པོས་རབ་ཏུ་གང་བ་ན་རྒྱལ་

སྲིད་བྱེད་དུ་འཇུག་སྟེ། དེ་སློང་བ་པ་རྣམས་ལ་མི་གཏོང་བ་ཅུང་ཟད་ཀྱང་མེད་དེ། ནད་པ་རྣམས་ལ་ནི་ཁྱད་པར་དུ་བྱེད་དོ། །ཇི་ཙམ་ན་ཁྱིམ་བདག་ནད་པ་སྨན་པ་ཐམས་ཅད་ཀྱིས་སྤངས་པ་ཞིག་རྒྱལ་པོའི་དྲུང་དུ་སོང་ནས་ལྷ་བདག་ལ་དཔྱད་མཛོད་ཅིག །རྒྱལ་པོས་སྨན་པ་རྣམས་

เล่ม ๓ · หน้า 108b

ལ་བསྒོ་བ། ཤེས་ལྡན་དག་དཔྱད་བྱོས་ཤིག །དེ་རྣམས་ཀྱིས་སྨྲས་པ། ལྷ་འདིའི་སྨན་ནི་དཀོན་ལགས་སོ། །རྒྱལ་པོས་སྨྲས་པ། དཀོན་པ་དེ་དག་ཅི་འདྲ་བ་ཞིག་ཡིན། ལྷ་གང་ཞིག་བཙས་ཚུན་ཆད་སྔོན་ལན་འགའ་ཡང་སུ་ལ་ཡང་ཁྲོ་མ་མྱོང་བ་དེའི་ཁྲག་ལས་ནས་

ཐུག་བགྱིས་ཏེ་ཟླ་བ་དྲུག་ཏུ་སྩལ་ན་དེ་ལྟ་ན་འདི་སོས་པར་འགྱུར་ལགས་ཀྱི་གཞན་གྱིས་མ་ལགས་སོ། །རྒྱལ་པོས་སྨྲས་པ། དེའི་སྨན་དཀོན་པ་ནི་བདེན་ནོ། །དེ་ནས་བདག་ཉིད་ཀྱི་སྤྱོད་པ་ལ་བརྟག་པར་བརྩམས་ན་བདག་ཉིད་ཀྱི་སྤྱོད་པ་ལ་བརྟག་པར་དཀའ་བར་གྱུར་ནས་དེས་མ་

མ་ལ་དྲི་བར་བརྩམས་པ། མ་མ་ང་དུས་འདི་སྲིད་ཀྱི་བར་དུ་སྔོན་ལན་འགའ་ཡང་ཁྲོས་པ་ཡོད་དམ་གཞོན་ནུ་ཁྱོད་གང་གི་ཚེ་བདག་གི་པང་དུ་བྱོན་པ་དེ་ནས་བདག་ཀྱང་སྔོན་སུ་ལ་ཡང་ལན་འགའ་ཡང་ཁྲོ་མ་མྱོང་ན། ཁྱོད་ལྟ་སྨོས་ཀྱང་ཅི་འཚལ། དེ་ནས་མའི་དྲུང་དུ་སོང་ནས་སྨྲས་

པ། ཡུམ་བདག་དུས་འདི་སྲིད་ཀྱི་བར་དུ་སྔོན་སུ་ལ་ཡང་འགའ་ལ་ཁྲོས་པ་མཆིས་སམ། གཞོན་ནུ་ཁྱོད་གང་གི་ཚེ་བདག་གི་རུམ་དུ་ཞུགས་པ་དེ་ནས་བདག་ཀྱང་སུ་ལ་ཡང་ཁྲོ་མ་མྱོང་ན་ཁྱོད་ལྟ་སྨོས་ཀྱང་ཅི་དགོས། དེས་བསམས་པ། སྨན་རྙེད་དོ་སྙམ་དུ་རིག་ནས་དེས་སྨན་པ་

རྣམས་ལ་བསྒོ་བ། ཤེས་ལྡན་དག་ངས་རང་ལ་བརྟགས་ན་ང་སྔོན་སུ་ལ་ཡང་ཁྲོ་མ་མྱོང་བས་ངའི་ཡན་ལག་ལྔའི་རྩ་གཏོར་ཅིག །ལྷ་བདག་ཅག་ནི་མི་ཕལ་པ་ཞིག་གི་དོན་དུ་ལྷའི་སྐུ་ལ་མཚོན་མི་འདེབས་སོ། །བྱང་ཆུབ་སེམས་དཔའ་རྣམས་ནི་བཟོའི་གནས་དང་ལས་ཀྱི་གནས་

དེ་དང་དེ་རྣམས་ལ་མཁས་པ་ཡིན་པས་རྒྱལ་པོ་རང་ཉིད་ཀྱིས་རྩ་གཏར་ཏེ། ཁྲག་དེས་ཟླ་བ་དྲུག་ཏུ་ཉི་མ་རེ་རེ་ཞིང་དེ་ལ་ནས་ཐུག་བླུད་པས་སོས་པར་གྱུར་ཏོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ཏེ། དེ་ན་ཡང་ང་ནད་པ་

རྣམས་ལ་བྱམས་པར་བྱེད་ན། ད་ལྟ་ལྟ་ཞིག་སྨོས་ཀྱང་ཅི་དགོས། གཞན་ཡང་ཤི་བིའི་བུ་གཞོགས་ཕྱེད་སྐམས་པར་གྱུར་ནས་རྒྱལ་པོས་སྨན་པ་རྣམས་ལ་བསྒོ་བ། ཤེས་ལྡན་དག་གཞོན་ནུའི་དཔྱད་གྱིས་ཤིག །དེ་རྣམས་ཀྱིས་སྨྲས་པ། ལྷ་བཅུད་ཐམས་ཅད་མར་དང་སྒྲོལ་

เล่ม ๓ · หน้า 109a

ཅིག །ལོ་བཅུ་གཉིས་སུ་བཅུད་ཐམས་ཅད་བསོགས་ན་འདིའི་ཡང་ཤང་ཤང་ཏེའུའི་ཤམ་རྙེད་དོ། །སྨན་པ་རྣམས་ཀྱིས་བྱ་བ་རྣམས་ལ་བསྒོ་བ། ཤེས་ལྡན་དག་མེ་ལོང་དང་བྱ་གག་ཁྱེར་ཏེ་རྒྱ་མཚོའི་འགྲམ་དུ་དེང་ལ་དེར་རྙི་ཚུགས་ཏེ་བྱ་གག་གི་མདུན་དུ་མེ་ལོང་

ཞོག་ཅིག་དང་། བྱ་གག་རང་གི་གཟུགས་བརྙན་མཐོང་ནས་འདི་བྱ་གག་ཡིན་ནོ་སྙམ་སྟེ། སྐད་ཕྱུང་བ་དང་། ཤང་ཤང་ཏེའུ་ཡིས་བྱ་གག་གི་སྐད་ཐོས་ནས་ངོ་མཚར་ཆེ་བས་བྱ་གག་གི་དྲུང་དུ་འོང་བར་འགྱུར་ཏེ། དེ་བཟུང་བའི་ཐབས་ནི་འདི་ཡིན་ནོ། །དེ་རྣམས་ཀྱིས་དེ་བཞིན་དུ་བྱས་

པ་ལས་ཇི་ཙམ་ན་ལས་ཀྱི་ཞགས་པས་ཟིན་པའི་སྲོག་ཆགས་ཤང་ཤང་ཏེའུ་ཐོགས་ནས་དེ་རྣམས་ཀྱིས་དེ་ཁྱེར་ཏེ་དོང་ངོ་། །འདི་ནི་ཆོས་ཉིད་ཡིན་ཏེ། འཇིག་རྟེན་གནས་པ་ཆགས་ནས་རིང་པོ་མ་ལོན་པའི་ཚེ་དུད་འགྲོ་རྣམས་ཀྱང་སྨྲ་ཤེས་པས་སྲོག་ཆགས་ཤང་ཤང་ཏེའུ་ཡིས་སྨྲས་པ། བདག་

གར་བཀྲི། དེ་རྣམས་ཀྱིས་ཇི་ལྟར་གྱུར་པ་སྨྲས་པ་དང་། དེས་སྨྲས་པ། ཐོང་ཤིག །ཐོང་ཤིག །ཤའི་མཐུ་ཡོད་པར་བྱེད་པ་ཞེས་བྱ་བའི་སྨན་དང་རིན་པོ་ཆེ་རྣམས་སྨྲའོ། །དེ་རྣམས་ཀྱིས་སྨྲས་པ། རེ་ཞིག་ཁྱོད་ཀྱིས་སྨན་དེ་དག་ཅི་འདྲ་བ་བལྟས་སྟོན་ཅིག །དེས་སྨྲས་པ།

བདག་གི་ཁྲུས་བྱས་པའི་ཆུ་ནི་ཤའི་མཐུ་ཡོད་པ་ཡིན་གྱིས་དེ་ཁྱེར་ལ་དེངས་ཤིག་རིན་པོ་ཆེ་འདི་དག་ཡིན་ནོ། །དེ་དག་རྒྱལ་པོས་འཇིགས་པས་རིན་པོ་ཆེ་རྣམས་བོར་ཏེ་ཤང་ཤང་ཏེའུ་དེ་ཉིད་ཁྱེར་ཏེ་དོང་བ་ལས་རིམ་གྱིས་ཡུལ་ཤི་བིའི་དབྱངས་ཀྱི་རྒྱལ་པོའི་ཕོ་བྲང་དུ་ཕྱིན་ནས་དེ་རྣམས་ཀྱིས་སྲོག་

ཆགས་ཤང་ཤང་ཏེའུ་རྒྱལ་པོ་ལ་ཕུལ་ཏེ། དེས་བསྟན་པའི་སྨན་གང་ཡིན་པ་དེ་ཡང་སྨྲས་སོ། །དེ་ནས་རྒྱལ་པོས་ཤང་ཤང་ཏེའུ་ལ་དྲིས་པ་དང་སྨྲས་པ། ལྷ་བདག་བཀྲུས་པའི་ཆབ་ཤ་སྟོབས་ཅན་དུ་བགྱིད་པ་ལགས་སོ། །རྒྱལ་པོས་ཆུ་སྣོད་བདུན་ཆུ་བཟང་པོས་བཀང་བར་

བཞག་གོ། །ཇི་ཙམ་ན་དེ་དེ་དག་ཏུ་ཇི་སྲིད་ལེགས་པར་ངལ་སོས་པས་དེ་སྲིད་དུ་ཁྲུས་བྱས་ནས། དེ་ནས་ལུས་ཀྱི་སྟོབས་ཤེས་པ་དང་མོད་ལ་འཕུར་ཏེ་ཁང་པའི་སྟེང་དུ་འདུག་ནས་འཇིགས་པ་དང་བག་ཚ་བ་དང་བྲལ་ནས་ཚིགས་སུ་བཅད་པས་སྨྲས་པ། རེ་ཞིག་ཐོག་མ་བདག་བླུན་ཏེ། །

เล่ม ๓ · หน้า 109b

ཕྱི་ནས་བྱ་བ་འདི་དག་གོ། །དེ་ནས་རྒྱལ་པོ་བླུན་པ་སྟེ། །བླུན་པོའི་དཀྱིལ་འཁོར་ལེགས་པར་རྫོགས། །ཞེས་སྨྲས་ནས་སོང་ངོ་། །དེ་ནས་རྒྱལ་པོས་སྨན་པ་རྣམས་བཀུག་སྟེ་དྲིས་པ། ཤེས་ལྡན་དག་ཤང་ཤང་ཏེའུའི་ཁྲུས་བྱས་པའི་ཆུ་དེ་ཤའི་མཐུ་ཡོད་པར་བྱེད་པ་བདེན་ནམ། དེ་

རྣམས་ཀྱིས་སྨྲས་པ། ལྷ་མད་ལགས་ཀྱིས་མར་དང་སྒྲོལ་ཅིག །དེ་རྣམས་ཀྱིས་བཅུད་ཐམས་ཅད་མར་དང་བཙོས་ཏེ་རྒྱལ་པོའི་བུ་ལ་བླུད་པར་ཞུགས་སོ། །ཇི་ཙམ་ན་གངས་རིའི་སུལ་ཞིག་ན་རང་སངས་རྒྱས་ལྔ་བརྒྱ་གནས་པ་ལས་དེ་ན་གཅིག་གཞོགས་ཕྱེད་སྐམས་པར་གྱུར་ཏེ། དེ་ལ་རང་

སངས་རྒྱས་དེ་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ལྗོངས་སུ་སོང་ལ་སྨན་པ་ལ་སྨོས་ཏེ་སྨན་སྟེན་ཅིག་དང་སོས་པར་འགྱུར་རོ། །དེས་སྨྲས་པ། ཚེ་དང་ལྡན་པ་དག་སྐྱེ་བོ་མང་པོ་ལ་མི་སྡུག་པ། སྐྱེ་བོ་མང་པོ་མི་འདོད་པ། སྐྱེ་བོ་མང་པོ་མི་དགའ་བ། སྐྱེ་བོ་མང་པོའི་ཡིད་དུ་མི་འོང་བ་

སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་ཆོས་འདི་ལྟ་སྟེ། འཆི་བ་ཞེས་བྱ་བ་གང་ཡིན་པ་དེ་འོང་སྟེ། བདག་ནད་དང་བཅས་ཏེ་ཁྱེར་བར་གྱུར་ན་ཅིའི་ཕྱིར་གྲོང་ཁྱེར་གྱི་མཐར་འགྲོ་དེ་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དེ་ལྟ་མོད་ཀྱི་འོན་ཀྱང་ཇི་ཙམ་དུ་སྐྱེས་བུ་གང་ཟག་ཚུལ་ཁྲིམས་དང་ལྡན་

པ་ཡུན་རིང་དུ་འཚོ་བ་དེ་ཙམ་དུ་བསོད་ནམས་མང་པོ་སོགས་སོ། །ཇི་ཙམ་དུ་བསོད་ནམས་མང་པོ་བསགས་པ་དེ་ཙམ་དུ་མཐོ་རིས་སུ་ཡུན་རིང་དུ་དགའ་བར་འགྱུར་རོ་ཞེས་དེ་དེ་རྣམས་ཀྱིས་སྐུལ་མ་བཏབ་ནས་ལྗོངས་སུ་བབས་ཏེ། རིམ་གྱིས་ཡུལ་ཤི་བིའི་དབྱངས་ཀྱི་རྒྱལ་པོའི་ཕོ་བྲང་དུ་

ཕྱིན་ཏོ། །དེ་ནས་ལམ་གྱིས་དུབ་པ་ངལ་སོས་ནས་སྨན་པའི་དྲུང་དུ་སོང་སྟེ། བཞིན་བཟངས་ཁོ་བོ་འདི་འདྲ་བའི་ནད་ཀྱིས་ཐེབས་ཀྱིས་སྨན་སྟོན་ཅིག །དེས་སྨྲས་པ། འཕགས་པ་ཁྱོད་ཀྱི་སྙུན་ནད་འདི་ཅི་འདྲ་བ་ཁོ་ན་རྒྱལ་པོའི་སྲས་ཀྱི་ཡང་དེ་ཁོ་ན་འདྲ་ནས་ལོ་བཅུ་གཉིས་ཀྱིས་བཅུད་

ཐམས་ཅད་མར་དང་བཙོས་པ་མཆིས་ཀྱིས་བཞུད་ལ་སློངས་ཤིག་དང་། གལ་ཏེ་སྐལ་བའི་ཁྱད་པར་ཅན་གྱིས་བཅུད་དེ་ཐོབ་ན་དེས་ན་ཁྱོད་འཚོ་བར་འགྱུར་རོ། །དེ་རྒྱལ་པོའི་ཕོ་བྲང་དུ་སོང་ནས་སྒོ་ཀར་བསྡད་དེ། རྒྱལ་པོ་དེའི་ཀུན་ཏུ་སྤྱོད་པ་ནི་སློང་བ་པོའི་སྐྱེ་བོ་སྦྲོན་དུ་གཞུག་པའི་

เล่ม ๓ · หน้า 110a

ཕྱིར་སྒོར་རྒྱུན་དུ་དྲིལ་འདོགས་ཏེ། གང་གི་ཚེ་སློང་བ་པོ་སྒོ་ན་འདུག་པ་དེའི་ཚེ་དེ་དཀྲོལ་བར་བྱེད་དོ། །ཅི་ཙམ་ན་རང་སངས་རྒྱས་འོངས་ནས་དྲིལ་ཏེ་དཀྲོལ་ཏོ། །དེ་ནས་རྒྱལ་པོའི་བུས་ཕ་དང་མ་ལ་སྨྲས་པ། ཡབ་ཡུམ་སློང་བ་པོ་ཞིག་མཆིས་ཀྱིས་ཅི་ཞིག་སློང་སྨྲོས་

ཤིག །དེ་གཉིས་ཀྱིས་སྨྲས་པ། བུ་བདག་ཅག་གིས་ལོ་བཅུ་གཉིས་སུ་རྫས་རྣམས་བསོགས་ཏེ་བཙོས་ནས་བྱས་པའི་བཅུད་འདི་རེ་ཞིག་འཐུང་ཤིག་དང་། ཕྱི་ནས་སློང་བ་པོ་ནང་དུ་བཀུག་ལ་ཅི་སློང་བ་སྨྲའོ། །དེ་ངོ་མཚར་དང་བཀྲ་ཤིས་དང་བདེ་ལེགས་སུ་གྱུར་པ་དག་བྱས་ནས་

མར་འཐུང་བར་འདོད་ན་སློང་བ་པོའི་སྐྱེ་བོའི་རེ་བས་ལུས་ཀྱི་གནད་དུ་ཕོག་ནས་མར་དེ་མ་འཐུངས་པར་སྨྲས་པ། ཡབ་ཡུམ་རེ་ཞིག་སློང་བ་པོ་ནང་དུ་མ་བཀུག་གི་བར་དུ་མི་འཚལ་ལོ། །རྒྱལ་པོས་སྒོ་བ་ལ་བསྒོ་བ། སློང་བ་པོ་ནང་དུ་ཐོང་ཤིག །དེ་ནང་དུ་ཞུགས་པ་དང་རྒྱལ་པོའི་

བུས་ལུས་མཛེས་པ་དང་། སེམས་དད་པ་དང་། སྤྱོད་ལམ་ཞི་བས་ཞུགས་པ་མཐོང་ནས་དེས་སྨྲས་པ། འཕགས་པ་ཅི་ཞིག་བཞེད། དེས་རྒྱས་པར་སྨྲས་པ་དང་། དེས་སྨྲས་པ། འཕགས་པ་བཅུད་ནི་ཁྱོད་ཁོ་ན་ལ་འོས་ཀྱི་བདག་ལ་མ་ལགས་ཀྱི་དབུལ་གྱིས་བཞེས་ཤིག །

དེས་ལྷུང་བཟེད་བཟེད་པ་དང་། རྒྱལ་པོའི་བུ་བསམ་པ་དྲག་པོས་ལྷུང་བཟེད་དེར་བཅུད་བླུགས་སོ། །བདག་ཉིད་ཆེན་པོ་དེས་ཀྱང་རྒྱལ་པོའི་བུ་ལ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་ལྡན་པའི་སེམས་བསྐྱེད་པ་དང་། ཚུལ་ཁྲིམས་དང་ལྡན་པའི་སྨོན་ལམ་ནི་འགྲུབ་པར་འགྱུར་ལ། དེ་

ཡང་ཚུལ་ཁྲིམས་རྣམས་རྣམ་པར་དག་པའི་ཕྱིར་གཉིས་ཀ་ཡང་སོས་པར་གྱུར་ཏོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་རྒྱལ་བུ་གཞོན་ནུ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ཏེ། དེ་ན་ཡང་ང་ནད་པ་རྣམས་ལ་བྱམས་པར་བྱེད་ན་ད་ལྟ་ལྟ་སྨོས་ཀྱང་ཅི་དགོས། བཙུན་པ་རྒྱལ་

བུ་དང་རང་སངས་རྒྱས་དེས་ལས་ཅི་ཞིག་བགྱིས་ན། དེས་ན་གཉིས་ཀ་མཉམ་དུ་བྲོས་ཐེབས་ལ་མཉམ་དུ་སོས་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་གཉིས་ཁོ་ནས་སྔོན་གྱི་ཚེ་རབས་གཞན་རྣམས་སུ་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ།

เล่ม ๓ · หน้า 110b

འོད་པ་བཞིན་དུ་ཉེ་བར་གནས་པ་གདོན་མི་ཟ་བར་གནས་པ་འབྱུང་བར་འགྱུར་བའི་ལས་དག་བྱས་ཤིང་བསགས་པས་འདི་གཉིས་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་

པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་

བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ་བཱ་རཱ་ཎ་སཱིའི་གྲོང་ཁྱེར་དུ་རྒྱལ་པོ་ཚངས་བྱིན་ཞེས་བྱ་བ་བྱུང་སྟེ། དེ་ལ་བུ་གཉིས་ཡོད་པ་ལས་ནུ་བོ་ཤོས་གང་ཡིན་པ་དེ་རྒྱལ་སྲིད་

ལ་དགའ་བར་གྱུར་ཏོ། །མདུན་ན་འདོན་ལ་ཡང་བུ་གཉིས་ཡོད་པ་ལས་ནུ་བོ་ཤོས་གང་ཡིན་པ་དེ་མདུན་ན་འདོན་འདོད་པར་གྱུར་ཏེ། སེམས་ཅན་རྣམས་ནི་ཁམས་ཀྱི་སྒོ་ནས་ཤེད་འཕྲོད་པ་ཡིན་པས་དེ་གཉིས་ཕན་ཚུན་དུ་ཡིད་གཅུགས་པར་གྱུར་ནས་རྒྱལ་བུས་སྨྲས་པ། ཐབས་ཅི་ཞིག་བྱས་ན་

དེས་ན་ང་རྒྱལ་པོར་འགྱུར། དེས་སྨྲས་པ། ཁྱོད་ཀྱིས་གལ་ཏེ་བདག་མདུན་ན་འདོན་དུ་གཞུག་ན་ནི་ཐབས་མཆིས་ཀྱིས་སྙན་དུ་གསོལ་བར་བགྱིའོ། །དེས་སྨྲས་པ། དེ་ལྟར་བྱ་སྟེ་གཞུག་གིས་སྨྲོས་ཤིག །དེས་སྨྲས་པ། བདག་གིས་ཁྱོད་ཀྱི་གཅེན་ཞ་བོར་བགྱིས་དང་ཁྱོད་རྒྱལ་

པོར་འགྱུར་རོ། །དེས་རྗེས་སུ་ཡི་རང་ངོ་། །དེ་ནས་དེས་རྒྱལ་བུ་ཕུ་བོ་ཤོས་དེ་སྨན་མ་ཡིན་པ་བྱིན་ནས་ཞ་བོར་གྱུར་ཏོ། །དུས་གཞན་ཞིག་ན་རྒྱལ་པོ་ཤི་ནས་བློན་པོ་རྣམས་ཀྱིས་དེ་ནི་ཞ་བོར་གྱུར་ཏོ་སྙམ་ནས་ནུ་བོ་ཤོས་རྒྱལ་པོར་དབང་བསྐུར་ཏོ། །དེས་ཀྱང་མདུན་ན་འདོན་གྱི་ནུ་བོ་ཤོས་

གང་ཡིན་པ་དེ་མདུན་ན་འདོན་དུ་བཅུག་གོ། །ཇི་ཙམ་དུས་གཞན་ཞིག་ན་རྒྱལ་པོ་མདུན་ན་འདོན་དང་ལྷན་ཅིག་ཏུ་བྲེ་མོ་གཏམ་སྨྲ་ཞིང་འདུག་པ་ལས་རྒྱལ་པོས་ཕུ་བོ་ཞ་བ་དེ་མཐོང་ངོ་། །དེས་དེ་མཐོང་ནས་འགྱོད་པར་གྱུར་ཏེ། བདག་གིས་རྒྱལ་པོའི་སྲིད་ཀྱི་ཕྱིར་ཕུ་བོ་ཞ་བར་བྱས་

เล่ม ๓ · หน้า 111a

པ་གང་ཡིན་པ་དེ་ནི་མ་ལེགས་པ་ཞིག་བྱས་སོ། །ལྷ་བདག་ཀྱང་འགྱོད་པར་གྱུར་གྱིས། གལ་ཏེ་ལྷ་དགྱེས་ན་འདི་ཕྱིར་སྔོན་གྱི་ཇི་ལྟ་བ་བཞིན་དུ་བགྱིའོ། །དེས་སྨྲས་པ། གནང་གིས་བྱོས་ཤིག །དེས་དེ་ལ་སྨན་བྱིན་ནས་སོས་པར་གྱུར་ཏོ། །དེ་ནས་དེ་གཉིས་

ཀྱིས་རང་སངས་རྒྱས་ཤིག་ལ་བྱ་བ་བྱས་ནས་སྨོན་ལམ་གདབ་པར་བརྩམས་པ། གང་ཡང་བདག་ཅག་གིས་ཡོན་གནས་དམ་པ་འདི་ལྟ་བུ་ལ་བྱ་བ་བྱས་པའི་ལས་འདིའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་ཞིང་ཞ་བོར་བྱས་པའི་སྡིག་པའི་ལས་འདིའི་

རྣམ་པར་སྨིན་པ་ཉམས་སུ་མི་མྱོང་བར་གྱུར་ཅིག་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་རྒྱལ་པོའི་བུ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །མདུན་ན་འདོན་གྱི་བུ་གང་ཡིན་པ་དེ་ནི་རང་སངས་རྒྱས་དེ་ཉིད་ཡིན་ནོ། །དེ་གཉིས་ཀྱིས་གྲོས་བྱས་ནས་རྒྱལ་བུ་གཞོན་ནུ་

ལ་སྨན་མ་ཡིན་པ་བྱིན་པ་གང་ཡིན་པ་དེས་ན་མཉམ་དུ་ཞ་བོར་གྱུར་ཏོ། །ཡང་འགྱོད་པར་གྱུར་པས་དེ་གཉིས་ཀྱིས་གྲོས་བྱས་ཏེ་སླར་སྨན་བྱིན་པ་གང་ཡིན་པ་དེས་ན་མཉམ་དུ་སོས་པར་གྱུར་ཏོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་

གཅིག་ཏུ་གནག་པ་ཡིན་ལ། གཅིག་ཏུ་དཀར་བ་རྣམས་ཀྱི་ནི་གཅིག་ཏུ་དཀར་བ་དང་འདྲེན་མ་རྣམས་ཀྱི་ནི་འདྲེན་མ་སྟེ། དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་དང་། འདྲེན་མ་རྣམས་ནི་སྤངས་ལ། ལས་གཅིག་ཏུ་དཀར་བ་རྣམས་ལ་བརྩམ་པར་བྱ་སྟེ། དགེ་

སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ། །གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་མཉན་ཡོད་ན་ཁྱིམ་བདག་ཚོང་དཔོན་ཞེས་བྱ་བ་ཕྱུག་ཅིང་ནོར་མང་བ་ལོངས་སྤྱོད་ཆེ་བ་ཡོངས་སུ་བཟུང་བ་ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་

འགྲན་པ་ཞིག་གནས་སོ། །དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་བུ་མེད་ཅིང་བུ་མངོན་པར་འདོད་པས་ཞི་བ་དང་ཆུ་ལྷ་དང་། ལུས་ངན་དང་། བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་ལ་གསོལ་བ་འདེབས་ཤིང་ལྷའི་བྱེ་བྲག་གཞན་ཡང་འདི་ལྟ་སྟེ། ཀུན་དགའ་ར་བའི་ལྷ་དག་

เล่ม ๓ · หน้า 111b

དང་། ཚལ་གྱི་ལྷ་དག་དང་། བཞི་མདོའི་ལྷ་དག་དང་། སུམ་མདོའི་ལྷ་དག་དང་། གཏོར་མ་ལེན་པའི་ལྷ་དག་དང་། ལྷན་ཅིག་སྐྱེས་པ་དང་། ཆོས་མཐུན་པའི་ལྷ་དག་དང་། རྟག་ཏུ་རྗེས་སུ་འབྲང་བའི་ལྷ་དག་ལ་ཡང་གསོལ་བ་འདེབས་སོ། །འཇིག་རྟེན་ན་གང་དག་གསོལ་བ་འདེབས་

པའི་རྒྱུ་ལས་བུ་ཕོ་དང་བུ་མོ་དག་སྐྱེའོ་ཞེས་བྱ་བའི་གཏམ་དེ་ལྟ་བུ་ཡོད་དེ། དེ་ནི་དེ་ལྟ་མ་ཡིན་ཏེ། གལ་ཏེ་དེ་ལྟར་གྱུར་དུ་ཟིན་ན་རེ་རེ་ལ་ཡང་འདི་ལྟ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་དུ་བུ་སྟོང་ཡོད་པར་འགྱུར་རོ། །འོན་ཀྱང་གནས་གསུམ་པོ་དག་མངོན་སུམ་དུ་གྱུར་པ་

ལས་བུ་ཕོ་དང་བུ་མོ་དག་སྐྱེ་བར་འགྱུར་ཏེ། གསུམ་པོ་དེ་དག་གང་ཞེ་ན། ཕ་དང་མ་གཉིས་ཆགས་པར་གྱུར་ཅིང་འདུས་པ་དང་། མ་དུས་ལ་བབ་ཅིང་ཟླ་མཚན་དང་ལྡན་པ་དང་། དྲི་ཟ་ཉེ་བར་གནས་པར་གྱུར་པ་སྟེ། གནས་གསུམ་པོ་དེ་དག་མངོན་སུམ་དུ་གྱུར་པ་ལས་བུ་ཕོ་དང་བུ་མོ་

དག་སྐྱེ་བར་འགྱུར་རོ། །དེས་གང་གི་ཚེ་ལྷ་རྣམས་ལ་གསོལ་བ་བྱས་ཀྱང་བུ་ཕོ་དང་བུ་མོ་མེད་པ་དེའི་ཚེ་ལྷ་ཐམས་ཅད་སྤངས་ཏེ་བཅོམ་ལྡན་འདས་ལ་མངོན་པར་དད་པར་གྱུར་ཏོ། །ཇི་ཙམ་ན་དགེ་སློང་ཞིག་གི་དྲུང་དུ་སོང་སྟེ། འཕགས་པ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་

བདག་རབ་ཏུ་འབྱུང་བར་འཚལ་ལོ། །བཞིན་བཟངས་དེ་བཞིན་དུ་གྱིས་ཤིག་ཅེས་དེས་དེ་རིམ་གྱིས་སྐྲ་བྲེགས་ནས་བསླབ་པའི་གཞི་རྣམས་སྦྱིན་པར་བརྩམས་པ་ལས་རིམས་ཆེན་པོས་ཐེབས་ནས་རབ་ཏུ་འབྱུང་བའི་བར་ཆད་དུ་གྱུར་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་

གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རེ་ཞིག་སོས་ཀྱི་བར་དུ་བསླབ་པའི་གཞི་རྣམས་མི་སྦྱིན་ཞིང་དེའི་རིམ་གྲོ་བྱའོ། །བཅོམ་ལྡན་འདས་ཀྱིས་དེའི་རིམ་གྲོ་བྱའོ་ཞེས་བཀའ་སྩལ་ན། དགེ་སློང་རྣམས་ཀྱིས་སུས་བྱ་བ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། དགེ་སློང་རྣམས་དང་སྨན་པས་སོ། །སྨན་པ་རྣམས་ཀྱིས་ཉིན་པར་སྨན་བྱས་ན་མཚན་མོ་ནད་ལ་ཕན་པར་གྱུར་ཏོ། །དེ་རྣམས་ཀྱིས་སྨྲས་པ། འཕགས་པ་འདིའི་དཔྱད་བདག་གིས་གདུགས་ལ་བགྱིས་ན་མཚན་མོ་བྲོ་ལ་ཕན་པར་གྱུར་གྱིས། གལ་ཏེ་

เล่ม ๓ · หน้า 112a

འདི་ཁྱིམ་དུ་བསྐྱལ་ན་བདག་ཅག་གིས་ཉིན་མཚན་དུ་འདིའི་དཔྱད་བགྱིའོ་ཞེས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་དུ་སྐྱོལ་ལ་དེར་ཡང་དེའི་རིམ་གྲོ་བྱེད་པ་སྦྱིན་པར་བྱའོ། །དེའི་ནད་དེ་ཡུན་རིང་

པོར་གྱུར་ནས་དེའི་སྐྲ་རིང་པོ་རིང་པོར་སྐྱེས་པས་ཁྱིམ་བདག་དེ་ཁྱིམ་བདག་མགོ་རེག་ཅེས་པར་གྲགས་སོ། །དེ་གང་གི་ཚེ་རྩ་བ་དང་། སྡོང་བུ་དང་། འདབ་མ་དང་། མེ་ཏོག་དང་འབྲས་བུའི་སྨན་གྱིས་བསྙེན་བཀུར་བྱས་པ་ལས། སླར་ལན་བར་གྱུར་པ་དེའི་ཚེ་དེས་བདག་ནི་འཆིའོ་ཞེས་བྱ་བར་རང་

གི་ཆ་ཆོད་ནས། དེ་ན་དེས་འཆི་ཀའི་ཚེ་རང་གི་ནོར་ཐམས་ཅད་གླེགས་བུ་ལ་བྲིས་ཏེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་བསྐུར་རོ། །དེ་ནི་ཤིའོ། །བློན་པོ་རྣམས་ཀྱིས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་སྨྲས་པ། ལྷ་ཁྱིམ་བདག་མགོ་རེག་བུ་མ་མཆིས་པར་གུམ་སྟེ། དེ་ལ་དབྱིག་དང་། གསེར་

དང་། གླང་པོ་ཆེ་དང་། རྟ་དང་། བ་ལང་དང་། མ་ཧེ་དང་། གོ་ཆ་ལ་སོགས་ཏེ་ཕལ་མོ་ཆེ་ཞིག་མཆིས་པ་དེ་ཐམས་ཅད་གླེགས་བུ་ལ་བྲིས་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་འཕགས་པའི་དགེ་འདུན་ལ་ཕུལ་ལོ། །རྒྱལ་པོས་སྨྲས་པ། འཕགས་པ་ཉེ་དགའ་དབང་བ་གླེགས་བུ་ལ་མ་བྲིས་པ་

ཡང་ངས་མ་ཐོབ་ན་གླེགས་བུ་ལ་བྲིས་པ་ལྟ་སྨོས་ཀྱང་ཅི་དགོས། འོན་ཀྱང་བཅོམ་ལྡན་འདས་ཀྱིས་གནང་བ་གང་ཡིན་པ་དེ་ལོང་ཤིག་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་ལ་ཅི་དག་

ཡོད།། །།བར་སྡོམ་ལ། གཞི་དང་གནས་མལ་གོས་དང་ནི། །ལྕགས་ནག་ལྕགས་དང་ལྷམ་མཁན་དང་། །རྫ་མཁན་འདྲེག་མཁན་ཤིང་མཁན་སོགས། །ཚོན་རྩི་མདུང་ཤིང་བར་བུར་དང་། །རྐང་གཉིས་རྣམས་དང་རྐང་བཞི་དང་། །ཟས་དང་བཏུང་བ་སྨན་དང་ནི། །བྲན་

དང་གདིང་བ་དཔང་རྒྱ་དག །ཅི་རིགས་པར་ནི་བགོ་བར་བྱ། །དབྱིག་རྣམས་དང་ནི་གསེར་རྣམས་དང་། །གཞན་ཡང་རྡུངས་བྱས་རྡུངས་མ་བྱས། །དགེ་འདུན་འདུས་ནས་བགོའོ་ཞེས། །དྲང་སྲོང་ཆེན་པོས་བཀའ་སྩལ་ཏོ། །དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་

เล่ม ๓ · หน้า 112b

འདས་ཀྱིས་བཀའ་སྩལ་པ། ཅི་རིགས་པར་བགོ་བར་བྱ་སྟེ། དེ་ལ་ཞིང་གི་གཞི་དང་། ཁྱིམ་གྱི་གཞི་དང་། ཚོང་ཁང་གི་གཞི་དང་། གནས་མལ་དང་། ལྕགས་ནག་གི་མགར་བའི་ལག་སྤྱད་དང་། ལྕགས་མགར་གྱི་ལག་སྤྱད་དང་། རྫ་མཁན་གྱི་ལག་སྤྱད་དང་། ཤིང་

མཁན་གྱི་ལག་སྤྱད་དང་། སྨྱུག་མ་མཁན་གྱི་ལག་སྤྱད་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། ཁ་ཟས་དང་། བཏུང་བ་དང་། འབྲུ་རྣམས་ནི་མི་བགོ་བར་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་གྱི་ཕྱིར་སྤྱིར་གཞག་པར་བྱའོ། །རས་

ཡུག་དང་། རས་ཡུག་ཆེན་དང་། ཀོ་སྒྲོ་དང་། མཆིལ་ལྷམ་དང་། འབྲུ་མར་གྱི་སྣོད་དང་། རིལ་བ་དང་། བྱ་མ་བུམ་རྣམས་ནི་དགེ་འདུན་ཚོགས་པས་བགོ་བར་བྱའོ། །མདུང་ཤིང་རིང་པོ་གང་ཡིན་པ་དེ་དག་ནི་འཛམ་བུ་ལྟ་བུའི་སྐུའི་གཟུགས་བརྙན་གྱི་རྒྱལ་མཚན་གྱི་ཤིང་བྱའོ། །

ཐུང་ངུ་གང་ཡིན་པ་དེ་དག་ནི་ཁར་གསིལ་གྱི་ཡུ་བར་བྱས་ལ་དགེ་སློང་རྣམས་ལ་སྦྱིན་པར་བྱའོ། །ཁྱེའུ་དང་བུ་མོ་ནི་དགེ་འདུན་གྱིས་མི་བསྒྱུར་ཏེ་ཅི་རིགས་པ་ཞིག་བླངས་ནས་ཅི་བདེ་བར་གཏང་བར་བྱའོ། །རྐང་བཞི་པ་རྣམས་ལས་གླང་པོ་ཆེ་དང་། རྟ་དང་། རྔ་མོ་དང་། བོང་བུ་དང་། དྲེའུ་

རྣམས་ནི་རྒྱལ་པོ་ལ་དབུལ་བར་བྱའོ། །བ་ལང་དང་། མ་ཧེ་དང་། ར་དང་། ལུག་རྣམས་ནི་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་གྱི་ཕྱིར་སྤྱིར་གཞག་སྟེ་མི་བགོའོ། །འཐབ་སྟན་དང་། གོ་ཆ་དང་། གཞན་ཡང་རྒྱལ་པོ་ལ་འོས་པ་གང་ཡིན་པ་ཐམས་ཅད་ནི་རྒྱལ་པོ་ལ་དབུལ་བར་བྱའོ། །

མཚོན་ཆ་རྣམས་བཞག་ལ་དེ་རྣམས་གྲེའུ་དང་། ཁབ་དང་། ཁར་གསིལ་དུ་བརྡུངས་ཏེ་དགེ་འདུན་ལ་བྲིམ་པར་བྱའོ། །ཚོན་རྣམས་ལས་ཚོན་རྩི་ཆེན་པོ་གང་ཀུས་དང་། མཚལ་དང་། མཐིང་ཤིང་ལ་སོགས་པ་གང་ཡིན་པ་དེ་དག་ནི་སྐུའི་གཟུགས་བརྙན་གྱི་ཕྱིར་དྲི་གཙང་ཁང་དུ་གཞག་

པར་བྱའོ། །ཐོད་ལོ་ཀོར་དང་། བཙག་དང་། རམས་ནི་དགེ་འདུན་གྱིས་བགོ་བར་བྱའོ། །ཆང་ནི་ཡོངས་བླུགས་ལས་དོང་དུ་གཞུག་པར་བྱ་སྟེ། ཚྭར་གྱུར་ན་ལོངས་སྤྱད་པར་བྱའོ། །ཚྭར་མ་གྱུར་ན་དོར་བར་བྱའོ། །དགེ་སློང་དག་ང་སྟོན་པ་ཡིན་པར་ཁས་ལེན་པ་རྣམས་ཀྱིས་ཆང་མི་སྦྱིན་

เล่ม ๓ · หน้า 113a

ཞིང་ཐ་ན་རྩྭ་མཆོག་གིས་ཀྱང་མི་བཏུང་ངོ་། །སྨན་རྣམས་ནི་ནད་ཁང་རུང་བར་གཞག་པར་བྱ་ཞིང་དེ་ནས་དགེ་སློང་ནད་པ་རྣམས་ཀྱིས་ལོངས་སྤྱད་པར་བྱའོ། །རིན་པོ་ཆེ་རྣམས་ལས་མུ་ཏིག་མ་གཏོགས་པར་ནོར་བུ་དང་། བཻ་ཌཱུརྱ་དང་། དུང་གཡས་སུ་འཁྱིལ་པ་ལ་སོགས་པ་ནི་ཆ་

གཉིས་སུ་བྱས་ཏེ། གཅིག་ནི་ཆོས་ལའོ། །ཅིག་ཤོས་ནི་དགེ་འདུན་ལའོ། །ཆོས་ཀྱི་གང་ཡིན་པ་དེས་ནི་སངས་རྒྱས་ཀྱི་གསུང་བྲི་བར་བྱའོ། །སེང་གེའི་ཁྲི་བརྒྱན་པར་བྱའོ། །དགེ་འདུན་གྱི་གང་ཡིན་པ་དེ་ནི་དགེ་སློང་རྣམས་ཀྱིས་བགོ་བར་བྱའོ། །གླེགས་བམ་རྣམས་ལས་སངས་རྒྱས་

ཀྱི་གསུང་རབ་ཀྱི་གླེགས་བམ་རྣམས་ནི་མི་བགོ་བར་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་གྱི་ཆེད་དུ་སྤྱིར་མཛོད་དུ་གཞུག་པར་བྱའོ། །ཕྱི་རོལ་པའི་བསྟན་བཅོས་ཀྱི་གླེགས་བམ་རྣམས་ནི་བཙོངས་ལ་བགོ་བར་བྱའོ། །ཆགས་རྒྱ་ནི་མྱུར་དུ་འགྲུབ་པར་ནུས་པ་གང་ཡིན་པ་དེ་ནི་རྫས་འགེད་པའི་ཚེ་

དགེ་སློང་རྣམས་ཀྱིས་བགོ་བར་བྱའོ། །མི་ནུས་པ་གང་ཡིན་པ་དེ་ནི་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་གྱི་ཆེད་དུ་སྤྱིར་མཛོད་དུ་གཞུག་པར་བྱའོ། །གསེར་དང་། དབྱིག་དང་། གཞན་ཡང་རྡུངས་སུ་བྱས་པ་དང་། རྡུངས་སུ་མ་བྱས་པ་གང་ཡིན་པ་དེ་ནི་ཆ་གསུམ་དུ་བྱས་ཏེ། གཅིག་

ནི་སངས་རྒྱས་ལའོ། །གཉིས་པ་ནི་ཆོས་ལའོ། །གསུམ་པ་ནི་དགེ་འདུན་ལའོ། །སངས་རྒྱས་ཀྱི་གང་ཡིན་པ་དེས་ནི་དྲི་གཙང་ཁང་དང་དབུ་སྐྲ་དང་སེན་མོའི་མཆོད་རྟེན་གྱི་རལ་བ་དང་འདྲུམས་པ་སླར་བཅོས་པར་བྱའོ། །ཆོས་ཀྱི་གང་ཡིན་པ་དེས་ནི་སངས་རྒྱས་ཀྱི་གསུང་བྲི་བར་བྱའོ། །

སེང་གེའི་ཁྲི་བརྒྱན་པར་བྱའོ། །དགེ་འདུན་གྱི་གང་ཡིན་པ་དེ་ནི་དགེ་སློང་རྣམས་ཀྱིས་བགོ་བར་བྱའོ། །གླེང་གཞི་ནི་མཉན་ཡོད་ནའོ། །གང་གི་ཚེ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ཆུ་བཟངས་ཀྱི་དུས་སྟོན་བཙུགས་པ་དེའི་ཚེ་དེ་ན། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་

དང་། དགེ་བསྙེན་མ་རྣམས་མང་དུ་ཚོགས་པར་གྱུར་ཏོ། །དེའི་ཚེ་དགེ་སློང་ཁྲུམས་སྟོད་དགེ་སློང་མས་བཀུར་བ་ཡིན་པས་ཆུ་བཟངས་ཀྱི་དུས་སྟོན་བཙུགས་པའི་དགེ་སློང་མ་རབ་ཏུ་མང་པོས་ཚེ་དང་ལྡན་པ་ཁྲུམས་སྟོད་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་ཆུ་བཟངས་ཀྱི་དུས་སྟོན་

เล่ม ๓ · หน้า 113b

ལ་སྤྱན་འདྲེན་གྱིས་གཤེགས་སོ། །དེས་སྨྲས་པ། བདག་གི་ཆོས་གོས་དང་ལྷུང་བཟེད་ཕྱིར་སུ་ལ་བཅོལ། དགེ་སློང་མ་བཅུ་གཉིས་སྡེ་རྣམས་ཀྱིས་སྨྲས་པ། འཕགས་པ་ཐུགས་ལས་ཆུང་ངུར་མཛོད་ཅིག་དང་། བདག་ཅག་གིས་གཞག་པར་བགྱིའོ། །དེས་དེ་རྣམས་ལ་གཞག་

པ་དང་དེ་རྣམས་ཀྱིས་སྐྱེ་དགུའི་བདག་མོ་ཆེན་མོ་ལ་གཏད་དོ། །སྐྱེ་དགུའི་བདག་མོ་ཆེན་མོས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོ་ལའོ། །ཚེ་དང་ལྡན་པ་ཀུན་དགའ་བོས་ཀྱང་གཙུག་ལག་ཁང་ཞིག་ཏུ་གཞག་གོ། །དེ་ནས་ཚེ་དང་ལྡན་པ་ཁྲུམས་སྟོད་ཆུ་བཟངས་ཀྱི་དུས་སྟོན་ལ་འོངས་

པ་དང་། དེ་ན་དེ་དགེ་སློང་མ་རྣམས་ཀྱིས་མགྲོན་དུ་བོས་པ་ཡིན་པས་གཅིག་གིས་སྨྲས་པ། འཕགས་པ་དེང་བདག་གིས་ཞལ་ཚུས་བགྱིའོ། །གཞན་དང་གཞན་དག་གིས་ཀྱང་གཡར་ཚུས་ལ་བོས་སོ། །གཞན་དག་གིས་སྨྲས་པ། འཕགས་པ་བདག་གི་གདུགས་ཚོད་གསོལ་

ཅིག །དེ་བཞིན་དུ་གཞན་དང་གཞན་དག་གིས་ཀྱང་སྨྲས་སོ། །གཞན་ཞིག་གིས་སྨྲས་པ། འཕགས་པ་བདག་གི་དུས་མ་ལགས་པའི་བཏུང་བ་གསོལ་ཅིག །དེ་བཞིན་དུ་གཞན་དང་གཞན་དག་གིས་ཀྱང་སྨྲས་ནས་དེས་དེ་རྣམས་ཀྱི་སེམས་བསྲུང་བའི་ཕྱིར་གཡར་ཚུས་རྣམས་

ལས་ཅུང་ཟད་ཅུང་ཟད་བླངས་དེ་བཞིན་དུ་དྲོ་ཡང་ཟོས། དུས་མ་ཡིན་པའི་བཏུང་བ་བླུད་པ་ཡང་འཐུངས་པ་དང་དེ་ཙེག་ཙེག་པ་ཡོར་ལངས་ནས། དེ་ཡང་ལམ་གྱིས་དུབ་པ་དེས་མང་པོར་ཟོས་པ་དེས་མ་ཞུ་བར་གྱུར་ཏེ་གསུད་དེ་ཤིའོ། །དེ་དགེ་སློང་རྣམས་ཀྱིས་དུར་ཁྲོད་དུ་བསྲེགས་

ནས་ཆོས་བསྒྲགས་པ་བྱས་ནས་རིམ་གྱིས་གཙུག་ལག་ཁང་དུ་ལྷགས་སོ། །གོས་འགེད་པས་ནད་གཡོག་ལ་སྨྲས་པ། དེའི་ལྷུང་བཟེད་དང་ཆོས་གོས་འོན་ཅིག །དེས་སྨྲས་པ། དེས་བཅུ་གཉིས་སྡེ་རྣམས་ཀྱི་ལག་ཏུ་བཞག་གོ། །དེ་རྣམས་ལ་དྲིས་པ་དང་། སྨྲས་པ་

བདག་ཅག་གིས་སྐྱེ་དགུའི་བདག་མོ་ཆེན་མོའི་ལག་ཏུ་བཞག་གོ། །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོས་སྨྲས་པ། བདག་གིས་འཕགས་པ་ཀུན་དགའ་བོ་ལ་གཏད་དོ། །ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ། བདག་གིས་གཙུག་ལག་ཁང་ཆེ་གེ་མོ་ཞིག་ཏུ་བཞག་གོ་ཞེས་པའི་སྐབས་

เล่ม ๓ · หน้า 114a

དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤི་བའི་ཡོ་བྱད་ཀྱི་སྐྱིན་པར་དགེ་སློང་ཀུན་དགའ་བོ་བྱིན་གྱིས་བརླབ་པར་བྱའོ། །བྱིན་གྱིས་བརླབ་པ་ཡང་འདི་ལྟར་བྱ་སྟེ། གཎྜཱི་བརྡུངས་ལ་དགེ་འདུན་ཐམས་ཅད་

ཚོགས་ཤིང་མཐུན་པར་གྱུར་པ་དང་། དགེ་སློང་གཅིག་གིས་གསོལ་བར་བྱའོ། །འདི་ལྟར་བྱ་སྟེ། གནས་མལ་བཤམ་པར་བྱས་ལ་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བགོ་ལ། དགེ་འདུན་ཐམས་ཅད་ཚོགས་ཤིང་མཐུན་པར་གྱུར་བ་དང་དགེ་སློང་གཅིག་

གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་འདིར་དགེ་སློང་ཁྲུམས་སྟོད་གུམ་ན་དེའི་ལྷུང་བཟེད་དང་ཆོས་གོས། གོས་དང་གོས་ཀྱི་རིན་དང་བཅས་པ་ཀུན་དགའ་བོའི་སུག་པ་ན་མཆིས་ཀྱིས་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་

དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འདི་ལྟར་དགེ་འདུན་གྱིས་དགེ་སློང་ཁྲུམས་སྟོད་གུམ་པའི་ཡོ་བྱད་ལྷུང་བཟེད་དང་ཆོས་གོས་དང་གོས་ཀྱི་རིན་དུ་བཅས་པའི་དངོས་པོའི་སྐྱིན་པར་དགེ་སློང་ཀུན་དགའ་བོ་བྱིན་གྱིས་བརླབ་པར་བགྱིའོ། །འདི་ནི་གསོལ་བའོ། །སངས་རྒྱས་བཅོམ་

ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་དགེ་སློང་ཡང་གཞན་དུ་གུམ། ལྷུང་བཟེད་དང་ཆོས་གོས་ཀྱང་གཞན་ན་མཆིས། དངོས་པོའི་སྐྱིན་པ་ཡང་གཞན་ན་མཆིས་ན་དེའི་ཆོས་གོས་དང་ལྷུང་བཟེད་གང་དབང་བར་འགྱུར་ལགས། ཉེ་བ་འཁོར་དངོས་པོའི་སྐྱིན་

པའི་དགེ་སློང་ངམ་ཁྱིམ་གང་ན་ཡོད་པའོ། །གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་དགེ་སློང་ལག་གི་བླ་ཞིག་ཤིའོ། །དགེ་སློང་རྣམས་དེའི་ལྷུང་བཟེད་དང་ཆོས་གོས་ལ་འགྱོད་པས་མ་བགོས་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་

ཀྱིས་བཀའ་སྩལ་པ། དགེ་འདུན་ཐམས་ཅད་བསོགས་ལ་ཅི་འདྲེས་སམ་མ་འདྲེས་པར་གྱུར་པ་དེ་བརྟག་པར་བྱའོ། །གལ་ཏེ་འདྲེས་ཏེ་དགེ་འདུན་གྱི་ནི་མཆོད་རྟེན་གྱིར་བྱས་ལ། མཆོད་རྟེན་གྱི་ནི་དགེ་འདུན་གྱིར་གྱུར་ན། དེ་ལྟ་བུ་ཆོས་དང་མི་མཐུན་པ་ཡིན་པས་དེའི་ལྷུང་བཟེད་དང་

เล่ม ๓ · หน้า 114b

ཆོས་གོས་དང་གོས་ཀྱི་རིན་དང་བཅས་པ་ལ་ཆ་གསུམ་དུ་བྱས་ཏེ། སངས་རྒྱས་དང་ཆོས་དང་དགེ་འདུན་ནོ། །དགེ་འདུན་གྱི་ནི་དགེ་སློང་རྣམས་ཀྱིས་བགོ་བར་བྱའོ། །སངས་རྒྱས་ཀྱི་ནི་སངས་རྒྱས་ལ་མཆོད་པ་དང་། དྲི་གཙང་ཁང་དང་མཆོད་རྟེན་གྱི་ལག་གི་བླའི་སར་སྤྱད་པར་བྱའོ། །

དམ་པའི་ཆོས་ཀྱི་ནི་སངས་རྒྱས་ཀྱི་གསུང་བྲི་བར་བྱའོ། །སེང་གེའི་ཁྲི་བརྒྱན་པར་བྱའོ། །གལ་ཏེ་འདྲེས་པར་མ་གྱུར་ན་ཐམས་ཅད་དགེ་སློང་རྣམས་ཁོ་ནས་བགོ་བར་བྱ་སྟེ། དེ་ལ་འགྱོད་པར་མི་བྱའོ། །གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་དགེ་སློང་རབ་ཏུ་མང་པོ་དག་ལྗོངས་རྒྱུ་

ཞིང་དོང་བ་ལས་རིམ་གྱིས་མཉན་ཡོད་ཀྱི་གྲོང་ཁྱེར་དང་ཉེ་བ་ཞིག་ཏུ་ཕྱིན་པ་དང་དེ་རྣམས་ཀྱི་ནང་ནས་དགེ་སློང་ཅིག་ཤིའོ། །དེ་རྣམས་ཀྱིས་བསམས་པ། གཙུག་ལག་ཁང་ན་འདུག་པའི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱང་སྐལ་བ་འདོད་པར་འགྱུར་དུ་འོང་གིས། །གཙུག་ལག་

ཁང་གི་ཕྱི་རོལ་ཏུ་བགོ་བར་བྱའོ་སྙམ་པ་ལས། མཉན་ཡོད་དེ་ན་གནས་པའི་བ་ལང་རྫི་དང་། ཕྱུགས་རྫི་དང་། རྩྭ་ཐུན་དང་། ཤིང་ཐུན་དང་། ལམ་གྱིས་འཚོ་བ་དང་། ལམ་གོལ་བས་འཚོ་བའི་མི་རྣམས་ཀྱིས་ཀུན་ནས་གང་ཞིང་དེ་རྣམས་གང་དང་གང་དུ་འདུག་ནས་འགེད་པར་བྱེད་

པ་དེ་དང་དེར་སྐྱེ་བོའི་ཚོགས་ཆེན་པོས་ཡོངས་སུ་བསྐོར་བར་གྱུར་ནས་དེ་རྣམས་ཀྱིས་བསམས་པ། གཙུག་ལག་ཁང་དང་ཉེ་བ་ཞིག་ཏུ་བགོའོ་སྙམ་ནས། དེ་རྣམས་ཀྱིས་གཙུག་ལག་ཁང་དང་ཉེ་བ་ཞིག་ཏུ་བགོ་བར་བརྩམས་པ་དང་དགེ་སྐོས་ཀྱིས་མཐོང་ནས་སྨྲས་པ། ཚེ་དང་ལྡན་པ་

དག་ཅི་ཞིག་བྱེད། དེ་རྣམས་ཀྱིས་ཇི་ལྟར་གྱུར་པ་བཞིན་སྨྲས་པ་དང་། དེས་སྨྲས་པ། བདག་ཀྱང་མཚམས་སུ་འོངས་པ་ཡིན་ན་ཞེས་དེས་འཁངས་ཀྱང་དེ་རྣམས་ཀྱིས་མ་བྱིན་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། མཚམས་ཀྱི་ནང་ལ་མཚམས་ཀྱི་ནང་དུ་འདུ་ཤེས་ཏེ་ཤི་བའི་ཡོ་བྱད་འགེད་པར་བྱེད་ན་མ་བགོས་པ་ཉེས་པར་བགོས་པ་ཡིན་ཏེ། སླར་ཡང་མཚམས་ན་འདུག་པ་རྣམས་དང་ལྷན་ཅིག་བགོ་བར་བྱ་སྟེ། གཞན་དུ་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེ་བཞིན་དུ་

เล่ม ๓ · หน้า 115a

མཚམས་ཀྱི་ནང་ལ་ཡིད་གཉིས་ཀྱིས་འགེད་པར་བྱེད་ན་མ་བགོས་པ་ཉེས་པར་བགོས་པ་ཡིན་ཏེ། སླར་ཡང་མཚམས་ན་འདུག་པ་རྣམས་དང་ལྷན་ཅིག་བགོ་བར་བྱ་སྟེ། གཞན་དུ་ན་འགལ་ཚབས་ཅན་དུ་འགྱུར་རོ། །མཚམས་ཀྱི་ཕྱི་རོལ་ལ་མཚམས་ཀྱི་ནང་གི་འདུ་ཤེས་

ཀྱིས་འགེད་པར་བྱེད་ན་མ་བགོས་པ་ཉེས་པར་བགོས་པ་ཡིན་ཏེ། སླར་ཡང་མཚམས་ན་འདུག་པ་རྣམས་དང་ལྷན་ཅིག་བགོ་བར་བྱ་སྟེ། གཞན་དུ་ན་འགལ་ཚབས་ཅན་དུ་འགྱུར་རོ། །མཚམས་ཀྱི་ཕྱི་རོལ་ལ་ཡིད་གཉིས་ཀྱིས་འགེད་པར་བྱེད་ན་མ་བགོས་པ་ཉེས་པར་བགོས་པ་ཡིན་ཏེ། སླར་ཡང་མཚམས་ན་

འདུག་པ་རྣམས་དང་ལྷན་ཅིག་བགོ་བར་བྱ་སྟེ། གཞན་དུ་ན་འགལ་ཚབས་ཅན་དུ་འགྱུར་རོ། །གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་དགེ་སློང་གིས་དགེ་སློང་ལ་དགེ་སློང་གི་ལག་ནས་ཆོས་གོས་དག་བསྐུར་བ་ན་དགེ་སློང་དེས་གང་གིས་བསྐུར་བ་དེ་ལ་ཡིད་གཅུགས་པས་སྤྱད་པའི་སྐབས་དེ་

བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་དེས་ཡིད་གཅུགས་པར་བྱ་བ་མ་ཡིན་པ་ལ་ཡིད་གཅུགས་པར་བསྐྱེད་དེ། འདི་ལྟར་གང་གིས་བསྐུར་བ་དེ་ལ་ཡིད་གཅུགས་པས་སྤྱད་དོ། །འོན་ཀྱང་དགེ་སློང་

གིས་དགེ་སློང་ལ་དགེ་སློང་གི་ལག་ནས་ཆོས་གོས་དག་བསྐུར་བ་ན་གང་ལ་བསྐུར་བ་དེ་ལ་ཡིད་གཅུགས་པས་སྤྱད་ན་ལེགས་པར་སྤྱད་པ་ཡིན་ནོ། །གང་གིས་བསྐུར་བ་དེ་ལ་ཡིད་གཅུགས་པས་སྤྱད་ན་ཉེས་པར་སྤྱད་པ་ཡིན་ནོ། །དགེ་སློང་གིས་དགེ་སློང་ལ་ཆོས་གོས་དག་སྐུར་བར་བྱེད་ན་

གང་ལ་བསྐུར་བ་དེ་ནི་ཤི་ལ་གང་གིས་བསྐུར་བ་དེ་ལ་ཡིད་གཅུགས་པས་སྤྱད་ན་ཉེས་པར་སྤྱད་པ་ཡིན་ནོ། །གང་ལ་བསྐུར་བ་དེའི་ཤི་བའི་ཡོ་བྱད་དུ་རུང་བར་བྱིན་གྱིས་རློབ་པར་བྱེད་ན་ལེགས་པར་བྱིན་གྱིས་བརླབས་པ་ཡིན་ནོ། །དགེ་སློང་གིས་དགེ་སློང་ལ་ཆོས་གོས་དག་སྐུར་བར་བྱེད་པ་

ན་གང་གིས་བསྐུར་བ་དེ་ནི་ཤི་ལ་གང་གིས་བསྐུར་བ་དེའི་ཤི་བའི་ཡོ་བྱད་དུ་རུང་བར་བྱིན་གྱིས་རློབ་པར་བྱེད་ན་ཉེས་པར་བྱིན་གྱིས་བརླབས་པ་ཡིན་ནོ། །དགེ་སློང་གིས་དགེ་སློང་ལ་ཆོས་གོས་དག་སྐུར་བར་བྱེད་པ་ན། གང་ལ་བསྐུར་བ་དེས་སླར་བཟློག་ལ། གང་གིས་བསྐུར་བ་དེ་ལ་ཡིད་

เล่ม ๓ · หน้า 115b

གཅུགས་པས་སྤྱད་ན་ལེགས་པར་སྤྱད་པ་ཡིན་ནོ། །གང་ལ་བསྐུར་བ་དེ་ལ་ཡིད་གཅུགས་པས་སྤྱད་ན་ཉེས་པར་སྤྱད་པ་ཡིན་ནོ། །དགེ་སློང་གིས་དགེ་སློང་ལ་ཆོས་གོས་དག་སྐུར་བ་ན་གང་ལ་བསྐུར་བ་དེ་ནི་ཤི་ལ་གང་ལ་བསྐུར་བ་དེའི་ཤི་བའི་ཡོ་བྱད་དུ་རུང་བར་བྱིན་གྱིས་རློབ་པར་བྱེད་ན་

ལེགས་པར་བྱིན་གྱིས་བརླབས་པ་ཡིན་ནོ། །གང་གིས་བསྐུར་བ་དེའི་ཤི་བའི་ཡོ་བྱད་དུ་བྱིན་གྱིས་རློབ་པར་བྱེད་ན་ཉེས་པར་བྱིན་གྱིས་བརླབས་པ་ཡིན་ནོ། །དགེ་སློང་གིས་དགེ་སློང་ལ་ཆོས་གོས་དག་སྐུར་བར་བྱེད་པ་ན་གང་ལ་བསྐུར་བ་དེས་སླར་བཟློག་ལ་གང་གིས་བསྐུར་བ་དེ་ཡང་ཤི་ནས་གང་

ལ་བསྐུར་བ་དེ་ལ་ཡིད་གཅུགས་པས་སྤྱད་ན་ཉེས་པར་སྤྱད་པ་ཡིན་ནོ། །གང་ལ་བསྐུར་བ་དེའི་ཤི་བའི་ཡོ་བྱད་དུ་རུང་བར་བྱིན་གྱིས་རློབ་པར་བྱེད་ན་ལེགས་པར་བྱིན་གྱིས་བརླབས་པ་ཡིན་ནོ། །དགེ་སློང་གིས་དགེ་སློང་ལ་ཆོས་གོས་དག་སྐུར་བར་བྱེད་པ་ན་གང་ལ་བསྐུར་བ་དེས་སླར་བཟློག་ནས་

དེ་ཤི་ལ། གང་གིས་སྐུར་བར་བྱེད་པ་དེ་ཡང་ཤི་ན། དེ་ཤི་བའི་ཡོ་བྱད་དུ་རུང་བར་བྱིན་གྱིས་རློབ་པར་བྱེད་ན་ཉེས་པར་བྱིན་གྱིས་བརླབས་པ་ཡིན་ནོ། །གང་གིས་བསྐུར་བ་དེའི་ཤི་བའི་ཡོ་བྱད་དུ་རུང་བར་བྱིན་གྱིས་རློབ་པར་བྱེད་ན་ལེགས་པར་བྱིན་གྱིས་བརླབས་པ་ཡིན་ནོ། །གོས་ཀྱི་གཞི་རྫོགས་

སོ།། །།

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด