ตัวบทไม่มีชื่อ — ประโยคแรก: གོས་ཀྱི་གཞིའི་བསྡུས་པའི་སྡོམ་ནི
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๓ · หน้า 78a
ཐེག་གི་བ་འདི་ལ་རྒྱུ་ཅི་ཞིག་ཡོད་སྙམ་སྟེ། དེས་ས་ག་མ་ལ་དྲིས་པ་ཞེས་བྱ་བ་ནས་ཙམ་པ་མོ་ནི་མཁས་པ་ཡིན་ནོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་གླང་པོ་ཆེའི་བླ་དཔལ་སྐྱེད་ཅེས་བྱ་བ་དེ་ལ་དུས་གཞན་ཞིག་ན་རྒྱལ་པོ་གཤེ་བར་གྱུར་ཏོ། །
ཞེས་ས་ག་མས་ཐོས་ནས་དེས་རི་དགས་འཛིན་ལ་སྨྲས་པ། ཇོ་བོ་བློན་པོ་ཐམས་ཅད་ལ་མཐར་གྱིས་བཀའ་བབ་པར་འགྱུར་གྱིས། དཔལ་སྐྱེད་ལ་ལྷ་བཟོད་པ་མཛད་དུ་སྩལ་བའི་རིགས་སོ། །དེས་སྨྲས་པ། བུ་མོ་བཟོད་པ་བྱེད་དུ་གཞུག་གོ། །དེ་ནས་དེས་རྒྱལ་པོ་ལ་སྨྲས་པ། ལྷ་དཔལ་
སྐྱེད་ནི་ལྷ་ལ་གློ་བ་ཉེ་བ་ལགས་ན་དེ་ལ་བཟོད་པ་མཛད་དུ་གསོལ། རྒྱལ་པོས་སྨྲས་པ། བཟོད་པར་བྱའོ། །ལྷ་གལ་ཏེ་བཟོད་པར་མཛད་ན་དེའི་དབང་ཐང་དེ་དག་སྩལ་དུ་གསོལ། །དེ་བཞིན་དུ་སྦྱིན་ནོ། །དཔལ་སྐྱེད་ཀྱིས་ཇི་ལྟར་ས་ག་མས་བདག་ལ་རྒྱལ་པོ་བཟོད་པ་བྱེད་དུ་བཅུག་
པ་ཤེས་ནས་དེ་དེ་ལ་ལན་གླན་པའི་བསམ་པས་གནས་སོ། །དུས་གཞན་ཞིག་ན་རི་དགས་འཛིན་ཕོ་མཚན་ལ་ནད་བྱུང་སྟེ། དེའི་རིམ་གྲོ་ས་ག་མ་བྱེད་པ་ལས་དེ་འཛེམ་པར་གྱུར་ཏོ། །དེས་སྨྲས་པ། ཇོ་བོ་འདི་ལ་འཛེམ་དུ་ཅི་མཆིས། ཅི་ཕའི་རིམ་གྲོ་བུ་མོ་མི་བགྱིད་དམ། འོན་ཀྱང་དེ་
འཛེམ་པར་གྱུར་ཏོ། །དེས་བསམས་པ་འདི་བདག་གིས་རིམ་གྲོ་བྱར་ནི་མི་བཏུབ་པས་དེའི་ཆུང་མ་ཞིག་བླང་ངོ་སྙམ་པ་ནས་དེ་དཔལ་སྐྱེད་ཀྱི་ཁྱིམ་དུ་སོང་བ་དང་། དེས་འོངས་པ་ལེགས་སོ་ཞེས་བྱ་བའི་ཚིག་སྨྲས་ནས་སྟན་བསྟབས་ཏེ་འདུག་གོ། །དཔལ་སྐྱེད་ལ་བུ་མོ་ཞིག་ཡོད་པ་དེ་དེས་དེ་
ལ་སྨྲས་པ། བུ་མོ་ས་ག་མའི་རྐང་པ་གཉིས་ལ་ཟུང་ཤིག །ས་ག་མས་སྨྲས་པ། བདག་གིས་འདིའི་རྐང་པ་ལ་གཟུང་བར་འགྱུར་བའི་གནས་གང་ལགས་པ་དེ་ནི་མཆིས་སོ་ཞེས་སྨྲས་ནས་ཡང་སྨྲས་པ། བཀྲ་ཤིས་པར་གྱུར་ཅིག །བཀྲ་ཤིས་པར་གྱུར་ཅིག །དཔལ་སྐྱེད་ཀྱིས་
སྨྲས་པ། ཅི་ཞིག་སློང་། བུ་མོ་སློང་ངོ་། །སུ་ཞིག་གི་ཆེད་དུ། དེས་སྨྲས་པ། གྱོས་པོའི་ཆེད་དུའོ། །དེ་ཅང་མི་སྨྲ་བར་འདུག་གོ། །དཔལ་སྐྱེད་ཀྱི་ཆུང་མས་སྨྲས་པ། དགོག་ཅིག་ན་དེ་ལ་ཅི་སྟེ་སྦྱིན། ས་ག་མས་སྨྲས་པ། མི་རྣམས་ཀྱི་ལང་ཚོ་ནི་ནོར་ཡིན་པས་དཔྱད་དུ་ཅི་ཡོད་
เล่ม ๓ · หน้า 78b
བྱིན་ཅིག །དཔལ་སྐྱེད་ཀྱིས་སྨྲས་པ། བཟང་མོ་བདག་ཅག་ལ་ས་ག་མས་ཕན་བཏགས་ཀྱིས་བྱིན་ཅིག །གལ་ཏེ་དེ་ལྟ་ན་སྦྱིན་པར་བྱའོ། །དེ་ནས་རི་དགས་འཛིན་གྱིས་དཔལ་གྱི་འབྱོར་པ་ཆེན་པོས་བག་མར་བླངས་ནས། དེ་དེའི་རིམ་གྲོ་བྱེད་པར་གྱུར་ཏེ་ས་ག་མ་ནི་དེ་ལྟར་མི་བྱེད་དོ། །
རི་དགས་འཛིན་གྱིས་སྨྲས་པ། བུ་མོ་བདག་ལ་ཚིག་བྱིན་ཅིག །དེས་སྨྲས་པ། ཇོ་བོ་ཅུང་ཟད་ཉམས་པར་མ་གྱུར་ཏམ། བུ་མོ་ཁྱོད་ལ་མས་བསླབས་པ་གང་ཡིན་པ་དེ་ཅུང་ཟད་བླངས་ཏེ་མི་གནས་སམ། ཇོ་བོ་ཐམས་ཅད་བླངས་ལགས་ཏེ། ཉི་མ་དང་ཟླ་བ་གཉིས་ལ་ཕྱག་བྱོས་ཤིག་
ཅེས་མཆི་བ་གང་ལགས་པ་ནི་མནའ་མའི་ཉི་མ་དང་ཟླ་བ་ལྟ་བུ་ནི་གྱོས་སྒྱུག་ལགས་པས་རེ་ཞིག་བདག་གིས་ཕྱག་བགྱིས་ལགས་སོ། །མེ་ལ་བཀུར་སྟི་བྱའོ་ཞེས་མཆི་བ་གང་ལགས་པ་ནི་བུད་མེད་ཀྱི་ཁྱིམ་ཐབ་ནི་མེ་ལྟ་བུ་ལགས་ཏེ། ཁྱིམ་ཐབ་ལ་ཧ་ཅང་བསྙེན་པར་མི་བགྱི། ཧ་ཅང་བསྲིང་
བར་ཡང་མི་བགྱི་སྟེ་བདག་ནི་ཁྱིམ་ཐབ་ལ་མེ་ལྟ་བུར་བསྙེན་བཀུར་བགྱིད་དོ། །མེ་ལོང་ཕྱི་བར་བྱའོ་ཞེས་མཆི་བ་གང་ལགས་པ་ནི་སྡུམ་པ་ནི་མེ་ལོང་ལྟ་བུ་ལགས་པས་རྟག་ཏུ་ཞལ་ཞལ་བགྱི་ཞིང་ཕྱག་དར་བགྱི་བ་ལགས་ཏེ། སྡུམ་པ་དེ་ལ་བདག་གདུགས་གཅིག་བཞིན་དུ་བྱི་དོར་
བགྱིད་ལགས་སོ། །གོས་དཀར་པོ་བགོ་བར་བྱའོ་ཞེས་མཆི་བ་གང་ལགས་པ་ནི་ཁྱིམ་གྱི་ལས་བགྱིད་པ་ན་གོས་གཞན་དག་ཁོ་ནས་སོ། །ལྷ་མཆོད་པ་དང་ཁྱིམ་ཐབ་ཀྱི་དྲུང་དུ་མཆི་བ་ན་ནི་གོས་དཀར་པོ་རྣམས་བགོ་བར་བགྱི་བ་སྟེ། དེ་ཡང་བདག་བགྱིད་ལགས་སོ། །བླང་བར་
བྱའི་སྦྱིན་པར་མི་བྱའོ་ཞེས་མཆི་བ་གང་ལགས་པ་ལ་ཅི་ཞིག་བླང་བར་བགྱི་ཞེ་ན། འཇིག་རྟེན་ལས་ཚིག་ངན་པ་སྨྲས་པའོ། །ཚིག་ངན་པ་ནི་སུ་ལ་ཡང་སྨྲ་བར་མི་བགྱི་བ་སྟེ། དེ་ཡང་བདག་གིས་ཡང་དག་པར་བླངས་ཏེ་གནས་ལགས་སོ། །ཚིག་བསྲུང་བར་བྱའོ་ཞེས་མཆི་བ་གང་
ལགས་པ་ནི་གསང་བའི་ཚིག་མི་འཕེལ་བར་བགྱི་པ་སྟེ། བདག་ལ་ངག་བསྡམ་པ་མཆིས་ལགས་སོ། །ལངས་ནས་སུ་ལ་ཡང་སྟན་བསྟབ་པར་མི་བྱའོ་ཞེས་མཆི་བ་གང་ལགས་པ་ནི་དེ་འདི་སྐད་ཅེས་ཁྱོད་རིགས་ཀྱི་མནའ་མ་ཡིན་པས་ཁྱོད་གནས་དབེན་པ་ན་འདུག་པར་བྱའོ་ཞེས་
เล่ม ๓ · หน้า 79a
མཆི་བ་ལགས་ཏེ། བདག་དབེན་པ་ཁོ་ན་ན་མཆིས་ལགས་སོ། །ཞིམ་པོ་བཟའ་བར་བྱའོ་ཞེས་མཆི་བ་གང་ལགས་པ་ནི་ཤིན་ཏུ་བཀྲེས་ནས་བཟའ་བར་བགྱི་བ་སྟེ། བདག་ནི་རྟག་ཏུ་ཁྱིམ་གྱི་སྐྱེ་བོ་ཟས་འཚལ་བའི་འོག་ཏུ་འཚལ་ལོ། །བདེ་བར་ཉལ་བར་བྱ་ཞེས་མཆི་བ་
གང་ལགས་པ་ནི་མཚན་མོ་ཁྱིམ་གྱི་དགོས་པ་ཐམས་ཅད་བགྱིས་ནས་སྣོད་བརྟུལ་ཏེ་ཅི་ནས་ཀྱང་ལྡང་མི་དགོས་པར་ཁྱོད་ཉལ་བར་བྱའོ་ཞེས་བགྱི་བ་ལགས་ཏེ། འདི་ནི་ལེགས་པར་བཞག་པའོ། །འདི་ནི་ཉེས་པར་བཞག་པའོ་ཞེས་བདག་དེ་ཁོ་ན་བཞིན་དུ་བགྱིད་དོ། །ཐེམ་སྐས་བཅའ་
བར་བྱའོ་ཞེས་མཆི་བ་གང་ལགས་པ་ནི་འདི་སྐད་ཅེས་ཁྱོད་སྔོན་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་དེས་ལྷའི་འགྲོ་བ་ཐོབ་ནས་འདིར་མིའི་འཇིག་རྟེན་དུ་སྐྱེས་པ་འདི་ནི་ལས་ཀྱིས་ཡིན་པས་འདིར་ཡང་ཁྱོད་ཀྱིས་སྦྱིན་པ་དག་བྱིན། བསོད་ནམས་དག་བྱས་ཏེ་སྡིག་པ་མི་བྱའོ། །འདི་ནི་
དབྱིག་གི་ཡ་གད་མཐོ་རིས་ཀྱི་ཐེམ་སྐས་ལྟ་བུ་ཡིན་ནོ་ཞེས་བགྱི་བ་ལགས་ཏེ་དེ་ཡང་བདག་རྔོ་ཅི་ཐོག་གིས་བགྱིད་དོ། །ས་ག་མ་ལེགས་སོ་ལེགས་སོ། །ཁྱོད་ཀྱི་མ་མཁས་པ་ཡིན་ན། གང་གི་ཕྱིར་མས་ལྡེམ་པོར་སྨྲས་པ་རྟོགས་པས་ན། ཁྱོད་ནི་ལྷག་པར་ཡང་མཁས་པ་
ཡིན་ནོ།། །།འདུལ་བ་གཞི། བམ་པོ་དྲུག་བཅུ་གསུམ་པ། དེ་ནས་རི་དགས་འཛིན་འདི་སྙམ་དུ་སེམས་ཏེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་གནང་ན་ས་ག་མ་ལ་བདག་གིས་མ་ཞེས་བོད་དོ་སྙམ་ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་།
བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་མནའ་མ་ལ་མ་ཞེས་བོད་དུ་རུང་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་ཆོས་ལྔ་དང་ལྡན་ན་སྟེ། ལྔ་གང་ཞེ་ན་ནད་གཡོག་
བྱེད་པ་དང་། ཐབ་རིར་བབ་པའི་ཆུང་མ་ལེན་པ་དང་། སྲོག་གི་སྐྱབས་བྱེད་པ་དང་། ནོར་སྲུང་བ་དང་། ཤེས་རབ་ཀྱི་བགོ་བཤའ་བྱེད་པའོ།། །།བར་སྡོམ་ལ། ནད་གཡོག་དང་ནི་ཆུང་མ་དང་། །སྲོག་དང་ནོར་ནི་སྦྱིན་པ་དང་། །ཤེས་རབ་སྒྲུབ་པར་བྱེད་པ་དང་། །ལྔ་པོ་འདི་
เล่ม ๓ · หน้า 79b
དག་མར་བཤད་དོ། །དེ་ནས་རི་དགས་འཛིན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། རྒྱལ་པོ་གསལ་རྒྱལ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་བདག་ནི་ས་ག་མ་ལ་མ་ཞེས་བོད་པར་འཚལ་ལོ། །རྒྱལ་པོས་སྨྲས་པ། ས་ག་མས་ང་ལ་ཡང་རིམ་
གྲོ་བྱས་པས། ཕྱི་མོ་ལ་དྲིས་ལ་ངས་ཀྱང་དེ་ལ་སྲིང་མོ་ཞེས་བོད་དོ། །དེས་ཕྱི་མོ་ལ་དྲིས་པ་དང་། དེས་སྨྲས་པ། ཁྱོད་ཀྱིས་བོས་ཀྱང་རུང་མ་བོས་ཀྱང་རུང་། དེ་ནི་ཁྱོད་ཀྱི་སྲིང་མོ་ཁོ་ན་ཡིན་ནོ། །རིང་དུ་འཕུར་ཚངས་སྦྱིན་མངག་གཞུག་མའི་བུ་མོ་དང་འདུས་པ་ལས་དེ་ལས་བུ་ཕོ་ཞིག་
བཙས་ཏེ་དེའི་མིང་སྟོབས་ཀྱི་བཤེས་གཉེན་དུ་བཏགས་པ་ལས་དེ་རྒྱལ་པོ་མེས་ཀྱིས་ཉེས་པ་འགའ་ཞིག་གི་ཕྱིར་སྤྱུགས་པ་ལས་ཙམ་པར་སོང་ནས་གནས་པ་དེའི་བུ་མོ་ནི་འདི་ཡིན་པས་དེས་ན་ཁྱོད་ཀྱི་སྲིང་མོར་འོང་ངོ་། །དེ་ནས་རྒྱལ་པོས་གླང་པོ་ཆེ་ལ་ཞོན་ནས་དྲིལ་སྒྲོགས་སུ་བཅུག་པ། ས་ག་
མ་འདི་རི་དགས་འཛིན་གྱི་ནི་མ་རྒྱལ་པོ་གསལ་རྒྱལ་གྱི་ནི་སྲིང་མོ་ཡིན་ནོ། །དེས་སྔོན་གྱི་ཀུན་དགའ་ར་བར་གཙུག་ལག་ཁང་བརྩིགས་ནས་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་དང་། དེ་བཞིན་དུ་གནས་བརྟན་རྣམས་ཀྱིས་ཀྱང་མདོ་སྡེའི་ནང་དུ་སངས་རྒྱས་བཅོམ་ལྡན་འདས་མཉན་
ཡོད་ན་རི་དགས་འཛིན་གྱི་མ་ས་ག་མའི་སྔོན་གྱི་ཀུན་དགའ་ར་བའི་ཁང་བཟངས་ན་བཞུགས་སོ་ཞེས་གདགས་པ་བྱས་སོ། །དུས་གཞན་ཞིག་ན་ས་ག་མ་ལས་སྒོ་ང་སུམ་བཅུ་རྩ་གཉིས་བྱུང་ངོ་། །ཞེས་རི་དགས་འཛིན་གྱིས་ཐོས་ནས་ལག་པ་འགྲམ་པ་ལ་གཏད་ནས་སེམས་ཁོང་དུ་ཆུད་
ཅིང་འདུག་སྟེ། ཡུལ་གྱི་བཟང་མོ་ལ་ཕུང་བ་ཅི་འདྲ་བ་དག་བྱུང་བར་གྱུར་སྙམ་ནས་རི་དགས་འཛིན་གྱིས་དོར་བར་བརྩམས་པ་དང་། ས་ག་མས་སྨྲས་པ། ཇོ་བོ་མ་དོར་བར་བཅོམ་ལྡན་འདས་ལ་ཞུས་ཤིག །དེ་ནས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། མ་དོར་བར་གཟེབ་སུམ་བཅུ་རྩ་གཉིས་གྱིས་ལ་ཤིང་བལ་གྱིས་ཁོང་སྟེ། གཟེབ་བུ་རྣམས་ཀྱི་ནང་དུ་སྒོ་ང་རེ་རེ་ཞོག་ལ་ས་ག་མས་དུས་གསུམ་དུ་ལག་པས་བྱུགས་ཤིག་ཅེས་སྒོ་ཞིག་དང་། དེ་ནས་ཉི་མ་བདུན་པ་ལགས་ནས་གཞོན་ནུ་སུམ་བཅུ་རྩ་གཉིས་འབྱུང་བར་
เล่ม ๓ · หน้า 80a
འགྱུར་རོ། །དེས་དེ་བཞིན་དུ་བྱས་པ་ལས་ཉི་མ་བདུན་པ་ལགས་པ་དང་། གཞོན་ནུ་སུམ་བཅུ་རྩ་གཉིས་བྱུང་ནས་བསྲིངས་བསྐྱེད་དེ་ནར་སོན་པ་དང་རྩལ་པོ་ཆེ་ཐུབ་རླག་པ་ཤ་སྟག་ཏུ་གྱུར་ཏོ། །དུས་གཞན་ཞིག་ན་དེ་རྣམས་ཤིང་རྟར་ཞུགས་ཏེ་ཕྱིར་བྱུང་ནས་སླར་འཇུག་
པ་དང་། མདུན་ན་འདོན་གྱི་བུ་ཤིང་རྟར་ཞུགས་ནས་ཕྱིར་འབྱུང་བ་དང་ཇི་ཙམ་ན་ཕན་ཚུན་ཤིང་རྟའི་མདའ་གཉིས་ཐུག་པ་དང་། མདུན་ན་འདོན་གྱི་བུས་སྨྲས་པ། ཟུར་ཅིག །དེ་རྣམས་ཀྱིས་སྨྲས་པ། ཁྱོད་ཉིད་ཟུར་ཅིག །མདུན་ན་འདོན་གྱི་བུས་མཇལ་ཏོ་ཞེས་བྱས་ནས་ཚིག་
རྩུབ་པོ་སྨྲ་བར་བརྩམས་པ་དང་། དེ་ནས་ས་ག་མའི་བུ་རྣམས་ཀྱིས་ཤིང་རྟའི་མདའ་ནས་བཟུང་སྟེ་འཕངས་པས་ཕྱག་དར་གྱི་ཕུང་པོའི་སྟེང་དུ་བརྡབ་བསྣུན་ཏོ། །དེ་དེ་ནས་གོས་ཀྱིས་མགོ་བསྒྱུར་ཏེ་ཕའི་དྲུང་དུ་སོང་ནས་མིག་མཆི་མས་གང་བས་སྨྲས་པ། ཡབ་ས་ག་མའི་བུ་རྣམས་
ཀྱིས་བདག་འདི་འདྲ་བའི་གནས་སྐབས་སུ་བགྱིས་སོ། །བུ་ཅིའི་ཕྱིར། དེས་རྒྱས་པར་སྨྲས་པ་དང་། དེས་སྨྲས་པ། བུ་གལ་ཏེ་དེ་ལྟ་ན་ཐབས་ཤིག་བཤམ་པར་བྱས་ལ་དེ་རྣམས་མཐར་གྱིས་ཁ་གདག་གིས་མྱ་ངན་མ་བྱེད་ཅིག །དེ་དེ་རྣམས་ལ་ཀླན་ཀ་ཚོལ་བ་ལྷུར་ལེན་ཅིང་གནས་
སོ། །དུས་གཞན་ཞིག་ན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་རི་འོར་བ་ལོག་པར་གྱུར་ནས། རྒྱལ་པོས་དེ་ལ་དམག་ཁ་ཆེན་ཅིག་བཀྱེ་བ་ལས་རྡུགས་རབ་ཏུ་རྡུགས་ནས་སླར་ལོག་གོ། །དེ་བཞིན་དུ་ལན་བདུན་གྱི་བར་དུ་དམག་ཁ་ཆེན་པོ་བཀྱེ་བ་ལས་རྡུགས་རབ་ཏུ་རྡུགས་ཏེ་སླར་ལོག་
ནས་རྒྱལ་པོ་རང་ཉིད་དཔུང་གི་ཚོགས་ཡན་ལག་བཞི་དང་བྱུང་བ་དང་ས་ག་མའི་བུ་ནང་དུ་འཇུག་པ་དེ་རྣམས་ཀྱིས་དེ་མཐོང་ནས་སྨྲས་པ། ལྷ་གང་དུ་གཤེགས་རི་འོར་བ་རྣམས་འབེབས་སུའོ། །ལྷ་བཞུགས་ཤིག་བདག་ཅག་མཆིའོ། །དེ་བཞིན་དུ་གྱིས་ཤིག །དེས་དེ་རྣམས་
ལ་དཔུང་གི་ཚོགས་ཡན་ལག་བཞི་པ་གཏད་ནས་དེ་རྣམས་དོང་སྟེ་རི་འོར་བ་རྣམས་ཕབ་ནས་གཏེའུ་བཟུང་དཔྱ་བླངས་ཏེ། སླར་འོངས་པ་དང་མདུན་ན་འདོན་གྱིས་སྨྲས་པ། ལྷ་འདི་དག་ནི་འཕགས་པར་རྩལ་པོ་ཆེ་དག་ཅིག་སྟེ། རེ་ཞིག་ལྷའི་དཀའ་བས་བསྒྲུབ་པ་གང་ལགས་པ་
เล่ม ๓ · หน้า 80b
དེ་ནི་འདི་དག་གིས་འབྲིང་གིས་བསྒྲུབས་ཀྱིས་ལྷས་འདི་ལ་དགོངས་ཤིག །རྒྱལ་པོ་རྣམས་ནི་ཁུ་མ་ཕྲིག་ཅན་ཡིན་པས་སྙིང་ལ་བཞག་སྟེ་སླར་མདུན་ན་འདོན་ལ་དྲིས་པ་དེ་ལ་ཇི་ལྟར་བསྒྲུབ་པར་བྱ། དེས་སྨྲས་པ། ལྷ་དེ་ལ་ཇི་ལྟར་བསྒྲུབ་པར་བགྱི། གལ་ཏེ་དེ་དག་འཚལ་བར་
གྱུར་ན། ལྷ་རྒྱལ་སྲིད་ནས་ཕྱུང་ནས་རང་ཉིད་རྒྱལ་སྲིད་བགྱིད་པར་འགྱུར་རོ། །རྒྱལ་པོ་ཇེ་མི་དགའ་ནས་བསམས་པ། དེ་ལྟར་འགྱུར་སྲིད་ཀྱིས་ཇི་ལྟར་གསད་པར་བྱ་ཞེ་ན། ཐབས་བཤམ་པ་སེམས་ཤིང་གསང་འཕེལ་དུ་དོགས་པས་སུ་ལ་ཡང་མི་འདྲི་བར་དེ་བདག་ཉིད་ཀྱིས་
དཔྱད་པ་ལས་བློ་སྐྱེས་པ་འདི་ཁོ་ནར་མགྲོན་དུ་བོས་ལ་བསྟུངས་ཏེ་གཏང་ངོ་སྙམ་ནས་དེས་ས་ག་མ་ལ་སྤྲིང་བ། ཆེ་ཞེའི་བུ་རྣམས་སང་འདིར་ཟན་ཟོ་ཤིག །དེས་བསམས་པ། སང་ནི་བུ་རྣམས་ཞང་པོའི་དེར་ཟ་བར་འགྱུར་གྱིས། བདག་གིས་ཀྱང་སངས་རྒྱས་ལ་སོགས་པ་དགེ་
སློང་གི་དགེ་འདུན་གདུགས་ཚོད་གསོལ་ལོ་སྙམ་དུ་བསམས་ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་པ་དང་བཅོམ་ལྡན་འདས་ཀྱིས་རི་
དགས་འཛིན་གྱི་མ་ས་ག་མ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཞེས་བྱ་བ་ནས་ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་རི་དགས་འཛིན་གྱི་མ་ས་ག་མ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་
ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་བདག་གི་སྡུམ་པར་གདུགས་ཚོད་སྦྱོར་ཞིང་མཆིས་ན་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་རི་དགས་
འཛིན་གྱི་མ་ས་ག་མ་ལ་གནང་ངོ་ཞེས་བྱ་བ་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །རྒྱལ་པོའི་ཕོ་ཉ་དེ་རྣམས་ཀྱིས་དྲུང་དུ་འོངས་ནས་ཁྱེའུ་ཤོག་ཤིག་ཅེས་བོས་སོ། །དེ་ནས་རྒྱལ་པོས་དུག་ཧ་ལ་ཧ་ལ་དང་
เล่ม ๓ · หน้า 81a
ཟས་སུ་སྦྱར་བས་རྨོངས་པར་བྱས་ནས་མགོ་རྣམས་བཅད་དེ། དེ་ནས་གཟེབ་བཀང་ནས་སྟེང་དུ་ཕུ་བོ་ཤོས་ཀྱི་མགོ་བཞག་སྟེ་རྒྱ་སྐྱེགས་ལ་རྒྱས་བཏབ་ནས་ས་ག་མ་ལ་བསྐུར་བ་དང་ས་ག་མས་བསམས་པ། གདོན་མི་ཟ་བར་ལྷས་སྲིང་མོའི་བུ་རྣམས་ལ་བགོ་བ་ཞིག་བསྐུར་
བ་ཡིན་གྱིས། བདག་གིས་ཀྱང་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་བགོ་བར་དབུལ་ལོ་སྙམ་ནས། དེ་ནས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་བདེ་བར་བཞུགས་པར་རིག་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་རྣམས་ཀྱིས་ཞེས་བྱ་བ་
ནས། བཅོམ་ལྡན་འདས་ཀྱིས་གསོལ་ཟིན་ནས་ཕྱག་བཅབས་ཏེ་ལྷུང་བཟེད་གྱུ་བར་རིག་ནས་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །གཟེབ་ཁ་དབྱེ་བར་བརྩམས་པ་དང་བཅོམ་ལྡན་འདས་ཀྱིས་དགོངས་པ། གལ་ཏེ་ས་ག་མས་བདེན་པ་མ་མཐོང་བར་བུ་བསད་པ་མཐོང་ན་
བདེན་པ་རྣམས་ཀྱི་སྣོད་དུ་མི་འགྱུར་བའི་གནས་གང་ཡིན་པ་དེ་ཡོད་དོ་སྙམ་དུ་དགོངས་ནས་ས་ག་མ་ལ་བཀའ་སྩལ་པ། རེ་ཞིག་འདུག་ལ་ཆོས་ཉོན་ལ་ཕྱིས་ཅི་དགའ་བ་གྱིས་ཤིག །དེས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ནས་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་
གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་བ་དང་ཁམས་དང་རང་བཞིན་མཁྱེན་ནས་ཞེས་བྱ་བ་ནས་བདེན་པ་མཐོང་བར་མཛད་དོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་བདེན་པ་མཐོང་ནས་གཟེབ་ཁ་ཕྱེ་བ་དང་བུའི་མགོ་རྣམས་མཐོང་ནས། དེ་ནས་
གསོལ་པ། བཅོམ་ལྡན་འདས་འདུ་བྱེད་ཐམས་ཅད་ནི་འདི་ལྟར་མི་རྟག་པ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ས་ག་མའི་བུ་རྣམས་བསྟུངས་པ་ནི་ཉེས་སོ། །གལ་ཏེ་མ་བསྟུངས་པར་
གྱུར་ན་འདི་རྣམས་ཁོ་ནས་གྲོགས་བྱས་པས་དེའི་ལག་མཐིལ་དུ་ས་མཐའ་དག་འཇོག་པར་འགྱུར་བ་ཞིག །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལུས་རྡུལ་གྱིས་ཡོག་ཅིང་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་
เล่ม ๓ · หน้า 81b
ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་པ་དང་བཅོམ་ལྡན་འདས་ཀྱིས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་ཁྱོད་ལུས་རྡུལ་གྱིས་ཡོག་ཅིང་གང་ནས་འདིར་འོངས། བཙུན་པ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་
བསྐུར་བ་ཡུལ་གྱི་དབང་ཕྱུག་དང་མཐུ་དང་། བརྩོན་འགྲུས་ཐོབ་པ། སའི་དཀྱིལ་འཁོར་ཆེན་པོ་ལེགས་པར་ཕབ་སྟེ་གནས་པ་རྣམས་ཀྱིས་རྒྱལ་པོའི་བགྱི་བ་དང་། རྒྱལ་པོའི་སྒྲུབ་པ་ཐ་དད་པ་གང་དག་ལགས་པ་དེ་དག་བདག་གིས་བགྱིས་ཏེ། ཡོངས་སུ་རྫོགས་ནས་
ལུས་རྡུལ་གྱིས་ཡོག་ཅིང་ང་མཆིས་པ་ལགས་སོ། །རྒྱལ་པོ་ཆེན་པོ་དེའི་ཕྱིར་ཁྱོད་ཉིད་ལ་དྲི་བར་བྱས། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་ལན་ཐོབ་ཅིག །རྒྱལ་པོ་ཆེན་པོ་དཔེར་ན་ཁྱོད་ལ་འདིར་ཤར་ཕྱོགས་ནས་མི་ཡིད་ཆེས་པ་ཡིད་བརྟན་དུ་རུང་བ། བརྟན་པ། འཇིག་རྟེན་ལ་མི་སླུ་
བ་ཞིག་འོངས་ནས། དེ་འདི་སྐད་ཅེས་ལྷ་བདག་ད་གཟོད་འདི་ནས་ཤར་ཕྱོགས་སུ་མཆི་མཆི་ན། དེ་ནས་བདག་གིས་རི་བྲག་ཆེན་པོ་མ་ཆག་པ། སེར་ཀ་མ་མཆིས་པ། ཕྲག་མ་མཆིས་པ། ཤིན་ཏུ་མཁྲེགས་པ། གཅིག་ཏུ་སྡུག་པ་ཞིག་སའི་བར་དང་ནམ་མཁའི་བར་
གྱི་སེམས་ཅན་ཐམས་ཅད་དང་། སྲོག་ཆགས་ཐམས་ཅད་དང་། འབྱུང་པོ་ཐམས་ཅད་དང་། རྩྭ་དང་། ཤིང་དང་། ཡལ་ག་དང་། ལོ་མ་དང་། འདབ་མ་ཇི་སྙེད་པ་ཐམས་ཅད་ཕྱེ་མར་རློག་ཅིང་མཆི་བ་མཐོང་གིས་ལྷ་ཁྱོད་ཀྱི་བགྱི་བའམ། བསྒྲུབ་པ་གང་ལགས་པ་དེ་མཛོད་
ཅིག་ཅེས་ཟེར་ལ་དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་ནས་མི་ཞིག་འོངས་ཏེ་ཞེས་བྱ་བ་ནས་བགྱི་བའམ་བསྒྲུབ་པ་དེ་མཛོད་ཅིག་ཅེས་ཟེར་ཏེ། རྒྱལ་པོ་ཆེན་པོ་འཇིགས་པ་ཆེན་པོའི་ཡང་ཆེན་པོ་མི་བཟད་པར་བྱེད་པ་མི་བཟད་པ་དེ་ལྟ་བུ་ཉེ་བར་གནས་ན་མི་
ཉིད་ཐོབ་པ་ནི་རྙེད་པར་དཀའ་ན། ཁྱོད་ཀྱིས་ཅི་ཞིག་བྱ། བཙུན་པ་འཇིགས་པ་ཆེན་པོའི་ཡང་ཆེན་པོ་མི་བས་པར་བགྱིད་པ་མི་བཟད་པ་དེ་ལྟ་བུ་ཉེ་བར་གནས་ན་མི་ཉིད་ཐོབ་པ་རྙེད་པར་དཀའ་བ་ལགས་པས་དོན་སྤྱོད་པ་དང་། ཆོས་སྤྱད་པ་དང་། བསོད་ནམས་སྤྱད་པ་དང་།
เล่ม ๓ · หน้า 82a
དགེ་བ་སྤྱད་པ་དང་། བཟང་པོ་སྤྱད་པ་དང་། སངས་རྒྱས་རྣམས་ཀྱི་བསྟན་པ་ལ་བརྩོན་པར་བགྱི་བ་མ་ལགས་པར་གཞན་ཅི་ཞིག་བགྱིར་མཆིས། རྒྱལ་པོ་ཆེན་པོ་ཁྱོད་ཅིའི་ཕྱིར་འདི་སྐད་ཅེས་བཙུན་པ་འཇིགས་པ་ཆེན་པོའི་ཡང་ཆེན་པོ་དེ་ལྟ་བུ་ཞེས་བྱ་བ་ནས་སངས་
རྒྱས་རྣམས་ཀྱི་བསྟན་པ་ལ་བརྩོན་པར་བགྱི་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །བཙུན་པ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། སའི་དཀྱིལ་འཁོར་ཆེན་པོ་ལེགས་པར་ཕབ་སྟེ་གནས་པ་དེ་རྣམས་ཀྱིས་གླང་པོ་ཆེ་རྣམས་དང་གླང་པོ་ཆེར་
འགྱེད་པ་དང་། རྟ་པ་རྣམས་དང་རྟ་པར་འགྱེད་པ་དང་། ཤིང་རྟ་བ་རྣམས་དང་ཤིང་རྟ་པར་འགྱེད་པ་དང་། དཔུང་བུ་ཆུང་རྣམས་དང་དཔུང་བུ་ཆུང་དུ་འགྱེད་པ་དང་། གསང་ཚིག་མཁན་རྣམས་དང་གསང་ཚིག་མཁན་དུ་འགྱེད་པ་དང་། ནོར་རྣམས་ཀྱིས་ནོར་དུ་རྒྱལ་བ་ཐ་དད་པ་གང་དག་ལགས་པ་དེ་དག་
ཐམས་ཅད་དེའི་ཚེ་འགྱེད་པའི་མཐུ་མ་མཆིས་པ་དང་སྟོབས་མ་མཆིས་པ་དང་། ཕ་རོལ་གནོན་པ་མ་མཆིས་པ་ལགས་པས་དེའི་སླད་དུ་བདག་འདི་སྐད་ཅེས་བཙུན་པ་འཇིགས་པ་ཆེན་པོའི་ཡང་ཆེན་པོ་དེ་ལྟ་བུ་ཉེ་བར་གནས་ན་ཞེས་བྱ་བ་ནས་སངས་རྒྱས་རྣམས་ཀྱི་བསྟན་པ་ལ་བརྩོན་
པར་བགྱི་བ་མ་ལགས་པར་གཞན་ཅི་ཞིག་བགྱིར་མཆིས་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་སྲོག་ཆགས་འདི་དག་ཀྱང་རྟག་ཏུ་རྒྱུན་མི་འཆད་པར་རྒ་བ་དང་། འཆི་བས་འཇོམས་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་དེ་ལྟར་རྒ་བ་དང་འཆི་བས་འཇོམས་པ་ན་
སྐྱེས་པ་གང་དག་གིས་དོན་སྤྱད་པ་དང་ཞེས་བྱ་བ་ནས། སངས་རྒྱས་རྣམས་ཀྱི་བསྟན་པ་ལ་བརྩོན་པར་བྱ་བ་མ་ཡིན་པར་གཞན་ཅི་ཞིག་བྱར་ཡོད་ཅེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པས་བཀའ་སྩལ་པ། ཇི་ལྟར་ཆེ་ཞིང་རྒྱ་ཆེ་
བའི། །རི་བོ་ནམ་མཁའ་ལས་འོང་བ། །ཀུན་ནས་ཡང་དག་འོང་བ་ཡིས། །ས་ནི་ཕྱེ་མར་རློག་པ་ན། །དེ་ལ་གླང་པོ་ཆེས་མི་རྫི། །དཔུང་བུ་ཆུང་དང་ཤིང་རྟ་དང་། །རྟས་མིན་གསང་ཚིག་མཁན་དང་ནི། །ནོར་གྱིས་འགྱེད་པས་རྒྱལ་མི་འཐོབ། །དེ་བཞིན་རྒ་དང་འཆི་བ་ཡིས། །
เล่ม ๓ · หน้า 82b
མི་རྣམས་འཇོམས་པར་བྱེད་པ་ན། །རྒྱལ་རིགས་བྲམ་ཟེ་རྗེའུ་རིགས་དང་། །དམངས་རིགས་གདོལ་པ་གཡུང་པོ་དང་། །ཚུལ་ཁྲིམས་འཆལ་དང་ཚུལ་ཁྲིམས་ལྡན། །ཁྱིམ་པ་དེ་བཞིན་བརྟུལ་ཞུགས་ཅན། །ལང་ཚོ་ཉིད་དང་རྒན་པོ་དང་། །དེ་བཞིན་བར་མའི་མི་རྣམས་ལ། །ཅུང་ཟད་
ཀྱང་ནི་འཛེམ་མེད་པར། །ཐམས་ཅད་མངོན་དུ་འཇོམས་པར་བྱེད། །དེ་ལྟ་བས་ན་མཁས་པའི་མི། །བདག་གི་དོན་ལ་བལྟ་བ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ནི། །བླ་མེད་དག་ལ་དད་བྱ་ཞིང་། །ལུས་དང་ངག་དང་ཡིད་དག་གིས། །དམ་པའི་ཆོས་ནི་སྤྱད་བྱས་ན། །འདི་
ན་སྨད་པར་མི་འགྱུར་ཞིང་། །མཐོ་རིས་སོང་ནས་དགའ་བར་འགྱུར། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའ་སྟེ་རྗེས་སུ་ཡི་རངས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་སྟན་ལས་ལངས་ནས་
སོང་ངོ་། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་རི་དགས་འཛིན་གྱི་མ་ས་ག་མས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་སྒོ་ང་སུམ་བཅུ་རྩ་གཉིས་བྱུང་བ་དེ་རྣམས་ལས་ཀྱང་བུ་ཕོ་སུམ་བཅུ་
རྩ་གཉིས་བྱུང་སྟེ་རྩལ་པོ་ཆེ་ཐུབ་རླག་པ་ཤ་སྟག་ཏུ་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་གིས་སོ། །གང་དུ་སྨོན་ལམ་བཏབ་ལགས། དགེ་སློང་དག་སྔོན་བྱུང་བ་བཱ་རཱ་ཎ་སཱིའི་གྲོང་ཁྱེར་དུ་ཁྱིམ་བདག་ཅིག་གི་བུ་ཤི་ནས་དེའི་ཆུང་མ་དེ་རྟག་
ཏུ་བུ་མངོན་པར་འདོད་པར་གྱུར་ཏོ། །གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་སངས་རྒྱས་ཀྱི་མཛད་པ་མཐའ་དག་མཛད་ནས་ཤིང་ཟད་པའི་མེ་བཞིན་དུ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་དེའི་ཚེ་བཱ་རཱ་ཎ་
སཱིར་རྒྱལ་པོ་ཀྲྀ་ཀཱི་ཞེས་བྱ་བ་བྱུང་སྟེ། དེས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་མཆོད་རྟེན་རིན་པོ་ཆེ་སྣ་བཞི་ལས་བརྩིགས་སོ། །དེ་ནས་བུད་མེད་བུ་མེད་པ་བུ་མངོན་པར་འདོད་པ་གང་ཡིན་པ་དེ་ཡང་རྒས་པར་གྱུར་ནས་མཆོད་རྟེན་དེ་ལ་བྱི་དོར་བྱས་ནས་འདུག་གོ། །
เล่ม ๓ · หน้า 83a
དེས་འདུན་པའི་སློང་མོ་བྱས་ནས་མཆོད་རྟེན་དེ་ལ་མཆོད་པར་བྱས་ཏེ་སྨོན་ལམ་བཏབ་པ། བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་མཆོད་རྟེན་ལ་བྱ་བ་བྱས་པ་གང་ཡིན་པའི་དགེ་བའི་རྩ་བ་དེས་བདག་བུ་མང་པོར་གྱུར་ཅིག་ཅེས་བྱས་ཏེ་སོང་ནས་གྲོང་
ཁྱེར་དུ་ཞུགས་སོ། །དེ་ན་བུད་མེད་ཅིག་བུ་ནད་ཀྱི་སྡུག་བསྔལ་གྱི་ཚོར་བས་ཉེན་ནས་ངུ་བ་དང་དེས་གཞན་ཞིག་ལ་དྲིས་པ། ཅིའི་ཕྱིར་འདི་ངུ་བར་གྱུར་དེས་ཇི་ལྟར་གྱུར་པ་རྣམས་སྨྲས་པ་དང་དེས་བསམས་པ། གལ་ཏེ་བདག་ཀྱང་བུ་བྱུང་བར་གྱུར་ན། བདག་ཀྱང་སྡུག་བསྔལ་འདི་ལྟ་བུ་
ཉམས་སུ་མྱོང་བར་འགྱུར་རོ་སྙམ་པ་ལས། ཅི་ཙམ་ན་སུམ་བཅུ་རྩ་གཉིས་ཀྱི་དགའ་འདུན་གྱིས་མཆོད་རྟེན་དེ་ལ་མཆོད་པ་བྱེད་པ་ན་བུད་མེད་དེ་ཡང་དེ་དང་ཧ་ཅང་མི་རིང་བ་ཞིག་ན་འདུག་གོ། །དེ་རྣམས་ཀྱིས་མཆོད་པ་བྱས་ནས་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་འདིས་བདག་
ཅག་ཚན་པོ་ཆེ་ཆེན་པོའི་སྟོབས་དང་ལྡན་པར་གྱུར་ཅིག་ཅེས་བྱས་སོ། །དེས་དེ་རྣམས་ལ་དྲིས་པ་བུ་དག་ཁྱེད་ཀྱིས་སྨོན་ལམ་ཅི་ཞིག་བཏབ། དེ་རྣམས་ཀྱིས་སྨྲས་པ། ཡུམ་འདི་དང་འདི་དག་གོ། །དེས་སྨྲས་པ། བུ་དག་གལ་ཏེ་དེ་ལྟར་ན་ཁྱེད་ཅག་གི་མར་བདག་ཁོ་ན་གྱུར་
ཅིག །ཡུམ་དེ་བཞིན་དུ་གྱུར་ཅིག་ཅེས་སྨྲས་ནས་དེ་རྣམས་དོང་ངོ་། །དེས་བསམས་པ། རེ་ཞིག་བུད་མེད་དེ་ལན་གཅིག་བཙའ་ན་ཡང་སྡུག་བསྔལ་གྱི་ཚོར་བས་ཉེན་ནས་དེ་ལྟར་ངུ་ན། བདག་ལ་ལན་སུམ་བཅུ་རྩ་གཉིས་བཙའ་ན་ཇི་ལྟར་བྱ་ཞེས་དེ་དེ་ལྟར་རྣམ་པར་རྟོག་པ་ན།
མཆོད་རྟེན་དང་ཉེ་བ་ན་བྱ་གག་མོ་ཞིག་ཡོད་པ་སྒོ་ང་འབྱུང་བར་དེ་དེ་ཐང་ཅིག་ཙམ་གྱིས་སྒོ་ང་སུམ་བཅུ་རྩ་གཉིས་བྱུང་ལ་སྨྲེ་སྔགས་ཀྱང་མི་འདོན་ཏོ། །དེས་བསམས་པ། འབྱུང་བའི་ཐབས་འདི་ནི་རུང་བ་ཡིན་ནོ་སྙམ་དུ་རིག་ནས་མཆོད་རྟེན་དེ་ལ་དད་པ་དྲག་པོས་སྨོན་ལམ་གདབ་པར་བརྩམས་
པ། ཇི་ལྟར་བྱ་གག་མོ་འདི་ཐང་ཅིག་ཙམ་གྱིས་སྒོ་ང་སུམ་བཅུ་རྩ་གཉིས་བྱུང་བ་དེ་བཞིན་དུ་བདག་གི་བུ་སུམ་བཅུ་རྩ་གཉིས་ཀྱང་ཅིག་ཅར་སྒོ་ངར་འབྱུང་བར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་བུད་མེད་རྒན་མོ་གང་ཡིན་པ་དེ་ནི་ས་ག་མ་འདི་ཉིད་
เล่ม ๓ · หน้า 83b
ཡིན་ནོ། །སུམ་བཅུ་རྩ་གཉིས་ཀྱི་དགའ་འདུན་གང་ཡིན་པ་དེ་ནི་ས་ག་མའི་བུ་འདི་རྣམས་ཁོ་ན་ཡིན་ཏེ། འདིས་དེ་ན་སྨོན་ལམ་བཏབ་པ་གང་ཡིན་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་སྒོ་ང་སུམ་བཅུ་རྩ་གཉིས་བྱུང་ངོ་། །བཙུན་པ། ས་ག་མའི་བུ་རྣམས་ཀྱིས་ལས་ཅི་ཞིག་བགྱིས་ན་ལས་
དེའི་རྣམ་པར་སྨིན་པས་ནོངས་པ་མ་བགྱིས་ཤིང་སྐྱོན་མ་མཆིས་པར་རྒྱལ་པོ་གསལ་རྒྱལ་གྱིས་བཀུམ་ནས་དེ་རྣམས་ཀྱི་མགོས་གཟེབ་བཀང་སྟེ་ས་ག་མ་ལ་བསྐུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་དག་ཁོ་ནས་ལས་རྣམས་བྱས་ཤིང་བསགས་
པ་དག་ནི་ཞེས་བྱ་བ་ནས་ལུས་ཅན་རྣམས་ལ་འབྲས་བུར་འགྱུར་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་སློང་དག་སྔོན་བྱུང་བ་རི་འོར་ཞིག་ན་ཆང་འཚོང་ཞིག་གནས་སོ། །ཆོམ་རྐུན་པ་རབ་ཏུ་མང་པོ་ཆང་ཚོལ་ཞིང་དེའི་དྲུང་དུ་འོངས་ནས་དྲིས་པ། ཆང་ཡོད་དམ། ཆང་འཚོང་གི་
ཆུང་མས་སྨྲས་པ། ཡོད་དོ་ཞེས་དེ་རྣམས་ལ་ཆང་བླུད་ན་འཛར་བ་མེད་ནས་དེས་གླང་ཞིག་བསྟན་དེ་འདི་སོད་ཅིག །དེ་རྣམས་ཀྱིས་སྨྲས་པ། མཚོན་ཆ་མེད་དོ། །དེས་གཏའ་བླངས་ནས་མཚོན་ཆ་བྱིན་པ་དང་། དེ་རྣམས་ཀྱིས་དེ་བསད་པར་བརྩམས་སོ། །དེ་གསོད་པ་ན་སེམས་
ལ་བདག་གསོད་པ་གང་ཡིན་པ་འདི་དག་ཐམས་ཅད་ནི་ཆང་འཚོང་གི་ཆུང་མ་འདི་ཡིན་གྱིས། བདག་གང་དུ་འདི་རྣམས་ཀྱི་མགོ་བཅད་ནས་གཟེབ་བཀང་སྟེ་འདི་ལ་བསྐུར་བར་འགྱུར་བ་དེར་སྐྱེ་བར་གྱུར་ཅིག་ཅེས་བསམས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་
དུས་ཀྱི་གླང་གང་ཡིན་པ་དེ་ནི་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་འདི་ཉིད་ཡིན་ནོ། །ཆོམ་རྐུན་པ་གང་ཡིན་པ་དེ་རྣམས་ནི་ས་ག་མའི་བུ་འདི་དག་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་ཆང་འཚོང་གི་ཆུང་མ་གང་ཡིན་པ་དེ་ནི་ས་ག་མ་འདི་ཉིད་ཡིན་ནོ་ཞེས་རྒྱས་པར་བྱའོ། །སངས་རྒྱས་
བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །དེའི་ཚེ་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པའི་བསྟི་གནས་ཤིག་ཡོད་དེ། དེ་དེ་ན་འཆག་པ་ལས་བསྟི་གནས་དང་ཧ་ཅང་ཡང་མི་རིང་བའི་ས་རྫབ་ཅན་གྱི་ཕྱོགས་ཤིག་ཏུ་གཅིན་ཁུ་
เล่ม ๓ · หน้า 84a
ཆུ་དང་བཅས་པ་ཞིག་གཅིས་སོ། །གློ་བུར་དུ་རི་དགས་མོ་སྐོམ་པས་ཉེན་པ་ཞིག་ཕྱོགས་དེར་འོངས་ཏེ། དེ་སྐོམ་པས་ཉེན་པས་དེ་འཐུངས་ནས་མོའི་དབང་པོ་ལ་བསྣམས་སོ། །སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ནི་བསམ་གྱིས་མི་ཁྱབ་པས་སེམས་
ཅན་དང་ལྡན་པར་གྱུར་ཏོ། །ཇི་ཙམ་ན་དུས་གཞན་ཞིག་ན་ཕྱོགས་དེ་ཉིད་དུ་འོངས་ནས་ཁྱེའུ་ཞིག་བྱུང་བ་དང་། དེས་དེ་བསྣམས་ན་སྐལ་བ་མི་མཐུན་པའི་སེམས་ཅན་ཡིན་ནས་བོར་ཏེ་སོང་ངོ་། །ཇི་ཙམ་ན་དྲང་སྲོང་དེ་བསྟི་གནས་དེ་ན་འཆག་པ་ལས་ཁྱེའུ་དེ་མཐོང་ནས། འདི་
སུའི་བུ་ཡིན་ཞེས་དེ་བསམ་པ་ལ་ཞུགས་པ་ལས། ཇི་ཙམ་ན་བདག་གི་ཡིན་པར་མཐོང་ནས་དེས་དེ་བསྟི་གནས་སུ་བཞག་སྟེ་བསྣུན་བསྙོད་བསྐྱེད་ནས་དེའི་མགོ་རི་དགས་ཀྱི་འདྲ་བས་རི་དགས་མགོ་རི་དགས་མགོ་ཞེས་བྱ་བར་གྲགས་སོ། །དུས་གཞན་ཞིག་ན་དྲང་སྲོང་ཤི་
ནས་རི་དགས་མགོས་ཀླད་པའི་ཐོད་པ་རྡོབ་པའི་རིག་པ་བསླབས་ཏེ། དེས་ཐོད་པ་བརྡབས་ནས་ཐམས་ཅད་ལུང་སྟོན་པར་བྱེད་དོ། །གལ་ཏེ་རེ་ཞིག་སྒྲ་དྲག་པོར་གྱུར་ན་གྱེན་དུ་འགྲོ་བ་ལྷར་སྐྱེ་བར་འགྱུར་བར་ལུང་སྟོན་པར་བྱེད་དོ། །འོན་ཏེ་འབྲིང་དུ་གྱུར་ན་གྱེན་དུ་འགྲོ་བ་མིར་སྐྱེ་
བར་འགྱུར་བར་ལུང་སྟོན་པར་བྱེད་དེ། དེ་ནི་བདེ་འགྲོའི་རྟགས་སོ། །ངན་འགྲོའི་རྟགས་ནི་གལ་ཏེ་རེ་ཞིག་སྒྲ་མི་གསལ་བར་གྱུར་ན་འོག་ཏུ་འགྲོ་བ་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བར་ལུང་སྟོན་པར་བྱེད་དོ། །འོན་ཏེ་སྒྲ་འབྲིང་དུ་གྱུར་ན་འོག་ཏུ་འགྲོ་བ་དུད་འགྲོར་སྐྱེ་བར་འགྱུར་
བར་ལུང་སྟོན་པར་བྱེད་དོ། །འོན་ཏེ་སྒྲ་ཆུང་བར་གྱུར་ན་འོག་ཏུ་འགྲོ་བ་ཡི་དགས་སུ་སྐྱེ་བར་ལུང་སྟོན་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་འདུལ་བའི་དུས་མཁྱེན་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་རྒྱུན་དུ་ཞུགས་པ་དང་། ལན་
གཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པའི་མགོ་བཞི་ཁྱེར་ཅིག །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལས་མཉན་ནས་མགོ་བཞི་ཁྱེར་ཏེ་དྲང་སྲོང་དེའི་དྲུང་དུ་སོང་ནས་ཁྱོད་ཀྱིས་ལུང་སྟོན་ཅིག །དེས་རྒྱུན་དུ་
เล่ม ๓ · หน้า 84b
ཞུགས་པའི་ཐོད་པ་ལ་བརྡབས་ནས་སྨྲས་པ། འདི་ནི་ལྷ་རྣམས་སུ་སྐྱེས་སོ། །ལན་གཅིག་ཕྱིར་འོང་བ་ཡང་དེ་བཞིན་ནོ། །ཕྱིར་མི་འོང་བའི་ཡང་དེ་བཞིན་ནོ། །དགྲ་བཅོམ་པའི་ཐོད་པ་ལ་བརྡབས་ན་མ་ཤེས་རྣམ་པར་མ་ཤེས་ནས་ངོ་ཚ་བས་དེ་འདི་སྙམ་དུ་སེམས་ཏེ། གང་ཕྱིར་
འདི་ཡི་འགྲོ་བ་མ་ཤེས་པ། །བདག་ཅི་བསྟན་པ་དེ་ལས་ཉམས་གྱུར་ཏམ། །འོན་ཏེ་སློབ་དཔོན་རིགས་ལས་མ་སྐྱེས་སམ། །འོན་ཏེ་རྟགས་རྣམས་དེ་འདྲ་མ་ཡིན་ནམ། །ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ། གང་ཕྱིར་འདི་ཡི་འགྲོ་བ་མ་ཤེས་པ། །ཁྱོད་ཀྱིས་རིག་པ་ཀུན་ལེགས་
གོམས་མ་བྱས། །རེ་ཞིག་རིག་པ་མཐའ་དག་རྟོགས་བྱོས་ལ། །ཁྱོད་ཀྱིས་ཕྱི་ནས་འཇིག་རྟེན་ལུང་སྟོན་ཅིག །རི་དགས་མགོས་སྨྲས་པ། ཁྱོད་ཀྱིས་རིག་པ་ཐམས་ཅད་ལ་བྱང་བ་འགའ་མཐོང་ངམ་མཐོང་བ་ཡོད་དམ། དེས་སྨྲས་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་
ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །དེ་ནས་རི་དགས་མགོ་བཅོམ་ལྡན་འདས་གང་ན་བ་དེར་སོང་ནས་ཕྱིན་པ་དང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དུད་འགྲོ་ཡི་དགས་དམྱལ་བ་ལྷ་མི་སྐྱེ་བོའི་འགྲོ་འཚལ་ན། །
རིག་པའི་སྐྱོན་གྱིས་སེམས་ཅན་སྤྱོད་པ་དྲུག་པ་མ་འཚལ་གྱིས། །གཙོ་བོ་སྲིད་པ་གསུམ་གྱི་མཚོ་ཆེན་ཕ་རོལ་བྱོན་པ་པོ། །ཕ་རོལ་སྨྲ་ཀུན་ལས་རྒྱལ་དྲུག་པ་མ་འཚལ་དེ་ཅི་གསུངས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མེར་བསྲེགས་པ་ཡི་ལྕགས་ཀྱི་མེ། །ལྕགས་
ཀྱི་ཐོ་བས་བརྡུངས་བྱས་ནས། །རིམ་གྱིས་ཉེ་བར་ཞི་བ་ཡི། །འགྲོ་བ་ཇི་ལྟར་མི་མངོན་པ། །དེ་བཞིན་འདོད་པའི་འདམ་ཚོགས་ལས། །གལ་ཏེ་ཡང་དག་རྣམ་གྲོལ་བ། །མི་གཡོ་གོ་འཕང་ཐོབ་རྣམས་ཀྱི། །འགྲོ་བ་གདགས་སུ་ཡོད་མ་ཡིན། །དེ་སྐད་ཅེས་བཀའ་སྩལ་
པ་དང་། བཅོམ་ལྡན་འདས་ལ་རི་དགས་མ་གོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་པ་ལྟ་ན། བདག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱོད་
เล่ม ๓ · หน้า 85a
པ་སྤྱད་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རབ་ཏུ་ཕྱུང་བསྙེན་པར་རྫོགས་པར་མཛད་དེ། དེ་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་མཛད་ནས་རྒྱལ་པོའི་ཁབ་ཏུ་ཇི་ཙམ་བཞེད་ཀྱི་བར་དུ་བཞུགས་ནས་མཉན་ཡོད་གང་ན་བ་དེར་རྒྱུ་ཞིང་གཤེགས་ཏེ།
རིམ་གྱིས་རྒྱུ་ཞིང་གཤེགས་པ་དང་མཉན་ཡོད་དུ་བྱོན་ནས་མཉན་ཡོད་ཀྱི་རི་དགས་འཛིན་གྱི་མའི་སྔོན་གྱི་ཀུན་དགའ་ར་བའི་ཁང་བཟངས་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་བླ་གབ་མེད་པ་ན་འཆག་ཅིང་རྒྱུ་སྐར་རྣམས་གྱུར་པ་གཟིགས་སོ། །གཟིགས་ནས་ཚེ་དང་ལྡན་པ་
རི་དགས་མགོ་ལ་བཀའ་སྩལ་པ། རི་དགས་མགོ་ཇི་སྲིད་ཅིག་ན་ལྷས་ཆར་འབེབས་པར་འགྱུར་སོམས་ཤིག །དེས་བསམས་ནས་བཙུན་པ་འཇིག་རྟེན་འདི་མ་རུང་འདི་རབ་ཏུ་མ་རུང་ལགས་ཏེ། རྒྱུ་སྐར་རྣམས་ཇི་ལྟར་གནས་པ་དང་སྦྱར་ན་ལོ་བཅུ་གཉིས་སུ་ཆར་མི་འབབ་
ལགས་སོ། །བཅོམ་ལྡན་འདས་ཀྱིས་རྒྱུ་སྐར་རྣམས་མཐུན་པར་བྱིན་གྱིས་བརླབས་ནས་བཀའ་སྩལ་པ། ཡང་ཤེས་པར་གྱིས་ཤིག །དེས་གསོལ་པ། ལོ་དྲུག་ཏུ་ལགས་སོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་ཡང་སྨྲས་པ་དང་། གསོལ་པ། ལོ་ལྔར་ལགས་སོ། །
དེ་བཞིན་དུ་ཞག་བདུན་གྱི་བར་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་གནས་མལ་རྣམས་སྐྱབས་ཡོད་པར་སྤོས་ཤིག །དེ་རིང་ཁོ་ནར་ལྷས་ཕྱེ་མའི་ཚོགས་ལྟ་བུའི་ཆར་འབེབས་པར་འགྱུར་ཏེ། དེ་ལ་ཁྲུས་བྱེད་པ་གང་
ཡིན་པ་དེ་རྣམས་ལ་འབྲས་དང་ཕོལ་མིག་འབྱུང་བར་མི་འགྱུར་རོ། །རི་དགས་མགོ་དེ་ལྟར་ན་རྒྱུ་སྐར་རྣམས་ནི་འགྱུར་བ་གཡོ་བ་མི་བརྟན་པ་ཡིན་ཏེ། སྲོག་ཀྱང་གཡོ་བ་མི་བརྟན་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། རི་དགས་མགོ་
མངོན་པར་དད་པར་གྱུར་ཏོ། །དེ་ལྟར་མངོན་པར་དད་པར་གྱུར་པས་དགྲ་བཅོམ་པ་མངོན་སུམ་དུ་བྱས་སོ། །དེ་ནས་རྣམ་པར་གྲོལ་བའི་དགའ་བ་རབ་ཏུ་མྱོང་ནས་ཚིགས་སུ་བཅད་པས་སྨྲས་པ། རི་དགས་རྣམས་ནི་ནགས་ཁྲོད་རྟེན། །འདབ་ཆགས་རྣམས་ནི་མཁའ་ལ་
เล่ม ๓ · หน้า 85b
རྟེན། །རྣམ་པར་སྒོམ་པ་ཆོས་ལ་རྟེན། །དགྲ་བཅོམ་མྱ་ངན་འདས་ལ་རྟེན། །རི་དགས་འཛིན་གྱི་མ་ས་ག་མས། བཅོམ་ལྡན་འདས་ཀོ་ས་ལའི་ལྗོངས་རྒྱུ་ཞིང་གཤེགས་ཏེ་མཉན་ཡོད་དུ་བྱོན་ནས་མཉན་ཡོད་ན་བདག་ཁོ་ནའི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་ཐོས་སོ། །ཐོས་ནས་
ཀྱང་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་རི་དགས་འཛིན་གྱི་མ་ས་ག་མ་ལ་ཆོས་དང་ལྡན་པའི་གཏམ་གྱིས་
ཡང་དག་པར་བསྟན་ཅེས་བྱ་བ་ནས་ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་རི་དགས་འཛིན་གྱི་མ་ས་ག་མ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་
འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་བདག་གི་སྡུམ་པར་གདུགས་ཚོད་སྦྱོར་ཞིང་མཆིས་ན་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་ས་ག་མ་ལ་ཅང་མི་གསུང་བས་གནང་ངོ་ཞེས་བྱ་བ་ནས་ནོར་བུའི་ཆུ་སྣོད་
བཞག་སྟེ། བཅོམ་ལྡན་འདས་ལ་བུ་མོ་མངག་གཞུག་མ་དུས་ཚོད་གསོལ་བ་དུས་ཚོད་གསོལ་དུ་བཅུག་གོ། །ཇི་ཙམ་ན་བུ་མོ་མངག་གཞུག་མ་དེ་སྔོན་གྱི་ཀུན་དགའ་ར་བར་སོང་ནས་སྒོ་གསེབ་ནས་བལྟས་ན་དགེ་སློང་རྣམས་སྒྲེན་མོར་ཁྲུས་བྱེད་པ་མཐོང་ངོ་། །མཐོང་ནས་
ཀྱང་བསམས་པ། གདོན་མི་ཟ་བར་འཕགས་པ་རྣམས་ནི་བཞུད་ལ། འཚོ་བ་བ་ནལ་ཕྲུག་འདི་དག་གིས་གཙུག་ལག་ཁང་འདིར་བཏབ་བོ་སྙམ་ནས། དེ་རིངས་པ་རིངས་པས་འོངས་ཏེ་སྨྲས་པ། ཇོ་མོ་མཁྱེན་པར་མཛོད་ཅིག །འཕགས་པ་རྣམས་ནི་བཞུད་ལ་འཚོ་བ་པ་ནལ་
ཕྲུག་རྣམས་ཀྱིས་གཙུག་ལག་ཁང་འདིར་བཏབ་ལགས་སོ། །ས་ག་མས་བསམས་པ། བཅོམ་ལྡན་འདས་ཀྱིས་གནང་ནས། གདུགས་ཚོད་མ་གསོལ་བར་བཞུད་པར་གྱུར་པ་གང་ཡིན་པ་དེ་ནི་གནས་མ་ཡིན་ཞིང་སྐབས་མེད་དེ། གདོན་མི་ཟ་བར་འདིས་དགེ་སློང་སྒྲེན་མོ་
เล่ม ๓ · หน้า 86a
རྣམས་མཐོང་ངོ་སྙམ་ནས། དེས་དུས་ཚོད་གསོལ་བའི་སྐྱེས་པ་གཞན་ཞིག་བཏང་སྟེ། དེས་བཙུན་པ་གདུགས་ཚོད་ལགས་ཤིང་མཆིས་ན། བཅོམ་ལྡན་འདས་ད་དེའི་དུས་ལ་བབ་པར་མཁྱེན་པར་མཛད་དུ་གསོལ་ཞེས་བྱ་བ་ནས། བཅོམ་ལྡན་འདས་
ཀྱིས་གསོལ་ཟིན་ནས་ཕྱག་བཅབས་ཏེ་ལྷུང་བཟེད་གྱུ་བར་རིག་ནས་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། རྒན་པའི་མཐར་འདུག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ནི་སྦྱིན་པ་ཆེན་པོ་བརྒྱད་བཅའ་བར་འཚལ་ཏེ། གློ་བུར་པ་ལ་སྩལ་བ་དང་།
འཆི་བར་ཆས་པ་ལ་སྩལ་བ་དང་། བྲོ་འཚལ་བ་ལ་སྩལ་བ་དང་། བྲོ་གཡོག་ལ་སྩལ་པ་དང་། སྩང་ནས་ཀྱི་འཇམས་ནར་མ་དང་། སྨན་ནར་མ་དང་། དགེ་སློང་རྣམས་ལ་དབྱར་གྱི་གོས་རས་ཆེན་དང་། དགེ་སློང་མ་རྣམས་ལ་ཁྲུས་རས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། ས་ག་མ་ཁྱོད་ཀྱིས་ཡོན་ཏན་ཅི་ཞིག་མཐོང་ན་གློ་བུར་དུ་འོངས་པ་ལ་སྦྱིན་པ་སྦྱིན། བཙུན་པ་གློ་བུར་དུ་མཆིས་པའི་དགེ་སློང་ནི་སྤྱོད་ཡུལ་མི་མཁས་པ་དང་། ལམ་སྲང་མི་མཁས་པ་ལགས་པས་དེས་བདག་གི་བསོད་སྙོམས་ལ་ལོངས་སྤྱད་ན་སྤྱོད་ཡུལ་ལ་མཁས་
པ་དང་། ལམ་སྲང་ལ་མཁས་པར་འགྱུར་ལགས་སོ། །ས་ག་མ་དེ་ཐུགས་སུ་ཆུད་དེ་ལེགས་སོ་ལེགས་སོ། །དོན་གྱི་དབང་ཅི་ཞིག་མཐོང་ན་འགྲོ་བར་ཆས་པ་ལ་སྦྱིན་པ་སྦྱིན། བཙུན་པ་དགེ་སློང་མཆི་བར་ཆས་པ་བསོད་སྙོམས་ཚོལ་དུ་མཆིས་ན་འགྲོན་པ་རྣམས་དང་བྲལ་
བར་འགྱུར་ཞིང་ཚོགས་དང་བྲལ་ན་ཕོངས་པར་འགྱུར་བས་དེས་བདག་གི་བསོད་སྙོམས་ལ་ལོངས་སྤྱད་ན་ཚོགས་དང་འབྲལ་བར་མི་འགྱུར་ལགས་སོ། །ས་ག་མ་དེ་ཡང་ཐུགས་སུ་ཆུད་དེ་ལེགས་སོ་ལེགས་སོ། །དོན་གྱི་དབང་ཅི་ཞིག་མཐོང་ན་ནད་པ་ལ་སྦྱིན་པ་སྦྱིན། བཙུན་
པ་དགེ་སློང་བྲོ་འཚལ་བ་བསོད་སྙོམས་ཚོལ་དུ་མཆིས་ན་ཉོན་མོངས་པའམ་འགུམ་པར་འགྱུར་བས་དེས་བདག་གི་བསོད་སྙོམས་ལ་ལོངས་སྤྱོད་ན་བྲོ་ནད་ལས་ལྡང་བ་དང་བདེ་བ་ལ་རེག་པར་གནས་པར་འགྱུར་ལགས་སོ། །ས་ག་མ་དེ་ཡང་ཐུགས་སུ་ཆུད་དེ་ལེགས་སོ་ལེགས་
เล่ม ๓ · หน้า 86b
སོ། །དོན་གྱི་དབང་ཅི་ཞིག་མཐོང་ན་ནད་གཡོག་ལ་སྦྱིན་པ་སྦྱིན། བཙུན་པ་དགེ་སློང་བྲོ་གཡོག་བགྱིད་པ་རང་གི་ཆེད་དུ་བསོད་སྙོམས་ཚོལ་དུ་མཆིས་ན་བྲོ་འཚལ་བའི་བགྱི་བ་ཉམས་པར་འགྱུར་བས་དེས་བདག་གི་བསོད་སྙོམས་ལ་ལོངས་སྤྱད་ན་འགྲུབ་པར་འགྱུར་ལགས་སོ། །ས་
ག་མ་དེ་ཡང་ཐུགས་སུ་ཆུད་དེ་ལེགས་སོ་ལེགས་སོ། །དོན་གྱི་དབང་ཅི་ཞིག་མཐོང་ན་དགེ་འདུན་ལ་ནས་ཐུག་ནར་མ་སྦྱིན། བཙུན་པ་བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ལ་དྲོད་ཆུང་བ་ཡང་མཆིས། དྲོད་ཆེ་བ་ཡང་མཆིས་ཏེ། དེ་ལ་རེ་ཞིག་དྲོད་ཆུང་བ་གང་ལགས་པ་དེ་རྣམས་
ནི་ནས་ཐུག་འཚལ་ན་དྲོད་སྐྱེ་བར་འགྱུར་ལ། དྲོད་ཆེ་བ་གང་ལགས་པ་དེ་རྣམས་ནི་ཉམ་སྐྱེ་བར་འགྱུར་ལགས་སོ། །ས་ག་མ་དེ་ཡང་ཐུགས་སུ་ཆུད་དེ་ལེགས་སོ་ལེགས་སོ། །དོན་གྱི་དབང་ཅི་ཞིག་མཐོང་ན་དགེ་འདུན་ལ་སྨན་ནར་མ་སྦྱིན། བཙུན་པ་བཅོམ་ལྡན་འདས་ཀྱི་ཉན་
ཐོས་རྣམས་ལས་བྲོ་ནད་མང་བ་དང་བྲོ་ནད་ཉུང་བ་མཆིས་ཏེ། དེ་ལ་བྲོ་ནད་མང་པོ་གང་ལགས་པ་དེ་རྣམས་ལ་ནི་རེ་ཞིག་འཚལ་ཆེས། བྲོ་ནད་ཉུང་བ་གང་ལགས་པ་དེ་རྣམས་ཀྱིས་ལོངས་སྤྱད་ན་ལྷག་པར་ཡང་བདེ་བ་ལ་རེག་པར་གནས་པར་འགྱུར་ལགས་སོ། །ས་ག་མ་དེ་ཡང་
ཐུགས་སུ་ཆུད་དེ་ལེགས་སོ་ལེགས་སོ། །དོན་གྱི་དབང་ཅི་ཞིག་མཐོང་ན། དགེ་སློང་རྣམས་ལ་དབྱར་གྱི་གོས་རས་ཆེན་སྦྱིན། བཙུན་པ་དེ་རིང་ཁོ་ན་བདག་གིས་བུ་མོ་མངག་གཞུག་བགྱིད་པ་དུས་ཚོད་གསོལ་བར་བཏང་བ་ལས། དེས་དགེ་སློང་རྣམས་སྒྲེན་མོར་ཁྲུས་
བྱས་པ་མཐོང་ནས། དེ་སླར་མཆིས་ཏེ་བདག་ལ་འཕགས་པ་རྣམས་ནི་བཞུད་ལ་འཚོ་བ་པ་ནལ་ཕྲུག་རྣམས་ཀྱིས་གཙུག་ལག་ཁང་དུ་བཏབ་བོ་ཞེས་མཆི་བས་དེ་རྣམས་དབྱར་གྱི་གོས་རས་ཆེན་གྱིས་བཀབ་པར་འགྱུར་ལགས་སོ། །ས་ག་མ་དེ་ཡང་ཐུགས་སུ་ཆུད་དེ་ལེགས་
སོ་ལེགས་སོ། །དོན་གྱི་དབང་ཅི་ཞིག་མཐོང་ན་དགེ་སློང་མ་རྣམས་ལ་ཁྲུས་རས་སྦྱིན། བཙུན་པ་དུས་འདི་གཅིག་ན་ཁྱིམ་པ་མོ་རབ་ཏུ་མང་པོ་དག་དགེ་སློང་མ་རབ་ཏུ་མང་པོ་རྣམས་ཆུ་བོ་གནས་ལྡན་ལ་སྒྲེན་མོར་ཁྲུས་བགྱིད་པ་ལས་ཁྱིམ་པ་མོ་དེ་རྣམས་ཀྱིས་བགད་ཅིང་
เล่ม ๓ · หน้า 87a
བགད་ནས་མཛུབ་ཀེར་གྱིས་དགེ་སློང་མ་རྣམས་ཀྱི་མདོམས་ཉེ་བར་སྟོན་ཏེ། དེ་དག་གིས་ཉེ་བར་བསྟན་པ་རྣམས་བག་འཁུམས་པར་གྱུར་པས་དེ་རྣམས་བདག་གི་ཁྲུས་རས་ཀྱིས་བཀབ་ནས་ཁྲུས་བགྱིད་པར་འགྱུར་ལགས་སོ། །ས་ག་མ་ལེགས་སོ་ལེགས་
སོ། །ཁྱོད་ཀྱིས་བསོད་ནམས་བྱ་བའི་དངོས་པོ་བརྒྱད་སྨྲས་པ་གང་ཡིན་པ་དེ་དག་ནི་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བདུན་རྣམས་ལ་ཡང་དག་པར་སྣང་ཞིང་འདི་དག་ནི་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བདུན་པོ་གང་དག་ལ་བསོད་ནམས་
སམ། བསོད་ནམས་ཀྱི་འབྲས་བུའམ། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་འདི་ཙམ་མོ་ཞེས་ཚད་གཟུང་བར་མི་ནུས་ཀྱི་འོན་ཀྱང་བསོད་ནམས་མང་བའི་ཕྱིར་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཞེས་བྱ་བའི་གྲངས་སུ་འགྲོ་བ་རྣམས་ཀྱི་ནང་དུ་འདུས་སོ། །བཙུན་པ་
བདག་གིས་འདི་སྐད་ཅེས་བཅོམ་ལྡན་འདས་ཀྱིས་དགེ་སློང་ཆེ་གེ་མོ་དེ་སྔ་ནས་དགེ་སློང་འདི་ཡང་ཀུན་ཏུ་སྦྱོར་བ་གསུམ་སྤངས་ནས་རྒྱུན་དུ་ཞུགས་པ་རྣམ་པར་མི་ལྟུང་བའི་ཆོས་ཅན་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གཞོལ་བ། རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པར་འགྱུར་ཏེ།
ལྷ་དང་མི་རྣམས་ཀྱི་ནང་དུ་ལན་བདུན་དུ་ཉིང་མཚམས་སྦྱོར་ཞིང་འཁོར་ནས་སྡུག་བསྔལ་གྱི་མཐར་བྱེད་པར་འགྱུར་རོ་ཞེས་ལུང་བསྟན་པ་ཐོས་ཏེ། དེ་མཉན་ཡོད་དུ་རེས་འགའ་མཆི་ཞིང་སླར་ཡང་མཆི་བར་འགྱུར་ལ། དེས་བདག་གི་གློ་བུར་དུ་མཆི་བའི་ཟས་ཞེས་བྱ་བ་ནས། དབྱར་
གྱི་གོས་རས་ཆེན་དང་། དགེ་སློང་མས་ཁྲུས་རས་ལོངས་སྤྱོད་པར་འགྱུར་ལགས་སོ་ཞེས་བྱ་བའི་བར་དེ་ཐོས་ནས་ཀྱང་དགའ་བ་དང་རབ་ཏུ་དགའ་བ་རྒྱ་ཆེན་པོ་དགེ་བ་ངེས་པར་འབྱུང་བ་དང་ལྡན་པ་ཐོབ་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་ཆེ་གེ་མོ་དེ་དགེ་སློང་
འདི་ནི་ཀུན་ཏུ་སྦྱོར་བ་གསུམ་སྤངས་ནས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་བསྲབས་པའི་ཕྱིར་ལན་གཅིག་ཕྱིར་འོང་བར་འགྱུར་ཏེ། འཇིག་རྟེན་འདིར་ལན་གཅིག་འོངས་ནས་སྡུག་བསྔལ་གྱི་མཐར་བྱེད་པར་འགྱུར་རོ་ཞེས་ལུང་བསྟན་པ་དེ་ཡང་མཉན་ཡོད་དུ་རེས་འགའ་
เล่ม ๓ · หน้า 87b
མཆི་ཞིང་སླར་མཆི་ལ། དེས་བདག་གི་གློ་བུར་བའི་ཟས་ཞེས་བྱ་བ་ནས་དབྱར་གྱི་གོས་རས་ཆེན་དང་། དགེ་སློང་མས་ཁྲུས་རས་ཞེས་བྱ་བའི་བར་གོང་མ་བཞིན་ཏེ། ཐོས་ནས་ཀྱང་དགའ་བ་དང་རབ་ཏུ་དགའ་བ་རྒྱ་ཆེན་པོ་དགེ་བ་ངེས་པར་འབྱུང་བ་དང་ལྡན་པ་ཐོབ་པར་འགྱུར་ལགས་
སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་ཆེ་གེ་མོ་དེ་དགེ་སློང་འདི་ནི་ཐ་མའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པས་ཕྱིར་མི་འོང་བར་འགྱུར་ཏེ། འཇིག་རྟེན་འདིར་ཕྱིར་མི་འོང་བར་འགྱུར་རོ་ཞེས་ལུང་བསྟན་པ་དེ་ཡང་རེས་འགའ་མཉན་ཡོད་དུ་མཆི་ཞིང་སླར་མཆི་ལ། དེས་
བདག་གི་གློ་བུར་བའི་ཟས་ཞེས་བྱ་བ་ནས་དབྱར་གྱི་གོས་རས་ཆེན་དང་། དགེ་སློང་མས་ཁྲུས་རས་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། ཐོས་ནས་ཀྱང་དགའ་བ་དང་རབ་ཏུ་དགའ་བ་རྒྱ་ཆེན་པོ་དགེ་བ་ངེས་པར་འབྱུང་བ་དང་ལྡན་པ་ཐོབ་པར་འགྱུར་ལགས་སོ། །བཅོམ་ལྡན་
འདས་ཀྱིས་དགེ་སློང་ཆེ་གེ་མོ་དེ་དགེ་སློང་འདི་ནི་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་མངོན་སུམ་དུ་བྱས་ནས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འཇུག་པར་འགྱུར་རོ་ཞེས་ལུང་བསྟན་པ་དེ་ཡང་རེས་འགའ་མཉན་ཡོད་དུ་མཆི་ཞིང་སླར་ཡང་
མཆི་ལ། དེས་བདག་གི་གློ་བུར་བའི་ཟས་ཞེས་བྱ་བ་ནས་དབྱར་གྱི་གོས་རས་ཆེན་དང་། དགེ་སློང་མས་ཁྲུས་རས་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། ཐོས་ནས་ཀྱང་དགའ་བ་དང་རབ་ཏུ་དགའ་བ་རྒྱ་ཆེན་པོ་དགེ་བ་ངེས་པར་འབྱུང་བ་དང་ལྡན་པ་ཐོབ་པར་འགྱུར་ལགས་
སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རི་དགས་འཛིན་གྱི་མ་ས་ག་མ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན་ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །
དེ་ནས་བཅོམ་ལྡན་འདས་མཉན་ཡོད་དུ་ཇི་ཙམ་བཞེད་ཀྱི་བར་དུ་བཞུགས་ནས་ཡངས་པ་ཅན་གང་ན་བ་དེར་རྒྱུ་ཞིང་གཤེགས་ཏེ། རིམ་གྱིས་རྒྱུ་ཞིང་གཤེགས་པ་ན་ཡངས་པ་ཅན་དུ་བྱོན་ནས་ཡངས་པ་ཅན་གྱི་སྤྲེའུ་རྫིང་གི་འགྲམ་གྱི་ཁང་པ་བརྩེགས་པ་ན་བཞུགས་སོ། །དེ་ནས་
เล่ม ๓ · หน้า 88a
བཅོམ་ལྡན་འདས་སྔ་དྲོ་ན་བཟའ་ཤམ་ཐབས་མནབས་ཆོས་གོས་དང་ལྷུང་བཟེད་བསྣམས་ནས་ཡངས་པ་ཅན་དུ་བསོད་སྙོམས་ལ་ཞུགས་སོ། །དེའི་ཚེ་དགེ་སློང་རབ་ཏུ་མང་པོ་ཀུན་དགའ་ར་བའི་སྒོ་ན་གནས་མལ་མི་གཙང་བས་གོས་པ་རྣམས་འཁྲུ་བ་དང་། སྐེམས་
པ་དང་། འདིངས་པར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་རབ་ཏུ་མང་པོ་ཀུན་དགའ་ར་བའི་སྒོ་ན་གནས་མལ་མི་གཙང་བས་གོས་པ་རྣམས་འཁྲུ་བ་དང་། སྐེམས་པ་དང་། འདིངས་པར་བྱེད་པ་གཟིགས་སོ། །གཟིགས་ནས་ཀྱང་ཡང་འདི་སྙམ་དུ་དགོངས་ཏེ།
བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་པགས་པ་དང་། ཤ་དང་། ཁྲག་ཟད་ཟད་དུ་སྦྱིན་པ་བཏང་ཞིང་བསོད་ནམས་བྱས་པ་གང་ཡིན་པ་དེ་ལ་དགེ་སློང་རྣམས་བག་མེད་ཅིང་མ་བརྟགས་པར་སྤྱོད་པར་བྱེད་དོ་སྙམ་དུ་དགོངས་ནས་ཡངས་པ་ཅན་དུ་བསོད་སྙོམས་སྤྱད་དེ། ཞལ་
ཟས་ཀྱི་བྱ་བ་མཛད་ནས་ཟས་ཕྱི་མའི་བསོད་སྙོམས་སྤངས་ཤིང་ལྷུང་བཟེད་དང་ན་བཟའ་ཆོས་གོས་མཁོས་སུ་ཕབ་ནས་ཞབས་བསིལ་ཏེ་ནང་དུ་ཡང་དག་འཇོག་ལ་གཙུག་ལག་ཁང་དུ་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་དགོངས་ཀ་ནང་དུ་ཡང་དག་འཇོག་ལས་བཞེངས་ནས་དགེ་
སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདིར་ང་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་ཡངས་པ་ཅན་དུ་བསོད་སྙོམས་ལ་
ཞུགས་པ་ལས་ངས་དགེ་སློང་རབ་ཏུ་མང་པོ་དག་ཀུན་དགའ་ར་བའི་སྒོ་ན་གནས་མལ་མི་གཙང་བས་གོས་པ་རྣམས་འཁྲུ་བ་དང་། སྐེམས་པ་དང་། འདིངས་པར་བྱེད་པ་མཐོང་ངོ་། །མཐོང་ནས་ཀྱང་འདི་སྙམ་དུ་དགོངས་ཏེ། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་པགས་
པ་དང་། ཤ་དང་ཁྲག་ཟད་ཟད་དུ་སྦྱིན་པ་བཏང་ཞིང་བསོད་ནམས་བྱས་པ་གང་ཡིན་པ་དེ་ལ་དགེ་སློང་རྣམས་བག་མེད་ཅིང་མ་བརྟགས་པར་སྤྱོད་པར་བྱེད་དོ། །དགེ་སློང་དག་དད་པས་བྱིན་པ་ལ་བག་ཡོད་པས་སྤྱོད་པ་དང་། དུས་སུ་སྤྱོད་པ་དང་། སྐབས་སྐབས་སུ་སྤྱོད་
เล่ม ๓ · หน้า 88b
པ་དང་། བརྟགས་ཏེ་སྤྱོད་པ་དང་། ཅུང་ཟད་སྤྱོད་པ་ནི་ལེགས་སོ་ལེགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དད་པས་བྱིན་པ་ལ་བག་ཡོད་པས་སྤྱད་པར་བྱ་བའི་བསྔགས་པ་གསུངས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་དགེ་འདུན་གྱི་གནས་མལ་ལ་གདིང་
བ་མེད་པར་ལོངས་སྤྱད་པར་མི་བྱའོ། །གནས་མལ་མི་གཙང་བས་གོས་ན་དེའི་མོད་ཁོ་ན་ལ་བཀྲུ་བར་བྱ་སྟེ། གཞན་དུ་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ན་བཟའ་ཤམ་ཐབས་མནབས་ལྷུང་བཟེད་དང་ཆོས་གོས་བསྣམས་ནས་ཞབས་འབྲིང་བྱེད་པའི་
དགེ་སློང་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཡངས་པ་ཅན་དུ་བསོད་སྙོམས་ལ་ཞུགས་པ་ལས། བཅོམ་ལྡན་འདས་ཀྱིས་མི་རྒྱབ་ནག་པོར་གྱུར་པ་ཞིག་རྒྱང་རིང་པོ་ཁོ་ན་ནས་གཟིགས་སོ། །གཟིགས་ནས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་
ཁྱོད་ཀྱིས་མི་རྒྱབ་ནག་པོ་ཕ་བི་མཐོང་ངམ། བཙུན་པ་མཐོང་ལགས་སོ། །ཀུན་དགའ་བོ་མི་ཕ་བི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་རབ་ཏུ་བྱུང་བར་གྱུར་ཏེ། དེ་ནས་འདིས་དགེ་འདུན་གྱི་གནས་མལ་ལ་མིང་ཙམ་གྱི་གདིང་བ་དང་། དྲི་མ་ཅན་གྱི་
གདིང་བ་དང་། ཤུར་བུ་དང་། རྒྱ་ཅང་དང་། ལྕུག་གུའི་གདིང་བས་བཏིང་ནས་ལོངས་སྤྱད་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་ཚེ་རབས་ལྔ་བརྒྱར་རྒྱབ་ནག་པོར་གྱུར་ཏོ། །ད་དུང་ཡང་རྒྱབ་ནག་པོར་གྱུར་ཏོ་ཞེས་རིག་པར་མཛད་ནས་ཡངས་པ་ཅན་དུ་བསོད་སྙོམས་མཛད་དོ་ཞེས་བྱ་བ་
ནས་ནང་དུ་ཡང་དག་འཇོག་ལས་བཞེངས་ནས་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་རིང་ང་སྔ་དྲོ་ཤམ་
ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་ཡངས་པ་ཅན་དུ་བསོད་སྙོམས་ལ་ཞུགས་པ་ལས། དེ་ན་ངས་མི་རྒྱབ་ནག་པོར་འདུག་པ་ཞིག་མཐོང་སྟེ། དེ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་དགེ་སློང་དུ་གྱུར་པ་ལས་དེ་ན་དེས་དགེ་འདུན་གྱི་
เล่ม ๓ · หน้า 89a
གནས་མལ་ལ་མིང་ཙམ་གྱི་གདིང་བ་དང་ཞེས་བྱ་བ་ནས་ཚེ་རབས་ལྔ་བརྒྱའི་བར་དུ་རྒྱབ་ནག་པོར་གྱུར་ཏོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་སློང་དག་དེ་ལྟ་བས་ན་དགེ་སློང་རྣམས་ཀྱིས་དེང་ཕྱིན་ཆད་མིང་ཙམ་གྱི་གདིང་བ་དང་། དྲི་མ་ཅན་གྱི་གདིང་བས་དགེ་
འདུན་གྱི་གནས་མལ་ལ་ལོངས་སྤྱད་པར་མི་བྱའོ། །ལོངས་སྤྱད་ན་འགལ་ཚབས་ཅན་དུ་འགྱུར་རོ། །འོན་ཀྱང་གདིང་བ་གཉིས་ཀྱིས་ལོངས་སྤྱད་པར་བྱ་སྟེ། སྟུག་ན་ནི་རིམ་གཅིག་གིས་སོ། །སེང་བ་ཞིག་ན་རིམ་གཉིས་ཀྱིས་སོ། །དགེ་སློང་རྣམས་གདིང་བ་བཀྲ་ཞིང་བཀྲ་བ་ཁ་
ཚར་མ་བཅད་པ་དག་འཆང་བར་བྱེད་པ་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས་སྨོད་པར་བྱེད། གཞོགས་འཕྱས་བྱེད། ཁ་ཟེར་བར་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་པོའམ། འདམ་ཀའམ། ཁ་བསྒྱུར་བའི་གདིང་བ་གྲིས་དྲས་པ་བཅང་བར་བྱ་སྟེ།
གཞན་དུ་ན་འགལ་ཚབས་ཅན་དུ་འགྱུར་རོ། །དགེ་སློང་ཞིག་གཡན་པའི་ནད་ཀྱིས་ཉེན་པས་དེའི་ཆོས་གོས་རྣམས་རྣག་དང་ཁྲག་གིས་རེག་ནས་དྲི་མི་ཞིམ་ལ་སྦྲང་མ་རྣམས་འདུ་ཞིང་དེ་བསོད་སྙོམས་ལ་ཞུགས་པ་དེ་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས་སྨོད་པར་བྱེད་གཞོགས་
འཕྱས་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ་གཡན་པ་དགབ་པ་བཅང་བར་བྱ་སྟེ། ཞག་ལྔའམ། དྲུག་ལོན་ནས་བཀྲུ་བར་བྱའོ། །གཞན་
དུ་ན་འགལ་ཚབས་ཅན་དུ་འགྱུར་རོ། །དགེ་སློང་མཛེའི་ནད་ཀྱིས་ཉེན་པ་དག་དགེ་འདུན་གྱི་གནས་མལ་དང་། ཁྱམས་དང་། རྫིང་དང་། སྒོ་ཁང་དང་། བང་རིམ་དང་། འཆག་ས་རྣམས་དང་། ཤིང་དྲུང་གི་གནས་རྣམས་ན་དྲི་མི་ཞིམ་པ་དང་། སྦྲང་མ་རྣམས་འཁོར་བས་
གནས་ཤིང་ལོངས་སྤྱད་པར་བྱེད་པ་དེ་དག་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས་སྨོད་པར་བྱེད། གཞོགས་འཕྱས་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་
เล่ม ๓ · หน้า 89b
སློང་དག་དགེ་སློང་མཛེ་ནད་ཀྱིས་ཐེབས་པ་རྣམས་ཀྱི་ཕྱིར་ངས་ཀུན་ཏུ་སྤྱོད་པའི་ཆོས་དག་བཅའ་བར་བྱ་སྟེ། དགེ་སློང་མཛེ་ནད་ཀྱིས་ཐེབས་པས་དགེ་འདུན་གྱི་གནས་མལ་དང་། གནས་ཁང་ལ་ལོངས་སྤྱད་པར་མི་བྱ། ཁྱམས་རྣམས་དང་། ཇི་སྐད་དུ་བསྒྲགས་པའི་ཁྱམས་ལ་
སོགས་པར་གནས་པར་མི་བྱ། དགེ་འདུན་གྱི་ཆབ་ཁུང་དང་། སྣམ་ཕྱི་སར་འཇུག་པར་མི་བྱ་སྟེ། དགེ་འདུན་གྱིས་དེ་ལ་གནས་དབེན་པ་བྱིན་ནས་རིམ་གྲོ་བྱའོ། །དགེ་སློང་མཛེ་ནད་ཀྱིས་ཐེབས་པས་ཀུན་ཏུ་སྤྱོད་པའི་ཆོས་ཇི་ལྟར་བཅས་པ་བཞིན་ཡང་དག་པར་བླངས་ཏེ་
འཇུག་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ།། །།འདུལ་བ་གཞི། བམ་པོ་དྲུག་བཅུ་བཞི་པ། སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་བདེ་བར་གཤེགས་པའི་ན་བཟའ་ཆོས་གོས་ལྷག་པར་བཅང་དུ་རུང་
ལགས་སམ། ཉེ་བ་འཁོར་མི་རུང་ངོ་། །བཙུན་པ་མོན་དར་གྱི་ཆོས་གོས་ལ་ཆོས་གོས་གསུམ་དུ་བྱིན་གྱིས་བརླབས་ནས་ཆོས་གོས་ལྷག་པར་བྱིན་གྱིས་བརླབས་ཏེ་བཅང་དུ་རུང་ལགས་སམ། ཉེ་བ་འཁོར་ཅི་དགར་ཟད་དེ། དེ་བཞིན་དུ་འདོད་པ་བཞིན་དུ་བལ་དང་ཤ་ནའི་རས་ལ་ཡང་
རུང་ངོ་།། །།སྡོམ་ལ། གསོ་མ་སྐྲ་ཡི་ཆོས་གོས་དང་། །གཅེར་བུ་སྐྲ་འབལ་ལོ་མའི་གོས། །མཐང་གོས་ཅན་དང་གཡང་གཞི་དང་། །གསོ་རས་སེང་རས་པ་ཆར་སྔོ། །གླེང་གཞི་ནི་མཉན་ཡོད་ནའོ། །དགེ་སློང་ཞིག་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་
བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་དགེ་སློང་དེས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་གསོ་མའི་ཆོས་གོས་འཆང་བར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། སྐྱེས་བུ་གཏི་མུག་འདི་ལྟ་སྟེ། གསོ་མའི་ཆོས་གོས་འདི་ནི་མུ་སྟེགས་པའི་རྟགས་ཡིན་ནོ། །དེ་ལྟ་བས་ན་དགེ་སློང་གིས་གསོ་མའི་ཆོས་གོས་བཅང་བར་མི་བྱའོ། །བཅངས་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཡང་དགེ་སློང་ཞིག་འོངས་ནས་བཅོམ་ལྡན་
เล่ม ๓ · หน้า 90a
འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་སྐྲའི་ཆོས་གོས་བཅང་བར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་གཏི་མུག་འདི་ནི་མུ་སྟེགས་པའི་རྟགས་སོ་ཞེས་བྱ་བ་ནས་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བྱ་བའི་བར་
གོང་མ་བཞིན་དུའོ། །ཡང་དགེ་སློང་ཞིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་གཅེར་བུ་བགྱིད་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་གཏི་མུག་འདི་ལྟ་སྟེ། གཅེར་བུ་འདི་ནི་མུ་སྟེགས་པའི་རྟགས་
ཡིན་ནོ། །གཞན་ཡང་ངས་ཆོས་གོས་གསུམ་རྗེས་སུ་གནང་ན་ཅིའི་ཕྱིར་ཁྱོད་གཅེར་བུ་བྱེད། དེ་ལྟ་བས་ན་དགེ་སློང་གིས་གཅེར་བུ་མི་བྱའོ། །བྱས་ན་ཉེས་པ་སྦོམ་པོར་འགྱུར་རོ། །དེ་ནས་དགེ་སློང་དེ་གཅེར་བུ་མ་གནང་བ་དང་བསླབ་པ་རྣམས་སྤངས་ཏེ་ཉམས་
པར་གྱུར་ཏོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་དགེ་སློང་འདི་གཅེར་བུ་མ་གནང་བ་དང་བསླབ་པ་རྣམས་སྤངས་ཏེ་ཉམས་པར་གྱུར་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། དགེ་སློང་དག་ད་ལྟར་འབའ་ཞིག་ཏུ་མ་ཟད་དེ། ཇི་ལྟར་འདས་པའི་དུས་ན་ཡང་འདི་ཉིད་ངོ་ཚ་མེད་པའི་སྐྱོན་གྱིས་ཆུང་མ་མ་ཐོབ་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་ངང་པའི་རྒྱལ་པོ་ཡུལ་འཁོར་སྐྱོང་ཞེས་བྱ་བ་བྱུང་སྟེ། དེའི་བུ་མོ་རང་ཁྱིམ་ཐབ་ཚོལ་ལོ་ཞེས་
ཡུལ་ཕྱོགས་སྣ་ཚོགས་ན་གནས་པའི་བྱ་རྣམས་ཀྱིས་ཐོས་ནས་འདུས་པར་གྱུར་ཏེ་སོ་སོ་ནས་བསམས་པ། དེའི་ཁྱིམ་ཐབ་ཏུ་བདག་འགྱུར་རོ་སྙམ་མོ། །དེས་རྨ་བྱ་ཞིག་མཐོང་ནས་དེས་སྨྲས་པ། འདི་ནི་བདག་གི་ཁྱིམ་ཐབ་ཏུ་འགྱུར་རོ། །དེ་ལ་གཞན་དག་གིས་འདིས་ཁྱོད་
ཁྱིམ་ཐབ་ཏུ་བདམས་སོ་ཞེས་སྨྲས་པ་དང་། དེས་མཇུག་མ་བསྒྲེངས་ནས་གར་བྱེད་པར་བརྩམས་པ་དེ་ཡུལ་འཁོར་སྐྱོང་གིས་མཐོང་ནས་སྨྲས་པ། འདི་ཅི་ཞིག་གི་ཕྱིར་གར་བྱེད། གཞན་དག་གིས་སྨྲས་པ། ཁྱོད་ཀྱི་བུ་མོའི་ཁྱིམ་ཐབ་ཏུ་གྱུར་པས་སོ། །དེས་སྨྲས་པ། ངོ་ཚ་དང་
เล่ม ๓ · หน้า 90b
ཁྲེལ་དང་མི་ལྡན་པས་འདི་ལ་བདག་གི་བུ་མོ་མི་སྦྱིན་ནོ་ཞེས་པ་རྨ་བྱ་དེས་ཐོས་ནས་ཡུལ་འཁོར་སྐྱོང་གི་དྲུང་དུ་སོང་སྟེ་ཚིགས་སུ་བཅད་པས་སྨྲས་པ། དབྱངས་སྙན་ཡིད་འོང་ཁ་དོག་མཛེས་པ་དང་། །འདབ་མ་འདོམ་གང་ཚད་ལྡན་མགྲིན་པ་ནི། །ནོར་བུ་བཻ་ཌཱུརྱ་དང་འདྲ་གྱུར་ན། །ཅི་སླད་ཁྱོད་ཀྱི་
སྲས་མོ་བདག་མི་སྩལ། །ཡུལ་འཁོར་སྐྱོང་གིས་སྨྲས་པ། དབྱངས་སྙན་ཡིད་འོང་ཁ་དོག་མཛེས་པ་དང་། །འདབ་མ་འདོམ་གང་ཚད་ལྡན་མགྲིན་པ་ནི། །ནོར་བུ་བཻ་ཌཱུརྱ་དང་འདྲ་གྱུར་ཀྱང་། །འཛེམ་མེད་སྐྱོན་གྱིས་ཁྱོད་ལ་མི་སྦྱིན་ནོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་
ཀྱི་རྨ་བྱ་གང་ཡིན་པ་དེ་ནི་དགེ་སློང་འདི་ཉིད་དེ། དེ་ན་ཡང་འདི་ངོ་ཚ་མེད་པའི་སྐྱོན་གྱིས་ཆུང་མ་མ་ཐོབ་ནས་སྡུག་བསྔལ་ཞིང་ཡིད་མི་བདེ་ནས་བྱའི་ཚོགས་ཀྱི་ནང་ནས་བྱུང་ངོ་། །ད་ལྟར་ཡང་འདིས་གཅེར་བུ་མ་གནང་ནས་སྡུག་བསྔལ་ཞིང་ཡིད་མི་བདེ་བས་དགེ་སློང་གི་ཚོགས་ཀྱི་ནང་ནས་བྱུང་
ངོ་། །ཡང་དགེ་སློང་ཞིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་སྐྲ་འབལ་བར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་འདྲེག་པར་རྗེས་སུ་གནང་ན་ཅིའི་ཕྱིར་ཁྱོད་སྐྲ་འབལ། སྐྱེས་བུ་གཏི་མུག་འདི་ལྟ་སྟེ། སྐྲ་འབལ་བ་འདི་
ནི་མུ་སྟེགས་པའི་བརྟུལ་ཞུགས་ཡིན་ནོ། །དེ་ལྟ་བས་ན་དགེ་སློང་གིས་སྐྲ་འབལ་བར་མི་བྱའོ། །འབལ་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཡང་དགེ་སློང་ཞིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ལོ་མའི་བགོ་བ་འཆང་བར་འཚལ་ལོ། །
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་གཏི་མུག་འདི་ནི་མུ་སྟེགས་པའི་བརྟུལ་ཞུགས་ཡིན་ནོ་ཞེས་བྱ་བ་ནས་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཡང་དགེ་སློང་ཞིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་
པ་བདག་བླ་གོས་མཐང་གོས་དང་བཅས་པས་འཚོ་བར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་གཏི་མུག་ངས་ཆོས་གོས་གསུམ་རྗེས་སུ་གནང་ན་ཅིའི་ཕྱིར་ཁྱོད་བླ་གོས་མཐང་གོས་དང་བཅས་པས་འཚོ་བར་བྱེད། དེ་ལྟ་བས་ན་དགེ་སློང་གིས་བླ་གོས་མཐང་
เล่ม ๓ · หน้า 91a
གོས་དང་བཅས་པའི་ཆོས་གོས་ཀྱིས་འཚོ་བར་མི་བྱའོ། །འཚོ་བར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཡང་དགེ་སློང་ཞིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་གཡང་གཞི་འཆང་བར་འཚལ་ལོ། །བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། གཏི་མུག་འདི་ནི་མུ་སྟེགས་པའི་རྒྱལ་མཚན་ཡིན་ནོ་ཞེས་བྱ་བ་ནས་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཡང་དགེ་སློང་ཞིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་གསོ་མའི་སེང་རས་ཀྱི་
ཆོས་གོས་འཆང་བར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ནི་མུ་སྟེགས་ཀྱི་རྒྱལ་མཚན་ཡིན་ནོ་ཞེས་བྱ་བ་ནས་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཡང་དགེ་སློང་ཞིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །
བཙུན་པ་བདག་པ་ཆར་འཆང་བར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་གཏི་མུག་འདི་ལྟ་སྟེ། པ་ཆར་འདི་ནི་ཁྱིམ་པའི་ཆོས་ཡིན་ཏེ་ཞེས་བྱ་བ་ནས་འགལ་ཚབས་ཅན་དུ་འགྱུར་རོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཡང་དགེ་སློང་ཞིག་
གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཆོས་གོས་ཐམས་ཅད་སྔོན་པོར་འཆང་བར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ནི་ཁྱིམ་པ་འཆང་བར་བྱེད་དོ། །དེ་ལྟ་བས་ན་དགེ་སློང་གིས་ཆོས་གོས་ཐམས་ཅད་སྔོན་པོར་བཅང་
བར་མི་བྱའོ་ཞེས་བྱ་བ་ནས་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་བཞིན་དུ་ཐམས་ཅད་སེར་བའམ། ཐམས་ཅད་དམར་བའམ། དཀར་བ་ནི་རུང་བ་མ་ཡིན་པ་ཉིད་དོ།། །།སྡོམ་ལ། ཁ་ཚར་རིང་དང་གདེངས་ཀ་དང་། །རལ་ཀ་གཙུག་
ཏོར་ཐོད་དང་ནི། །ར་བལ་གོས་དང་རྔ་བལ་ཀླམ། །མཆིན་ནད་ཀུན་དགའ་མཐང་གོས་བཅས། །ཡང་དགེ་སློང་ཞིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཁ་ཚར་རིང་པོའི་ཆོས་གོས་འཆང་བར་འཚལ་ལོ། །བཅོམ་ལྡན་འདས་
เล่ม ๓ · หน้า 91b
ཀྱིས་བཀའ་སྩལ་པ། འདི་ནི་མུ་སྟེགས་པའི་རྟགས་ཡིན་ནོ། །ཞེས་བྱ་བ་ནས་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཡང་དགེ་སློང་ཞིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཁ་ཚར་གདེངས་ཀ་ལྟ་བུའི་
ཆོས་གོས་འཆང་བར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་གཏི་མུག་འདི་ནི་མུ་སྟེགས་པའི་རྟགས་ཡིན་ནོ་ཞེས་བྱ་བ་ནས་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཡང་དགེ་སློང་ཞིག་གིས་བཅོམ་ལྡན་འདས་ལ་འདི་
སྐད་ཅེས་གསོལ་ཏོ། །བཙུན་པ་བདག་རལ་ཀ་འཆང་བར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་གཏི་མུག་འདི་ནི་ཁྱིམ་པའི་རྟགས་ཡིན་ནོ་ཞེས་བྱ་བ་ནས་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཡང་དགེ་སློང་
ཞིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་གཙུག་ཏོར་བགྱིད་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་གཏི་མུག་འདི་ནི་ཁྱིམ་པའི་རྟགས་ཡིན་ནོ་ཞེས་བྱ་བ་ནས་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བྱ་བའི་བར་
གོང་མ་བཞིན་དུའོ། །ཡང་དགེ་སློང་ཞིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཐོད་འཆིང་བར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་གཏི་མུག་འདི་ནི་ཁྱིམ་པའི་རྟགས་ཡིན་ནོ་ཞེས་བྱ་བ་ནས་འགལ་ཚབས་ཅན་དུ་
འགྱུར་རོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཡང་དགེ་སློང་ཞིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ར་བལ་གྱི་གོས་བཅང་བར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་གཏི་མུག་འདི་ནི་ཁྱིམ་པའི་རྟགས་ཡིན་
ནོ། །ཞེས་བྱ་བ་ནས་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཡང་དགེ་སློང་ཞིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་རྔ་བལ་གྱི་ཀླམ་འཆང་བར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་
เล่ม ๓ · หน้า 92a
གཏི་མུག་འདི་ནི་ཁྱིམ་པའི་རྟགས་ཡིན་ནོ་ཞེས་བྱ་བ་ནས་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཚེ་དང་ལྡན་པ་ཀུན་དགའ་མཆིན་ནད་ཅན་དགེ་སློང་མེད་པའི་གནས་སྒོ་འཕར་མེད་པ་ཞིག་ཏུ་དབྱར་གནས་པར་དམ་བཅས་ཏེ་སྣམ་སྦྱར་མེད་པར་
དེ་ཕྱི་རོལ་དུ་བྱུང་བ་དང་། དེའི་སྣམ་སྦྱར་རྐུན་པོས་ཁྱེར་རོ་ཞེས་བྱ་བའི་བར་དུ་སྟེ། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་དགེ་སློང་མེད་པའི་གནས་སྒོ་འཕར་མེད་པར་དབྱར་གནས་པར་དམ་མི་བཅའ་ཞིང་སྣམ་སྦྱར་མེད་པར་གར་དུ་ཡང་འགྲོ་བར་མི་བྱའོ། །
སོང་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཚེ་དང་ལྡན་པ་ཀུན་དགའ་བོ་མཆིན་ནད་ཅན་ན་བ་དེའི་ནད་གཡོག་ཚེ་དང་ལྡན་པ་ཀུན་དགའ་བོ་བྱེད་པ་ལས་ཆར་བབ་པ་དང་དེ་སྣམ་སྦྱར་གྱོན་ཏེ་འགྲོ་བའི་སྤྲོ་བ་མེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐང་གོས་དང་བླ་གོས་སུ་
བཅས་པས་འགྲོ་བར་བྱའོ། །གཞན་ཡང་སྣམ་སྦྱར་གཞག་ཏུ་རུང་བ་ནི་ལྔ་སྟེ། དགེ་སློང་དང་བཅས་པའི་གནས་སྒོ་འཕར་དང་བཅས་པ་དང་། ཆར་བབ་པ་དང་། ཆར་འབབ་ཏུ་དོགས་པ་དང་། འབབ་ཆུའི་ཕ་རོལ་ཏུ་འགྲོ་བར་འདོད་པ་དང་། སྲ་བརྐྱང་བཏིང་བའི་གནས་
དང་། དགེ་འདུན་གྱིས་གནང་བ་བྱིན་པར་གྱུར་པའོ།། །།བར་སྡོམ་གྱི་ཚིགས་སུ་བཅད་པ། དབྱར་དང་དགེ་ཚུལ་ཉིད་དག་གི། །བྱུང་བ་གཉིས་པོ་དག་དང་ནི། །རྙེད་པ་ཆུང་དང་འགྱོད་པ་དང་། །དགེ་འདུན་རྙེད་དང་དེ་དེའི་ཡིན། །བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་
ཀྱི་ཆོས་གོས་ཀྱི་རྙེད་པ་སྦྱིན་པར་བྱའོ་ཞེས་གསུངས་ན། དགེ་སློང་རྣམས་ཀྱིས་དག་གི་དབྱེ་བྱས་པའི་མོད་ཁོ་ན་ལ་ལྗོངས་རྒྱུར་དང་བ་དང་དེ་རྣམས་ཀྱི་རྙེད་པ་སུས་ཀྱང་མ་བླངས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་རྙེད་པ་ལེན་དུ་གཞུག་པའི་ཕྱིར་དགེ་སློང་ལ་
བཅོལ་ནས་འགྲོ་བར་བྱའོ། །མ་བཅོལ་བའི་དགེ་སློང་གཞན་དག་གིས་བླངས་པ་དང་། དགེ་སློང་རྣམས་ཕན་ཚུན་རྩོད་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་བཅོལ་བའི་དགེ་སློང་གིས་རྙེད་པ་བླང་བར་མི་བྱའོ། །བླངས་ན་འགལ་ཚབས་ཅན་དུ་འགྱུར་
เล่ม ๓ · หน้า 92b
རོ། །བཅོལ་བའི་དགེ་སློང་གཞན་དག་གིས་མ་བླངས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་རྣམས་ཀྱིས་ཐམས་ཅད་མནོད་པར་བྱའོ། །དགེ་ཚུལ་རྣམས་དོང་ནས་སུས་ཀྱང་རྙེད་པ་མ་བླངས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་རྣམས་ཀྱི་མཁན་
པོ་དང་སློབ་དཔོན་དག་གིས་བླང་བར་བྱའོ། །དགེ་སློང་དག་རྙེད་པ་ཆུང་ངུ་དག་འགྱེད་པར་བྱེད་པ་ན་རྙེད་པ་ཆུང་ངུ་ཡིན་ནོ་སྙམ་ནས། དོང་བ་རྣམས་ཀྱི་མ་བྱིན་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ལ་བཅོལ་བ་དེ་རྣམས་ཀྱིས་བླང་བར་བྱའོ། །གཞན་དག་
གིས་མ་བཅོལ་བར་དོང་བ་དང་དེ་རྣམས་ཀྱི་སུས་ཀྱང་མ་བླངས་ལ། དགེ་སློང་རྣམས་ཀྱིས་ཀྱང་འགྱོད་པས་མ་བླངས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བླང་བར་བྱ་སྟེ། དེ་ལ་འགྱོད་པར་མི་བྱའོ། །རྙེད་པ་ཆུང་ངུ་གཞན་དག་བགོར་མཆོག་ནས། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། གཞན་དག་དང་བསྲེས་ལ་གཙུག་ལག་ཁང་ན་གནས་པ་རྣམས་ཀྱིས་བགོ་བར་བྱ་སྟེ། དེ་ལ་འགྱོད་པར་མི་བྱའོ། །བཅོལ་བས་རྙེད་པ་ཆུང་ངུ་མ་བླངས་ན་མ་ཤ་ཀ་ལྔའི་རིན་ཡན་ཆད་ནི་ངེས་པར་བདའ་བར་བྱའོ། །རི་འོར་ཞིག་ན་ཁྱིམ་བདག་
ཅིག་ཡོད་པ་དེས་གཙུག་ལག་ཁང་ཞིག་བརྩིགས་ནས། དེ་ན་གལ་ཏེ་དགེ་སློང་བརྒྱ་གནས་ན་རས་ཡུག་བརྒྱ་འབུལ་ལོ། །དེ་བཞིན་དུ་དགེ་སློང་གཅིག་གནས་ན་ཡང་རས་ཡུག་བརྒྱ་ཁོ་ན་འབུལ་ལོ་ཞེས་བྱ་བའི་བར་དུའོ། །ཇི་ཙམ་དུས་གཞན་ཞིག་ན་གཙུག་ལག་ཁང་དེ་
ཉིད་དུ་རྒན་ཞུགས་གཉིས་ཤིག་དབྱར་གནས་པ་ལས་ཁྱིམ་བདག་དེས་རས་ཡུག་བརྒྱ་བསྐུར་བ་དེ་གཉིས་ཀྱིས་བླངས་ནས་ཕན་ཚུན་དཔྱད་ནས་གཅིག་གིས་སྨྲས་པ། རྙེད་པ་འདི་ནི་དགེ་འདུན་གྱིར་འགྱུར་རོ། །ཅིག་ཤོས་ཀྱིས་སྨྲས་པ། བདག་ཅག་ཁོ་ན་ཡིར་འགྱུར་རོ། །གལ་
ཏེ་དེ་ལྟ་ན་ལོང་ཤིག །དེས་སྨྲས་པ། ཕན་ཚུན་རྩོད་པར་མི་འགྱུར་གྲང་། ཇི་ཙམ་ན་གཅིག་གིས་ཀྱང་མ་བླངས་ནས་དེ་གཉིས་ཀྱིས་ཡང་དཔྱད་པ། དེ་ལ་ཇི་ལྟར་བསྒྲུབ་པར་བྱ། གཅིག་གིས་སྨྲས་པ། དགེ་སློང་རྣམས་བོས་ལ་དེ་རྣམས་དང་ལྷན་ཅིག་བགོའོ། །ཅིག་
เล่ม ๓ · หน้า 93a
ཤོས་ཀྱིས་སྨྲས་པ། དེ་བཞིན་དུ་བྱ་ན་སུ་འགྲོ། །གང་གཞོན་པའོ། །གོས་རྣམས་སུས་བསྲུང་གང་གཞོན་པས་སོ། །དེ་ལྟར་མི་ནུས་ཀྱིས་གང་གཞོན་པ་ནི་འགྲོའོ། །གང་རྒན་པ་དེས་ནི་གོས་རྣམས་བསྲུང་ངོ་། །དེ་བཞིན་དུ་བྱའོ་ཞེས་གཞོན་
པ་ཤོས་དགེ་སློང་རྣམས་བོད་པའི་ཕྱིར་མཉན་ཡོད་དུ་སོང་ངོ་། །དྲུག་སྡེ་རྣམས་ཀྱི་ཀུན་ཏུ་སྤྱོད་པ་ནི་དྲུག་སྡེ་རྣམས་ཀྱིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་རེ་མོས་རེ་མོས་མི་སྟོང་པར་བྱེད་པ་ཡིན་པས་ཉེ་དགའ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་ན་འདུག་པ་དེས་རྒྱང་རིང་པོ་ཁོ་ན་
ནས་མགོ་སྤྲ་བའི་མེ་ཏོག་ལྟར་སྐྱེ་བ་སྨིན་མ་འཕྱང་བ་ཞིག་མཐོང་ནས་བསམས་པ། དགེ་སློང་གནས་བརྟན་འདི་འགའ་ཞིག་འོང་གིས་དེ་བསུར་འགྲོའོ་སྙམ་ནས་གནས་བརྟན་བྱོན་པ་ལེགས་སོ་བྱོན་པ་ལེགས་སོ། །སློབ་དཔོན་ཕྱག་འཚལ་ལོ། །དེས་བསམས་པ། འདི་
ནི་སློབ་དཔོན་ཡང་མི་ཤེས། མཁན་པོ་ཡང་མི་ཤེས་ཏེ། འདི་ནི་རྒན་ཞུགས་ཞིག་ཡིན་ནོ་སྙམ་དུ་རིག་ནས་སྨྲས་པ། རྒན་ཞུགས་ཁྱོད་གང་ནས་འོངས། རི་འོར་ཆེ་གེ་མོ་ཞིག་ནས་སོ། །ཅི་དེ་ན་གཙུག་ལག་ཁང་ཡོད་དམ། གཙུག་ལག་ཁང་ཡོད་དོ། །ཅི་དེ་གཙུག་ལག་
ཁང་ཡིན་ནམ། འོན་ཏེ་ཕོངས་པ་ཡིན། དེས་ཇི་ལྟར་གྱུར་པ་རྒྱས་པར་སྨྲས་པ་དང་། ཁྱོད་དོན་ཅི་ཞིག་ལ་འོངས། དགེ་སློང་རྣམས་དང་བགོ་བའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་ང་ཁོ་ནས་ཁྱོད་ལ་སྙིང་བརྩེ་བའི་ཕྱིར་འགྲོ་བར་བྱའོ། །སློབ་དཔོན་ལེགས་སོ། །ཉེ་དགའས་
བསམས་པ། གལ་ཏེ་འདི་བདག་གི་ཐད་ནས་གཞན་དུ་སོང་ན་སྐྱེ་བོའི་ཚོགས་ཆེན་པོས་ཤེས་པར་འགྱུར་གྱིས། ལེགས་པར་བདག་གིས་བསྲུང་བར་བྱའོ་སྙམ་ནས། དེས་དེ་ངལ་སོར་བཅུག་སྟེ། དུས་མ་ཡིན་པའི་བཏུང་བ་དག་བླུད་ནས་ཅི་ནས་ཀྱང་བྲེ་མོ་གཏམ་གྱིས་
ནམ་སྲོས་ཀྱི་བར་དུ་བྲོངས་ནས་མལ་བཟང་པོ་བཤམས་ཏེ་རྐང་པ་བཀྲུ་བ་དང་། རྐང་པ་བསྐུ་བ་བྱིན་ནས་ཇི་ཙམ་གཉིད་ལོག་པར་གྱུར་པ་དེ་སྲིད་དུ་བསྡད་དོ། །དེ་ནས་ཉེ་དགའ་གསང་འཕེལ་བར་མི་འགྱུར་གྲང་སྙམ་པའི་འཚེར་བས་མཚན་མོ་དེ་འདས་པར་བྱས་སོ། །དེ་ནས་
เล่ม ๓ · หน้า 93b
དེ་ནང་པར་སྔར་ལངས་ཏེ། རྒན་ཞུགས་དེ་ཁྲིད་ནས་རིངས་པ་རིངས་པར་སོང་སྟེ། རིམ་གྱིས་རི་འོར་དུ་ཕྱིན་པ་དང་། དེ་ནས་གཙུག་ལག་ཁང་ན་གནས་པའི་རྒན་ཞུགས་ཅིག་ཤོས་དེས་འོངས་པ་ལེགས་སོ་ཞེས་ཀུན་དགའ་བར་གྱུར་པའི་ཚིག་སྨྲས་ནས་དེ་གཉིས་ངལ་སོས་པ་
དང་ཁོང་གསུམ་ཆར་ཡང་གནས་གཅིག་ཏུ་འཚོགས་ནས། ཉེ་དགའས་སྨྲས་པ། རྙེད་པ་བགོས་ཤིག །གནས་བརྟན་བགོའོ། །ཉེ་དགའས་རྒན་ཞུགས་གཅིག་ལ་སྨྲས་པ། རྒན་ཞུགས་ཁྱོད་ཀྱིས་བགོས་ཤིག །གནས་བརྟན་བདག་ནི་མི་འགྱེད་དེ། དེ་ཅིའི་ཕྱིར་ཞེ་ན།
བདག་ལ་ཉེས་པ་བྱུང་ན་མི་རུང་ངོ་། །ཅིག་ཤོས་ལ་ཡང་སྨྲས་པ། རྒན་ཞུགས་ཁྱོད་ཀྱིས་བགོས་ཤིག །དེས་ཀྱང་དེ་བཞིན་དུ་སྨྲས་པ་དང་། ཉེ་དགའས་སྨྲས་པ། ཁྱེད་ནི་ཉེས་པ་བྱུང་བས་འཇིགས་ཀྱི། ཉེ་དགའ་ནི་སྤྱིའུ་ཚུགས་སུ་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་
བར་འདོད་དམ་ཅི། ཉེ་དགའས་བསམས་པ། རྒན་ཞུགས་འདི་གཉིས་བསྡོང་གིས་དབྱེན་བྱའོ་སྙམ་ནས་དེ་ནས་དེ་གཉིས་ཀྱི་རྒྱུན་དུ་རུང་བའི་ལས་བྱེད་པའི་གཡོག་པོ་མཐོང་ནས་གཅིག་གི་དྲུང་དུ་སོང་སྟེ་དྲིས་པ། རྒན་ཞུགས་ཁྱོད་ཀྱིས་འདིར་ཅི་དག་བྱས། གནས་བརྟན་
བདག་གིས་གཙུག་ལག་ཁང་དུ་རྟག་པར་ཆག་ཆག་དང་། ཕྱག་དར་དང་། བའི་ལྕི་བ་འཇམ་པོས་བྱུག་པ་བྱས་སོ། །རྒན་ཞུགས་གལ་ཏེ་ཆག་ཆག་དང་ཕྱག་དར་བྱས་པ་ཁོ་ནས་རྙེད་པ་ཐོབ་པ་ན་ལྟ་ཉེ་དགའས་གཙུག་ལག་ཁང་ཐམས་ཅད་ཆག་ཆག་དང་ཕྱག་དར་བྱའོ། །
འོན་ཀྱང་འདིར་རྙེད་པ་བྱུང་བ་གང་ཡིན་པ་དེ་ནི་རྒན་ཞུགས་ཅིག་ཤོས་དེའི་མཐུ་ཡིན་ཏེ། དེ་གཙུག་ལག་ཁང་དུ་དུས་དུས་སུ་ཆོས་འདོན་པའི་སྦྱིན་པ་བྱེད་པས་ཆོས་འདོན་པ་དོན་དུ་གཉེར་བའི་ལྷ་སྤྲོ་བ་དང་ལྡན་པར་གྱུར་ཏེ། དེས་ན་རྙེད་པ་རྙེད་པར་གྱུར་གྱིས། འདིས་ཅི་བྱིན་པ་
དེ་བླང་བར་བྱ་སྟེ་འཁང་བར་མི་བྱའོ། །དེས་དེ་གནད་ལ་ཕབ་པས་སྐྱེངས་ནས་ཅང་མི་སྨྲ་བར་འདུག་གོ། །དེ་ནས་ཅིག་ཤོས་ཀྱི་དྲུང་དུ་སོང་ནས་སྨྲས་པ། རྒན་ཞུགས་ཁྱོད་ཀྱིས་འདིར་ཅི་དག་བྱས། གནས་བརྟན་བདག་གིས་འདིར་དུས་དུས་སུ་ཆོས་བསྒྲགས་པའི་སྦྱིན་
เล่ม ๓ · หน้า 94a
པ་བྱས་སོ། །རྒན་ཞུགས་གལ་ཏེ་ཆོས་བསྒྲགས་པས་རྙེད་པ་ཐོབ་ན་ལྟ་ཉེ་དགའས་འགྲེང་བ་དང་། འགྲོ་བ་དང་། འདུག་པ་དང་། ཉལ་བས་དུས་ཐམས་ཅད་དུ་ཆོས་བཤད་དོ། །རྙེད་པ་གང་ཆུང་ཟད་གྲུབ་པ་དེ་ཐམས་ཅད་ནི་རྒན་ཞུགས་ཅིག་ཤོས་དེའི་མཐུས་
ཡིན་ཏེ། དེས་གཙུག་ལག་ཁང་འདིར་ཆག་ཆག་དང་། ཕྱག་དར་དང་། བའི་ལྕི་བ་འཇམ་པོས་བྱུག་པ་བྱས་པས་སོ། །བཅོམ་ལྡན་འདས་ཀྱིས་ཕྱག་དར་བྱེད་པ་ལ་ཡོན་ཏན་ལྔ་ཡོད་དེ། ལྔ་གང་ཞེ་ན། བདག་ཉིད་ཀྱི་སེམས་དང་བར་འགྱུར་བ་དང་། གཞན་གྱི་སེམས་
དང་བར་འགྱུར་བ་དང་། ལྷ་རྣམས་ཡིད་དགའ་བར་འགྱུར་བ་དང་། མཛེས་པར་འགྱུར་བའི་དགེ་བའི་རྩ་བ་སོགས་པར་འགྱུར་བ་དང་། ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །དེ་ལྟ་བས་ན་གཙུག་ལག་ཁང་
ཕྱག་དར་བྱས་པས་ཡོན་བདག་མངོན་པར་དད་པར་གྱུར་ལ། ལྷ་ཡིད་དགའ་བར་གྱུར་ཏེ། དེས་ན་དེར་རྙེད་པ་བྱུང་བར་གྱུར་ཏོ། །དེ་བས་ན་དེའི་མཐུས་འདིར་རྙེད་པ་བྱུང་བས་དེས་ཅི་བྱིན་པ་དེ་བླང་བར་བྱ་སྟེ་འཁང་བར་མི་བྱའོ། །དེ་ཡང་གནད་ལ་ཕབ་པས་སྐྱེངས་ནས་ཅང་
མི་སྨྲ་བར་འདུག་གོ། །དེ་གཉིས་སྤོབས་པ་མེད་པར་བྱས་ནས་སྨྲས་པ། རྒན་ཞུགས་དག་བཅོམ་ལྡན་འདས་ཀྱིས་གསོལ་བའི་ལས་མི་འཁྲུགས་པ་གསུངས་པའི་ཐབས་གཞན་ཡོད་པས་གསོལ་བ་བྱས་ལ་བགོའོ། །དེ་གཉིས་ཀྱིས་སྔར་སྨ་ཕབ་པས་སྨྲས་པ་གནས་
བརྟན་ཅི་དགྱེས་པ་དེ་བཞིན་དུ་མཛོད་ཅིག །དེ་ནས་ཉེ་དགའས་ཆ་གསུམ་དུ་བྱས་ཏེ། ཆ་གཉིས་ཀྱི་བར་དུ་ནི་རང་ཉིད་འདུག་གོ། །དེ་གཉིས་ཀྱི་བར་དུ་ནི་ཆ་གཅིག་བཞག་ནས་གསོལ་བར་བྱ་བར་བརྩམས་པ། རྒན་ཞུགས་ཁྱེད་ཉོན་ཅིག །ཁྱེད་གཉིས་དང་འདི་གཅིག །
འདི་གཉིས་དང་ཁོ་བོ་གཅིག་སྟེ། དེ་ལྟར་ན་གསུམ་གསུམ་མོ། །འདི་ནི་གསོལ་བའོ། །དེ་ནས་ཆ་གཉིས་ནི་བདག་ཉིད་ཀྱིས་བླངས་སོ། །ཆ་གཅིག་ནི་དེ་གཉིས་ལ་བྱིན་པ་དང་དེ་གཉིས་ཀྱིས་སྨྲས་པ། གནས་བརྟན་འདི་ཁོ་ན་ལས་བདག་ཅག་གཉིས་རྩོད་པར་འགྱུར་
เล่ม ๓ · หน้า 94b
གྱིས། ཁྱོད་ཁོ་ནས་བདག་ཅག་ལ་བགོས་ཤིག །དེས་བགོ་བར་བརྩམས་ནས་དེ་ནས་རས་ཡུག་གཅིག་ཁ་ཁྱེར་དུ་འདུག་པ་དེ་ཡང་བླངས་ནས་རས་རྣམས་བམ་པོར་བཅིངས་ཏེ་སོང་ངོ་། །དེ་ནས་རིམ་གྱིས་མཉན་ཡོད་དུ་ཕྱིན་པ་དང་དེ་དགེ་སློང་རྣམས་ཀྱིས་མཐོང་ནས་སྨྲས་
པ། བཙུན་པ་ཉེ་དགའ་ཁྱོད་ཀྱིས་སུ་ཞིག་ཤི་བ་མཐོང་། དེས་ཇི་ལྟར་གྱུར་པ་རྒྱས་པར་སྨྲས་པ་དང་དེ་རྣམས་ཀྱིས་སྨྲས་པ། ཁྱོད་དེ་ལྟར་བྱེད་པ་བརྟགས་པ་ཡིན་ནམ། མི་མཛའ་བ་རྣམས་ཀྱི་མགྲིན་པ་རྡོག་པས་མནན་ནས་སོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་
འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅི་བྱུང་བ་ནི་དགེ་སློང་རྣམས་གཞན་གྱི་རྙེད་པ་ལ་ཐོབ་རྒྱལ་བྱེད་པ་ལས་གྱུར་གྱིས། དེ་ལྟ་བས་ན་དགེ་སློང་གིས་གཞན་གྱི་རྙེད་པ་ལ་ཐོབ་རྒྱལ་མི་བྱའོ། །ཐོབ་རྒྱལ་བྱེད་ན་འགལ་ཚབས་ཅན་དུ་
འགྱུར་རོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་ཉེ་དགའས་རྒན་ཞུགས་དེ་གཉིས་ཆོས་ཀྱི་སྒོ་ནས་བསླུས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་
ད་ལྟར་འབའ་ཞིག་ཏུ་མ་ཟད་དེ། འདས་པའི་དུས་ན་ཇི་ལྟར་འདིས་རྒན་ཞུགས་གཉིས་བསླུས་པ་དེ་ཉིད་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འབབ་ཆུའི་ངོགས་ཤིག་ན་སྲམ་གཉིས་ཤིག་གནས་པ་ལས་དེ་གཉིས་གང་གི་ཚེ་ཆུའི་ནང་དུ་ཞུགས་པ་ན་ཉ་སྐམ་ལ་ཐོན་པར་འགྱུར་ཞིང་གང་
གི་ཚེ་སྐམ་ལ་དོང་བ་དེའི་ཚེ་ཆུའི་ནང་དུ་དོང་ནས་ཅུང་ཟད་ཀྱང་མ་རྙེད་དོ། །དེ་ནས་དེ་གཉིས་ཀྱིས་གྲོས་བྱས་པ། བདག་ཅག་ལས་གཅིག་ནི་ཆུའི་ནང་དུ་འགྲོའོ། །ཅིག་ཤོས་ཀྱིས་ནི་སྐམ་ལ་སྟེ། རྙེད་པ་གང་ཡིན་པ་དེ་ནི་སྤྱིར་བྱའོ། །དེ་ན་གཅིག་ནི་ཆུར་སོང་ངོ་། །ཅིག་ཤོས་
ཀྱིས་ནི་སྐམ་ལ་སྟེ། དེ་ལ་ཆུར་ཞུགས་པ་གང་ཡིན་པས་ཉ་རྣམས་བསྐྲོགས་ཏེ་སྐམ་ལ་བཏོན་ནས་དེ་རྣམས་སྐམ་ལ་གནས་པས་བསད་དོ། །ཆུ་ལ་གནས་པ་ནི་ཆུ་ལ་གནས་པ་ཉིད་ཀྱིས་སོ། །ཇི་ཙམ་ན་ཉའི་ཕུང་པོ་ཆེན་པོར་གྱུར་པ་དང་གཅིག་གིས་སྨྲས་པ། ཁྱོད་ཀྱིས་བགོས་
เล่ม ๓ · หน้า 95a
ཤིག །ཅིག་ཤོས་ཀྱིས་སྨྲས་པ། བདག་མི་བགོད་དོ། །ཅིའི་ཕྱིར་བདག་ལ་ཉེས་པ་བྱུང་ན་མི་རུང་ངོ་། །དེས་ཀྱང་སྨྲས་པ། གལ་ཏེ་དེ་ལྟ་ན་བདག་ལ་ཡང་ཉེས་པ་འདི་ཉིད་ཡིན་ནོ། །དེ་གཉིས་སེམས་ཁོང་དུ་ཆུད་ཅིང་འདུག་པ་ལས། ཇི་ཙམ་ན་ཝ་བཞིན་རྒྱས་
ཞེས་བྱ་བ་དེ་གཉིས་ཀྱི་དྲུང་དུ་འོངས་ནས་དེས་སྨྲས་པ་ཚ་བོ་དག་ཅི་སྟེ་སེམས་ཁོང་དུ་ཆུད་ཅིང་འདུག །ཞང་པོ་བདག་ཅག་ནི་ཉ་རྙེད་པས་སོ། །ཅི་སྟེ་མི་འགྱེད། ཞང་པོ་ཉེས་པས་འཇིགས་སོ། །ཁྱོད་ནི་ཉེས་པས་འཇིགས་པ་བཞིན་རྒྱས་ནི་རྐང་པ་སྤྱིའུ་ཚུགས་སུ་སེམས་ཅན་དམྱལ་
བར་འགྲོ་བར་འགྱུར་བར་འདོད་དམ་ཅི། བཞིན་རྒྱས་ཀྱིས་བསམས་པ། འདི་གཉིས་བསྡོང་གིས་དབྱེ་བར་བྱའོ་སྙམ་ནས། དེ་ནས་དེ་གཉིས་ཀྱི་རྟག་ཏུ་གཡོག་བྱེད་པ་རུས་སྦལ་ཞིག་མཐོང་ནས་གཅིག་གི་དྲུང་དུ་སོང་སྟེ་དྲིས་པ། ཚ་བོ་ཁྱོད་ཀྱིས་འདིར་ཅི་དག་བྱས། ཞང་པོ་བདག་
ཆུར་ཞུགས་ཏེ། བདག་ཆུར་ཞུགས་ནས་ཉ་རྣམས་བསྐྲོགས་ཏེ་སྐམ་ལ་འཐོན་པ་དང་འདིས་བསད་དོ། །ཚ་བོ་གལ་ཏེ་ཆུར་ཞུགས་པས་ཅུང་ཟད་ཐོབ་ན་ལྟ་བཞིན་རྒྱས་རྟག་ཏུ་ཆུའི་ནང་དུ་འགྲོའོ། །སྐམ་ལ་འགྲོ་བ་དེ་ནི་སྡོང་དུམ་གྱིས་འཇིགས་པ་དང་། ཚེར་མས་འཇིགས་པ་
དང་། གཅན་གཟན་གྱིས་འཇིགས་པ་དང་། མེའི་འཇིགས་པ་དང་། ངམ་གྲོག་གི་འཇིགས་པ་ཡོད་དོ། །གཞན་ཡང་གལ་ཏེ་དེས་མ་བསད་ན། ཁྱོད་ཀྱིས་བསྐྲོགས་ཀྱང་ཅི་ཕན། མདོར་ན་འདིས་ཉ་རྙེད་པ་གང་ཡིན་པ་དེ་རྣམས་ནི་དེའི་མཐུ་ཡིན་པས་འདིས་ཅི་བྱིན་པ་དེ་བླང་བར་བྱ་
སྟེ་འཁང་བར་མི་བྱའོ། །དེ་དེས་གནད་ལ་ཕབ་པས་སྐྱེངས་ནས་ཅང་མི་སྨྲ་བར་འདུག་གོ། །དེ་ནས་ཅིག་ཤོས་ཀྱི་དྲུང་དུ་སོང་ནས་སྨྲས་པ། ཚ་བོ་ཁྱོད་ཀྱིས་འདིར་ཅི་དག་བྱས། ཞང་པོ་བདག་གིས་སྐམ་ལ་སོང་སྟེ་བདག་གིས་སྐམ་ལ་ཐོན་པའི་ཉ་རྣམས་བསད་དོ། །ཚ་བོ་གལ་
ཏེ་སྐམ་ལ་སོང་བས་ཅུང་ཟད་ཐོབ་ན་ལྟ་བཞིན་རྒྱས་རྟག་ཏུ་སྐམ་ལ་འགྲོའོ། །ཆུར་འགྲོ་བ་དེ་ནི་དབའ་གློང་གིས་འཇིགས་པ་དང་། རུས་སྦལ་གྱིས་འཇིགས་པ་དང་། ཆུ་སྲིན་བྱིས་པ་གསོད་ཀྱིས་འཇིགས་པ་དང་། ཆུ་སྲིན་ཀུ་མ་བི་རའི་འཇིགས་པ་དང་། ཆུའི་འཇིགས་པ་ཡོད་
เล่ม ๓ · หน้า 95b
དོ། །གཞན་ཡང་གལ་ཏེ་དེས་མ་བསྐྲོགས་ན་ཁྱོད་ཀྱིས་ཇི་ལྟར་གསད། མདོར་ན་འདིར་ཉ་རྙེད་པ་གང་ཡིན་པ་དེ་རྣམས་ནི་དེའི་མཐུ་ཡིན་པས་དེས་ཅི་བྱིན་པ་དེ་བླང་བར་བྱ་སྟེ་འཁང་བར་མི་བྱའོ། །དེ་དེས་གནད་ལ་ཕབ་པས་སྐྱེངས་ནས་ཅང་མི་སྨྲ་བར་འདུག་གོ། །བཞིན་རྒྱས་
ཀྱིས་སྨྲས་པ། ཚ་བོ་དག་འདི་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་མི་གཡོ་བར་བགོ་བའི་ཐབས་ཡོད་དོ། །དེ་སྔར་སྨ་ཕབ་པས་སྨྲས་པ། ཞང་པོ་ཅི་དགྱེས་པ་བཞིན་དུ་མཛོད་ཅིག །བཞིན་རྒྱས་ཀྱིས་ཆ་གསུམ་དུ་བགོས་ཏེ། ཉའི་མཇུག་མ་རྣམས་གཅིག་ཏུ་བྱས།
མགོ་བོ་རྣམས་གཅིག་ཏུ་བྱས། བར་གྱི་ཆ་རྣམས་གཅིག་ཏུ་བྱས་ནས་ཚིགས་སུ་བཅད་དེ་སྨྲས་པ། ཐང་ལ་རྒྱུ་བས་མཇུག་མ་སྟེ། གཏིང་དུ་རྒྱུ་བས་མགོ་བོའོ། །བར་གྱི་ལུས་ནི་གང་ཡིན་པ། །དེ་ནི་ཆོས་ལ་གནས་པས་བཀུར། །བཞིན་རྒྱས་ཀྱིས་བསམས་པ།
འདི་གཉིས་བསླུས་པས་བདག་རྙེད་པ་དང་ལྡན་ནོ་སྙམ་ནས། དེས་ཉ་ཆེན་པོ་ཞིག་གི་རྐེད་པ་ཁྱེར་ཏེ་མའི་དྲུང་དུ་སོང་བ་དང་། དེ་ནས་དེའི་མ་མགུ་ནས་ཚིགས་སུ་བཅད་པའི་དབྱངས་ཀྱིས་དྲིས་པ། བཞིན་རྒྱས་ཁྱོད་ནི་གང་ནས་འོངས། །མགོ་ཡང་མེད་ཅིང་མཇུག་མེད་
པའི། །ཉ་བོ་ཆེ་ཞིག་ཐོགས་ནས་ནི། །ཤིན་ཏུ་དོན་གྲུབ་ག་ལས་འོངས། །དེས་སྨྲས་པ། གང་ཕྱིར་བླུན་པོ་རྩོད་གྱུར་ཅིང་། །ཆོས་དང་ཆོས་མིན་མི་ཤེས་པའི། །རྒྱལ་པོའི་མཛོད་ནི་འཕེལ་བ་ལྟར། །དེས་ནི་ཆོག་ཤེས་འཚོ་བར་འགྱུར། །དེས་ཀྱང་ཚིགས་སུ་བཅད་པས་སྨྲས་པ།
རྒྱས་པ་བལྟ་ན་སྡུག་པ་ཁྱོད། །ཕ་རོལ་མནན་པ་ཤིན་ཏུ་ལེགས། །དེ་གཉིས་ཀྱང་ནི་མགུ་གྱུར་ལ། །ཁྱོད་ཀྱང་རྙེད་པ་ཕུན་སུམ་ཚོགས། །དགེ་སློང་དག་ཇི་སྙམ་དུ་སེམས་དེའི་ཚེ་དེའི་དུས་ཀྱི་ཝ་བཞིན་རྒྱས་གང་ཡིན་པ་དེ་ནི་ཉེ་དགའ་འདི་ཉིད་ཡིན་ནོ། །སྲམ་གཉིས་པོ་གང་ཡིན་པ་དེ་ནི་
རྒན་ཞུགས་འདི་གཉིས་ཡིན་ཏེ། དེ་ན་ཡང་དེ་གཉིས་འདིས་བསླུས་ལ་ད་ལྟར་ཡང་དེ་གཉིས་བསླུས་སོ། །གླེང་གཞི་ནི་མཉན་ཡོད་ནའོ། །རི་འོར་ཞིག་ན་ཁྱིམ་བདག་ཅིག་ཡོད་པ་དེས་གཙུག་ལག་ཁང་ཞིག་བརྩིགས་ནས་དེར་དགེ་སློང་བརྒྱ་དབྱར་གནས་པར་དམ་བཅས་སོ། །
เล่ม ๓ · หน้า 96a
ཁྱིམ་བདག་དེའི་བློ་སྐྱེས་པ། རས་ཡུག་བརྒྱ་བསྒྲུབས་ཏེ་དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་ནས། དགེ་སློང་རེ་རེ་ལ་ཡང་རས་ཡུག་རེ་རེ་བསྐོན་ནོ་སྙམ་མོ། །ཇི་ཙམ་ན་ཉེ་དགའས་ཁྱིམ་བདག་ཆེ་གེ་མོ་ཞིག་གིས་དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་ཏེ། རེ་རེ་
ལ་ཡང་རས་ཡུག་རེ་རེ་བསྐོན་ནོ་ཞེས་ཐོས་སོ། །ཐོས་ནས་ཀྱང་བསམས་པ། གལ་ཏེ་དེ་ལས་རས་ཡུག་གཅིག་མ་གྲུབ་ན་བདག་ཉེ་དགའ་མ་ཡིན་ནོ་སྙམ་ནས་དེ་མགྲོན་དུ་མ་བོས་བཞིན་དུ་སོང་ངོ་། །ཁྱིམ་བདག་གིས་དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་ནས་རས་རྣམས་
འབྲིམ་པ་ན། ཉེ་དགའས་རས་ཡུག་གཅིག་བླངས་ནས་མྱུར་བ་མྱུར་བར་སོང་ངོ་། །ཇི་ཙམ་ན་དགེ་སློང་གཅིག་གི་རས་ཆད་དོ། །ཁྱིམ་བདག་གིས་སྨྲས་པ། འཕགས་པ་བདག་གིས་རས་བརྒྱ་ལེགས་པར་བགྲངས་ཏེ་འཚལ་ཏེ་མཆིས་ན་འཕགས་པ་འགའ་ཞིག་གིས་རས་ཡུག་གཉིས་
བསྣམས་པར་མ་གྱུར་གྲང་། དགེ་སློང་རྣམས་ཀྱིས་སྨྲས་པ། ཁྱིམ་བདག་དེ་ལྟ་སུ་ཞིག་བྱེད། འོན་ཀྱང་བཙུན་པ་ཉེ་དགའ་ཁྱོད་ཀྱིས་སྤྱན་དྲངས་སམ། འཕགས་པ་དག་བདག་གིས་སྤྱན་མ་དྲངས་སོ། །དེས་རས་དེ་ཁྱེར་ནས་སོང་ངོ་། །དེ་ནས་ཁྱིམ་བདག་དེ་སྨོད་པར་བརྩམས་
པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅི་བྱུང་བ་ནི་དགེ་སློང་དག་མགྲོན་དུ་མ་བོས་པར་གཞན་གྱི་རྙེད་པ་ལ་ཐོབ་རྒྱལ་བྱེད་པ་ལས་གྱུར་གྱིས། དེ་ལྟ་བས་ན་དགེ་སློང་གིས་མགྲོན་དུ་མ་
བོས་པར་གཞན་གྱི་རྙེད་པ་ལ་ཐོབ་རྒྱལ་མི་བྱའོ། །ཐོབ་རྒྱལ་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་ཉེ་དགའ་གཡར་མ་དྲངས་པར་གཞན་གྱི་
རྙེད་པ་ལ་ཐོབ་རྒྱལ་བགྱིད་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་འབའ་ཞིག་ཏུ་མ་ཟད་དེ། ཇི་ལྟར་འདས་པའི་དུས་ན་ཡང་ཉེ་དགའས་མགྲོན་དུ་མ་བོས་པར་གཞན་གྱི་རྙེད་པ་ལ་ཐོབ་རྒྱལ་བྱས་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་
เล่ม ๓ · หน้า 96b
བྱུང་བ་རི་འོར་ཞིག་ན་བྲམ་ཟེ་འཁོར་ལ་དབང་སྒྱུར་བ་ཞིག་ཡོད་དེ། དེས་བྲམ་ཟེའི་ཁྱེའུ་བརྒྱ་ཟླ་བ་གསུམ་མགྲོན་དུ་བོས་ཏེ་ཟན་བྱིན་ནས་དེའི་བློ་སྐྱེས་པ། བྲམ་ཟེའི་ཁྱེའུ་རེ་རེ་ལ་ཡང་རས་ཡུག་རེ་རེ་བསྐོན་ནོ་སྙམ་མོ། །དེ་དང་ཧ་ཅང་ཡང་མི་རིང་བ་ཞིག་ན་བྲམ་ཟེ་རྒན་པོ་ཞིག་ཡོད་
པ་དེས་ཐོས་ནས་དེ་རྒན་པའི་མཐར་འདུག་སྟེ། ཐོག་མར་ཟོས་ནས་རས་ཡུག་གཅིག་ཁྱེར་ནས་སོང་ངོ་། །བྲམ་ཟེས་རས་རྣམས་འབྲིམ་པར་བྱེད་པ་ན། ཇི་ཙམ་ན་བྲམ་ཟེའི་ཁྱེའུ་གཅིག་གི་རས་ཆད་ནས་དེས་དྲིས་པ། ཤེས་ལྡན་དག་བདག་གིས་རས་ཡུག་བརྒྱ་ལེགས་པར་བགྲངས་
ཏེ་འོངས་ན་བྲམ་ཟེའི་ཁྱེའུ་འགའ་ཞིག་གིས་རས་ཡུག་གཉིས་བླངས་པར་མ་གྱུར་གྲང་། དེ་རྣམས་ཀྱིས་སྨྲས་པ། དེ་ལྟར་སུ་ཞིག་བགྱིད། འོན་ཀྱང་ཁྱོད་ཀྱིས་བྲམ་ཟེ་རྒན་པོ་མགྲོན་དུ་བོས་སམ། བདག་གིས་མགྲོན་དུ་མ་བོས་སོ། །དེས་རས་ཡུག་དེ་ཐོག་མར་བླངས་ནས་སོང་
ངོ་། །བྲམ་ཟེ་དེས་སྨད་པར་བརྩམས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྲམ་ཟེ་རྒན་པོ་གང་ཡིན་པ་དེ་ནི་ཉེ་དགའ་འདི་ཉིད་ཡིན་ཏེ། དེ་ན་ཡང་དེ་མགྲོན་དུ་མ་བོས་སོ། །ད་ལྟ་ན་ཡང་ངོ་། །གླེང་གཞི་ནི་མཉན་ཡོད་ནའོ། །རི་འོར་ཞིག་ན་ཁྱིམ་བདག་
ཅིག་ཡོད་པ་དེས་གཙུག་ལག་ཁང་ཞིག་བརྩིགས་ནས་དེར་དགེ་སློང་གཅིག་དབྱར་གནས་པར་དམ་བཅས་པ་ལས་དེ་ལྡང་བ་ཕུན་སུམ་ཚོགས་པ་ཞིག་པས། དེས་ཉི་མ་རེ་རེ་ཞིང་གཙུག་ལག་ཁང་བྱུག་པ་དང་ཕྱག་དར་བྱེད་དོ། །གཙུག་ལག་ཁང་དེ་ནི་ས་ཕྱོགས་དབེན་ཞིང་
བཟང་བའི་ཕྱོགས་སུ་བརྩིགས་ལ། ཤིང་སྣ་ཚོགས་ཀྱིས་མཛེས་པར་བྱས་པ། ངང་པ་དང་། ཁྲུང་ཁྲུང་དང་། རྨ་བྱ་དང་། ནེ་ཙོ་དང་། རི་སྐེགས་དང་། ཁུ་བྱུག་རྣམས་སྐད་འབྱིན་པ། མེ་ཏོག་དང་འབྲས་བུ་སྣ་ཚོགས་ཀྱིས་མཛེས་པར་བྱས་པ་ཡིན་ནོ། །ཇི་ཙམ་
ན་དེད་དཔོན་འབྱོར་པ་རྒྱ་ཆེན་པོ་དང་ལྡན་པ་ཞིག་གཙུག་ལག་ཁང་དེར་དགོངས་བཏབ་པ་ལས། དེས་གཙུག་ལག་ཁང་དེ་མཛེས་པ་དང་། ཉེ་བའི་ཚལ་མཛེས་པ་དག་མཐོང་ནས་མངོན་པར་དད་པར་གྱུར་ཏེ། དགེ་སློང་གི་དགེ་འདུན་མ་མཐོང་ཡང་དེའི་ཆེད་དུ་རྙེད་པ་ཕལ་མོ་ཆེ་ཞིག་
เล่ม ๓ · หน้า 97a
བསྐུར་ནས་དེ་ནང་པར་སྔར་ལངས་ཏེ་སོང་ངོ་། །དགེ་སློང་དེ་འཛེམ་བག་ཅན་ཞིག་པས་རྙེད་པ་འདི་ནི་དགེ་འདུན་གྱི་ཡིན་ནོ་ཞེས་འགྱོད་པས་མ་བླངས་པར་བགོ་བའི་ཕྱིར་དགེ་སློང་རྣམས་ཚོལ་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་དགེ་སློང་གིས་བའི་ལྕི་བའི་ཁང་པར་དབྱར་གནས་པར་དམ་བཅས་པར་གྱུར་ཀྱང་། དེར་གལ་ཏེ་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་དགེ་འདུན་གྱི་ཆེད་དུ་རྙེད་པ་ཉུང་ངུའམ་ཕལ་མོ་ཆེར་ཕུལ་ན། དེ་ན་གནས་པ་གཅིག་གམ། གཉིས་སམ།
རབ་ཏུ་མང་པོ་གང་ཡིན་པ་དེ་རྣམས་ཁོ་ནའི་སྟེ་དེ་ལ་འགྱོད་པར་མི་བྱའོ།། །།སྡོམ་ལ། བྱེ་བ་རྣམས་ལ་སྐལ་བ་ནི། །སྦྱིན་དང་དྲང་སྲོང་རྒྱུ་བ་ལས། །དགེ་འདུན་གྱི་ནི་ཆོས་གོས་ཀྱི། །རྙེད་པ་བརྒྱད་དུ་བྱ་བའོ། །གླེང་གཞི་ནི་མཉན་ཡོད་ནའོ། །སངས་རྒྱས་བཅོམ་ལྡན་འདས་
ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་དབྱར་གྱི་ནང་ལོགས་སུ་དགེ་འདུན་བྱེ་བར་གྱུར་ན་རྙེད་པ་སྩལ་བར་བགྱིའམ་མི་སྩལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེ་བ་འཁོར་ཁ་ཅིག་ལ་ནི་སྦྱིན་ནོ། །ཁ་ཅིག་ལ་ནི་མི་སྦྱིན་ནོ། །གང་ལ་སྩལ་བར་བགྱི།
ཆོས་དང་མཐུན་པའི་ཕྱོགས་ལའོ། །བཙུན་པ་དབྱར་གྱི་ནང་ལོགས་སུ་དགེ་སློང་གིས་བསླབ་པ་ཕུལ་ཏེ་ཉམས་པར་གྱུར་ན་རྙེད་པ་སྩལ་བར་བགྱིའམ། མི་སྩལ་བར་བགྱི། ཉེ་བ་འཁོར་ཁ་ཅིག་ལ་ནི་སྦྱིན་ནོ། །ཁ་ཅིག་ལ་ནི་མི་སྦྱིན་ནོ། །གང་ལ་སྩལ་བར་བགྱི།
གང་ཡུན་རིང་དུ་གནས་པ་ལའོ། །བཙུན་པ་དབྱར་གྱི་ནང་ལོགས་སུ་དགེ་སློང་གུམ་པར་གྱུར་ན་རྙེད་པ་སྩལ་བར་བགྱིའམ། རྙེད་པ་སྩལ་བར་མི་བགྱི། ཉེ་བ་འཁོར་ཁ་ཅིག་ལ་ནི་སྦྱིན་ནོ། །ཁ་ཅིག་ལ་ནི་མི་སྦྱིན་ནོ། །གང་ལ་སྩལ་བར་བགྱི། གང་ཡུན་རིང་དུ་གནས་པ་ལའོ། །
རི་འོར་ཞིག་ན་ཁྱིམ་བདག་ཅིག་ཡོད་པ་དེས་ཡོ་བྱད་ཐམས་ཅད་དང་ལྡན་པའི་གཙུག་ལག་ཁང་ཞིག་བརྩིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ལྗོངས་རྒྱུ་ཞིང་སོང་བ་ལས་གཙུག་ལག་ཁང་དེར་ཕྱིན་པ་དང་ཁྱིམ་བདག་དེས་ཟས་བྱིན་ནས་རས་ཡུག་ལྔ་བརྒྱ་བྱིན་པ་དང་། དེས་རས་
เล่ม ๓ · หน้า 97b
ཡུག་ལྔ་བརྒྱ་པོ་དེ་རྣམས་གཙུག་ལག་ཁང་དེ་ཉིད་དུ་ཕུལ་ནས་སོང་ངོ་། །ཇི་ཙམ་ན་དེའི་ལྷན་ཅིག་གནས་པ་དྲང་སྲོང་ལེན་དང་། དྲང་སྲོང་བྱིན་གཉིས་ལྗོངས་རྒྱུ་ཞིང་སོང་བ་ལས་རི་འོར་དེ་ཉིད་དུ་ཕྱིན་ནས་ཁྱིམ་བདག་དེས་དེ་གཉིས་ཀྱང་ཟན་བྱིན་ནས་རས་ཡུག་ལྔ་བརྒྱ་བྱིན་ནོ། །དགེ་སློང་
རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཀྱི་མཁན་པོས་ཁྱིམ་བདག་དེ་ལས་རས་ཡུག་ལྔ་བརྒྱ་ཐོབ་པ་དེ་རྣམས་བདག་ཅག་ཁོ་ན་ལ་བགོས་ཀྱིས་དེ་རིང་གི་རྙེད་པ་འདི་རྣམས་བདག་ཅག་ཁོ་ནས་ཐོབ་པར་འགྱུར་རོ། །དེ་གཉིས་ཀྱིས་སྨྲས་པ། མཁན་པོ་ནི་བསོད་ནམས་
ཆེ་བ་ཤེས་རབ་དང་ལྡན་པ་ཡིན་ཏེ། དེས་ལན་འགའ་ཁྱེད་ཅག་ལ་བྱིན་པར་ཟད་དོ། །དེ་རྣམས་ཀྱིས་སླར་ལན་གླན་པར་བརྩམས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རྙེད་པ་
བརྒྱད་པོ་འདི་དག་སྟེ། བརྒྱད་གང་ཞེ་ན། མཚམས་ཀྱིས་ཐོབ་པའི་རྙེད་པ་དང་། ཁྲིམས་ཀྱིས་ཐོབ་པའི་རྙེད་པ་དང་། རྟེན་གྱིས་ཐོབ་པ་དང་། དགེ་འདུན་གྱིར་བརྟགས་པ་དང་། དགེ་སློང་གིར་བརྟགས་པ་དང་། དབྱར་གྱི་དང་། མངོན་སུམ་དང་། སོ་སོར་བསྟན་པའོ། །
མཚམས་ཀྱིས་ཐོབ་པའི་རྙེད་པ་གང་ཞེ་ན། འདི་ལྟ་སྟེ། གནས་གཉིས་ལ་གསོ་སྦྱོང་གཅིག་པ་སྟེ། གཙུག་ལག་ཁང་དེ་གཉིས་ཀྱི་རྙེད་པ་གང་ཡིན་པ་དེ་ནི་གཙུག་ལག་ཁང་དེ་གཉིས་ཀའི་གཉུག་མར་གནས་པའི་དགེ་སློང་རྣམས་ཀྱི་ཡིན་ནོ། །དེ་ལ་གཉུག་མར་གནས་
པའི་དགེ་སློང་རྣམས་ཀྱིས་བརྒྱ་ལ་གསོ་སྦྱོང་ཐ་དད་པར་དབྱར་གནས་པར་དམ་བཅས་ན་དེ་ལ་རྙེད་པ་གྲུབ་པ་གང་ཡིན་པ་དེ་ནི་གཙུག་ལག་ཁང་དེ་ཉིད་དུ་སྦྱིན་ནོ། །གསོ་སྦྱོང་ཐ་དད་པ་ཉིད་ཀྱིས་དེའི་གཉུག་མར་གནས་པའི་དགེ་སློང་རྣམས་ཀྱིས་ལོངས་སྤྱད་པར་བྱ་སྟེ། འདི་ནི་
མཚམས་ཀྱིས་ཐོབ་པའི་རྙེད་པ་ཞེས་བྱའོ། །ཁྲིམས་ཀྱིས་ཐོབ་པའི་རྙེད་པ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་རྣམས་ཀྱིས་འདི་ལྟ་བུའི་ཁྲིམས་སུ་བཅའ་བ་ཁྱེད་ཀྱི་ནི་ཁྱིམ་ཆེ་གེ་མོ་ཞིག་གོ། །ཁོ་བོ་ཅག་གི་ནི་ཁྱིམ་ཆེ་གེ་མོ་ཞིག་གོ། །ལམ་ཆེན་པོ་དང་། ཚོང་དུས་དང་།
เล่ม ๓ · หน้า 98a
བཞི་མདོ་དང་། སུམ་མདོ་ནི་སྤྱིའི་ཡིན་ནོ། །ཞེས་བྱ་བ་ནས་དབྱར་གནས་པར་དམ་བཅས་པ་ལས་གལ་ཏེ་བྲམ་ཟེ་དང་ཁྱིམ་བདག་དེ་རྣམས་ཀྱིས་དམ་བཅས་པ་རྣམས་ཀྱི་གནས་སུ་དམ་བཅས་པ་དང་། དམ་མ་བཅས་པའི་དགེ་སློང་རྣམས་ཟན་བྱིན་ནས་དམ་བཅས་
པ་རྣམས་ལ་རྙེད་པ་ཕུལ་ལ་དམ་མ་བཅས་པ་རྣམས་ལ་ཆུ་དྲངས་ན། རྙེད་པ་གང་དབང་བར་འགྱུར་ཞེ་ན་དམ་བཅས་པ་རྣམས་ཁོ་ནའོ། །དམ་བཅས་པ་རྣམས་ཀྱི་གནས་སུ་དམ་བཅས་པ་དང་། དམ་མ་བཅས་པའི་དགེ་སློང་རྣམས་ཟན་བྱིན་ནས་དམ་བཅས་པ་རྣམས་ལ་ཆུ་དྲངས་ལ།
དམ་མ་བཅས་པ་རྣམས་ལ་རྙེད་པ་ཕུལ་ན་རྙེད་པ་གང་དབང་བར་འགྱུར་ཞེ་ན། དམ་བཅས་པ་རྣམས་ཁོ་ནའོ།། །།འདུལ་བ་གཞི། བམ་པོ་དྲུག་བཅུ་ལྔ་པ། དམ་བཅས་པ་རྣམས་ཀྱི་གནས་སུ་དམ་བཅས་པ་དང་། དམ་མ་བཅས་པའི་དགེ་སློང་རྣམས་ཟན་བྱིན་ནས་དམ་
བཅས་པ་རྣམས་ལ་རྙེད་པ་ཕུལ་ལ། དམ་མ་བཅས་པ་ཉིད་ལ་ཆུ་དྲངས་ན་རྙེད་པ་གང་དབང་བར་འགྱུར་ཞེ་ན། དམ་བཅས་པ་རྣམས་ཁོ་ནའོ། །དམ་བཅས་པ་རྣམས་ཀྱི་གནས་སུ་དམ་བཅས་པ་དང་། དམ་མ་བཅས་པའི་དགེ་སློང་རྣམས་ཟན་བྱིན་ནས་རྒན་པའི་མཐར་རྙེད་པ་ཕུལ་
ལ། དམ་བཅས་པ་རྣམས་ལ་ཆུ་དྲངས་ན་རྙེད་པ་གང་དབང་བར་འགྱུར་ཞེ་ན། དམ་བཅས་པ་རྣམས་ཁོ་ནའོ། །དམ་བཅས་པ་རྣམས་ཀྱི་གནས་སུ་དམ་བཅས་པ་དང་། དམ་མ་བཅས་པའི་དགེ་སློང་རྣམས་ཟན་བྱིན་ནས་དམ་བཅས་པ་རྣམས་ལ་རྙེད་པ་ཕུལ་ལ། རྒན་པའི་མཐར་
ཆུ་དྲངས་ན་རྙེད་པ་གང་དབང་བར་འགྱུར་ཞེ་ན། དམ་བཅས་པ་རྣམས་ཁོ་ནའོ། །དམ་བཅས་པ་རྣམས་ཀྱི་གནས་སུ་དམ་བཅས་པ་དང་། དམ་མ་བཅས་པའི་དགེ་སློང་རྣམས་ཟན་བྱིན་ནས་རྒན་པའི་མཐར་རྙེད་པ་ཕུལ་ལ། དམ་མ་བཅས་པ་རྣམས་ལ་ཆུ་དྲངས་ན་རྙེད་པ་གང་དབང་
བར་འགྱུར་ཞེ་ན། དམ་བཅས་པ་རྣམས་ཁོ་ནའོ། །དམ་བཅས་པ་རྣམས་ཀྱི་གནས་སུ་དམ་བཅས་པ་དང་། དམ་མ་བཅས་པའི་དགེ་སློང་རྣམས་ཟན་བྱིན་ནས་རྒན་པའི་མཐར་འདུག་ལ། དམ་བཅས་པ་རྣམས་ལ་རྙེད་པ་ཕུལ་ལ། དམ་མ་བཅས་པ་རྣམས་ལ་ཆུ་དྲངས་ན་རྙེད་པ་
เล่ม ๓ · หน้า 98b
གང་དབང་བར་འགྱུར་ཞེ་ན། དམ་བཅས་པ་རྣམས་ཁོ་ནའོ། །དམ་བཅས་པ་རྣམས་ཀྱི་གནས་སུ་དམ་བཅས་པ་དང་། དམ་མ་བཅས་པའི་དགེ་སློང་རྣམས་ཟན་བྱིན་ནས་དམ་མ་བཅས་པ་རྣམས་ལ་རྙེད་པ་ཕུལ་ལ་རྒན་པའི་མཐར་ཆུ་དྲངས་ན་རྙེད་པ་གང་དབང་བར་འགྱུར་ཞེ་ན། དམ་བཅས་
པ་རྣམས་ཁོ་ནའོ། །དམ་བཅས་པ་རྣམས་ཀྱི་གནས་སུ་དམ་བཅས་པ་དང་། དམ་མ་བཅས་པའི་དགེ་སློང་རྣམས་ཟན་བྱིན་ནས་རྒན་པའི་མཐར་རྙེད་པ་ཕུལ་ལ། རྒན་པའི་མཐར་ཆུ་དྲངས་ན་རྙེད་པ་གང་དབང་བར་འགྱུར་ཞེ་ན། དམ་བཅས་པ་རྣམས་ཁོ་ནའོ། །ཇི་ལྟར་དམ་བཅས་
པ་རྣམས་ཀྱི་གནས་སུ་དམ་བཅས་པ་དང་། དམ་མ་བཅས་པའི་དགེ་སློང་རྣམས་ཟན་བྱིན་ནས་ཞེས་བྱ་བ་རྣམ་གྲངས་དགུ་ཡིན་པ་དེ་བཞིན་དུ་དམ་མ་བཅས་པ་རྣམས་ཀྱི་གནས་སུ་དམ་བཅས་པའི་དགེ་སློང་རྣམས་ཟན་བྱིན་ནས་ཞེས་བྱ་བ་རྣམ་གྲངས་དགུའོ། །གལ་ཏེ་བྲམ་ཟེ་དང་
ཁྱིམ་བདག་དེ་རྣམས་ཀྱིས་ལམ་པོ་ཆེ་དང་། ཚོང་དུས་དང་། བཞི་མདོ་དང་། སུམ་མདོ་རྣམས་སུ་དམ་བཅས་པ་དང་། དམ་མ་བཅས་པའི་དགེ་སློང་རྣམས་ཟན་བྱིན་ནས་དམ་བཅས་པ་རྣམས་ལ་རྙེད་པ་ཕུལ་ལ། དམ་བཅས་པ་རྣམས་ཁོ་ན་ལ་ཆུ་དྲངས་ན་རྙེད་པ་གང་དབང་བར་
འགྱུར་ཞེ་ན། གཉི་གའོ། །ལམ་པོ་ཆེ་དང་། ཚོང་དུས་དང་། བཞི་མདོ་དང་། སུམ་མདོ་རྣམས་སུ་དམ་བཅས་པ་དང་། དམ་མ་བཅས་པའི་དགེ་སློང་རྣམས་ཟན་བྱིན་ནས་དམ་བཅས་པ་རྣམས་ལ་རྙེད་པ་ཕུལ་ལ། དམ་མ་བཅས་པ་རྣམས་ལ་ཆུ་དྲངས་ན་རྙེད་པ་གང་དབང་
བར་འགྱུར་ཞེ་ན། གཉི་གའོ། །ལམ་པོ་ཆེ་དང་། ཚོང་དུས་དང་། བཞི་མདོ་དང་། སུམ་མདོ་རྣམས་སུ་དམ་བཅས་པ་དང་། དམ་མ་བཅས་པའི་དགེ་སློང་རྣམས་ཟན་བྱིན་ནས་དམ་མ་བཅས་པ་རྣམས་ལ་རྙེད་པ་ཕུལ་ལ། དམ་བཅས་པ་རྣམས་ལ་ཆུ་དྲངས་ན་རྙེད་པ་གང་དབང་
བར་འགྱུར་ཞེ་ན། གཉི་གའོ། །ལམ་པོ་ཆེ་དང་། ཚོང་དུས་དང་། བཞི་མདོ་དང་། སུམ་མདོ་རྣམས་སུ་དམ་བཅས་པ་དང་། དམ་མ་བཅས་པའི་དགེ་སློང་རྣམས་ཟན་བྱིན་ནས་དམ་མ་བཅས་པ་རྣམས་ལ་རྙེད་པ་ཕུལ་ལ། དམ་བཅས་པ་རྣམས་ཁོ་ན་ལ་ཆུ་དྲངས་ན་རྙེད་པ་གང་དབང་
เล่ม ๓ · หน้า 99a
བར་འགྱུར་ཞེ་ན། གཉི་གའོ། །ལམ་པོ་ཆེ་དང་། ཚོང་དུས་དང་། བཞི་མདོ་དང་། སུམ་མདོ་རྣམས་སུ་དམ་བཅས་པ་དང་། དམ་མ་བཅས་པའི་དགེ་སློང་རྣམས་ཟན་བྱིན་ནས་རྒན་པའི་མཐར་རྙེད་པ་ཕུལ་ལ། དམ་བཅས་པ་རྣམས་ལ་ཆུ་དྲངས་ན་རྙེད་པ་གང་
དབང་བར་འགྱུར་ཞེ་ན། གཉི་གའོ། །ལམ་པོ་ཆེ་དང་། ཚོང་དུས་དང་། བཞི་མདོ་དང་། སུམ་མདོ་རྣམས་སུ་དམ་བཅས་པ་དང་། དམ་མ་བཅས་པའི་དགེ་སློང་རྣམས་ཟན་བྱིན་ནས་དམ་བཅས་པ་རྣམས་ལ་རྙེད་པ་ཕུལ་ལ། རྒན་པའི་མཐར་ཆུ་དྲངས་ན་རྙེད་པ་གང་དབང་བར་
འགྱུར་ཞེ་ན། གཉི་གའོ། །ལམ་པོ་ཆེ་དང་། ཚོང་དུས་དང་། བཞི་མདོ་དང་། སུམ་མདོ་རྣམས་སུ་དམ་བཅས་པ་དང་། དམ་མ་བཅས་པའི་དགེ་སློང་རྣམས་ཟན་བྱིན་ནས་རྒན་པའི་མཐའ་ལོགས་སུ་རྙེད་པ་ཕུལ་ལ། དམ་མ་བཅས་པ་རྣམས་ལ་ཆུ་དྲངས་ན་རྙེད་པ་གང་དབང་
བར་འགྱུར་ཞེ་ན། གཉི་གའོ། །ལམ་པོ་ཆེ་དང་། ཚོང་དུས་དང་། བཞི་མདོ་དང་། སུམ་མདོ་རྣམས་སུ་དམ་བཅས་པ་དང་། དམ་མ་བཅས་པའི་དགེ་སློང་རྣམས་ཟན་བྱིན་ནས། དམ་མ་བཅས་པ་རྣམས་ལ་རྙེད་པ་ཕུལ་ལ། རྒན་པའི་མཐར་ཆུ་དྲངས་ན་རྙེད་པ་གང་
དབང་བར་འགྱུར་ཞེ་ན། གཉི་གའོ། །ལམ་པོ་ཆེ་དང་། ཚོང་དུས་དང་། བཞི་མདོ་དང་། སུམ་མདོ་རྣམས་སུ་ཁས་དམ་བཅས་པ་དང་། དམ་མ་བཅས་པའི་དགེ་སློང་རྣམས་ཟན་བྱིན་ནས་རྒན་པའི་མཐར་རྙེད་པ་ཕུལ་ལ། རྒན་པའི་མཐའ་ཉིད་དུ་ཆུ་དྲངས་ན་རྙེད་པ་གང་
དབང་བར་འགྱུར་ཞེ་ན། གཉི་གའོ། །ཇི་ལྟར་དམ་བཅས་པ་རྣམས་ལ་རྣམ་པ་དགུ་ཡིན་པ་དེ་བཞིན་དུ་དམ་མ་བཅས་པ་རྣམས་ལ་ཡང་བརྗོད་པར་བྱ་སྟེ། འདི་ནི་ཁྲིམས་ཀྱིས་ཐོབ་པའི་རྙེད་པ་ཞེས་བྱའོ། །རྟེན་གྱིས་རྙེད་པ་གང་ཞེ་ན། དགེ་སློང་སྐྱེས་པའམ། བུད་མེད་
དམ། མ་ནིང་གང་ལ་བརྟེན་ཏེ་དབྱར་གནས་པར་དམ་བཅས་པ་དེས་རྙེད་པ་བྱིན་པ་གང་ཡིན་པ་དེ་ནི་དེ་ཁོ་ནའི་ཡིན་ཏེ། འདི་ནི་རྟེན་གྱིས་ཐོབ་པའི་རྙེད་པ་ཞེས་བྱའོ། །དགེ་འདུན་གྱིར་བརྟགས་པའི་རྙེད་པ་གང་ཞེ་ན། རྙེད་པ་གང་ཞིག་ངེས་ལ་དམིགས་ཀྱིས་ཕྱེ་བ་སྟེ། འདི་ནི་
เล่ม ๓ · หน้า 99b
དགེ་འདུན་གྱིར་བརྟགས་པའི་རྙེད་པ་ཞེས་བྱའོ། །དགེ་སློང་གིར་བརྟགས་པའི་རྙེད་པ་གང་ཞེ་ན། རྙེད་པ་གང་ཞིག་ངེས་ལ་དམིགས་ཀྱིས་ཕྱེ་ནས་གནས་ཁང་པའིའོ། །ཡང་ཐོག་པའིའོ། །ཁང་པ་བརྩེགས་པའིའོ་ཞེས་བརྟགས་པ་ནི་དེ་ན་དགེ་སློང་གནས་པ་གང་ཡིན་པ་དེ་
ཁོ་ནའི་སྟེ། འདི་ནི་དགེ་སློང་གིར་བརྟགས་པའི་རྙེད་པ་ཞེས་བྱའོ། །དབྱར་གྱི་རྙེད་པ་གང་ཞེ་ན། རྙེད་པ་གང་ཞིག་དབྱར་གནས་པའི་དགེ་སློང་གི་དགེ་འདུན་ལ་སྦྱིན་བདག་རྣམས་ཀྱིས་བཅས་པ་སྟེ། འདི་ནི་དབྱར་གྱི་རྙེད་པ་ཞེས་བྱའོ། །མངོན་སུམ་གྱི་རྙེད་པ་གང་ཞེ་ན། རྙེད་པ་གང་
ཞིག་མ་ངེས་ལ་དམིགས་ཀྱིས་མ་ཕྱེ་བ་སྟེ། འདི་ནི་མངོན་སུམ་གྱི་རྙེད་པ་ཞེས་བྱའོ། །སོ་སོར་བསྟན་པའི་རྙེད་པ་གང་ཞེ་ན། རྙེད་པ་གང་ཞིག་བལྟམས་པ་དང་། བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ལ་ཕུལ་བ་སྟེ། གལ་ཏེ་མཆོད་རྟེན་
ཆེན་པོ་བཞིར་ཁྱེར་མི་ནུས་ན་མཆོད་རྟེན་གཅིག་ཁོ་ན་ལ་དབུལ་གྱི་གཞན་ལ་ནི་མ་ཡིན་པ་སྟེ། འདི་ནི་སོ་སོར་བསྟན་པའི་རྙེད་པ་ཞེས་བྱའོ།། །།སྡོམ་ལ། གནས་ནས་ཕྱུང་དང་ཤི་བ་དང་། །བགོ་བ་དང་ནི་བསྲེ་བ་དང་། །གནས་ནས་ཕྱུང་དང་དགེ་ཚུལ་དང་། །དབྱུང་བ་གསོལ་དང་
ཤི་བའོ། །གླེང་གཞི་ནི་མཉན་ཡོད་ནའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་འདི་ལྟར་གནས་གཅིག་ན་གནས་ནས་ཕྱུང་བ་རབ་ཏུ་མང་པོ་དང་། རང་བཞིན་དུ་གནས་པ་རབ་ཏུ་མང་པོ་མཆིས་པ་ལ། དེ་རྣམས་ལས་གནས་ནས་ཕྱུང་
བ་ཞིག་གུམ་པ་དེའི་ཡོ་བྱད་གང་དབང་བར་འགྱུར་ལགས། ཉེ་བ་འཁོར་རང་བཞིན་དུ་གནས་པ་རྣམས་སོ། །བཙུན་པ་གནས་ནས་ཕྱུང་བ་ནི་གཉིས་མཆིས་ལ་རང་བཞིན་དུ་གནས་པ་ནི་རབ་ཏུ་མང་པོ་ལགས་ན། གནས་ནས་ཕྱུང་བ་ཞིག་གུམ་ན་རྙེད་པ་གང་དབང་བར་འགྱུར་ལགས། རང་
བཞིན་དུ་གནས་པ་རྣམས་ཁོ་ནའོ། །གནས་ནས་ཕྱུང་བ་ནི་རབ་ཏུ་མང་པོ་ཞིག་མཆིས་ལ། རང་བཞིན་དུ་གནས་པ་ནི་ཉུང་བ་ལས་གནས་ནས་ཕྱུང་བ་ཞིག་གུམ་ལགས་ན་རྙེད་པ་གང་དབང་བར་འགྱུར་ལགས། རང་བཞིན་དུ་གནས་པ་རྣམས་ཁོ་ནའོ། །བཙུན་པ་འདི་ལྟར་གནས་
เล่ม ๓ · หน้า 100a
གཅིག་ན་གནས་ནས་ཕྱུང་བ་རབ་ཏུ་མང་པོ་དང་རང་བཞིན་དུ་གནས་པ་རབ་ཏུ་མང་པོ་མཆིས་པ་ལ། དེ་རྣམས་ལས་རང་བཞིན་དུ་གནས་པ་ཞིག་གུམ་ལགས་ན་རྙེད་པ་གང་དབང་བར་འགྱུར་ལགས། རང་བཞིན་དུ་གནས་པ་རྣམས་སོ། །གནས་ནས་ཕྱུང་བ་རབ་ཏུ་མང་
པོ་ཞིག་མཆིས་ལ་རང་བཞིན་དུ་གནས་པ་གཉིས་མཆིས་པ་ལས། རང་བཞིན་དུ་གནས་པ་ཞིག་གུམ་ལགས་ན་གུམ་པ་དེའི་ཡོ་བྱད་གང་དབང་བར་འགྱུར་ལགས། རང་བཞིན་དུ་གནས་པ་ཅིག་ཤོས་སོ། །གནས་ནས་ཕྱུང་བ་ནི་རབ་ཏུ་མང་ལ་རང་བཞིན་དུ་གནས་པ་ནི་གཅིག་མཆིས་པ་
གུམ་ན་རྙེད་པ་གང་དབང་བར་འགྱུར་ལགས། གནས་ནས་ཕྱུང་བ་རྣམས་ལས་ཐོག་མར་སྡིག་པའི་ལྟ་བར་སོང་བ་སྤངས་པ་གང་ཡིན་པའོ། །དམ་བཅས་པ་རྣམས་ཀྱི་གནས་སུ་དམ་མ་བཅས་པའི་དགེ་ཚུལ་འོངས་ནས་ཤི་ན་དམ་བཅས་པ་རྣམས་ཀྱིས་དམ་མ་བཅས་པ་རྣམས་
ལ་ཁྱེད་ཀྱི་དགེ་ཚུལ་ཤི་ཡིས་དེའི་ཆོས་གོས་དང་ལྷུང་བཟེད་ལོང་ཤིག་ཅེས་ཕོ་ཉ་གཏང་བར་བྱའོ། །དམ་བཅས་པ་རྣམས་འགེད་པར་བྱེད་ན་མ་བགོས་པ་ཉེས་པར་བགོས་པ་ཡིན་ནོ། །དམ་མ་བཅས་པ་རྣམས་འགེད་པར་བྱེད་ན་བགོས་པ་ལེགས་པར་བགོས་པ་ཡིན་ནོ། །བསྲེས་
ནས་འགེད་པར་བྱེད་ན་མ་བགོས་པ་ཉེས་པར་བགོས་པ་ཡིན་ནོ། །ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་སྔོ་བ་བྱེད་ན་ལེགས་པར་བསྔོས་པ་ཡིན་ནོ། །དམ་བཅས་པ་རྣམས་ཀྱི་གནས་སུ་དམ་མ་བཅས་པའི་དགེ་ཚུལ་འོངས་ནས་འདི་སྐད་ཅེས་ཚེ་དང་ལྡན་པ་དག་བདག་དྲང་དུ་
གསོལ། དམ་བཅའ་བར་བགྱིའོ་ཞེས་སྨྲ་བ་ལས་དེ་ཡང་མ་ཕྱུང་བར་ཤི་ནས་དམ་བཅས་པ་རྣམས་ཀྱིས་དམ་མ་བཅས་པ་རྣམས་ལ་ཁྱེད་ཀྱི་དགེ་ཚུལ་ཤི་ཡིས་དེའི་ཆོས་གོས་དང་ལྷུང་བཟེད་ལོང་ཤིག་ཅེས་ཕོ་ཉ་གཏང་བར་བྱའོ། །དམ་བཅས་པ་རྣམས་འགེད་པར་བྱེད་ན་མ་བགོས་པ་
ཉེས་པར་བགོས་པ་ཡིན་ནོ། །དམ་མ་བཅས་པ་རྣམས་འགེད་པར་བྱེད་ན་བགོས་པ་ལེགས་པར་བགོས་པ་ཡིན་ནོ། །བསྲེས་ཏེ་འགེད་པར་བྱེད་ན་མ་བགོས་པ་ཉེས་པར་བགོས་པ་ཡིན་ནོ། །ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་སྔོ་བར་བྱེད་ན་ལེགས་པར་བསྔོས་པ་ཡིན་ནོ། །
เล่ม ๓ · หน้า 100b
དམ་བཅས་པ་རྣམས་ཀྱི་གནས་སུ་དམ་མ་བཅས་པའི་དགེ་སློང་ཞིག་འོངས་ནས་ཤི་ན་དམ་བཅས་པ་རྣམས་ཀྱིས་དམ་མ་བཅས་པ་རྣམས་ལ་ཁྱེད་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་ཤི་ཡིས་དེའི་ལྷུང་བཟེད་དང་ཆོས་གོས་ལོང་ཤིག་ཅེས་ཕོ་ཉ་གཏང་བར་བྱའོ། །ཁས་བླངས་པ་རྣམས་
འགེད་པར་བྱེད་ན་མ་བགོས་པ་ཉེས་པར་བགོས་པ་ཡིན་ནོ། །དམ་མ་བཅས་པ་རྣམས་འགེད་པར་བྱེད་ན་བགོས་པ་ལེགས་པར་བགོས་པ་ཡིན་ནོ། །བསྲེས་ཏེ་འགེད་པར་བྱེད་ན་མ་བགོས་པ་ཉེས་པར་བགོས་པ་ཡིན་ནོ། །ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་སྔོ་བར་བྱེད་
ན་ལེགས་པར་བསྔོས་པ་ཡིན་ནོ། །དམ་བཅས་པ་རྣམས་ཀྱི་གནས་སུ་དམ་མ་བཅས་པའི་དགེ་སློང་འོངས་ནས་འདི་སྐད་ཅེས་ཚེ་དང་ལྡན་པ་དག་བདག་དྲང་དུ་གསོལ། དམ་བཅའ་བར་བགྱིའོ་ཞེས་ཟེར་བ་ལས་དེ་ཡང་མ་བྱུང་བ་ཉིད་དུ་ཤི་ན་དམ་བཅས་པ་རྣམས་ཀྱིས་དམ་མ་
བཅས་པ་རྣམས་ལ་ཁྱེད་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་ཤི་ཡིས་དེའི་ལྷུང་བཟེད་དང་ཆོས་གོས་ལོང་ཤིག་ཅེས་ཕོ་ཉ་གཏང་བར་བྱའོ། །ཁས་བླངས་པ་རྣམས་འགེད་པར་བྱེད་ན་མ་བགོས་པ་ཉེས་པར་བགོས་པ་ཡིན་ནོ། །དམ་མ་བཅས་པ་རྣམས་འགེད་པར་བྱེད་ན་བགོས་
པ་ལེགས་པར་བགོས་པ་ཡིན་ནོ། །བསྲེས་ནས་འགེད་པར་བྱེད་ན་མ་བགོས་པ་ཉེས་པར་བགོས་པ་ཡིན་ནོ། །ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་སྔོ་བར་བྱེད་ན་ལེགས་པར་བསྔོས་པ་ཡིན་ནོ། །དམ་མ་བཅས་པ་རྣམས་ཀྱི་གནས་སུ་དམ་བཅས་པའི་དགེ་ཚུལ་འོངས་ནས་ཤི་ན་
དམ་མ་བཅས་པ་རྣམས་ཀྱིས་དམ་བཅས་པ་རྣམས་ལ་ཁྱེད་ཀྱི་དགེ་ཚུལ་ཤི་ཡིས་དེའི་ལྷུང་བཟེད་དང་ཆོས་གོས་ལོང་ཤིག་ཅེས་ཕོ་ཉ་གཏང་བར་བྱའོ། །དམ་མ་བཅས་པ་རྣམས་འགེད་པར་བྱེད་ན་མ་བགོས་པ་ཉེས་པར་བགོས་པ་ཡིན་ནོ། །དམ་བཅས་པ་རྣམས་འགེད་པར་བྱེད་ན་
བགོས་པ་ལེགས་པར་བགོས་པ་ཡིན་ནོ། །བསྲེས་ཏེ་འགེད་པར་བྱེད་ན་མ་བགོས་པ་ཉེས་པར་བགོས་པ་ཡིན་ནོ། །ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་སྔོ་བར་བྱེད་ན་ལེགས་པར་བསྔོས་པ་ཡིན་ནོ། །དམ་མ་བཅས་པ་རྣམས་ཀྱི་གནས་སུ་དམ་བཅས་པའི་དགེ་ཚུལ་འོངས་
เล่ม ๓ · หน้า 101a
ནས་འདི་སྐད་ཅེས་ཚེ་དང་ལྡན་པ་དག་བདག་དྲང་དུ་གསོལ། དམ་མ་བཅས་པར་བགྱིའོ་ཞེས་ཟེར་བ་ལས་དེ་ཡང་མ་ཕྱུང་བར་ཤི་ན་དམ་མ་བཅས་པ་རྣམས་ཀྱིས་དམ་བཅས་པ་རྣམས་ལ་ཁྱེད་ཀྱི་དགེ་ཚུལ་ཤི་ཡིས་དེའི་ལྷུང་བཟེད་དང་ཆོས་གོས་ལོང་ཤིག་ཅེས་ཕོ་ཉ་གཏང་བར་བྱའོ། །
དམ་མ་བཅས་པ་རྣམས་འགེད་པར་བྱེད་ན་མ་བགོས་པ་ཉེས་པར་བགོས་པ་ཡིན་ནོ། །དམ་བཅས་པ་རྣམས་འགེད་པར་བྱེད་ན་བགོས་པ་ལེགས་པར་བགོས་པ་ཡིན་ནོ། །བསྲེས་ཏེ་འགེད་པར་བྱེད་ན་མ་བགོས་པ་ཉེས་པར་བགོས་པ་ཡིན་ནོ། །ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་
སྔོ་བར་བྱེད་ན་ལེགས་པར་བསྔོས་པ་ཡིན་ནོ། །དམ་མ་བཅས་པ་རྣམས་ཀྱི་གནས་སུ་དམ་བཅས་པའི་དགེ་སློང་འོངས་ནས་ཤིན་དམ་མ་བཅས་པ་རྣམས་ཀྱིས་དམ་བཅས་པ་རྣམས་ལ་ཁྱེད་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་ཤི་ཡིས་དེའི་ལྷུང་བཟེད་དང་ཆོས་གོས་ལོང་ཤིག་ཅེས་ཕོ་ཉ་གཏང་
བར་བྱའོ། །དམ་མ་བཅས་པ་རྣམས་འགེད་པར་བྱེད་ན་མ་བགོས་པ་ཉེས་པར་བགོས་པ་ཡིན་ནོ། །དམ་བཅས་པ་རྣམས་འགེད་པར་བྱེད་ན་བགོས་པ་ལེགས་པར་བགོས་པ་ཡིན་ནོ། །བསྲེས་ཏེ་འགེད་པར་བྱེད་ན་མ་བགོས་པ་ཉེས་པར་བགོས་པ་ཡིན་ནོ། །ཕྱོགས་བཞིའི་དགེ་སློང་
གི་དགེ་འདུན་ལ་སྔོ་བར་བྱེད་ན་ལེགས་པར་བསྔོས་པ་ཡིན་ནོ། །དམ་མ་བཅས་པ་རྣམས་ཀྱི་གནས་སུ་དམ་བཅས་པའི་དགེ་སློང་འོངས་ན་འདི་སྐད་ཅེས་ཚེ་དང་ལྡན་པ་དག་བདག་དྲང་དུ་གསོལ། དམ་མ་བཅས་པར་བགྱིའོ་ཞེས་སྨྲ་བ་ལས་དེ་ཡང་མ་ཕྱུང་བར་ཤིན་དམ་མ་བཅས་པ་
རྣམས་ཀྱིས་དམ་བཅས་པ་རྣམས་ལ་ཁྱེད་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་ཤི་ཡིས་དེའི་ལྷུང་བཟེད་དང་ཆོས་གོས་ལོང་ཤིག་ཅེས་ཕོ་ཉ་གཏང་བར་བྱའོ། །དམ་མ་བཅས་པ་རྣམས་འགེད་པར་བྱེད་ན་མ་བགོས་པ་ཉེས་པར་བགོས་པ་ཡིན་ནོ། །དམ་བཅས་པ་རྣམས་འགེད་པར་བྱེད་
ན་བགོས་པ་ལེགས་པར་བགོས་པ་ཡིན་ནོ། །བསྲེས་ཏེ་འགེད་པར་བྱེད་ན་མ་བགོས་པ་ཉེས་པར་བགོས་པ་ཡིན་ནོ། །ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་སྔོ་བར་བྱེད་ན་ལེགས་པར་བསྔོས་པ་ཡིན་ནོ།། །།སྡོམ་ནི། ཉེ་དགའ་དང་ནི་བྱིན་གྱིས་བརླབས། །བར་མ་སྦྱིན་དང་བླང་བྱ་དང་། །
เล่ม ๓ · หน้า 101b
བདག་ཤི་སྦྱིན་པ་མེད་པ་དང་། །སྤང་བ་དང་ནི་མི་གསུམ་མོ། །གླེང་གཞི་ནི་མཉན་ཡོད་ནའོ། །ཉེ་དགའི་སྤྱི་བོར་ཕོལ་མིག་ཅིག་བྱུང་ནས་དེ་སྨན་པའི་གན་དུ་སོང་ནས་བཞིན་བཟངས་ཁོ་བོ་ལ་སྨན་སྟོན་ཅིག །དེས་སྨྲས་པ། འཕགས་པ་མར་ཁུ་གསོལ་ཅིག་དང་སོས་པར་
འགྱུར་རོ། །ཉེ་དགའས་བསམས་པ། གལ་ཏེ་དེ་རིང་ཁོ་ན་འཐུངས་ན་དེ་རིང་ཉིད་དུ་སོས་པར་འགྱུར་ན། སང་མར་དང་གོས་བསླང་བར་ཇི་ལྟར་རུང་བར་འགྱུར་གྱིས། རེ་ཞིག་བསླངས་ལ་ཕྱི་ནས་བཏུང་བར་བྱའོ་སྙམ་དུ་ཤེས་ནས། བསོད་ནམས་ཆེན་པོ་དང་ལྡན་པ་དེས་ལྷན་
ཅིག་གནས་པ་དང་ཉེ་གནས་རྣམས་ཀུན་ཏུ་མངགས་པ་དང་། དེ་རྣམས་ཀྱིས་མར་གྱི་བུམ་པ་དང་རྨ་གཡོགས་པའི་གོས་ཕལ་མོ་ཆེ་བསླངས་སོ། །ཕྱི་དེ་ཉིན་པར་སྨན་པས་དྲིས་པ། འཕགས་པ་ཁྱོད་སྙུན་གདངས་སམ། ཁྱོད་ཀྱིས་མར་གསོལ་ཏམ། བཞིན་བཟངས་
མ་འཐུངས་སོ། །འཕགས་པ་མ་ལེགས་པ་ཞིག་བགྱིས་ཀྱིས་དེང་ཉིས་འགྱུར་དུ་གསོལ་ཅིག །དེས་ལྷན་ཅིག་གནས་པ་དང་ཉེ་གནས་རྣམས་ལ་སྨྲས་པ། སྨན་པས་ཇི་སྐད་སྨྲས་པ་ཐོས་སམ། མཁན་པོ་ཐོས་ལགས་སོ། །ཁོ་བོའི་ནད་འདི་ནི་ཆེར་སྐྱེས་པར་གྱུར་ཏེ།
མར་དང་རྨ་གཡོགས་པའི་གོས་མང་དུ་དགོས་ཀྱིས་སློངས་ཤིག །དེ་རྣམས་ཀྱིས་མར་དང་གོས་ཕལ་མོ་ཆེ་བསླངས་སོ། །དེ་སང་གི་ཐབས་ལ་ཆགས་པར་གྱུར་པས་ཉི་མ་དེ་ལ་ཡང་མ་འཐུངས་པས་དེའི་ནད་རབ་ཏུ་སྐྱེས་པར་གྱུར་ཏོ། །ཇི་ཙམ་ན་ཡང་སྨན་པ་འོངས་ནས་དྲིས་
པ། འཕགས་པ་མར་གསོལ་ཏམ། བཞིན་བཟངས་མ་འཐུངས་སོ། །འཕགས་པ་མ་ལེགས་པ་ཞིག་བགྱིས་སོ། །དེས་སྨྲས་པ། བཞིན་བཟངས་དེ་རིང་ནི་སུམ་འགྱུར་ཏུ་བཏུང་ངོ་། །སྨན་པས་སྨྲས་པ། འཕགས་པ་གལ་ཏེ་མར་གྱི་སྒྲོམ་གྱི་ནང་དུ་ནུབ་པར་
གྱུར་ཀྱང་ད་ནི་ཁྱོད་ལ་སྲོག་མ་མཆིས་སོ། །དེས་སྨྲས་པ། གཤིན་རྗེའི་གཡོག་འདྲ་བ་ཁྱོད་ཀྱི་མགུལ་པ་རྡོག་པས་མནན་ལ་མར་འཐུངས་དང་སོས་པར་འགྱུར་རོ། །སྨན་པ་དེས་མཇལ་ཏོ་ཞེས་བྱས་ནས་ཁྲོས་ཏེ་སོང་ངོ་། །དེ་ནས་ཉེ་དགའས་མར་ཁུས་ལྷུང་བཟེད་བཀང་
เล่ม ๓ · หน้า 102a
སྟེ་འཐུངས་པ་ལས་མ་ཞུ་ནས་ཤིའོ། །དེ་ལ་གསེར་མང་དུ་ཡོད་དེ། ཆ་གཅིག་ནི་ཆོས་གོས་ལས་སོ། །ཆ་གཉིས་པ་ནི་ནད་ཀྱི་རྐྱེན་སྨན་ལས་སོ། །ཆ་གསུམ་པ་ནི་རྡུངས་སུ་བྱས་པ་དང་མ་བྱས་པ་ལས་ཏེ། གསེར་སྲང་སུམ་ཁྲི་བྱུང་ངོ་ཞེས་བློན་པོ་རྣམས་ཀྱིས་
ཐོས་ནས་རྒྱལ་པོ་ལ་སྨྲས་པ། ལྷ་འཕགས་པ་ཉེ་དགའ་གུམ་པ་ལས་དེ་ལ་གསེར་མང་དུ་བྱུང་སྟེ། གསེར་སྲང་སུམ་ཁྲི་མཆིས་ཀྱིས་དེ་ལ་བཀའ་སྩལ་པའི་རིགས་སོ། །རྒྱལ་པོས་སྨྲས་པ། གལ་ཏེ་དེ་ལྟ་ན་དེང་ལ་དེའི་གནས་ཁང་རྒྱས་ཐོབ་ཤིག །དགེ་སློང་རྣམས་དེ་ཁྱེར་ཏེ་
སྲེག་ཏུ་དོང་ངོ་། །དེ་རྣམས་ཀྱང་ལྷགས་ནས་གནས་ཁང་རྒྱས་བཏབ་བོ། །དགེ་སློང་རྣམས་ཀྱིས་དེ་དུར་ཁྲོད་དུ་བསྲེགས་ནས་གཙུག་ལག་ཁང་དུ་འོངས་པ་ན་གནས་ཁང་རྒྱལ་པོའི་རྒྱས་བཏབ་པ་མཐོང་ནས། སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་།
དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་ངའི་ཚིག་གིས་རྒྱལ་པོ་གསལ་རྒྱལ་ལ་ནད་མེད་པར་གྱུར་ཅིག་ཅེས་བྱོས་ལ། འདི་སྐད་ཅེས་རྒྱལ་པོ་ཆེན་པོ་གང་གི་ཚེ་ཁྱོད་རྒྱལ་པོའི་བྱ་བ་བྱེད་པ་དེའི་ཚེ་ཁྱོད་ཀྱིས་དགེ་སློང་ཉེ་དགའ་
ལ་བལྟས་སམ། འོན་ཏེ་གང་གི་ཚེ་ཁྱོད་བག་མ་གཏོང་བའམ་བག་མ་ལེན་པ་དེའི་ཚེ་ཉེ་དགའ་ལ་ལན་འགའ་ཁྱོད་ཀྱིས་ཇི་སྲིད་འཚོ་བའི་ཆོས་གོས་དང་བསོད་སྙོམས་དང་གནས་མལ་དང་། ན་བའི་རྐྱེན་རྩི་དང་། ཡོ་བྱད་རྣམས་ཀྱིས་བསྟབས་སམ། འོན་ཏེ་ན་བ་ལ་རིམ་གྲོ་བྱས་
སམ་ཞེས་གྱིས་ཤིག་གལ་ཏེ་མ་བགྱིས་སོ་ཞེས་སྨྲ་ན། དེ་ལ་རྒྱལ་པོ་ཆེན་པོ་ཁྱིམ་པ་རྣམས་ཀྱི་ཁྱིམ་གྱི་བྱ་བ་དང་། རབ་ཏུ་བྱུང་བ་རྣམས་ཀྱི་ཐ་དད་པས་སེམས་ལས་ཆུང་ངུས་གནས་པར་གྱིས་ཤིག །རྙེད་པ་འདི་ནི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དབང་བར་འགྱུར་བས་
གཏོགས་འདོད་ཐོང་ཤིག་ཅེས་སྨྲོས་ཤིག །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གང་ན་བ་དེར་སོང་སྟེ་ཕྱིན་ནས། ཇི་སྐད་བཀའ་སྩལ་པ་བཞིན་སྨྲས་པ་དང་། རྒྱལ་པོས་སྨྲས་པ།
เล่ม ๓ · หน้า 102b
བཙུན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱིས་བཀའ་ཇི་སྐད་སྩལ་པ་དེ་བཞིན་དུ་བགྱི་སྟེ། བདག་གཏོགས་འདོད་མི་བགྱིད་དོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་རྒྱལ་པོས་ལན་གསོལ་པ། བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་
ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་སློང་ཉེ་དགའ་ཤི་བའི་ཡོ་བྱད་བགོས་ཤིག །དགེ་སློང་རྣམས་ཀྱིས་དགེ་འདུན་གྱི་དབུས་སུ་ཕྱུང་སྟེ་བསྒྱུར་ནས་བགོས་སོ། །གནས་བཅས་ཀྱི་དགེ་སློང་རྣམས་ཀྱིས་ཉེ་དགའ་ཤི་ནས་དེ་ལ་གསེར་མང་དུ་བྱུང་སྟེ། གསེར་སྲང་སུམ་ཁྲི་
དགེ་སློང་རྣམས་ཀྱིས་བགོས་སོ་ཞེས་ཐོས་ནས་དེ་རྣམས་མྱུར་བར་མཉན་ཡོད་དུ་ལྷགས་ནས་སྨྲས་པ། བདག་ཅག་ཀྱང་བཙུན་པ་ཉེ་དགའི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་པས་བདག་ཅག་ཀྱང་དེའི་རྙེད་པ་ལ་དབང་བར་འགྱུར་རོ། །དགེ་སློང་རྣམས་ཀྱིས་བསྡུས་ཏེ་དེ་དག་དང་ལྷན་
ཅིག་ཡང་བགོས་སོ། །ཡངས་པ་ཅན་པ་དང་། བཱ་རཱ་ཎ་སཱི་བ་དང་། རྒྱལ་པོའི་ཁབ་པ་དང་། ཙམ་པ་པའི་དགེ་སློང་རྣམས་ཀྱིས་ཀྱང་ཡང་དང་ཡང་བསྡུས་ནས་བགོས་ཏེ། དེ་ལྟར་གྲོང་ཁྱེར་ཆེན་པོ་དྲུག་ན་གནས་པའི་དགེ་སློང་རྣམས་འདུས་སོ། །དགེ་སློང་རྣམས་སྡུད་ཅིང་འགེད་པ་
ན་ལུང་ནོད་པ་དང་། ཀློག་པ་དང་། འདོན་པ་དང་། ཡིད་ལ་བྱེད་པ་བོར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྙེད་པ་བགོ་བའི་རྒྱུ་ནི་ལྔ་སྟེ། ལྔ་གང་ཞེ་ན། གཎྜཱི་དང་། རྒྱུད་ཆགས་གསུམ་
དང་། མཆོད་རྟེན་དང་། ཚུལ་ཤིང་དང་། ལྔ་པ་ནི་གསོལ་བའོ། །ཤི་བའི་གཎྜཱི་རྡུང་བ་ན་འོངས་པ་གང་ཡིན་པ་དེ་ལ་རྙེད་པ་སྦྱིན་ཏེ། རྒྱུད་ཆགས་གསུམ་འདོན་པ་དང་། མཆོད་རྟེན་ལ་ཕྱག་བྱེད་པ་དང་། ཚུལ་ཤིང་འབྲིམ་པ་དང་། གསོལ་བ་བྱེད་པ་ན་ཡང་དེ་བཞིན་ནོ། །
དགེ་སློང་དག་དེ་ལྟ་བས་ན་ཤི་བའི་ཡོ་བྱད་ཐམས་ཅད་གསོལ་བར་བྱས་ཏེ་བགོས་ན་མི་འཁྲུག་པར་འགྱུར་རོ། །འདི་ལྟར་ཡང་བྱ་སྟེ། གནས་མལ་བཤམས་ལ་ཞེས་བྱ་བ་ནས་དགེ་འདུན་ཐམས་ཅད་ཚོགས་ཤིང་མཐུན་པར་གྱུར་པ་དང་ཞེས་བྱ་བའི་བར་གོང་མ་བཞིན་ནོ། །ཤི་
เล่ม ๓ · หน้า 103a
བའི་ཡོ་བྱད་རྒན་པའི་མཐར་བཞག་སྟེ། དགེ་སློང་གཅིག་གིས་རྒན་པའི་མཐར་འདུག་ལ་གསོལ་བ་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་འདིར་དགེ་སློང་ཉེ་དགའ་གུམ་སྟེ། གུམ་པ་དེའི་ཡོ་བྱད་གདའ་བ་དང་མི་གདའ་བ་མཆིས་པ་
འདི་ལགས་ཏེ། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འདི་ལྟར་དགེ་འདུན་གྱིས་དགེ་སློང་ཉེ་དགའ་གུམ་པའི་ཡོ་བྱད་ཀྱི་རྫས་གདའ་བ་དང་མི་གདའ་བ་ལ་གུམ་པའི་ཡོ་བྱད་དུ་བྱིན་གྱིས་བརླབ་བོ། །འདི་ནི་གསོལ་བའོ། །དགེ་
སློང་དག་འདི་ནི་ཤི་བའི་ཡོ་བྱད་བགོས་ཟིན་པ་སྟེ། འདི་ལྟ་སྟེ་གསོལ་བའོ། །གསོལ་བ་བྱས་ནས་དགེ་སློང་འོངས་པ་གང་ཡིན་པ་དེ་ལ་ནི་རྙེད་པ་མི་སྦྱིན་ནོ། །ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་གང་ན་དགེ་འདུན་མི་མཐུན་
པས་གསོལ་བ་བགྱིད་པ་མ་མཆིས་པ་དེར་གུམ་པའི་ཡོ་བྱད་བགོ་བར་བགྱིའམ། བགོ་བར་མི་བགྱི་ལགས། ཉེ་བ་འཁོར་ཐོག་མ་དང་ཐ་མ་བྱས་ནས་བགོ་བར་བྱའོ། །དགེ་སློང་རྣམས་ཀྱིས་ཐོག་མ་དང་ཐ་མ་མ་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོ་
བྱད་གཅིག་བསྒྱུར་ཏེ་དེ་ལས་ཅུང་ཞིག་དགེ་འདུན་གྱི་རྒན་པ་དང་། དགེ་འདུན་གྱི་གཞོན་པ་ལ་བྱིན་ནས་ཅི་དགའ་བར་བགོ་བར་བྱ་སྟེ། དེ་ལ་འགྱོད་པར་མི་བྱའོ། །གསོལ་བའམ་ཐོག་མ་དང་ཐ་མ་མ་བྱས་པའི་ཤི་བའི་ཡོ་བྱད་ཀྱི་རྙེད་པ་ནི་སངས་རྒྱས་ཀྱི་སློབ་མ་ཐམས་ཅད་དབང་བར་འགྱུར་
རོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་ཉེ་དགའ་མ་འོས་པའི་ཆགས་པས་གུམ་པར་གྱུར་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་འབའ་ཞིག་
ཏུ་མ་ཟད་དེ། ཇི་ལྟར་འདས་པའི་དུས་ན་ཡང་མ་འོས་པར་ཆགས་པས་ཤི་བ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་རྔོན་པ་ཞིག་གིས་མདའ་དུག་ཅན་གྱིས་གླང་པོ་ཆེའི་གནད་དུ་བསྣུན་པ་དང་། དེ་ནས་དེ་གནད་ལ་བབ་པའི་ཚོར་བས་ཉེན་ཅིང་མདའི་ཕྱི་རྗེས་བཞིན་དུ་སོང་ནས་རྔོན་པས་
เล่ม ๓ · หน้า 103b
དེ་སྲོག་དང་ཕྲལ་ལོ། །ཇི་ཙམ་ན་མ་སྟེས་ཏེ་ཆོམ་རྐུན་པ་ལྔ་བརྒྱ་རི་འོར་ཞིག་བཅོམ་ནས་ཕྱོགས་དེར་ཕྱིན་པ་དང་། དེ་རྣམས་ཀྱིས་གླང་པོ་ཆེ་དེ་མཐོང་ངོ་། །མུ་གེ་དང་བཅས་པའི་དུས་བྱུང་བས་དེ་རྣམས་ཀྱིས་སྨྲས་པ། ཤེས་ལྡན་དག་ཤ་འདི་རྙེད་ཀྱིས་ཉིས་བརྒྱ་ལྔ་བཅུས་ནི་གླང་པོ་ཆེའི་
ཤ་བཅད་ལ་བཙོའོ། །ཉིས་བརྒྱ་ལྔ་བཅུས་ནི་ཆུ་བླང་ངོ་། །དེ་ན་གླང་པོ་ཆེའི་ཤ་གཅོད་ཅིང་འཚེད་པ་གང་ཡིན་པ་དེ་རྣམས་འདི་སྙམ་དུ་སེམས་ཏེ། ཤེས་ལྡན་དག་བདག་ཅག་འདི་འདྲ་བའི་ལས་བྱས་པས་རྐུན་རྫས་རབ་ཏུ་མང་པོ་འདི་གྲུབ་ཀྱིས་དེ་དག་ལ་ཅིའི་ཕྱིར་སྦྱིན། ཤ་ལས་ཅི་
ཡོག་པ་ཟོས་ལ་ལྷག་མ་དུག་གིས་གདབ་བོ། །དེ་དག་གིས་ཤ་དུག་ཅན་ཟོས་པ་དང་འཆི་བས་རྐུན་རྫས་བདག་གིར་འགྱུར་རོ་ཞེས་དེ་རྣམས་ཀྱིས་ཅི་ཡོག་པའི་ཤ་ཟོས་ནས་ལྷག་མ་དུག་གིས་བཏབ་བོ། །གང་དག་ཆུ་ལ་དོང་པ་དེ་རྣམས་ཀྱིས་ཀྱང་དེ་བཞིན་དུ་དཔྱད་ནས་ཆུ་ཅི་ཡོག་པ་འཐུངས་
ནས་ལྷག་མ་དུག་བླུགས་ཏེ་འོངས་ནས་གང་དག་གིས་ནི་ཤ་ཟོས་པ་དེ་རྣམས་ཀྱིས་ཀྱང་ཆུ་འཐུངས་ལ། གང་དག་ཆུ་འཐུངས་པ་དེ་དག་གིས་ཀྱང་ཤ་ཟོས་ནས་ཐམས་ཅད་ཤི་བར་གྱུར་ཏོ། །ཇི་ཙམ་ན་ཝ་ཞིག་དུས་ཀྱི་ཞགས་པས་བཅིངས་ནས་ཕྱོགས་དེར་འོངས་ནས་དེས་རོ་དེ་དག་ཐམས་
ཅད་མཐོང་ངོ་། །དེ་ནས་ཆགས་པས་བསྐྱེད་པའི་ཡིད་བདེ་བས་བསམས་པ། བདག་ལ་རྙེད་པ་ཕལ་མོ་ཆེ་ཡོད་ཀྱིས་རིམ་བཞིན་དུ་བྱའོ་སྙམ་ནས། དེས་གཞུ་མཆོག་ཁར་བཅུག་སྟེ་གཞུ་རྒྱུད་ཀྱི་རྟོད་པ་རྒྱུས་པ་བཅའ་བར་བརྩམས་ཏེ། དེ་ནས་རྒྱུས་པ་ཆོད་པ་དང་མཆོག་མས་
རྐན་ལ་ཟུག་ནས་ཤི་བར་གྱུར་ཏོ། །ལྷས་ཚིགས་སུ་བཅད་པས་སྨྲས་པ། བསགས་པར་ཡང་ནི་བྱ་བ་སྟེ། །ལྷག་པར་བསགས་པར་མི་བྱའོ། །སོགས་ལ་ཆགས་པའི་ཝ་ལོང་བ། །གཞུ་ཡིས་བསད་པར་གྱུར་ལ་ལྟོས། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་
དུས་ཀྱི་ཝ་གང་ཡིན་པ་དེ་ནི་ཉེ་དགའ་འདི་ཉིད་ཡིན་ཏེ། དེ་ན་ཡང་འདི་ལྷག་པར་ཆགས་པས་ཤིའོ། །ད་ལྟར་ཡང་འདི་ལྷག་པར་ཆགས་པས་ཤི་བར་གྱུར་ཏོ། །གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་དགེ་སློང་ནད་ཀྱིས་ཐེབས་པ་སྡུག་བསྔལ་བ་ནད་ཚབས་ཆེ་བ་ཞིག་ཡོད་པ་དེ་
เล่ม ๓ · หน้า 104a
དགེ་སློང་གིས་རིམ་གྲོ་བྱས་ན་འོན་ཀྱང་ཤི་བར་གྱུར་ནས་དེའི་ལྷུང་བཟེད་དང་ཆོས་གོས་རྒན་པའི་མཐར་ཁྱེར་བ་དང་། དེ་ནས་ཆོས་གོས་གཅིག་བཤང་གཅི་དག་གིས་འབགས་ཤིང་སྦྲང་མ་རྣམས་འདུ་བར་གྱུར་ཏོ། །དེ་ནས་གོས་འགེད་པས་རིམ་གྲོ་བྱེད་པ་དེ་ལ་སྨྲས་པ།
ཚེ་དང་ལྡན་པ་ཁྱོད་ཀྱིས་རྒྱུད་ངན་པ་བྱས་ཏེ་ཆོས་གོས་མ་བཀྲུས་ཀྱིས་ཁྲུས་ཤིག །དེས་སྨྲས་པ། ཡོ་བྱད་ནི་ཁྱོད་འགེད་ན་ཁོ་བོ་འཁྲུའམ། ཁྱོད་ཉིད་ཀྱིས་ཁྲུས་ཤིག །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
ནད་གཡོག་ལ་ཡོ་བྱད་དྲུག་བྱིན་ལ་ལྷག་མ་དགེ་སློང་གིས་བགོ་བར་བྱའོ། །གལ་ཏེ་ནད་གཡོག་མང་བར་གྱུར་ན་ཐམས་ཅད་ཀྱི་སྤྱིར་ཡོ་བྱད་དྲུག་བགོ་བར་བྱའོ། །དགེ་སློང་ཤེས་ཉེན་དང་བསོད་ནམས་ཆེན་པོ་དང་ལྡན་པ་གཞན་དག་ཅིག་ཤི་ནས་དེ་རྣམས་ཀྱི་ཡོ་བྱད་དང་། དགེ་ཚུལ་གྱི་ཡོ་
བྱད་དང་འཚོ་བའི་ཡོ་བྱད་མང་པོ་རྒན་པའི་མཐར་སྤུངས་པ་དང་། བཅོམ་ལྡན་འདས་ཀྱིས་ནད་གཡོག་གིས་ཡོ་བྱད་དྲུག་བཀུར་བར་བྱའོ་ཞེས་བཀའ་སྩལ་ཏོ་ཞེས་དེས་བདམས་ཤིང་བདམས་ཤིང་བཟང་པོ་རྣམས་བླངས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་པོ་རྣམས་
ལས་སྦྱིན་པར་མི་བྱའོ། །དགེ་སློང་རྣམས་ཀྱིས་ངན་པ་ལས་བྱིན་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངན་པ་རྣམས་ལས་སྦྱིན་པར་མི་བྱ་སྟེ། འོན་ཀྱང་བར་མ་རྣམས་ལས་སྦྱིན་པར་བྱའོ། །ནད་པ་མ་ཚོར་བར་དགེ་འདུན་གྱི་གནས་མལ་ཁོ་ན་ལ་ཤི་བར་གྱུར་ནས་བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། ནད་གཡོག་གིས་ནད་པའི་རྟགས་ལ་མཁས་པར་བྱ་སྟེ། མྱུར་བ་མྱུར་བར་བརྟག་པར་བྱའོ། །དེའི་བྱ་བ་ཉམས་པར་མི་བྱ་སྟེ། ལུས་ཀྱི་གནས་སྐབས་ཤེས་ནས་གང་ཟག་གི་གནས་མལ་ལ་བསྙལ་བར་བྱའོ། །གླེང་གཞི་ནི་མཉན་ཡོད་ནའོ། །དགེ་སློང་
ནད་པ་ཞིག་ཡོད་པ་དེས་ལུས་ཀྱི་གནས་སྐབས་ལ་བརྟགས་ནས་དགེ་སློང་ཞིག་ལ་སྨྲས་པ། རེ་ཞིག་ཁོ་བོ་ཇི་ཙམ་འཚོའི་བར་དུ་རིམ་གྲོ་གྱིས་ཤིག །ཁོ་བོའི་ལྷུང་བཟེད་དང་ཆོས་གོས་ནི་ཁོ་བོ་ཤི་ནས་ཁྱོད་ཅི་བདེར་གྱིས་ཤིག །དེས་དེའི་རིམ་གྲོ་བྱ་བར་བརྩམས་པ་ལས་ཇི་ཙམ་ན་དགེ་
เล่ม ๓ · หน้า 104b
སློང་དེ་ཤིའོ། །དེ་ནས་གོས་འགེད་པས་དེ་ལ་སྨྲས་པ། དགེ་སློང་དེའི་ལྷུང་བཟེད་དང་ཆོས་གོས་བགོ་དགོས་ཀྱིས་ཕུལ་ཅིག །དེས་སྨྲས་པ། དེས་ཁོ་བོ་ལ་ཅི་བདེར་བྱེད་དུ་བཅུག་གོ་ཞེས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་གསོན་པའི་ཚེ་ཉིད་ན་མ་བྱིན་ན་ཤི་ནས་སྦྱིན་པ་ལྟ་སྨོས་ཀྱང་ཅི་དགོས། བདག་ཤི་ནས་འདིའི་ཡིན་ནོ་ཞེས་བྱ་བའི་སྦྱིན་པ་འདི་ནི་མེད་པ་ཡིན་པས་བླངས་ཏེ་བགོས་ལ་དགེ་སློང་དེའི་རང་གི་སྐལ་བ་སྦྱིན་པར་བྱའོ། །དེའི་ཚེ་དགེ་སློང་ནད་ཀྱིས་ཐེབས་
པ་སྡུག་བསྔལ་བ་ནད་ཚབས་ཆེ་བ་ཞིག་ཡོད་པ་དེ་ཤེས་པ་ཆུང་བས་དེའི་སྨན་མེད་ནས་དེས་ལུས་ཀྱི་གནས་ལ་བརྟགས་ཏེ་རིམ་གྲོ་བྱེད་པ་ལ་སྨྲས་པ། བདག་ལ་ཅི་ཡང་མེད་ཀྱིས་བདག་གི་ཆེད་དུ་མཆོད་པ་གྱིས་ཤིག །དེས་ཁས་བླངས་པ་ལས་དེ་ཤི་ནས་ངན་སོང་རྣམས་སུ་སྐྱེས་སོ། །
དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དགེ་སློང་ཤི་བ་གང་ཡིན་པ་དེས་རིམ་གྲོ་བྱེད་པ་ལ་ཇི་སྐད་སྨྲས། དེ་རྣམས་ཀྱིས་ཇི་ལྟར་གྱུར་པ་གསོལ་པ་དང་། དགེ་སློང་དག་དགེ་སློང་དེ་ལོག་པར་ལྟུང་ངོ་། །གལ་ཏེ་ཚངས་པ་མཚུངས་
པར་སྤྱོད་པ་རྣམས་ཀྱིས་དེའི་ཆེད་དུ་དཀོན་མཆོག་གསུམ་ལ་མཆོད་པར་བྱས་པར་གྱུར་དང་དད་པ་སྐྱེས་པས་ལོག་པར་ལྷུང་བར་མི་འགྱུར་བ་ཞིག །དེ་ལྟ་བས་ན་དགེ་སློང་གིས་ཚངས་པ་མཚུངས་པར་སྤྱོད་པ་ན་བ་ཡལ་བར་མི་བཞག་སྟེ། ནད་གཡོག་སྦྱིན་པར་བྱའོ། །དེས་དེ་ལ་
དྲིས་ཏེ། གལ་ཏེ་དེ་ལ་སྨན་མེད་ན་ཡོན་བདག་ལ་བསླང་བར་བྱའོ། །གལ་ཏེ་གྲུབ་ན་དེ་ལྟ་ན་ལེགས། ཇི་སྟེ་མ་གྲུབ་ན་དགེ་འདུན་གྱི་ལས་སྦྱིན་ནོ། །ཇི་སྟེ་དེ་ཡང་མ་གྲུབ་ན་དེ་བཞིན་གཤེགས་པའི་མཆོད་རྟེན་ནམ། དྲི་གཙང་ཁང་གི་གདུགས་སམ། རྒྱལ་མཚན་ནམ།
རྒྱན་གང་ཡིན་པ་དེ་དགེ་འདུན་གྱིས་ཕོག་ལ་སྦྱིན་པར་བྱ་ཞིང་རིམ་གྲོ་བྱེད་པས་བསྒྱུར་ནས་རིམ་གྲོ་དང་སྟོན་པ་མཆོད་པར་བྱའོ། །སོས་པར་གྱུར་ན་དེ་ལ་འདི་ནི་སངས་རྒྱས་ཀྱི་ཡིན་ཏེ་ཁྱོད་ཀྱི་ཡོ་བྱད་དུ་སྤྱད་དོ་ཞེས་བརྗོད་པར་བྱའོ། །གལ་ཏེ་དེ་ལ་འབྱོར་པ་ཡོད་ན་དེས་འབད་དེ་
เล่ม ๓ · หน้า 105a
བསབ་པར་བྱའོ། །གལ་ཏེ་མེད་ན་དེ་ནི་སྤྱད་པ་ལེགས་པར་སྤྱད་པ་ཡིན་ཏེ། ཕའི་ལ་བུ་བཞིན་དུ་རིགས་པ་ཡིན་པས་དེ་ལ་འགྱོད་པར་མི་བྱའོ། །གླེང་གཞི་ནི་མཉན་ཡོད་ནའོ། །དགེ་སློང་ནད་ཀྱིས་ཐེབས་པ་སྡུག་བསྔལ་བ་ནད་ཚབས་ཆེ་བ་ཚོར་བས་ཉེན་པ་ཞིག་
ཡོད་པ་དེ་ལ་ལྷུང་བཟེད་བཟང་པོ་ཞིག་ཡོད་དེ། དེ་དེ་ལ་ལྷག་པར་ཆགས་ནས་རིམ་གྲོ་བྱེད་པ་ལ་སྨྲས་པ། ཁོ་བོའི་ལྷུང་བཟེད་འོན་ཅིག །དེས་མ་བྱིན་པ་དང་དེ་དེ་ལ་ངན་སེམས་སྐྱེས་ཤིང་ལྷུང་བཟེད་ལ་ལྷག་པར་ཆགས་པས་ཤི་ནས་དེ་ལྷུང་བཟེད་དེ་ཉིད་དུ་སྦྲུལ་ཞིག་ཏུ་སྐྱེས་སོ། །
དགེ་སློང་རྣམས་ཀྱིས་དེ་སྲེག་ཏུ་ཁྱེར་ནས་བསྲེགས་ཏེ་གཙུག་ལག་ཁང་དུ་ལྷགས་ནས་དགེ་སློང་གི་དགེ་འདུན་འདུས་སོ། །གོས་འགེད་པས་ཤི་བའི་ཡོ་བྱད་རྒན་པའི་མཐར་སྤུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་
བོ་སོང་ལ་དགེ་སློང་རྣམས་ལ་དགེ་སློང་སུས་ཀྱང་དེའི་ལྷུང་བཟེད་གཞག་པའི་སྣོད་མ་དབྱེ་ཞིག །དེ་བཞིན་གཤེགས་པ་ཉིད་ཀྱིས་འབྱེད་པར་འགྱུར་རོ་ཞེས་སྒོ་ཞིག །ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་སློང་རྣམས་ལ་བསྒོའོ། །དེ་ནས་བཅོམ་ལྡན་འདས་ཉིད་ཀྱིས་ཕྱེ་བ་དང་སྦྲུལ་
ཞིག་མགོའི་གདེངས་ཀ་ཆེར་བྱས་ནས་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སེ་གོལ་གྱི་སྒྲས་བསླང་ནས་བཀའ་སྩལ་པ། མི་གཏི་མུག་ཅན་ལྷུང་བཟེད་འདི་སྤོངས་ལ་སོང་ཤིག །དགེ་སློང་རྣམས་ཀྱིས་འགེད་པར་འགྱུར་རོ། །དེ་འཁྲུགས་ནས་ཅི་དགའ་བའི་སྤྱོད་ལམ་
གྱིས་སོང་སྟེ་ནགས་སྟུག་པོ་ཞིག་ཏུ་ཞུགས་ནས། དེས་དེར་ཁྲོས་པའི་མེ་སྦར་བས་ནགས་དེ་རབ་ཏུ་འབར་ཏེ་དེ་ཉིད་དུ་ཚིག་ནས་དགེ་སློང་རྣམས་ལ་ངན་སེམས་སྐྱེས་པས་དམྱལ་བ་རྣམས་སུ་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་
སློང་དག་སྲིད་པ་ཐམས་ཅད་ལ་སྐྲག་པར་གྱིས་ཤིག །སྲིད་པའི་ཡོ་བྱད་གང་གི་ཕྱིར་སེམས་ཅན་གཅིག་གི་ལུས་དེ་གནས་གསུམ་པོ་ནགས་སྟུག་པོར་བྲོས་པའི་མེ་དང་། དམྱལ་བར་སེམས་ཅན་དམྱལ་བའི་དང་། དུར་ཁྲོད་དུ་མེ་ཕལ་པས་སྲེག་པར་འགྱུར་བ་ཐམས་
เล่ม ๓ · หน้า 105b
ཅད་ལས་ཡིད་བྱུང་བར་བྱའོ། །དེ་ལྟ་བས་ན་དགེ་སློང་གིས་ཡོ་བྱད་ལ་ལྷག་པར་ཆགས་པ་བསྐྱེད་པར་མི་བྱ་ཞིང་གང་ལ་སྐྱེ་བ་དེ་ཡོངས་སུ་སྤང་བར་བྱའོ། །མ་སྤངས་ན་འགལ་ཚབས་ཅན་དུ་འགྱུར་རོ། །གཞན་ཡང་གལ་ཏེ་ནད་པ་རང་གི་ཡོ་བྱད་སློང་ན་རིམ་གྲོ་བྱེད་པས་མྱུར་བ་མྱུར་བར་
སྦྱིན་པར་བྱའོ། །མ་བྱིན་ན་འགལ་ཚབས་ཅན་དུ་འགྱུར་རོ། །གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་དགེ་སློང་ནད་པ་ཞིག་གནས་ཁང་དུ་ཤི་ནས་མི་མ་ཡིན་པ་རྣམས་ཀྱི་ནང་དུ་སྐྱེས་སོ། །གོས་འགེད་པས་ལྷུང་བཟེད་དང་ཆོས་གོས་བགོའོ་ཞེས་དགེ་སློང་དེའི་གནས་ཁང་དུ་འཇུག་
པར་བརྩམས་པ་ལས། དེ་ཀུན་ནས་དཀྲིས་པ་དྲག་པོས་དབྱུག་པ་བླངས་ཏེ་ལངས་ནས་དེས་སྨྲས་པ། རེ་ཞིག་ཁོ་བོ་དུར་ཁྲོད་དུ་ཡང་མ་ཕྱུང་བར་ལྷུང་བཟེད་དང་ཆོས་གོས་འགེད་པར་བྱེད་དམ། དེ་སྔངས་ནས་བྲོས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་
དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རེ་ཞིག་ཐོག་མར་དགེ་སློང་གི་རོ་ཕྱུང་ནས་ཕྱི་ནས་དེའི་ལྷུང་བཟེད་དང་ཆོས་གོས་བགོ་བར་བྱའོ། །གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་དགེ་སློང་ཞིག་ཤི་ནས་དགེ་སློང་རྣམས་ཀྱིས་དེ་ཕྱུང་སྟེ། དུར་ཁྲོད་དུ་དེ་བཞིན་དུ་བོར་ནས་གཙུག་
ལག་ཁང་དུ་ལྷགས་ཏེ། གོས་འགེད་པས་ཆོས་གོས་དང་ལྷུང་བཟེད་བགོའོ་ཞེས་དེའི་གནས་ཁང་དུ་ཞུགས་པ་དང་དེ་མི་མ་ཡིན་པ་རྣམས་སུ་སྐྱེས་པས་དབྱུག་པ་བླངས་ཏེ་ལངས་ནས། དེས་སྨྲས་པ། རེ་ཞིག་ཁོ་བོའི་རོལ་མཆོད་པ་ཡང་མ་བྱས་པར་ཆོས་གོས་དང་ལྷུང་བཟེད་འགེད་
པར་བྱེད་དམ་ཞེས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས་ཀྱིས་སྔར་དེའི་རོལ་མཆོད་པ་བྱས་ལ་དེའི་འོག་ཏུ་ལྷུང་བཟེད་དང་ཆོས་གོས་བགོས་དང་ཉེས་དམིགས་འདིར་མི་འགྱུར་རོ། །
གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་དགེ་སློང་ནད་པ་ཞིག་གནས་ཁང་དུ་ཤི་ནས་དེ་དགེ་སློང་རྣམས་ཀྱིས་དུར་ཁྲོད་དུ་ཁྱེར་ཏེ་རོ་ལ་མཆོད་པ་བྱས་བསྲེགས་ནས་དེ་ནས་གཙུག་ལག་ཁང་དུ་ལྷགས་པ་དང་། གོས་འགེད་པས་དེའི་གནས་ཁང་དུ་ཞུགས་པ་ལས་དེས་དབྱུག་པ་བླངས་
เล่ม ๓ · หน้า 106a
ཏེ་ལངས་ནས་རེ་ཞིག་བདག་གི་ཆེད་དུ་ཆོས་བསྒྲགས་པ་མ་བྱས་པར་ཆོས་གོས་རྣམས་འགེད་པར་བྱེད་དམ་ཞེས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཆེད་དུ་ཆོས་བསྒྲགས་པ་
དང་། དེའི་ཆེད་དུ་ཡོན་བསྔོ་བ་བྱས་ནས་ཆོས་གོས་རྣམས་བགོ་བར་བྱའོ།། །།སྡོམ་ལ། ནད་པ་དང་ནི་ཚོང་དཔོན་དང་། །དངོས་པོའི་སྐྱིན་པ་ལག་གི་བླ། །མཚམས་བཞི་དག་ཏུ་བྱ་བ་དང་། །ཕོ་ཉ་བརྒྱད་དུ་བྱ་བའོ། །གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་ཁྱིམ་བདག་
ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་དུ་གདུགས་ཚོད་ལ་སྤྱན་དྲངས་པ་ལས་དགེ་སློང་གི་དགེ་འདུན་ནི་ལྷགས་སོ། །བཅོམ་ལྡན་འདས་ནི་རྫས་ཀྱིས་བསྒྲུབས་པ་ན་བཞུགས་ནས་བསོད་སྙོམས་ཀྱི་སྐུ་སྐལ་བཞེས་སོ། །སངས་རྒྱས་བཅོམ་ལྡན་འདས་
རྣམས་ནི་རྒྱུ་ལྔས་རྫས་ཀྱིས་བསྒྲུབས་པ་ན་བཞུགས་ནས་བསོད་སྙོམས་ཀྱི་སྐུ་སྐལ་བཞེས་ཏེ་ལྔ་པོ་གང་གིས་ཞེ་ན། ནང་དུ་ཡང་དག་འཇོག་པར་བཞེད་པ་དང་། ལྷ་རྣམས་ལ་ཆོས་འཆད་པར་བཞེད་པ་དང་། གནས་མལ་ལ་གཟིགས་པར་བཞེད་པ་དང་། ནད་པ་ལ་གཟིགས་
པར་བཞེད་པ་དང་། ཉན་ཐོས་རྣམས་འདུལ་བ་ལ་བསླབ་པའི་གཞི་བཅའ་བར་བཞེད་པ་སྟེ། སྐབས་འདིར་ནི་ནད་པ་ལ་གཟིགས་པ་དང་། བསླབ་པའི་གཞི་བཅའ་བར་བཞེད་ནས། སངས་རྒྱས་བཅོམ་ལྡན་འདས་རྫས་ཀྱིས་བསྒྲུབས་པ་ན་བཞུགས་ནས་བསོད་སྙོམས་ཀྱི་སྐུ་
སྐལ་བཞེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་དོང་ནས་རིང་པོ་མ་ལོན་པར་མཁྱེན་ནས་ལྡེ་མིག་བསྣམས་ཏེ་ཀུན་དགའ་ར་བ་ནས་ཀུན་དགའ་ར་བ་དང་། གཙུག་ལག་ཁང་ནས་གཙུག་ལག་ཁང་དང་། སྤྱིལ་བོ་ནས་སྤྱིལ་བོ་དང་། འཆག་ས་ནས་འཆག་ས་
རྣམས་སུ་འཆག་ཅིང་གཤེགས་པ་ན་གཙུག་ལག་ཁང་ཆེན་པོ་གང་ན་བ་དེར་བྱོན་པ་དང་། དེ་ན་དགེ་སློང་ནད་ཚབས་ཆེ་བ་ཤེས་པ་ཆུང་བ་རང་གི་གཅིན་དང་ངན་སྐྱུགས་ཀྱི་ནང་དུ་ནུབ་པ་ཞིག་གིས་བཅོམ་ལྡན་འདས་མཐོང་ནས་བཅོམ་ལྡན་འདས་བདག་ལ་མགོན་མ་མཆིས་སོ། །
เล่ม ๓ · หน้า 106b
བདེ་བར་གཤེགས་པ་བདག་ལ་མགོན་མ་མཆིས་སོ། །ཞེས་སྐད་ངན་བཏོན་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ང་ཁམས་གསུམ་གྱི་མགོན་པོའི་རྗེས་སུ་ཁྱོད་རབ་ཏུ་བྱུང་ན་ཅིའི་ཕྱིར་དེ་སྐད་དུ་བཅོམ་ལྡན་འདས་བདག་ལ་མགོན་མ་མཆིས་སོ། །བདེ་བར་
གཤེགས་པ་བདག་ལ་མགོན་མ་མཆིས་སོ་ཞེས་ངུ་སྐད་འདོན། བཙུན་པ་བདག་ལ་ཚངས་པ་མཚུངས་པར་སྤྱོད་པ་འགའ་ཡང་རིམ་གྲོ་བགྱིད་པའམ་ལྟ་བ་མ་མཆིས་སོ། །དགེ་སློང་ཁྱོད་ཀྱིས་ཚངས་པ་མཚུངས་པར་སྤྱོད་པ་འགའ་ལ་རིམ་གྲོ་དང་ལྟ་བ་བྱས་པ་ཡོད་དམ། བཙུན་པ་མ་
མཆིས་ལགས་སོ། །དེ་བས་ན་ཁྱོད་གནས་སྐབས་འདི་ལྟ་བུར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱེ་མའོ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་མཚོ་ཆེན་པོ་མ་དྲོས་པ་ནས་ཆུ་ཁྱེར་ཏེ་འོང་ཞིང་རི་སྤོས་ཀྱི་ངད་ལྡང་ལས་ས་ཁྱེར་ཏེ་འོང་བར་གྱུར་ཅིག་ཅེས་འཇིག་རྟེན་པའི་ཐུགས་བསྐྱེད་པ་མཛད་
དོ། །ཆོས་ཉིད་ཀྱིས་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་ཐུགས་བསྐྱེད་པར་མཛད་པ་དེའི་ཚེ་བརྒྱ་བྱིན་དང་ཚངས་པ་ལ་སོགས་ཏེ་ལྷ་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱི་ཐུགས་སེམས་ཀྱིས་ཤེས་སོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་མཚོ་ཆེན་པོ་མ་དྲོས་
པ་ནས་ཡན་ལག་བརྒྱད་དང་ལྡན་པའི་ཆུས་གསེར་གྱི་རིལ་བ་བཀང་སྟེ་རི་སྤོས་ཀྱི་ངད་ལྡང་ལས་ས་བླངས་ནས་མྱུར་བ་མྱུར་བར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་ཏེ་འདུག་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཞུགས་ཤིག་དང་དེའི་རིམ་གྲོ་བདག་གིས་བགྱིའོ། །
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་འདི་ཁྱོད་ཀྱི་ཕྱིར་རབ་ཏུ་བྱུང་བ་མ་ཡིན་གྱི། འོན་ཀྱང་ངའི་ཕྱིར་ཡིན་ནོ། །གཞན་ཡང་ཁྱོད་ཀྱིས་འདི་སྔོན་མ་མཐོང་ལ་ལྷ་རྣམས་ནི་གཙང་སྦྲ་ལ་དགའ་བ་ཡིན་པས་འདུག་ཅིག །ངས་ནི་འདིའི་རིམ་གྲོ་བྱའོ། །དེ་ནས་བཅོམ་
ལྡན་འདས་ཀྱིས་ན་བཟའ་ཆོས་གོས་བརྫེས་ནས་ཕྱག་འཁོར་ལོ་དང་། བཀྲ་ཤིས་དང་། གཡུང་དྲུང་འཁྱིལ་པ་ཅན་བསོད་ནམས་བརྒྱ་ཕྲག་དུ་མས་བསྒྲུབས་པ། སྐྲག་པ་རྣམས་ལ་དབུགས་འབྱིན་པར་མཛད་པས་དགེ་སློང་དེ་བཟུང་སྟེ་གཅིན་དང་ངན་སྐྱུགས་ནས་ཕྱུང་ནས་
ที่มาและสัญญาอนุญาต
ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด