འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ
ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་ཀུ་ཤ་ལ་མཱུ་ལ་སཾ་པ་རི་གྲ་ཧ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๔๘ · หน้า 146b
ཞེས་མགོ་གཅིག་ཏུ་མི་སྨྲ་བས་དཔྱོད་པ་ཐོབ་པའོ་སྙམ་མོ། །དེ་ནས་བདུད་བརྗེད་ངས་ཀྱིས་མིག་གིས་མི་རྩོལ་བར་བྱ་བའི་ཕྱིར་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ་གཞོན་ནུ་དེ་དག་ནི་མཁས་པའི་ལས་ཡིན་ཏེ། གཞོན་ནུ་ཁྱོད་རྗེས་སུ་འཇུག་པར་བྱའོ་ཞེས་མགོ་གཅིག་ཏུ་
ཚིག་མི་སྨྲ་བ་ནི་ལེགས་སོ་ལེགས་སོ། །གཞོན་ནུ་གཞན་ཡང་ཁོ་བོས་ཁྱེད་ལ་རྗེས་སུ་བསྟན་པར་བྱས་དེ་ཡང་ཁྱོད་ཀྱིས་རྣམ་པར་རྟོགས་ཤིག །གཞོན་ནུ་ཁྱོད་གང་ལ་སྐྱོན་ཆེས་མང་དུ་མཐོང་བ་དེ་ལ་སྟེན་པར་མ་བྱེད་ཅིག་གཞོན་ནུས་སྨྲས་པ། ཀྱེ་མི་དེ་ལ་དེ་སྐད་ཅེས་བརྗོད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་
ལ་སྐྱོན་ཆེས་མང་བ་དེ་ནི་བསྟེན་པར་བྱ་བ་མ་ཡིན་ཞིང་གང་ལ་སྐྱོན་ཆེས་ཉུང་བ་དེ་ཡང་བསྟེན་པར་བྱ་བ་མ་ཡིན་པའི་ཕྱིར་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀྱེ་མི་དུག་མང་པོ་ཡང་གསོད་པར་བྱེད་ལ། ཉུང་ངུ་ཡང་གསོད་པར་བྱེད་ཅིང་། གང་ཡང་འཁོར་ལོས་སྒྱུར་བའི་ཟས་དུག་དང་འདྲེས་པ་དེ་ཡང་
གསོད་པར་བྱེད་ལ། གང་ཡང་མི་ཕལ་པའི་ཟས་དུག་དང་འདྲེས་པ་དེ་ཡང་གསོད་པར་བྱེད་པའི་ཕྱིར་དེ་དག་ནི་བཟར་མི་རུང་ཞིང་བསྟེན་པར་བྱ་བ་མ་ཡིན་ནོ། །ཀྱེ་མི་དེ་བཞིན་དུ་གང་ལ་སྐྱོན་མང་བ་དེ་ལ་སྟེན་པར་མ་བྱེད་ཅིག །གང་ལ་ཆེས་ཉུང་བ་དེ་ལ་སྟེན་ཅིག །ཅེས་དེ་སྐད་སྨྲས་
ན། ཀྱེ་མི་དེ་དག་གཉིས་ཀ་ཡང་བསྟེན་པར་བྱ་བ་མ་ཡིན་ནོ། །ཀྱེ་མི་མཁས་པས་བསྟེན་པར་བྱ་བ་ཡང་གང་ཡིན་ཞེ་ན། ཀྱེ་མི་མཁས་པས་ནི་གང་སྐྱོན་མེད་པ་དང་། ཅི་ཡང་མེད་པ་དང་། སྙིགས་མ་མེད་པ་དང་། རིམས་ནད་མེད་པ་དང་། ནད་མེད་པ་དང་། མི་གཡོ་
བ་དང་། བསིལ་བར་གྱུར་པ་དང་། བདེ་བ་དེ་བསྟེན་པར་བྱའོ། །དེ་ནས་བདུད་བརྗེད་ངས་འདི་སྙམ་དུ་སེམས་ཏེ། བདག་གིས་གཞོན་ནུ་དྲན་པ་རྙེད་རྗེས་སུ་བསྟན་པ་གང་ཁོ་ན་ལ་བཞག་པ་དེ་དང་དེ་ནི་དེས་སྐྱོན་དང་བཅས་པར་མཐོང་ཞིང་ཕྱིས་ཀྱང་ལན་འདེབས་པར་བྱེད་དོ་སྙམ་སྟེ། །
དེ་ལྟར་རྗེས་སུ་བསམས་ནས་ཡང་སྨྲས་པ། གཞོན་ནུ་འདི་ལྟར་གང་རིམས་ནད་མེད་པ་དང་། སྐྱོན་མེད་པ་དང་། ཞི་བ་དེ་ལ་མཁས་པ་རྣམས་དགའ་བ་སྐྱེད་པར་བྱེད་དོ་ཞེས་ཟེར་བ་ནི་ཁྱོད་ཀྱིས་ལེགས་པར་སྨྲས་ན། གཞོན་ནུ་བྱང་ཆུབ་སེམས་དཔའི་སྤྱོད་པ་དེ་ནི་སྐྱོན་མང་བའོ། །
เล่ม ๔๘ · หน้า 147a
སྐྱོན་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྐྱེ་བའི་སྐྱོན་དང་། འགྲོ་བའི་སྐྱོན་དང་། འཁོར་བའི་སྐྱོན་དང་། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བའི་སྐྱོན་དང་། དུས་མ་ཡིན་པར་སློང་བར་བྱེད་པའི་སྐྱོན་དང་། ཡིད་དུ་འོང་བའི་དངོས་པོ་ཡོངས་སུ་གཏོང་བའི་སྐྱོན་འདི་ལྟ་
སྟེ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཡོངས་སུ་གཏོང་བའི་སྐྱོན་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྐྱོན་ཆེས་མང་བ་ཡིན་ནོ། །གལ་ཏེ་བྱང་ཆུབ་ཏུ་སེམས་སྐྱེད་པར་མི་བྱེད་ན་ནི་ཉུང་སྟེ། ཁྱོད་མང་པོ་དག་ཀྱང་བསྟེན་པར་བྱ་བ་མ་ཡིན་ཞིང་། ཉུང་ངུ་
དག་ཀྱང་བསྟེན་པར་བྱ་བ་མ་ཡིན་པར་སེམས་པ་དེ་ནི་ལེགས་སོ། །གཞོན་ནུ་ཁྱོད་ཅི་དེ་ལྟར་མཁས་ཤིང་མཛངས་པ་ཡིན་པར་ཁོ་བོས་མ་ཤེས་སོ། །ཁོ་བོས་ཁྱོད་ཀྱིས་ལྷག་པའི་བསམ་པ་ཤིན་ཏུ་བཟང་པོར་མཐོང་ན་ཁོ་བོས་ཀྱང་བརྗེད་ནས་སྨྲས་སོ། །དེ་དེ་བཞིན་ཏེ། ལོག་པར་
ལྟུང་བའི་མཚན་ཉིད་ཡིན་པའི་ཕྱིར་མང་པོ་དག་ཀྱང་བསྟེན་པར་བྱ་བ་མ་ཡིན་ཞིང་། ཉུང་ངུ་དག་ཀྱང་བསྟེན་པར་བྱ་བ་མ་ཡིན་ནོ། །གཞོན་ནུ་ཡང་འདི་ལ་སྙིང་པོ་ནི་འདི་ཉིད་ཡིན་ཏེ། འདི་ལྟ་སྟེ། ཕུང་པོ་ཐམས་ཅད་སྤངས་པ་མྱ་ངན་ལས་འདས་པའོ། །གཞོན་ནུ་གང་ལ་ཡང་
དང་ཡང་དུ་འཆི་བ་ཡོད་པའི་འཁོར་བའི་འགྲོ་བ་སྐྱོན་དང་བཅས་པ་ཡང་དང་ཡང་ཉམས་སུ་མྱོང་བས་ཅི་ཞིག་བྱ་སྟེ། ཁྱོད་ཀྱིས་ནི་མྱ་ངན་ལས་འདས་པ་ལ་འདུན་པར་བྱའོ། །གཞོན་ནུ་སྲོག་ཆགས་རྣམས་མངལ་ན་གནས་པ་ནི་སྡུག་བསྔལ་བའོ། །སྡུག་པ་དང་བྲལ་བ་དང་། མི་སྡུག་པ་
དང་ཕྲད་པ་ནི་སྡུག་བསྔལ་བའོ། །གཞོན་ནུ་ལུས་སྙིང་པོ་མེད་པ་མི་རྟག་པ་ཡོངས་སུ་འདྲེན་པ་ནི་སྡུག་བསྔལ་བའོ། །སྲོག་མི་རྟག་པ་ཉིད་ནི་སྡུག་བསྔལ་བའོ། །ལོངས་སྤྱོད་མི་རྟག་པ་ཉིད་དང་ལོངས་སྤྱོད་སྙིང་པོ་མེད་པ་ཉིད་ནི་སྡུག་བསྔལ་བའོ། །གཞོན་ནུ་ཡང་དང་ཡང་དུ་
འཆི་བ་ཉིད་ནི་སྡུག་བསྔལ་བའོ། །གཞོན་ནུ་དེ་ལྟ་བས་ན་ཁོ་བོ་ནི་ཁྱོད་ལ་འདི་སྐད་དུ་དེ་བཞིན་གཤེགས་པ་འབྱུང་བ་དང་། མི་ཉིད་རྙེད་པ་དང་། དལ་བ་ཕུན་སུམ་ཚོགས་པ་དང་། དེ་བཞིན་གཤེགས་པའི་བསྟན་པ་ལ་དད་པ་བླ་ན་མེད་པ་ནི་རྙེད་པར་དཀའོ་ཞེས་སྨྲ་སྟེ། གཞོན་ནུ་དེ་ལྟ་
เล่ม ๔๘ · หน้า 147b
བས་ན་གནས་དེ་དག་ཐོབ་ནས་མ་སྤོང་ཤིག །གཞོན་ནུ་ཁོ་བོ་ནི་གནས་དེ་དག་ཉིད་སྟོན་པར་འདོད་པ་དང་། ཉེ་བར་རྗོད་པར་འདོད་པ་ཡིན་ན་ཁྱོད་ནི་ལན་འདེབས་པར་འདོད་པས་ཉན་ནོ། །གལ་ཏེ་ཁོ་བོས་རྗེས་སུ་བསྟན་པ་ལ་གནས་ན་དེ་ནི་ཁྱོད་ཀྱི་རྗེས་སུ་བསྟན་པ་ཡིན་གྱིས་ཉོན་ལ་
རིག་པར་བྱོས་ཤིག །དེ་ནས་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ཀྱིས་བདུད་བརྗེད་ངས་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་མི་ཁྱོད་ལ་རྗེས་སུ་ཡི་རང་ངོ་། །གང་ཁྱོད་འདི་སྐད་དུ་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་ནི་སྡུག་བསྔལ་བའོ། །ཡང་དང་ཡང་དུ་འཁོར་བའི་བར་དུའང་
དེ་བཞིན་ནོ་ཞེས་ཟེར་བ་ནི་མངོན་པར་རྗེས་སུ་ཡི་རང་ངོ་། །ཀྱེ་མི་ཡང་ཁྱོད་ཀྱིས་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བར་གྱིས་ཤིག་ཅེས་བརྗོད་དེ། ཀྱེ་མི་ཁྱོད་ཀྱི་ཚིག་དེ་ཐོས་ནས་ཁོ་བོ་ནི་སེམས་ཅན་རྣམས་ལ་སྙིང་རྗེ་ཤས་ཆེར་སྐྱེས་ཏེ། སེམས་ཅན་འདི་དག་ནི་ཡང་དང་ཡང་སྐྱེ་བ་
དང་། རྒ་བ་དང་། ན་བ་དང་། འཆི་བས་གཟིར་བ་ཡིན་ཏེ། བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་དེ་དག་ཡང་དང་ཡང་དུ་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བའི་དབང་དུ་གྱུར་པར་མི་འགྱུར་བར་སྐྱེ་བ་
དང་། རྒ་བ་དང་ན་བ་དང་འཆི་བའི་འཇིགས་པ་ལས་ཡོངས་སུ་ཐར་བར་བྱའོ་སྙམ་མོ། ཀྱེ་མི་ཁྱོད་ཁོ་བོ་ལ་འདི་སྐད་དུ་མྱ་ངན་ལས་འདས་པ་ཐོབ་ནས་འཁོར་བའི་སྡུག་བསྔལ་དག་རབ་ཏུ་སྟོན་པ་ནི་ངོ་མཚར་ཏེ། ཁོ་བོས་དེ་དག་ཐོས་ནས་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་ཤས་ཆེར་
སྐྱེས་སོ། །གལ་ཏེ་ཁོ་བོ་ཡོངས་སུ་མྱ་ངན་ལས་འདས་ན་སེམས་ཅན་དེ་དག་གི་སྐྱོབ་པར་འགྱུར་བ་དང་། ཐར་བར་བྱེད་པར་འགྱུར་བ་སུ་ཡིན། དེ་ནས་བདུད་བརྗེད་ངས་ཀྱིས་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ལ་འདི་སྐད་ཅེས་སྨྲས་སོ། །གཞོན་ནུ་ཁྱོད་ཀྱིས་འདི་སྐད་དུ་གང་ལ་སྐྱོན་ཆེས་ཉུང་བ་དེ་
ཡང་བསྟེན་པར་བྱ་བ་མ་ཡིན་ནོ་ཞེས་མ་སྨྲས་སམ་སྨྲས་པ། ཀྱེ་མི་དེ་དེ་བཞིན་ཏེ། གང་ལ་སྐྱོན་ཆེས་ཉུང་བ་དེ་ཡང་བསྟེན་པར་བྱ་བ་མ་ཡིན་ནོ། །ཀྱེ་མི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་སྐྱོན་མེད་པ་སྟེ། དེ་ལྟ་བས་ན་དེ་ནི་བསྟེན་པར་བྱ་བ་ཡིན་ནོ། །དེ་ནས་བདུད་བརྗེད་
เล่ม ๔๘ · หน้า 148a
ངས་ཀྱིས་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ལ་འདི་སྐད་ཅེས་སྨྲས་སོ། །གཞོན་ནུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་སྐྱོན་མེད་པ་ཡིན་མོད་ཀྱི་གཞོན་ནུ་འོན་ཀྱང་ཁོ་བོས་ཀྱང་མ་ཐོབ་ན་ཁྱོད་ཀྱིས་ལྟ་ག་ལ་ཐོབ། གཞོན་ནུ་ཁོ་བོ་ཡང་སྔོན་འདི་སྙམ་དུ་སེམས་
ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་མོ། ལོག་པའི་སེམས་དེ་ལྟ་བུ་བསྐྱེད་པ་དང་། དེ་མ་ཐག་ཏུ་སློང་མོ་པ་འདི་ལྟ་སྟེ། མགོ་སློང་བ་དང་། ལག་པ་དང་། རྐང་པ་དང་། མིག་དང་། རྣ་བ་དང་། བུ་དང་། ཆུང་མ་དང་།
ལོངས་སྤྱོད་དང་། བཞོན་པ་དང་། ཁྱིམ་དང་། སླས་དང་། སྐྱེད་མོས་ཚལ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། ནོར་དང་། འབྲུ་དང་། རྒྱལ་སྲིད་ལ་སོགས་པ་སློང་བ་དག་གིས་ཀུན་ཏུ་གདུངས་ཤིང་། རབ་ཏུ་གདུངས་ཏེ།
ཚེགས་ཕྱུང་ནས་ཁོ་བོས་བདོག་པ་རྣམ་པར་གཏོང་བ་བྱས་པ་ན་ཡང་ལུས་ཞིག་པ་ལས་ཁྲག་གི་ཆུ་ཀླུང་བྱུང་བ་དག་གིས་ཁོ་བོའི་སེམས་གཟིར་ཏེ། དེས་ན་ཁོ་བོའི་སེམས་བསྐྱེད་པ་དེ་བཏང་ངོ་། །གལ་ཏེ་ཁྱོད་ཡིད་མི་ཆེས་ན་ཁོ་བོའི་དཀའ་བ་དེ་ལྟ་བར་འདོད་དམ། སྨྲས་པ། ཀྱེ་མི་
བལྟ་བར་འདོད་དེ། དེ་ནི་ཁོ་བོའི་དོན་དུ་འགྱུར་རོ། །དེ་ནས་བདུད་བརྗེད་ངས་འདི་སྙམ་དུ་སེམས་ཏེ། བདག་གིས་བྱང་ཆུབ་སེམས་དཔའ་དྲན་པ་རྙེད་ཀྱི་མོས་པ་བཟློག་པ་གང་དང་གང་བྱས་པ་དེ་དང་དེ་ཉིད་ལ་དེ་ཡིད་ཆེས་པར་མི་བྱེད་ཀྱི། ཕྱིར་ཡང་འདི་སྐད་དུ་ཁོ་བོའི་དོན་དུ་འགྱུར་
བ་སྟོན་ཅིག་ཅེས་ཟེར་རོ་སྙམ་མོ། །དེ་ནས་བདུད་དེས་རྒྱལ་པོའི་གཞོན་ནུ་དེའི་མདུན་དུ་ཁྲག་གི་ཆུ་ཀླུང་བཞི་མངོན་པར་སྤྲུལ་ཏོ། །གསེར་གྱི་ཕུང་པོ་གངས་ལྟ་བུ་བཞི་དང་། མགོ་ཐོད་རྣམ་པར་ཟོས་པ་དག་དང་། རྣམ་པར་དམར་བ་དག་དང་། རྣམ་པར་རྣགས་པ་དག་གི་ཕུང་པོ་
རི་རབ་ལྟ་བུ་ཡང་མངོན་པར་སྤྲུལ་ཏོ། །རུས་པ་དག་གི་ཕུང་པོ་དུང་ལྟར་དཀར་བ་རི་ཙམ་གཞན་དག་ཀྱང་མངོན་པར་སྤྲུལ་ཏོ། །ལག་རྡུམ་དང་། རྐང་རྡུམ་དང་། རྣ་རྡུམ་དང་། ཡན་ལག་དང་། ཉིང་ལག་རྡུམ་པོ་རྣམ་པ་སྣ་ཚོགས་དང་། གཟུགས་རྣམ་པ་སྣ་ཚོགས་འདི་ལྟ་
เล่ม ๔๘ · หน้า 148b
སྟེ། མི་དང་། དྲི་ཟ་དང་། གནོད་སྦྱིན་དང་། སེང་གེ་དང་། སྟག་དང་། རྟ་དང་། རི་བོང་དང་། སྤྲེའུ་དང་། དོམ་དང་། གཟིག་དང་། ཕག་དང་། རི་དགས་དང་། དྲེད་དང་། གླང་པོ་ཆེ་དང་། མ་ཧེ་ལ་སོགས་པའི་གཟུགས་དང་། དེ་བཞིན་དུ་ཉ་དང་། ཆུ་སྲིན་འཛིན་ཁྲི་
དང་། ཆུ་སྲིན་བྱིས་པ་གསོད་དང་། ཆུ་སྲིན་ན་ཀྲའི་གཟུགས་དང་། དེ་བཞིན་དུ་ངང་པ་དང་། རྨ་བྱ་དང་། ཁྭ་དང་། ཁུ་བྱུག་དང་། ཀ་ལ་པིང་ཀ་དང་། ཤང་ཤང་ཏེའུ་དང་། བྱ་ཀུ་ཎ་ལ་དང་། ཆུ་སྐྱར་དང་། རི་སྐེགས་ལ་སོགས་པའི་གཟུགས་ཀྱི་རོ་དག་མངོན་པར་སྤྲུལ་
ཏོ། །རོ་ཁ་ཅིག་ནི་ཁ་གཅིག་པ་དག་གོ། །ཁ་ཅིག་ནི་ཁ་གཉིས་པ་དང་། ཁ་གསུམ་པ་དང་། བཞི་པ་དང་། ལྔ་པ་དང་། དྲུག་པ་དང་། བདུན་པ་དང་། བརྒྱད་པ་དང་། དགུ་པ་དང་། བཅུ་པ་དང་། ཉི་ཤུ་པ་དང་། སུམ་ཅུ་པ་དང་། བཞི་བཅུ་པ་དང་། ལྔ་བཅུ་པ་ནས་ཁ་
འབུམ་ཡོད་པའི་བར་དག་དང་། ལྕེ་གཅིག་པ་དང་། ལྕེ་གཉིས་པ་དང་། ལྕེ་གསུམ་པ་དང་། ལྕེ་བཞི་པ་དང་། ལྕེ་ལྔ་པ་ནས་ལྕེ་འབུམ་ཡོད་པའི་བར་དག་དང་། མིག་གཅིག་པ་ནས་མིག་འབུམ་ཡོད་པའི་བར་དག་གོ། །རོ་དག་ཀྱང་གཅིག་ལ་གཅིག་མིག་འགྱུར་བར་བྱེད་པ། རྣ་བ་
འགྱུར་བར་བྱེད་པ། སོ་སྒྲ་ཙིག་ཙིག་བྱེད་པ། རང་གི་མཆུ་ལ་སོས་འདེབས་པ། གནོད་སྦྱིན་ལག་ན་མཚོན་ཆ་མི་འཐུན་པ་སྣ་ཚོགས་ཐོགས་ཤིང་ལངས་ནས་འཁོད་པར་གྱུར་པ་དག་གོ། །འཇིགས་པ་ཆེན་པོ་དང་འཇིགས་སུ་རུང་བའི་རྒྱུ་དེ་ལྟ་བུ་ཡང་མངོན་པར་སྤྲུལ་ནས་རྒྱལ་པོའི་གཞོན་
ནུ་དྲན་པ་རྙེད་ལ་སྨྲས་པ། རྒྱལ་པོའི་གཞོན་ནུ་འདི་དག་ནི་ཁྲག་གི་ཆུ་ཀླུང་འབབ་པ་དག་གོ། །འདི་དག་ནི་རུས་པའི་རི་ཆེན་པོ་བཞི་པོ་དག་གོ། །སྨྲས་པ། ཀྱེ་མི་མཐོང་ངོ་། །སྨྲས་པ། གཞོན་ནུ་དེ་དག་ནི་ཁོ་བོའི་ཡན་ལག་དང་ཉིང་ལག་བཅད་པ་དག་ལས་ཁྲག་གི་ཆུ་ཀླུང་མངོན་པར་
གྲུབ་པ་དག་གོ། །གཞོན་ནུ་ཁྱོད་ཀྱིས་མགོ་ཐོད་ཀྱི་རུས་པའི་རི་བཞི་པོ་རི་རབ་ཙམ་དེ་དག་མཐོང་ངམ། སྨྲས་པ། ཀྱེ་མི་མཐོང་ངོ་། །སྨྲས་པ། ཀྱེ་མི་ཁོ་བོ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་མགོ་ཐོད་བཅད་པ་དག་ནི་དེ་སྙེད་དོ། །ཀྱེ་མི་ཁྱོད་ཀྱིས་ལག་པ་རྡུམ་པོ། རྐང་པ་རྡུམ་
เล่ม ๔๘ · หน้า 149a
པོ། མིག་ཕྱུང་བ། ཡན་ལག་དང་ཉིང་ལག་རྣམ་པ་སྣ་ཚོགས་བཅད་པའི་རོ་དག་གི་རི་བཞི་པོ་དག་མཐོང་ངམ། སྨྲས་པ། མཐོང་ངོ་། །སྨྲས་པ། གཞོན་ནུ་དེ་དག་ནི་ཁོ་བོས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཡན་ལག་དང་ཉིང་ལག་དག་བཏང་
བའོ། །གཞོན་ནུ་ཁྱོད་ཀྱིས་ཕྱོགས་བཞིའི་གནོད་སྦྱིན་གྱི་སྡེ་དག་མཐོང་ངམ། སྨྲས་པ། ཀྱེ་མི་མཐོང་ངོ་། །སྨྲས་པ། གཞོན་ནུ་འཇིགས་པ་ཆེན་པོ་དང་། འཇིགས་སུ་རུང་བ་དེ་དག་ནི་གང་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་པ་དེའི་གཟི་བྱིན་འཕྲོག་པར་བྱེད་པ་དག་གོ། །དེ་དག་
ནི་གང་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་པ་དེའི་མགོ་སློང་བར་བྱེད་པ་ཡིན་པ་ནས་ཡན་ལག་དང་། ཉིང་ལག་དག་གི་བར་དུ་སློང་བར་བྱེད་པ་དག་གོ། །གཞོན་ནུ་གང་གི་ཚེ་སྔོན་ཁོ་བོས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེའི་ཚེ་དེ་དག་ནི་མགོ་བསླངས་ཤིང་བཅད་པ་དག་ཡིན་པ་ནས་ཡན་ལག་དང་
ཉིང་ལག་དག་གི་བར་དུ་བཅད་པ་དག་གོ། །དེ་ནས་བདུད་བརྗེད་ངས་ཀྱིས་ཡང་སྲིན་པོའི་སྡེ་མང་པོ་མངོན་པར་སྤྲུལ་ནས་ཡང་སྨྲས་པ། གཞོན་ནུ་ཁྱོད་ཀྱིས་སྲིན་པོའི་སྡེ་མང་པོ་དེ་མཐོང་ངམ། སྨྲས་པ། ཀྱེ་མི་མཐོང་ངོ་། །སྨྲས་པ། གཞོན་ནུ་དེ་དག་ནི་གང་དག་བྱང་ཆུབ་ཏུ་སེམས་སྐྱེད་
པར་བྱེད་པ་མངལ་ན་གནས་པ་དེ་དག་གི་གཟི་བྱིན་འཕྲོག་པར་བྱེད་པ་དག་གོ། །མངལ་ན་གནས་པ་ན་ཡང་བྱང་ཆུབ་སེམས་དཔའ་སྲོག་དང་བྲལ་བར་བྱེད་པ་དག་གོ། །གཞོན་ནུ་གང་དང་གང་གི་ཚེ་ཁོ་བོས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ཙམ་དུ་སྡུག་བསྔལ་དེ་དག་ལས་ཡོངས་སུ་གྲོལ་བར་མ་གྱུར་
ཏེ། དེ་ཙམ་དུ་དེ་དག་ཁོ་བོའི་ཕྱི་བཞིན་འབྲང་བར་བྱེད་དོ། །གཞོན་ནུ་དེ་ལྟ་བས་ན་ཁོ་བོས་སྡུག་བསྔལ་དེ་དག་མ་བཟོད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་སེམས་ཕྱིར་ལོག་གོ། །གང་གི་ཚེ་ཁོ་བོའི་སེམས་བྱང་ཆུབ་ལས་ཕྱིར་ལོག་པ་དེའི་ཚེ། ཁོ་བོ་སྡུག་བསྔལ་
དེ་དག་ལས་ཡོངས་སུ་གྲོལ་ཞིང་གནོད་པ་ཡང་མེད་པར་གྱུར་ཏོ། །གཞོན་ནུ་དེ་ལྟ་བས་ན་ཁོ་བོ་ནི་ཁྱོད་ལ་དོན་འདོད་པ། ཕན་པ་འདོད་པ། གྲུབ་པ་དང་། བདེ་བར་འདོད་པ་ཡིན་པས་གཞོན་ནུ་འདི་སྐད་དུ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་སྐྱེད་ཅིག །གཞོན་ནུ་ཁྱོད་
เล่ม ๔๘ · หน้า 149b
སྡུག་བསྔལ་དེ་ལྟ་བུ་ཐོབ་པར་མ་བྱེད་ཅིག །ཅེས་སྨྲའོ། །དེ་ནས་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་ཡོན་ཏན་རྒྱལ་པོའི་འོད་ཀྱི་ཐད་དུ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་ལ། མི་འདི་ཡང་
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བདག་གི་མོས་པ་ཟློག་པར་བྱེད་པ་ཡིན་ཏེ། མིའི་ཆ་བྱད་ཀྱིས་འདི་བདུད་ཡིན་པར་གྱུར་ཏམ། འདི་བདུད་ཀྱིས་བྱིན་གྱིས་བརླབས་པར་གྱུར་ན་ཡང་མི་རུང་། ཡང་ན་མི་འདི་བྱང་ཆུབ་སེམས་དཔའ་ཡིན་པར་གྱུར་ལ། དེ་ནས་དེས་
ལེ་ལོ་ཐོབ་ནས་བྱང་ཆུབ་ཀྱི་སེམས་ཕྱིར་བཟློག་པ་ཡིན་ཞིང་། གང་གི་ཕྱིར་མི་འདི་སྡུག་བསྔལ་དེ་ལྟ་བུ་དང་ཕྲད་ན་ཡན་ལག་དང་ཉིང་ལག་སློང་བར་བྱེད་པ་དག་ནས་སྲོག་དང་བྲལ་བར་བྱེད་པའི་བར་དག་གི་སློངས་མོ་པ་དེ་སྙེད་འོང་བ་ལས་ན་སྔོན་འདིས་ནི་སྡིག་པ་ཅན་གྱི་ལས་རྣམས་བྱས་
པར་གྱུར་པ་ཡིན་ཏེ། སློངས་མོ་པ་དེ་དག་ནི་བདག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཕན་འདོགས་པར་གྱུར་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དེ་དག་ནི་མི་ཤེས་པ་དང་ལྡན་ཞིང་ཡོངས་སུ་མི་ཤེས་པ་སྲུང་བ་ཅན་ཡིན་ཏེ། འདོད་ཆགས་ཀྱི་དབང་
དང་། ཞེ་སྡང་གི་དབང་དང་། གཏི་མུག་གི་དབང་དང་། ཕྲག་དོག་གི་དབང་དང་། ང་རྒྱལ་གྱི་དབང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་དུས་ལས་ཡོལ་བར་སློང་ཞིང་སློང་བར་བྱེད་པ་དག་སྟེ། གལ་ཏེ་སེམས་ཅན་དེ་དག་ལ་བདག་གིས་འཇིག་རྟེན་
པའི་ཡང་དག་པར་ཚིམ་པ་ནི་བྱ་ན། ཇི་ལྟར་ན་བདག་གིས་འཇིག་རྟེན་ལས་འདས་པའི་ཡང་དག་པར་ཚིམ་པར་བྱ། མི་འདི་ཡང་འདུན་པ་མེད་པས་ལེ་ལོ་དང་། བརྩོན་འགྲུས་ཞན་པ་དང་། ལྷག་པའི་བསམ་པ་མ་ཡིན་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་
ཕྱིར་ལོག་པ་ཡིན་ནོ། །ཀྱེ་མ་བདག་གིས་ཇེ་ཆེར་ཡང་དག་པའི་ལྟ་བ་ཅན་དུ་བྱའོ། །ཇེ་ཆེར་བརྩོན་འགྲུས་ཡང་དག་པར་བླངས་ཏེ་གནས་པར་བྱའོ། །གལ་ཏེ་བདག་གི་དབུགས་རྔུབ་པ་དང་། འབྱུང་བ་རེ་རེ་ལ་སྲོག་དང་འབྲལ་བར་གྱུར་ཀྱང་བདག་གིས་བླ་ན་མེད་པ་ཡང་དག་པར་
เล่ม ๔๘ · หน้า 150a
རྫོགས་པའི་བྱང་ཆུབ་ལས་སེམས་ཕྱིར་ལྡོག་པར་མི་བྱའོ། །བདག་གིས་སྲོག་དང་འབྲལ་བ་དེ་སྙེད་ཀྱང་བཟོད་པར་བྱའོ། །བདག་གིས་སངས་རྒྱས་ཀྱི་ཆོས་རྣམས་ནི་ཡོངས་སུ་བཏང་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གང་དག་བདག་སྲོག་དང་
བྲལ་བར་བྱེད་པ་དེ་ལ་བདག་གིས་སེམས་ཅན་འདི་དག་ནི་ཉོན་མོངས་པའི་དབང་གིས་བདག་ལ་གནོད་པར་བྱ་བའི་ཕྱིར་སྡིག་པ་ཅན་གྱི་ལས་རྣམས་མངོན་པར་འདུ་བྱེད་པ་ཡིན་པས་དེ་དག་ལ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་བསྒྲུབ་པའི་ཆེད་དུ་ཉོན་
མོངས་པ་སྤང་བར་བྱ་བའི་ཕྱིར་ཆོས་བསྟན་པར་བྱ་བ་དེ་ལྟ་བུའི་གོ་ཆ་བགོའོ་སྙམ་པའི་ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་དྲན་པ་རྙེད་ཀྱིས་བདུད་བརྗེད་ངས་ལ་སྨྲས་པ། ཀྱེ་མི་ཁྱོད་ཁོ་བོ་ལ་འདི་ལྟ་སྟེ་དོན་འདོད་པ་ཡིན། འདི་ལྟ་སྟེ་ཕན་པ་འདོད་པ་ཡིན། ཀྱེ་མི་ཁྱོད་ཁོ་བོ་ལ་འདི་ལྟ་སྟེ། གྲུབ་
པ་དང་བདེ་བར་འདོད་པ་ཡིན་ཏེ། ཁྱོད་ཀྱིས་གནས་དེ་ལྟ་བུ་དེ་དག་ཀུན་ཏུ་བསྟན་པ་ནི་ངོ་མཚར་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་མི་ཁོ་བོས་དེ་མཐོང་ནས་ཤས་ཆེར་ཆེས་སྟོབས་དང་ལྡན་པའི་གོ་ཆ་བགོས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལྷག་པའི་བསམ་
པ་བསྐྱེད་པའི་ཕྱིར་རོ། །དེ་ནས་བདུད་བརྗེད་ངས་འདི་སྙམ་དུ་སེམས་ཏེ། བདག་གིས་ཇི་ལྟ་ཇི་ལྟར་འཇིགས་པ་དང་། འཇིགས་སུ་རུང་བའི་གཟུགས་དག་བསྟན་པ་དེ་ལྟ་དེ་ལྟར་དེ་ཇེ་ཆེར་བརྟན་པའི་གོ་ཆ་གྱོན་པར་བྱེད་དོ་སྙམ་མོ། དེ་ནས་བདུད་བརྗེད་ངས་ཀྱིས་རྒྱལ་པོའི་གཞོན་ནུ་
དྲན་པ་རྙེད་ལ་སྨྲས་པ། ཀྱེ་སྐྱེས་བུ་གལ་ཏེ་ཁྱོད་ཁོ་བོའི་ཚིག་བཞིན་དུ་མི་བྱེད་ན་རང་ཉིད་ཀྱིས་ཤེས་པར་གྱུར་ཏེ། འདི་ལྟར་ཁོ་བོ་ནི་ས་ཕྱོགས་འདི་ནས་འགྲོ་བར་བྱའོ། །བདུད་བརྗེད་ངས་ཀྱིས་ཚིག་དེ་སྨྲས་པའི་འོག་ཏུ་དེ་ནས་དེ་ཉིད་ཀྱི་ཚེ་བདུད་ཀྱིས་སྤྲུལ་པའི་གནོད་སྦྱིན་དེ་དག་གིས་ཚིག་སྨྲས་
པ། སྐྱེས་བུ་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་འདི་ཁྱོད་ཀྱིས་བསྒོ་བ་བཞིན་དུ་མི་བྱེད་ན། ཁྱོད་ས་ཕྱོགས་འདི་ནས་སོང་ཤིག་དང་ཁོ་བོ་ཅག་བཀྲེས་པའང་ཡིན། སྐོམ་པའང་ཡིན་པས་རྒྱལ་པོའི་གཞོན་ནུ་འདིའི་གཟི་བརྗིད་འཕྲོག་པར་བྱའོ། །གཞན་དག་གིས་ཀྱང་སྨྲས་པ། ཀྱེ་སྐྱེས་
เล่ม ๔๘ · หน้า 150b
བུ་ཁྱོད་སོང་ཤིག་དང་ཁོ་བོ་ཅག་གིས་རྒྱལ་པོའི་གཞོན་ནུ་འདི་སྐད་ཅིག་ཏུ་ཐལ་བར་བརླག་པར་བྱའོ། །གཞན་དག་གིས་ཀྱང་སྨྲས་པ། ཁོ་བོ་ཅག་གིས་རྒྱལ་པོའི་གཞོན་ནུ་འདིའི་མགོ་བསླང་བར་བྱའོ། །གཞན་དག་གིས་ཀྱང་སྨྲས་པ། ཀྱེ་སྐྱེས་བུ་ཁྱོད་སོང་ཤིག་དང་འདི་ནི་ཡུན་རིང་དུ་
གནས་པ་མ་ཡིན་ཏེ། འདིའི་སྲོག་གཞན་ཅི་ཡང་མེད་པར་འགྱུར་བས། འདིས་དོན་འདོད་པ། ཕན་པ་འདོད་པ། ཁྱོད་ཀྱི་ཚིག་བཞིན་དུ་བྱས་སམ་དད་པས་ཅི་ཞིག་བྱ། གང་འདི་ཁྱོད་ཀྱིས་བསྒོ་བ་བཞིན་དུ་མི་བྱེད་པས་འདི་མངལ་དུ་ཞུགས་ན་ཡང་གཟི་བྱིན་དོར་བར་བྱའོ། །ཤ་བཟའ་
བར་བྱའོ། །ཁྲག་ཀྱང་བཏུང་བར་བྱའོ། །གཞན་དག་གིས་ཀྱང་ཚིག་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་འདི་རྩ་འཇིངས་མ་རྙེད་པ་ཡིན་གྱིས། རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་རྡེགས་ཤིག་རྡེགས་ཤིག །རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ཆོད་ཅིག་ཆོད་ཅིག་
སོད་ཅིག །དེ་ནས་བདུད་བརྗེད་ངས་ཀྱིས་དེ་དག་ལ་སྨྲས་པ། དེ་ལྟར་མ་བྱེད་པར་ཡང་ཁྱེད་ཅག་སྡོད་ཅིག་དང་། ཁོ་བོས་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་སྡིག་པ་ཅན་གྱི་ལྟ་བ་འདི་ལས་བཟློག་པ་དང་འདི་ཁོ་བོའི་ཚིག་བཞིན་དུ་བྱེད་པར་འགྱུར་རོ། །ཁོ་བོ་ནི་ཡུན་རིང་པོ་ནས་དེའི་མཛའ་
བཤེས་སུ་གྱུར་པ་ཡིན། ལྷན་ཅིག་སྐྱེས་པར་གྱུར་པ་ཡིན་ཏེ། ཇི་སྲིད་དུ་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ཀྱི་ལྷག་པའི་བསམ་པ་རྣམ་པར་ཤེས་པར་གྱུར་པ་དེ་སྲིད་དུ་ཡུད་ཙམ་ཞིག་བཤོལ་བར་གྱིས་ཤིག །ཁོ་བོ་ལ་ཡང་བྱས་པ་གཟོ་བ་ཉིད་རྗེས་སུ་སྲུངས་ཤིག །གལ་ཏེ་རྒྱལ་
པོའི་གཞོན་ནུ་དྲན་པ་རྙེད་སྡིག་པ་ཅན་གྱི་ལྟ་བ་དེ་མི་འདོར་བ་ལྟ་ན་དེའི་འོག་ཏུ་ཁྱེད་ཅག་གིས་ཅི་དགར་བྱ་བ་ཡིན་ནོ། །གལ་ཏེ་སྡིག་པ་ཅན་གྱི་ལྟ་བ་དེ་ལས་བཟློག་པར་ནུས་པ་ལྟ་ན། དེའི་ཕྱིར་ཁྱེད་ཅག་གིས་བྱས་པ་གཟོ་བ་ཉིད་གཟུང་བར་བྱ་སྟེ། གཞོན་ནུ་འདི་ཡང་བྱས་པ་གཟོ་བ་ཉིད་
འཛིན་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་བདུད་བརྗེད་ངས་ཀྱིས་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ལ་ལན་གཉིས་སུ་ཡང་འདི་སྐད་ཅེས་སྨྲས་སོ། །ཀྱེ་གཞོན་ནུ་སྙིང་བརྩེ་བར་བྱེད་པ་ཕན་པར་བྱེད་པ་ཁོ་བོའི་ཚིག་བཞིན་དུ་བྱོས་ཤིག་དང་ཇི་སྲིད་འཚོའི་བར་ཁྱོད་ཀྱི་མཛའ་བཤེས་སུ་འགྱུར་རོ། །
เล่ม ๔๘ · หน้า 151a
གཞོན་ནུ་སྡིག་པ་ཅན་གྱི་ལྟ་བར་གྱུར་པ་འདིས་ཁྱོད་ལ་ཅི་ཞིག་བྱ། གཞོན་ནུ་ཁྱོད་ཀྱིས་ལྟ་བ་ད་ཐོང་ཤིག །གཞོན་ནུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་རྙེད་པར་དཀའ་བའོ། །གཞོན་ནུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་མཆོག་ཏུ་རྙེད་པར་
དཀའ་བའོ། །གཞོན་ནུ་ཡང་ཁྱོད་བྱང་ཆུབ་སེམས་དཔའ་རྣམས་འགྲོ་བ་གང་དུ་སྐྱེ་བར་འགྱུར་བའི་གནས་གཞན་དག་ཀྱང་ལྟ་བར་འདོད་དམ། སྨྲས་པ། ཀྱེ་མི་ལྟ་བར་འདོད་དོ། །དེ་ནས་བདུད་བརྗེད་ངས་ཀྱིས་ས་ཕྱོགས་དེར་སེམས་ཅན་དམྱལ་བ་ཆེན་པོ་དག་མངོན་པར་སྤྲུལ་ཏེ། སྤྲུལ་
ནས་ཀྱང་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ལ་སྨྲས་པ། གཞོན་ནུ་ཁྱོད་ཀྱིས་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ན་གནོད་པ་རྣམ་པ་དུ་མ་ཉམས་སུ་མྱོང་བ། ཚོར་བ་རྣམ་པ་དུ་མ་ཉམས་སུ་མྱོང་བའི་སེམས་ཅན་དེ་དག་མཐོང་ངམ། སྨྲས་པ། ཀྱེ་མི་མཐོང་ངོ་། །སྨྲས་པ། གཞོན་ནུ་དེ་
དག་གིས་ནི་སྔོན་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏེ། དེ་དག་ནི་སློངས་མོ་པ་རྣམས་ཀྱིས་གནོད་པར་གྱུར་ནས་སེར་སྣའི་སེམས་སུ་བྱས། གནོད་སེམས་སུ་བྱས་པས་སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་སྐྱེས་པ་ཡིན་ནོ། །གཞོན་ནུ་དེ་ལྟར་ལྷག་པར་སློང་བ་དག་ལ་སྦྱིན་པར་བྱེད་པ་
དག་གི་འགྲོ་བ་ནི་འདི་ཡིན་ཏེ། གནོད་སེམས་སྐྱེའོ། །དེ་དག་གནོད་སེམས་ལ་རབ་ཏུ་གནས་པས་འགྲོ་བ་དེ་ལྟ་བུ་དེ་དག་ཏུ་སྐྱེས་སོ། །གཞོན་ནུ་གང་ཡང་ཁྱོད་སྦྱིན་པའི་སེམས་ཀྱི་གནོད་སེམས་སུ་མི་བྱེད་ན་དེའི་ཚེ་སྐྱེ་བ་ཕྱིར་ལོག་སྟེ། མངལ་ན་གནས་པའི་ཚེ་ཡང་གནོད་སྦྱིན་འདི་
དག་གིས་གཟི་བྱིན་འཕྲོག་པར་བྱེད་དོ། །བཙས་ནས་ཀྱང་ཡན་ལག་དང་ཉིང་ལག་དག་བཅད་ནས་ཁྱེར་ཏེ་འདོང་བར་བྱེད་དོ། །གཞོན་ནུ་གལ་ཏེ་ཡིད་མི་ཆེས་ན་དྲིས་ཤིག །དེ་ནས་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ཀྱིས་སེམས་ཅན་དམྱལ་བ་དེ་དག་ལ་སྨྲས་པ། རིགས་ཀྱི་བུ་དག་ཅིའི་
ཕྱིར་ཁྱོད་ཅག་སེམས་ཅན་དམྱལ་བ་ཆེན་པོ་འདི་དག་ཏུ་སྐྱེས། དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །གཞོན་ནུ་བདག་ཅག་གིས་སྔོན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། བདག་ཅག་ནི་སློངས་མོ་པ་རྣམས་ཀྱིས་བསླངས་པ་ན་ཀུན་དུ་གདུངས་ཤིང་རབ་ཏུ་
เล่ม ๔๘ · หน้า 151b
གདུངས་ནས་སེར་སྣ་ཅན་དག་ཏུ་གྱུར་ཏེ། བདག་ཅག་ནི་སེམས་ཅན་དམྱལ་བ་ཆེན་པོ་འདི་དག་ཏུ་སྐྱེས་སོ། །གཞན་དག་གིས་ཀྱང་འདི་སྐད་ཅེས་སྨྲས་སོ། །གཞོན་ནུ་བདག་ཅག་ནི་སྔོན་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏེ། དེས་ན་བདག་ཅག་སློངས་མོ་པ་རྣམས་ཀྱིས་ཡན་ལག་
དང་ཉིང་ལག་དག་བསླངས་པ་ན་ཞེ་སྡང་གི་སེམས་བསྐྱེད་པས་སེམས་ཅན་དམྱལ་བ་དེ་དག་ཏུ་སྐྱེས་སོ། །གཞོན་ནུ་དེ་ལྟ་བས་ན་མི་འདིས་ཁྱོད་ལ་བསྒོ་བ་བཞིན་དུ་དེ་གྱིས་ཤིག །འདིར་སྐྱེས་ནས་ཕྱིས་འགྱོད་པར་གྱུར་ན་ནི་མི་རུང་ངོ་། །དེ་ནས་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ཀྱིས་བདུད་
བརྗེད་ངས་དེ་ལ་སྨྲས་པ། ཀྱེ་མི་འདི་ལྟ་སྟེ། ཁྱོད་ཁོ་བོ་ལ་དོན་འདོད་པ་དང་། ཕན་པ་འདོད་པ་དང་། གྲུབ་པ་དང་། བདེ་བར་འདོད་པ་དང་། ཁྱོད་ཀྱིས་ཁོ་བོ་ལ་སེམས་ཅན་དམྱལ་བ་ཆེན་པོ་དག་བསྟན་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་
དེ་དག་ཀུན་དུ་བསྟན་པ་ནི་ངོ་མཚར་ཏོ། །ཀྱེ་མི་དེས་ན་ཁོ་བོས་འདི་ཕྱིན་ཆད་སེམས་ཅན་སློངས་མོ་པ་གང་ཞིག་དངོས་པོ་གང་ལ་མངོན་པར་བརྩོན་པ་ལ་འཁྲུག་པར་མི་བྱའོ། །ཁོ་བོས་དངོས་པོ་ཐམས་ཅད་སྦྱིན་པ་ཁོ་ནར་བྱའོ། །ཁྲོ་བའི་སེམས་བསྐྱེད་པར་མི་བྱའོ། །གནོད་སེམས་སུ་
མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བ་འདི་ནི་སྦྱིན་པའི་འབྲས་བུ་མ་ཡིན་ཞིང་། འདི་ནི་སེར་སྣའི་འབྲས་བུ་ཡིན་པའི་ཕྱིར་རོ། །ཀྱེ་མི་ཡང་ཚུར་ཤོག་གཉི་ག་འགྲོགས་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་
ཡོན་ཏན་རྒྱལ་པོའི་འོད་ག་ལ་བ་དེར་འདོང་བར་བྱའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཡང་བསྙེན་བཀུར་བྱ་ཡོངས་སུ་ཞུ་བར་བྱ་སྟེ། དེས་ཇི་སྐད་གསུངས་པ་དེ་བཞིན་དུ་གཟུང་བར་བྱའོ། །དེ་ནས་བདུད་བརྗེད་ངས་ཀྱིས་རྒྱལ་པོའི་གཞོན་ནུ་དྲན་
པ་རྙེད་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བཅོམ་ལྡན་འདས་དེའི་ཐད་དུ་སོང་བས་ཁྱོད་ལ་ཅི་ཞིག་བྱ། གཞོན་ནུ་ཁྱོད་སོང་ཤིག །ཁོ་བོ་ནི་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། དེར་ཁོ་བོ་སོང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན་མི་རུང་བའི་ཕྱིར་རོ། །དེ་
เล่ม ๔๘ · หน้า 152a
ནས་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ཀྱིས་བདུད་བརྗེད་ངས་ལ་སྨྲས་པ། ཀྱེ་མི་གལ་ཏེ་ཁྱོད་ཁོ་བོ་ལ་ཕན་པར་འདོད་པ་དང་། གྲུབ་པ་དང་བདེ་བར་འདོད་པ་ཡིན་ན། དེའི་ཕྱིར་ཚུར་ཤོག་བཅོམ་ལྡན་འདས་དེའི་ཐད་དུ་འདོང་བར་བྱའོ། །འདི་ལྟ་སྟེ། བཅོམ་ལྡན་འདས་
དེས་གསུངས་པ་དེ་བཞིན་དུ་གཟུང་བར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་སྨྲས་སོ། །བདུད་ཀྱིས་སྨྲས་པ། གཞོན་ནུ་ཆོག་གོ། །དེས་བསྒོ་བ་མང་མོ་ཞིག་ཁོ་བོས་རྫོགས་པར་བྱས་ཏེ། དེ་ཁོ་ནའི་རྒྱུས་ཁོ་བོ་སྡུག་བསྔལ་ཆེན་པོ་ཐོབ་པར་གྱུར་པས་དེས་བསྒོ་བ་བཞིན་ཁོ་བོ་མི་བྱེད་དོ། །
དེ་ནས་རྒྱལ་པོའི་གཞོན་ནུ་དེས་བདུད་བརྗེད་ངས་ཀྱི་ལག་པ་ནས་བཟུང་ནས་ཚུར་དྲངས་ཏེ་ཚུར་ཤོག་བཅོམ་ལྡན་འདས་དེ་ག་ལ་བ་དེར་འདོང་བར་བྱའོ། །དེས་སྨྲས་པ། གཞོན་ནུ་ཁྱོད་གདུལ་བྱ་མ་ཡིན་གྱིས་སོང་ཤིག །སྡུག་བསྔལ་གྱི་ཕུང་པོ་དེ་དག་ནི་ཁྱོད་ཀྱིས་ཉམས་སུ་མྱོང་བར་བྱ་བ་ཡིན་
ནོ། །དེ་ནས་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་བཅོམ་ལྡན་འདས་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་དེ་ལ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཀྱང་ལམ་ཀར་བདུད་དེ་དང་གཏམ་ཇི་སྙེད་བྱས་པ་དེ་ཐམས་ཅད་བཅོམ་ལྡན་འདས་ལ་གསོལ་ཏོ། །
དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོན་ཏན་རྒྱལ་པོའི་འོད་དེས་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཞོན་ནུ་ལེགས་སོ་ལེགས་སོ། །བདུད་བརྗེད་ངས་ཞེས་བྱ་བ་དེ་ཁྱོད་ཀྱི་མིག་གིས་མི་རྩོལ་བར་བྱ་བའི་ཕྱིར་དང་། མོས་པ་
བཟློག་པར་བྱ་བའི་ཕྱིར་འོངས་པ་ཡིན་ནོ། །དེ་ནས་རྒྱལ་པོའི་གཞོན་ནུ་དེ་བདུད་དེ་ག་ལ་བ་དེར་སོང་ནས་སྨྲས་པ། བདུད་ཁྱོད་ཚུར་ཤོག །བཅོམ་ལྡན་འདས་ལ་སྐྱབས་སུ་སོང་ཤིག །ཆོས་ལ་སྐྱབས་སུ་སོང་ཤིག །དགེ་འདུན་ལ་སྐྱབས་སུ་སོང་ཤིག །དེ་ནས་བདུད་བརྗེད་ངས་ཀྱིས་རྒྱལ་
པོའི་གཞོན་ནུ་དྲན་པ་རྙེད་ལ་སྨྲས་པ། གཞོན་ནུ་ཆོག་གོ། །ཁོ་བོ་སངས་རྒྱས་ལ་སྐྱབས་སུ་མི་འགྲོའོ། །ཆོས་ལ་སྐྱབས་སུ་མི་འགྲོའོ། །དགེ་འདུན་ལ་སྐྱབས་སུ་མི་འགྲོའོ་ཞེས་དེ་སྐད་སྨྲས་ནས་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ཀྱིས་བདུད་བརྗེད་ངས་ལ་
เล่ม ๔๘ · หน้า 152b
བདེན་པའི་བྱིན་གྱི་རླབས་ཀྱིས་རྣམ་པར་བལྟས་སོ། །རྣམ་པར་བལྟས་ནས་དེ་མ་ཐག་ཏུ་དེ་ནས་ཡང་བདུད་བརྗེད་ངས་ཀྱིས་བདག་ཉིད་ཀྱི་སྐྲ་ཞག་བདུན་དུ་བྲེགས་པ་དང་། བདག་ཉིད་གོས་ངུར་སྨྲིག་ཕྲ་ཞིང་འཇམ་པ་གྱོན་པ་མཐོང་ཞིང་། འཁར་གསིལ་དང་། ལྷུང་བཟེད་ཐོགས་པར་
མཐོང་ངོ་། །དེ་ནས་བདུད་བརྗེད་ངས་ཀྱིས་བདག་ཉིད་རབ་ཏུ་བྱུང་ཞིང་། ཆོས་གོས་དང་ལྷུང་བཟེད་དང་འཁར་གསིལ་ཐོགས་པར་རིག་ནས་དེ་བཞིན་གཤེགས་པ་ཡོན་ཏན་རྒྱལ་པོའི་འོད་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སུ་སངས་རྒྱས་ལ་སྐྱབས་སུ་མི་མཆི། ཆོས་
ལ་སྐྱབས་སུ་མི་མཆི། དགེ་འདུན་ལ་སྐྱབས་སུ་མི་མཆི་བ་དེས་ཆོས་ཉིད་དེ་ཀུན་དུ་འཚལ་ལགས་སོ། །བཅོམ་ལྡན་འདས་དེས་བཀའ་སྩལ་པ། བརྗེད་ངས་སུས་ཁྱོད་ཀྱི་སྐྲ་དག་བྲེགས། གོས་ངུར་སྨྲིག་དག་བྱིན། ལྷུང་བཟེད་དང་འཁར་གསིལ་དག་བྱིན། དེ་འདི་སྙམ་དུ་སེམས་
ཏེ། བདག་འོངས་ནས་སུས་ཀྱང་མགོ་བྲེགས་པ་མེད་དོ། །གོས་ངུར་སྨྲིག་དག་དང་ལྷུང་བཟེད་དང་འཁར་གསིལ་དག་བྱིན་པ་ཡང་མེད་དོ། །བདག་གིས་ཕྱོགས་གཅིག་ཏུ་བོར་ཏེ་འགྲོ་བར་བྱའོ་སྙམ་ནས་དེར་དོར་བར་འདོད་ན་ཡང་མ་ནུས་སོ། །དེ་འདི་སྙམ་དུ་སེམས་ཏེ། ཇི་
སྲིད་དུ་བདག་འཁོར་དེར་འདུག་པ་དེ་སྲིད་དུ་འཁོར་དེ་བདག་ལ་འཕྱ་བར་འགྱུར་ཞིང་བདག་ཀྱང་ངོ་ཚ་བར་འགྱུར་ཏེ། བདག་འདི་ནས་མི་སྣང་བར་བྱ་ཞིང་རང་གི་གནས་སུ་འགྲོ་བར་བྱའོ་སྙམ་ནས། དེ་ནས་བདུད་བརྗེད་ངས་འཁོར་དེ་ནས་མི་སྣང་བར་གྱུར་ཅིང་རང་གི་གནས་སུ་ཡང་སོང་ངོ་། །ཤ་
ར་དྭ་ཏིའི་བུ་དེ་ནས་བདུད་ཀྱི་རིས་ཀྱི་ལྷ་མོ་དེ་དག་གིས་རབ་ཏུ་བྱུང་བ་དེ་མཐོང་ནས་འབྲོས་ཤིང་སྨྲས་པ། མགོ་བྲེགས་ཤིང་ཆོས་གོས་འཆང་བ་འདི་ལྟ་བུ་འདི་སུ་ཡིན་ཏེ། སྔོན་མ་བྱུང་བའི་མཚན་མ་འདི་ལྟ་བུ་སྣང་བས་བདག་ཅག་མི་རྟག་པ་ཉིད་དུ་གྱུར་ན་མི་རུང་ངོ་། །དེས་རང་གི་འཁོར་ན་འདུག་
པའི་སླས་དེ་ལ་སྨྲས་པ། བཟོད་ལྡན་དག་ཁོ་བོ་དགེ་སློང་མ་ཡིན་ཏེ། ཁོ་བོ་ནི་བདུད་བརྗེད་ངས་ཡིན་ནོ། །མིག་གིས་མི་རྩོལ་བར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཡོན་ཏན་རྒྱལ་པོའི་འོད་དེའི་ཐད་དུ་སོང་ནས་བཅོམ་ལྡན་འདས་དེས་ཁོ་བོ་འདི་ལྟར་མི་སྡུག་པར་བསྒྱུར་ཏོ། །ཤ་ར་དྭ་ཏིའི་བུ་དེ་ནས་
เล่ม ๔๘ · หน้า 153a
བདུད་ཀྱི་རིས་ཀྱི་ལྷ་མོ་དེ་དག་གིས་སྨྲས་པ། གོས་ངུར་སྨྲིག་གྱོན་པ་ནི་བླུན་པོ་ཡིན་ན། ཁྱོད་ཅིའི་ཕྱིར་འདི་སྐད་དུ་མི་འཐུན་པར་སྨྲ། ཁྱོད་ནི་བདུད་ཀྱི་གནས་འདི་ལས་ཉམས་སོ། །འདིར་ནི་བདུད་གཞན་ཞིག་སྐྱེས་སོ། །ཤ་ར་དྭ་ཏིའི་བུ་དེ་ནས་བདུད་བརྗེད་ངས་ཀྱིས་ཚིག་
དེ་ཐོས་ནས་སྡུག་བསྔལ་ཞིང་ཡིད་མི་བདེ་བར་གྱུར་ཏེ། འགྱོད་པ་དང་བཅས་པས་ཉམ་ཐག་པའི་སྐད་ཕྱུང་ངོ་། །དེ་ཡང་དེ་བཞིན་གཤེགས་པ་ཡོན་ཏན་རྒྱལ་པོའི་འོད་ག་ལ་བ་དེར་སོང་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་
ཡོན་ཏན་རྒྱལ་པོའི་འོད་ཀྱིས་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་མཛད་པས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ཀུན་ཏུ་སྟོན་པ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་མཛད་དོ། །དེ་ནས་དེ་ན་ཡོད་པའི་སེམས་ཅན་དམྱལ་བའི་སྲུངས་མ་རྣམས་ཀུན་ཏུ་འབར་བ་རབ་
ཏུ་འབར་བ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་བ། ཀུན་ནས་འབར་བར་གྱུར་པ། རི་རབ་ཙམ་གྱི་ལྕགས་ཀྱི་ཐུ་ལུམ་དག་ཐོགས་ཤིང་འཁར་བའི་ཐུ་ལུམ་དག་ཐོགས་ནས་རྒྱུག་ཅིང་རྗེས་སུ་དོང་ངོ་། །འདི་སྐད་ཅེས་ཀྱང་སྨྲས་སོ། །བདུད་བརྗེད་ངས་ད་གར་སོང་། སེམས་ཅན་དམྱལ་བའི་
སྲུངས་མ་གཞན་དག་གིས་ཀྱང་སྨྲས་པ། དེས་ཅི་ཞིག་བྱ། དེ་དག་གིས་སྨྲས་པ། དེའི་ཁར་ལྕགས་ཀྱི་ཐུ་ལུམ་ཀུན་ཏུ་འབར་བ། རབ་ཏུ་འབར་བ། ཀུན་དུ་རབ་ཏུ་མཆེད་ཅིང་འབར་བ། ཀུན་ནས་འབར་བར་གྱུར་པ་དེ་དག་གཞུག་པར་བྱའོ། །གཞན་དག་གིས་ཀྱང་སྨྲས་པ།
གྲོགས་པོ་དག་དེ་ནི་རབ་ཏུ་བྱུང་བ་ཡིན། དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་དག་ལས་གྲོལ་བ་ཡིན་གྱིས་མ་བྱེད་ཅིག །དེ་ན་ཡོད་པའི་སེམས་ཅན་དམྱལ་བའི་སྲུངས་མ་གཞན་དག་ནི་ཀུན་ཏུ་འབར་བ། རབ་ཏུ་འབར་བ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་བ། ཀུན་ནས་རབ་ཏུ་འབར་བར་
གྱུར་པའི་རི་དག་ཐོགས་ནས་རྒྱུག་ཅིང་དོང་ངོ་། །འདི་སྐད་ཅེས་ཀྱང་སྨྲས་སོ། །བདུད་བརྗེད་ངས་དགར་སོང་། དེ་ནས་གཞན་དག་གིས་ཀྱང་སྨྲས་པ། དེས་ཅི་ཞིག་བྱ། དེ་དག་གིས་སྨྲས་པ། མེའི་རི་ཆེན་པོ་དེ་དག་གིས་ཐལ་བར་བརླག་པར་བྱའོ། །དེར་གཞན་དག་གིས་
เล่ม ๔๘ · หน้า 153b
སྨྲས་པ། གྲོགས་པོ་དག་དེ་ནི་རབ་ཏུ་བྱུང་བ་ཡིན། དེ་ནི་སེམས་ཅན་དམྱལ་བ་ཆེན་པོའི་འཇིགས་པ་དག་ལས་གྲོལ་བ་ཡིན་གྱིས་མ་བྱེད་ཅིག །དེ་ནས་གཞན་དག་ཀྱང་སྤུ་གྲིའི་སོ་ལྟ་བུའི་གྲི་དག་ཐོགས་ནས་རྗེས་སུ་རྒྱུག་ཅིང་དོང་ངོ་། །འདི་སྐད་ཅེས་ཀྱང་སྨྲས་སོ། །བདུད་
བརྗེད་ངས་ད་གར་སོང་། དེ་ནས་གཞན་དག་གིས་སྨྲས་པ། དེས་ཅི་ཞིག་བྱ། དེ་དག་གིས་སྨྲས་པ། འདི་དག་གིས་དེའི་ལུས་ཤ་མེད་པར་བྱའོ། །དེ་ནས་གཞན་དག་གིས་སྨྲས་པ། གྲོགས་པོ་དག་དེ་ནི་རབ་ཏུ་བྱུང་བ་ཡིན། ཞི་བ་ཡིན། དུལ་བ་ཡིན་ཏེ། དེ་ནི་སེམས་ཅན་
དམྱལ་བའི་འཇིགས་པ་དག་ལས་གྲོལ་བར་གྱུར་ཏོ། །དེ་ནས་གཞན་དག་ཀྱང་ཟངས་བསྐོལ་བའི་བུམ་པ་དག་ཕྲག་པར་ཐོགས་ནས་ཕྱོགས་བཞིར་རྒྱུག་ཅིང་དོང་ངོ་། །འདི་སྐད་ཅེས་ཀྱང་སྨྲས་སོ། །བདུད་བརྗེད་ངས་ད་གར་སོང་། དེ་ནས་གཞན་ཞིག་གིས་སྨྲས་པ། དེས་ཅི་
ཞིག་བྱ། དེ་དག་གིས་སྨྲས་པ། འདི་ལ་ཁའི་སྒོར་ཟངས་ཀུན་ཏུ་བསྐོལ་བའི་བུམ་པ་དག་བླུགས་པར་བྱ་སྟེ། དེ་དག་གིས་འདིའི་མཆུ་དག་ཚིག་པར་བྱེད་དོ། །རྐན་ཚིག་པར་བྱེད་དོ། །སྙིང་ཚིག་པར་བྱེད་དོ། །རྒྱུ་མ་དག་དང་། མཉེ་མ་དག་དང་། ལྟོ་ཚིག་པར་བྱེད་
དོ། །གཞང་ཚིག་པར་བྱེད་དོ། །དེའི་འོག་གི་ཆར་ཡང་འབྱུང་བར་བྱེད་དོ། །དེ་དག་གིས་སྨྲས་པ། གྲོགས་པོ་དག་དེ་ནི་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བ་ཡིན། དེ་ནི་སེམས་ཅན་དམྱལ་བའི་སྡུག་བསྔལ་དག་ལས་གྲོལ་བ་ཡིན་ནོ། །དེ་ནས་སེམས་ཅན་དམྱལ་བའི་
སྲུངས་མ་གཞན་དག་ཀྱང་ལག་ན་མཚོན་ཆ་མི་འཐུན་པ་རྣམ་པ་སྣ་ཚོགས་ཐོགས་པ་དག་ཀུན་ཏུ་རྒྱུག་སྟེ། འདི་ལྟ་སྟེ། ལག་ན་མདུང་ཐུང་དང་། མདའ་བོ་ཆེ་དང་། མཚོན་ཆ་རྩེ་གཅིག་པ་དང་། ལྕགས་མདའ་དང་། སྟེའུ་ཁ་ཉ་རྔ་དང་། གཏུན་དང་། རལ་གྲི་དང་། དགྲ་སྟ་དང་། མདུང་
དང་། དབྱུག་པ་ཐོགས་པ་དག་རྗེས་སུ་རྒྱུག་ཅིང་དོང་ལ་འདི་སྐད་ཅེས་ཀྱང་འཛེར་ཏེ། ཧི་ཧི་དང་། ཧ་ཧ་དགོད་པ་དང་། ཤུགས་འབྱིན་པ་དང་། ཆོ་ངེས་འདེབས་པ་དང་། རྔ་པ་ཊ་ཧའི་སྒྲ་དང་། རྣམ་པར་སྐྲག་པར་བྱེད་པ་ལ་མཁས་པ། སོ་དག་གིས་འོག་ཏུ་འདེབས་པར་བྱེད། ལག་པ་
เล่ม ๔๘ · หน้า 154a
དག་སྒྱུར་བར་བྱེད། མགོ་དག་གཅོད་པར་བྱེད། སྨིན་གཉེར་གྱིས་བཞིན་འཕུལ་བར་བྱེད་ཅིང་འདི་སྐད་ཅེས་ཀྱང་འཛེར་ཏེ། ཟུང་ཤིག་ཟུང་ཤིག །རྒྱོབ་ཤིག་རྒྱོབ་ཤིག །ཆོད་ཅིག་ཆོད་ཅིག །སོད་ཅིག་སོད་ཅིག །ཡང་སྨྲས་པ། བདུད་བརྗེད་ངས་ད་གར་སོང་།
དེ་ནས་གཞན་དག་གིས་སྨྲས་པ། དེས་ཅི་ཞིག་བྱ། དེ་དག་གིས་སྨྲས་པ། དགྲའི་ཁྲག་གིས་གཅིག་ཏུ་བསྐུས་པའི་མཚོན་ཆ་དག་གིས་དེའི་ལུས་གཅད་པར་བྱའོ། །རྣམ་པར་གཞིག་པར་བྱའོ། །དུམ་བུར་བརླག་པར་བྱའོ། །ཐལ་བར་བརླག་པར་བྱའོ། །ཁོ་བོ་ཅག་ནི་དེའི་
གཤིན་རྗེའི་ཕོ་ཉ་ཡིན་ནོ། །དེ་ནས་གཞན་དག་གིས་སྨྲས་པ། གྲོགས་པོ་དེ་ནི་རབ་ཏུ་བྱུང་བ་ཡིན། དེ་ནི་སེམས་ཅན་དམྱལ་བའི་འཇིགས་པ་དག་ལས་གྲོལ་བ་ཡིན་གྱིས་ཐབ་མོ་མ་བྱེད་ཅིག །བདུད་བརྗེད་ངས་ཀྱིས་བདག་ཉིད་ལ་མཐོ་འཚམ་པ་དེ་ཐོས་ཏེ། བདག་གནས་དེ་ལས་
ཉམས་པ་འདི་ནི་བདེན་ནོ། །བདག་གིས་ཀྱང་རབ་ཏུ་འབྱུང་བ་བླངས་ཏེ། རབ་ཏུ་འབྱུང་བ་དེ་ཡང་དོན་ཆེན་པོ་དང་ལྡན་པ་ཡིན་ནོ། །སེམས་ཅན་དམྱལ་བའི་སྲུངས་མ་རྣམས་བདག་གི་རྗེས་སུ་འབྲང་ཡང་བདག་ལ་དུམ་བུར་རླག་པར་མ་ནུས་སོ། །གལ་ཏེ་དེ་བཞིན་གཤེགས་པ་ཡོན་ཏན་
རྒྱལ་པོའི་འོད་ཀྱིས་བདག་རབ་ཏུ་ཕྱུང་ན་བདག་ལྷག་པའི་བསམ་པས་རབ་ཏུ་འབྱུང་བར་བྱའོ། །སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ལས་ཀྱང་ཡོངས་སུ་གྲོལ་བར་བྱའོ་སྙམ་སྟེ། དེ་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ག་ལ་བ་དེར་སོང་ནས་དོན་དེ་སྨྲས་ཏེ། གཞོན་ནུ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་
ཁོ་བོ་ལྷག་པའི་བསམ་པས་རབ་ཏུ་འབྱུང་བར་འདོད་དོ། །ཤ་ར་དྭ་ཏིའི་བུ་དེ་ནས་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ཀྱིས་བདུད་བརྗེད་ངས་ལ་འདི་སྐད་ཅེས་སྨྲས་སོ། །སུ་ཞིག་ཁྱོད་ལ་རབ་ཏུ་འབྱུང་བ་སྦྱིན་པར་བྱེད། བརྗེད་ངས་ཁྱོད་ཚུར་ཤོག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་
སྐྱེད་ཅིག །བརྗེད་ངས་གོས་ངུར་སྨྲིག་བཅངས་པས་ནི་བསྟན་པ་འདི་ལ་རབ་ཏུ་བྱུང་བ་ཞེས་བྱ་བ་མ་ཡིན་ནོ། །ཡང་ལམ་གང་གིས་རབ་ཏུ་བྱུང་བ་ཞེས་བྱ་བའི་ཆོས་དེ་དག་ཡང་དག་པར་སྒྲུབས་ཤིག །བརྗེད་ངས་ལམ་དེ་ལ་ནི་སེམས་ཅན་དམྱལ་བ་དག་དམིགས་པའམ། སེམས་ཅན་དམྱལ་
เล่ม ๔๘ · หน้า 154b
བའི་འཇིགས་པ་དག་དམིགས་པར་མི་འགྱུར་རོ། །དེ་ནས་བདུད་བརྗེད་ངས་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །དེ་ཆོས་ལ་སོ་སོར་རྟོག་པའི་མངོན་པར་བརྩོན་པ་དེ་ལྟ་བུ་དང་། ཆོས་ལ་མཁས་པ་དེ་ལྟ་བུས་ལྷག་
པའི་བསམ་པས་མི་སྐྱེ་བའི་ཆོས་ལ་ཡང་བཟོད་པ་ཐོབ་བོ། །ཤ་ར་དྭ་ཏིའི་བུ་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ཀྱིས་ནི་བདུད་བརྗེད་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །མི་སྐྱེ་བའི་ཆོས་ལ་ཡང་བཟོད་པ་ཐོབ་པར་བྱས་སོ། །དེ་བཅོམ་ལྡན་འདས་དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་རྒྱལ་པོའི་འོད་དེས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་ཡིན་པར་རིག་པར་བྱ་སྟེ། དེ་ལྟར་བྱང་
ཆུབ་སེམས་དཔའ་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་སྒྲུབ་པར་བྱེད་དོ། །ཤ་ར་དྭ་ཏིའི་བུ་དེའི་ཚེ་དེའི་དུས་ན་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ཅེས་བྱ་བ་བྱུང་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་སོམ་ཉིའམ་ཡིད་
གཉིས་ཟ་བར་གྱུར་ན། ཁྱོད་ཀྱིས་དེ་ལྟར་བལྟ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་བརྟན་པའི་བློ་གྲོས་འདི་ཉིད་དེའི་ཚེ་དེའི་དུས་ན་རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་ཅེས་བྱ་བར་གྱུར་ཏོ། །ཤ་ར་དྭ་ཏིའི་བུ་དེ་ནས་བྱང་ཆུབ་སེམས་དཔའ་དྲན་པ་རྙེད་དེ་རང་གི་ཕ་མ་དག་ག་ལ་བ་
དེར་སོང་སྟེ་ཕྱིན་ནས། རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཀྱང་སྨྲས་པ། ཡབ་ཡུམ་བདག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་རྒྱལ་པོའི་འོད་དེའི་ཐད་དུ་རབ་ཏུ་
འབྱུང་བར་འཚལ་ལོ། །དེ་སྐད་ཅེས་སྨྲས་ནས་རང་གི་ཕ་མ་ལ་ཚིགས་སུ་བཅད་པ་དག་གིས་སྨྲས་པ། འདོད་པ་དེ་ནི་རྒྱལ་བས་མི་རྟག་གསུངས། །རྒྱལ་བའི་ཐད་དུ་རབ་ཏུ་འབྱུང་བར་བགྱི། །དེ་ལས་བདེ་བ་དེ་དག་ཐམས་ཅད་འབྱུང་། །ཁྱེད་ནི་བདག་ལ་བར་ཆད་མ་མཛད་ཅིག །
เล่ม ๔๘ · หน้า 155a
རྒྱལ་སྲིད་དང་ནི་བདེ་བ་དོན་གཉེར་དང་། །ལོངས་སྤྱོད་དག་དང་མཐོ་རིས་དོན་གཉེར་དང་། །ཡོན་ཏན་ཡེ་ཤེས་ཀྱང་ནི་དོན་གཉེར་ཏེ། །འཇིག་རྟེན་མཁས་པའི་བསྟན་ལ་རབ་བྱུང་ཤིག །དེར་ནི་སྦྱིན་དང་ཚུལ་ཁྲིམས་རྣམ་པར་སྨིན། །དེ་དང་དེར་ནི་བསྔགས་ཤིང་སྐྱེ་བ་
ལགས། །དེར་ནི་བསྟེན་པའི་རྩ་བ་དེ་རབ་བགྱི། །དེ་སླད་བདག་ནི་ཆོས་ཀྱི་རྒྱལ་པོར་འགྱུར། །འདི་ནི་སྔོན་ཆད་སུག་ལས་བགྱིས་པ་དང་། །སྦྱིན་པ་སྩལ་དང་དུལ་བའི་འབྲས་བུ་ལགས། །དེ་ཡི་འབྲས་བུ་ད་ལྟར་སྤྱོད་དོ་ཡབ། །ལྷག་མ་མཆིས་པར་མཛོད་ལ་རབ་བྱུང་མཛོད། །
ལྷག་མ་མེད་བགྱིས་ངན་འགྲོ་ངན་སོང་གསུམ། །དེ་ནི་མི་ཁོམ་རྣམས་སུ་མཆི་བར་འགྱུར། །སྡིག་པའི་ལས་རྣམས་ཀུན་ཏུ་སྤྱད་པས་ནི། །སངས་རྒྱས་རྣམས་དང་ཕྲད་པར་འགྱུར་མ་ལགས། །ལྷག་མར་བཅས་བགྱིས་གང་དག་རབ་འབྱུང་བ། །དེར་ཡང་ཆོས་ལ་རབ་ཏུ་སྤྱོད་པར་འགྱུར། །
མི་ཁོམ་བརྒྱད་པོ་ཐམས་ཅད་རྣམ་སྤངས་པས། །སངས་རྒྱས་བསྟན་ལ་དལ་བ་འདི་འཐོབ་བོ། །དེ་ཡིས་སངས་རྒྱས་མཐོང་ནས་མྱུར་དད་ཅིང་། །སེམས་དད་ནས་ཀྱང་གུས་པར་བགྱིད་པ་དང་། །གུས་བཅས་ཆོས་ལ་ཀུན་ཏུ་སྤྱོད་བགྱིད་པ། །ཆོས་རྗེས་འཐུན་སྤྱོད་བྱང་ཆུབ་རྙེད་མི་དཀའ། །
གང་ཞིག་མི་ཁོམ་ཐམས་ཅད་སྤོང་འཚལ་ཞིང་། །སྡིག་པའི་གྲོགས་པོ་རྣམ་པར་སྤོང་བགྱིད་པ། །དེས་ནི་དེ་རིང་བདག་གི་རྗེས་བསླབས་ནས། །དགེ་བའི་རྩ་བ་རབ་འབྱུང་བླང་བར་བགྱི། །ལྷ་དང་གནོད་སྦྱིན་མིའམ་ཅི་མ་མཆིས། །དྲི་ཟ་ཀླུ་ཡི་བགྱི་བ་མཆིས་མ་ལགས། །རབ་ཏུ་མ་འབྱུང་
ཁྱིམ་འདིར་གནས་བྱོས་ཤེས། །གང་ཞིག་དེ་རིང་བདག་ལ་བར་ཆད་བགྱིད། །གཞན་དུ་སྡིག་པའི་ལས་རྣམས་འདིར་སློང་སྟེ། །བདག་ནི་བཟློག་པར་ནུས་པ་མ་ལགས་སོ། །དཔེར་ན་གླང་པོས་བཅིངས་པ་དམ་བཅད་ནས། །ཇི་ལྟར་འདོད་དགུར་འདོད་བཞིན་དེ་མཆི་ལྟར། །དེ་བཞིན་
འདོད་པའི་འཆིང་བ་དམ་རྣམས་དང་། །སྲེད་པའི་ལྕུག་མ་རྟེན་པའི་འཆིང་བ་དག །དེ་དག་དེ་རིང་བཅད་ནས་འདིར་རབ་འབྱུང་། །བདག་ནི་སྟོབས་ཀྱིས་བཟློག་པ་ཡོང་མི་འགྱུར། །དེ་ཚེ་དེ་སྨྲས་མྱུར་བར་ཕ་མ་ཡི། །རྐང་ལ་ཕྱག་འཚལ་ཀུན་ཏུ་དགའ་བ་སྐྱེས། །གུས་དང་བཅས་
เล่ม ๔๘ · หน้า 155b
པས་བཟློག་པར་མ་ནུས་ཏེ། །རྒྱལ་བའི་བསྟན་ལ་རབ་ཏུ་འབྱུང་སོང་ཤིག །རྒྱལ་བ་དེ་ཡི་ཐད་དུ་དེ་རབ་བྱུང་། །དེར་ནི་སྲོག་ཆགས་བྱེ་བ་མང་པོས་ཐོས། །དེ་ལ་ཡ་མཚན་གྱུར་ནས་དད་སྐྱེད་དེ། །རྗེས་སུ་སློབ་ཅིང་མང་པོ་རབ་ཏུ་བྱུང་། །དེར་ཡང་དེ་ཡི་གྲོགས་པོ་གང་
དག་བྱུང་། །སྐལ་བ་མཉམ་པ་ཚོང་དཔོན་བུ་གཞོན་དག །ཨ་ལ་སངས་རྒྱས་བསྟན་དེ་རྒྱ་ཆེ་ཞེས། །སྲོག་ཆགས་སྟོང་ཕྲག་མང་པོ་རབ་ཏུ་བྱུང་། །དེ་ཚེ་རྒྱལ་པོ་དེ་ཡང་རབ་ཏུ་བྱུང་། །དེ་ཚེ་རྒྱལ་སྲིད་འདོད་པའི་ལོངས་སྤྱོད་སྤངས། །དེ་ཚེ་བྱེ་བ་ཁྲག་ཁྲིག་བརྒྱད་ཅུ་བདུན། །
མཐོང་བའི་རྗེས་འབྲང་དེ་དག་རབ་ཏུ་བྱུང་། །དེ་ཚེ་རྒྱལ་པོ་རབ་ཏུ་བྱུང་རིག་ནས། །དེ་ཚེ་རྒྱལ་པོའི་བཙུན་མོའང་རབ་ཏུ་བྱུང་། །དེ་ཚེ་བུད་མེད་སྟོང་ཕྲག་བརྒྱད་ཅུ་དག །རྒྱལ་པོ་མཆོག་དད་དེ་དག་རབ་ཏུ་བྱུང་། །དཔའ་བོ་དྲན་པ་རྙེད་ཀྱིས་རྗེས་སློབ་ཅིང་། །དེ་དག་ཀུན་ཀྱང་ཐེག་པ་
མཆོག་ལ་ཞུགས། །གང་གི་ཡོན་ཏན་བསྔགས་ཕྲེང་འདི་འདྲ་བ། །དཔའ་བོ་དེ་ལ་སུ་ཞིག་སློབ་མི་བྱེད། །ཤ་ར་དྭ་ཏིའི་བུ་ཁྱོད་དེའི་ཚེ་དེའི་དུས་ན་རྒྱལ་པོ་ལྷག་པར་བྱ་བ་བྱས་པ་ཞེས་བྱ་བ་བྱུང་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན། ཤ་ར་དྭ་ཏིའི་བུ་ཁྱོད་ཀྱིས་དེ་ལྟར་བལྟ་བར་མི་
བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེའི་ཚེ་དེའི་དུས་ན་ང་ནི་རྒྱལ་པོ་ལྷག་པར་བྱ་བ་བྱས་པ་ཞེས་བྱ་བ་དེར་གྱུར་ཏོ། །རྒྱལ་པོའི་གཞོན་ནུ་དྲན་པ་རྙེད་དེ་ནི་ངའི་བུར་གྱུར་ཏོ། །དེ་ཚེ་ལོ་ནི་ཉི་ཁྲི་ཆིག་སྟོང་དུ། །བུད་མེད་གཞོན་ནུ་གྲོང་མི་དག་དང་བཅས། །རྒྱལ་པོས་དེ་ཚེ་ཚངས་པར་སྤྱོད་པ་སྤྱད། །
ཚེ་ཟད་ནས་ནི་དེ་ཚེ་འཆི་དུས་བྱས། །དེ་ཚེ་སྟོན་པས་དགེ་སློང་དགེ་འདུན་གསུངས། །རྐང་གཉིས་རྣམས་ཀྱི་དམ་པ་འཛུམ་པ་མཛད། །དེར་ནི་སྨོན་ལམ་རྒྱལ་པོ་གང་བྱུང་བ། །སངས་རྒྱས་ཡོན་ཏན་རྒྱལ་པོས་ལུང་བསྟན་ཏོ། །རྒྱལ་པོ་དེ་ནི་ཚངས་པར་སྤྱོད་པ་སྤྱད། །ཐེག་
མཆོག་དམ་པ་ལ་ནི་ཡང་དག་ཞུགས། །ཕྱིར་ཞིང་འདི་ནི་མི་ཁོམ་འགྲོ་མི་འགྱུར། །དེ་ཚེ་དལ་བ་ཕུན་སུམ་ཚོགས་པར་འཛིན། །དེ་ཚེ་བསྐལ་པ་མང་པོར་སྤྱད་བྱས་ཤིང་། །སངས་རྒྱས་གྲངས་མེད་རྣམས་ལ་མཆོད་བྱས་ཏེ། །ཤཱཀྱ་བཙུན་པའི་རྒྱལ་པོ་རྐང་གཉིས་མཆོག །
เล่ม ๔๘ · หน้า 156a
རྒྱལ་བ་དེ་ཚེ་བསྐལ་པ་བཟང་པོར་འབྱུང་། །རྒྱལ་པོའི་གཞོན་ནུ་དགེ་སློང་དྲན་པ་རྙེད། །དེ་ཡི་འཁོར་ནི་དེ་ཚེ་གང་བྱུང་བ། །ཤཱཀྱ་བཙུན་པའི་རྒྱལ་པོ་ནམ་སངས་རྒྱས། །དེ་ཚེ་དེ་ཡི་དུས་སུ་རབ་ཏུ་བྱུང་། །དེ་ཚེ་དེ་ཡི་ཚངས་པར་སྤྱོད་པ་སྤྱད། །ཕྱི་ནས་དེར་
ནི་འཆི་བའི་དུས་བྱས་ཤིང་། །དེ་ཚེ་མི་ཡི་དངོས་པོའང་ཐོབ་ནས་སུ། །དེ་ཚེ་མྱ་ངན་ཡོངས་འདས་རིང་བསྲེལ་རྒྱས། །དེ་ཚེ་ཐ་མའི་དུས་ལ་གནས་པ་ན། །ཚུལ་འདི་ཉིད་ཀྱི་ཆོས་ནི་ཉན་བྱེད་ཅིང་། །གང་དག་ང་ཡིས་ད་ལྟར་མདོ་བཤད་པ། །ང་ཡི་བསྟན་པ་འདིར་ནི་རྒྱས་
བྱས་ཏེ། །ཐོགས་མེད་སངས་རྒྱས་ཡེ་ཤེས་རྣམ་པར་དག །དེ་ཚེ་ཐེག་མཆོག་ཅན་དེ་ཚིག་སྨྲ་བ། །དེ་བཞིན་འགྱུར་གྱི་གཞན་དུ་འགྱུར་མ་ཡིན། །ཕྱི་མའི་དུས་ན་དེ་ནི་དེ་ལྟར་འགྱུར། །གང་གིས་ཆོས་འདི་འདྲ་བ་དེ་ཐོས་ན། །མཆོག་ཏུ་དགའ་བ་དང་ནི་དད་འགྱུར་བ། །ལུང་སྟོན་
སངས་རྒྱས་བདག་གིས་འདིར་མཐོང་བར། །དེ་དག་རྣམས་ཀྱིས་དོགས་པར་གཞར་མི་བྱ། །ཆོས་ཀྱི་རྒྱལ་པོ་དམ་པ་བདག་གིས་མཐོང་། །འདི་ནི་ཆོས་སྟོན་པ་ཡང་ཐོས་པར་གྱུར། །གང་དག་འཇིགས་པ་ཆེན་པོ་ཕྱི་དུས་ན། །ཆོས་ཟབ་བཟོད་པ་མངོན་པར་ཐོབ་པར་འགྱུར། །
དགེ་སློང་དགེ་སློང་མ་དང་དགེ་བསྙེན་དང་། །དགེ་བསྙེན་མ་དང་གང་དག་ཤེས་རབ་རྣོ། །གང་དག་ཆོས་འདི་འདྲ་བ་དེ་འདོད་པ། །དེ་དག་ཐེག་པ་མཆོག་ཏུ་ངས་ལུང་བསྟན། །ཆོས་འདི་རབ་ཏུ་བསྟན་པའི་ཚེ་ན་ནི། །བྱེ་བ་ཁྲག་ཁྲིག་ཕྲག་ནི་བདུན་ཅུ་ཡིས། །མིག་མཆོག་དམ་པ་
དེ་དག་ཐོབ་པར་གྱུར། །རྒྱལ་བས་སྲས་འཁོད་པ་དག་ལུང་བསྟན་ཏོ། །ལྷག་པའི་བསམ་པ་ཡང་དག་པར་བསྟན་པའི་ལེའུ་སྟེ་བདུན་པའོ།། །།ཤ་ར་དྭ་ཏིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་དང་ལྡན་པས། མཉམ་པ་ཉིད་ཀྱི་ཡང་དག་
པའི་ལྟ་བ་ལ་མངོན་པར་བརྩོན་པར་བྱ་དགོས་ཏེ། ཡང་དག་པའི་ལྟ་བ་ཞེས་བྱ་བ་ནི་མི་མཉམ་པ་མེད་པའོ། །ཤ་ར་དྭ་ཏིའི་བུ་ཡང་ཡང་དག་པ་ཉིད་མཐོང་བས་ན་ཡང་དག་པའི་ལྟ་བ་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་ཡང་མཉམ་པ་ཉིད་ཀྱིས་ཡང་དག་པའི་ལྟ་བ་ཞེས་བྱའོ། །ཅིའི་ཕྱིར་
เล่ม ๔๘ · หน้า 156b
མཉམ་པ་ཉིད་ཀྱིས་ཡང་དག་པའི་ལྟ་བ་ཞེས་བྱ་ཞེ་ན། ཤ་ར་དྭ་ཏིའི་བུ་མིག་ནི་མྱ་ངན་ལས་འདས་པ་སྟེ། མིག་ལས་མྱ་ངན་ལས་འདས་པ་གཞན་མ་ཡིན་ནོ། །དེ་ལྟར་མིག་དང་མྱ་ངན་ལས་འདས་པ་འདི་ནི་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་དོ། །འདི་ནི་མཚུངས་པ་སྟེ།
མཚུངས་པ་གང་གིས་མཚུངས་ཞེ་ན། མིག་མཚུངས་པ་དང་། མྱ་ངན་ལས་འདས་པ་མཚུངས་པས་མཚུངས་སོ། །མིག་ལ་མིག་མེད་དོ། །མྱ་ངན་ལས་འདས་པ་ལ་མྱ་ངན་ལས་འདས་པ་མེད་དོ། །མིག་ལ་མྱ་ངན་ལས་འདས་པ་མེད་དོ། །མྱ་ངན་ལས་འདས་པ་ལ་མིག་
མེད་དོ། །དེ་ལྟར་མིག་དང་མྱ་ངན་ལས་འདས་པ་དེ་དག་གཉི་ག་ཡང་བརྟག་ཏུ་མེད་པ་ཉིད་ཀྱིས་མཉམ་མོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དག་ལའང་སྦྱར་བར་བྱའོ། །དེ་ལྟར་ཡིད་དང་མྱ་ངན་ལས་འདས་པ་འདི་ནི་མཚུངས་པ་སྟེ། ཅིས་མཚུངས་
ཤེ་ན། ཡིད་མཚུངས་པས་མཚུངས་སོ། །མྱ་ངན་ལས་འདས་པ་མཚུངས་པས་མཚུངས་སོ། །ཡིད་ལ་ཡིད་མེད་དོ། །མྱ་ངན་ལས་འདས་པ་ལ་མྱ་ངན་ལས་འདས་པ་མེད་དོ། །ཡིད་ལ་མྱ་ངན་ལས་འདས་པ་མེད་དོ། །མྱ་ངན་ལས་འདས་པ་ལ་ཡིད་མེད་དོ། །གང་ཡང་ཡིད་
དང་མྱ་ངན་ལས་འདས་པ་འདི་ནི་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་དོ། །བརྟག་ཏུ་མེད་པ་ཉིད་ཀྱིས་རྟོག་པ་མེད་པའོ། །སྟོང་པ་ཉིད་ཀྱིས་སྟོང་པ་སྟེ། ཤ་ར་དྭ་ཏིའི་བུ་འདི་ནི་ཡང་དག་པའི་ལྟ་བ་ཞེས་བྱའོ། །ལྟ་བ་དེ་མཉམ་པས་ན་དེའི་ཕྱིར་ཡང་དག་པའི་ལྟ་བ་ཞེས་བྱའོ། །དེ་དག་
མཉམ་པར་ཕྱིན་པས་ན་དེའི་ཕྱིར་ཡང་དག་པའི་ལྟ་བ་ཞེས་བྱའོ། །དེའི་སྒྲུབ་པ་གང་ཞེ་ན། གང་སྒྲུབ་པ་མེད་པའོ། །ཤ་ར་དྭ་ཏིའི་བུ་ཡང་ལོག་པར་སྒྲུབ་པ་ཞེས་བྱ་བ་ནི་གང་ཆོས་དེ་དག་འགྲོ་བར་མི་བྱེད་པ་ཉིད་དང་། སྤོང་བ་དང་། གཏིང་མི་དཔོག་པ་ཉིད་དེ། ཤ་ར་དྭ་ཏིའི་བུ་འདི་ནི་ལོག་
པར་སྒྲུབ་པ་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་ཡང་འདི་ལ་ལོག་པར་སྒྲུབ་པའི་མཆོག་དེ་ནི་གང་ཆོས་དེ་ལྟ་བུ་དེ་དག་གིས་རློམ་སེམས་སུ་བྱེད་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་ཡང་དག་པའི་ལྟ་བ་ནི་རློམ་སེམས་མེད་པའི་ཕྱིར་ཏེ། ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པ་འཕགས་པ་
เล่ม ๔๘ · หน้า 157a
ཉན་ཐོས་ཐོས་པ་དང་ལྡན་པ་ནི་ས་ལ་རློམ་སེམས་སུ་མི་བྱེད་དོ། །སས་རློམ་སེམས་སུ་མི་བྱེད་དོ། །ས་ངའི་ཞེས་རློམ་སེམས་སུ་མི་བྱེད་དོ། །སའི་ང་ཞེས་རློམ་སེམས་སུ་མི་བྱེད་དོ། །དེ་བཞིན་དུ་ཆུ་དང་། མེ་དང་། རླུང་གི་ཁམས་དག་ལ་ཡང་སྦྱར་བར་བྱའོ། །
མྱ་ངན་ལས་འདས་པའི་བར་ལ་རློམ་སེམས་སུ་མི་བྱེད་དོ། །མྱ་ངན་ལས་འདས་པས་རློམ་སེམས་སུ་མི་བྱེད་དོ། །མྱ་ངན་ལས་འདས་པ་ངའི་ཞེས་རློམ་སེམས་སུ་མི་བྱེད་དོ། །མྱ་ངན་ལས་འདས་པའི་ང་ཞེས་རློམ་སེམས་སུ་མི་བྱེད། མངོན་པར་ཞེན་པར་མི་བྱེད་དོ་ཞེས་
ཀྱང་གསུངས་སོ། །ཤ་ར་དྭ་ཏིའི་བུ་ཡང་ཡང་དག་པའི་ལྟ་བ་ཞེས་བྱ་བ་ནི་གང་ལ་ལྟ་བ་མེད་པའོ། །ཤ་ར་དྭ་ཏིའི་བུ་ལྟ་བ་ཐམས་ཅད་ནི་ལོག་པར་ལྟ་བའོ། །ཤ་ར་དྭ་ཏིའི་བུ་ལྟ་བ་མེད་པ་ནི་ཡང་དག་པའི་ལྟ་བ་སྟེ། ཤ་ར་དྭ་ཏིའི་བུ་འདི་ནི་ཡང་དག་པའི་ལྟ་བ་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་
ཡང་ཡང་དག་པའི་ལྟ་བ་ནི་ཚིག་གིས་བསྟན་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་ངག་གི་ལས་ཐམས་ཅད་ནི་ཚིག་ཙམ་དུ་ཟད་དེ། དེ་ལ་ཡང་དག་པའི་ལྟ་བ་མེད་པའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་ཡང་ཡང་དག་པའི་ལྟ་བ་ནི་ཇི་ལྟར་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་
པ་བཞིན་ཏེ། དེ་ལ་ལོག་པར་ལྟ་བ་ནི་འགའ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་ངག་གི་དེ་བཞིན་ཉིད་ཐམས་ཅད་ནི་ངག་གི་དེ་བཞིན་ཉིད་དེ། ངག་དེ་ནི་ཇི་ལྟར་དེ་བཞིན་ཉིད་བཞིན་པའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་ངག་དེ་ནི་བརྗོད་དུ་མེད་པའོ། །ངག་དེ་ནི་ཐ་མི་དད་པའོ། །
ཆོས་ཉིད་ཇི་ལྟ་བ་བཞིན་ཏེ། ངག་དེ་ནི་དེ་བཞིན་ནོ། །ཤ་ར་དྭ་ཏིའི་བུ་ལུས་དེ་ནི་དེ་བཞིན་ཉིད་ཀྱི་ལུས་སོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་ཉིད་ཀྱི་ལུས་ཞེས་བྱ་བ་ནི་ལུས་དེ་ཕྱིན་ཅི་མ་ལོག་པ་དེ་བཞིན་ཞིང་། ལུས་དེ་ཐ་མི་དད་པ་སྟེ། ལུས་དེ་ཇི་ལྟ་བར་ངག་དེ་ནི་དེ་བཞིན་ནོ། །ཤ་ར་དྭ་ཏིའི་
བུ་ལུས་དེ་ནི་དེ་བཞིན་ཉིད་ཀྱི་ལས་སོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་ཉིད་ཀྱི་ལས་ཞེས་བྱ་བ་ནི་ལས་དེ་ཕྱིན་ཅི་མི་ལོག་པ་དེ་བཞིན་ཞིང་། ལས་དེ་གཞན་མ་ཡིན་པ་དེ་བཞིན་ལ་ལས་དེ་ཐ་མི་དད་པ་སྟེ། ཤ་ར་དྭ་ཏིའི་བུ་ལས་དེ་ནི་དེ་བཞིན་ཉིད་ཀྱི་འབྲས་བུའོ། །དེ་བཞིན་དུ་འབྲས་བུ་
เล่ม ๔๘ · หน้า 157b
དེ་ནི་ལས་ཇི་ལྟ་བ་བཞིན་ནོ། །དེས་ན་དེ་བཞིན་གཤེགས་པ་བདེན་པ་གསུང་བ། ཡང་དག་པར་གསུང་བ་ནི་འདི་སྐད་དུ་ལས་ཡོད་ན་རྣམ་པར་སྨིན་པ་འབྱུང་ངོ་། །དེ་ལྟར་ལས་ཇི་ལྟ་ཇི་ལྟ་བར་དེ་ལྟ་དེ་ལྟར་རྣམ་པར་སྨིན་པའོ་ཞེས་གསུང་ངོ་། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་ཡེ་
ཤེས་ཀྱི་འགྲོ་བ་ནི་ཡེ་ཤེས་ཡིན་གྱི་ཤ་ར་དྭ་ཏིའི་བུ་འདི་ནི་ཡེ་ཤེས་མེད་པ་ནི་མ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དེ་ལས་བྱང་ཆུབ་སེམས་དཔའ་ནི་དེ་སྐད་བསྟན་པ་ན་མི་སྐྲག །མི་དངང་དངང་བར་མི་འགྱུར་ཏེ། མི་རྨོངས་ཀུན་དུ་མི་རྨོངས་སོ། །ཤ་ར་དྭ་ཏིའི་བུ་ཆོས་བཞི་པོ་འདི་དག་
ནི་སླུ་བར་འགྱུར་བ་སྟེ། བཞི་གང་ཞེ་ན། ཤ་ར་དྭ་ཏིའི་བུ། གཅེར་བུ་པའི་སྨྲ་བ་དང་། འཇིག་རྟེན་རྒྱང་ཕན་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་པ་སླུ་བར་འགྱུར་བ་ཡིན། ཤ་ར་དྭ་ཏིའི་བུ་ལོག་པར་ལྟ་བ་ཀུན་དུ་བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་པ་སླུ་བར་འགྱུར་བ་
ཡིན། །ཤ་ར་དྭ་ཏིའི་བུ་རྩོད་པ་དང་ཕྲད་པ་ཡོངས་སུ་འཛིན་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་པ་སླུ་བར་འགྱུར་བ་ཡིན། མདོ་སྡེ་ཟབ་མོ་ཟབ་པའི་གཏམ་དང་ལྡན་པ། སྟོང་པ་ཉིད་དང་ལྡན་པ། འདི་ལྟ་བུ་དག་ལ་མ་དད་ཅིང་མི་མཁས་ལ་བསྙེན་བཀུར་མི་བྱེད་ཅིང་།
ངེས་པར་མི་སེམས་པ་སླུ་བར་འགྱུར་བ་ཡིན་ཏེ། ཤ་ར་དྭ་ཏིའི་བུ་བཞི་པོ་དེ་དག་ནི་སླུ་བར་བྱེད་པའི་ཆོས་དག་ཡིན་གྱི་སླུ་བར་མི་བྱེད་པ་དག་ནི་མ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་སླུ་བར་བྱེད་པའི་ཆོས་བཞི་པོ་དེ་དག་ཀྱང་སྤོང་བའི་ཕྱིར་སླུ་བར་མི་བྱེད་པའི་ཆོས་བཞི་པོ་དག་བསྒོམ་པར་བྱ་བསྟེན་པར་
བྱའོ། །བཞི་གང་ཞེ་ན། ལོག་པར་ལྟ་བ་སྤང་བའི་ཕྱིར་ཡང་དག་པའི་ལྟ་བ་བསྒོམ་པར་བྱ་བ་ཡིན། ཤ་ར་དྭ་ཏིའི་བུ་གང་ལ་འཇིག་རྟེན་རྒྱང་ཕན་པ་དང་ལྡན་པའི་གཏམ་ཡོད་པ་དེ་ལ་དགེ་སློང་ངོ་ཚ་ཤེས་པ་དེས་གནས་པར་མི་བྱ་ཞིང་མྱུར་བ་ཁོ་ནར་འགྲོ་བར་བྱ་བ་འདི་ནི་སླུ་བ་སྤོང་བར་འགྱུར་བའི་ཆོས་གཉིས་
པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་གནས་གང་དུ་རྩོད་པ་དང་ཕྲད་པར་འགྱུར་བ་དེར་དགེ་སློང་གིས་འགྲོ་བར་མི་བྱ་ཞིང་། གཞན་དུ་ན་རྩོད་པ་དེ་ཉེ་བར་ཞི་བར་བྱ་བའི་ཕྱིར་དེར་སོང་བས་ཀྱང་ཆོས་མ་ཡིན་པ་སྨྲ་བ་རྣམས་ཚར་གཅོད་པ་དང་། ཆོས་སྨྲ་བ་རྣམས་བསྡུ་བའི་ཕྱིར་ཆོས་ཉིད་སྨྲ་བར་བྱའི་
เล่ม ๔๘ · หน้า 158a
ཆོས་མ་ཡིན་པ་ནི་མ་ཡིན་ཏེ། ཤ་ར་དྭ་ཏིའི་བུ་དགེ་འདུན་འཐུན་པར་ཡང་བྱས་པར་འགྱུར་བ་འདི་ནི་སླུ་བ་སྤོང་བར་འགྱུར་གྱི་མི་སླུ་བར་བྱེད་པའི་ཆོས་གསུམ་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་དེ་དག་དགེ་སློང་གིས་ལེགས་པར་རབ་ཏུ་བཟུང་
ཞིང་། བཟུང་ནས་སྒྲུབ་པ་ལ་གནས་ཏེ། ལུང་ནོད་པ་དང་། ཁ་ཏོན་ལ་མངོན་པར་བརྩོན་པ་ཡིན། ཚུལ་བཞིན་ཡིད་ལ་བྱ་བའི་ཕྱིར་ཡང་མངོན་པར་བརྩོན་པ་ཡིན་ཏེ། ཤ་ར་དྭ་ཏིའི་བུ་སླུ་བར་མི་བྱེད་པའི་ཆོས་བཞི་པོ་དེ་དག་ནི་སླུ་བ་སྤོང་བར་འགྱུར་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་
སེམས་དཔའ་ངོ་ཚ་ཤེས་པས་ནི་ལས་མངོན་པར་འདུ་མི་བྱེད་པ་ལ་མངོན་པར་བརྩོན་པར་བྱའོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔས་ནི་ལེགས་པར་གོ་ཆ་བགོས་པ་ཉིད་ཀྱིས་མི་འཇིགས་པར་བྱའོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔས་ནི་བརྩོན་འགྲུས་ཆེན་པོ་མི་འདོར་བ་ཉིད་ཀྱིས་
མི་དོར་བར་བྱའོ། །ཤ་ར་དྭ་ཏིའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་དམ་པའི་ཆོས་ཡོངས་སུ་འཛིན་པ་དང་། དོན་ཡོངས་སུ་འཛིན་པ་དང་། སྤྱོད་པ་ཡོངས་སུ་འཛིན་པ་དང་། ཡེ་ཤེས་ཡོངས་སུ་འཛིན་པ་ལ་མངོན་པར་བརྩོན་པ་ཡིན་ཞིང་། ངའི་ཉན་ཐོས་དག་ལ་ཡོངས་སུ་འདྲི་བར་
བྱེད་པ་དེའི་ཚེ། ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པ་བདེ་བར་གྱུར་ཅིང་བདེ་བའི་མཆོག་དང་ལྡན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་སངས་རྒྱས་ཀྱི་རིགས་དེ་རྒྱུན་མི་འཆད་པར་འགྱུར་བའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ། ཉན་ཐོས་རྣམས་ཀྱིས་ནི་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་དག་རངས་པར་བྱ་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་ཉན་ཐོས་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལས་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་ཆོས་ཉིད་རྗེས་སུ་དྲན་པར་བྱས་ཤིང་ཐོག་མ་མེད་པའི་དུས་
ཅན་གྱི་སྡུག་བསྔལ་གྱི་ཕུང་པོ་དེ་ཡང་རྗེས་སུ་དྲན་པར་བྱས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ལ་རངས་པར་བྱེད་ལ། རངས་པར་བྱས་ཤིང་ཡང་དག་པར་འཛིན་དུ་བཅུག་ལ། ཡང་དག་པར་གཟེངས་སྟོད་པའི་རིགས་ཀྱི་བུ་
เล่ม ๔๘ · หน้า 158b
དེས་ཀྱང་། རང་གི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱས་ཏེ། སངས་རྒྱས་ཀྱི་ཡེ་ཤེས་ཡང་དག་པར་བསྒྲུབས་ནས་སངས་རྒྱས་སུ་འགྱུར་ཞིང་། སངས་རྒྱས་སུ་གྱུར་ནས་སྡུག་བསྔལ་གྱི་ཕུང་པོ་གྲངས་མེད་དཔག་ཏུ་མེད་པ་བསལ་བར་བྱ་བའི་ཕྱིར་ཆོས་སྟོན་པར་འགྱུར་རོ་སྙམ་
དུ་སེམས་ན་ཤ་ར་དྭ་ཏིའི་བུ་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པར་འགྱུར་རོ། །ཚིགས་སུ་བཅད་པ་གཅིག་ཁོ་ན་ཡང་དག་པར་འཛིན་དུ་བཅུག་པའི་བྱང་ཆུབ་སེམས་དཔའ་ཡང་བསོད་ནམས་ཀྱི་ཕུང་པོ་དེ་སྙེད་སྐྱེད་དོ། །ཤ་ར་དྭ་ཏིའི་བུ་གལ་ཏེ་བསོད་ནམས་ཀྱི་ཕུང་པོ་དེ་གཟུགས་
ཅན་དུ་གྱུར་ན་ཤ་ར་དྭ་ཏིའི་བུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ན་གླིང་བཞི་པའི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་སྔ་ཕྱི་རིམ་གྱིས་མིའི་ལུས་ཐོབ་པར་གྱུར་ཅིང་དེ་དག་གིས་མིའི་ལུས་ཐོབ་ནས་བསོད་ནམས་ཀྱི་ཕུང་པོ་དེ་ལས་རི་རབ་ཙམ་གྱི་སྣོད་དག་གིས་བླངས་ཏེ་འདོང་
བར་གྱུར་ལ། ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་སེམས་ཅན་དེ་དག་རེ་རེས་ཀྱང་སྣོད་དེས་བསོད་ནམས་ཀྱི་ཕུང་པོ་དེ་བླངས་ཏེ་འདོང་བར་གྱུར་ཅིང་དེ་ལྟར་རི་རབ་ཙམ་གྱིས་བྱེད་ན་ཡང་བསོད་ནམས་ཀྱི་ཕུང་པོ་དེ་ཟད་པའམ། ཡོངས་སུ་གཏུགས་པར་ང་མི་སྨྲའོ། །ཤ་ར་དྭ་ཏིའི་བུ་གླིང་ཆེན་པོ་
བཞི་པའི་འཇིག་རྟེན་གྱི་ཁམས་ལྟ་ཞོག་གི །ཤ་ར་དྭ་ཏིའི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གཟུགས་ཅན་ནམ། གཟུགས་ཅན་མ་ཡིན་པའམ། འདུ་ཤེས་ཅན་ནམ། འདུ་ཤེས་ཅན་མ་ཡིན་པའམ། འདུ་ཤེས་མེད་འདུ་ཤེས་མེད་མིན་ཡང་རུང་
སྟེ། ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱིས་སྔ་ཕྱི་རིམ་གྱིས་མིའི་ལུས་ཐོབ་ནས་རི་རབ་ཙམ་གྱི་སྣོད་དག་གིས་བསོད་ནམས་ཀྱི་ཕུང་པོ་དེ་བླངས་ཏེ་དོང་བར་གྱུར་ཅིང་རྣམ་གྲངས་དེས་ན་སེམས་ཅན་རེ་རེས་ཀྱང་རི་རབ་ཙམ་གྱི་སྣོད་དག་གིས་བསོད་ནམས་ཀྱི་ཕུང་པོ་དེ་བླངས་ཏེ་སོང་ཡང་བསོད་ནམས་
ཀྱི་ཕུང་པོ་དེ་ད་དུང་ཟད་པའམ། ཡོངས་སུ་གཏུགས་པར་ང་མི་སྨྲའོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་གང་ངའི་ཉན་ཐོས་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའང་རུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
เล่ม ๔๘ · หน้า 159a
ཆུབ་ཏུ་མངོན་པར་ཡང་དག་པར་ཞུགས་པ་རངས་པར་བྱེད་ཅིང་ཡང་དག་པར་འཛིན་དུ་འཇུག་ལ། ཡང་དག་པར་གཟེངས་སྟོད་ཅིང་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ཡང་དག་པར་རབ་ཏུ་སྟོན་པ་དེ་ནི་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་ལྡན་པ་ཡིན་ནོ། །
ཤ་ར་དྭ་ཏིའི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མིང་འདི་ཞེས་བྱ་བ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཆོས་ཀྱི་སྦྱིན་པས་རངས་པར་བྱས་ཤིང་། སངས་རྒྱས་ཀྱི་ཆོས་དེ་སྙེད་ཉེ་བར་སྟོན་པར་བྱེད་པ་དེ་ལྟ་བུར་ཤེས་པར་བྱེད་ན། ཤ་ར་དྭ་ཏིའི་བུ་
དེས་ཇི་ཙམ་དུ་སངས་རྒྱས་ཀྱི་ཡེ་ཤེས་ཉེ་བར་སྟོན་པར་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་ཉེ་བར་བསྒྲུབ་པ་ཐམས་ཅད་ཀྱིས་མགོས་འཛིན་ཏམ། ཕྲག་པས་འཛིན་ཅིང་རྣམ་གྲངས་དེས་བྱང་ཆུབ་སེམས་དཔའ་གང་གི་ཚེ་ནུབ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་
པར་འཚང་རྒྱ་ཞིང་། སེམས་ཅན་དེ་ཡོངས་སུ་སྨིན་པར་བྱེད་ན་སེམས་ཅན་དེ་ལ་ཆོས་བསྟན་ཅིང་དེ་ལ་བཞག་ན་ཡང་རེ་ཞིག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་བྱས་པས་ལན་དུ་བྱ་བ་བྱས་པར་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སངས་རྒྱས་ཀྱི་
ཆོས་དཔག་ཏུ་མེད་པ་དེ་སྙེད་དང་ལྡན་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དེ་ལྟ་བས་ན་རྣམ་གྲངས་དེས་ཁྱོད་ཀྱིས་ཇི་ལྟར་བྱང་ཆུབ་སེམས་དཔའ་དེས་སེམས་ཅན་དེ་ལ་ལན་དུ་བྱ་བ་བྱས་པ་མ་ཡིན་པ་དེ་ལྟར་རིག་པར་བྱའོ།། །།བམ་པོ་བཅུ་གསུམ་པ། ཤ་ར་དྭ་ཏིའི་བུ་སྔོན་
བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ། ཡངས་པ། ཚད་མེད་པ། བསམ་གྱིས་མི་ཁྱབ་པ། དཔག་ཏུ་མེད་པར་གྱུར་པ་བྱུང་བ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་ཀུན་ནས་སྦས་ཞེས་བྱ་བ་བྱུང་སྟེ། བཅོམ་ལྡན་འདས་དེའི་ཚེ་ཚད་ནི་ལོ་བདུན་ཁྲི་ཐུབ་
པར་གྱུར་ཏོ། །དེའི་ཉན་ཐོས་འདུས་པ་ནི་གསུམ་བྱུང་སྟེ། གཅིག་ནི་དགེ་སློང་ཁྲག་ཁྲིག་བརྒྱད་ཅུ་བྱུང་ངོ་། །གཉིས་པ་ནི་དགེ་སློང་ཁྲག་ཁྲིག་ཕྲག་དྲུག་ཅུ་བྱུང་ངོ་། །ཉན་ཐོས་འདུས་པ་གསུམ་པ་ནི་དགེ་སློང་ཁྲག་ཁྲིག་ཕྲག་བཞི་བཅུ་བྱུང་ངོ་། །ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་
เล่ม ๔๘ · หน้า 159b
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ནས་སྦས་ཡོངས་སུ་མྱ་ངན་ལས་འདས་ནས་དམ་པའི་ཆོས་ནི་ལོ་བཞི་ཁྲི་གནས་པར་གྱུར་ཏོ། །བཅོམ་ལྡན་འདས་དེ་ཡོངས་སུ་མྱ་ངན་ལས་འདས་ནས་ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་ནུབ་པའི་དུས་ཀྱི་ཚེ་ན་དགེ་སློང་ཡེ་ཤེས་
མཆོག་ཅེས་བྱ་བ་མང་དུ་ཐོས་པ། ཡིད་གཞུངས་པ། གསལ་བ་དུལ་བ་ཞིག་བྱུང་ངོ་། །ཤ་ར་དྭ་ཏིའི་བུ་དེའི་ཚེ་འཛམ་བུའི་གླིང་འདིར་རྒྱལ་པོ་མཐའ་ཡས་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་དེའི་ཕོ་བྲང་འཁོར་ནི་གྲོང་ཁྱེར་མཐའ་ཡས་ཞེས་བྱ་བ་ཆུ་ཞེང་དུ་དཔག་ཚད་བཅུ་གཉིས་ཡོད་པ།
འབྱོར་པ། རྒྱས་པ། བདེ་བ། ལོ་ལེགས་པ། ཉམས་དགའ་བ། སྐྱེ་བོ་དང་མི་མང་པོས་གང་བ་ཞིག་བྱུང་ངོ་། །དེའི་ཚེ་ཡང་གྲོང་ཁྱེར་མཐའ་ཡས་སུ་ཁྱིམ་བདག་ཁྲོ་བ་མེད་ཅེས་བྱ་བ་བྱུང་སྟེ། ཤ་ར་དྭ་ཏིའི་བུ་ཁྱིམ་བདག་ཁྲོ་བ་མེད་དེའི་བུ་ནི་དོན་གྱི་བློ་གྲོས་ཞེས་བྱ་བ་ཞིག་བྱུང་ངོ་། །དེ་
ནས་ཚོང་དཔོན་གྱི་བུ་དོན་གྱི་བློ་གྲོས་དགེ་སློང་ཡེ་ཤེས་མཆོག་ག་ལ་བ་དེར་སོང་སྟེ་ཕྱིན་ནས་དགེ་སློང་ཡེ་ཤེས་མཆོག་གིས་བྱང་ཆུབ་སེམས་དཔའ་དང་ལྡན་པའི་གཏམ་བྱས་སོ། །དེ་ནས་ཚོང་དཔོན་གྱི་བུ་དོན་གྱི་བློ་གྲོས་ཀྱིས་དགེ་སློང་ཡེ་ཤེས་མཆོག་ལས་གཏམ་ཐོས་ནས་ཡི་རངས་ཏེ་སོ་སོ་
ཡང་དག་པར་རིག་པར་གྱུར་ཏོ། །དེས་དེའི་ཚེ་ཆོས་གོས་རིན་ཐང་བྱེ་བ་རི་བས་དགེ་སློང་ཡེ་ཤེས་མཆོག་ལ་མངོན་པར་བཀབ་བོ། །མངོན་པར་བཀབ་ནས་དགེ་སློང་ཡེ་ཤེས་མཆོག་ལ་སྨྲས་པ། འཕགས་པ་ཁྱོད་ཀྱིས་ལེགས་པར་སྨྲས་པ་ལེགས་སོ་ལེགས་སོ། །བདག་གི་ཁྱིམ་དུ་
ཡང་དང་ཡང་སྤྱོན་ཅིག །བྱོན་ནས་ཀྱང་ཆོས་ཀྱི་གཏམ་དེ་ལྟ་བུ་མཛོད་ཅིག་དང་། བདག་ལ་ཡང་ཕན་པར་འགྱུར། ཚེ་དང་ལྡན་པའི་ཆོས་ཀྱི་སྦྱིན་པ་ཡང་འབྲས་བུ་ཆེན་པོར་འགྱུར་རོ། །དེང་ཕྱིན་ཆད་ཇི་སྲིད་འཚོའི་བར་དུ་ཆོས་གོས་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་གྱི་
གསོས་སྨན་དང་། ཡོ་བྱད་དག་དང་། ཡོ་བྱད་གཞན་དང་། གཞན་དག་ལ་སྤྱན་འདྲེན་ཏོ། །དགེ་སློང་གང་དག་ཚེ་དང་ལྡན་པའི་རྗེས་སུ་འབྲང་བ་དེ་དག་ཀྱང་མགྲོན་དུ་གཉེར་རོ། །དེ་ནས་དགེ་སློང་ཡེ་ཤེས་མཆོག་གིས་ཚོང་དཔོན་གྱི་བུ་དོན་གྱི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་
เล่ม ๔๘ · หน้า 160a
སོ། །ཁྱིམ་བདག་ཁྱོད་ཀྱིས་སྨྲས་པ་དེ་དག་དགེའོ། །དེ་ནས་ཚོང་དཔོན་གྱི་བུ་དོན་གྱི་བླ་གྲོས་དགེ་སློང་ཡེ་ཤེས་མཆོག་གི་རྐང་པ་ལ་ཕྱག་འཚལ་ཏེ་བསྐོར་བ་བྱས་ནས། དགེ་སློང་ཡེ་ཤེས་མཆོག་གི་ཐད་ནས་སོང་ངོ་། །ཤ་ར་དྭ་ཏིའི་བུ་དེའི་འོག་ཏུ་དགེ་སློང་
ཡེ་ཤེས་མཆོག་ཚོང་དཔོན་གྱི་བུ་གཞོན་ནུ་དོན་གྱི་བློ་གྲོས་ཀྱི་ཁྱིམ་དུ་སོང་ངོ་། །ཤ་ར་དྭ་ཏིའི་བུ་དེ་ནས་དགེ་སློང་ཡེ་ཤེས་མཆོག་གིས་ཚོང་དཔོན་གྱི་བུ་གཞོན་ནུ་དོན་གྱི་བློ་གྲོས་ཀྱི་ཕ་མ་དག་དང་། བུ་དང་། ཆུང་མ་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དག་
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་དོ། །ཤ་ར་དྭ་ཏིའི་བུ་དེ་ཡང་དགེ་བའི་རྩ་བ་དེས་བསྐལ་པ་གྲངས་མེད་པར་ནམ་ཡང་སངས་རྒྱས་དང་བྲལ་བར་མ་གྱུར། ཆོས་དང་བྲལ་བར་མ་གྱུར། དགེ་འདུན་དང་བྲལ་བར་མ་གྱུར། དགེ་བའི་བཤེས་གཉེན་དང་བྲལ་བར་
མ་གྱུར་ཏོ། །ཤ་ར་དྭ་ཏིའི་བུ་དེའི་ཚེ་དེའི་དུས་ན་ཚོང་དཔོན་གྱི་བུ་དོན་གྱི་བློ་གྲོས་ཞེས་བྱ་བ་བྱུང་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་སེམས་ན་དེ་ལྟར་བལྟ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེའི་ཚེ་དེའི་དུས་ན་ང་ནི་ཚོང་དཔོན་གྱི་བུ་དོན་གྱི་བློ་གྲོས་ཞེས་བྱ་བར་གྱུར་ཏོ། །ཤ་ར་དྭ་ཏིའི་
བུ་དེའི་ཚེ་དེའི་དུས་ན་ཚོང་དཔོན་གྱི་བུ་གཞོན་ནུ་དེའི་ཕ་བྱུང་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་སོམ་ཉིའམ། ཡིད་གཉིས་ཟ་བར་གྱུར་ན་དེ་ལྟར་བལྟ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་འོད་སྲུང་དེ་ནི་ངའི་ཕར་གྱུར་ཏོ། །ཤ་ར་དྭ་ཏིའི་བུ་དེའི་ཚེ་
དེའི་དུས་ན་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བྱུང་བ་དེ་གཞན་ཡིན་པ་སྙམ་དུ་སེམས་ན། ཤ་ར་དྭ་ཏིའི་བུ་ཁྱོད་ཀྱིས་དེ་ལྟར་བལྟ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ཐམས་ཅད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པ་ཤ་སྟག་གོ། །ཤ་ར་དྭ་ཏིའི་བུ་དེ་དག་
ནི་འཁོར་འདི་ཉིད་དུ་ཡང་དག་པར་འདུས་པར་གྱུར་ཏེ། དེ་དག་ཀྱང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །ཤ་ར་དྭ་ཏིའི་བུ་དགེ་སློང་ཡེ་ཤེས་མཆོག་ནི་དེ་ཉིད་ཀྱི་ཚེ་ལེན་པའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་
เล่ม ๔๘ · หน้า 160b
འདས་སོ། །ཤ་ར་དྭ་ཏིའི་བུ་གལ་ཏེ་དགེ་སློང་ཡེ་ཤེས་མཆོག་ཉན་ཐོས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདས་པར་མ་གྱུར་ན། དེས་ཚོང་དཔོན་གྱི་བུ་དོན་གྱི་བློ་གྲོས་ལ་ཆོས་བསྟན་པས། བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་ཡོད་པ་དེ་སྙེད་ཀྱིས་དེ་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་ཏེ། གང་དེའི་ཕ་མ་དག་དང་། གཡོག་འཁོར་ཐམས་ཅད་ལ་ཆོས་བསྟན་པར་བྱས་པ་ལྟ་ཅི་སྨོས། ཤ་ར་དྭ་ཏིའི་བུ། གལ་ཏེ་དགེ་སློང་ཡེ་ཤེས་མཆོག་ཡོངས་སུ་མྱ་ངན་ལས་འདས་པར་མ་གྱུར་ན།
ཤ་ར་དྭ་ཏིའི་བུ་ངས་དགེ་སློང་དེ་ལ་ལན་དུ་བྱ་བ་བྱེད་མི་ནུས་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་རྗེད་པའམ། མཆོད་པ་བྱས་ཀྱང་ང་ལ་ཆོས་བསྟན་པ་དེས་དོན་ཇི་ལྟ་བུ་བྱས་པ་དེའི་ལན་དུ་བྱ་བ་བྱེད་མི་ནུས་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ། དེ་ལྟ་བས་ན་གང་གིས་བྱང་ཆུབ་སེམས་དཔའ་
ཆོས་དང་ལྡན་པའི་གཏམ་གྱིས་རངས་པར་བྱས་ཤིང་། ཡང་དག་པར་འཛིན་དུ་བཅུག་ལ། ཡང་དག་པར་གཟེངས་སྟོད་པ་དེ་ནི་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་ལྡན་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་དེ་ནི་བྱ་བ་དཔག་ཏུ་མེད་པས་སེམས་
དེ་སྐྱེད་པར་བྱེད་ཅིང་། སེམས་སྐྱེད་པ་མངོན་པར་སྒྲུབ་པར་བྱེད་ལ། སེམས་བསྐྱེད་པ་དེ་རབ་ཏུ་གནས་པར་བྱེད་དོ། །ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་རབ་ཏུ་གནས་པ་ན་ནོར་བུ་རིན་པོ་ཆེ་དེ་དག་ནི་རིན་ཐང་གདབ་ཏུ་ཡོད་པའམ། རིན་ཐང་གདབ་ཏུ་མེད་པ་
ཡིན་པ་དེ་ལྟ་བུར་ཤེས་པར་བྱ་བ་ཡིན་ཞིང་། དེ་དག་ཐམས་ཅད་ཀྱང་རྒྱ་མཚོ་ཆེན་པོ་ན། རབ་ཏུ་གནས་པར་རིག་པར་བྱ་བ་ཡིན་ལ། དེ་དག་ཐམས་ཅད་རྒྱ་མཚོ་ཆེན་པོ་ནས། རེ་བར་བྱ་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ། དེ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་ཏུ་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ། རབ་ཏུ་གནས་པ་ན་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། འདུས་བྱས་དང་།
เล่ม ๔๘ · หน้า 161a
འདུས་མ་བྱས་ཀྱི་ཡེ་ཤེས་ཇི་སྙེད་ཡོད་པ་ཐམས་ཅད་ཀྱི་སྣོད་དེ་ཡིན་པར་འགྱུར་བ་དང་། ཡེ་ཤེས་ཡོངས་སུ་གནས་པར་བྱེད་པར་འགྱུར་བ་དང་། དེར་ཡེ་ཤེས་ཐམས་ཅད་རབ་ཏུ་དབྱེ་བ་ཐོབ་པར་འགྱུར་བ་དང་། ཡེ་ཤེས་ཐམས་ཅད་ཀྱང་དེ་ལས་རབ་ཏུ་
སྐྱེ་བར་འགྱུར་རོ། །སྙམ་དུ་ཤེས་པར་བྱ་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་དེ་ཉིད་རབ་ཏུ་གནས་པ་ན། ཤ་ར་དྭ་ཏིའི་བུ། གང་དུ་ལུས་ཆེན་པོ་རྒྱས་པར་འགྱུར་བ་དེ་ནི་འབྱུང་པོ་ཆེན་པོ་རྣམས་ཀྱི་གནས་སུ་འགྱུར་བ་དེ་ལྟ་བུར་རིག་པར་བྱ་བ་
ཡིན་ནོ། །ཤ་ར་དྭ་ཏིའི་བུ། དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་རབ་ཏུ་གནས་པ་ན། ཤ་ར་དྭ་ཏིའི་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གང་དུ་ཡེ་ཤེས་ཀྱི་ལུས་ཆེན་པོ་རྒྱས་པར་འགྱུར་བ་དང་། དགེ་བའི་རྩ་བའི་ཚོགས་ཆེན་པོ་མངོན་པར་འཕེལ་བར་འགྱུར་བ་དེ་
ནི་འབྱུང་པོ་ཆེན་པོ་མང་པོ་གྲངས་མེད་པའི་གནས་སུ་འགྱུར་བ་དེ་ལྟ་བུར་རིག་པར་བྱ་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་དེ་ཉིད་རབ་ཏུ་གནས་པ་ན། ཤ་ར་དྭ་ཏིའི་བུ། གང་དུ་ཀླུའི་རྒྱལ་པོ་ཆེན་པོ་གནས་པ་དེ་དག་བྱའི་རྒྱལ་པོ་ནམ་མཁའ་
ལྡིང་དག་གིས་ཐུལ་བར་དཀའ་བར་འགྱུར་བ་དང་། དེ་དག་རྒྱ་མཚོ་ཆེན་པོ་ནས་བྱུང་ནས་ཀྱང་། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཆར་པའི་རྒྱུན་ཆེན་པོས་ཚིམ་པར་བྱེད་པ་དེ་ནི། ཀླུ་ཆེན་པོ་དག་གིས་གནས་སུ་འགྱུར་བ་དེ་ལྟ་བུར་རིག་པར་བྱ་བ་ཡིན་ནོ། །ཤ་ར་
དྭ་ཏིའི་བུ། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་ཡོངས་སུ་གནས་པ་ན། དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་དེ་སངས་རྒྱས་སུ་གྱུར་ནས། སེམས་ཅན་དཔག་ཏུ་མེད་པའི་གནས་ཆེན་པོར་གྱུར་པར་འགྱུར་
བ་དང་། ཆོས་དེ་དག་གི་གནས་ཀྱང་བྱེད་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཡུལ་དེའི་གནས་ཀྱང་བྱེད་པར་འགྱུར་བ་དང་། དེ་ལས་བདུད་སྡིག་ཅན་དག་གིས་ཕྱིར་མི་བསྒྱུར་བར་འགྱུར་བ་དང་། ཐུལ་བར་དཀའ་བར་འགྱུར་བ་དང་། མི་ནོན་པར་འགྱུར་བ་དང་།
เล่ม ๔๘ · หน้า 161b
གལ་ཏེ་བདུད་རྣམས་ཀྱིས་བདུད་ཀྱི་ལས་བྱའོ། །སྙམ་ནས་གནོད་པའི་སེམས་བསྐྱེད་པར་གྱུར་ན། དེ་དག་གིས་སེམས་བསྐྱེད་མ་ཐག་ཁོ་ནར་བདུད་ཀྱིས་བཅིང་བ་ཐམས་ཅད་ཐལ་བར་རློག་པར་བྱེད་པར་འགྱུར་བ་དང་། བདུད་ཀྱི་སེམས་ཐམས་ཅད་ཐལ་
བར་རློག་པར་བྱེད་པར་འགྱུར་བར་རིག་པར་བྱ་བ་ཡིན་ནོ། །འདི་ལྟ་སྟེ། དཔེར་ན་ཀླུ་ཆེན་པོ་དེ་དག་ནི་རྒྱ་མཚོ་ཆེན་པོ་ལས་ཕྱིར་བསྒྱུར་བར་དཀའ་བ་ཡིན་ཞིང་། དེ་དག་རྒྱ་མཚོ་ཆེན་པོ་ནས་མངོན་དུ་བྱུང་ནས། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཆར་པའི་རྒྱུན་
ཆེན་པོས་ཀུན་དུ་ཚིམ་པར་བྱེད་ཅིང་། དེར་སྨན་དང་། ནགས་ཚལ་དག་འཕེལ་བ་དང་། རྒྱས་པ་དང་། ཡངས་པ་ཉིད་དུ་འགྱུར་བ་དང་། རྐང་གཉིས་པ་དང་། རྐང་བཞི་པ་དག་སྐོམ་པ་རྒྱུན་གཅོད་པར་འགྱུར་བ་དང་། དེའི་འོག་ཏུ་ཡང་རྒྱ་མཚོ་ཆེན་
པོར་འབབ་པར་འགྱུར་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་དེ་རབ་ཏུ་གནས་པ་ན། ཤ་ར་དྭ་ཏིའི་བུ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀླུ་ཆེན་པོ་རྣམས་ཀྱི་གནས་ཡིན་པར་འགྱུར་བ་དང་། དེ་
ནས་མངོན་དུ་བྱུང་ནས་ཀྱང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དག་ཏུ་འདོད་ཆགས་དང་བྲལ་བའི་མཐའ་ལས་བྱུང་བའི་ཆོས་ཀྱི་ཆར་
པ་མངོན་དུ་འབེབས་པར་བྱེད་པ་དང་། ཆོས་ཀྱི་ཆར་པ་ཆེན་པོ་འབེབས་པར་འགྱུར་བ་དང་། སེམས་ཅན་གྲངས་མེད་དཔག་ཏུ་མེད་པའི་སྲེད་པ། འདོད་པའི་སྲེད་པ་དང་། གཟུགས་ཀྱི་སྲེད་པ་དང་། གཟུགས་མེད་པའི་སྲེད་པ་རབ་ཏུ་ཞི་བར་བྱེད་པར་འགྱུར་
བ་དེ་ལྟ་བུར་རིག་པར་བྱ་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་དེ་ཉིད་ཡོངས་སུ་གནས་པ་ན། གླིང་བཞི་པ་ན་ཆུ་ཀླུང་ཆེན་པོ་གང་དག་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་འདིར་འབབ་པར་འགྱུར་བ་དང་། རྒྱ་མཚོ་ཆེན་པོ་ནི་རིམ་གྱིས་
เล่ม ๔๘ · หน้า 162a
གཞོལ་བའི་ཕྱིར། རྒྱ་མཚོ་ཆེན་པོ་མ་གཏོགས་པར་དེ་དག་གི་གནས་གཞན་མེད་དེ་དེ་དག་ཐམས་ཅད་རྒྱ་མཚོ་ཆེན་པོ་ག་ལ་བ་དེར་འབབ་ཀྱང་། རྒྱ་མཚོ་ཆེན་པོ་གང་བའམ། བྲི་བར་ཡང་མི་འགྱུར་བ་དང་། རྒྱ་མཚོ་ཆེན་པོའི་ཆོས་ཉིད་གནས་
པ་ཉིད་ནི་འདི་ཡིན་ཏེ། འདི་ལྟ་སྟེ། རྒྱ་མཚོ་ཆེན་པོའི་ཆུ་ནི་ཆུ་ཐ་དད་པ་འབབ་པ་ཡང་ཡིན་ལ། ཆུ་གཅིག་པ་ཡིན་པར་ཡང་འགྱུར་བ་དང་། འདི་ལྟ་སྟེ། ལན་ཚྭའི་རོར་རོ་གཅིག་པར་འགྱུར་བར་རིག་པར་བྱ་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ། དེ་བཞིན་དུ་བྱང་ཆུབ་
སེམས་དཔའི་སེམས་བསྐྱེད་པ་རབ་ཏུ་གནས་པ་ན། དེ་སངས་རྒྱས་ཉིད་དང་། དེ་བཞིན་གཤེགས་པ་ཉིད་དང་། མངོན་པར་རྫོགས་པར་སངས་རྒྱས་ནས། སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཤེས་རབ་རྒྱུན་
མི་འཆད་པའི་སྣོད་དུ་གྱུར་པར་འགྱུར་བ་དང་། སེམས་ཅན་གང་དག་ཆོས་ཀྱི་ཐེ་ཚོམ་སྣ་ཚོགས་སྐྱེས་པ། དེ་དག་གིས་ཀྱང་དེ་མཐོང་མ་ཐག་ཁོ་ནར་ཐེ་ཚོམ་དང་བྲལ་བར་འགྱུར་བ་དང་། མིང་སྔ་མ་དེ་དག་ཀྱང་། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ཉན་ཐོས་ཞེས་བྱ་བར་
མིང་གཅིག་པར་འབྱུང་བ་དེ་ལྟ་བུར་རིག་པར་བྱ་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་ནི་ལན་ཚྭའི་རོར་རོ་གཅིག་པ་ཡིན་ནོ། །དེ་བཞིན་དུ་དེའི་ཉན་ཐོས་ལེགས་པ་ཁོ་ནར་རྣམ་པར་གྲོལ་བས། རྣམ་པར་གྲོལ་བ་དེ་དག་ཐམས་ཅད་ནི་
འདི་ལྟ་སྟེ། རྣམ་པར་གྲོལ་བའི་རོར་རོ་གཅིག་པར་འགྱུར་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་དེ་ཉིད་རབ་ཏུ་གནས་པ་ན། གཟོད་མ་ཉིད་ནས་རིམ་གྱིས་གཞོལ་བར་གནས་སོ། །ཤ་ར་དྭ་ཏིའི་བུ་གལ་ཏེ་རྒྱ་མཚོ་ཆེན་པོ་གཟོད་མ་ཉིད་ནས་བྱ་
སྐྱིབས་སུ་ཆགས་པར་གྱུར་ན། རིན་པོ་ཆེ་འདོད་པའི་མི་རྣམས་འཇུག་པར་མི་འགྱུར་རོ། །ཤ་ར་དྭ་ཏིའི་བུ་རྒྱ་མཚོ་ཆེན་པོ་ནི་ཟབ་པ་ཉིད་དང་། ཆུ་མཐའ་ཡས་པར་རབ་ཏུ་གནས་སོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ། བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་གནས་པ་
เล่ม ๔๘ · หน้า 162b
ན། གཟོད་མ་ཉིད་ནས་རིམ་གྱིས་གཞོལ་བར་རབ་ཏུ་གནས་ཤིང་། མཐའ་ཡས་པ་ཉིད་ཀྱིས་རིམ་གྱིས་འབབ་པ་དང་། རིམ་གྱིས་བབ་པར་ཀུན་ནས་གནས་ལ་ཟབ་པ་ཉིད་དུ་རབ་ཏུ་གནས་སོ། །ཤ་ར་དྭ་ཏིའི་བུ་དེ་ལ་རིམ་གྱིས་གཞོལ་བ་ཉིད་ནི་འདི་ཡིན་ཏེ། འདི་
ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པའོ། །ཤ་ར་དྭ་ཏིའི་བུ་དེ་ལ། བྱང་
ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་པ་ཉིད་དུ་རིག་པར་བྱའོ། །ཤ་ར་དྭ་ཏིའི་བུ་དེ་ལ་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཆོས་ཀྱི་ཐབས་ལ་མཁས་པ་མངོན་པར་སྒྲུབ་པ་ནི་མཐའ་ཡས་པ་ཉིད་དུ་བལྟ་བར་བྱ་སྟེ། གཟོད་མ་ཉིད་ནས། ཡང་དག་
པའི་མཐའ་མངོན་དུ་བྱས་པས། མི་གནོན་པར་གྱུར་པ་དང་། སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་མི་འཇུག་པར་གྱུར་པ་དང་། ཆོས་དཀོན་མཆོག་འདོད་པ་རྣམས་མི་འཇུག་པར་གྱུར་ན། མི་རུང་ངོ་སྙམ་ནས་རིམ་གྱིས་གཞོལ་ཞིང་། བབ་པར་འཇུག་པ་དེ་ཉིད་
ཀྱིས་ཀྱང་། དམིགས་པ་ཐམས་ཅད་སྒྱུར་བར་བྱེད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་དེ་ཉིད་རབ་ཏུ་གནས་པ་ན། གཟོད་མ་ཉིད་ནས་འགྲོ་བ་ཐམས་ཅད་ཀྱི་རྒྱ་ཉིད་དུ་རབ་ཏུ་གནས་སོ། །ཤ་ར་དྭ་ཏིའི་བུ། དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་
བསྐྱེད་པ་རབ་ཏུ་གནས་པ་ན། གཟོད་མ་ཉིད་ནས་འགྲོ་བ་ཐམས་ཅད་ཀྱི་རྒྱ་ཉིད་དུ་རབ་ཏུ་གནས་སོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་དེ་ཉིད་རབ་ཏུ་གནས་པ་ན། གཟོད་མ་ཉིད་ནས་རིན་པོ་ཆེའི་གླིང་རྒྱུན་མི་འཆད་པ་ཉིད་དུ་རབ་ཏུ་གནས་སོ། །ཤ་ར་དྭ་
ཏིའི་བུ། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་རབ་ཏུ་གནས་པ་ན། གཟོད་མ་ཉིད་ནས་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། བསམ་
เล่ม ๔๘ · หน้า 163a
གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རིན་པོ་ཆེ་དག་རབ་ཏུ་གནས་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་
འདི་ལྟ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རྒྱ་མཚོ་ཆེན་པོའི་དཔེ་རབ་ཏུ་བཞག་པ་དང་། སྤོབས་པ་དཔག་ཏུ་མ་མཆིས་པ་མངོན་པར་སྒྲུབ་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་
རབ་ཏུ་བཞག་པ་ནི་ངོ་མཚར་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ། འདི་ནི་དེ་བཞིན་གཤེགས་པས་དཔེ་ཙམ་ཞིག་མཛད་པའོ། །ཤ་ར་དྭ་ཏིའི་
བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་ནི། རྒྱ་མཚོ་ཆེན་པོའི་དཔེའི་ཚད་མ་ཡིན་ནོ། །ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་ནི། དམིགས་པའི་སྤོབས་པ་དཔག་ཏུ་མེད་པའོ། །ཤ་ར་དྭ་ཏིའི་བུ། དེ་བཞིན་གཤེགས་
པ་ནི་དམིགས་པའི་སྤོབས་པ་གཅིག་པ་མ་ཡིན་གྱི། དམིགས་པའི་སྤོབས་པ་དཔག་ཏུ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སེམས་བསྐྱེད་པ་ནི། ངས་སྤོབས་པ་དཔག་ཏུ་མེད་པ་ཉིད་ཀྱིས་སྟོང་གསུམ་གྱི་སྟོང་
ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོངས་སུ་གནས་པའི་དམིགས་པས་ཡོངས་སུ་བཞག་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ། བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཡོངས་སུ་གནས་པ་དེ་དེ་དང་འདྲ་བའི་ཕྱིར་ཏེ། འདི་ལྟར་དེ་ལས་བརྩམས་ནས། དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསྐལ་པའམ། བསྐལ་པ་ལས་ལྷག་པའམ། དེ་བས་ཀྱང་ལྷག་པར་བསྟན་ཀྱང་། བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་དེ་ནི་ཟད་པའམ། ཡོངས་སུ་ཉམས་པར་མི་འགྱུར་རོ། །
เล่ม ๔๘ · หน้า 163b
དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་དེ་ནི་ཐུལ་བར་དཀའ་བའི་བྱ་བ་དང་། བསྙེན་པར་དཀའ་བའི་བྱ་བ་དང་། མངོན་དུ་འཕགས་པའི་བྱ་བ་དང་། སེམས་ཅན་བདེ་བར་བྱེད་པའི་བྱ་བ་དང་། ཉམས་དགའ་བར་བྱེད་པའི་
བྱ་བ་དང་། དགའ་བའི་བྱ་བ་དང་། ཁམས་གསུམ་འགྱུར་བའི་བྱ་བ་དང་། ཡེ་ཤེས་ཆེན་པོ་འགྱུར་བའི་བྱ་བ་དང་། གཏིང་དཔག་དཀའ་བའི་བྱ་བ་དང་། མ་ཆགས་པའི་བྱ་བ་དང་། སྣང་བ་ཆེན་པོའི་བྱ་བ་དེ་འདྲ་བའི་བྱ་བས་ཡོངས་སུ་གནས་པའི་ཕྱིར་ཏེ། ཤ་ར་
དྭ་ཏིའི་བུ། མདོར་ན་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་ནི་བྱ་བ་དེ་འདྲ་བས་བགྲང་བའི་མཐའ་བྱ་བར་མི་ནུས་སོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོངས་སུ་གནས་པ་ན། འཇིག་རྟེན་གྱི་ཁམས་དེ་ནི་སྟོང་
གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་གིས་ཉེ་བར་སྤྱད་པར་བྱ་བའི་ཕྱིར་རབ་ཏུ་གནས་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་རབ་ཏུ་གནས་པ་ན། དེ་ནི་སེམས་ཅན་གྲངས་མེད་དཔག་ཏུ་མེད་
པའི་ཡེ་ཤེས་ཉེ་བར་སྤྱོད་པའི་གནས་སུ་གྱུར་པ་ཡིན་པར་གནས་པ་དེ་ལྟ་བུར་རིག་པར་བྱ་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་རིའི་རྒྱལ་པོ་རི་རབ་རབ་ཏུ་གནས་པ་ན། ཤ་ར་དྭ་ཏིའི་བུ་ལྷའི་བུ་སྟོང་ཕྲག་མང་པོའི་གནས་ཡིན་པར་འགྱུར་བ་དང་། དེ་ལ་གནས་ནས་
སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་ལྷ་མ་ཡིན་གྱི་དམག་མང་པོ་ཕམ་པར་བྱེད་པར་འགྱུར་བ་རིག་པར་བྱ་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་རབ་ཏུ་གནས་པ་ན། དེ་ནི་ཉན་ཐོས་གྲངས་མེད་དཔག་ཏུ་མེད་པའི་གནས་ཡིན་པར་
འགྱུར་རོ། །དེ་ལ་གནས་ནས་ལྷ་རྣམས་ཀྱིས་ལྷ་མ་ཡིན་གྱི་དམག་དག་ཕམ་པར་བྱེད་པར་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ། ཤ་ར་དྭ་ཏིའི་བུ་དེ་ལ་གནས་ནས་སེམས་ཅན་དཔག་ཏུ་མེད་པ་གཞན་དག་གིས་ཀྱང་བློ་གྲོས་སྦྱང་དཀའ་བའི་བདུད་ཀྱི་དཔུང་དག་ཀྱང་ཕམ་པར་བྱེད་པར་
เล่ม ๔๘ · หน้า 164a
འགྱུར་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་རིའི་རྒྱལ་པོ་ཁོར་ཡུག་ཆེན་པོ་དག་རབ་ཏུ་གནས་པ་ན། སེམས་ཅན་གང་དག་ཁོངས་སུ་གཏོགས་པ་དེ་དག་ཐམས་ཅད་ནི་ཐོགས་པ་མེད་པར་འགྲོ་བའི་རླུང་གི་དཀྱིལ་འཁོར་དག་གིས་
ཐུལ་བར་དཀའ་བར་འགྱུར་བ་ཡིན་པར་རིག་པར་བྱ་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པར་རབ་ཏུ་གནས་པ་ན། གནས་ཀྱི་འདུ་ཤེས་ཅན་སེམས་ཅན་གང་དག་བྱང་ཆུབ་
སེམས་དཔའི་ཁོངས་སུ་གཏོགས་པ་དེ་ལྟ་བུར་རིག་པར་བྱ་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དེ་དག་ནི་ཉོན་མོངས་པའི་རླུང་གི་དཀྱིལ་འཁོར་ཐམས་ཅད་ཀྱིས་ཐུལ་བར་དཀའ་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་རིའི་རྒྱལ་པོ་གངས་རི་རབ་ཏུ་གནས་པ་ན།
དེ་ནི་སྨན་ཐམས་ཅད་ཀྱི་གནས་སུ་གྱུར་པར་རབ་ཏུ་གནས་པ་དེ་ལྟ་བུར་རིག་པར་བྱ་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པར་རབ་ཏུ་གནས་པ་ན། ཤ་ར་དྭ་ཏིའི་བུ་སེམས་ཅན་གྲངས་མེད་དཔག་ཏུ་མེད་པའི་ཉོན་མོངས་པའི་ནད་ཡང་དག་
པར་གཞོམ་པར་བྱ་བའི་ཕྱིར། ཡེ་ཤེས་ཆེན་པོའི་སྨན་དེ་རབ་ཏུ་གནས་པ་དེ་ལྟ་བུར་རིག་པར་བྱ་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་རིན་པོ་ཆེའི་འབྱུང་གནས་ཆེན་པོ་རབ་ཏུ་གནས་པ་ན། དེ་ནི་སེམས་ཅན་འབུམ་ཕྲག་མང་པོ་ལ་ཕན་འདོགས་པར་གྱུར་པ་ཡིན་
པར་འགྱུར་བ་དང་། ཀུན་བགེད་པ་ཡིན་པར་འགྱུར་བ་དང་། འདུ་བ་ཡིན་པར་འགྱུར་བ་དེ་ལྟ་བུར་རིག་པར་བྱ་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ། བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་རབ་ཏུ་གནས་པ་ན། དེ་ནི་སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་ལ་ཕན་
འདོགས་པ་ཡིན་པར་འགྱུར་བ་དང་། དེ་ནི་འདི་ལྟ་སྟེ། ཆོས་དཀོན་མཆོག་གི་རྗེས་སུ་སྤྱོད་པ་ཉིད་ཀྱིས་ཀུན་བགེད་པ་ཡིན་པར་འགྱུར་བ་དེ་ལྟ་བུར་རིག་པར་བྱ་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་ཉི་མའི་གཞལ་མེད་ཁང་དང་། དེ་ལ་ལྷའི་བུ་ཉི་མ་གནས་
เล่ม ๔๘ · หน้า 164b
པར་བྱེད་པ་རབ་ཏུ་གནས་པ་ན། ཤ་ར་དྭ་ཏིའི་བུ་དེ་ནི་གླིང་བཞི་པ་ཐམས་ཅད་དུ་སྣང་བ་ཡིན་པར་འགྱུར་བ་དང་། འོད་དུ་འགྱུར་བ་ཡིན་པ་དང་། ཚ་བ་ཡིན་པར་འགྱུར་བ་དེ་ལྟ་བུར་རིག་པར་བྱ་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སེམས་
བསྐྱེད་པ་དང་། བྱང་ཆུབ་སེམས་དཔའི་ཡེ་ཤེས་ཆེན་པོའི་གནས་ཐེག་པ་ཆེན་པོ་ལ་མངོན་པར་ཞོན་ཞིང་། གནས་པར་བྱེད་པ་རབ་ཏུ་གནས་པ་ན། དེ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སྣང་བ་བྱེད་པ་ཡིན་པར་རིག་པར་བྱ་བ་ཡིན་ནོ། །ཤ་ར་
དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་ཀླུའི་རྒྱལ་པོ་མ་དྲོས་པའི་གནས་རབ་ཏུ་གནས་པ་ན། ཤ་ར་དྭ་ཏིའི་བུ་ཀླུའི་རྒྱལ་པོ་ཆེན་པོ་དེ་དེར་གནས་པར་བྱེད་པར་འགྱུར་བ་དང་། ཕྱོགས་བཞིར་ཆུ་ཀླུང་ཆེན་པོ་བཞི་ཡང་གཏོང་བར་འགྱུར་བ་དང་། དེ་དག་གིས་རྐང་གཉིས་པ་དང་། རྐང་
བཞི་པ་དག་གི་སྐོམ་པས་འཇིགས་པའི་དོན་བྱེད་པར་འགྱུར་བ་དང་། འབྲུ་དང་། སྨན་དང་། ཤིང་ལྗོན་པ་དང་། ནགས་ཚལ་དག་མངོན་པར་སྐྱེད་པར་འགྱུར་བ་དང་། རིན་པོ་ཆེའི་འབྱུང་གནས་རྒྱ་མཚོ་ཆེན་པོ་ཡང་ཀུན་དུ་ཚིམ་པར་བྱེད་པར་འགྱུར་བ་དེ་ལྟ་བུར་རིག་པར་བྱ་
བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ། བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་དེ་རབ་ཏུ་གནས་པ་ན། བྱང་ཆུབ་སེམས་དཔའ་དེ་དེ་ལ་གནས་པ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཆོས་ཀྱི་ཆུ་ཀླུང་རྣམ་པ་བཞི་
པོ་འདི་ལྟ་སྟེ། དོན་སོ་སོ་ཡང་དག་པར་རིག་པའི་ཆུ་ཀླུང་དང་། ཆོས་སོ་སོ་ཡང་དག་པར་རིག་པའི་ཆུ་ཀླུང་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པའི་ཆུ་ཀླུང་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པའི་ཆུ་ཀླུང་དག་གཏོང་བར་བྱེད་པར་འགྱུར་བ་དང་། སྟོང་པ་
ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་སྒྲ་དབྱངས་ཀྱི་ང་རོ་ཅན་གྱི་ཆོས་དཀོན་མཆོག་གི་ཆུ་དེ་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་ཆུས་སེམས་ཅན་གྲངས་མེད་
เล่ม ๔๘ · หน้า 165a
དཔག་ཏུ་མེད་པ་དུ་མའི་ཉོན་མོངས་པའི་སྲེད་པ་རྒྱུན་བཅད་ནས། རྒྱ་མཚོ་ཆེན་པོའི་ཆུ་ཀླུང་ཆེན་པོ་བཞིན་དུ། འདོད་ཆགས་དང་བྲལ་བའི་མཐའི་རྒྱ་མཚོ་ཆེན་པོ་ཚིམ་པར་བྱེད་པར་འགྱུར་བ་དེ་ལྟ་བུར་རིག་པར་བྱ་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ། བྱང་ཆུབ་
སེམས་དཔའི་སེམས་བསྐྱེད་པ་དེ་ཇི་སྲིད་དུ་རབ་ཏུ་གནས་པ་ནི་ཆེན་པོའི་བྱ་བ་དང་། བསྙེན་པར་དཀའ་བའི་བྱ་བ་དང་། མི་མཉམ་པ་དང་མཉམ་པའི་བྱ་བས་རབ་ཏུ་གནས་ཏེ། ཤ་ར་དྭ་ཏིའི་བུ་དེ་ནི་དེ་བཞིན་གཤེགས་པས་ཀྱང་ཚིག་གིས་བསྟན་པར་མི་སྤྱོད་དོ། །
ཤ་ར་དྭ་ཏིའི་བུ་དེ་ལྟ་བས་ན། གང་སེམས་ཅན་དེ་ལྟ་བུའི་ཆོས་དང་ལྡན་པའི་གཏམ་གྱིས་རངས་པར་བྱེད་ཅིད་ཡང་དག་པར་འཛིན་དུ་འཇུག་ལ་ཡང་དག་པར་གཟེངས་སྟོད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ནི་ཤ་ར་དྭ་ཏིའི་བུ་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དཔག་ཏུ་མེད་པ་བསྐྱེད་པ་ཡིན་ནོ། །ཤ་
ར་དྭ་ཏིའི་བུ་བསོད་ནམས་ཀྱི་ཕུང་པོ་དེའི་བསོད་ནམས་ཀྱི་མཐའ་ནི་ཡོངས་སུ་མྱ་ངན་ལས་མ་འདས་ཀྱི་བར་དུ་དེ་བཞིན་གཤེགས་པས་ཀྱང་བསྟན་པར་མི་སྤྱོད་དེ། ཐེག་པ་གང་དང་གང་དུ་ཡོངས་སུ་བསྔོས་པ་དེ་དང་དེར་ཡང་འགྲུབ་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ།
དཔེར་ན། དེ་བཞིན་གཤེགས་པ་ལ་ཕུལ་བའི་སྦྱིན་པ་དང་། དེ་བཞིན་གཤེགས་པ་ལ་བསྐྱེད་པའི་དགེ་བའི་རྩ་བ་དག་ནི་ཡོངས་སུ་མྱ་ངན་ལས་མ་འདས་ཀྱི་བར་དུ། བར་མ་དོར་ཡོངས་སུ་ཟད་པར་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ། ཆོས་
དང་ལྡན་པའི་གཏམ་གྱིས་བྱང་ཆུབ་སེམས་དཔའ་རངས་པར་བྱས་ཤིང་། ཡང་དག་པར་འཛིན་དུ་བཅུག་པས། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་མ་ཡིན་གྱི་བར་དུ་བར་མ་དོར་ཡོངས་སུ་ཟད་པའམ། ཡོངས་སུ་གཏུགས་པར་ཡང་དག་པར་རྗེས་སུ་མ་མཐོང་སྟེ།
ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན་དེ་ལྟ་བུར་རིག་པར་བྱ་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ། སྔོན་བྱུང་བ་འདས་པའི་དུས་ན། གང་བྱུང་བ་དེའི་ཚེ་དེའི་དུས་ན། བྱང་ཆུབ་སེམས་དཔའ་རྒྱལ་པོའི་གཞོན་ནུ་ཆོས་ཡོངས་སུ་ཚོལ་འདོད་པ་ཞེས་བྱ་བ་བྱུང་བར་གྱུར་
เล่ม ๔๘ · หน้า 165b
ཏོ། །ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཡོངས་སུ་ཚོལ་འདོད་པ་དེས། ལེགས་པར་སྨྲས་པ་ཇི་སྙེད་ཐོས་པ་དེ་དག་ཐམས་ཅད་བྲིས་ཤིང་། བླངས་ལ། བརྗོད་དེ། ཐམས་ཅད་ཀུན་དུ་བཟུང་ངོ་། །དེས་ཀྱང་དེའི་
ཚེ། བྱང་ཆུབ་སེམས་དཔའ་ཆོས་ཡོངས་སུ་ཚོལ་འདོད་པ། ཆོས་ཡོངས་སུ་ཚོལ་བ་ལ་མངོན་པར་བརྩོན་པས། གྲོང་ནས་གྲོང་དང་། གྲོང་ཁྱེར་ནས་གྲོང་ཁྱེར་དང་། གྲོང་རྡལ་ནས་གྲོང་རྡལ་དང་། ལྗོངས་ནས་ལྗོངས་སུ། ཆོས་ཡོངས་སུ་ཚོལ་བ་ལ་མངོན་
པར་བརྩོན་ཞིང་། ཡོངས་སུ་བཙལ་ཏོ། །དེའི་ཚེ། མི་གཅིག་ཅིག་རིའི་བྱ་སྐྱིབས་ན་འདུག་པར་གྱུར་ཏེ། དེས་བྱང་ཆུབ་སེམས་དཔའ་ཆོས་ཡོངས་སུ་ཚོལ་འདོད་པ་ལ་སྨྲས་པ། གཞོན་ནུ་ཚུར་ཤོག་དང་། ཁོ་བོས་ཁྱོད་ལ་དེ་བཞིན་གཤེགས་པའི་མཚན་དང་
ལྡན་པའི་གཏམ་བྱའོ། །དེ་ནས་ཆོས་ཡོངས་སུ་ཚོལ་འདོད་པས། རིའི་བྱ་སྐྱིབས་ན་འདུག་པའི་མི་ག་ལ་བ་དེར་སོང་སྟེ་ཕྱིན་ནས་སྨྲས་པ། དེ་བཞིན་གཤེགས་པའི་མཚན་དང་ལྡན་པའི་གཏམ་རབ་ཏུ་སྟོན་ཅིག །དེས་སྨྲས་པ། གཞོན་ནུ་ཚིགས་སུ་
བཅད་པ་དེ་ནི་རིན་མེད་པར་ཁོ་བོ་ཡང་དག་པར་རབ་ཏུ་མི་སྟོན་ཏོ། །ཤ་ར་དྭ་ཏིའི་བུ་དེའི་ཚེ་རྒྱལ་པོའི་གཞོན་ནུ་དེས། གོས་རིན་ཐང་བྱེ་བ་ཕྲག་ཉི་ཤུ་རི་བ་ལུས་ལ་གྱོན་པར་གྱུར་ཅིང་། ནོར་བུ་རིན་པོ་ཆེ་རིན་ཐང་བྱེ་བ་ཕྲག་བཞི་བཅུ་རི་བ་ཡང་ལུས་ལ་བཏགས་པར་གྱུར་ཏོ། །
དེ་ནས་འདོད་པས་ཟིལ་གྱིས་ནོན་པའི་མི་བརྐམ་ཆགས་པ་དེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་ལ་རྒྱལ་པོའི་གཞོན་ནུ་དེས་གོས་དེ་དང་། ནོར་བུ་རིན་པོ་ཆེ་དེ་བྱིན་པར་གྱུར་ན། དེ་ལྟ་ན་བདག་གིས་དེ་ལ་ཚིགས་སུ་བཅད་པ་དེ། ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །
སྙམ་མོ། །དེ་ནས་ཆོས་ཡོངས་སུ་ཚོལ་འདོད་པའི་མིས་མི་དེ་ལ་སྨྲས་པ། ཀྱེ་མི་ཁྱོད་ལ་ཅི་དགོས། དེ་སྨྲོས་ཤིག་དང་། ཁོ་བོས་ཁྱོད་ལ་སྦྱིན་པར་བྱའོ། །ཁྱོད་ཀྱིས་ཀྱང་ཁོ་བོ་ལ་སངས་རྒྱས་དང་ལྡན་པའི་ཚིགས་སུ་བཅད་པ་དེ་ཡང་དག་པར་རབ་ཏུ་སྟོན་ཅིག །
เล่ม ๔๘ · หน้า 166a
དེ་ནས་མི་དེས་སྨྲས་པ། གཞོན་ནུ་གལ་ཏེ། ཁྱོད་ཀྱིས་ཇི་ལྟར་བགོས་པའི་གོས་དང་ནོར་བུ་རིན་པོ་ཆེ་དེ་བྱིན་ཞིང་བྱིན་ནས་ཀྱང་བྱ་སྐྱིབས་འདི་ནས་བདག་ཉིད་བོར་ན། དེ་ལྟ་ན་ཁོ་བོས་ཁྱོད་ལ་ཚིགས་སུ་བཅད་པ་དེ་ཡང་དག་པར་རབ་ཏུ་བསྟན་པར་
བྱའོ། །ཤ་ར་དྭ་ཏིའི་བུ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཡོངས་སུ་ཚོལ་འདོད་པས། མི་དེ་ལ་སྨྲས་པ། ཀྱེ་མི་ཁྱོད་ལ་དོན་དུ་འགྱུར་ན། བདག་གིས་རིའི་བྱ་སྐྱིབས་འདི་ནས་བདག་ཉིད་དོར་བར་བྱའོ། །དེས་སྨྲས་པ། གཞོན་ནུ་བདག་
ལ་དོན་དུ་གང་ཡང་མི་འགྱུར་མོད་ཀྱི། འོན་ཀྱང་གང་གི་ཚེ། ཁྱོད་ཀྱིས་ཁོ་བོ་ལ་གོས་དེ་དང་། ནོར་བུ་རིན་པོ་ཆེ་དེ་བྱིན་པར་གྱུར་ལ། དེའི་ཚེ་ཁྱོད་ཀྱིས་ཚིགས་སུ་བཅད་པ་དེ་ཐོས་ནས་འགྱོད་པར་གྱུར་ཏེ། དབང་གི་ཡང་འཕྲོག་པར་འགྱུར་རོ། །དེ་ནས་བྱང་ཆུབ་
སེམས་དཔའ་ཆོས་ཡོངས་སུ་ཚོལ་འདོད་པས། མི་དེ་ལ་སྨྲས་པ། ཀྱེ་མི་ཁྱོད་ཚིགས་སུ་བཅད་པ་དེ་ཁོ་བོ་ལ་སྟོན་ཅིག་དང་། ཁོ་བོས་ཁྱོད་ལ་བྱིན་ནས་འགྱོད་པར་མི་བྱའོ། །མི་དེས་སྨྲས་པ། གཞོན་ནུ་ཁྱོད་དམ་བཅས་པ་ལ་མི་གནས་པ་དེ་ཉིད་ཀྱི་ཚེ། ཁྱོད་
འགྱོད་པར་བྱེད་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཡོངས་སུ་ཚོལ་འདོད་པས། མི་དེ་ལ་སྨྲས་པ། ཀྱེ་མི་དེའི་ཕྱིར། གལ་ཏེ་ཁྱོད་དེ་ལྟར་སེམས་ན་དེ་ཡོངས་སུ་རྫོགས་པར་བྱས། སངས་རྒྱས་དང་ལྡན་པའི་ཚིགས་སུ་
བཅད་པ་དེ་ཁོ་བོ་ལ་སྟོན་ཅིག་དང་། ཁོ་བོས་ཁྱོད་ལ་གོས་རིན་པོ་ཆེ་དེ་དང་། ནོར་བུ་རིན་པོ་ཆེ་དེ་སྦྱིན་པར་བྱའོ། །ཚིགས་སུ་བཅད་པ་དེ་ཐོས་ནས་ཀྱང་། རིའི་བྱ་སྐྱིབས་འདི་ནས་བདག་ཉིད་དོར་བར་བྱའོ། །ཤ་ར་དྭ་ཏིའི་བུ་མི་དེས་བྱང་ཆུབ་སེམས་དཔའ་དེ་ལ་
སངས་རྒྱས་ཀྱི་མཚན་དང་ལྡན་པའི་ཚིགས་སུ་བཅད་པ་དེ་བསྟན་ཏོ། །ཤ་ར་དྭ་ཏིའི་བུ་ཐོས་མ་ཐག་ཏུ་ཡང་གཞོན་ནུ་ཆོས་ཡོངས་སུ་ཚོལ་འདོད་པས། མི་དེ་ལ་གོས་དེ་དང་ནོར་བུ་རིན་པོ་ཆེ་དེ་བྱིན་ཏེ། བདེན་པ་དང་བདེན་པའི་ཚིག་གང་གིས་འགྱོད་པ་མེད་ཅིང་། གདུང་
เล่ม ๔๘ · หน้า 166b
བ་མེད་པར་གོས་རིན་པོ་ཆེ་དེ་དང་། ནོར་བུ་རིན་པོ་ཆེ་དེ་བྱིན་པའི་བདེན་པ་དང་། བདེན་པའི་ཚིག་དེས་མ་སྣད་པ་ཉིད་དང་། མ་སྨས་པ་ཉིད་དུ་ས་ལ་འདུག་པར་གྱུར་ཅིག་ཅེས་བདེན་པའི་བྱིན་གྱིས་རླབས་ཀྱང་བྱས་སོ། །དེས་བདེན་པའི་བྱིན་གྱི་རླབས་དེ་ལྟ་བུ་དེ་བྱས་
ནས། བྱ་སྐྱིབས་དེ་ནས་བདག་ཉིད་བོར་རོ། །དེས་ལུས་དེ་བོར་མ་ཐག་ཏུ་དེ་ནས་དེ་ཉིད་ཀྱི་ཚེ། རྒྱལ་པོ་ཆེན་པོ་བཞིས་ཡོངས་སུ་བཟུང་སྟེ། བདེ་བར་མྱུར་བ་ཁོ་ནར་ས་ལ་བཞག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆོས་ཡོངས་སུ་ཚོལ་འདོད་པས་མི་དེ་ལ་སྨྲས་
པ། ཀྱེ་མི་དེ་ཙམ་དུ་ལེགས་པར་སྨྲས་པའི་ཚིག་དེ་དང་། དེ་ཙམ་དུ་དོན་བཟང་པོ་དང་། ཚིག་འབྲུ་བཟང་པོ་ནི་ངོ་མཚར་ཏོ། །ཤ་ར་དྭ་ཏིའི་བུ་དེ་ནས་མི་དེ་མྱུར་བ་མྱུར་བར་བྱ་སྐྱིབས་དེ་ནས་བབས་ནས། བྱང་ཆུབ་སེམས་དཔའ་ཆོས་ཡོངས་སུ་ཚོལ་འདོད་པ། དེ་
ག་ལ་བ་དེར་སོང་ནས་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོའི་གཞོན་ནུ་ཁྱོད་ཀྱིས་ཇི་ཙམ་དུ་གྱ་ཚོམ་དུ་བྱས་པ་ནི་ངོ་མཚར་ཏོ། །རྒྱལ་པོའི་གཞོན་ནུ་ཁྱོད་ཆོས་ཇི་ལྟ་བུ་ཞིག་འདོད། དེས་སྨྲས་པ། ཀྱེ་མི་ཁོ་བོས་ནི་སེམས་ཅན་མ་རྒལ་བ་རྣམས་བསྒྲལ་བར་བྱ་ཞིང་།
མ་གྲོལ་བ་རྣམས་གྲོལ་བར་བྱ། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ། །ཤ་ར་དྭ་ཏིའི་བུ་མི་དེ་བྱང་ཆུབ་སེམས་དཔའི་ཚིག་དེ་ལ། མངོན་པར་ཡིད་ཆེས་ནས་དེ་དགའ་སྟེ། བྱང་ཆུབ་སེམས་དཔའ་དམ་པའི་ཆོས་ཡོངས་
སུ་ཚོལ་འདོད་པ་ལ་སྨྲས་པ། གཞོན་ནུ་དེའི་ཕྱིར་ཁོ་བོས་ཁྱོད་ལ། གོས་རིན་པོ་ཆེ་དེ་དང་། ནོར་བུ་རིན་པོ་ཆེ་དེ་ཕྱིར་སྦྱིན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞོན་ནུ་གོས་དེ་དང་། ནོར་བུ་རིན་པོ་ཆེ་དེ་ནི་ཁྱོད་དང་འཚམ་པའི་ཕྱིར་རོ། །དེས་སྨྲས་པ། ཀྱེ་
མི་བྱིན་ནས། ཕྱིར་ལེན་པ་དེ་ནི་ཁོ་བོའི་ཆ་མ་ཡིན་ནོ། །མི་དེས་སྨྲས་པ། རྒྱལ་པོའི་གཞོན་ནུ་ཁྱོད་དེའི་ཕྱིར་དེའི་ཚེ། ཁྱོད་ཁོ་བོའི་སྐྱབས་བྱེད་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་དེའི་ཚེ་དེའི་དུས་ན། བྱང་ཆུབ་སེམས་དཔའ་ཆོས་ཡོངས་སུ་ཚོལ་འདོད་པ་དེ་གཞན་
เล่ม ๔๘ · หน้า 167a
ཞིག་ཡིན་པ་སྙམ་དུ་སོམ་ཉིའམ། ཡིད་གཉིས་ཟ་བར་གྱུར་ན། ཁྱོད་ཀྱིས་དེ་ལྟར་བལྟ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་དེའི་ཚེ་དེའི་དུས་ན། ང་ནི་རྒྱལ་པོའི་གཞོན་ནུ་ཆོས་ཡོངས་སུ་ཚོལ་འདོད་པ་ཞེས་བྱ་བར་གྱུར་
ཏོ། །ཤ་ར་དྭ་ཏིའི་བུ། དེའི་ཚེ་དེའི་དུས་ན་མི་ཞིག་བྱུང་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན། ཁྱོད་ཀྱིས་དེ་ལྟར་བལྟ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་དེའི་ཚེ་དེའི་དུས་ན། དེ་ང་ལས་དད་པ་རྙེད་ཅིང་འདི་སྐད་དུ་སྐྱབས་བྱེད་པར་འགྱུར་རོ། །
ཞེས་ཚིག་སྨྲ་བའི་མི་བྱུང་བ་དེ་ནི་བག་ཀ་ལི་ཡིན་ནོ། །ཤ་ར་དྭ་ཏིའི་བུ། དགེ་སློང་བག་ཀ་ལི་ནི་ད་ལྟར་ཡང་། ང་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་ནམ་མཁའ་ལས་འགྲོ་བའི་ལམ་ནས་གཤེགས་པ་ན། རིའི་བྱ་སྐྱིབས་ན་འཆག་པར་གྱུར་ཏེ། ངས་ཀྱང་
བག་ཀ་ལི་ཚུར་ཤོག་ཅེས་བརྗོད་པ་དང་། དེས་ཏིང་ངེ་འཛིན་གྱི་གྲོལ་བ་བསྐྱེད་དེ། བྱ་སྐྱིབས་དེ་ནས་བདག་ཉིད་བོར་ནས། ནམ་མཁའ་ལ་འདུག་བཞིན་དུ་མངོན་པར་ཤེས་པ་དྲུག་མངོན་དུ་བྱས་སོ། །ཤ་ར་དྭ་ཏིའི་བུ་བསོད་ནམས་ཀྱི་ཕུང་པོ་དེ་ཡུན་ཇི་སྲིད་ནས་རྗེས་
སུ་འབྲངས་ཤིང་། ང་ལ་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཡང་དག་པར་བསྟན་པས་དགེ་བའི་རྩ་བ་དེ་དང་། ལས་ཀྱི་རྣམ་པར་སྨིན་པ་དེས་ང་ལས་དད་པ་རྙེད་ཅིང་། ང་ལ་མོས་པས་མྱུར་བ་དེ་ལྟ་བུར་རྣམ་པར་གྲོལ་ལ། ང་ཉིད་ཀྱིས་དེའི་སྐྱབས་བྱས་པ་ལ་
ལྟོས། ཤ་ར་དྭ་ཏིའི་བུ། མི་དེའི་འདོད་པ་སྔོན་དུ་འགྲོ་བའི་སེམས་ཀྱིས་དགེ་བའི་རྩ་བ་དེ་མངོན་པར་འདུས་བྱས་ཤིང་། འབྲས་བུ་དེ་སྙེད་མངོན་པར་འགྲུབ་པར་བྱ་བའི་ཕྱིར་བྱུང་བ་ལ་ལྟོས། གང་དག་ཏིང་ངེ་འཛིན་གྱི་གྲོལ་བ་བསྐྱེད་ཅིང་ངེས་པར་བརྟགས་ནས། སངས་རྒྱས་
ཀྱི་ཡེ་ཤེས་དེ་གཏིང་དཔོག་པར་བྱེད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རངས་པར་བྱེད་ཅིང་། ཡང་དག་པར་འཛིན་དུ་འཇུག་ལ། ཡང་དག་པར་གཟེངས་སྟོད་པ་དང་། ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་སྟོན་པ་ལྟ་ཅི་སྨོས།
เล่ม ๔๘ · หน้า 167b
ཤ་ར་དྭ་ཏིའི་བུ། བསོད་ནམས་ཀྱི་ཕུང་པོ་དེ་ནི། མྱ་ངན་ལས་འདས་པ་ཆེན་པོ་མ་གཏོགས་པར་བར་མ་དོར་ཟད་པའམ། ཡོངས་སུ་གཏུགས་པར་ང་མི་སྨྲའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །
བཅོམ་ལྡན་འདས་གང་ཆོས་དང་ལྡན་པའི་གཏམ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རངས་པར་བགྱིད་ཅིང་། ཡང་དག་པར་འཛིན་དུ་སྩོལ་ལ། ཡང་དག་པར་གཟེངས་སྟོད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་བཅོམ་ལྡན་འདས་བསོད་
ནམས་ཀྱི་ཕུང་པོ་དེ་ལྟ་བུ་བསྐྱེད་ལགས་ན། བཅོམ་ལྡན་འདས་གང་ཞིག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་སེམས་དང་ལྡན་པ། སངས་རྒྱས་ཀྱི་ཆོས་ཀྱི་གྲོང་ཁྱེར་དུ་རྗེས་སུ་འཇུག་པར་འཚལ་བ། མོས་པ་ཟློག་པར་བགྱིད་ཅིང་། རྣམ་པར་གཡེང་
བར་བགྱིད་ལ། བར་ཆད་བགྱིད་ན། བཅོམ་ལྡན་འདས་དེ་ཇི་ལྟ་བུར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་གནས་དེ་བསྟན་དུ་གསོལ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སེམས་ཅན་གང་དག་བྱང་ཆུབ་སེམས་དཔའ་རྣམས་ལ་བར་ཆད་བགྱི་བའི་སླད་དུ་ཞུགས་
པ་དེ་དག་གིས་ཐོས་ནས། ནོངས་པ་ལ་ནོངས་པར་འཆགས་པར་འགྱུར་བ་དང་། གང་དག་འཇུག་པར་འགྱུར་བ་དང་། གང་དག་འཇུག་པ་དེ་དག་ཐམས་ཅད་ཀྱིས་ཐོས་ནས། བཅོམ་ལྡན་འདས་ལས་ནོངས་པ་ནོད་པའི་སླད་དུའོ། །དེ་སྐད་ཅེས་གསོལ་པ་དང་།
བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་གང་བྱང་ཆུབ་སེམས་དཔའ་ལ་བར་ཆད་བྱ་བའི་ཕྱིར་འཇུག་ཅིང་། མོས་པ་ཟློག་པར་བྱེད། རྣམ་པར་གཡེང་བར་བྱེད་ལ། བར་ཆད་བྱེད་པ་དེ་ནི་བསོད་ནམས་མ་ཡིན་
པའི་ཕུང་པོ་དང་ལྡན་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་གང་རིན་ཐང་མེད་པའི་ནོར་བུ་རིན་པོ་ཆེ་ཆེན་པོ་ལ་བར་ཆད་བྱེད་པ་དེ་ནི་ནོར་གྱི་ཕུང་པོ་ཆེན་པོ་ལ་བར་ཆད་བྱེད་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་གང་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སེམས་
เล่ม ๔๘ · หน้า 168a
བསྐྱེད་པ་གཅིག་གི་བར་ཆད་བྱེད་པ་དེ་ནི་ཆོས་དཀོན་མཆོག་གི་ཕུང་པོ་འབུམ་ཕྲག་མང་པོ་དཔག་ཏུ་མེད་གྲངས་མེད་པ་དག་གི་བར་ཆད་བྱེད་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། དཔེར་ན་གང་སྨན་གྱི་ཤིང་ལྗོན་པ་བསྐྱེད་པ་ལ་བར་ཆད་བྱེད་
ཅིང་། ཆུད་གཟན་པར་བྱ་བའི་ཕྱིར་འཇུག་པ་དེ་ནི། ཤ་ར་དྭ་ཏིའི་བུ། སེམས་ཅན་ནད་ཀྱིས་གཟིར་བ་མང་པོ་དཔག་ཏུ་མེད་པ་ལ་བར་ཆད་བྱེད་པ་ཡིན་ཏེ། དེ་ནི་སེམས་ཅན་དེ་དག་ནད་ཆེན་པོ་དེ་ལས་མ་ཐར་བར་འཆི་བའི་དུས་བྱེད་པར་འགྱུར་བ་ཡིན་ནོ། །ཤ་ར་
དྭ་ཏིའི་བུ་དེ་བཞིན་དུ་གང་བྱང་ཆུབ་ཀྱི་སེམས་བསྐྱེད་པ། མཉམ་པ་མེད་པའི་སེམས་བསྐྱེད་པ། ཕན་པ་དང་བདེ་བའི་སེམས་བསྐྱེད་པ། སེམས་ཅན་གྱི་ཉོན་མོངས་པའི་ནད་ཐམས་ཅད་སེལ་བའི་སེམས་བསྐྱེད་པའི་སྨན་ལ་བར་ཆད་བྱེད་པ་དེ་ནི། ཤ་ར་དྭ་ཏིའི་བུ་
སེམས་ཅན་གྲངས་མེད་དཔག་ཏུ་མེད་པ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ནད་ཀྱིས་ཡོངས་སུ་གཟིར་བ། ཕྲག་དོག་དང་། སེར་སྣ་དང་། ཁྲོ་བ་དང་། གཡོ་དང་། སྒྱུ་དང་། རྩོད་པ་དང་། ཁྲེལ་མེད་པ་དང་། ཁེངས་
པ་དང་། ཉེས་རྩོམ་དང་། རྒྱགས་པ་དང་། བག་མེད་པ་དང་། ང་རྒྱལ་དང་། ལྷག་པའི་ང་རྒྱལ་གྱི་ནད་ཆེན་པོས་གང་བ་རྣམས་མྱ་ངན་ལས་འདས་པ་ཆེན་པོ་དང་། ཉེ་བར་ཞི་བ་དང་། ནད་མེད་པ་དང་། བསིལ་བར་གྱུར་པར་ཉེ་བར་འགྲོ་བ་ནད་ཆེན་པོ་
རབ་ཏུ་ཞི་བར་བྱེད་པ་དེ་ལ་བར་ཆད་བྱེད་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་གང་མ་དྲོས་པའི་གནས་ལ་བར་ཆད་བྱ་བའི་ཕྱིར་འཇུག་ཅིང་། ཀླུའི་རྒྱལ་པོ་ཆེན་པོ་དེ་ལ་ཡང་བར་ཆད་བྱ་བའི་ཕྱིར་འཇུག་པ་དེ་ནི། ཤ་ར་དྭ་ཏིའི་བུ་རྐང་གཉིས་པ་དང་། རྐང་
བཞི་པ་མང་པོའི་སྲེད་པའི་གདུང་བ་ཉེ་བར་ཞི་བར་བྱེད་པ། ཡན་ལག་བརྒྱད་དང་ལྡན་པའི་ཆུ་ལ་བར་ཆད་བྱ་བའི་ཕྱིར་ཞུགས་པ་ཡིན་པར་རིག་པར་བྱའོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ། གང་ལ་ལ་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་བར་ཆད་བྱེད་པ་
เล่ม ๔๘ · หน้า 168b
དེ་ནི། ཤ་ར་དྭ་ཏིའི་བུ། སེམས་ཅན་གྲངས་མེད། དཔག་ཏུ་མེད་པའི་སྲེད་པ་ཐམས་ཅད་རབ་ཏུ་གཅོད་པར་བྱེད་པ། ཡན་ལག་བརྒྱད་དང་ལྡན་པའི་ཆོས་ཀྱི་རྒྱུན་ལ་བར་ཆད་བྱེད་པ་ཡིན་པར་རིག་པར་བྱའོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་གང་
ཉི་མའི་དཀྱིལ་འཁོར་ལ་བར་ཆད་བྱ་བའི་ཕྱིར་འཇུག་པ་དེ་ནི། ཤ་ར་དྭ་ཏིའི་བུ་སེམས་ཅན་གང་དག་གླིང་བཞི་ན་གནས་པ་དེ་དག་གི་སྣང་བ་ཆེན་པོ་མི་སྣང་བར་བྱ་བའི་ཕྱིར་འཇུག་པ་དེ་ལྟ་བུར་རིག་པར་བྱ་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་གང་བྱང་ཆུབ་ཀྱི་
སེམས་བསྐྱེད་པ་ཆོས་ཀྱི་སྣང་བ་ཉེ་བར་གནས་པ་ལ་བར་ཆད་བྱེད་ཅིང་མོས་པ་ཟློག་པ་དང་། མི་ཟློག་པར་བྱེད་པའི་སེམས་ཅན་དེ་ནི། ཤ་ར་དྭ་ཏིའི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་གང་དག་ཡོད་པ་དེ་དག་གི་ཆོས་ཀྱི་སྣང་བ་
ཆེན་པོ་དང་། ཆོས་ཀྱི་གསལ་བ་ཆེན་པོ་ལ་བར་ཆད་བྱེད་པ་དེ་ལྟ་བུར་རིག་པར་བྱ་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན། མི་ལ་ལས་རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་གནས་ཆུད་གཟོན་པར་བྱེད་ན། ཤ་ར་དྭ་ཏིའི་བུ་དེ་ནི་སེམས་ཅན་གྲངས་མེད་
དཔག་ཏུ་མེད་པས་རིན་པོ་ཆེ་རྙེད་པ་ཆུད་གཟན་པར་བྱ་བའི་ཕྱིར་ཉེ་བར་གནས་པ་དེ་ལྟ་བུར་རིག་པར་བྱ་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་གང་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་སེམས་བསྐྱེད་པ་ཆེན་པོ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སེམས་བསྐྱེད་པ་ནུབ་པར་བྱ་བའི་
ཕྱིར་འཇུག་པ་དེ་ནི། ཤ་ར་དྭ་ཏིའི་བུ། སེམས་ཅན་གྲངས་མེད་དཔག་ཏུ་མེད་པའི་ཆོས་དཀོན་མཆོག་འདུ་བ་ཆུད་གཟན་པར་བྱ་བའི་ཕྱིར་ཞུགས་པ་དེ་ལྟ་བུར་རིག་པར་བྱ་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་གནས་དེ་ནས་ནི་
རིན་པོ་ཆེ་དེ་དག་ཐམས་ཅད་རབ་ཏུ་འབྱུང་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ། བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་གནས་དེ་ནི་དེ་ལས་སངས་རྒྱས་ཀྱི་ཆོས་དཀོན་མཆོག་དེ་ལྟ་བུ་དེ་དག་འབྱུང་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དེ་ལྟ་
เล่ม ๔๘ · หน้า 169a
བས་ན་གང་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་ནུབ་པར་བྱ་བའི་ཕྱིར་འཇུག་པ་དེ་ནི་བསོད་ནམས་མ་ཡིན་པའི་ཕུང་པོ་ཆེན་པོ་དང་ལྡན་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན་གང་ད་ལྟར་ང་ལ་ངན་སེམས་ཀྱིས་ཁྲག་དབྱུང་བའི་སེམས་སྐྱེད་
པར་བྱེད་པ་དང་། གང་ལ་ལ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་ལས་མོས་པ་ཟློག་པར་བྱེད་ཅིང་བར་ཆད་བྱེད་པ་འདི་ནི་མཚུངས་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་ཡང་ང་ལ་ཁྲག་དབྱུང་བའི་སེམས་བསྐྱེད་པ་ལྟ་ཞོག་གི། ཤ་ར་དྭ་ཏིའི་བུ་ངས་མཚམས་མེད་པ་ལྔ་པོ་ཤིན་ཏུ་བཟོད་
པར་དཀའ་བ། ཐར་བར་དཀའ་བ། ངེས་པར་འབྱུང་བར་དཀའ་བ་བཤད་པ་དེ་བས་ཀྱང་། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་བསོད་ནམས་མ་ཡིན་པའི་ཕུང་པོ་ཆེས་མང་དུ་བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་མཚམས་མེད་པ་ལྔ་བྱས་པས་
ནི་སངས་རྒྱས་ཀྱི་ཆོས་འགའ་ལ་ཡང་བར་ཆད་བྱས་པ་མ་ཡིན་ལ། བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་ཆུད་གཟན་པས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཆུད་གཟན་པར་བྱས་པ་ཡིན་པའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན་བ་བསད་པས་ནི་འོ་མ་མེད་པར་
འགྱུར་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ། བྱང་ཆུབ་ཀྱི་སེམས་དང་བ་མེད་པར་བྱས་ཤིང་། ཆུད་གཟན་པས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཆུད་གཟན་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ། དེ་ལྟ་བས་ན་མཚམས་མེད་པ་ལྔ་པོས་ནི། འདི་ལྟ་སྟེ།
བྱང་ཆུབ་ཀྱི་སེམས་ཆུད་གཟོན་པ་འདི་ཉིད་ཆེས་མ་རུངས་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ། མཚམས་མེད་པ་ལྔ་པོ་ལྟ་ཞོག་གི །ཤ་ར་དྭ་ཏིའི་བུ། གླིང་བཞི་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་ཇི་སྙེད་ཡོད་པ་དེ་ཐམས་ཅད་དགྲ་བཅོམ་པ་རྣམས་ཀྱིས་གང་བར་གྱུར་
ལ། དེ་ནས་མི་ལ་ལ་ཞིག་གིས་དགྲ་བཅོམ་པའི་ཚོགས་དེ་ཐམས་ཅད་སྲོག་དང་ཕྲལ་བར་གྱུར་ན། ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། འོ་ན་མི་དེ་གཞི་དེ་ལས་བསོད་ནམས་མ་ཡིན་པ་མང་དུ་བསྐྱེད་པར་འགྱུར་བ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་མང་
เล่ม ๔๘ · หน้า 169b
ལགས་སོ། །བཅོམ་ལྡན་འདས་མི་དེས་བསོད་ནམས་མ་ལགས་པའི་ཕུང་པོ་ཤིན་ཏུ་ཆེན་པོ་བསྐྱེད་པར་འགྱུར་ལགས་སོ། །བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཁྱོད་མོས་པར་བྱ། ཁོང་དུ་ཆུད་པར་བྱ་སྟེ། ཤ་ར་དྭ་ཏིའི་བུ་མི་དེས་དགྲ་བཅོམ་པའི་ཚོགས་དེ་སྙེད་
སྲོག་དང་ཕྲལ་བར་གྱུར་ལ། གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པའི་ཐེག་པས་འགྲོ་བ། རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་གྲོང་ཁྱེར་ཆེན་པོར་འཇུག་པར་འདོད་པ། བྱང་ཆུབ་ཀྱི་སེམས་དེ་ལས་མོས་པ་ཟློག་པར་བྱེད་ཅིང་། བྱང་
ཆུབ་ཀྱི་སེམས་དེ་ཡང་རྐྱེན་དེས་མོས་པ་བཟློག་པར་དམིགས་ནས་བྱང་ཆུབ་ཀྱི་སེམས་འདོར་བར་བྱེད་ན། ཤ་ར་དྭ་ཏིའི་བུ་བསོད་ནམས་མ་ཡིན་པའི་ཕུང་པོ་སྔ་མ་དེས་ནི་བསོད་ནམས་མ་ཡིན་པའི་ཕུང་པོ་དེ་ལ་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྒྱུའི་བར་དུ་ཡང་མི་བཟོད་
དོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་དགྲ་བཅོམ་པའི་ཚོགས་དེ་སྙེད་རབ་ཏུ་རྣམ་པར་བཤིག་པས་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་ཉམས་པར་བྱས་པ་མ་ཡིན། དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་ཉམས་པར་བྱས་པ་མ་ཡིན། སངས་རྒྱས་ཀྱི་ཆོས་
མ་འདྲེས་པ་བཅོ་བརྒྱད་ཉམས་པར་བྱས་པ་མ་ཡིན། བྱམས་པ་ཆེན་པོ་ཉམས་པར་བྱས་པ་མ་ཡིན། སྙིང་རྗེ་ཆེན་པོ་ཉམས་པར་བྱས་པ་མ་ཡིན། དེ་བཞིན་གཤེགས་པའི་གླང་པོ་ཆེའི་གཟིགས་སྟངས་ཉམས་པར་བྱས་པ་མ་ཡིན། དེ་བཞིན་གཤེགས་པའི་སེང་གེ་ལྟར་
བསྒྱིངས་པ་ཉམས་པར་བྱས་པ་མ་ཡིན། སྤྱི་གཙུག་བལྟར་མི་མཐོང་བ་ཉམས་པར་བྱས་པ་མ་ཡིན། ཆོས་ཀྱི་མུར་འགྲམ་འབུམ་ཕྲག་དུ་མས་ཀུན་ནས་ཡོངས་སུ་གང་བ་ཉམས་པར་བྱས་པ་མ་ཡིན། ཆོས་ཀྱི་འཁོར་ལོ་བསྐོར་བ་བླ་ན་མེད་པ་ཉམས་པར་བྱས་པ་མ་
ཡིན། དེ་བཞིན་གཤེགས་པའི་ཁྱུ་མཆོག་ཏུ་གྱུར་པ་ཉམས་པར་བྱས་པ་མ་ཡིན། སེམས་ཅན་གྱི་དབང་པོ་མཆོག་དང་། མཆོག་མ་ཡིན་པ། མཁྱེན་པ། ཉམས་པར་བྱས་པ་མ་ཡིན། མོས་པ་སྣ་ཚོགས་མཁྱེན་པ་ཉམས་པར་བྱས་པ་མ་ཡིན་
เล่ม ๔๘ · หน้า 170a
པའི་ཕྱིར་ཏེ། ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའི་མོས་པ་ཟློག་པས་ནི། ཆོས་དེ་དག་ཐམས་ཅད་ཉམས་པར་བྱས་པ་ཡིན་པའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ལྟ་ཞོག་གི །ཤ་
ར་དྭ་ཏིའི་བུ། འདི་ལྟ་སྟེ། དཔེར་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དགྲ་བཅོམ་པ་རྣམས་ཀྱིས་གང་བར་གྱུར་ལ། ལ་ལ་ཞིག་གིས་དགྲ་བཅོམ་པ་དེ་དག་སྲོག་དང་བྲལ་བར་བྱས་ཤིང་། ཤ་ར་དྭ་ཏིའི་བུ། གང་དགྲ་བཅོམ་
པ་དེ་སྙེད་སྲོག་དང་ཕྲལ་བ་བས། བསོད་ནམས་མ་ཡིན་པའི་ཕུང་པོ་དང་། གང་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་ལས་མོས་པ་བཟློག་ན། ཤ་ར་དྭ་ཏིའི་བུ། དེ་ནི་བསོད་ནམས་མ་ཡིན་པའི་ཕུང་པོ་ཆེས་ཆེ་བར་ང་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན།
ཤ་ར་དྭ་ཏིའི་བུ། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དེ་དང་། རྣམ་པར་ཕྲལ་བས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་ཉམས་པར་འགྱུར་བའི་ཕྱིར་ཏེ། དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ། གལ་ཏེ་སེམས་བསྐྱེད་པ་དེ་མེད་པར་གྱུར་ན་ནི། ད་ལྟར་སངས་
རྒྱས་ཀྱི་ཡེ་ཤེས་འབྱུང་བར་མི་འགྱུར་བའི་ཕྱིར་དང་། ཤ་ར་དྭ་ཏིའི་བུ། གལ་ཏེ་སེམས་བསྐྱེད་པ་དེ་མེད་པར་གྱུར་ན་ནི། ད་ལྟར་འཇིག་རྟེན་དུ་སངས་རྒྱས་ཁྱུ་མཆོག་ཏུ་གྱུར་པ་དེ་ལྟ་བུར་འབྱུང་བར་མི་འགྱུར་བའི་ཕྱིར་དང་། ཤ་ར་དྭ་ཏིའི་བུ་གལ་ཏེ་སེམས་བསྐྱེད་
པ་དེ་མེད་པར་གྱུར་ན་ནི་འོ་ན། ད་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང་བར་མི་འགྱུར་བའི་ཕྱིར་རོ། །གསོལ་པ་བཅོམ་ལྡན་འདས་དེ་ལྟ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་ལྟ་བས་ན་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དང་། དགེ་སློང་དང་།
དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་སུ་དག་ལ་སེམས་བསྐྱེད་པ་ཡོད་པ་དེ་དག་ནི་ལྷ་དང་
เล่ม ๔๘ · หน้า 170b
བཅས་པའི་འཇིག་རྟེན་གྱི་ཕྱག་བྱ་བར་འོས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ། གང་དག་ལ་ལྷག་པའི་བསམ་པའི་སེམས་བསྐྱེད་པ་ཡོད་པ་དེ་དག་ལ་ནི། ཤ་ར་དྭ་ཏིའི་བུ་དེ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་སུ་འགྱུར་བས། མཐར་ཐུག་པ་ཡིན་པར་ཁོང་དུ་ཆུད་པར་བྱ་བ་ཡིན་པའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། གང་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་དེ་ལྟ་བུ་ཡང་དག་པར་རབ་ཏུ་བསྟན་ན། འོ་ན་དེ་
བཞིན་གཤེགས་པས་སེམས་བསྐྱེད་པ་དེ་ལྟ་བུ་དེ་ལ། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་ཡོངས་སུ་བསྟན་པའམ། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་ཡོངས་སུ་བསྟན་པའམ། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་ཡོངས་
སུ་བསྟན་པའམ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དག་ཡོངས་སུ་བསྟན་པའམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཡོངས་སུ་བསྟན་པའམ། རྒྱལ་པོ་ཆེན་པོ་བཞི་ཡོངས་སུ་བསྟན་པའམ། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ནམ། སུམ་ཅུ་རྩ་གསུམ་པའི་
རིས་ཀྱི་ལྷ་རྣམས་ཡོངས་སུ་བསྟན་པའམ། དེ་བཞིན་དུ་འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་རིས་ཀྱི་ལྷ་རྣམས་ཡོངས་སུ་བསྟན་ནམ། འོག་མིན་གྱི་ལྷའི་བར་དུ་ཡོངས་སུ་བསྟན་པ་ཡིན་ནམ། གསོལ་
པ། བཅོམ་ལྡན་འདས་དེ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཀྱིས་སེམས་བསྐྱེད་པ་དག་པ་ཉིད་དང་། བཅོམ་ལྡན་འདས་ཀྱིས་སེམས་བསྐྱེད་པ་ཆེན་པོ་ཉིད་ཡང་དག་པར་རབ་ཏུ་བསྟན་པའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་མངོན་པར་ཡང་དག་པར་རབ་ཏུ་བསྟན་པས། འདི་ལྟ་སྟེ། ཚན་པོ་ཆེའི་སྟོབས་སམ། ཚན་པོ་ཆེ་ཆེན་པོའི་སྟོབས་སམ། སྲེད་མེད་ཀྱི་བུའི་
เล่ม ๔๘ · หน้า 171a
སྟོབས་ཕྱེད་ཡང་དག་པར་རབ་ཏུ་བསྟན་པའི་སྟོབས་པོ་ཆེ་དང་ལྡན་པར་ཡང་དག་པར་རབ་ཏུ་བསྟན་པའམ། དམན་པའམ། དབུལ་བ་འམ། རྒྱ་ཆེན་པོ་ཡང་དག་པར་རབ་ཏུ་བསྟན་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་མ་
ལགས་སོ། །བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ། དེ་ལྟ་བས་ན་ཁྱེད་ཅག་གིས་སྟོབས་དང་ལྡན་པའམ། སྟོབས་ཆུང་བའམ། དམན་པའམ། རྒྱ་ཆེན་པོ་གང་ལ་སེམས་བསྐྱེད་པ་དེ་མཐོང་ན། ཤ་ར་དྭ་ཏིའི་བུ་ཁྱེད་ཅག་གིས་སེམས་བསྐྱེད་པ་དེ་
བསྲུང་བར་བྱའོ། །ཤ་ར་དྭ་ཏིའི་བུ་ཁྱེད་ཅག་གིས་བྱང་ཆུབ་སེམས་དཔའ་དེ་ཡང་དག་པར་འཛིན་དུ་གཞུག་པར་བྱ། རངས་པར་བྱ། ཡང་དག་པར་གཟེངས་བསྟོད་པར་བྱའོ། །ཤ་ར་དྭ་ཏིའི་བུ། གང་བྱང་ཆུབ་སེམས་དཔའ་ཡང་དག་པར་འཛིན་དུ་འཇུག་ཅིང་
རངས་པར་བྱེད་ལ། ཡང་དག་པར་གཟེངས་སྟོད་པ་འདི་ནི་ཉན་ཐོས་གྱི་བསྙེན་བཀུར་མཆོག་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དེ་ལྟ་བས་ན་ང་ལ་བསྙེན་བཀུར་མཆོག་བྱེད་པར་འདོད་པའི་ཉན་ཐོས་ཀྱིས་ནི་ཅི་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་པར་འཕེལ་བར་འགྱུར་བར་བྱང་ཆུབ་སེམས་
དཔའ་ཡང་དག་པར་འཛིན་དུ་གཞུག་པར་བྱ། །ཡང་དག་པར་གཟེངས་བསྟོད་པར་བྱ། རངས་པར་བྱའོ། །ཤ་ར་དྭ་ཏིའི་བུ་ངས་ཉན་ཐོས་རྣམས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཅི་ནས། རྣམ་པར་འཕེལ་བར་འགྱུར་བ་དང་། ཡོངས་སུ་ཉམས་
པར་མི་འགྱུར་བར་ཡོངས་སུ་གཏད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་བསྐྱེད་པ་ནི་གསུམ་པོ་འདི་དག་ལགས་ཏེ། གསུམ་གང་ཞེ་ན། འདི་ལྟ་སྟེ། དང་པོ་སེམས་བསྐྱེད་པ་དང་།
མི་ལྡོག་པའི་སེམས་བསྐྱེད་པ་དང་། སྒྲུབ་པའི་སེམས་བསྐྱེད་པ་ལགས་ན། བཅོམ་ལྡན་འདས་ཀྱིས་སེམས་བསྐྱེད་པ་གང་གི་ཡོན་ཏན་གྱི་ཁྱད་པར་དེ་དག་བསྟན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཇི་སྐད་སྨྲས་པ་དེ་དེ་བཞིན་
เล่ม ๔๘ · หน้า 171b
ཏེ། སེམས་བསྐྱེད་པ་གསུམ་པོ་དེ་དག་ནི་འདི་ལྟ་སྟེ། དང་པོ་སེམས་བསྐྱེད་པ་དང་། མི་ལྡོག་པ་དང་། སྒྲུབ་པའི་སེམས་བསྐྱེད་པའོ། །ཤ་ར་དྭ་ཏིའི་བུ། དེ་ལ་གང་དང་པོ་སེམས་བསྐྱེད་པ་དེ་ནི་དེ་ལས་བྱང་ཆུབ་སེམས་དཔའ་ལྡོག་ཅིང་ལྡོག་ནས་ཀྱང་། ཉན་
ཐོས་ཀྱི་ཐེག་པར་ལྟུང་བའམ། རང་སངས་རྒྱས་ཀྱི་ཐེག་པར་ལྟུང་བ་ཡིན་ཏེ། ཤ་ར་དྭ་ཏིའི་བུ་སེམས་བསྐྱེད་པ་དེ་ལ་དེ་བཞིན་གཤེགས་པས་རངས་པར་མཛད་ཅིང་། ཡང་དག་པར་འཛིན་དུ་འཇུག་པར་མཛད་ལ། ཡང་དག་པར་གཟེངས་སྟོད་པར་མཛད་དོ། །
དེ་ཅིའི་ཕྱིར་ཞེ་ན། ཅི་ནས་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་གནས་པར་འགྱུར་ཞིང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་ལས་ཀྱང་ལྡོག་པར་འགྱུར་ལ་ཐེག་པ་གཉིས་པོ་དེ་དག་ལ་དམིགས་པར་ནི་མི་འགྱུར་ཞིང་། མི་དམིགས་
པས་སངས་རྒྱས་ཀྱི་ཆོས་རྣམས་ལ་གནས་པར་འགྱུར་ཞིང་། སངས་རྒྱས་ཀྱི་ཡུལ་ལ་ངེས་པར་འབྱུང་བར་འགྱུར་ཞིག་གུ་སྙམ་པའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་
བསྐྱེད་པ་མངོན་པར་བསྒྲུབ་པའི་ཕྱིར་རྣལ་འབྱོར་དུ་བྱའོ། །ཤ་ར་དྭ་ཏིའི་བུ་སེམས་སྟོང་པ་ཉིད་དུ་རྣམ་པར་བལྟ་བར་བྱའོ། །ཤ་ར་དྭ་ཏིའི་བུ་སེམས་སྟོང་པ་ཉིད་ནི་གང་ཡིན། ཇི་ལྟར་ན་སེམས་སྟོང་པ་ཉིད་དུ་རྣམ་པར་བལྟ་བར་བྱ་བ་ཡིན་ཞེ་ན། ཤ་ར་དྭ་
ཏིའི་བུ་སེམས་ཞེས་བྱ་བ་ནི་སེམས་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཡིད་དང་། ཡིད་ཀྱི་ལུས་དང་། ཡིད་ཀྱི་དབང་པོ་དང་། ཡིད་ཀྱི་ཁམས་ཏེ། འདི་ནི་སེམས་ཞེས་བྱའོ། །དེའི་སྟོང་པ་ཉིད་གང་ཞེ་ན། ཤ་ར་དྭ་ཏིའི་བུ་སེམས་ནི་སེམས་ཀྱིས་
སྟོང་སྟེ། དེ་ལ་བྱེད་པ་པོ་གང་ཡང་མེད་དོ། །གལ་ཏེ་དེའི་བྱེད་པ་པོ་འགའ་ཞིག་ཡོད་ན་ནི་དེས་བྱས་ན་གཞན་གྱིས་མྱོང་བ་དེ་ལྟ་བུར་འགྱུར་རོ། །སེམས་ཀྱིས་ཀྱང་སེམས་མངོན་པར་འདུ་མི་བྱེད་དོ། །གལ་ཏེ་སེམས་ཀྱིས་སེམས་མངོན་པར་འདུ་བྱེད་ན་ནི་དེ་ཉིད་
เล่ม ๔๘ · หน้า 172a
བྱེད་པ་པོ་ཡིན་ཞིང་། དེ་ཉིད་མྱོང་བ་པོ་ཡིན་པར་འགྱུར་རོ། །གལ་ཏེ་སེམས་གཞན་གྱིས་སེམས་མངོན་པར་འདུ་བྱེད་ན་ནི་གང་གིས་བྱས་པ་དེ་ནི་དེའི་ཡིན་པར་འགྱུར་ལ། གཞན་གྱིས་བྱས་ན་ཡང་གཞན་གྱིས་མྱོང་བར་འགྱུར་རོ། །ཤ་ར་དྭ་ཏིའི་
བུ་དེ་ལྟ་བས་ན་སེམས་ནི་སེམས་ཀྱིས་སྟོང་སྟེ། དེ་ལ་བྱེད་པ་པོ་གང་ཡང་མེད་དོ། །གང་ལ་བྱེད་པ་པོ་མེད་པ་དེས་ནི་ཅུང་ཟད་ཀྱང་བྱས་པ་མེད་དོ། །གང་གིས་ཅུང་ཟད་ཀྱང་བྱས་པ་མེད་པ་དེ་ལ་ནི་བྱེད་པ་དམིགས་སུ་མེད་དོ། །གང་ལ་བྱེད་པ་པོ་མི་དམིགས་པ་
དེ་ལ་ནི་རྩོད་པའི་གནས་མེད་དོ། །གང་དག་དེ་ལ་རྩོད་པར་བྱེད་པ་དེ་དག་ནི་མེད་པ་ལ་རྩོད་པར་བྱེད་པའོ། །གང་དག་མེད་པ་ལ་རྩོད་པར་བྱེད་པ་དེ་དག་ནི་སྟོང་པ་ལ་རྩོད་པར་བྱེད་པའོ། །མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་རྩོད་པར་བྱེད་པའོ། །གང་དག་སྟོང་
པ་ལ་རྩོད་པར་བྱེད་པ་དེ་དག་ནི་གསོབ་དང་གསོག་ལ་རྩོད་པར་བྱེད་པའོ། །གང་དག་གསོབ་དང་གསོག་ལ་རྩོད་པར་བྱེད་པ་དེ་དག་ནི་དེ་བཞིན་གཤེགས་པ་དང་ལྷན་ཅིག་དུ་རྩོད་པར་བྱེད་པའོ། །གང་དག་དེ་བཞིན་གཤེགས་པ་དང་ལྷན་ཅིག་ཏུ་རྩོད་པར་བྱེད་པ་དེ་དག་ནི་གཡང་ས་
ཆེན་པོར་ལྟུང་བར་བྱེད་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཡང་ས་ཆེན་པོ་ཡང་གང་ཞེ་ན། འདི་ལྟ་སྟེ་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ནོ། །ཤ་ར་དྭ་ཏིའི་བུ་གཡང་སའི་ཕུལ་ནི་འདི་ཡིན་ཏེ། འདི་ལྟ་སྟེ་དམིགས་པར་ལྟ་བ་དང་། ཕུང་པོར་ལྟ་བ་དང་།
ཁམས་སུ་ལྟ་བ་དང་། སྐྱེ་མཆེད་དུ་ལྟ་བ་དང་། སྲོག་ཏུ་ལྟ་བ་དང་། འབྱུང་བར་ལྟ་བ་དང་། འཇིག་པར་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། གང་ཟག་ཏུ་ལྟ་བའོ། །ཤ་ར་དྭ་ཏིའི་བུ་མདོར་ན་མྱ་ངན་ལས་འདས་པར་ལྟ་བ་ཡང་དམིགས་པ་ཡིན། སངས་རྒྱས་སུ་ལྟ་
བ་དང་། ཆོས་སུ་ལྟ་བ་དང་། དགེ་འདུན་དུ་ལྟ་བ་ཡང་དམིགས་པ་ཡིན་ཏེ། ལྟ་བ་དེ་དག་ལ་ཆགས་པའི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་གཡང་ས་ཆེན་པོར་ལྟུང་བར་འགྱུར་ཏེ། གཡང་ས་ཆེན་པོ་ནི་འདི་ལྟ་སྟེ། འཁོར་བ་དེ་ཡིན་པར་ཟད་དོ། །བྱང་ཆུབ་ཀྱི་སེམས་
เล่ม ๔๘ · หน้า 172b
ཡང་དག་པར་འཛིན་དུ་གཞུག་པ་དང་རྣམ་པར་བརྗོད་པ་དང་། བསྐྱེད་པ་བསླབ་པའི་ལེའུ་སྟེ་བརྒྱད་པའོ།། །།དེའི་ཚེ་སློངས་མོ་པ་རྣམ་པར་རྒྱལ་བ་སྲུང་ཞེས་བྱ་བ་འདུས་ཏེ་འདུག་པར་གྱུར་ཏོ། །དེ་ནས་སློངས་མོ་པ་རྣམ་པར་རྒྱལ་བ་སྲུང་བ་སྟན་ལས་ལངས་ནས་བླ་
གོས་ཕྲག་པ་གཅིག་ཏུ་གཟར་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་གཡང་སར་ལྟུང་བར་འཚལ་བ་མ་ལགས་ཤིང་བདག་ནི་དེ་བཞིན་གཤེགས་པ་དང་ལྷན་ཅིག་ཏུ་རྩོད་པར་
འཚལ་བ་ཡང་མ་ལགས་ཏེ། བཅོམ་ལྡན་འདས་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བ་ལགས་ན། བཅོམ་ལྡན་འདས་བདག་ནི་འདི་སྙམ་དུ་སེམས་ལགས་ཏེ། ཇི་ལྟར་ན་བདག་དབུལ་ཞིང་མཆོག་ཏུ་དབུལ་ལ་
སྤྱོད་པ་ངན་པས་ཚེགས་ཀྱིས་ཁྱིམ་གྱི་ཕུན་སུམ་ཚོགས་པ་སྒྲུབ་ཅིང་། གཞན་གྱི་ནོར་གྱིས་འཚོ་བས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དང་། བྲམ་ཟེ་དང་། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུས་ནི་བྱང་ཆུབ་
ཡང་དག་པར་སྒྲུབ་བོ་སྙམ་བགྱིད་ལགས་སོ། །བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་ནི་བྲམ་ཟེ་དང་། རྒྱལ་རིགས་དང་། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་ཡོངས་སུ་མི་སྟོན་ཅིང་རྒྱ་ཆེན་པོ་དང་། འབྱོར་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་
དང་། དྲི་ཟ་དང་། མི་མ་ཡིན་པ་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དག་ཡོངས་སུ་མི་སྟོན་གྱི། གང་གིས་སེམས་བསྐྱེད་པ་དེ་བསྐྱེད་ན་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བར་འོས་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་བདག་དེང་སླན་ཆད་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་སློངས་མོ་པ་རྣམ་པར་རྒྱལ་བ་སྲུང་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྣམ་པར་རྒྱལ་བ་སྲུང་བ་ཁྱོད་དེ་བཞིན་གཤེགས་པའི་རྗེས་སུ་སློབ་པ་ནི་ལེགས་སོ་ལེགས་སོ།། །།
เล่ม ๔๘ · หน้า 173a
བམ་པོ་བཅུ་བཞི་པ། དེ་ནས་བཅོམ་ལྡན་འདས་ལ་སློངས་མོ་པ་རྣམ་པར་རྒྱལ་བ་སྲུང་བས་ཚིགས་སུ་བཅད་པ་དག་གིས་གསོལ་པ། ལེགས་སོ་ཞེས་བགྱི་མི་འཚལ་ཏེ། །ཚོང་དཔོན་གྱིས་བཀུར་བདག་མི་འཚལ། །སངས་རྒྱས་ཡེ་ཤེས་བླ་ན་མེད། །ཡེ་ཤེས་དམ་པ་
འཚལ་ལགས་སོ། །ཁྱོད་ནི་འཇིག་རྟེན་བླ་ན་མེད། །ཁྱོད་ནི་རྟག་ཏུ་འཇིག་རྟེན་མཆོག །ཁྱོད་ནི་གང་དག་སྡུག་བསྔལ་གཟིར། །སེམས་ཅན་རྣམས་ཀྱི་གླིང་སྐྱབས་གཅིག །མིག་ལྡན་ཟག་པ་མེད་པའི་ཆོས། །ཁྱོད་ཀྱིས་མངོན་དུ་མཛད་ནས་སུ། །འཁོར་བ་ལས་ནི་རབ་འབྱིན་ཅིང་། །
སྨན་པའི་སླད་དུ་ཆོས་སྟོན་ལགས། །ཁྱོད་ཀྱི་རྫུ་འཕྲུལ་མཐའ་ཡས་ཏེ། །ཁྱོད་ཀྱི་འོད་ཀྱང་མཐའ་ཡས་ལགས། །ཁྱོད་ཀྱི་ཤེས་རབ་མཆོག་ལགས་ཏེ། །ཡོན་ཏན་ཀུན་གྱིས་མངོན་དུ་འཕགས། །འདི་འདྲ་བར་ནི་བདག་གྱུར་ཅེས། །དེ་ལ་བདག་ནི་འདུན་གྱུར་ན། །དབུལ་ལ་
སུ་ཞིག་སྦྱིན་སྙམ་དུ། །དེ་ལ་བདག་སེམས་ཞུམ་པར་གྱུར། །རྒྱལ་པོ་ཁྱིམ་བདག་བྲམ་ཟེ་དང་། །ལྷ་དང་མི་འམ་ཅི་དག་དང་། །རྫུ་འཕྲུལ་ལྡན་དང་གཟི་ཆེན་མཆིས། །དེ་ཡི་སྐྱེས་བུ་ཁྱུ་མཆོག་འདི། །དབུལ་གྱུར་གཞན་གྱི་ནོར་གྱིས་སུ། །ཉེ་བར་འཚོ་བ་དག་ལ་ནི། །གང་དུ་
འཇིག་རྟེན་མི་འཇུག་པའི། །བྱང་ཆུབ་ག་ལ་སུ་ཞིག་སྟེར། །བདག་གི་སེམས་ནི་མཁྱེན་ནས་སུ། །ཤཱ་རིའི་བུ་ལ་བཀའ་སྩལ་པ། །སེམས་བསྐྱེད་པ་ནི་ང་ཡིས་བསྟན། །རྒྱལ་རིགས་དེ་དག་བསྟན་མ་ཡིན། །བྲམ་ཟེ་དང་ནི་རྗེའུ་དང་དམངས་ཀྱང་མིན། །དམན་པ་དང་ནི་མཆོག་དང་
ལྷ་དང་ཀླུ། །གནོད་སྦྱིན་མིའམ་ཅི་ནི་ངས་མ་བསྟན། །གཞན་དུ་སེམས་དག་པ་ནི་ངས་བསྟན་ཏོ། །དེ་ལྟ་དེ་བཞིན་གཤེགས་པའི་དེ་ཐོས་ནས། །སྟོབས་དང་ལྡན་པར་གྱུར་ཏེ་ཚིག་འདི་སྨྲས། །འཇིག་རྟེན་མགོན་པོ་མཆོག་ཏུ་བདག་གྱུར་ཏེ། །འདི་ལྟར་བྱང་ཆུབ་དོན་དུ་བདག་སེམས་
སྐྱེས། །ནམ་མཁའ་ལྟུང་འགྱུར་ས་ནི་འཇིག་འགྱུར་ལ། །རི་ཡི་རྒྱལ་པོ་རི་རབ་རྣམ་འཇིག་འགྱུར། །ནམ་མཁའི་ཁམས་ནི་གཞན་དུ་འགྱུར་སྲིད་ཀྱི། །བདག་གི་སེམས་ནི་གཞན་དུ་འགྱུར་མི་སྲིད། །སེམས་ཅན་འདི་དག་ཐམས་ཅད་བདུད་གྱུར་ལ། །སེམས་དེ་རྣམ་པར་བཟློག་པར་བགྱི་
เล่ม ๔๘ · หน้า 173b
སླད་དུ། །དེ་ཀུན་བདག་ལ་བར་ཆད་བགྱིད་གྱུར་ནའང་། །བདག་གིས་སེམས་ནི་རྣམ་པར་བཟློག་མི་བགྱི། །གལ་ཏེ་འདིར་ནི་སེམས་ཅན་འགའ་མཆིས་ཤིང་། །འདི་ཡི་མདུན་དུ་མཆིས་ནས་ཚིག་སྨྲ་ན། །སངས་རྒྱས་ཡེ་ཤེས་དམ་པ་འདི་མཆོག་དཀོན། །དབུལ་ལ་བྱང་ཆུབ་སུ་ཞིག་
སྦྱིན་པར་བྱེད། །དེ་སྐད་ཅེས་སྨྲས་ནས་ནི་བདག་གིས་བརྗོད། །ང་བས་ཁྱོད་དབུལ་ང་ནི་དབུལ་མ་ཡིན། །ཁྱོད་ལ་དད་པ་ནམ་ཡང་ཡོད་མ་ཡིན། །ང་ལ་དད་པ་ཡོད་པས་བདག་འཚང་རྒྱ། །སངས་རྒྱས་རིགས་ནི་གང་ཡང་ཡོད་མ་ཡིན། །འབྲས་བུའམ་སྲོག་ནི་འགའ་ཡང་ཡོད་མ་
ཡིན། །གཞན་དུ་གང་དག་སེམས་ནི་འདུད་བྱེད་པ། །དེ་ཚེ་ཐེག་པ་བླ་མེད་འདི་ལ་འདུད། །དྲང་སྲོང་མཆོག་གི་སེམས་འདི་རིགས་ཡིན་ཏེ། །འདི་ནི་ས་བོན་འདི་ནི་འབྲས་བུ་ཡིན། །ཐེག་མཆོག་དམ་པ་ལ་ནི་ཞུགས་ནས་སུ། །སངས་རྒྱས་རྣམས་ཀྱིས་བསླབས་ནས་འཚང་རྒྱར་འགྱུར། །
བདག་གིས་ལུས་དང་དེ་བཞིན་སྲོག་དང་ནི། །འཇིག་རྟེན་རྩེད་མོ་དགའ་བ་གང་ཅིའང་བཏང་། །གཞན་དུ་བདག་གིས་སངས་རྒྱས་ཡེ་ཤེས་མཆོག །རྫོགས་པར་སངས་རྒྱས་སེམས་ཅན་བདག་གིས་དགྲོལ། །སངས་རྒྱས་ཆོས་རྗེ་བདག་མདུན་བཞུགས་པ་ལ། །བདག་འདིར་སེང་གེའི་སྒྲ་ནི་
སྒྲོགས་བགྱིད་པ། །གལ་ཏེ་བདག་ལ་ནོངས་པ་འགའ་མཆིས་ན། །བྱམས་ལ་གནས་པས་རྒྱལ་བས་བསྐུལ་ལགས་གྲང་། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་སློངས་མོ་པ་རྣམ་པར་རྒྱལ་བ་སྲུང་བ་ལ་ཚིགས་སུ་བཅད་པ་དག་གིས་ཕྱིར་བཀའ་སྩལ་པ། འདི་ན་སངས་རྒྱས་ལ་ནི་
སྐྱོན་ཅིའང་མེད། །སེམས་འདི་བླ་ན་ཡོད་པ་མ་ཡིན་པའི། །སེམས་དེ་དེ་རིང་འདིར་ནི་ཁྱོད་འདོར་ཏེ། །ཁྱོད་ཀྱང་རྒྱལ་བ་ཆོས་ཀྱི་རྗེར་འགྱུར་རོ། །དེ་བཞིན་གཤེགས་པའི་བཀའ་ནི་ཐོས་ནས་སུ། །གཞལ་དུ་མེད་པའི་དགའ་བས་དགའ་མགུ་སྟེ། །དེ་ལ་རྣམ་པར་རྒྱལ་སྲུང་སེམས་དང་ཞིང་། །
ནམ་མཁའ་ལ་ནི་ཏ་ལ་བདུན་སྲིད་འཕགས། །དེ་ཚེ་སེམས་ཅན་མཆོག་གིས་འཛུམ་པ་བསྟན། །སྔོན་པོ་སེར་པོ་ཡིད་དགའ་སྣ་ཚོགས་པ། །ཁ་དོག་དེ་དག་རྒྱལ་བའི་ཞལ་ལས་བྱུང་། །དེ་དག་རྒྱལ་བའི་གཙུག་ཏུ་ནུབ་པར་གྱུར། །དེ་ཚེ་ཕྲག་པ་གཅིག་གཟར་ཐལ་སྦྱར་ཏེ། །ཀུན་དགའ་བོ་ཡིས་
เล่ม ๔๘ · หน้า 174a
རྐང་གཉིས་མཆོག་ལ་ཞུས། །མགོན་པོ་རྒྱུ་གང་བདེ་གཤེགས་རྐྱེན་ཅི་ལགས། །ཡེ་ཤེས་ཐོགས་མེད་རྒྱལ་ལ་བདག་ཞུའོ། །མགོན་པོ་རྣམ་པར་རྒྱལ་སྲུང་ཟིལ་གནོན་ཚུལ། །མགོན་གྱི་ཁྱིམ་དུ་སློངས་མོ་པ་ཞིག་བྱུང་། །དེ་རིང་དེ་ནི་ཏ་ལ་བདུན་སྲིད་གནས། །
མཁའ་ལ་གནས་ནས་རྒྱལ་ལ་ཕྱག་འཚལ་ལགས། །ལྷ་དང་ཀླུ་དང་ལྟོ་འཕྱེ་ཆེན་པོ་དང་། །གནོད་སྦྱིན་དེ་ལ་མི་མིན་མིའམ་ཅི། །མིར་གྱུར་པ་ཡིས་ཐལ་མོ་སྦྱར་བགྱིས་ཏེ། །མགོན་པོ་རྒྱལ་བ་སྲུང་ལ་ཕྱག་འཚལ་ལོ། །འཇིག་རྟེན་མགོན་ལ་དེ་ཡི་དོན་ཞུ་ལགས། །ཐུབ་པའི་འཛུམ་
པ་བསྟན་འདི་སུ་ཡི་དོན། །བྱང་ཆུབ་དམ་པ་མཆོག་ཏུ་གང་ཞུགས་པའི། །ལུང་བསྟན་དེ་ནི་སུ་ཡི་ལགས་པར་འགྱུར། །སངས་རྒྱས་ཡེ་ཤེས་ལ་ནི་སུ་དམ་གནས། །བླ་མེད་སེམས་དེ་གནས་པ་སུ་ཡི་ལགས། །སུ་ཞིག་ཡེ་ཤེས་མཆོག་དམ་རེག་པར་འགྱུར། །འཁོར་བའི་སེམས་
ཅན་རྣམས་ཀྱང་འབྱིན་པར་འགྱུར། །དེ་ཚེ་བྱང་ཆུབ་སྙིང་པོར་ད་སུ་མཆིས། །བདུད་སྡེ་དཔུང་དང་བཅས་པ་འཇོམས་པར་འགྱུར། །བདུད་དཔུང་བཅས་པ་བཅོམ་ནས་ཉོན་མོངས་སྤོང་། །འཁོར་ལོ་དམ་པ་ཞི་བ་སྐོར་བར་འགྱུར། །ཡེ་ཤེས་མཉམ་མེད་དེ་ནི་སུ་ཡིར་འགྱུར། །དོན་རྒྱ་ཆེན་པོ་དེ་ནི་
སུ་ཡིར་འགྱུར། །དེ་ཚེ་ཕྱིར་ཞིང་འཁོར་ལོ་བསྐོར་བར་འགྱུར། །ཀུན་ནས་ཡེ་ཤེས་ཆགས་པ་མེད་པར་འགྱུར། །ཁྱུ་མཆོག་ཚིག་དེ་འདིར་ནི་འབྱིན་པར་འགྱུར། །དེ་ཚེ་ཚིག་བདེན་དེ་ནི་སུ་ཡིར་འགྱུར། །ཡེ་ཤེས་བདེན་པའི་ཐེ་ཚོམ་ཉིད་གྱུར་པའི། །སེམས་ཅན་ད་ལྟར་དེ་རིང་འབྱུང་མི་འགྱུར། །རྟག་
ཏུ་མཉམ་བཞག་སེམས་དེ་སུ་ཡིར་འགྱུར། །བྱང་ཆུབ་ཞི་བ་ལ་ནི་རེག་གྱུར་ཅིང་། །འདི་ལ་དུས་གསུམ་སེམས་ཅན་སེམས་མཁྱེན་ནས། །ཆོས་མཆོག་གྱ་ནོམ་པ་ནི་བཤད་དུ་གསོལ། །དེ་ཚེ་སུ་ཡི་ཆོས་དེ་བསྟན་པས་ན། །ལྷ་དང་བཅས་པའི་འཇིག་རྟེན་དེ་ཚིམ་འགྱུར། །མ་རྨོངས་རྣམ་པར་གནོན་
པ་སུ་ཡིར་འགྱུར། །གླང་ཆེན་ལྟ་སྟངས་ལྟ་བར་འགྱུར་བ་ལགས། །དགེ་འདུན་ཕལ་ཆེན་དེ་ནི་སུ་ཡིར་འགྱུར། །སུ་ཡིས་ཞིང་འདི་རྣམ་པར་སྦྱངས་པ་ལགས། །སུ་ཡིས་མི་ཁོམ་ཐམས་ཅད་སྤངས་ནས་སུ། །ཁོམ་ལྡན་མྱ་ངན་འདའ་ཞིང་འཚལ་བར་འགྱུར། །མཐུ་ཆེན་དོན་དེ་དག་ནི་ཞུ་ལགས་ན། །
เล่ม ๔๘ · หน้า 174b
འཇིག་རྟེན་མགོན་པོས་དེ་ཚེ་འཛུམ་བསྟན་ཅིང་། །འཇིག་རྟེན་འདྲེན་པ་བདག་ལ་དེ་ལུང་སྟོན། །ཐོས་ན་སྐྱེ་དགུ་དགའ་བར་འགྱུར་བ་ལགས། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་འཛུམ་པ་འདི་བསྟན་པ་ན་སློངས་མོ་
པ་རྣམ་པར་རྒྱལ་བ་སྲུང་བ་དང་། དེ་བཞིན་དུ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱད་ཅུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ངས་དེ་དག་ཐམས་ཅད་བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །དམིགས་པར་བྱ་བ་འདི་ནི་བཤད་པ་ན། །གང་དག་ཐེག་པ་མཆོག་ལ་རབ་ཞུགས་པ། །བྱེ་བ་ཁྲག་ཁྲིག་ཕྲག་ནི་བརྒྱད་ཅུར་ཚང་། །དེ་དག་རྣམས་ཀྱང་མི་མཆོག་
རྒྱལ་བར་འགྱུར། སློང་བ་རྣམ་པར་རྒྱལ་བ་སྲུང་འདི་ཡང་། །ང་ཡི་མདུན་དུ་འདུག་ནས་མཆོད་པར་བྱེད། །མཆོག་ཏུ་དགའ་བ་སྐྱེས་ཤིང་བར་སྣང་གནས། །བདག་ཀྱང་འདི་འདྲར་ང་ལ་ཕྱག་འཚལ་ལོ། །དེས་ནི་ལས་འདི་བྱས་པར་གྱུར་པས་ན། །ཕྱིན་ཆད་ནམ་ཡང་ལོག་པར་ལྟུང་མི་འགྲོ། །དེ་དང་དེར་ནི་
རྟག་ཏུ་དལ་བ་ཐོབ། སངས་རྒྱས་ཀྱང་ནི་དེ་ཡིས་རྟག་པར་མཐོང་། །དེ་དག་སེམས་ཅན་དམ་པ་མཆོག་མཐོང་ནས། །བྱང་ཆུབ་རྒྱུ་ཡི་ཕྱིར་ནི་མཆོད་པ་བྱེད། །དེ་ཚེ་མེ་ཏོག་སྤོས་དང་བྱུག་པ་དང་། །གདུགས་དང་རྒྱལ་མཚན་དག་གིས་མཆོད་པ་བྱེད། །དེ་བཞིན་ན་བཟའ་བསོད་སྙོམས་མཆོག་རྣམས་དང་། །
གཟིམས་ཆ་དག་དང་དེ་ཚེ་རྐྱེན་རྣམས་ཀྱིས། །རྒྱལ་བ་རྣམས་ལ་དེ་ནི་མཆོད་པ་བྱེད། །མཐར་གྱིས་དེར་ནི་སྤྱད་པ་སྤྱོད་བྱེད་ཅིང་། །བྱམས་པ་སེམས་ཅན་མཆོག་ལ་མཉེས་བྱས་ནས། །དེར་ནི་རྒྱལ་བ་རྣམས་ལ་མཆོད་བྱེད་ཅིང་། །ནོར་བུ་བྱེ་བ་ཁྲག་ཁྲིག་ཕྲག་བདུན་ཅུ། །བླ་མེད་བྱམས་པ་ལ་ནི་འབུལ་
བར་བྱེད། །དེ་ཚེ་ནོར་བུ་དག་གི་འོད་ཉིད་འབྱུང་། །དེ་ཡིས་དཔག་ཚད་བརྒྱད་ཅུ་ཁོ་ན་ཁྱབ། །དེ་ཚེ་ནོར་བུ་རྣམས་ཀྱི་འོད་འབྱུང་བ། །ནོར་བུ་དག་གི་འོད་དུ་ཁྱབ་པར་འགྱུར། །དེ་ཚེ་རིམ་གྲོ་པ་དག་བྱེ་བ་འབུམ། །དེ་སྙེད་ཀྱི་ནི་ཁྲི་ཡང་འབུལ་བར་བྱེད། །དེ་སྙེད་ཀྱི་ནི་ཁྲིའུའང་འབུལ་བར་འགྱུར། །གཙུག་
ที่มาและสัญญาอนุญาต
ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด