འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ

ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་ཀུ་ཤ་ལ་མཱུ་ལ་སཾ་པ་རི་གྲ་ཧ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๔๘ · หน้า 175a

ལག་ཁང་ཡང་དེ་སྙེད་བྱེད་པར་འགྱུར། །རིན་ཆེན་སྣ་བདུན་གྱི་ནི་བཀྲ་བ་བརྩིགས། །གཙུག་ལག་ཁང་རེ་རྒྱང་གྲགས་ཚད་དང་ལྡན། །རྟག་ཏུ་བྱམས་པ་ཉན་ཐོས་བཅས་པ་ལ། །རྒྱན་གྱིས་བརྒྱན་ཏེ་ངེས་པར་འབུལ་བར་བྱེད། །ཟླ་གསུམ་དེར་ནི་རྒྱལ་བ་བསྙེན་

བཀུར་བྱེད། །དགག་དབྱེ་བྱས་ནས་ལོ་བརྒྱར་འགྱུར་བ་ཡིན། །དེ་ཡང་དེ་ཚེ་རབ་ཏུ་བྱུང་བའི་ཚེ། །ཚངས་པར་སྤྱོད་པ་དམ་པ་སྤྱོད་པར་འགྱུར། །དགའ་བ་དང་ནི་གུས་པ་དེ་ཡིས་སུ། །དེར་ནི་རྒྱལ་བ་རྣམས་ལ་མཆོད་པ་བྱེད། །མཐར་གྱིས་བྱང་ཆུབ་སྤྱད་པ་སྤྱོད་པ་ན། །དུས་བཟང་བ་

ཡི་རྒྱལ་བ་ཐམས་ཅད་མཐོང་། །ཇི་ལྟར་གང་གཱའི་ཀླུང་གི་བྱེ་མ་སྙེད། །དེ་བས་ལྷག་པའི་སངས་རྒྱས་དེ་ཡིས་མཐོང་། །སངས་རྒྱས་དེ་དག་མཐོང་ནས་དད་པར་བྱེད། །འཕགས་པའི་ཡེ་ཤེས་དེ་ནི་སུ་མི་འདོད། །སེམས་དེའི་དད་པ་དེ་ནི་དེ་འདྲ་བ། །ཕྱོགས་ཙམ་ང་ཡིས་ད་ལྟ་བསྟན་

པ་ཡིན། །དེ་ཚེ་དེ་ཡི་ཡོན་ཏན་ཇི་འདྲ་བ། །ང་ཡིས་དཔེ་བསྟན་པར་ནི་ནུས་མ་ཡིན། །ཇི་ལྟར་གང་གཱའི་ཀླུང་གི་བྱེ་མ་སྙེད། །བསྐལ་པ་མང་པོར་དེ་ཚེ་འཁོར་ནས་སུ། །ཕྱིན་ཆད་དེ་ཡིས་ཐེག་པ་མཆོག་རེག་ཅིང་། །སྙིང་པོའི་ཚོགས་ཞེས་བྱ་བའི་རྒྱལ་བར་འགྱུར། །དེ་ཚེ་ཚེ་ནི་

བསྐལ་པ་སྟོང་ཐུབ་འགྱུར། །དེ་ཚེ་དེ་ཡི་ཞིང་གི་བཀོད་འབྱུང་བ། །དཔེར་ན་ལྷ་གནས་རི་རབ་རྩེ་མོ་བཞིན། །འཛམ་བུའི་གླིང་དེ་ཡང་ནི་དེ་འདྲར་འགྱུར། །རྒྱལ་བའི་སྙིང་པོའི་ཚོགས་ནི་དེ་སྙེད་ཀྱི། །ཉན་ཐོས་དེ་ཚེ་འདུས་པ་གང་ཡིན་པ། །ཇི་ལྟར་གང་གཱའི་ཀླུང་གི་བྱེ་མ་སྙེད། །

བྱེ་བ་ཁྲག་ཁྲིག་ཕྲག་ནི་མང་པོ་འབྱུང་། །དེ་བཞིན་དེ་ཚེ་འདུས་པ་འབྱུང་འགྱུར་བ། །ཇི་ལྟར་གང་གཱའི་ཀླུང་གི་བྱེ་མ་སྙེད། །དགྲ་བཅོམ་ཟག་པ་ཟད་ཅིང་ཉོན་མོངས་མེད། །དེ་ཚེ་དབང་གྱུར་རྫུ་འཕྲུལ་ཕ་རོལ་ཕྱིན། །ཤེས་རབ་འབྱུང་གནས་ཤཱ་རིའི་བུ་ཇི་བཞིན། །དྲི་བ་གཏན་ལ་

འབེབས་པར་ཡེ་ཤེས་འཕགས། །ཆོས་མངོན་མདོ་སྡེ་འདུལ་བ་རྣམས་ལ་མཁས། །ང་ཡིས་ཉན་ཐོས་མཆོག་ནི་ལུང་བསྟན་བཞིན། །དེ་བཞིན་གཤེགས་པ་སྙིང་པོའི་ཚོགས་ཉིད་ཀྱི། །འདུས་པ་དེ་ཚེ་ཉིས་གྱུར་འབྱུང་བར་འགྱུར། །དེ་དག་བྱང་ཆུབ་དམ་པ་མཆོག་ལ་ཞུགས། །

เล่ม ๔๘ · หน้า 175b

མ་ཕམ་ཞེས་བྱའི་བྱམས་པ་ཇི་བཞིན་ནོ། །དེ་དག་སྐྱེ་བ་གཅིག་གིས་ཐོགས་པའང་ཡིན། །བླ་མེད་བྱང་ཆུབ་ཏུ་ནི་དེ་ཚེ་འགྱུར། །དེ་ནས་ཤི་འཕོས་ཤི་བའི་དུས་བྱས་ནས། །ཞིང་གཞན་གཞན་དུ་དེ་དག་བྱང་ཆུབ་རྟོགས། །དཔའ་བ་དཔའ་བོ་བློ་གྲོས་བརྟན་རྣམས་ཀྱི། །འདུས་པ་དེ་བས་

ཀྱང་ནི་ལྷག་པར་འགྱུར། །དེ་ཚེ་ཐེག་མཆོག་བླ་ན་མེད་པར་ནི། །སྙིང་པོའི་ཚོགས་ཀྱི་སངས་རྒྱས་ལུང་སྟོན་འགྱུར། །དེ་བཞིན་གཤེགས་པ་མྱ་ངན་འདས་ནས་ཀྱང་། །དེ་ཚེ་ཆོས་ཚུལ་བསྐལ་པར་གནས་པར་འགྱུར། །དེ་ཡི་སྐུ་གདུང་རྒྱས་པར་འགྱུར་བ་ཡིན། །ང་ཡི་མྱ་ངན་འདས་

པའི་ཇི་བཞིན་ཏེ། །དེ་བཞིན་གཤེགས་པ་སྙིང་པོའི་ཚོགས་ཉིད་ཀྱི། །རིང་བསྲེལ་དེ་དག་དེ་ལྟར་འགྱུར་བ་ཡིན། །ཇི་ལྟར་སེམས་ཅན་མོས་པར་འགྱུར་བ་བཞིན། །དེ་ལྟ་དེ་ལྟར་སངས་རྒྱས་རིང་བསྲེལ་གནས། །དེ་ལ་རིན་ཆེན་ཞེས་བྱའི་མཆོད་རྟེན་དང་། །རྒྱལ་མཚན་ཀ་བ་དག་དང་སྟེགས་

བུ་དང་། །དྲིལ་བུ་དྲི་མ་མེད་པས་བརྒྱན་རྣམས་ཀྱིས། །འཛམ་བུའི་གླིང་ནི་བརྒྱན་པར་འགྱུར་བ་ཡིན། །སེམས་ཅན་གང་དག་མཆོད་རྟེན་དེར་འགྲོ་བ། །དེ་དག་མཆོད་རྟེན་ལ་ནི་མེ་ཏོག་འཐོར། །ནམ་མཁའ་ལ་ནི་མེ་ཏོག་གདུགས་སུ་འགྱུར། །དེ་ཚེ་རྫུ་འཕྲུལ་དེ་འདྲ་འབྱུང་བར་འགྱུར། །

དེར་ནི་ཇི་ལྟར་མོས་པའི་མི་རྣམས་ལ། །དེ་ཚེ་སངས་རྒྱས་སྐུ་ཡིས་འཛུམ་མཛད་འགྱུར། །མཆོད་རྟེན་ནང་ནས་སྟོན་པར་མཛད་འགྱུར་ཞིང་། །འཛུམ་པ་བསྟན་ནས་ནུབ་པར་མཛད་པར་འགྱུར། །གང་དག་སྤྱི་གཙུག་འོད་ནི་ནུབ་གྱུར་ན། །བདག་ཅག་བྱང་ཆུབ་ཕྱིར་ནི་ལུང་བསྟན་ཤེས། །གང་དག་

རྒྱལ་བའི་ཞལ་དུ་ཞུགས་གྱུར་ན། །བདག་ཅག་རང་རྒྱལ་བར་ནི་ལུང་བསྟན་ཤེས། །མཆོད་རྟེན་གྱི་ནི་ནང་གི་འདྲེན་པ་ཡི། །ལྟེ་བར་གང་ཚེ་འོད་ནི་ཞུགས་གྱུར་ན། །ལུང་བསྟན་དེ་དག་ཉིད་ཀྱིས་མྱ་ངན་འདས། །རྫུ་འཕྲུལ་དེ་འདྲར་འགྱུར་བར་བདག་གིས་ཤེས། །རྒྱལ་བའི་བྱིན་གྱིས་རླབས་ནི་

བསྐལ་པར་འབྱུང་། །དེ་ཡི་འོག་ཏུ་ཐམས་ཅད་རྒྱུན་ཆད་འགྱུར། །འཁོར་བར་གཏོགས་ལ་རྟག་པ་ཡོད་མ་ཡིན། །སངས་རྒྱས་བསྟན་པ་འདི་ལ་མི་རྟག་སྟོང་། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་

เล่ม ๔๘ · หน้า 176a

འདས་སློངས་མོ་པ་རྣམ་པར་རྒྱལ་བ་སྲུང་བ་བརྙས་པའི་ཚུལ་དུ་ཡང་གདའ་ལ། བརྙས་པ་མ་ལགས་པའི་ཆོས་དང་ལྡན་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་དེ་ལྟ་བུའི་སེམས་ཅན་ལ་སུ་ཞིག་བརྙས་པར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་

ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་མ་གཏོགས་པར་སེམས་ཅན་དེ་ལྟ་བུ་ལ་སུ་ཞིག་བརྙས་པར་འགྱུར། ཤ་ར་དྭ་ཏིའི་བུ་ངས་ཀྱང་དེ་ལ་དགོངས་ནས། དེ་བཞིན་གཤེགས་པ་མ་གཏོགས་པར་

གང་ཟག་གིས་གང་ཟག་གི་ཚད་གཟུང་བར་མི་ནུས་སོ། །ཞེས་བྱ་བའི་ཚིག་གསུངས་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། འོ་ན་སྔོན་སློངས་མོ་པ་རྣམ་པར་རྒྱལ་བ་སྲུང་བ་ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། དྲི་ཟ་རྣམས་དང་། མིའམ་ཅི་རྣམས་དང་། ལྟོ་

འཕྱེ་ཆེན་པོ་རྣམས་དང་། མི་རྣམས་དང་། མི་མ་ཡིན་པ་རྣམས་ཀྱིས་ཕྱག་བྱ་བའི་འོས་སུ་གྱུར་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རེ་ཞིག་གང་གི་ཚེ་སློངས་མོ་པ་རྣམ་པར་རྒྱལ་བ་སྲུང་བས་བླ་ན་མེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེའི་ཚེ། དེ་ཕྱག་བགྱི་བའི་འོས་དང་། མཆོད་པ་བགྱི་བའི་འོས་དང་། འདུད་པར་བགྱི་བའི་འོས་སུ་གྱུར་པའི་སླད་དུ་སྟེ། བཅོམ་ལྡན་འདས་ད་ལྟར་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཕྱག་བགྱི་བའི་འོས་སུ་གྱུར་པ་ལགས་སོ། །དེ་སྐད་ཅེས་གསོལ་པ་

དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པའི་ཐོགས་པ་མེད་པའི་ཡེ་ཤེས་དེ་ནི་ཉན་ཐོས་དང་། རང་སངས་རྒྱས་རྣམས་དང་ཐུན་མོང་མ་ཡིན་པའོ། །ཤ་ར་དྭ་ཏིའི་བུ་དེ་ལྟ་བས་ན། ངའི་ཉན་ཐོས་དེ་ལྟ་བུའི་

རྗེས་སུ་བསྟན་པ་གུས་པར་ཉན་འདོད་པ། སེམས་ཅན་རྣམས་ལ་ཆོས་སྟོན་པ་རྣམས་ཀྱིས་ནི་ཐོག་མ་ཉིད་དུ་ངའི་ཡེ་ཤེས་ཀྱི་ཡོན་ཏན་ཉིད་ཡོངས་སུ་བསྒྲགས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཅི་ནས་ཀྱང་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཡོན་ཏན་ཡོངས་སུ་བསྒྲགས་པ་ཐོས་ནས། སངས་རྒྱས་

เล่ม ๔๘ · หน้า 176b

ཀྱི་ཡེ་ཤེས་དེ་ཉིད་ལ་སེམས་གཏོད་པར་བྱེད་དེ། དེ་ལྟར་ན་སངས་རྒྱས་ཀྱི་ཚུལ་རྒྱུན་མི་འཆད་པར་འགྱུར་བའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་སེམས་ཅན་གང་དག་གཞན་ལ་ཕན་པའི་ཕྱིར་ཞུགས་པ་དེ་དག་ཉུང་ངོ་། །ཤ་ར་དྭ་ཏིའི་བུ་སེམས་ཅན་གང་དག་གཞན་ལ་ཕན་པ་དང་། བདག་ལ་ཕན་པའི་ཕྱིར་

ཞུགས་པ་དེ་དག་ནི་རབ་ཏུ་དཀོན་ནོ། །མཆོག་ཏུ་རབ་ཏུ་དཀོན་ནོ། །ཤ་ར་དྭ་ཏིའི་བུ་ཡང་གང་དག་གཞན་ལ་ཕན་པའི་ཕྱིར་དང་བདག་ལ་ཕན་པའི་ཕྱིར་ཞུགས་པ་དག་ལྟ་ཞོག་གི །ཤ་ར་དྭ་ཏིའི་བུ་སེམས་ཅན་གང་དག་བདག་དང་གཞན་ལ་ཕན་པའི་ཕྱིར་ཞུགས་པ་དེ་དག་ནི་དཀོན་ནོ། །མཆོག་ཏུ་རབ་

ཏུ་དཀོན་ནོ། །ཤ་ར་དྭ་ཏིའི་བུ་བྱིས་པ་ལོག་པར་འཛིན་པ་དག་ནི་བདག་ལ་ཕན་པར་བྱའོ་སྙམ་ན་ཡང་མི་ཕན་པ་ཁོ་ན་སྟེན་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་གང་གཞན་ལ་མི་ཕན་པའམ། ཉེས་དམིགས་སམ། རྣམ་པར་ཐོ་འཚམ་པ་བྱས་ཤིང་། རྣམ་པར་འཚེ་བ་ཡང་བྱས་པས་

ནི་དེ་ལ་ཕན་པ་དང་ཉེས་དམིགས་མེད་པ་དང་། རྣམ་པར་མི་འཚེ་བ་དང་། རྣམ་པར་ཐོ་མི་འཚམ་པར་འགྱུར་བ་ངས་མ་མཐོང་མ་ཐོས་པའི་ཕྱིར་ཏེ། དེ་ནི་གནས་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་ལྟ་བས་ན། གང་དག་བདག་ལ་ཕན་པའི་ཕྱིར་ཞུགས་པའི་སེམས་ཅན་དེ་དག་ནི་དཀོན་ནོ། །སེམས་ཅན་དེ་དག་ནི་

མཆོག་ཏུ་རབ་ཏུ་དཀོན་ནོ། །གང་དག་བདག་ལ་ཕན་པའི་ཕྱིར་དང་། གཞན་ལ་ཕན་པའི་ཕྱིར་ཞུགས་པའི་སེམས་ཅན་དེ་དག་ཀྱང་མཆོག་ཏུ་རབ་ཏུ་དཀོན་ནོ། །ཤ་ར་དྭ་ཏིའི་བུ་དེ་ལྟ་བས་ན། སེམས་ཅན་གང་ལ་ལས་བསྟིང་བ་བྱས་ཤིང་བཤུང་བ་བྱེད་ན། ཤ་ར་དྭ་ཏིའི་བུ་སེམས་ཅན་དེ་ལྟ་བུ་དེ་དག་ནི་

བདག་ལ་ཕན་པ་དང་། གཞན་ལ་ཕན་པའི་ཕྱིར་ཞུགས་པ་མ་ཡིན་ཏེ། །ཤ་ར་དྭ་ཏིའི་བུ་གང་ཟག་དེ་ལྟ་བུ་དེ་དག་ནི་མི་རིགས་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་ཡང་མི་བླུན་པོ་དེ་དག་ནི་ལམ་ངན་པར་ཞུགས་པ་ཡིན་གྱི། དེ་དག་བདག་ལ་ཕན་པའི་ཕྱིར་དང་། གཞན་ལ་ཕན་པའི་ཕྱིར་ཞུགས་པ་ནི་མ་ཡིན་ནོ། །

མི་རིགས་པ་དང་ལྡན་པ་དེ་ལྟ་བུ་དེ་དག་ནི་རབ་ཏུ་རྣམ་པར་འཇིག་པ་བརྒྱད་རྗེས་སུ་འཐོབ་སྟེ། བརྒྱད་གང་ཞེ་ན། ཉེ་དུ་རབ་ཏུ་རྣམ་པར་འཇིག་པ་དང་། ཡུལ་རབ་ཏུ་རྣམ་པར་འཇིག་པ་དང་། ལོངས་སྤྱོད་རབ་ཏུ་རྣམ་པར་འཇིག་པ་དང་། མེའི་རབ་ཏུ་རྣམ་པར་འཇིག་པ་དང་། རྒྱལ་པོའི་རབ་ཏུ་རྣམ་པར་འཇིག་པ་དང་། སྐྱེ་མཆེད་

เล่ม ๔๘ · หน้า 177a

ཀྱི་རབ་ཏུ་རྣམ་པར་འཇིག་པ་དང་། སེམས་ཅན་དམྱལ་བའི་རབ་ཏུ་རྣམ་པར་འཇིག་པ་རྗེས་སུ་འཐོབ་པ་དང་། སེམས་ཅན་དམྱལ་བའི་སྲུང་མའི་རབ་ཏུ་རྣམ་པར་འཇིག་པ་རྗེས་སུ་འཐོབ་པ་སྟེ། རབ་ཏུ་རྣམ་པར་འཇིག་པ་ཆེན་པོ་བརྒྱད་པོ་དེ་དག་རྗེས་སུ་འཐོབ་བོ། །ཡང་མི་བདེ་བ་

ཆེན་པོ་བརྒྱད་རྗེས་སུ་འཐོབ་སྟེ། བརྒྱད་གང་ཞེ་ན། སེམས་ཅན་དམྱལ་བར་སྐྱེ་བའི་མི་བདེ་བ་ཉིད་རྗེས་སུ་འཐོབ་པ་ཡིན། དུད་འགྲོའི་སྐྱེ་གནས་ཀྱི་མི་བདེ་བ་ཉིད་རྗེས་སུ་འཐོབ་པ་ཡིན། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བའི་མི་བདེ་བ་ཉིད་རྗེས་སུ་འཐོབ་པ་ཡིན། གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ན་ཡང་དེ་

དག་ཡུལ་མཐའ་འཁོབ་ཏུ་སྐྱེ་བ་ཡོངས་སུ་འཛིན་ཅིང་དེར་ཡང་ལོང་བ་དང་། འོན་པ་དང་། ཞར་བ་དང་། ལག་སོར་རྡུམ་པོ་དང་། གཞོགས་ཕྱེད་ཉམས་པར་འགྱུར་ཞིང་ནད་ཀྱི་རྣམ་པ་དྲག་པོ་གང་ཡང་རུང་བ་དག་གིས་བཏབ་པར་འགྱུར་ཏེ། མི་བདེ་བ་དེ་རྗེས་སུ་འཐོབ་པ་ཡིན། གལ་ཏེ་འཚམ་པའི་ཡུལ་དུ་

སྐྱེ་བར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེས་ན་ཡང་དེ་དག་མི་ཡོན་པོ་དང་། མི་སུན་འབྱིན་པ་དང་། མི་དམུ་རྒོད་དང་། བུད་མེད་དང་། གནས་པ་དང་། གཅེར་བུ་པའི་སྤྱོད་ཡུལ་པ་དང་། མུ་སྟེགས་ཅན་གཞན་གྱི་སྨྲ་བ་དང་འདྲེས་པ་དང་། ལོག་པར་ལྟ་བ་དང་། སྡིག་པ་ཀུན་ཏུ་སྤྱོད་པ་

དང་། མི་གཙང་བའི་ལུས་ཀྱི་ལས་དང་ལྡན་པ་དང་། མི་གཙང་བའི་ངག་གི་ལས་དང་། མི་གཙང་བའི་ཡིད་ཀྱི་ལས་དང་ལྡན་པ་དག་ཏུ་འགྱུར་ཞིང་། འཕགས་པ་རྣམས་ཀྱི་ཕྱིར་བསྒྱུར་དུ་མི་རུང་བར་འགྱུར་ཏེ་མི་བདེ་བ་དེ་ཡང་རྗེས་སུ་འཐོབ་པ་ཡིན། གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ན་ཡང་དེར་

དེ་བཞིན་གཤེགས་པ་འབྱུང་བར་མི་འགྱུར་ཞིང་། གང་གི་ནུབ་མོ་དེ་བཞིན་གཤེགས་པ་འབྱུང་བ་དེ་ཉིད་ཀྱི་ནུབ་མོ་དེ་འཆི་བའི་དུས་བྱེད་ཅིང་མངོན་སུམ་དུ་གནས་པ་མི་འཐོབ་སྟེ། མི་བདེ་བ་ཆེན་པོ་དེ་ཡང་རྗེས་སུ་འཐོབ་པ་ཡིན་ཏེ། མི་བདེ་བ་ཆེན་པོ་བརྒྱད་པོ་དེ་དག་རྗེས་སུ་འཐོབ་བོ། །གལ་ཏེ་སེམས་

ཅན་དམྱལ་བ་ཆེན་པོ་དག་ཏུ་སྐྱེས་ན་དེར་དེ་དག་ལུས་ཆེན་པོ་དང་། ལུས་རྒྱ་ཆེན་པོར་འགྱུར་ཏེ། དེར་གནོད་པ་ཆེན་པོ་དག་ཉམས་སུ་མྱོང་བར་འགྱུར་བ་ཡིན། གལ་ཏེ་དུད་འགྲོ་དག་ཏུ་སྐྱེས་ན་ཡང་དེ་དག་ལུས་ཆེན་པོ་དང་། ལུས་རྒྱ་ཆེན་པོ་དང་། ཁམ་ཆེན་པོ་དང་། གསོ་དཀའ་བར་འགྱུར་

เล่ม ๔๘ · หน้า 177b

ཏེ། གང་དུ་སྐྱེས་པ་དེར་ཡང་སྡིག་པའི་ལས་ཆེས་མང་པོ་དག་མངོན་པར་འདུ་བྱེད་པར་འགྱུར་བ་ཡིན། དེར་སྐྱེས་པ་དག་ཀྱང་ཉའམ། ཆུ་སྲིན་ནམ། སྲམ་མམ། ཆུ་སྲིན་བྱིས་པ་གསོད་དམ། ཉ་མིད་ཀྱི་ཉ་ཞེས་བྱ་བར་འགྱུར་ཏེ། སེམས་ཅན་རྣམས་ཀྱིས་དེ་དག་མཆིལ་པས་བཟུང་ལ་མངོན་དུ་བཏེག་ནས།

ལུས་ཀྱི་སྲོག་གཅོད་པར་བྱེད་ལ་བཅད་ཅིང་བརྡུངས་ཏེ་རྣམ་པར་གཙེ་བར་བྱེད་ཀྱང་། དེ་ཙམ་གྱིས་ཀྱང་འཆི་བའི་དུས་ནི་མི་བྱེད་ལ། དེ་དག་གི་ལུས་དེ་འཕེལ་བར་འགྱུར་ཞིང་སྡུག་བསྔལ་གྱི་ཚོར་བ་རྣམ་པ་སྣ་ཚོགས་དུ་མ་ཉམས་སུ་མྱོང་ཡང་དེ་ཙམ་གྱིས་ཀྱང་འཆི་བའི་དུས་མི་བྱེད་པ་ཡིན། དེ་ལས་གཞན་པའི་སྐྱེ་

གནས་སུ་སྐྱེས་ན་ཡང་དེར་དེ་དག་རྔ་མོའམ། གླང་ངམ། བོང་བུའམ། བྱ་གག་གམ། ཕག་ཏུ་འགྱུར་ཏེ། གལ་ཏེ་དེ་དག་རྔ་མོའམ། གླང་དུ་གྱུར་ན་དེ་དག་སྣ་ཕུག་ནས་ཁལ་གྱིས་གཟིར་ཅིང་དབྱུག་པ་བརྒྱས་བརྒྱབ་ནས་ལམ་དུ་ཁྲིད་པར་འགྱུར་ལ། དེ་དག་འཁང་ཞིང་ཤིན་ཏུ་སྐྱོ་བས་ཁལ་དེ་ཁྱེར་བར་བྱེད་

དེ། དེ་དག་ལ་སྐྱབས་གང་ཡང་མེད་དོ། །གང་གི་ཚེ་ཁལ་གྱིས་གཟིར་ཅིང་ལུས་ཉམ་ཆུང་བར་གྱུར་པ་དེའི་ཚེ་ཡང་སྲོག་དང་བྲལ་བར་བྱེད་ཅིང་། སྲོག་དང་ཕྲལ་ནས་ཀྱང་དེ་ཉིད་ཀྱི་ཤ་ཟ་ཞིང་འདི་སྐད་དུ་ལུས་རྒྱ་ཆེན་པོ་དང་། ལེ་ལོ་ཅན་དང་། གསོ་དཀའ་བ་དང་། ཁམ་ཆེན་པོ་དང་། བྱ་བ་མི་ནུས་པ་ཡིན་

ནོ་ཞེས་ཟེར་རོ། །ཤ་ར་དྭ་ཏིའི་བུ་སྡིག་པའི་ལས་བྱས་ཤིང་བསགས་པའི་འབྲས་བུ་མི་འདོད་ཅིང་ཡིད་དུ་མི་འོང་བ་ཇི་སྙེད་ཅིག་མངོན་པར་འགྲུབ་པར་འགྱུར་བ་ལ་ལྟོས། ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པས་མི་དགེ་བ་ལས་དེའི་རྣམ་པར་སྨིན་པ་ནི་བསྐལ་པའམ། བསྐལ་པ་ལས་ལྷག་པར་གསུངས་ཀྱང་ཟད་

པར་ནི་མི་འགྱུར་རོ། །ཤ་ར་དྭ་ཏིའི་བུ་མདོར་ན་གང་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་ལ་བར་ཆད་བྱ་བའི་ཕྱིར་འཇུག་པ་དེ་ལ་ནི། ཤ་ར་དྭ་ཏིའི་བུ་མྱ་ངན་ལས་འདས་པར་འགྲོ་བ་མེད་ཅིང་དལ་བ་ཕུན་སུམ་ཚོགས་པ་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་ལྟ་བས་ན་ཁྱེད་ཅག་གིས་བདག་ཉིད་སྐྱབས་ཤིང་དལ་བ་ཕུན་སུམ་

ཚོགས་པ་ཐོབ་བོ། །ཤ་ར་དྭ་ཏིའི་བུ་བཞི་པོ་འདི་དག་ནི་སྐྱབས་ཡིན་ཏེ། བཞི་གང་ཞེ་ན། ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པ་ནི་སེམས་ཅན་འཇིགས་པས་གཟིར་བ་རྣམས་ཀྱི་སྐྱབས་ཡིན། ཤ་ར་དྭ་ཏིའི་བུ་འཕགས་པའི་ལམ་ནི་སེམས་ཅན་ལམ་ངན་པར་ཞུགས་པ་རྣམས་ཀྱི་སྐྱབས་ཡིན། ཤ་ར་དྭ་ཏིའི་བུ་དྲན་པ་ཉེ་བར་གཞག་པ་

เล่ม ๔๘ · หน้า 178a

རྣམས་ནི་སྡིག་པའི་ལས་མངོན་པར་འདུ་མི་བྱ་བའི་སྐྱབས་ཡིན། ཤ་ར་དྭ་ཏིའི་བུ་བྱང་ཆུབ་ཀྱི་སེམས་ནི་མི་ཁོམ་པ་ཐམས་ཅད་རྣམ་པར་སྤོང་བ་ཉིད་ཀྱི་སྐྱབས་ཡིན་ཏེ། ཤ་ར་དྭ་ཏིའི་བུ་བཞི་པོ་དེ་དག་ནི་སྐྱབས་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བཞི་པོ་འདི་དག་ནི་བདེ་བ་ཡིན་ཏེ། བཞི་གང་ཞེ་ན། དེ་བཞིན་

གཤེགས་པ་མཐོང་བ་ཡིན། དལ་བ་ཕུན་སུམ་ཚོགས་པ་ཡིན། དེ་བཞིན་གཤེགས་པས་རབ་ཏུ་བསྟན་པའི་ཆོས་འདུལ་བ་ལ་དད་པ་རྙེད་པ་ཡིན། ལྟ་བ་དྲང་པོ་དང་ཕུན་སུམ་ཚོགས་པ་ཡིན་ཏེ། ཤ་ར་དྭ་ཏིའི་བུ་བཞི་པོ་དེ་དག་ནི་བདེ་བ་ཆེན་པོ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བཞི་པོ་འདི་དག་ནི་ནད་མེད་པ་ཡིན་ཏེ།

བཞི་གང་ཞེ་ན། འབྱུང་བ་ཆེན་པོ་རྣམས་ཀྱི་ཁམས་སྙོམས་པ་ཉིད་ནད་མེད་པ་ཡིན། ཡང་དག་པའི་ལྟ་བར་སེམས་དྲང་པོ་ཉིད་ནད་མེད་པ་ཡིན། དེ་བཞིན་གཤེགས་པའི་བསྟན་པ་ལ་དད་པ་རྙེད་ཅིང་ཕུན་སུམ་ཚོགས་པའི་བདེ་བ་ཐམས་ཅད་རྙེད་པ་ཉིད་ནད་མེད་པ་ཡིན། སེམས་ཅན་གྲངས་མེད་དཔག་ཏུ་མེད་

པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྙེད་ཅིང་ཉོན་མོངས་པ་རྣམ་པར་འཇོམས་པ་ཉིད་ནད་མེད་པ་ཆེན་པོ་ཡིན་ཏེ། ཤ་ར་དྭ་ཏིའི་བུ་བཞི་པོ་དེ་དག་ནི་ནད་མེད་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བཞི་པོ་འདི་དག་ནི་རེ་བ་ཡིན་ཏེ། བཞི་གང་ཞེ་ན། ནད་པ་འཚོ་བར་རེ་བ་དང་། བགྲེས་པ་

ཟས་རེ་བ་དང་། སྡུག་བསྔལ་ཞིང་སྡུག་བསྔལ་གྱིས་གཟིར་བ་བདེ་བ་ལ་མངོན་པར་དགའ་བའི་རེ་བ་དང་། དགོན་པ་ཆེན་པོའི་ལམ་དུ་ཞུགས་པ་བདེ་བར་རེ་བ་ཡིན་ཏེ། ཤ་ར་དྭ་ཏིའི་བུ་བཞི་པོ་དེ་དག་ནི་རེ་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བཞི་པོ་འདི་དག་ནི་གང་ལ་ལྷག་པར་ཞེན་པའི་སེམས་ཅན་རྣམས་ངན་སོང་དུ་འགྲོ་

བར་འགྱུར་བའི་ལྷག་པར་ཞེན་པ་ཡིན་ཏེ། བཞི་གང་ཞེ་ན། ལུས་ལ་ལྷག་པར་ཞེན་པ་དང་། སྲོག་ལ་ལྷག་པར་ཞེན་པ་དང་། ལོངས་སྤྱོད་ལ་ལྷག་པར་ཞེན་པ་དང་། འདོད་པ་ལ་ལྷག་པར་ཞེན་པ་ཡིན་ཏེ། ཤ་ར་དྭ་ཏིའི་བུ་བཞི་པོ་དེ་དག་ནི་གང་ལ་ལྷག་པར་ཞེན་པའི་སེམས་ཅན་རྣམས་ངན་སོང་དུ་འགྲོ་བར་

འགྱུར་བ་ལྷག་པར་ཞེན་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བདུན་པོ་འདི་དག་ནི་གནས་ཡིན་ཏེ། བདུན་གང་ཞེ་ན། མ་ཞུ་བའི་གནས་དང་། ཞུ་བའི་གནས་དང་། བད་ཀན་གྱི་གནས་དང་། མཁྲིས་པའི་གནས་དང་། རླུང་གི་གནས་དང་། ལྟ་བའི་གནས་དང་། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། འདོད་པ་ལ་ལྷག་པར་ཞེན་པ་འདི་

เล่ม ๔๘ · หน้า 178b

ཡང་གནས་ཆེན་པོ་ཡིན་ཏེ། ཤ་ར་དྭ་ཏིའི་བུ་གང་འདོད་པ་ལ་ལྷག་པར་ཞེན་པ་དེ་ནི་མཁྲིས་པ་དང་། བད་ཀན་དང་། སྣབས་དང་། རྣག་ཁྲག་དང་། གཅིན་དང་། ཕྱི་ས་དང་། ཤ་དང་། རྒྱུས་པ་དང་། རུས་པ་དང་། ཁྲག་དང་། གཞུངས་པ་ལ་རྟེན་པ་ཡིན་ནོ། །ཡང་དེའི་ཚེ་ཁྱིམ་

བདག་རྣམ་པར་རྒྱལ་བ་སྲུང་བ་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ། །དེའི་སྐྱེ་དགུའི་བདག་མོ་ནི་གཟུགས་དང་ལྡན་མ་ཞེས་བྱ་སྟེ། གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པའོ། །དེ་ནས་ཁྱིམ་བདག་རྣམ་པར་རྒྱལ་བ་

སྲུང་བ་དེ་ལ་ཡིད་ལྷག་པར་ཆགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདོད་པའི་གནས་གང་ལགས་པ་དེ་ནི་བཤང་གཅིའི་གནས་སོ་ཞེས་དེ་སྐད་བཀའ་མི་སྩལ་དུ་གསོལ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གི་སྐྱེ་དགུའི་བདག་མོ་ནི་

གཟུགས་ལྡན་མ་ཞེས་བགྱི་སྟེ། བཅོམ་ལྡན་འདས་དེ་ལ་ནི་བཤང་བའང་མ་མཆིས། གཅི་བའང་མ་མཆིས་པའི་སླད་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དེའི་ལྷག་པའི་བསམ་པ་ཐུགས་སུ་ཆུད་ནས། ཁྱིམ་བདག་དེའི་ཆུང་མ་བུད་མེད་གཟུགས་ལྡན་མ་ཇི་འདྲ་བ་དེ་འདྲ་

བ་ཞིག་མངོན་པར་སྤྲུལ་ཏོ། །ཁྱིམ་བདག་དེས་མཐོང་སྟེ་མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། བདག་གི་ཆུང་མ་བྱ་བ་ཅི་ལ་འདིར་ཕྱིན་ཅིག་གུ་སྙམ་ནས། དེ་རང་གི་སྐྱེ་དགུའི་བདག་མོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། རང་གི་སྐྱེ་དགུའི་བདག་མོ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཅིའི་

ཕྱིར་འཁོར་འདིར་འོངས། དེས་སྨྲས་པ། ཁྱིམ་བདག་བདག་དེ་བཞིན་གཤེགས་པ་ལ་ཆོས་ཉན་དུ་འོངས་སོ། །དེ་ནས་ཁྱིམ་བདག་རྣམ་པར་རྒྱལ་བ་སྲུང་བས། རང་གི་ཆུང་མའི་ལག་པ་ནས་བཟུང་ནས། རང་གི་གོས་ཀྱི་གྲྭར་འདུག་ཏུ་བཅུག་སྟེ། ཁྱིམ་བདག་རྣམ་པར་རྒྱལ་བ་སྲུང་བ་དང་།

ཆུང་མ་གཟུགས་ལྡན་མ་གཉི་ག་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་ཇི་ལྟ་བུ་མངོན་པར་འདུ་བྱ་བ་མངོན་པར་འདུ་མཛད་པས་གོས་ཀྱི་གྲྭ་དེ་ལ་བུད་མེད་དེས་བཤང་བ་བྱས་པ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་མཛད་དོ། །དེ་ནས་ཁྱིམ་བདག་རྣམ་པར་རྒྱལ་བ་སྲུང་བ་

เล่ม ๔๘ · หน้า 179a

བཤང་བའི་དྲི་དེ་མི་བཟོད་ནས་སོར་མོ་དག་གིས་སྣ་བཀག་སྟེ། ཁ་ཕྱིར་ཕྱོགས་ཤིང་རྣམ་པར་བལྟས་སོ། །དེའི་ཚེ་ཁྱིམ་བདག་རྣམ་པར་རྒྱལ་བ་སྲུང་བའི་གཡས་ལོགས་ན་ཤཱཀྱའི་བུ་དགའ་བོ་ཞེས་བྱ་བ་འདུག་པར་གྱུར་ཏོ། །དེ་ནས་ཤཱཀྱའི་བུ་དགའ་བོས་ཁྱིམ་བདག་རྣམ་པར་

རྒྱལ་བ་སྲུང་བ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་ཁྱོད་ཅིའི་ཕྱིར་སྣ་བཀག་ནས་ཁ་ཕྱིར་ཕྱོགས་ཏེ་འདུག །དེ་ནས་ཁྱིམ་བདག་རྣམ་པར་རྒྱལ་བ་སྲུང་བས་ཤཱཀྱའི་བུ་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་གནས་འདི་ན་བཤང་བའི་དྲི་ཆེན་པོ་ཡོད་དེ། ཁྱོད་ཀྱང་ཐག་མི་རིང་བ་ན་

གནས་ནམ་མཐོང་ངམ། དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་ཇི་ལྟ་བུ་མངོན་པར་འདུ་བྱ་བ་མངོན་པར་འདུ་མཛད་པས། ཅི་ནས་ཤཱཀྱའི་བུ་དགའ་བོ་དང་འཁོར་བཞི་པོས་སྐྱེ་དགུའི་བདག་མོ་གཟུགས་ལྡན་མས་གོས་ཀྱི་གྲྭ་དེ་ལ་བཤང་བ་བྱས་པ་མཐོང་བ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་

མངོན་པར་འདུ་མཛད་དོ། །དེ་ནས་ཤཱཀྱའི་བུ་དགའ་བོས་ཁྱིམ་བདག་རྣམ་པར་རྒྱལ་བ་སྲུང་བ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་ཁྱོད་ཉིད་ཀྱི་སྐྱེ་དགུའི་བདག་མོས་གོས་ཀྱི་གྲྭ་ལ་བཤང་བ་བྱས་པ་ལ་ལྟོས། དེ་ནས་ཁྱིམ་བདག་རྣམ་པར་རྒྱལ་བ་སྲུང་བས་ཤཱཀྱའི་བུ་ནགས་སྦྱིན་ལ་འདི་སྐད་

ཅེས་སྨྲས་སོ། །ནགས་སྦྱིན་གང་ཁོ་བོའི་ཆུང་མས་བཤང་བའམ། གཅི་བ་བྱས་པ་དེ་སྙམ་དུ་སེམས་པ་དེ་ནི་ཐེ་ཙོམ་ཟོས་ནས་རྣམ་པར་ལྟ་བར་བྱེད་ཀྱི་ཁོ་བོ་ནི་དེ་སྙམ་དུ་མི་སེམས་ན། དེ་ཇི་ལྟར་ཁོ་བོས་རྣམ་པར་བལྟ་བར་བྱ། བཙུན་པ་བདག་སེམས་པ་ལྟར་ན་ཁྱོད་ཀྱིས་བཤང་བ་ཁྱེར་ཏེ་འོངས་

པ་སྙམ་བྱེད་དོ། །དེ་ནས་ཤཱཀྱའི་བུ་དགའ་བོ་ཤས་ཆེར་ཁྲོས་འཁྲུགས་རྔམ་སྟེ། སྟན་ལས་ལངས་ནས་ཁྱིམ་བདག་རྣམ་པར་རྒྱལ་བ་སྲུང་བ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་ཁྱོད་ནི་ལྷགས་པར་ཆགས་པ་ཡིན་ཏེ། ཁྱོད་ཀྱི་མིང་ཁྱིམ་བདག་བཤང་བ་ཞེས་བྱ་བར་གདགས་སོ། །

ཁྱིམ་བདག་ཁྱོད་ཀྱིས་རང་གི་ཆུང་མ་ལ་ལག་པ་གཉི་གས་བཟུང་ནས་རང་གི་གོས་ཀྱི་གྲྭ་ལ་འདུག་ཏུ་མ་བཅུག་གམ། ཁྱིམ་བདག་དེ་ཉིད་ཀྱིས་ད་ལྟར་གནས་སྐབས་དེ་བྱས་པར་མ་གྱུར་ཏམ། དྲི་འབྱུང་བ་འདི་ཁྱོད་ཀྱིས་མངོན་སུམ་དུ་གྱིས་ཤིག །དེ་ལྟ་བས་ན་ཁྱིམ་བདག་ཁྱོད་ནི་ལྷག་པར་

เล่ม ๔๘ · หน้า 179b

ཆགས་པ་ཡིན། ལྷག་པར་ཁ་དྲག་པ་ཡིན་ཏེ། ཁྱོད་ཀྱི་མིང་ཁྱིམ་བདག་བཤང་བ་ཞེས་བྱ་བར་གདགས་སོ། །གང་ཁྱོད་བཤང་བའི་ནང་ན་གནས་ཤིང་། གཞན་དག་ལ་སྐུར་པ་འདེབས་པར་བྱེད་པ་ནི་རྣམ་པར་རྒྱལ་བ་སྲུང་བ་མ་ཡིན་ནོ། །ཁྱིམ་བདག་འཁོར་འདི་ནས་སོང་ཤིག་ཁྱིམ་བདག་སླར་

སོང་ཤིག ། ཁྱིམ་བདག་འཁོར་འདི་ནས་མི་སྣང་བར་གྱིས་ཤིག །ཁྱིམ་བདག་རྣམ་པར་མི་སྣང་བར་གྱིས་ཤིག །དེ་ནས་ཁྱིམ་བདག་དེས་ཆུང་མ་དེ་ལ་ལག་པ་ནས་བཟུང་ནས་འདི་སྐད་ཅེས་སྨྲས་སོ། །གཡོ་སྦེད་མ་ཁྱོད་ཇི་ལྟར་ན་ངའི་གོས་ཀྱི་གྲྭར་བཤང་བ་བྱ་བར་སེམས། དེས་སྨྲས་པ། ཁྱིམ་བདག་

གང་གིས་བཤང་བའི་སྣོད་བླངས་ནས་རང་གི་གོས་ཀྱི་གྲྭ་ལ་འདུག་ཏུ་བཅུག་པ་དེ་ནི་དེ་ལྟར་འགྱུར་རོ། །དེ་ནས་ཁྱིམ་བདག་རྣམ་པར་རྒྱལ་བ་སྲུང་བ་སྐྱོ་བར་གྱུར་ནས། བཤང་བའི་གོང་བུ་དེ་ས་ལ་དོར་བར་བྱའོ་སྙམ་ན་ཡང་མ་ནུས་ལ། ཕྱིར་ཞིང་ཡན་ལག་དང་ཉིང་ལག་དག་བསྐུས་པར་ཡང་གྱུར་ཏེ། དེས་ཤཱཀྱའི་

གཞོན་ནུ་ནགས་སྦྱིན་ལ་སྨྲས་པ། བཙུན་པ་གང་གིས་བདག་བཤང་བའི་དྲི་འདི་ལས་ཡོངས་སུ་ཐར་བར་འགྱུར་བའི་རིགས་པ་འདི་ན་ཅི་ཡོད། ནགས་སྦྱིན་གྱིས་སྨྲས་པ། ཁྱིམ་བདག་ཁྱོད་འདི་དང་གཞན་ལས་ཀྱང་ཡོངས་སུ་ཐར་བར་འགྱུར་མོད་ཀྱི་འོན་ཀྱང་གང་ཁྱོད་གནས་འདི་ནས་ཕྱིར་སོང་ན་འདི་ན་

འདིར་རིགས་པའི་མཆོག་ཏུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཁྱིམ་བདག་ཁྱོད་ཆུང་མ་དང་ལྷན་ཅིག་ཏུ་བཤང་བའི་དྲི་དེས་འཆི་བར་འགྱུར་བའི་ཕྱིར་རོ། །དེ་ནས་ཁྱིམ་བདག་རྣམ་པར་རྒྱལ་བ་སྲུང་བས་ཤཱཀྱའི་བུ་ནགས་སྦྱིན་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་དགེ་སྦྱོང་དག་ནི་སྙིང་རྗེ་ཅན་ཞེས་བྱ་བ་

ཡིན། དགེ་སྦྱོང་དག་ནི་སྙིང་བརྩེ་བ་ཅན་ཞེས་བྱ་བ་ཡིན། ཤཱཀྱའི་བུ་ཞེས་བྱ་བ་ཡིན་ན། ཇི་ཙམ་དུ་ཁྱོད་ལྷག་པའི་སྐྱེས་བུ་ཡིན་པ་ནི་ངོ་མཚར་ཏོ། །དེ་ནས་ཤཱཀྱའི་བུ་ནགས་སྦྱིན་གྱིས་ཁྱིམ་བདག་རྣམ་པར་རྒྱལ་བ་སྲུང་བ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་ཁོ་བོས་ཁྱོད་ལ་ཇི་ལྟར་སྙིང་རྗེར་བྱར།

ཇི་ལྟར་ཡང་སྙིང་བརྩེ་བར་བྱ། དེ་བཞིན་གཤེགས་པ་ཆོས་སྟོན་པ་ན་ཁྱོད་ཀྱིས་བདག་གི་སྐྱེ་དགུའི་བདག་མོ་ལ་བཤང་བའམ་གཅི་བ་མ་མཆིས་སོ་ཞེས་སྨྲས་ན། ཁྱོད་བཅོམ་ལྡན་འདས་དང་མི་འཐུན་པར་བྱེད་ཅིང་ཁོ་བོ་ལ་ཡང་སྐུར་པ་འདེབས་པར་བྱེད་དམ། ཁྱིམ་བདག་ཁྱོད་ཀྱི་སྐྱེ་དགུའི་བདག་མོ་ལ་བཤང་

เล่ม ๔๘ · หน้า 180a

བའམ་གཅི་བ་ཡོད་དམ་མེད་ཁྱོད་མངོན་སུམ་གྱིས་ལྟོས་ཤིག །དེ་ནས་ཁྱིམ་བདག་རྣམ་པར་རྒྱལ་བ་སྲུང་བས་སྐྱེ་དགུའི་བདག་མོ་ལ་སྨྲས་པ། སྐྱེ་དགུའི་བདག་མོ་ཁྱོད་རང་གི་ཁྱིམ་དུ་སོང་ཤིག །དེ་ནས་ཁྱིམ་བདག་རྣམ་པར་རྒྱལ་བ་སྲུང་བས་རང་གི་ཆུང་མ་བཏང་ནས། ཤཱཀྱའི་གཞོན་ནུ་ནགས་སྦྱིན་ལ་སྨྲས་པ།

བཙུན་པ་ཁོ་བོས་ནི་བུད་མེད་རྣམས་ཀྱི་སྐྱོན་དང་། བུད་མེད་རྣམས་ཀྱི་སྒྱུ་དག་མཐོང་སྟེ། ནགས་སྦྱིན་ཁོ་བོ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་འདོད་དོ། །དེ་སྐད་ཅེས་སྨྲས་པ་དང་། ཤཱཀྱའི་བུ་ནགས་སྦྱིན་གྱིས་ཁྱིམ་བདག་རྣམ་པར་རྒྱལ་བ་སྲུང་བ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་

ཁྱོད་གལ་ཏེ་ལོ་བརྒྱར་ལུས་སྤོས་ཐམས་ཅད་ཀྱིས་བདུགས་ཤིང་སྒོས་ཤིག་དང་ཁྱིམ་བདག་ཁྱོད་དེ་ལྟར་ན་བཅོམ་ལྡན་འདས་ལས་རབ་ཏུ་འབྱུང་བ་ཕྱིས་འཐོབ་བོ། །དེ་ཅིའི་ཕྱིར་ཞེ་ན། ཁྱིམ་བདག་ཁྱོད་ཀྱི་ལུས་དེ་ནི་བཤང་བའི་དྲི་དེས་དྲི་མི་ཞིམ་པར་གྱུར་པའི་ཕྱིར་རོ། །དེ་ནས་ཁྱིམ་བདག་རྣམ་པར་རྒྱལ་བ་སྲུང་

བས་ཤཱཀྱའི་བུ་ནགས་སྦྱིན་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་གལ་ཏེ་ཁོ་བོས་ལོ་གཅིག་གམ། ལོ་བརྒྱར་བདུགས་ན་དེ་ཉིད་དུ་བྲེལ་བའི་བདག་འཆི་བའི་དུས་བྱེད་པར་འགྱུར་ཞིང་། བཅོམ་ལྡན་འདས་ཀྱང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོར་མི་འགྱུར་རམ་སུས་ཤེས། བཙུན་པ་ཡང་གལ་

ཏེ་ཁོ་བོ་བཅོམ་ལྡན་འདས་ལས་རབ་ཏུ་བྱུང་བ་ཐོབ་ན། ཁོ་བོས་གྲོང་དང་། གྲོང་ཁྱེར་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དག་ཏུ་མི་འཇུག་ཅིང་། དགོན་པ་དང་། བསོད་སྙོམས་དང་། ཆོས་གོས་ངན་པ་འཆང་བར་བྱའོ། །དེའི་ཕྱིར་བདག་དེ་ལྟ་བུའི་ངན་པ་དགོན་པ་པ་ལ་སུ་ཞིག་དྲི་མི་ཞིམ་པ་

མནོམ་པར་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱིམ་བདག་ཁྱོད་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་འདོད་དམ། གསོལ་པ། བཅོམ་ལྡན་འདས་འཚལ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ཚུར་

ཤོག་ཚངས་པར་སྤྱད་པ་སྤྱོད་ཅིག །དེ་ནས་དེ་ཙམ་གྱིས་ཁྱིམ་བདག་དེ་རབ་ཏུ་བྱུང་ནས་ཞག་བདུན་ལོན་པ་བཞིན་དུ་གོས་ངུར་སྨྲིག་དང་ལྡན་ཞིང་མགོ་བྲེགས་ཏེ། ལག་མཐིལ་ན་ལྷུང་བཟེད་ཐོགས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་ཆོས་བསྟན་ཏེ། སྡུག་བསྔལ་འཕགས་པའི་

เล่ม ๔๘ · หน้า 180b

བདེན་པ་ཡང་དག་པར་རབ་ཏུ་བསྟན་ཅིང་། དེ་བཞིན་དུ་ཀུན་འབྱུང་བ་དང་། འགོག་པ་དང་། ལམ་འཕགས་པའི་བདེན་པ་ཡང་དག་པར་རབ་ཏུ་བསྟན་ཏོ། །དེ་ནས་དགེ་སློང་དེ་དེ་ཉིད་ཀྱི་ཚེ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །དེ་ནས་དེ་བྱ་བ་ཐོབ་སྟེ།

དེའི་མཚན་མོ་འདས་ནས་སྔ་དྲོའི་ཚེ་ཆོས་གོས་བགོས། ལྷུང་བཟེད་ཐོགས་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ཀྱི་ཕྱིར་ཞུགས་སོ། །དེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་བསོད་སྙོམས་ཀྱི་ཕྱིར་མཐར་ཆགས་སུ་རྒྱུ་བས་རང་གི་ཁྱིམ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཕྱོགས་

གཅིག་ཏུ་ཅང་མི་སྨྲ་བར་བསོད་སྙོམས་ཀྱི་ཕྱིར་འདུག་གོ། །བུད་མེད་གཟུགས་ལྡན་མས་ཁྱིམ་བདག་རྒྱལ་བ་སྲུང་བ་རབ་ཏུ་བྱུང་སྟེ། ཆོས་གོས་བགོས། ལྷུང་བཟེད་ཐོགས་ཤིང་བསོད་སྙོམས་ཀྱི་ཕྱིར་འོངས་པ་མཐོང་སྟེ། མཐོང་ནས་ཀྱང་སྨྲས་པ། ཁྱིམ་བདག་ཁྱོད་ཀྱིས་ནི་མི་འཚམ་པར་

བྱས་སོ། །དེ་ནས་དགེ་སློང་རྣམ་པར་རྒྱལ་བ་སྲུང་བས་དེ་ལ་སྨྲས་པ། སྲུ་ཁྱོད་ཀྱིས་ཁོ་བོའི་གོས་ཀྱི་གྲྭར་བཤང་གཅི་བྱས་ཤིང་དེས་ཀྱང་ཁོ་བོའི་ལུས་ཐམས་ཅད་དྲི་མི་ཞིམ་པར་བྱས་ན་ཁྱོད་ཁོང་དུ་ཆུད་དམ། དེས་སྨྲས་པ། ཁྱིམ་བདག་ཁྱོད་ཁོ་མོ་ལ་སྐུར་པ་གདབ་པར་སེམས་པ་འདི་ནི་ཁྱོད་ཀྱི་ཆ་མ་

ཡིན་ཏེ། ཁྱིམ་བདག་འདི་ལྟར་ཁོ་མོ་ཕས་རང་གི་ཁྱིམ་ནས་རང་གི་ཁྱིམ་དུ་རྗེས་སུ་འཇུག་ཏུ་བཅུག་ནས། སྒོ་གང་གི་ཕྱི་རོལ་ཏུ་བཞིན་ཉེ་བར་བསྟན་པར་ཡང་མི་དྲན་ན། འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པར་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་བ་ལྟ་ཅི་སྨོས། རྣམ་པར་རྒྱལ་བ་སྲུང་བས་སྨྲས་པ།

སྲུ་ཁོ་བོ་ལ་དཔང་པོ་བཅོམ་ལྡན་འདས་དང་ཤཱཀྱའི་བུ་ནགས་སྦྱིན་དང་། འཁོར་བཞི་པོ་ཡོད་དེ། འདི་ལྟར་ཁོ་བོ་དང་ཁྱོད་ཤཱཀྱའི་བུ་ནགས་སྦྱིན་གྱིས་བཟུང་ནས་འཁོར་དེ་ནས་བསྐྲད་པའང་ཁྱོད་མི་དྲན་ནམ། དེ་ནས་བདུད་སྡིག་ཅན་ཁྱིམ་བདག་རྣམ་པར་རྒྱལ་བ་སྲུང་བའི་རྒྱབ་ཏུ་འདུག་ནས་སྨྲས་པ།

ཁྱིམ་བདག་གང་གི་ཕྱིར་འཁྱམ་དུ་བཅུག་ཅིང་བསྐྲད་པ་དེ་ནི་འདི་མ་ཡིན་ཏེ། དེ་ནི་སྤྲུལ་པ་ཡིན་པར་གྱུར་ཏོ། །དགེ་སློང་ཁྱོད་འདོད་པའི་ཡོན་ཏན་ལྔ་པོ་དག་གིས་མངོན་པར་དགའ་བར་གྱིས་ཤིག །ཁྱིམ་བདག་ཁྱོད་ནི་དགེ་སྦྱོང་གཽ་ཏ་མས་བསླུས་ཏེ། དེས་ནི་དགེ་སློང་མང་དུ་དེ་ལྟ་བུར་འཁྱམ་དུ་བཅུག་

เล่ม ๔๘ · หน้า 181a

ནས་རབ་ཏུ་ཕྱུང་ངོ་། །དགེ་སློང་རྣམ་པར་རྒྱལ་བ་སྲུང་བས་སྨྲས་པ། སྐྱེས་བུ་གང་གི་ཕྱིར་ཁོ་བོ་དྲི་མི་ཞིམ་པར་བྱས་པ་དེ་ནི་སྤྲུལ་པ་ཡིན་པར་གྱུར་ཏོ། །སྨྲས་པ་དེ་དེ་བཞིན་ནོ། །སྨྲས་པ། དེའི་ཕྱིར་ཁྱོད་ཀྱང་སྤྲུལ་པ་ཡིན། ཁོ་བོ་ཡང་སྤྲུལ་པ་ཡིན། བཅོམ་ལྡན་

འདས་ཀྱིས་ཆོས་བསྟན་པ་ཐམས་ཅད་ཀྱང་སྤྲུལ་པ་ལྟ་བུ་ཡིན་ནོ། །དེ་ནས་བུད་མེད་དེ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །དེ་ནས་དེ་དད་པ་རྙེད་ཅིང་ཡིད་ཆེས་པ་ཐོབ་ནས་སྨྲས་པ། དགེ་སློང་མངོན་པར་དགའ་བར་གྱིས་ཤིག །ཚངས་པར་སྤྱད་པ་སྤྱོད་

ཅིག །ཁོ་མོ་ཡང་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དེ་བཞིན་དུ་རབ་ཏུ་འབྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་དོན་གྱི་དབང་དེ་ཉིད་ལ་རྟེན་ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཡོངས་སུ་སྤང་བར་བྱ་བ་ཡིན་ཏེ། བཞི་གང་ཞེ་ན། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྡིག་པའི་གྲོགས་པོ་ཡོངས་སུ་སྤང་བར་བྱ་བ་ཡིན།

ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བུད་མེད་དང་འདྲེ་བ་ཡོངས་སུ་སྤང་བར་བྱ་བ་ཡིན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཅེར་བུ་པའི་སྨྲ་བ་དང་འཇིག་རྟེན་རྒྱང་ཕན་པའི་གསང་ཚིག་ཡོངས་སུ་སྤང་བར་བྱ་བ་ཡིན། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོས་ལོག་པར་ལྟ་བའི་རྒུད་པ་ཡོངས་སུ་སྤང་བར་བྱ་བ་ཡིན་ཏེ། ཤ་ར་དྭ་ཏིའི་བུ་ཆོས་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་སྤང་བར་བྱ་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་ཆོས་བཞི་པོ་དེ་དག་ཇི་ལྟ་བ་བཞིན་དུ་དེ་ལྟར་བར་ཆད་བྱེད་པའི་ཆོས་གཞན་ནི་

ངས་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །ཤ་ར་དྭ་ཏིའི་བུ་དེ་ལྟ་བས་ན། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པས་ཆོས་བཞི་པོ་དེ་དག་ཡོངས་སུ་སྤང་བར་བྱ་ཞིང་ཡོངས་སུ་སྤངས་ནས་ཀྱང་། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཆོས་

เล่ม ๔๘ · หน้า 181b

གཞི་ཀུན་ཏུ་བསྟེན་པར་བྱ་བསྒོམ་པར་བྱ། ལན་མང་དུ་བྱ་བ་ཡིན་ཏེ། བཞི་གང་ཞེ་ན། ཤ་ར་དྭ་ཏིའི་བུ་སངས་རྒྱས་སམ་བྱང་ཆུབ་སེམས་དཔའ་འམ་ཉན་ཐོས་གང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདོམས་པར་བྱེད། རྗེས་སུ་སྟོན་པར་བྱེད་པའི་དགེ་བའི་བཤེས་གཉེན་ཀུན་ཏུ་

བསྟེན་པར་བྱ་ཞིང་བསྒོམ་པར་བྱ་ལ་ལན་མང་དུ་བྱ་བ་ཡིན། ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔས་བུད་མེད་དང་འདྲེ་བ་རྣམ་པར་བཟློག་པའི་ཕྱིར་མངོན་པར་འབྱུང་བ་དང་། རབ་ཏུ་འབྱུང་བ་དང་། དགོན་པར་གནས་པ་ཀུན་ཏུ་བསྟེན་པར་བྱ་ཞིང་། བསྙེན་པར་བྱ་ལ། བསྙེན་བཀུར་བྱ་བ་ཡིན། ཤ་ར་

དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔས་གཅེར་བུའི་སྨྲ་བ་དང་འཇིག་རྟེན་རྒྱང་ཕན་པ་བཟློག་པའི་ཕྱིར་ཆོས་དེ་དག་གཟུང་བ་དང་། ཀུན་ཆུབ་པ་དང་། མི་བརྗེད་པར་བྱ་བར་རྣལ་འབྱོར་དུ་བྱ་བ་ཡིན། ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔས་ལོག་པར་ལྟ་བ་རྣམ་པར་བཟློག་པའི་ཕྱིར་ཆེན་པོ་

སྟོང་པ་ཉིད་ཀྱི་ཡང་དག་པའི་ལྟ་བ་ཀུན་ཏུ་བསྟེན་པར་བྱ་ཞིང་བསྙེན་པར་བྱ་བ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། དེ་ནས་སྟོན་པས་གཞན་ཡང་བཀའ་སྩལ་པ། བུད་མེད་འདྲེ་བ་རྣམ་པར་སྤང་། །སྡིག་པའི་གྲོགས་

པོའང་སྤང་བར་བྱ། །ལོག་པར་ལྟ་བ་བཟློག་པའི་ཕྱིར། །འཇིག་རྟེན་རྒྱང་ཕན་རྣམ་པར་སྤང་། །གང་ཞིག་བུད་མེད་སྟེན་བྱེད་ཅིང་། །དེ་བཞིན་སྡིག་པའི་གྲོགས་པོ་དང་། །དེ་བཞིན་འཇིག་རྟེན་རྒྱང་ཕན་དང་། །ལོག་པར་ལྟ་བ་སྟེན་བྱེད་པ། །ལྟ་ངན་ལ་སོགས་བསྟེན་པས་ན། །མི་ཁོམ་

དག་ཏུ་མྱུར་བར་འགྲོ། །སངས་རྒྱས་དད་པ་ཕུན་ཚོགས་དང་། །དལ་བ་ཤིན་ཏུ་རྙེད་དཀའ་ཡིན། །གང་ཞིག་སྡིག་པ་སྟེན་འདོད་པ། །དེ་ནི་སྡིག་པའི་སྤྱོད་ཡུལ་འགྱུར། །སྡིག་པའི་སྤྱོད་ཡུལ་སྤྱོད་པ་ནི། །སྡིག་པ་ཅན་གྱི་འགྲོ་བར་འགྲོ། །གང་ཞིག་བྱང་ཆུབ་ཞུགས་གྱུར་པ། །དེ་ཕྱིར་

བུད་མེད་བསྟེན་མི་བྱ། །མི་གཙང་བསྐུས་པའི་ཕག་བཞིན་དུ། །རྒྱང་བསྲིང་རྣམ་པར་སྤང་བར་བྱ། །ཆོས་མ་ཡིན་པ་གང་སྟོན་པའི། །སྡིག་པའི་གྲོགས་པོ་བསྟེན་མི་བྱ། །ཆོས་མ་ཡིན་པའི་སྤྱོད་སྟེན་ན། །སེམས་གྲལ་མུན་པར་འགྱུར་བ་ཡིན། །གཅེར་བུ་རྣམས་ཀྱིས་གང་འཛིན་པ། །

เล่ม ๔๘ · หน้า 182a

འཇིག་རྟེན་རྒྱང་པན་བསྟེན་མི་བྱ། །ཀུན་ཏུ་འཇམ་པོ་ཇི་བསྟེན་ཀྱང་། །དེ་ཚེ་དམིགས་པ་འཐོབ་པ་ཡིན། །དེ་དག་ཐམས་ཅད་རྣམ་སྤངས་ནས། །ལོག་པར་ལྟ་བ་རྣམ་པར་སྤང་། །འཁོར་བའི་རྩ་བ་དེ་ཡིན་པར། །འདིར་ནི་ང་ཡིས་བསྟན་པ་ཡིན། །ཆོས་ངན་པ་དག་རྣམ་

སྤངས་ནས། །བྱང་ཆུབ་སྤྱད་པ་སྤྱོད་པ་ན། །ང་ཡིས་སྔོན་ཆད་གང་བསྟན་པའི། །ཆོས་མཆོག་དག་ནི་ཀུན་ཏུ་སྤྱད། །ལམ་དེར་གང་ཞིག་སྦྱོར་བྱེད་པའི། །མངོན་པར་འབྱུང་དང་ཚངས་སྤྱོད་དང་། །དགེ་བའི་བཤེས་གཉེན་བཟང་པོ་དང་། །སངས་རྒྱས་དང་ནི་ཉན་ཐོས་སོ། །དེ་ལ་སྟོང་

པ་བསྟེན་པར་བྱ། །ཆེན་པོ་སྟོང་པའི་སྟོང་པ་མེད། །སྟོང་པའི་ཆོས་ལ་དམིགས་པ་ནི། །ཀུན་ཏུ་སྤྱད་པར་བྱ་མ་ཡིན། །ཆོས་དང་དེ་བཞིན་དམིགས་པ་ནི། །སྟོང་ལ་དམིགས་པར་མི་འགྱུར་རོ། །གང་ལ་འཇིག་རྟེན་མི་འཇུག་པ། །དེ་ནི་སྟོང་པ་དེ་ཡིན་གསུངས། །བྱང་ཆུབ་སྤྱད་

པ་སྤྱོད་པ་ན། །གང་ལ་ང་ཡིས་སྔོན་བསླབས་པ། །དེ་ལ་བྱིས་པ་བློ་ཅན་གྱིས། །ཤེས་པ་ཅིས་ཀྱང་འགྲོ་མི་འགྱུར། །བྱང་ཆུབ་སྤྱད་པ་སྤྱོད་པ་ན། །གང་དག་ང་ཡི་ཆོས་ཐོས་པ། །དེ་ལ་བྱང་ཆུབ་སྤྱད་པ་ནི། །གཞན་གྱི་དྲིང་ཕྱིར་སོང་མ་ཡིན། །དེ་དག་ང་ཡིས་རང་གིས་རྟོགས། །

ཆོས་ཀྱི་དམ་པ་བསྟན་པ་ཡིན། །གང་དུ་སྟོང་ཉིད་ཆགས་མེད་པ། །དེ་ནི་དྲང་པོའི་ལམ་ཡིན་ནོ། །བྱང་ཆུབ་སྙིང་པོར་འདུག་ནས་སུ། །བློ་གྲོས་ངན་པའི་བདུད་བཅོམ་ནས། །བསམ་མི་ཁྱབ་པར་ངས་གང་རྟོགས། །དེ་ནི་ཆོས་ཉིད་དེ་ཡིན་གསུངས། །དེ་ནི་ང་ཡིས་མངོན་སངས་རྒྱས། །

དེ་ཉིད་ང་ཡིས་བསྟན་པ་ཡིན། །གང་ཕྱིར་འཁོར་ལོ་བསྐོར་བ་ཡིས། །མཐའ་མཆོག་ང་ཡིས་སངས་རྒྱས་སོ། །གང་ཞིག་བློ་ངན་བདུད་བཅོམ་ནས། །བྱང་ཆུབ་འཚང་རྒྱར་འགྱུར་བ་དང་། །བྱང་ཆུབ་སྙིང་པོར་འདུག་འདོད་པ། །དེ་ཡིས་སྟོང་ཉིད་དེ་བསྟེན་བྱ། །གང་ཞིག་འཁོར་ལོ་

བླ་མེད་པའི། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །དེ་ལ་དགེ་འདུན་གདམས་འདོད་པ། །དེ་ཡིས་སྟོང་ཉིད་དེ་བསྟེན་བྱ། །གང་ཞིག་སྟོབས་རྣམས་བཅུ་པོ་ཡིས། །གནས་པར་གྱུར་ནས་འཇིགས་མེད་པར། །སེང་གེའི་སྒྲ་ནི་སྒྲོགས་འདོད་པ། །དེ་ཡིས་སྟོང་ཉིད་དེ་བསྟེན་བྱ། །རྟག་པར་

เล่ม ๔๘ · หน้า 182b

འཇིག་རྟེན་ཐམས་ཅད་དུ། །གང་གི་སྙན་དང་གྲགས་འབྱུང་བའི། །སྟོང་ཉིད་དེ་ནི་བསྟེན་པ་ཡིས། །ང་ནི་ཕ་རོལ་ཕྱིན་པ་ཡིན། །ང་ཡི་རྗེས་སུ་སློབ་པ་ན། །བྱང་ཆུབ་སེམས་དཔའ་རབ་མཁས་པས། །ཡེ་ཤེས་བླ་ན་མེད་པ་དེའི། །བྱང་ཆུབ་དམ་པ་འཚང་རྒྱར་བྱ། །

གང་ཞིག་ང་ཡི་རྗེས་སློབ་པ། །དགེ་སློང་འོན་ཏེ་དགེ་སློང་མས། །ཇི་ལྟར་ད་ལྟར་ངས་འཐོབ་བཞིན། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །འདི་ལ་དགེ་སློང་དགེ་སློང་མ། །འབའ་ཞིག་གིས་ནི་བསྟེན་བྱ་མིན། །སེམས་ཅན་ཀུན་གྱིས་བསླབས་ན་ཡང་། །དེ་དག་བྱང་ཆུབ་རྙེད་

པར་སླ། །དམ་པ་དེ་ལ་བསྟེན་པ་ན། །ང་ནི་ཆགས་པ་མེད་པར་བྱུང་། །མ་འདྲེས་པ་ཡི་ཆོས་རྣམས་ཀྱིས། །ཆགས་མེད་བྱང་ཆུབ་སངས་རྒྱས་སོ། །ཆོས་དེ་དག་ནི་སྟེན་བྱེད་ན། །ཡེ་ཤེས་ཆགས་མེད་དམན་མ་ཡིན། །བྱང་ཆུབ་ཕྱིར་ནི་ལམ་དེ་ཡིན། །རྟག་པར་སྟོང་ཉིད་བསྟེན་

པར་བྱ། །དེ་ཕྱིར་བྱང་ཆུབ་སེམས་དཔའ་ཡིས། །སྲོག་ཆགས་རྣམས་ལ་ཕན་པའི་ཕྱིར། །ཆོས་རྣམས་ཐམས་ཅད་སྟོང་པ་ཡི། །ཆོས་དེ་དག་ལ་བསླབ་པར་བྱ། །ཐབས་ལ་འཇུག་པ་དང་། དམ་པའི་ཆོས་སྤོང་བ་དང་། བྱང་ཆུབ་སེམས་དཔའ་ཡང་དག་པར་འཛིན་དུ་གཞུག་

པའི་ལེའུ་སྟེ་དགུ་པའོ།། །།ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། ཇི་ལྟ་བ་བཞིན་རྣམ་པར་གཏན་ལ་དབབ་པ་ལ་མཁས་པ་ཡིན། ཆོས་ཐམས་ཅད་ལ་སྤོབས་པ་ཐོགས་པ་མེད་པ་ཡིན། སྤོབས་པ་རྣོ་བ་དང་། སྤོབས་

པ་མཐའ་ཡས་པ་དང་། སྤོབས་པ་ཟབ་པ་ཡིན་ཏེ། དེའི་ཚེ་དེ་བཞིན་གཤེགས་པས་ཇི་ལྟ་བ་བཞིན་རྣམ་པར་གཏན་ལ་དབབ་པ་ལ་མཁས་པ་དང་། སྤོབས་པ་རྣོ་བ་དང་། སྤོབས་པ་རངས་པར་ཐུགས་སུ་ཆུད་ནས་ཕྱི་མའི་ཆོས་ཀྱི་གྲོང་ཁྱེར་སྲུང་བར་བྱིན་གྱིས་རློབ་པར་མཛད་དོ། །ཤ་ར་དྭ་ཏིའི་བུ་

བཞི་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་རྒྱུན་མི་ཆད་པར་རབ་ཏུ་འབྱུང་བ་སྟེན་པའི་སེམས་དང་ལྡན་པས་མངོན་པར་དགའ་སྟེ། མངོན་པར་འབྱུང་བ་ལ་གཞོལ་བ་ཡིན་ཞིང་། ཆོས་ཡོངས་སུ་ཚོལ་བས་ཆོག་མི་ཤེས་པ་ཡིན། ཆོས་དེ་ཐོས་ཤིང་ཡོངས་སུ་བཙལ་ནས་ཀྱང་སེམས་ཅན་

เล่ม ๔๘ · หน้า 183a

རྣམས་ལ་ཀུན་བགེད་པ་ཡིན། ཆོས་བསྟན་པའི་ཕྱིར་སྙོམ་ལས་མེད་པ་ཡིན་ཞིང་། ཆོས་ཐམས་ཅད་རྣམ་པར་འཇིག་པའི་བློས་མི་གནས་པའི་བསམ་གཏན་པ་ཡང་ཡིན་ལ། སེམས་ཅན་ཐམས་ཅད་ལས་བླ་ན་མེད་པའི་སེམས་ཀྱིས་བྱང་ཆུབ་ཀྱི་ཕྱིར་སངས་རྒྱས་རྗེས་སུ་དྲན་པ་

ཡང་སྒོམ་པར་བྱེད་པ་ཡིན། ཆོས་གང་ལ་ཡང་ལུས་ཀྱི་དམིགས་པས་མཚན་མར་མི་འཛིན་པ་ཡིན་ཏེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཆོས་ཐམས་ཅད་སྤོབས་པ་ཆགས་པ་མེད་པ་ཡིན་ཞིང་། ཕྱི་མའི་དུས་ཕྱི་མའི་ཚེ་ན་དེ་དེ་བཞིན་གཤེགས་

པས་ཆོས་ཀྱི་གྲོང་ཁྱེར་སྲུང་བར་བྱིན་གྱིས་རློབ་པར་མཛད་དོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། ཚེ་རྗེས་ཀྱང་དྲན་པ་བརྗེད་པར་མི་འགྱུར་རོ། །བཞི་གང་ཞེ་ན། ཆོས་ཡོངས་སུ་ཚོལ་བ་དང་། ཆོས་ཀྱི་སྦྱིན་པས་ཆོག་མི་ཤེས་པ་

ཡིན་ཏེ། ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཆོས་དང་པོ་དེ་དང་ལྡན་པ་ནི་ཚེ་རྗེས་ན་ཡང་དྲན་པ་བརྗེད་པར་མི་འགྱུར་རོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ཅན་མང་པོ་གཞན་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་

ཅིང་། ཡང་དང་ཡང་དུ་དེ་བཞིན་གཤེགས་པའི་ཡོན་ཏན་ཡོངས་སུ་སྒྲོགས་པར་ཡང་བྱེད་པ་ཡིན་ཏེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་ཆོས་གཉིས་པ་དེ་དང་ལྡན་པ་ནི་ཚེ་རྗེས་ན་ཡང་དྲན་པ་བརྗེད་པར་མི་འགྱུར་རོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཟབ་མོ་ལ་བཟོད་པ་ཡིན་ཏེ།

ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་ཆོས་གསུམ་པ་དེ་དང་ལྡན་པ་ནི་ཚེ་རྗེས་ན་ཡང་དྲན་པ་བརྗེད་པར་མི་འགྱུར་རོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་མཉེས་པར་བྱ་བའི་ཕྱིར་ཡིད་རྣམ་པར་མི་གཡེང་བ་ཡིན་ཞིང་། དེ་བཞིན་གཤེགས་པའི་ཆོས་

ཡིད་ལ་བྱ་བའི་ཕྱིར་ཤེས་བཞིན་དང་དྲན་པ་ཅན་ཡིན་ལ། ཟབ་མོ་ལ་བཟོད་ཅིང་འཆི་བའི་དུས་བྱེད་པ་ཡིན་ཏེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པ་དེ་དང་ལྡན་པ་ནི་ཚེ་རྗེས་ན་ཡང་དྲན་པ་བརྗེད་པར་མི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། དེ་སྐད་གསུངས་ནས་སྟོན་

เล่ม ๔๘ · หน้า 183b

པས་གཞན་ཡང་བཀའ་སྩལ་པ། དེ་དག་ཆོས་ནི་ཡོངས་སུ་ཚོལ། །ཆོས་ཀྱི་སྦྱིན་པའང་སྦྱིན་པར་བྱེད། །དེ་ཕྱིར་ནམ་ཡང་ནམ་དུ་ཡང་། །ཆོས་དྲན་བརྗེད་པར་མི་འགྱུར་རོ། །བྱང་ཆུབ་ཡང་དག་འཛིན་དུ་འཇུག །སེམས་ཅན་མང་པོ་འགོད་པར་བྱེད། །དེ་ཕྱིར་དེ་ཡིས་ཚེ་རབས་སུ། །དེ་

ཡི་དྲན་པ་ཉམས་མི་འགྱུར། །སངས་རྒྱས་བསྟན་པའི་སྟོང་ཉིད་དང་། །ཟབ་མོའི་ཆོས་རྣམས་སྟེན་པར་བྱེད། །མ་སྐྱེས་པ་ཡི་ཆོས་རྣམས་ལས། །དེ་ཡི་བཟོད་པ་ཉམས་མི་འགྱུར། །སྐྱེ་བ་ཡང་ནི་སྐྱེ་བ་མེད། །གང་དག་སྐྱེས་པའང་དེ་དེ་བཞིན། །དེ་འདྲ་བ་ཡི་བཟོད་པ་ཡིས། །

དེ་ཡི་དྲན་པ་ཉམས་མི་འགྱུར། །རྣམ་པར་གཡེངས་པའི་སེམས་ཀྱིས་ནི། །མཁས་པ་འཆི་བའི་དུས་མི་བྱེད། །རྟག་པར་སངས་རྒྱས་ཆོས་རྣམས་ལ། །དེ་ཡི་དཀའ་དང་སངས་རྒྱས་དམིགས། །མཁས་པ་འཆི་བའི་དུས་བྱེད་ན། །དེ་ཡི་སེམས་ནི་ཞུམ་པ་མེད། །དེ་ཕྱིར་དེ་ནི་ཚེ་རབས་སུ། །

དྲན་པ་ཉམས་པར་མི་འགྱུར་རོ། །གང་ཞིག་ཡེ་ཤེས་མཆོག་འདོད་པ། །བྱང་ཆུབ་དམ་པ་ཁྱད་པར་འཕགས། །བྱང་ཆུབ་དེ་ནི་ཚོལ་བ་ན། །ཆོས་བཞི་པོ་དག་སྟེན་པར་བྱེད། །སངས་རྒྱས་རྣམས་ཀྱིས་རྟག་ཏུ་བསྔགས། །དེ་དག་མཆོག་དང་གཙོ་བོ་ཡིན། །དེ་ཕྱིར་ཁྱོད་ལ་ངས་བསྟན་

གྱིས། །ཆོས་དེ་དག་ནི་བསྟེན་པར་བྱོས། །གང་ཕྱིར་ང་ལའང་ཕན་བྱེད་པ། །ཁྱོད་ལ་ཕན་ཕྱིར་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་འདིར་ཕན་བཞེད། །གང་ལའང་ཆད་པ་གཅོད་མི་མཛད། །དེས་པ་གང་ཞིག་བྱང་ཆུབ་ཕྱིར། །འདི་ལ་ཡེ་ཤེས་འདོད་བྱེད་པས། །དེ་ཕྱིར་ལམ་ལ་

བསྟེན་པར་བྱོས། །དེ་ལས་བྱང་ཆུབ་འཐོབ་པ་ཡིན། །ལེ་ལོའི་སེམས་དང་ལྡན་པ་དང་། །ཞུམ་པའི་སེམས་དང་ལྡན་པ་ཡིས། །བྱང་ཆུབ་མཆོག་རེག་ནུས་མ་ཡིན། །དེ་ཕྱིར་དེ་ནི་རྣམ་པར་སྤང་། །བདག་ཏུ་འདུ་ཤེས་བྱེད་པ་དང་། །སེམས་ཅན་འདུ་ཤེས་བྱེད་པ་འམ། །དངོས་

འདུ་ཤེས་པས་སངས་རྒྱས་ཀྱི། །བྱང་ཆུབ་འཚང་རྒྱར་ནུས་མ་ཡིན། །དེ་ཕྱིར་དེ་ནི་རྣམ་སྤངས་ནས། །རྟག་པར་སྟོང་པ་ཉིད་ལ་བསྟེན། །དངོས་པོ་ཐམས་ཅད་འདིར་བཤིག་པས། །དེ་ལས་ཡེ་ཤེས་རྣམ་དག་འགྱུར། །ཁྱེད་ཅག་གནས་པར་མ་བྱེད་ཅིག །གནས་ལས་ཀྱང་ནི་བསྐྱོད་པར་

เล่ม ๔๘ · หน้า 184a

བྱོས། །འོང་བ་དང་ནི་འགྲོ་བ་ལས། །བསྐྱོད་པ་དག་པ་དགའ་བར་གྱིས། །ཤ་ར་དྭ་ཏིའི་བུ་ཆོས་བཞི་པོ་འདི་དག་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱིས་ཐམས་ཅད་ཀྱི་མཆོག་སྒྲུབ་པར་འགྱུར་བ་ཡིན་ཏེ། བཞི་གང་ཞེ་ན། ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་

སེམས་དཔའ་སངས་རྒྱས་ཀྱི་བྱང་ཆུབ་རྣམ་པར་འཇིག་ཅིང་། དམ་པའི་ཆོས་ནུབ་པར་འགྱུར་བ་ན། དམ་པའི་ཆོས་ཡོངས་སུ་ཚོལ་བ་ལ་མངོན་པར་བརྩོན་པ་ཡིན། དེ་བཞིན་གཤེགས་པའི་མཆོད་རྟེན་རྣམ་པར་འཇིག་པ་ན་ཕྱིར་འཆོས་པར་བྱེད་ཅིང་ལུས་དང་སྲོག་ཡོངས་སུ་གཏོང་བར་བྱེད་ཀྱང་།

ཆོས་ནི་ཡོངས་སུ་གཏོང་བར་མི་བྱེད་པ་ཡིན། སེམས་ཅན་སྡུག་བསྔལ་བ་དག་མཐོང་ན་ཡང་སྙིང་རྗེ་སྐྱེད་པར་བྱེད་པ་ཡིན། དེ་སྙིང་རྗེ་ཐོབ་ནས་ཇེ་ཆེར་བརྩོན་འགྲུས་རྩོམ་པར་བྱེད་ཅིང་། ནམ་ཞིག་ན་བདག་གིས་སངས་རྒྱས་ཀྱི་ཡེ་ཤེས་ཡང་དག་པར་བསྒྲུབས་ནས། སེམས་ཅན་དེ་དག་གི་

སྡུག་བསྔལ་ཐམས་ཅད་རྣམ་པར་ཞི་བར་བྱ་བའི་ཕྱིར་ཆོས་བསྟན་པར་བྱ་ཞེས་དེ་སྙམ་སེམས་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་ནི་ཆོས་ཡོངས་སུ་བཙལ་བའི་ཕྱིར་ཆོག་མི་ཤེས་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཆོས་

ཡོངས་སུ་བཙལ་བའི་ཕྱིར་ཆོས་ལ་འདུན་པ་ཆེ་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཐེག་པ་ཆེན་པོ་ལ་ལྷག་པར་དམིགས་པ་ཉིད་ཀྱི་ཕྱིར་བསྙེན་པར་དཀའ་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་སེམས་ཅན་

རྣམས་ལ་ཕན་པར་འདོད་པ་ཉིད་ཀྱི་ཕྱིར་དེ་དག་ལ་སྐྱོབ་པ་གཞན་གང་ཡང་མེད་དེ། གཞན་དུ་ན་བདག་འབའ་ཞིག་ཏུ་ཟད་དོ་སྙམ་པས་བྱམས་པའི་སེམས་དང་ལྡན་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་སྙིང་རྗེ་ཆེན་པོ་བསྟེན་པའི་སེམས་དང་ལྡན་པས་

ཁྲོས་པ་མེད་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ཐམས་ཅད་ལ་ཡེ་ཤེས་ཉེ་བར་སྒྲུབ་པ་ཉིད་ཀྱི་ཕྱིར་ཕྲག་དོག་མེད་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་ཀྱི་སྦྱིན་པས་སེམས་ཅན་རྣམས་ལ་ཕན་འདོགས་པ་ཉིད་ཀྱི་ཕྱིར་སེར་སྣ་མེད་པ་

เล่ม ๔๘ · หน้า 184b

ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ནི་ལྷག་པའི་བསམ་པ་ཉེ་བར་སྟོན་པ་ཉིད་ཀྱི་ཕྱིར་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་ཐམས་ཅད་ལ་ཡོངས་སུ་འཛིན་པ་མེད་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་

སེམས་དཔའ་རྣམས་ནི་ཚུར་ཤོག་ལེགས་པར་འོངས་སོ། །ཞེས་སྨྲ་བ་ཡིན་ཞིང་ཁྲོ་གཉེར་མེད་པར་བཞིན་འཛུམ་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ནི་རྒོད་པ་མེད་ལ། སེམས་ཅན་སྡུག་བསྔལ་བ་དག་མཐོང་ན་སྙིང་བླས་སུ་བྱེད་ཅིང་བརྩོན་འགྲུས་བརྟན་པོར་རྩོམ་

པར་བྱེད་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ནི་སངས་རྒྱས་ཀྱི་ཆོས་རྣམས་ལ་དགའ་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ནི་སེང་གེའི་སྒྲ་མངོན་པར་སྒྲོགས་པ་ཉིད་ཀྱི་ཕྱིར་མི་འཇིགས་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་རྣམས་ནི་སངས་རྒྱས་ཀྱི་ཆོས་རྣམས་ལ་ལེགས་པར་གནས་པས་བག་ཚ་བ་མེད་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ནི་སངས་རྒྱས་ཀྱི་ཆོས་ཡོངས་སུ་བཙལ་བའི་ཕྱིར་བརྩོན་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ནི་རྟག་ཏུ་བརྩོན་པ་ཡིན་ཞིང་ཆོས་

བསྟན་པའི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོར་རྒྱུ་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་རྣམས་ལ་རྟོགས་པར་ཁོང་དུ་ཆུད་པས་རྣམ་པར་རྒྱལ་བ་སྲུང་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་

བཞིན་སོ་སོར་རྟོག་པ་ཉིད་ཀྱི་ཕྱིར་སྙིང་པོ་འཛིན་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་ཐམས་ཅད་ལ་རང་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་ཉིད་ཀྱི་ཕྱིར་སྙིང་པོ་བླངས་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ནི་དུས་དང་དུས་མ་ཡིན་པར་

ཡོངས་སུ་སྨིན་པར་བྱེད་པ་ཉིད་ཀྱི་ཕྱིར་སྐུལ་བར་བྱེད་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་དང་འཐུན་པས་ཕ་རོལ་སྨྲ་བ་རྣམས་ཚར་གཅོད་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཆོས་ཐམས་ཅད་ཀྱི་དོན་རྣམ་པར་ངེས་པ་ཡིན་ནོ། །

เล่ม ๔๘ · หน้า 185a

ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རིགས་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་དཀོན་མཆོག་ཆེན་པོའི་གཏེར་ཆེན་པོ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་

ནི་ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་རྗེས་སུ་རྟོགས་པར་རྣམ་པར་འགྲེལ་པའི་ཆོས་རྒྱ་མཚོ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་འཁྲུག་པ་ཆེན་པོ་གྲངས་མེད་དཔག་ཏུ་མེད་པ་ཕྱིར་བཟློག་པ་ཉིད་ཀྱི་ཕྱིར། ཁོར་ཡུག་དང་ཁོར་ཡུག་ཆེན་པོ་ལྟ་བུ་ཡིན་ནོ། །

ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཆོས་མི་ཟད་པ་ཡང་དག་པར་རབ་ཏུ་སྟོན་པས་ཡོངས་སུ་མ་གཏུགས་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་སེམས་ནམ་མཁའ་དང་མཉམ་པ་ཉིད་ཀྱི་ཕྱིར་རྙོག་པ་མེད་པ་ཡིན་ནོ། །ཤ་ར་དྭ་

ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ནམ་མཁའ་མི་ཟད་པ་ཉིད་ཀྱི་ཕྱིར་ཟད་མི་ཤེས་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་དགེ་བའི་ཆོས་ཀྱིས་མངོན་དུ་འཕགས་པ་ཉིད་ཀྱི་ཕྱིར་ལྷུན་པོ་ལྟ་བུ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་རྣམས་ནི་འདོད་པ་དང་མི་འདོད་པ་དང་བྲལ་བས་ས་ལྟ་བུ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་དགེ་བའི་རྩ་བ་ཆུད་མི་གཟོན་པ་ཉིད་ཀྱི་ཕྱིར་ཞིང་ལྟ་བུ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཆོས་ཀྱི་

སྣང་བ་ཀུན་ཏུ་སྟོན་པས་ཉི་མ་ལྟ་བུ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་མུན་ནག་རྣམ་པར་སེལ་བ་ཉིད་ཀྱི་ཕྱིར་ཟླ་བ་ལྟ་བུ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་གདུང་བ་རབ་ཏུ་

ཞི་བར་བྱེད་པ་ཉིད་ཀྱི་ཕྱིར་གདུགས་ལྟ་བུ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་སེམས་ཅན་རྣམས་ཀྱི་གནས་དང་། སྐྱབས་དང་། སྟོན་པར་གྱུར་པས་ཤིང་ལྗོན་པ་ཆེན་པོའི་གྲིབ་མ་ལྟ་བུ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

เล่ม ๔๘ · หน้า 185b

རྣམས་ནི་བཟོའི་གནས་ཐམས་ཅད་ལ་རྟོགས་པར་ཁོང་དུ་ཆུད་པས་སློབ་དཔོན་ལྟ་བུ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་སྐོང་བས་ཉེ་བར་འཚོ་བར་བྱ་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་རྣམས་ནི་སེམས་ཅན་ཐམས་ཅད་ཀྱི་སྟོན་པར་གྱུར་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་སེམས་ཅན་ཐམས་ཅད་ཀྱི་རྟེན་དུ་གྱུར་པ་ཡིན་ནོ།། །།བམ་པོ་བཅོ་ལྔ་པ། ཤ་ར་དྭ་ཏིའི་བུ་གལ་ཏེ་ངས་ཇི་ལྟར་མཁྱེན་པ་

བཞིན་དུ་སེམས་ཅན་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་ནི་བདག་ཅག་ལ་བྱ་བ་དེ་ལྟ་བུས་ཉེ་བར་གནས་པ་ཡིན་ནོ། །ཞེས་དེ་ལྟར་ཤེས་པར་གྱུར་ན། ཤ་ར་དྭ་ཏིའི་བུ་སེམས་ཅན་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་དང་པོ་སེམས་བསྐྱེད་པ་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་དེའི་བར་སྲིད་དུ་

ཕྲག་པའམ་མགོ་བོས་ཁྱེར་བར་འགྱུར་ཞིང་། གང་སེམས་ཅན་རྣམས་ཀྱི་བདེ་བ་དང་། རྩེ་བ་དང་། དགའ་བ་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་ལ་སྦྱིན་པར་བྱེད་པར་གྱུར་ལ། བྱང་ཆུབ་ཀྱི་སྙིང་པོར་སོང་ན་ཡང་ས་ལས་བརྩམས་ནས་སྲིད་པའི་རྩེ་མོའི་བར་དུ་གོས་རིན་པོ་ཆེ་གཅིག་པའི་གདིང་བ་

འདིང་བར་བྱེད་པར་གྱུར་ཅིང་། བྱང་ཆུབ་སེམས་དཔའི་ལུས་གདུང་བར་གྱུར་ན་མི་རུང་ངོ་སྙམ་ནས། སྟེང་དུ་ཡང་ལྷ་རྫས་ཀྱི་གདུགས་དགབ་པ་ཀུན་ཏུ་འཛིན་པར་བྱེད་པར་འགྱུར་ལ། མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་ཐམས་ཅད་ཀྱིས་ཀྱང་མཆོད་པ་བྱེད་ཅིང་། རིམ་གྲོ་དང་། བསྙེན་བཀུར་བྱེད་པར་འགྱུར་ཏེ།

ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་དེ་ལྟར་མངོན་པར་འདུ་བྱས་ཤིང་། གུས་པར་བྱས། བརྗེད་པ་བྱས། མཆོད་པ་བྱས་ཀྱང་ལན་བྱ་བར་ནི་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཀྱི་དོན་དུ་ཡོངས་སུ་གདུང་བ་མེད་པའི་བདེ་བའི་ཡོ་

བྱད་མངོན་པར་འདུ་བྱེད་པ་ཇི་ལྟ་བུས་ཉེ་བར་གནས་པའི་ཡོ་བྱད་དེ་ལ་ནི་བདེ་བའི་ཡོ་བྱད་མངོན་པར་འདུ་བྱེད་པ་འདིས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྒྱུའི་བར་དུ་ཡང་མི་བཟོད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་ཉེ་བར་སྒྲུབ་པ་དེ་ཐམས་ཅད་ནི་མི་རྟག་པ་ཡིན། འཇིག་རྟེན་པ་ཡིན། ཕུང་པོ་

เล่ม ๔๘ · หน้า 186a

དང་བཅས་པ་ཡིན། ཟག་པ་དང་བཅས་པ་ཡིན། ཡོངས་སུ་འགྱུར་བའི་ཆོས་ཅན་ཡིན་ཞིང་། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའི་བདེ་བ་ཉེ་བར་སྒྲུབ་པ་ནི། ཟག་པ་མེད་པ་དང་། འཇིག་རྟེན་ལས་འདས་པ་དང་། ངེས་པར་བྱེད་པ་དང་ལྡན་པ་དང་། ངོ་བོ་

ཉིད་མེད་པ་དང་། སྟོང་པ་ཉིད་ཡིན་པའི་ཕྱིར་ཏེ། ཤ་ར་དྭ་ཏིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ལ་སེམས་ཅན་ཐམས་ཅད་ཀྱི་བདེ་བའི་ཡོ་བྱད་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱིས་ཕན་གདགས་པར་བྱ་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་

གཉིད་ལོག་པ་ཐམས་ཅད་ཀྱི་མི་ཉལ་བར་བྱེད་པ་ཡིན། བག་མེད་པ་རྣམས་ཀྱི་བག་ཡོད་པ་ཡིན། སྨྱོན་པ་རྣམས་ཀྱི་མ་སྨྱོས་པ་ཡིན་ཞིང་། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་དམུས་ལོང་རྣམས་ཀྱི་མིག་ཏུ་གྱུར་པ་ཡིན། ཡོངས་སུ་འདྲེན་པ་ཡིན་ལ། ཤ་ར་དྭ་ཏིའི་བུ་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ནད་ཀྱིས་ཐེབས་པ་རྣམས་ཀྱི་སྨན་དུ་གྱུར་པ་ཡིན། ལམ་ངན་པར་ཞུགས་པ་རྣམས་ཀྱི་ལམ་སྟོན་པ་ཡིན། ལམ་གོལ་བ་ལ་གནས་པ་རྣམས་ཀྱི་ཡང་དག་པའི་ལམ་སྟོན་པར་བྱེད་པ་ཡིན་ཞིང་། བྱང་ཆུབ་སེམས་དཔའ་ནི་དགེ་བའི་རྩ་བ་མ་བསྐྱེད་པ་

རྣམས་སྐྱེད་པར་བྱེད་པ་ཡིན། བྱང་ཆུབ་སེམས་དཔའ་ནི་ཆོས་དཀར་པོ་རྣམས་ཀྱིས་རྣམ་པར་མ་བསྐྱེད་པ་རྣམས་རྣམ་པར་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་ཏེ། ཤ་ར་དྭ་ཏིའི་བུ་མདོར་ན་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་མ་གཏོགས་པར་སེམས་ཅན་རྣམས་ལ་སྐྱོབ་པ་དང་། སྐྱབས་དང་།

དཔུང་གཉེན་གཞན་མེད་དེ། ཤ་ར་དྭ་ཏིའི་བུ་སངས་རྒྱས་དེ་ཡང་བྱང་ཆུབ་སེམས་དཔའ་ལས་བྱུང་བ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐེག་པ་དེ་དེ་ལྟ་བུ་དང་ཐེག་

པ་དེ་རྨད་དུ་བྱུང་བ་ལགས་ཀྱང་། བདག་ཉིད་ཀྱང་མཛེས་པར་བགྱིད་ཅིང་། གཞན་དག་ཀྱང་མཛེས་པར་བགྱིད་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་དཔེར་བགྱི་ན་ཞུགས་ཤིང་ཡོངས་འདུས་བརྟོལ་ཡན་ལག་ཐམས་ཅད་མེ་ཏོག་ཡོངས་སུ་རྒྱས་པ་ནི་བདག་ཉིད་ཀྱང་མཛེས་པར་བགྱིད་ལ།

เล่ม ๔๘ · หน้า 186b

གཞན་དག་ཀྱང་མཛེས་པར་བགྱིད་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པ་ནི་བདག་ཉིད་ཀྱང་མཛེས་པར་བགྱིད་ཅིང་། སེམས་ཅན་དཔག་ཏུ་མ་མཆིས་པ་ཡང་མཛེས་པར་བགྱིད་ལགས་སོ། །བཅོམ་ལྡན་འདས་དཔེར་བགྱི་ན་

ཞུགས་ཤིང་ཡོངས་འདུས་བརྟོལ་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་གར་བགྱིད་དུ་སྩོལ་ཅིང་། རྩེ་བར་བགྱིད། དགའ་མགུར་སྤྱོད་པར་བགྱིད་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་

པར་སངས་རྒྱས་ནས་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་ཤིང་བདག་ཉིད་ཀྱིས་ཀྱང་མཛེས་ལ། སེམས་ཅན་གྲངས་མ་མཆིས། དཔག་ཏུ་མ་མཆིས་པས་ཀྱང་མངོན་དུ་བགྲོད་པར་བགྱིད་པ་ལགས་ཏེ། དེར་སེམས་ཅན་ཕྱིན་པ་རྣམས་ཀྱང་དབང་པོ་དང་། སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་དང་། བསམ་

གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རྣམས་ཀྱིས་རྩེ་བར་བགྱིད། དགའ་མགུར་སྤྱོད་པར་བགྱིད། དགའ་བར་བགྱིད་པ་ལགས་ན། བཅོམ་ལྡན་འདས་བདག་ཅག་ལྟ་བུ་ལེ་ལོ་ཅན་གཞན་གྱི་དྲིང་ལ་འཇོག་པ་དག་མ་གཏོགས་པར་ཐེག་པ་དེ་ལ་སུ་ཞིག་གནས་པར་

མི་བགྱིད། མངོན་པར་འཚལ་བར་མི་བགྱིད་ལགས། བཅོམ་ལྡན་འདས་བདག་ཅག་ནི་ཆོས་གཞན་གྱིས་སྩལ་ཅིང་། གཞན་གྱིས་བསྟན་པས་དབུགས་ཕྱིན་པ་དང་། བདེ་བར་གྱུར་པ་ལགས་ཏེ། བཅོམ་ལྡན་འདས་སླད་ཀྱིས་ནི་བཅོམ་ལྡན་འདས་ལས་ཐོས་ནས་རེ་ཞིག་གང་གིས་སེམས་ཅན་

འགའ་ཡང་བགྱིད་པ་དེ་ལ་འཇོག་པའི་མཐུ་བདག་ཅག་ལ་མ་མཆིས་སོ། །བཅོམ་ལྡན་འདས་བདག་ཅག་གིས་ནི་དེང་སླན་ཆད་གང་ལ་ལར་ཆོས་བསྟན་ན། ཆེས་ཐོག་མར་བྱང་ཆུབ་སེམས་དཔའི་ཐེག་པ་ལས་བརྩམས་ནས་བསྟན་པར་བགྱི་ཞིང་ཉན་ཐོས་ཀྱི་ཐེག་པ་ནི་སླད་ཀྱིས་བསྟན་པར་བགྱིའོ། །

དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གང་གིས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་ལྟར་བགྱིས་པས་སེམས་ཅན་འགའ་ཞིག་བྱང་ཆུབ་ཏུ་བཞག་ན་ཡང་། དེ་བཞིན་གཤེགས་པ་ལ་བདག་ཅག་གིས་བགྱིས་པ་གསོལ་ལགས་པའི་སླད་

เล่ม ๔๘ · หน้า 187a

དུའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་ཁྱོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དགའ་བར་བྱ་བའི་ཕྱིར་གོ་ཆ་ཆེན་པོ་གྱོན་པ་ནི་ལེགས་སོ་ལེགས་སོ། །

དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་ཐེག་པ་དེ་ལྟ་བུ་དེའི་མིང་ཡང་མི་འབྱུང་བའི་དུས་དེ་དང་ཚོད་དེ་འབྱུང་བར་འགྱུར་ཞིང་། ཤ་ར་དྭ་ཏིའི་བུ་ཐེག་པ་དེ་ལྟ་བུ་དེ་ལ་འཕྱ་བར་བྱེད་པར་འགྱུར། བསྟིང་བར་བྱེད་པར་འགྱུར་ལ། མདོ་སྡེ་དེ་ལྟ་བུ་དེ་དག་ལེན་པ་པོ་མ་ཡིན་པ་དང་། སྤོང་བར་བྱེད་པ་

འབྱུང་བར་འགྱུར་བའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་དེ་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དོན་འདོད་པས་ནི་དོན་ལ་རྟོན་པ་དང་། ཆོས་ལ་རྟོན་པར་བྱའི། འདུ་འཛིའི་གནས་སུ་ནི་གནས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་དེའི་ཚེ་འདུས་པ་ནི་མི་རིགས་པར་འགྱུར་ཏེ། ཤ་ར་དྭ་ཏིའི་བུ་ངའི་

ཉན་ཐོས་རིགས་པ་དང་ལྡན་པ་ནི་མདོ་སྡེ་དེ་ལྟ་བུ་དེ་དག་ལ་སྤོང་བའམ་བསྟིང་བའམ་རྣམ་པར་གཡེང་བར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་ལས་དེ་དག་ནི་རིགས་པ་མ་ཡིན་ཞིང་། ཤ་ར་དྭ་ཏིའི་བུ་བྱིས་པའི་ལས་དེ་དག་ནི་རིགས་པའི་ལས་མ་ཡིན། མཁས་པའི་ལས་མ་ཡིན་ལ། ཤ་ར་

དྭ་ཏིའི་བུ་ང་ནི་མཁས་པའི་ལས་བྱེད་ཀྱི་བྱིས་པའི་ལས་མི་བྱེད་པའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་ངའི་ཉན་ཐོས་ཀྱིས་ནི་འདི་ལྟར་བསླབ་པར་བྱ་སྟེ། ཤ་ར་དྭ་ཏིའི་བུ་དེ་ལ་ཕྱི་མའི་དུས་ཕྱི་མའི་ཚེ་ན་དད་པ་ཅན་དང་། མང་དུ་ཐོས་པ་དང་། བརྩོན་འགྲུས་བརྩམས་པ་དང་། དྲན་པ་དང་ལྡན་པ་དང་། ཁྲེལ་ཡོད་པ་དང་།

དགེ་བ་ཅི་ཡིན་ཞེས་ཚོལ་བ་དང་། ཆོས་དོན་དུ་གཉེར་བ་དང་། ཆོས་ཡོངས་སུ་ཚོལ་བ་ལ་མངོན་པར་བརྩོན་པ་གང་དག་འབྱུང་བར་འགྱུར་བ་དེ་དག་ཀྱང་དེའི་ཚེ་འཕྱ་བར་བྱེད་པར་འགྱུར་བ་ཡིན་ཞིང་། བརྙས་པར་འགྱུར་བ་ཡིན། དེ་དག་ནི་ལེ་ལོ་ཅན་ཡིན། དེ་དག་ནི་འབྲས་བུ་ཐོབ་པར་མི་ནུས་པ་ཡིན།

དེ་དག་ནི་འདོད་པ་ལ་སྟེན་པ་ཡིན། འདོད་པ་སྟེན་པར་འདོད་པ་ཡིན། དེ་དག་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བས་དད་པས་སྦྱིན་པར་བྱ་བ་ལོངས་སྤྱོད་པར་བྱེད་པ་ཡིན་ལ། ཐེག་པ་དེ་ཀུན་ཏུ་རྗོད་པར་བྱེད་ཀྱང་། དེ་དག་དེ་བཞིན་གཤེགས་པས་རིགས་པ་དང་གྲོལ་བར་གསུངས་པ་ནི་མ་ཡིན་ནོ། །ཤ་ར་

เล่ม ๔๘ · หน้า 187b

དྭ་ཏིའི་བུ་ང་ལ་མི་བླུན་པོ་དེ་དག་ཚིག་ཕྲ་མོ་ཇི་སྙེད་ཀྱིས་སྐུར་པ་འདེབས་པར་འགྱུར་བ་དང་། གང་དག་དེ་བཞིན་གཤེགས་པས་མཆོག་ཏུ་རིགས་པར་གསུངས་ཤིང་། མཆོག་ཏུ་གྲོལ་བར་གསུངས་པ་དེ་དག་ལ་འདི་སྐད་དུ་དེ་དག་ནི་རིགས་པ་མ་ཡིན་ཞིང་། དེ་དག་ནི་གྲོལ་བ་མ་ཡིན་ནོ་ཞེས་ཟེར་བར་

འགྱུར་བ་དང་། ཤ་ར་དྭ་ཏིའི་བུ་དེ་ལ་གང་དག་ཁྱིམ་ན་གནས་པ་འབྱུང་བར་འགྱུར་བ་དེ་དག་ཀྱང་ཀུན་ཏུ་གདུངས་ནས་མི་བླུན་པོ་དེ་དག་ལ་དད་པར་བྱ་བ་ཡིན་པར་སེམས་པར་འགྱུར་ཞིང་། དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མདོ་སྡེ་དེ་ལྟ་བུ་འཛིན་པ་མཐོང་ན་ཡང་བརྙས་པ་སྐྱེད་

པར་འགྱུར་བ་ལ་ལྟོས། ཤ་ར་དྭ་ཏིའི་བུ་འདི་ལྟར་དེ་བཞིན་གཤེགས་པས་ནི་གང་ལ་ཡང་ཡང་དག་པའམ། ཡང་དག་པ་མ་ཡིན་པས་གནོད་པར་མི་བྱ་ཞིང་། རྣམ་པར་གཙེ་བར་མི་བྱ་ལ་སྐུར་པ་གདབ་པར་མི་བྱའོ་ཞེས་གསུངས་ན། དེ་དག་ནི་གཞན་དག་ལ་ཡང་སྨྲ་བར་བྱེད་ཅིང་། བདག་ཉིད་

ཀྱིས་ཀྱང་ཀུན་ཏུ་བྱེད་པར་འགྱུར་བའི་མི་བླུན་པོ་དེ་དག་གིས་ཚུལ་ཁྲིམས་ཀྱི་ཕུང་པོ་ཇི་འདྲ་བར་འགྱུར་བ་ལ་ལྟོས། ཤ་ར་དྭ་ཏིའི་བུ་ཆོས་ལ་ཆོས་མ་ཡིན་པར་འདུ་ཤེས་པ་དང་། ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་པར་འགྱུར་བར་གྱུར་ཅིང་། འདུལ་བ་མ་ཡིན་པ་ལ་འདུལ་བར་འདུ་ཤེས་པ་དང་།

འདུལ་བ་ལ་འདུལ་བ་མ་ཡིན་པར་འདུ་ཤེས་པར་འགྱུར་བ་དང་། རིགས་པ་ལ་རིགས་པ་མ་ཡིན་པར་འདུ་ཤེས་པ་དང་། རིགས་པ་མ་ཡིན་པ་ལ་རིགས་པར་འདུ་ཤེས་པ་དང་། གྲོལ་བ་ལ་གྲོལ་བ་མ་ཡིན་པར་འདུ་ཤེས་པ་དང་། གྲོལ་བ་མ་ཡིན་པ་ལ་གྲོལ་བར་འདུ་ཤེས་པར་འགྱུར་བར་གྱུར་ནས་ཀྱང་།

ཤ་ར་དྭ་ཏིའི་བུ་དེ་དག་འདུལ་བ་ཡང་མི་ཤེས་ཤིང་། སྟོན་པའི་བསྟན་པ་ཡང་གཏིང་མི་དཔོགས་པའི་དུས་དེ་ཇི་སྲིད་དུ་ཕྱིན་ཅི་ལོག་ཏུ་འགྱུར་བ་ལ་ལྟོས། ཤ་ར་དྭ་ཏིའི་བུ་སེམས་ཅན་དེ་དག་ནི་ཁྲོ་བ་དང་། ཞེ་སྡང་དང་། ཕྲག་དོག་གིས་ཟིལ་གྱིས་ནོན་པ་ཡིན་ཞིང་། ང་རྒྱལ་གྱིས་ཟིལ་གྱིས་ནོན་པ་ཡིན།

བདག་ལ་སྟོད་པ་ཡིན། གཞན་ལ་སྨོད་པ་ཡིན་ན། ཕྲག་དོག་དང་། སེར་སྣ་ཡོངས་སུ་རྫོགས་པ་ཡིན། མི་དགེ་བའི་ཆོས་ཀྱིས་གང་བ་ཡིན། དགེ་བའི་ཆོས་ཐམས་ཅད་ལས་ཡོངས་སུ་ཉམས་པ་ཡིན་ཏེ། གསོར་མི་རུང་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་སེམས་ཅན་དེ་དག་ནི་ཡོངས་སུ་སྤང་བར་བྱ་བ་

เล่ม ๔๘ · หน้า 188a

ཡིན་ནོ། །ཤ་ར་དྭ་ཏིའི་བུ་ང་ནི་ངོ་ཚ་ཤེས་པ་རྣམས་ཀྱི་སྟོན་པ་ཡིན་གྱི་ང་ནི་ངོ་ཚ་མི་ཤེས་པ་རྣམས་ཀྱི་ནི་མ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་ང་ནི་དྲན་པ་དང་ལྡན་པ་རྣམས་ཀྱི་སྟོན་པ་ཡིན་གྱི་བརྗེད་ངས་པ་རྣམས་ཀྱི་ནི་མ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་ང་ནི་ཤེས་རབ་དང་ལྡན་པ་རྣམས་ཀྱི་སྟོན་པ་ཡིན་གྱི་

ཤེས་རབ་འཆལ་པ་རྣམས་ཀྱི་ནི་མ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གང་དག་གང་ལ་དེ་བཞིན་གཤེགས་པས་ཡུན་རིང་པོ་ནས་བསླབས་པ་དང་། གང་ལ་དེ་བཞིན་གཤེགས་པས་བསླབས་པས་བདག་ཉིད་ཆེན་པོའི་ཆོས་ཉིད་དེ་རྗེས་སུ་ཐོབ་པ་དང་། ཅི་ནས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

རྣམས་ཆོས་ཉིད་དེ་ཡང་དག་པར་བསྒྲུབས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། འགྲོ་བ་དཔག་ཏུ་མེད་པ་ཉོན་མོངས་པའི་དྲ་བ་ལས་ཐར་བར་བྱེད་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་ལ་འདེམས་པར་མཛད་པའི་ཡེ་ཤེས་དེ་ལྟ་བུ་དེ་དང་དེ་དག་ཀྱང་ཆོས་

གང་ལ་དེ་བཞིན་གཤེགས་པ་གུས་པ་དང་བཅས་པའི་ཆོས་ཉིད་དེ་ལ་འགལ་བར་བྱེད་པར་འགྱུར་ཞིང་། གནོད་པར་བྱེད་པར་འགྱུར་བ་དེ་དག་ནི་ངའི་ཉན་ཐོས་ཀྱང་མ་ཡིན་ལ། ང་ཡང་དེ་དག་གི་སྟོན་པ་མ་ཡིན་ཏེ། ཤ་ར་དྭ་ཏིའི་བུ་མ་ལེགས་སོ་མ་ལེགས་སོ། །ཤ་ར་དྭ་ཏིའི་བུ་ངས་ནི་དེ་ཙམ་ཞིག་བརྗོད་

པར་ནུས་སོ། །ཤ་ར་དྭ་ཏིའི་བུ་དེ་ལྟ་བས་ན་ཆོས་གླིང་ཡིན་པར་གནས་པར་བྱོས་ཤིག །གཞན་གླིང་དུ་ནི་མ་བྱེད་ཅིག །བདག་སྐྱབས་སུ་གནས་པར་བྱོས་ཤིག །གཞན་སྐྱབས་སུ་ནི་མ་བྱེད་ཅིག །ཆོས་སྐྱབས་སུ་གནས་པར་བྱོས་ཤིག །གཞན་སྐྱབས་སུ་ནི་མ་ཡིན་ཏེ། ཁྱེད་ཅག་ལ་རྗེས་སུ་

བསྟན་པ་ནི་དེ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་ཇི་ལྟར་ན་དགེ་སློང་ཆོས་གླིང་ཡིན་པར་གནས་ཤིང་། གཞན་གླིང་མ་ཡིན། བདག་སྐྱབས་ཡིན་གྱི། གཞན་སྐྱབས་མ་ཡིན། བདག་གླིང་ཡིན་གྱི། གཞན་གླིང་མ་ཡིན་ཞེ་ན། ཤ་ར་དྭ་ཏིའི་བུ་འདི་ལ་དགེ་སློང་དྲན་པ་ཉེ་བར་གཞག་པ་རྣམས་སྒོམ་

པར་བྱེད་པ་ཡིན་ཞིང་། འདོད་ཆགས་དང་བྲལ་བ་ལ་གནས་པ་ཡིན། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དྲན་པ་ཉེ་བར་གཞག་པ་ཡང་གང་ཞེ་ན། འདི་ལྟ་སྟེ། དངོས་པོ་མེད་པ་དང་། རང་བཞིན་མེད་པ་དང་། མཚན་ཉིད་མེད་པའི་དྲན་པ་ཉེ་བར་གཞག་པ་ཆོས་

เล่ม ๔๘ · หน้า 188b

ཇི་ལྟ་བ་བཞིན་དུ་མཐོང་བ་སྟེ། ཤ་ར་དྭ་ཏིའི་བུ་དེ་ལྟར་ན་དངོས་པོ་མེད་པ་དང་། རང་བཞིན་མེད་པའི་སྒོ་ནས་དྲན་པ་ཉེ་བར་གཞག་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་འདི་ལ་གང་མི་སླུ་བར་འདི་ནི་ཆོས་གླིང་ཡིན་པ་དང་། ཆོས་སྐྱབས་དང་། བདག་གླིང་དང་། བདག་སྐྱབས་ཞེས་བྱའོ། །ཤ་ར་དྭ་ཏིའི་

བུ་གང་དག་དྲན་པ་ཉེ་བར་གཞག་པ་དེ་ལྟ་བུ་སྒོམ་པར་བྱེད་པ་དེ་དག་ནི་དགྲ་བཅོམ་པ་མངོན་པར་བརྗོད་པ་ཐམས་ཅད་སྤངས་པ་ཞེས་བྱའོ། །ཟག་པ་ཟད་པ་ཞེས་བྱའོ། །ཉོན་མོངས་པ་མེད་པ་ཞེས་བྱའོ། །སྦྱིན་པའི་གནས་ཞེས་བྱའོ། །ཞི་བ་ཞེས་བྱའོ། །དུལ་བ་ཞེས་བྱའོ། །སྐྱོན་

བསལ་བ་ཞེས་བྱའོ། །བྲམ་ཟེ་ཚངས་པར་སྤྱོད་པ་ཕ་རོལ་ཏུ་སོན་པ། སྐམ་ལ་སོན་པ་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་ཅིའི་ཕྱིར་དགྲ་བཅོམ་པ་ཞེས་བྱ་ཞེ་ན། ཤ་ར་དྭ་ཏིའི་བུ་དེ་དག་ནི་དགེ་བ་ཐམས་ཅད་ལ་འོས་པ་ཡིན། དགེ་བའི་ལས་དག་གིས་འདུ་བྱེད་པ་ཐམས་ཅད་དང་བྲལ་བ་ཡིན་ཏེ། དེ་དག་ནི་

འདུ་བྱེད་པ་ཐམས་ཅད་རྒྱུན་བཅད་པ་ཡིན། འདུ་བྱེད་པ་ཐམས་ཅད་སྤངས་པ་ཡིན་ཏེ། ཤ་ར་དྭ་ཏིའི་བུ་གང་དགྲ་བཅོམ་པ་ཟག་པ་ཟད་པས་བསོད་ནམས་འདུ་བྱ་བ་ཡང་མངོན་པར་འདུ་བྱེད་པའི་གནས་མེད་ཅིང་། སྐབས་མེད་པ་ཡིན་ན་བསོད་ནམས་མ་ཡིན་པ་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། ཤ་ར་

དྭ་ཏིའི་བུ་དགྲ་བཅོམ་པ་ཟག་པ་ཟད་པ་ནི་སྲེད་པ་རྒྱུན་བཅད་པ་ཡིན། ཤ་ར་དྭ་ཏིའི་བུ་དགྲ་བཅོམ་པ་ཟག་པ་ཟད་པ་ནི་ཀུན་ཏུ་སྦྱོར་བ་རྣམས་ལས་ཕྱིར་ལོག་པ་ཡིན། ཆོས་ཐམས་ཅད་དང་བྲལ་བ་ཡིན། ཆོས་ཐམས་ཅད་ཀྱིས་མ་གོས་པ་ཡིན། ཡིད་ཆགས་པ་མེད་པ་ཡིན། འདོད་པའི་ཁམས་ལ་

ཆགས་པར་མི་བྱེད་པ་ཡིན། གཟུགས་ཀྱི་ཁམས་ལ་ཆགས་པར་མི་བྱེད་པ་ཡིན། གཟུགས་མེད་པའི་ཁམས་ལ་ཆགས་པར་མི་བྱེད་པ་ཡིན། འདུན་པ་དང་བྲལ་བ་ཡིན། སྲེད་པ་དང་བྲལ་བ་ཡིན། ཁོང་ཁྲོ་བ་དང་བྲལ་བ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་དགྲ་བཅོམ་པ་ཟག་པ་ཟད་པ་ཞེས་བྱ་ཞེ་ན།

ཤ་ར་དྭ་ཏིའི་བུ་དེའི་ཟག་པ་རྣམས་ཟད་ཅིང་། ཆོས་ཐམས་ཅད་ལ་ཟད་པ་ཉིད་ཐོབ་ལ། ཟད་པ་ཉེ་བར་ཐོབ་པས་དེའི་ཕྱིར་ཟག་པ་ཟད་པ་ཞེས་བྱའོ། །ཅིའི་ཕྱིར་ཉོན་མོངས་པ་མེད་པ་ཞེས་བྱ་ཞེ་ན། དངོས་པོ་ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱིར་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར། རྣམ་པར་བྱང་བར་

เล่ม ๔๘ · หน้า 189a

ཡང་མི་འགྱུར་ཏེ། རྣམ་པར་དག་པ་ཡིན་ཞིང་། འདོད་པའམ། མི་འདོད་པའམ། ཡིད་དུ་འོང་བའམ། ཡིད་དུ་མི་འོང་བའམ། འདུས་བྱས་སམ། འདུས་མ་བྱས་གང་གིས་ཀྱང་ཉེ་བར་མ་གོས་པས་ཉེ་བར་གོས་པ་མེད་པ་ཡིན་ལ། ཤ་ར་དྭ་ཏིའི་བུ་དགྲ་བཅོམ་པ་

ཟག་པ་ཟད་པ་ནི་སྤྲོས་པ་ཐམས་ཅད་སྤངས་པས་དེའི་ཕྱིར་ཉོན་མོངས་པ་མེད་པ་ཞེས་བྱའོ། །ཅིའི་ཕྱིར་དགྲ་བཅོམ་པ་ཟག་པ་ཟད་པ་ཞེས་བྱ་ཞེ་ན། གདུང་བ་སྤངས་པ་ཡིན་ཞིང་། ཡོངས་སུ་གདུང་བ་སྤངས་པ་ཡིན། གདུང་བར་ཉེ་བར་ཞི་བ་ཡིན་ལ། དེ་ནི་ཟང་ཟིང་མེད་པ་ཆོས་ཀྱི་མཆོག་སྦྱིན་

པའི་སྦྱིན་པ་པོ་ཡིན་པས་དེའི་ཕྱིར་སྦྱིན་གནས་ཞེས་བྱའོ། །ཅིའི་ཕྱིར་དབང་དུ་གྱུར་པ་དག་ཅེས་བྱ་ཞེ་ན། ཤ་ར་དྭ་ཏིའི་བུ་དེ་དག་གིས་ཆོས་ཐམས་ཅད་ཡ་མ་བརླར་མཐོང་ཞིང་མངོན་དུ་བྱས་པ་ཡིན། རྣམ་པར་བསྒོམས་པ་ཡིན། ཡ་མ་བརླའི་ཆོས་དེ་དག་ཐམས་ཅད་ལ་ཡང་དམ་པའི་ཕ་རོལ་ཏུ་སོན་

པ་ཡིན་ལ། དེ་དག་གིས་ཡང་དག་པ་མ་ཡིན་པའི་སྨྲ་བ་རྣམས་བསྩལ་བ་ཡིན་པས། དེའི་ཕྱིར་དབང་དུ་གྱུར་པ་དག་ཅེས་བྱའོ། །ཅིའི་ཕྱིར་བྲམ་ཟེ་དག་ཅེས་བྱ་ཞེ་ན། ཆོས་ཐམས་ཅད་བསལ་བ་ཡིན་ཞིང་བོར་བ་ཡིན། ཕྱུང་བ་ཡིན་ལ། ཉེ་བར་མ་གོས་པ་ཡིན་པས། སྡིག་པ་བསལ་བའི་ཕྱིར་རོ། །

ཅིའི་ཕྱིར་ཞི་བར་བྱེད་པ་དག་ཅེས་བྱ་ཞེ་ན། ཤ་ར་དྭ་ཏིའི་བུ་སྡིག་པ་ཐམས་ཅད་དང་། སྡིག་པའི་ཆོས་ཐམས་ཅད་ལས་བྱུང་བའི་ཕྱིར་རོ། །ཅིའི་ཕྱིར་ཚོར་བ་པོ་དག་ཅེས་བྱ་ཞེ་ན། ཤ་ར་དྭ་ཏིའི་བུ་དེ་དག་གིས་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་

དང་། རྣམ་པར་སྨིན་པ་དང་། ཡང་དག་པ་མ་ཡིན་པ་དང་། བདེན་པ་མ་ཡིན་པ་ཐུལ་ཅིང་ལས་དང་། རྣམ་པར་སྨིན་པ་ཡང་ཐུལ་ལ། ཤ་ར་དྭ་ཏིའི་བུ་དེ་དག་ཀུན་ཏུ་རྟོག་པ་མེད་པ་ཉིད་ཀྱི་ཕྱིར། ཀུན་ཏུ་རྟོག་པ་ལས་བྱུང་བའི་ཆོས་ཐམས་ཅད་ཐུལ་ཅིང་རྣམ་པར་གྲོལ་བ་ཡིན་པས་

དེའི་ཕྱིར་ཚོར་བ་པོ་དག་ཅེས་བྱའོ། །ཅིའི་ཕྱིར་ཕ་རོལ་ཏུ་སོན་པ་དག་ཅེས་བྱ་ཞེ་ན། ཤ་ར་དྭ་ཏིའི་བུ་དེ་དག་གིས་བདུད་ཕམ་པར་བྱས་ཤིང་བདུད་ཀྱི་ཕྱོགས་ཀྱི་ཉོན་མོངས་པ་ཐམས་ཅད་ཕམ་པར་བྱས་ལ། ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་སོན་ཅིང་རྒལ་ལ་སྐམ་ལ་སོན་པས། དེའི་ཕྱིར་ཕ་རོལ་ཏུ་

เล่ม ๔๘ · หน้า 189b

སོན་པ་དག་ཅེས་བྱའོ། །ཤ་ར་དྭ་ཏིའི་བུ་ངས་དགྲ་བཅོམ་པ་ཟག་པ་ཟད་པའི་ཡོན་ཏན་དག་ཇི་ཙམ་ཅི་བརྗོད་ཀྱང་། ཤ་ར་དྭ་ཏིའི་བུ་དེ་ལ་བྲི་བར་ཡང་མི་འགྱུར་རོ། །ཤ་ར་དྭ་ཏིའི་བུ་དགྲ་བཅོམ་པ་ཟག་པ་ཟད་པ་ནི་ཤིན་ཏུ་ཡོངས་སུ་སྦྱངས་པ། རྡོ་བ་དང་། ཚེར་མ་མེད་པ། ཤིན་ཏུ་རྣམ་པར་

དག་པའི་ཞིང་ཆེན་པོ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དགྲ་བཅོམ་པ་ཟག་པ་ཟད་པ་ལ་ནི་གཤེ་བར་བྱེད་ཅིང་བརྒྱད་བཀག་བྱེད་ཀྱང་། འདི་སྙམ་དུ་བདག་ལ་འདི་གཤེ་བར་བྱེད་ཅིང་བརྒྱད་བཀག་བྱེད་དོ་སྙམ་དུ་ཡང་མི་སེམས་ལ། བསྔགས་པའམ། བསྔགས་པ་མ་ཡིན་པ་བརྗོད་པ་ན་ཡང་འདི་སྙམ་

དུ་བདག་ལ་འདི་བསྔགས་པའམ། བསྔགས་པ་མ་ཡིན་པ་བརྗོད་དོ་སྙམ་དུ་མི་སེམས་སོ། །ཤ་ར་དྭ་ཏིའི་བུ་དགྲ་བཅོམ་པ་ཟག་པ་ཟད་པ་ནི་རློམ་སེམས་ཐམས་ཅད་རྒྱུན་བཅད་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དགྲ་བཅོམ་པ་ཟག་པ་ཟད་པ་ནི་བསྲུང་བ་མེད་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དགྲ་བཅོམ་

པ་ཟག་པ་ཟད་པ་ལ་ནི་ཆོས་གང་ཡང་བསྲུང་བ་མེད་དེ་དབང་པོ་ཤིན་ཏུ་བསྲུངས་པ་ཡིན་ཞིང་། ངེས་པའི་ས་ཐོབ་པ་ཡིན། ཆོས་ཀྱི་སྒྲོན་མ་ཡིན། ཆོས་ཀྱི་སྐྱབས་ཡིན། བདག་གི་སྒྲོན་མ་ཡིན། བདག་གི་སྐྱབས་ཡིན་པའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་དེ་ལྟ་བས་ན་དགེ་སློང་དེ་ལྟར་གནས་པས་ནི་

འདི་ལྟར་གལ་ཏེ་དེ་བཞིན་གཤེགས་པའི་བྱང་ཆུབ་སྤོང་བར་མི་བྱེད་ཅིང་མི་རིགས་པའི་ལས་ཀྱང་མི་བྱེད་ལ། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱི་ཁ་ན་མ་ཐོ་བ་དང་བཅས་པ་ཡང་མ་ཡིན་ཞིང་། ཕྱིས་ཀྱང་བྱང་ཆུབ་ཀུན་ཏུ་བསྲུང་བ་དང་། རྣམ་པར་མི་གཙེ་བ་དང་། མི་སྤང་བའི་ཕྱིར་

དང་། ཡུན་རིང་དུ་གནས་པར་བྱ་བའི་དོན་དུ་ཞུགས་པར་འགྱུར་བ་དེ་ནི་དགྲ་བཅོམ་པ་ཡིན་པར་ཤེས་པར་བྱའོ། །ཤ་ར་དྭ་ཏིའི་བུ་དགྲ་བཅོམ་པ་ཟག་པ་ཟད་པ་ལ་ནི་ཆོས་རྣམས་ལ་ཆོས་ཀྱི་ཐེ་ཚོམ་མེད་དོ། །ཤ་ར་དྭ་ཏིའི་བུ་དགྲ་བཅོམ་པ་ཟག་པ་ཟད་པ་ནི་སོམ་ཉི་མེད་པ་ཡིན་ཞིང་ཡིད་གཉིས་དང་

བྲལ་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དགྲ་བཅོམ་པ་ཟག་པ་ཟད་པ་ནི་རྒལ་བ་ཡིན་ཞིང་ལམ་ཁ་བྲག་ལས་ངེས་པར་རྒལ་བ་ཡིན། དྲང་པོའི་གནས་ན་གནས་པ་ཡིན། དྲང་པོ་ཡིན། དྲང་པོར་གྱུར་པ་ཡིན། ལམ་དྲང་པོ་ནས་འོངས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་

เล่ม ๔๘ · หน้า 190a

ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགྲ་བཅོམ་པ་ཟག་པ་ཟད་པ་ནི་ཆོས་སྤོང་བ་མ་ལགས་པར་འཚལ་བར་བགྱི་བ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་དག་ནི་བྱིས་པའི་ལས་ལགས་ཀྱི་དེ་དག་ནི་དགྲ་བཅོམ་པའི་ལས་མ་

ལགས་ཏེ། འདི་ལྟ་སྟེ། ཆོས་སྤོང་བ་ལགས་པའི་སླད་དུའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཤ་ར་དྭ་ཏིའི་བུ་དེ་དག་ནི་བྱིས་པའི་ལས་ཡིན་གྱི་དགྲ་

བཅོམ་པའི་ལས་མ་ཡིན་མོད་ཀྱི་འོན་ཀྱང་། ཤ་ར་དྭ་ཏིའི་བུ་ཕྱི་མའི་ཚེ་ཕྱི་མའི་དུས་ན་མི་འཇིགས་པས་ཟིལ་གྱིས་ནོན་པའི་དགེ་སློང་དག་འབྱུང་བར་འགྱུར་ཏེ། དེ་དག་ནི་བསམ་གཏན་ཙམ་དང་། ངེས་པར་གནས་པ་ཙམ་དང་། དགོན་པ་ན་གནས་པ་ཙམ་གྱིས་བདག་ཉིད་ཉོན་མོངས་པ་མེད་

པའོ། །སྙམ་དུ་ཀུན་ཏུ་ཤེས་པར་འགྱུར་ཞིང་བདག་ཉིད་ལ་རློམ་སེམས་སྐྱེད་པར་བྱེད་པར་འགྱུར་ཏེ། དེའི་ཕྱིར་དེའི་ཚེ་བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་མོས་པ་མང་བ་དང་། ངེས་པར་རྟོག་པ་མང་བ་དག་གིས་དགྲ་བཅོམ་པ་འདི་ནི་སྦྱིན་པའི་གནས་སོ། །ཟག་པ་ཟད་པའོ་སྙམ་དུ་ཀུན་

ཏུ་ཤེས་པར་འགྱུར་ལ། དེ་ལ་ཡང་ལྷག་པར་བྱེད་པ་བྱ་བར་སེམས་པར་འགྱུར་ཞིང་། མི་བླུན་པོ་དེ་དག་ཀྱང་བསྙེན་བཀུར་གྱིས་ཟིལ་གྱིས་གནོན་ཅིང་། རྙེད་པས་ཟིལ་གྱིས་ནོན་ལ། བསྔགས་པ་དང་། གྲགས་པ་དང་། སྙན་པས་ཟིལ་གྱིས་ནོན་ནས། བདག་ཅག་ནི་ཆོས་དེ་དག་ལ་གནས་

སོ། །བདག་ཅག་ནི་ཆོས་དེ་དག་དང་ལྡན་ནོ། །བདག་ཅག་ནི་འདི་ན་ཟག་པ་ཟད་པའོ། །བདག་ཅག་ནི་འདི་ན་ཉོན་མོངས་པ་མེད་པའོ་སྙམ་ནས། བདག་ཉིད་ལ་ཡེ་ཤེས་ཅན་དུ་ཀུན་ཏུ་ཤེས་པར་འགྱུར་བ་ཡིན་ཞིང་། དེ་དག་ནི་བྱིས་པར་འགྱུར་བ་ཡིན། བརྟགས་པའི་སྤྱོད་ལམ་ཅན་དུ་འགྱུར་བ་

ཡིན། གྲོང་ན་འཁོད་པ་དེ་དག་གི་སྤྱོད་ལམ་ཡང་གཞན་དུ་འགྱུར་བ་ཡིན། གཙུག་ལག་ཁང་ན་འཁོད་པའི་སྤྱོད་ལམ་ཡང་གཞན་དུ་འགྱུར་བ་ཡིན། དགོན་པ་ན་འཁོད་པ་རྣམས་ཀྱི་ཡང་གཞན་དུ་ལ། འཁོར་གྱི་ནང་ན་འཁོད་པ་རྣམས་ཀྱི་ཡང་གཞན་དུ་ཡིན། ལུས་ཀྱི་ལས་དང་ངག་གི་ལས་ཀུན་ཏུ་སྤྱོད་པ་

เล่ม ๔๘ · หน้า 190b

དག་ཀྱང་མ་བསྲུངས་པར་འགྱུར་བ་ཡིན། འཁོར་བ་ན་སྤྱོད་པར་ཡང་འགྱུར་བ་ཡིན། བདག་ཉིད་ཀྱི་ཉོན་མོངས་པ་མེད་པའི་འདུ་ཤེས་ཀྱང་སྐྱེད་པར་འགྱུར་བ་ཡིན། ད་ལྟར་གང་དག་ཉན་ཐོས་རྣམས་ཀྱིས་བཤད་པའི་ཆོས་ཀྱི་རྣམ་གྲངས་ཟབ་མོ་དང་ལྡན་པ། དབེན་པ་དང་ལྡན་པ། སྟོང་པ་ཉིད་དང་།

ལྡན་པ་དེ་ལྟ་བུ་དེ་དག་ཐོས་ནས་ཀྱང་། ཆོས་དེ་ལ་ཞེ་ས་དང་བཅས་ཤིང་གུས་པ་དང་བཅས་པས་གུས་པར་ཉན་ཅིང་། རྣ་གཏོད་པར་བྱེད་ལ། སེམས་གཞན་དུ་མ་ཡིན་པར་ཉེ་བར་འཇོག་པར་བྱེད་པ་ཡིན་ཏེ། དེའི་ཚེ་མི་བླུན་པོ་དེ་ལྟ་བུའི་སྤྱོད་ཡུལ་པ་དེ་དག་ཀྱང་སྟིང་བར་བྱེད་པར་འགྱུར་ཞིང་། འཕྱ་

བར་བྱེད་པར་ཡང་འགྱུར་ལ། གཤེ་བར་བྱེད་པར་ཡང་འགྱུར་ཞིང་། འདི་སྐད་དུ་འདི་ནི་སངས་རྒྱས་ཀྱི་བཀའ་མ་ཡིན། སྟོན་པའི་བསྟན་པ་མ་ཡིན་ནོ་ཞེས་གཅིག་ལ་གཅིག་འདེམས་པར་བྱེད་པར་ཡང་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་ཆོས་དང་ཆོས་སུ་འདུལ་བ་དང་འདུལ་བར་མཚུངས་པར་

མི་འགྱུར་ཞིང་། ཆོས་མ་ཡིན་པ་སེམས་པར་བྱེད་པ་དེ་དག་ནི་ཆོས་ལ་ཆོས་མ་ཡིན་ནོ་ཞེས་སྨྲ་བར་འགྱུར་བ་ཡིན། ཆོས་མ་ཡིན་པ་ལ་ཆོས་སོ་ཞེས་སྨྲ་བར་འགྱུར་བ་ཡིན། འདུལ་བ་མ་ཡིན་པ་ལ་འདུལ་བའོ་ཞེས་སྨྲ་བར་འགྱུར་བ་ཡིན་པའི་ཕྱིར་ཏེ། ཤ་ར་དྭ་ཏིའི་བུ་དེ་ལྟར་ན་དེ་དག་ནི་ཆོས་གང་

འཐོབ་པར་འགྱུར་བ་དེ་ཉིད་ཀྱི་བསྔགས་པ་མ་ཡིན་པ་སྨྲ་བར་འགྱུར་བ་ཡིན་ལ། དེ་དག་ནི་བདག་ལ་བསྟོད་ཅིང་གཞན་ལ་སྨོད་པར་འགྱུར་བ་ཡིན། ཚུལ་ཁྲིམས་ཙམ་དང་། དགོན་པ་ན་གནས་པ་ཙམ་དང་། བསམ་གཏན་ཙམ་དང་། ངེས་པར་གནས་པ་ཙམ་དང་། ཐོས་པ་ཙམ་དང་། མང་དུ་

ཐོས་པ་ཙམ་དང་། འཁོར་ཙམ་དང་། བསྔགས་པ་ཙམ་དང་། ཚིགས་སུ་བཅད་པ་ཙམ་དང་། རྙེད་པ་དང་བཀུར་སྟི་ཙམ་དང་། གྲགས་པ་དང་། སྙན་པ་ཙམ་གྱི་ང་རྒྱལ་གྱི་དབང་གིས་ངའོ་སྙམ་པའི་ང་རྒྱལ་གྱིས་བཅོམ་པ་ཡིན་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་གླེང་བ་པོ་དེ་དག་གིས་ཡང་

དག་པར་གླེངས་པ་ན། ཇི་ལྟ་ཇི་ལྟར་ཆོས་ཀྱི་རྣམ་གྲངས་དེ་དག་ཉན་པ་དེ་ལྟ་དེ་ལྟར་ལས་ཆེས་དམ་པ་དག་མངོན་པར་འདུ་བྱེད་པར་འགྱུར་བ་ཡིན་གྱི། མི་བླུན་པོ་དེ་དག་ནི་འདི་སྙམ་དུ་མི་དགེ་བའི་ལས་ཡང་དག་པ་དེ་དག་བདག་ཅག་ལ་ཀུན་དུ་ཡོད་དོ་སྙམ་དུ་མི་སེམས་ཏེ། དེ་དག་ནི་ཤས་ཆེར་ང་རྒྱལ་

เล่ม ๔๘ · หน้า 191a

གྱིས་བརྟན་ཅིང་། མི་ཤེས་པས་བརྟན་ནས་ཆོས་ཀྱི་རྣམ་གྲངས་དེ་དག་སྤངས་ཏེ། ལས་ཆེས་དམ་པོ་བྱས་ནས། མནར་མེད་པར་འགྲོ་བར་འགྱུར་བ་ཡིན། ངན་འགྲོར་འགྲོ་བར་འགྱུར་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་ད་ལྟར་ང་ཁྱེད་ཅག་གི་ཐེ་ཚོམ་གཅོད་པར་བྱེད་པ་དང་། དེའི་

ཚེ་ཆོས་སྨྲ་བ་ཆོས་ཡོངས་སུ་འཛིན་པ། ཆོས་སྟོན་པ། དོན་དུ་གཉེར་བ། མདོ་སྡེ་དེ་ལྟ་བུ་འཛིན་པ་གང་དག་འབྱུང་བར་འགྱུར་བ་དེ་དག་ལ་ཡང་དེའི་ཚེ་ང་ཆོས་ཀྱི་ཐེ་ཚོམ་དེ་ལྟ་བུ་གཅོད་པར་བྱེད་པ་དེ་ལ་ལྟོས་ཤིག །ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པ་ནི་ཐམས་ཅད་མཁྱེན་པ་ཡིན་ཞིང་།

ཐམས་ཅད་ཤེས་པ་ཅན་ཡིན། ཐམས་ཅད་གཟིགས་པ་ཡིན། ཐམས་ཅད་སྟོན་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གང་དེ་བཞིན་གཤེགས་པས་མ་མཁྱེན་མ་གཟིགས་མ་གསན་པའི་ཆོས་དེ་ནི་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པ་ནི་དུས་གསུམ་ལ་མ་ཐོགས་པའི་ཡེ་ཤེས་

བརྙེས་པ་ཡིན་ཞིང་། མ་ཆགས་པ་དང་གྲོལ་བ་ཡིན། དབང་དུ་གྱུར་པ་དང་། ཉོན་མོངས་པ་མེད་པ་ཡིན། རང་འབྱུང་ཡིན། སློབ་དཔོན་མི་མངའ་བ་ཡིན། བདེ་བླག་ཏུ་སེང་གེའི་སྒྲ་སྒྲོགས་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་ཡང་མི་བླུན་པོ་དེ་དག་གི་སྤྱོད་པ་དང་། སྤྱོད་ཡུལ་དང་། ལམ་

གྱིས་ནི་མཆོག་གོ། །དེ་དག་ནི་མ་བསླབས་པ་ཡིན། མི་བླུན་པོ་དེ་དག་ནི་ལམ་ངན་པར་ཞུགས་པར་འགྱུར་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དེ་ལྟ་བས་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་མངོན་པར་ཡང་དག་པར་ཞུགས་པས་ནི་བདག་སངས་

རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ལ་མངོན་པར་མ་དད་ཅིང་། ཉེས་པར་མ་བརྟགས་ལ་མངོན་པར་རྫོགས་པར་སངས་མ་རྒྱས་ན་མི་རུང་ངོ་སྙམ་ནས་ཆོས་དེ་ལྟ་བུ་དེ་དག་ལ་འདུན་པར་བྱ། རྣལ་འབྱོར་དུ་བྱ། སྤྲོ་བར་བྱའོ། །ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཆོས་བཞི་

དང་ལྡན་ན། སངས་རྒྱས་ཀྱི་བྱང་ཆུབ་སྤོང་བར་བྱེད་པ་ཡིན་ཏེ། བཞི་གང་ཞེ་ན། ཤ་ར་དྭ་ཏིའི་བུ་འདི་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་སྡིག་པའི་གྲོགས་པོའི་ལག་ཏུ་སོང་བ་ཡིན་ཞིང་དགེ་བའི་བཤེས་གཉེན་གྱི་ལག་ཏུ་སོང་བ་མ་ཡིན་ལ། སྡིག་པའི་གྲོགས་པོ་དེ་དག་ལ་ཡང་སྟེན་པར་བྱེད།

เล่ม ๔๘ · หน้า 191b

སྙེན་པར་བྱེད། བསྙེན་བཀུར་བྱེད་དེ། དེ་སྡིག་པའི་གྲོགས་པོ་དེ་དག་ལ་བསྟེན་ཅིང་བསྙེན་ལ་བསྙེན་བཀུར་བྱས་པས་དེ་དག་ཉིད་ཀྱི་རྗེས་སུ་བསླབས་ནས་སྤོང་བར་བྱེད་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་བདག་ཏུ་མངོན་པར་ཞེན་པས་དམིགས་པ་ཅན་ཡིན་ཏེ།

དེ་ཆོས་ཀྱི་རྣམ་གྲངས་ཟབ་མོ་དེ་ལྟ་བུ་དེ་དག་ཐོས་ནས། སྐྲག་ཅིང་དངང་ལ་དངང་བར་འགྱུར་ཞིང་གཡང་ས་ཆེན་པོར་ཡང་རབ་ཏུ་ལྟུང་བ་ཡིན་ཏེ། ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཆོས་གཉིས་པ་དེ་དང་ལྡན་ན། བྱང་ཆུབ་སྤོང་བར་བྱེད་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་

རིགས་ཀྱི་བུ་གཅེར་བུ་པའི་སྨྲ་བ་ལ་ཞུགས་པ་ཡིན་ཞིང་། འཇིག་རྟེན་རྒྱང་ཕན་པའི་གསང་ཚིག་ཡོངས་སུ་ཚོལ་བ་ལ་མངོན་པར་བརྩོན་པ་དང་། སྐྱེ་བོ་མང་པོས་བཀུར་བ་ཡིན་ཏེ། དེའི་ཆོས་དེ་དག་མི་སེམས་པར་སྤོང་བར་བྱེད་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་

ཚུལ་ཁྲིམས་འཆལ་པ་དང་། ཚུལ་ཁྲིམས་རྒུད་པ་ཡིན་ཞིང་། ཇི་ལྟར་བསླབ་པ་བཅས་པ་ལ་ཡང་མི་སློབ་པ་ཡིན་ཏེ། དེ་ཡོ་བྱད་བསྙུངས་པའི་གཏམ་དང་ལྡན་པ་དེ་ལྟ་བུ་དེ་དག་སྤོང་བར་བྱེད་པ་ཡིན་ཞིང་། གཤེ་བར་བྱེད་ལ་མོས་པར་མི་བྱེད་དེ། ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུའམ། རིགས་

ཀྱི་བུ་མོ་ཆོས་བཞི་པོ་དེ་དང་ལྡན་ན་བྱང་ཆུབ་སྤོང་བར་བྱེད་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །སྡིག་པའི་གྲོགས་རྣམས་སྟེན་བྱེད་ཅིང་། །དེ་དག་གི་ནི་རྗེས་ཕྱོགས་འགྱུར། །དེ་ཕྱིར་ཆོས་ནི་སྤོང་བྱེད་ཅིང་། །སངས་རྒྱས་བྱང་

ཆུབ་འདོད་མི་བྱེད། །གཅེར་བུའི་སྨྲ་དང་འདྲེས་པ་དང་། །འཇིག་རྟེན་རྒྱང་ཕན་སེམས་པ་ཡིན། །བསྟན་པ་འདི་ནི་བརྗོད་བྱས་ཏེ། །བློ་ངན་དུས་ནི་དྲང་པོ་ཡིན། །བྱིས་པ་མཁས་པའི་ང་རྒྱལ་ཅན། །ཀྱེ་མ་མཁས་པར་རློམ་སེམས་བྱེད། །དེ་ཕྱིར་དེ་ནི་ཆོས་སྤངས་ཤིང་། །སངས་རྒྱས་

བྱང་ཆུབ་འཚང་མི་རྒྱ། །བདག་ཏུ་སྨྲ་བ་གང་ཡིན་པ། །དམིགས་པ་ལ་ནི་གནས་ནས་སུ། །ཟབ་མོའི་ཆོས་རྣམས་ཐོས་གྱུར་ནས། །བློ་ངན་ཆོས་ནི་སྤོང་བར་བྱེད། །མཐའ་འདས་སྟོང་ཉིད་ཇི་བཞིན་དང་། །དོན་ནི་དེ་ཡིས་མི་ཤེས་ཏེ། །དེ་ཕྱིར་བྱང་ཆུབ་སྤོང་བར་བྱེད། །དེ་ཡི་གཏིང་ནི་ཤེས་མ་

เล่ม ๔๘ · หน้า 192a

ཡིན། །ཚུལ་ཁྲིམས་འཆལ་དང་སྡིག་ཆོས་ཅན། །མི་གཙང་ཀུན་རྟོག་སྤྱོད་ཡུལ་བ། །ཇི་ལྟར་བསླབ་པ་བཅས་པ་ལ། །བློ་ངན་དེ་དག་སློབ་མི་བྱེད། །དམུ་རྒོད་བཀའ་བློ་མི་བདེ་བ། །རྨ་འབེབས་པོ་དང་ལྕེ་ངན་པོ། །དེ་ལྟའི་ཆོས་ཅན་དེ་ལ་ནི། །སྡིག་པ་མི་

བྱེད་ཅི་ཡང་མེད། །དེ་ཕྱིར་དེ་ནི་རྣམ་པར་སྤང་། །རྟག་པར་སངས་རྒྱས་རྣམས་ཀྱིས་སྨད། །གང་དག་ང་ཡིས་རྟག་བསྔགས་པའི། །ཆོས་ལའང་རྟག་ཏུ་བསྟེན་པར་བྱ། །གང་ཞིག་སངས་རྒྱས་མཐོང་འདོད་དང་། །དེ་འདྲའི་ཆོས་ནི་ཉན་འདོད་དེས། །ཚུལ་ཁྲིམས་ཕུང་པོ་ལེགས་

པར་བརྟག །དེ་ལ་ཆོས་ནི་འཐོབ་པར་འགྱུར། །ཚུལ་ཁྲིམས་ཕུང་པོར་གང་དག་གནས། །དེ་ལ་འཇུག་པར་འདོད་པ་དང་། །དེ་ལ་ཀུན་ཏུ་རྟོག་འདོད་པས། །དེ་ཕྱིར་ཚུལ་ཁྲིམས་བསྟེན་པར་བྱ། །ཡེ་ཤེས་དེ་འདྲ་འཇུག་འདོད་ན། །ཡིད་གཞུངས་པ་ཡིས་ཚུལ་ཁྲིམས་བསྟན། །

བྱང་ཆུབ་རྣམས་ཀྱི་ཕུལ་དང་མཆོག །དེས་ནི་རྙེད་པར་དཀའ་མ་ཡིན། །ཤ་ར་དྭ་ཏིའི་བུ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀུན་ཏུ་བསྲུང་བའི་ཕྱིར་ཞུགས་པ་ཡིན་ཏེ། བཞི་གང་ཞེ་ན། ཤ་ར་དྭ་ཏིའི་བུ་འདི་ལ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་

པ་ནི་བདག་ཉིད་ཀྱང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཡིན། དགེ་བའི་ཆོས་ཅན་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་ལེགས་པར་རབ་ཏུ་གནས་པ་དང་མང་དུ་ཐོས་པ་ཡིན། དོན་དམ་པ་ལ་མཁས་ཤིང་འཇིག་རྟེན་རྒྱང་ཕན་པ་དང་ཡང་མ་འདྲེས་པ་ཡིན། སངས་རྒྱས་ཀྱི་བྱང་ཆུབ་དག་པ་ཡོངས་

སུ་འཐོབ་ཅིང་དབེན་པ་ལ་གཞོལ་བས་དགོན་པ་དང་། རབ་ཏུ་དགོན་པ་ལ་མངོན་པར་དགའ་བ་ཡིན་ཏེ། ཤ་ར་དྭ་ཏིའི་བུ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཆོས་བཞི་པོ་དེ་དག་དང་ལྡན་པ་ནི་བྱང་ཆུབ་ཀུན་ཏུ་བསྲུང་བའི་ཕྱིར་ཞུགས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་

བཅད་པ་འདི་དག་བཀའ་སྩལ་ཏོ། །ཚུལ་ཁྲིམས་ཕུང་པོར་དེ་གནས་ཀྱང་། །ཚུལ་ཁྲིམས་ཀྱིས་ནི་རློམ་སེམས་མེད། །ངེས་པའི་དོན་དང་ཟབ་མོ་ཡི། །ཆོས་ནི་ཕྱིས་ཀྱང་ཚོལ་བར་བྱེད། །སངས་རྒྱས་བྱང་ཆུབ་དག་པ་དང་། །རྣམ་དག་ཡོངས་སུ་དག་པའང་ཚོལ། །གཅེར་བུ་རྣམས་

เล่ม ๔๘ · หน้า 192b

ཀྱིས་གང་འཛིན་པའི། །གསང་ཚིག་དག་ནི་དེ་མི་ཚོལ། །འཐབ་མེད་གསང་ཚིག་དེ་འདོད་པས། །འཇིག་རྟེན་རྒྱང་ཕན་འདྲེས་མ་ཡིན། །སངས་རྒྱས་ཆོས་ལ་ངེས་ཡིན་ཞིང་། །རྟག་ཏུ་བསྟན་པ་སྲུང་བར་བྱེད། །གང་དག་གིས་ནི་སེམས་འཁྲུག་པའི། །བུད་མེད་རྣམས་

ནི་དེར་མི་འགྲོ། །དབེན་པ་ཞི་བ་སྟོང་པ་ཡི། །བས་མཐའི་དགོན་པ་རྣམས་སྟེན་བྱེད། །ང་ཡིས་མཆོག་དང་ཕུལ་བསྔགས་པའི། །ཆོས་བཞི་པོ་ནི་དེ་དག་དང་། །བྱང་ཆུབ་རྣམས་ཀྱི་དོན་གང་བསྟན། །ཆོས་དེ་དག་ལ་བསྟེན་པར་བྱོས། །དེ་དང་དེར་ནི་དེ་བཞིན་དུ། །སྔོན་

ཆད་དེ་དག་བསྟེན་པ་ཡིན། །ཡེ་ཤེས་ཀུན་ཏུ་སྲུང་བར་བྱེད། །དེས་ནི་ང་ཡི་ཡེ་ཤེས་བསྒྲུབས། །ཆོས་ནི་ཀུན་ཏུ་བསྲུང་བྱས་པས། །འགྲོ་བ་ངན་པར་འགྲོ་མི་འགྱུར། །རྟག་པར་དེ་ཞི་ཀུན་ཏུ་དག །གཟུགས་ཀྱིས་ཀྱང་ནི་འཕགས་པར་འགྱུར། །ལོངས་སྤྱོད་ལྡན་པར་དེ་རྟག་

འགྱུར། །ཐོབ་ནས་ཀྱང་ནི་བག་ཡོད་འགྱུར། །དེ་ལ་སྙིང་པོ་སྟོན་པར་འགྱུར། །ལོངས་སྤྱོད་རྣམས་ནི་མི་རྟག་ཅེས། །གང་བྱིན་དེ་ནི་ང་ཡི་ཡིན། །གང་མ་བྱིན་དེ་ང་ཡི་མིན། །ང་དང་ལོངས་སྤྱོད་ཕུང་པོའང་རུང་། །ཐམས་ཅད་སྤངས་ནས་སོང་བ་ཡིན། །གཡོག་འཁོར་

བཟང་པོར་འགྱུར་བ་ཡིན། །དེ་ཡི་བཤེས་གཉེན་བཟང་པོར་འགྱུར། །སངས་རྒྱས་ཀྱིས་ནི་བསྔགས་ཆོས་ལ། །མ་ཡེང་ངེས་པར་སྦྱོར་བར་འགྱུར། །བདག་ཉིད་ཀྱིས་ཀྱང་འདུན་པ་ཡིན། །གཞན་ཡང་དེ་ལ་ངེས་སྦྱོར་བྱེད། །དེ་ཕྱིར་དེ་ནི་དགའ་བ་འཐོབ། །དམ་པའི་ཆོས་ཀྱང་སྤྱོད་

པར་འགྱུར། །གང་དག་འཇིག་རྟེན་མཆོག་བཀུར་བའི། །རིགས་མཐོ་བར་ཡང་རྟག་པར་སྐྱེ། །དེ་ནི་བག་མེད་མི་བྱེད་ཅིང་། །རྟག་ཏུ་ཆོས་ལ་སྟེན་པར་བྱེད། །རྫོགས་སངས་རྒྱས་ལ་མཉེས་བྱེད་འགྱུར། །མཐོང་ནས་ཀྱང་ནི་དད་པར་བྱེད། །སེམས་དད་ཅིང་ནི་ཡིད་དགའ་ནས། །

མཆོད་པ་དམ་པ་བྱེད་པར་འགྱུར། །ལུས་དང་སྲོག་དང་ལོངས་སྤྱོད་ནི། །དེ་དག་ཐམས་ཅད་སྙིང་པོ་མེད། །སྐྱེས་བུ་དམ་པ་མཐོང་ནས་ཀྱང་། །མྱུར་དུ་སྙིང་པོ་སྟོན་པར་འགྱུར། །དེ་ཡི་ལུས་དང་ལོངས་སྤྱོད་ལའང་། །སྙིང་པོའི་འདུ་ཤེས་འཇུག་མི་འགྱུར། །སངས་རྒྱས་

เล่ม ๔๘ · หน้า 193a

རྣམས་ནི་འབྱུང་བ་དཀོན། །དལ་བ་དེ་འདྲ་འང་རྙེད་པར་དཀའ། །དེར་ནི་དལ་བའང་འཐོབ་འགྱུར་ཞིང་། །ཐོབ་ནས་ཀྱང་ནི་ཡིད་མི་འབྱུང་། །གང་ལས་ཡེ་ཤེས་འཐོབ་འགྱུར་བའི། །མངོན་འབྱུང་དེ་ལ་སྟེན་པར་བྱེད། །རངས་དང་མཆོག་ཏུ་དགའ་བསྐྱེད་ནས། །ཡེ་ཤེས་

དམ་པ་ཚོལ་བར་བྱེད། །གང་ལས་བྱང་ཆུབ་འཐོབ་འགྱུར་བའི། །ཆོས་ལའང་རྟག་པར་གནས་པར་བྱེད། །ཤ་ར་དྭ་ཏིའི་བུ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཆོས་བཞི་དང་ལྡན་ན་བདག་ཉིད་ཀྱིས་བདག་ཉིད་དབུགས་འབྱིན་ཅིང་མཆོག་ཏུ་དགའ་བ་སྐྱེས་ནས་ཀྱང་གནས་པར་བྱེད་དོ། །

བཞི་གང་ཞེ་ན། ཤ་ར་དྭ་ཏིའི་བུ་འདི་ལ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་ནས་ལོངས་སྤྱོད་ཀྱི་ཕུང་པོའི་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ཡིན། ཚུལ་ཁྲིམས་ཀྱི་ཕུང་པོའི་ཡོན་ཏན་ཐམས་ཅད་ལ་རབ་ཏུ་གནས་པ་ཡིན། ཆོས་ཟབ་མོ་རྣམས་ཀྱིས་ཡེ་ཤེས་ཐམས་ཅད་མངོན་དུ་འཕགས་

པ་ཡིན་ཞིང་མངོན་དུ་འཕགས་ནས་ལུས་དང་སྲོག་གཏོང་བར་བྱེད་ཀྱང་ཆོས་གཏོང་བར་མི་བྱེད་པ་ཡིན། དགེ་སློང་ཆོས་སྨྲ་བ་དམ་པའི་ཆོས་ཡོངས་སུ་འཛིན་པ་མདོ་སྡེ་དེ་ལྟ་བུ་འཛིན་པ་རྣམས་ལ་ཡང་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་སྤྲོ་བར་བྱ་བ་ལ་ཞུགས་པ་ཡིན་ཏེ། ཤ་ར་དྭ་ཏིའི་བུ་ཐེག་པ་

ཆེན་པོ་ལ་ཡང་དག་པར་ཞུགས་པ་ཆོས་བཞི་པོ་དེ་དག་དང་ལྡན་ན་བདག་ཉིད་ཀྱིས་བདག་ཉིད་ལུང་སྟོན་པ་དང་། དབུགས་འབྱིན་པ་མང་བ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ལོངས་སྤྱོད་རྣམས་ནི་ཀུན་བགེད་བྱེད། །ཚུལ་ཁྲིམས་

ཕུང་པོར་ཤིན་ཏུ་གནས། །ཆོས་རྣམས་ལ་ནི་མངོན་དུ་འཕགས། །སྟོང་པའི་ཆོས་ལ་ཐེ་ཚོམ་མེད། །གང་དག་ཆོས་ནི་སྟོན་པ་ཡི། །ཆོས་དེ་ཡང་ནི་ཡོངས་སུ་འཛིན། །གང་དག་ཆོས་ནི་སྟོན་པ་ལའང་། །བདེ་བར་སྒྲུབ་པས་ཞུགས་པ་ཡིན། །དེ་ཕྱིར་དེ་ནི་དགའ་བ་འཐོབ། །

མཆོག་ཏུ་དགའ་བའང་དེ་ཡིས་འཐོབ། །མི་མཆོག་སངས་རྒྱས་འགྱུར་བར་ནི། །བདག་ཉིད་ལ་ཡང་ལུང་སྟོན་ཏོ། །དེ་ལ་སངས་རྒྱས་ལུང་སྟོན་མཛད། །གང་དག་འདས་དང་མ་བྱོན་དང་། །གང་དག་བྱུང་བའི་རྫོགས་སངས་རྒྱས། །དེ་དག་རྒྱལ་བར་ལུང་ཡང་སྟོན། །སངས་རྒྱས་ཐེག་པ་

เล่ม ๔๘ · หน้า 193b

བླ་མེད་ཀྱི། །བྱང་ཆུབ་ལམ་ལ་དེ་གནས་ཤིང་། །སངས་རྒྱས་རྣམས་ཀྱིས་གང་བསྟེན་པའི། །ཆོས་དེ་དག་ལའང་སྟེན་པར་བྱེད། །སངས་རྒྱས་རྣམས་ཀྱིས་དེ་དག་བསྔགས། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྟེན། །སངས་རྒྱས་ལམ་ནི་བླ་མེད་ཀྱི། །ལམ་དེ་

ལ་ནི་དེ་གནས་འགྱུར། །ཇི་ལྟར་ནམ་མཁའི་ལམ་དུ་ནི། །སྣོད་གཅིག་བོར་བར་གྱུར་པ་དང་། །ཇི་ལྟར་ཆགས་པར་བལྟ་བྱ་དང་། །དེ་ཡི་གནས་པ་ཡོད་མིན་བཞིན། །དེ་ལྟར་བྱང་ཆུབ་སེམས་དཔའ་ཡིས། །གང་བསླབས་བྱང་ཆུབ་ལམ་ལ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་ནི། །

དེ་ཡི་ལྡོག་པ་ཡོད་མ་ཡིན། །ཇི་ལྟར་ཀུན་ཏུ་འདྲེས་པ་དེར། །གདམས་པ་སྐྱེད་པར་བྱེད་པ་ཡང་། །དེ་ཡི་རྒྱུན་ཆད་ཡོད་མ་ཡིན། །མྱུར་དུ་དེ་ནི་འཛུད་པར་བྱེད། །དེ་བཞིན་བྱང་ཆུབ་སེམས་དཔའ་གང་། །རྟག་ཏུ་ཆོས་རྣམས་སྟེན་བྱེད་ཀྱང་། །བྱང་ཆུབ་སངས་མ་རྒྱས་ཀྱི་བར། །

བརྩོན་འགྲུས་སྤོང་བར་བྱེད་མ་ཡིན། །ཇི་ལྟར་ལྗོན་ཤིང་རྩ་བ་ཡང་། །མི་ཡིས་རྟག་པར་སྦེད་བྱེད་ཅིང་། །དུས་སུ་དཀྲི་བར་བྱེད་པ་ཡི། །ཤིང་ནི་འཕེལ་བར་འགྱུར་བ་ཡིན། །རླུང་དང་ཉི་མ་དག་གིས་ནི། །དུས་སུ་གྲང་དང་དྲོ་གྱུར་པར། །མཐར་གྱིས་སྦ་བ་བྱས་ནས་སུ། །མེ་

ཏོག་འབྲས་བུ་དེ་དེས་འབྱིན། །སེམས་ཅན་མང་ལ་བདེ་བྱེད་པ། །ཤིང་གི་གྲིབ་མ་ཡིད་དགའ་འབྱུང་། །བདེ་བའི་བདེ་དང་ལྡན་པ་དག །མེ་ཏོག་འབྲས་བུ་ལོངས་ཀྱང་སྤྱོད། །དེ་བཞིན་བྱང་ཆུབ་སེམས་དཔའ་ཡང་། །བྱང་ཆུབ་ཕྱིར་ནི་སེམས་བསྐྱེད་ནས། །དུས་སུ་ཆོས་རྣམས་སྟེན་

བྱེད་ཅིང་། །དུས་སུ་ཡོངས་སུ་འདྲི་བར་བྱེད། །དུས་དང་དུས་མིན་སྟེན་བྱེད་ཅིང་། །དུས་དང་དུས་མིན་འདྲི་བར་བྱེད། །དུས་སུ་བརྩོན་འགྲུས་རྩོམ་བྱེད་ཅིང་། །དེས་པས་དུས་སུ་སྦྱིན་པ་སྦྱིན། །དུས་སུ་བྱང་ཆུབ་སྙིང་པོ་ཡི། །ཤིང་གི་དྲུང་དུ་འདུག་ནས་སུ། །བློ་གྲོས་ངན་པའི་བདུད་

བཅོམ་སྟེ། །དུས་སུ་བྱང་ཆུབ་འཚང་ཡང་རྒྱ། །འཇིག་རྟེན་དུ་ནི་མ་བསྐོར་བའི། །འཁོར་ལོ་དུས་སུ་སྐོར་བར་བྱེད། །དུས་སུ་སེམས་ཅན་འདུལ་བྱེད་ཅིང་། །འབེལ་བའི་གཏམ་ཡང་ཡོངས་སུ་འདྲེན། །བྱང་ཆུབ་ཞུགས་པའི་མཁས་རྣམས་ནི། །མཐུ་དང་ལྡན་སེམས་དེ་ལྟ་བུས། །

เล่ม ๔๘ · หน้า 194a

བྱང་ཆུབ་དམ་པ་འཚང་རྒྱ་ཞིང་། །དེ་ན་ནམ་ཡང་ལྡོག་མི་འགྱུར། །དེ་ལྟ་བས་ན་དུས་དུས་སུ། །ཡང་དང་ཡང་དུ་ཆོས་བསྟེན་བྱ། །དུས་སུ་བྱང་ཆུབ་འཚང་རྒྱ་ཞིང་། །དུས་སུ་འཁོར་ལོའང་བསྐོར་བར་འགྱུར། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན།

བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཉམས་པར་མི་འགྱུར་ཞིང་། ཡོངས་སུ་ཉམས་པར་མི་འགྱུར་ལ། ཚེ་རྗེས་ནས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་བྱེད་ཅིང་། ཇི་ལྟར་སྨོན་པས་ཀྱང་དགེ་བའི་རྩ་བ་ཐམས་ཅད་རྗེས་སུ་འཇུག་པར་བྱེད་པ་ཡིན། སྟོབས་ཆེ་བ་དང་ལུས་ཆེ་བ་ཡིན།

སྲེད་མེད་ཀྱི་བུ་ལྟར་མཁྲེགས་པའི་ལུས་དང་ལྡན་པ་ཡིན། དེ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཐོབ་ནས་ཀྱང་མྱུར་དུ་གླིང་བཞི་སྤངས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བ་ཡིན། རབ་ཏུ་བྱུང་ནས་ཀྱང་དེ་ཚངས་པའི་གནས་པ་བཞི་ཐོབ་པ་དང་། སྐྱོན་མེད་པ་ཐོབ་པ་དང་། རྩེ་བ་མེད་པ་ཐོབ་

པ་དང་། ཚེགས་མེད་པ་ཐོབ་པ་ཡིན། དེ་ནས་ཤི་འཕོས་ནས་ཀྱང་ཚངས་པའི་འཇིག་རྟེན་དུ་སྐལ་བ་མཉམ་པར་སྐྱེ་བར་འགྱུར་བ་ཡིན། སྐྱེས་ནས་ཀྱང་ཚངས་པའི་དབང་པོ་ཉིད་འཐོབ་པ་ཡིན་ཏེ། བཞི་གང་ཞེ་ན། ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་

མཆོད་རྟེན་ཞིག་པ་མཐོང་ནས་བཅོས་པའི་ཕྱིར་སྤྲོ་བར་བྱེད་ཅིང་ཐ་ན་འཇིམ་པའི་གོང་བུ་གཅིག་ཙམ་ཡང་རྩིག་པར་བྱེད་པ་ཡིན། ཤ་ར་དྭ་ཏིའི་བུ་གཞན་ཡང་མ་བརྩིགས་པའི་ས་ཕྱོགས་ལམ་པོ་ཆེའི་བཞི་མདོ་སྐྱེ་བོ་མང་པོ་འདུ་བའི་སར་མཆོད་རྟེན་དང་ཁང་པ་བརྩེགས་པའམ། རྡོ་བའི་ཀ་བ་དང་།

དེ་བཞིན་གཤེགས་པའི་སྐུའམ། དེ་བཞིན་གཤེགས་པའི་ཡོན་ཏན་རྗེས་སུ་དྲན་པ་གང་ཡང་རུང་བ་བྱེད་དེ། འདི་ལྟ་སྟེ། དཔེར་ན་ཆོས་ཀྱི་འཁོར་ལོ་བསྐོར་བའམ། མངོན་པར་འབྱུང་བའམ། བྱང་ཆུབ་ཀྱི་ཤིང་དྲུང་དུ་བདུད་འཇོམས་པའམ། དེ་བཞིན་གཤེགས་པའི་ཆོ་འཕྲུལ་ཆེན་པོ་

འམ། དེ་བཞིན་གཤེགས་པའི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཡང་དག་པར་བསྟན་པའམ། ལྷ་ལས་བབས་པའམ། ལྷ་ཡུལ་དུ་མངོན་པར་འཛེག་པར་བྱེད་པའི་དེ་བཞིན་གཤེགས་པའི་མཆོད་རྟེན་རྩིག་པར་བྱེད་པ་ཡིན། ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་

เล่ม ๔๘ · หน้า 194b

སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་བྱེ་ཞིང་འཐབ་པ་དང་། རྩོད་པ་འབྱུང་བ་མཐོང་ནས་མི་དབྱེ་བ་དང་། འཐུན་པར་བསྡུམ་པའི་ཕྱིར་བརྩོན་པ་ཡིན། ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་

བཞིན་གཤེགས་པའི་བསྟན་པ་རབ་ཏུ་འཇིག་ཅིང་། ཆོས་རབ་ཏུ་རྣམ་པར་འཇིག་པར་འགྱུར་བ་ན་ཐ་ན་ཚིགས་སུ་བཅད་པ་གཅིག་བསྲུང་བ་དང་མི་ཉམས་པར་བྱ་བའི་ཕྱིར་བརྩོན་པ་ཡིན། ཆོས་སམ་ཆོས་སྨྲ་བ་ཡོངས་སུ་འཛིན་པར་བྱེད་ཅིང་ལུས་དང་སྲོག་གཏོང་བར་བྱེད་ཀྱི་ཆོས་གཏོང་

བར་མི་བྱེད་པ་ཡིན་ཏེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཡོན་ཏན་གྱི་བྱེ་བྲག་སྔར་བསྟན་པ་དེ་དག་རྗེས་སུ་འཐོབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་

ཏོ། །སངས་རྒྱས་མཆོད་རྟེན་མཐོང་ནས་སུ། །ཞིག་པ་ཕྱིར་ནི་བཅོས་པར་བྱ། །དེ་ཕྱིར་སྟོབས་ནི་ཆེ་བ་དང་། །ལུས་ཆེ་བ་དང་མི་འཇིགས་འགྱུར། །གང་དུ་དད་པ་སྐྱེ་འགྱུར་བའི། །ལམ་ཆེན་བཞི་མདོ་ཕྱོགས་སུ་ནི། །རིང་བསྲེལ་གྱི་ནི་སྐུ་བྱེད་ཅིང་། །སངས་

རྒྱས་ཡོན་ཏན་རྣམས་སྟོན་པ། །བསོད་ནམས་མང་པོ་སྐྱེད་པར་བྱེད། །གང་ཞིག་ལམ་གྱི་བཞི་མདོར་ནི། །འཇིག་རྟེན་མཆོད་པའི་མཆོད་རྟེན་བྱེད། །དེ་ཡི་གྲགས་པ་འཕེལ་བར་འགྱུར། །ཕན་ཚུན་དུ་ནི་རྩོད་པ་ཡི། །ཉན་ཐོས་བྱེ་བ་རྣམས་མཐོང་ནས། །གཅིག་ལ་

གཅིག་ནི་བཟོད་གསོལ་ཏེ། །དེ་དག་རྣམས་ནི་འཐུན་བྱེད་པ། །དགེ་བའི་རྩ་བ་དེ་ཡིས་སུ། །མི་འཇིགས་དཔའ་བོར་འགྱུར་བ་ཡིན། །སྲེད་མེད་བུ་ལྟར་མཁྲེགས་པ་ཡི། །ལུས་ནི་མངོན་པར་འགྲུབ་པ་ཡིན། །བསྟན་པ་རབ་ཏུ་རྣམ་འཇིག་པའི། །ཆོས་ལ་མི་བདེ་ཉེར་གནས་

ཚེ། །གུས་པར་བྱས་ཏེ་ཆོས་སྲུང་ཞིང་། །ལུས་དང་སྲོག་དག་བོར་གྱུར་པ། །དེ་བཞིན་ཆོས་ནི་འཛིན་བྱེད་པ། །དེ་དག་སྲུང་བར་བྱེད་པ་དག །ལྷ་རྣམས་ཀྱིས་ནི་བསྲུང་བར་འགྱུར། །སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས། །ཆོས་ནི་ཀུན་ཏུ་བསྲུང་བྱས་པས། །དེ་དག་

เล่ม ๔๘ · หน้า 195a

འཁོར་ལོས་སྒྱུར་བར་འགྱུར། །གླིང་བཞི་པོ་དག་རྣམ་བསྐོར་ཅིང་། །ཆོས་ཀྱིས་ཀྱང་ནི་རྒྱལ་སྲིད་བྱེད། །བསྐོར་ཅིང་རབ་ཏུ་བསྟན་པས་ན། །བག་མེད་པར་ནི་འགྱུར་མ་ཡིན། །བག་ཡོད་པར་ནི་རྟག་པར་འགྱུར། །རྒྱལ་སྲིད་བོར་ནས་རབ་ཏུ་འབྱུང་། །དྲང་

སྲོང་རྒྱལ་པོ་རྫུ་འཕྲུལ་ཅན། །བསམ་གཏན་བཞི་པོ་སྒོམ་པར་བྱེད། །ཚངས་པའི་གནས་པ་རྣམས་བསྒོམས་ནས། །རྟག་པར་ཡོན་ཏན་གནས་པ་ཡིན། །ཤི་འཕོས་ཚངས་པའི་འཇིག་རྟེན་དུའང་། །དེ་ནི་སྐྱེ་བ་སྒྲུབ་པར་བྱེད། །དེར་ཡང་ཆེན་པོར་འགྱུར་བ་ཡིན། །དེ་ནི་ཚངས་

པའི་དབང་ཕྱུག་ཡིན། །ཆོས་ཀྱི་མཆོག་ནི་བཞི་པོ་དག །འཇིག་རྟེན་གྱི་ནི་མགོན་པོས་བསྔགས། །བྱང་ཆུབ་སྤྱད་པ་སྤྱོད་པ་ན། །སྔོན་ཆད་ངས་ཀྱང་བསྟེན་པ་ཡིན། །ཆོས་གང་ལ་ནི་ངས་བསླབས་ཤིང་། །ཇི་ལྟར་སྔོན་ཆད་སྤྱད་པ་བཞིན། །དེ་ལ་ཕ་རོལ་ཕྱིན་གྱུར་ནས། །

བླ་མེད་བྱང་ཆུབ་སངས་རྒྱས་ཡིན། །ཇི་ལྟར་སྔོན་ཆད་ངས་བསྟེན་པའི། །ཆོས་དེ་དག་ལ་གང་བསྟེན་པ། །ཐམས་ཅད་དུ་ནི་ཆེན་པོར་འགྱུར། །བསྙེན་དཀའ་རིགས་པ་ཅན་དུ་འགྱུར། །མི་ཡི་བདག་པོར་འགྱུར་བ་ཡིན། །སུམ་ཅུ་རྩ་གསུམ་དབང་ཕྱུག་འགྱུར། །འདོད་པའི་ཁམས་

ནི་ཐམས་ཅད་དུའང་། །དབང་ཕྱུག་དམ་པར་འགྱུར་བ་ཡིན། །གཟུགས་ཀྱི་ཁམས་སུ་སོང་ནས་ཀྱང་། །དེར་ནི་དབང་ཕྱུག་འགྱུར་བ་ཡིན། །ཐམས་ཅད་དུ་ཡང་མཆོག་ཏུ་འགྱུར། །ཡོན་ཏན་དག་ལ་སུ་མི་སློབ། །ཚུལ་ཁྲིམས་སྤྱོད་པ་ཕུན་སུམ་ཚོགས། །ངོ་ཚ་ལྡན་ཞིང་ཁྲེལ་ཡོད་

འཕགས། །དེ་ཡི་མངོན་འབྱུང་ཕུན་སུམ་ཚོགས། །ཀུན་ཏུ་ཕུན་སུམ་ཚོགས་པ་འཐོབ། །བརྩོན་འགྲུས་ཀྱིས་ནི་ཕུན་ཚོགས་འགྱུར། །བཟོད་པ་ཏིང་འཛིན་ཕུན་སུམ་ཚོགས། །དེ་ཡི་ཤེས་རབ་བླ་ན་མེད། །ཆོས་རྣམས་ཀུན་ལ་མཁས་པ་ཡིན། །ནམ་ཞིག་རྟག་པར་དོན་བསམ་པ། །

བྱེ་བ་ཕྲག་ནི་སྟོང་པོ་དག །དེར་ནི་ཐམས་ཅད་རབ་ཏུ་ཤེས། །དོན་བསམ་པ་ལ་མཁས་པ་ཡིན། །སྐད་ཅིག་གཅིག་གིས་སྒྲུབ་པ་དེའི། །ཚིག་རབ་དབྱེ་བ་ཤེས་པར་འགྱུར། །གང་དག་ཆེན་པོར་འགྱུར་བ་ཡི། །མང་ཐོས་རྣམས་ཀྱི་སློབ་དཔོན་ཆེ། །ཇི་ལྟར་མཛངས་པ་ཤེས་རབ་དང་། །

เล่ม ๔๘ · หน้า 195b

སྤོབས་པ་ཡིས་ནི་འཕགས་པ་བཞིན། །རྟག་པར་བྱང་ཆུབ་ཕྱིར་ངེས་ཤིང་། །ཕྱི་རོལ་ཤེས་པ་འདོར་བར་འགྱུར། །རྟག་པར་དེ་ཡི་ལྟ་བ་དྲང་། །ཡང་དག་ལྟ་བ་ཤིན་ཏུ་སྒོམ། །རྫོགས་སངས་རྒྱས་ཀྱང་མཉེས་པར་བྱེད། །རྟག་ཏུ་མི་ཁོམ་སྤོང་བར་འགྱུར། །ཨ་ལ་ཐེག་པ་

ཐེག་ཆེན་པོ། །སངས་རྒྱས་དག་ནི་ཀུན་གྱིས་བསྔགས། །དེ་ལ་དམན་པའི་ཆོས་རྣམས་ནི། །གང་ཡང་བསྒྲགས་པར་བྱེད་པ་མེད། །དེ་ལ་ལོང་བ་བསྒྲགས་པ་མེད། །འོན་པ་དག་ཀྱང་བསྒྲགས་པ་མེད། །ཞར་དང་ལག་རྡུམ་འཕྱེ་བོ་དང་། །མདོག་མི་སྡུག་དག་བསྒྲགས་པ་

མེད། །དབུལ་པོ་དག་ནི་བསྒྲགས་མི་བྱ། །དམན་པའི་ཡོན་ཏན་བསྒྲགས་པ་མེད། །གང་གིས་སྡིག་ཅན་འགྲོ་འགྱུར་བའི། །སྡིག་པའི་ཆོས་ཅན་བསྒྲགས་མི་བྱ། །འདི་ལ་ཡེ་ཤེས་དེ་འདྲ་དང་། །བསྔགས་པ་དེ་འདྲ་ཐོས་ནས་སུ། །སྤྱོད་ཡུལ་གང་མིན་མ་གཏོགས་པར། །

ཡེ་ཤེས་དེ་འདྲ་སུ་མི་ཚོལ། །དེ་ཕྱིར་ཡེ་ཤེས་གང་ཚོལ་བ། །སངས་རྒྱས་ཡེ་ཤེས་རྨོངས་པས་ཚོལ། །ཡེ་ཤེས་དེ་ལ་བསླབས་པས་ན། །ཆོས་རྣམས་ཀྱི་ནི་ཕ་རོལ་འགྲོ། །ང་ཡིས་རིགས་རྣམས་བཞག་མ་ཡིན། །སྐྱེ་བའང་གླེངས་པ་མ་ཡིན་ཞིང་། །དེ་ཡི་ཁ་དོག་ཕྱེ་བའང་མིན། །

གཟུགས་ཀྱི་སྐུ་ལ་དམན་པ་མེད། །ང་ནི་ལེ་ལོ་ཅན་མ་ཡིན། །བརྩོན་འགྲུས་ཀྱིས་ནི་རྟག་ཏུ་འཕགས། །རྟག་ཏུའང་ཚུལ་ཁྲིམས་ཕུན་སུམ་ཚོགས། །ཤེས་རབ་ལྡན་ཞིང་རབ་མཉམ་བཞག །འདི་ལྟར་ང་ཡིས་སྔོན་ཆད་ཆོས། །མཆོག་དང་ཕུལ་དག་བསྟེན་པ་ཡིན། །དེ་ཡི་འབྲས་བུའང་

ལོངས་སྤྱོད་ཀྱིས། །རྣམ་པར་སྨིན་པ་ཇི་འདྲ་ལྟོས། །འཇིག་རྟེན་ཁམས་ནི་སྟོང་དག་དང་། །བྱེ་བ་ཁྲག་ཁྲིག་དག་དང་ནི། །དེ་བས་ལྷག་པའི་ཞིང་རྣམས་སུ། །དེ་ལ་ང་ཡི་ཡེ་ཤེས་འཇུག །སེམས་ཅན་གང་དག་དེར་སྐྱེས་པ། །དེ་དག་གི་ནི་སེམས་ཀྱང་ཤེས། །དེ་དག་

རྣམས་ཀྱི་སྤྱོད་པའང་ཤེས། །བསམ་པ་ཡང་ནི་རྣམ་པར་ཤེས། །མི་སྙན་སྨྲ་བ་གང་འབྱུང་བ། །དེ་དག་གི་ནི་དེ་ཡང་ཤེས། །ཆད་པས་གཅད་པའང་ཤེས་པ་ཡིན། །རབ་ཏུ་བཟུང་བའང་དེ་བཞིན་ནོ། །སངས་རྒྱས་སྤྱན་གྱིས་ངས་དེ་དག །ཐམས་ཅད་ལ་ནི་རྣམ་བལྟས་ཏེ། །སེམས་

เล่ม ๔๘ · หน้า 196a

ཅན་ཡོངས་སུ་སྨིན་ཤེས་ནས། །སྲིད་པའི་བཅིངས་ལས་དགྲོལ་བར་བྱ། །དུས་སུ་སོང་ནས་བསྐུལ་བར་བྱ། །དུས་སུ་ཡང་ནི་གདམས་པར་བྱ། །གང་གིས་དེ་དག་སྐྱེ་འགྱུར་བའི། །ཆོ་འཕྲུལ་རྣམས་ནི་བསྟན་པར་བྱ། །གང་དག་གཟུགས་ལ་ཆགས་འགྱུར་དང་། །

ལོངས་སྤྱོད་ལ་ཡང་གནས་འགྱུར་བ། །དེ་དག་ལ་ནི་ཉེས་དམིགས་བསྟན། །དེ་ཕྱིར་དེ་ནི་མྱ་ངན་འདའ། །སྲིད་པའི་འདོད་ཆགས་བཅིང་བས་བཅིངས། །ལྟ་བ་ལ་ནི་གནས་འགྱུར་བ། །དེ་དག་རྣམས་ལ་ཉེས་དམིགས་བས་བསྟན། །དེ་ཕྱིར་དེ་ནི་མྱ་ངན་འདའ། །སྲིད་ལྟ་དེ་འདྲ་གང་

དུ་འབྱུང་། །གང་ལ་དེ་དག་གནས་འགྱུར་དང་། །དེ་དག་གིས་ནི་གང་མཆོག་བཀུར། །དེ་འདྲའི་ལུས་སུ་བསྒྱུར་ནས་སུ། །དྲང་པོའི་ལམ་ནི་བསྟན་པར་བྱ། །དེ་དག་གིས་ཀྱང་ཆོས་ཤེས་ནས། །གང་འདིར་ངེས་པར་བདག་ཅག་གིས། །བྱང་ཆུབ་དམ་པ་འཚང་རྒྱ་ཞེས། །དེ་

ཚེ་ང་ལ་ཕྱག་འཚལ་ལོ། །དེ་དག་གི་ནི་རྩ་རྟོགས་ནས། །དེ་དག་ལ་ནི་ཆོས་ཀྱང་བསྟན། །སྡུག་བསྔལ་ཀུན་ལས་ཕྱུང་བ་ཡིན། །ང་ནི་རྒྱལ་བ་ཟུག་རྔུ་འབྱིན། །མྱ་ངན་འདས་ཞི་ཐོབ་བྱའི་ཕྱིར། །དེ་དག་ལ་ནི་ངས་ཆོས་བསྟན། །དེ་དག་ང་ལས་ཆོས་ཐོས་ནས། །མྱ་ངན་འདས་

པ་རྗེས་སུ་འཐོབ། །ང་ཡི་ཤེས་པ་དེ་ལྟར་ལ། །ཆོས་རྣམས་ཀུན་ལ་འཇུག་པ་ལྟར། །འདས་པའི་དུས་དང་གང་དག་ཡང་། །མ་འོངས་ཆོས་རྣམས་དེ་བཞིན་ནོ། །ང་ཡི་ལུས་ནི་མཆོག་ཏུ་འཕགས། །དེ་ཡི་ཚད་ནི་དམིགས་མ་ཡིན། །རྒྱལ་བའི་སྤྱི་གཙུག་བལྟ་བར་ནི། །རྫུ་འཕྲུལ་

ཅན་གྱིས་ནུས་མ་ཡིན། །སངས་རྒྱས་ལག་པ་མཐའ་ཡས་ཏེ། །ང་ཡི་ལག་པ་དཔག་ཏུ་མེད། །ཇི་ལྟར་གང་གཱའི་བྱེ་སྙེད་ཀྱི། །འཇིག་རྟེན་ཁམས་དག་ཁྱབ་པ་ཡིན། །ཁ་དོག་བཅས་པ་ཅི་འདྲ་བས། །སངས་རྒྱས་སྐུ་ནི་འབྱུང་འགྱུར་ཞེས། །སངས་རྒྱས་སྐུ་ཡི་ཁ་དོག་དང་། །དབྱིབས་

ནི་ཤེས་པར་ནུས་མ་ཡིན། །ཁ་དོག་དབྱིབས་ནི་ཅི་འདྲ་ཞེས། །ང་ཡི་ཐད་ལྷགས་གང་དག་ལྟ། །ཁ་དོག་སྣ་ཚོགས་ལྟ་བྱེད་ཀྱང་། །མཚན་མ་ཤེས་པ་མ་ཡིན་ནོ། །སངས་རྒྱས་ཀྱི་ནི་སྐུ་མཐོང་ནས། །ཀུན་བརྗོད་པ་ཡི་ཆོ་འཕྲུལ་གྱིས། །སེམས་ཅན་དེ་དག་རབ་དགའ་ཞིང་། །ང་ཡི་

เล่ม ๔๘ · หน้า 196b

ལུས་ལའང་སྟོད་པར་བྱེད། །སེམས་ཅན་དག་ནི་ཐམས་ཅད་ཀྱིས། །སངས་རྒྱས་སྐུ་ནི་བལྟ་མི་ནུས། །ལྷ་ཡི་མིག་ཅན་གང་ལ་ཡང་། །སྣང་བར་འགྱུར་བ་མ་ཡིན་ནོ། །འདི་ལྟར་སངས་རྒྱས་བྱིན་བརླབས་དེ། །ཁྱེད་ཅག་གིས་ནི་འདིར་ལྟོས་ཤིག །སྐུ་དེ་བསམ་མི་ཁྱབ་ཡིན་

པར། །སངས་རྒྱས་སྐུ་ནི་ཤེས་པར་བྱོས། །སྤུ་ཡི་ཁུང་བུ་གཅིག་ནས་སུ། །ཆོ་འཕྲུལ་དག་ནི་དེ་འདྲ་དང་། །འཇིག་རྟེན་ཁམས་སུ་སེམས་ཅན་གྱི། །དོན་དེ་འདྲ་བ་བྱེད་པར་འགྱུར། །འོད་ཟེར་བྱེ་བ་མང་པོ་ནི། །སྤུ་ཡི་ཁུང་ནས་ཕྱུང་ནས་སུ། །ཞིང་རྣམས་མང་པོ་སྣང་བར་བྱེད། །

སངས་རྒྱས་ཞིང་ཡང་དེ་སྙེད་དོ། །སྟན་འདི་ལ་ནི་འདུག་ནས་སུ། །ཇི་ལྟར་སེམས་ཅན་ངས་ཤེས་ལྟར། །དེ་ཚེ་ཕྱོགས་བཅུའི་འཇིག་རྟེན་གྱི། །སེམས་ཅན་དེ་དག་ཉིད་ཀྱིས་ཤེས། །སངས་རྒྱས་ཀྱི་ནི་ཡེ་ཤེས་མཐའ། །ང་ཡིས་གཞག་པར་ནུས་མ་ཡིན། །ཀུན་མཁྱེན་ཡེ་ཤེས་

ངས་ཀྱང་ནི། །ཉན་ཐོས་རྣམས་ཀྱིས་འདིར་ཅི་སྨོས། །སངས་རྒྱས་ཐམས་ཅད་བསམ་མི་ཁྱབ། །སངས་རྒྱས་ཆོས་རྣམས་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་པས། །དེ་དག་བསམ་མི་ཁྱབ་ཏུའང་འགྱུར། །བྱང་ཆུབ་སེམས་དཔའི་སྤྱོད་པའི་ལེའུ་སྟེ་བཅུ་པའོ།། །།

དེའི་ཚེ་འཁོར་དེ་ཉིད་དུ་སྐྱེས་ནས་ལོ་བདུན་ལོན་པ་ལྟ་བུའི་ཁྱེའུ་རྣམ་པར་རྒྱལ་བ་སྲུང་བ་ཞེས་བྱ་བ་འདུས་པར་གྱུར་ཏེ་འདུག་གོ། །དེ་ནས་ཁྱེའུ་རྣམ་པར་རྒྱལ་བ་སྲུང་བ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་ཚིགས་སུ་

བཅད་པ་དག་གིས་གསོལ་པ། སངས་རྒྱས་ཆོས་རྣམས་དེ་ཐོས་ཏེ། །དེ་ནས་གོ་ཆ་འཚལ་སྙམ་ནས། །བདག་ལ་ཀུན་ཏུ་འདུན་སྐྱེས་པས། །བདག་ཀྱང་དེ་འདྲར་འགྱུར་སྙམ་བགྱིད། །སྤྱན་ལྡན་ཆོས་ཀྱི་སྦྱིན་པ་ཡིས། །སེམས་ཅན་ཐམས་ཅད་མགྲོན་དུ་གཉེར། །ཁྱུ་མཆོག་

གི་ནི་ཚིག་ཏུ་སྨྲ། །གཞན་དུ་མ་ལགས་དེ་བཞིན་བགྱི། །འདྲེན་པ་སླད་ཀྱིས་སྡུམ་པར་ནི། །བདག་གི་འདུན་པར་འཇུག་མ་ལགས། །འཇིག་རྟེན་མགོན་པོའི་བསྟན་པ་དེ། །འདི་ཉིད་ལ་ནི་རབ་ཏུ་འབྱུང་། །མངོན་པར་འབྱུང་དང་བརྩོན་འགྲུས་དང་། །ཡོན་ཏན་རྣམས་དང་བསམ་

เล่ม ๔๘ · หน้า 197a

གཏན་དང་། །ཏིང་འཛིན་ཤེས་རབ་འབྲས་དེ་ལགས། །དེ་ཉིད་བདག་གིས་བསྟེན་པར་བགྱི། །སྤྱན་ལྡན་དག་ལ་འདུན་པ་སྐྱེས། །མྱུར་དུ་བདག་ནི་རབ་ཏུ་ཕྱུང་། །ངུར་སྨྲིག་གོས་ནི་འཚལ་ནས་སུ། །ཆོས་ཀྱི་དམ་པ་སྤྱད་པར་བགྱི། །མེ་ལོང་ཡེ་ཤེས་ལྟ་

བུས་ཀྱང་། །འཇིག་རྟེན་དེ་ལ་རྣམ་སེམས་ཤིང་། །འཇིག་རྟེན་མཆོག་ཏུ་འགྱུར་བར་བགྱི། །ལེགས་པར་རབ་ཏུ་དབྱུང་དུ་གསོལ། །ཐམས་ཅད་ཀྱང་ནི་མ་མཆིས་པས། །སེམས་ཅན་འདུ་ཤེས་མི་གནས་ཤིང་། །བདག་མངོན་རྫོགས་པར་སངས་རྒྱས་ནས། །འདྲེན་པ་ཆོས་དེ་

བསྟན་པར་བགྱི། །བདུད་དཔུང་བཅས་པ་བཅོམ་ནས་སུ། །མུ་སྟེགས་གཞན་རྣམས་སྐྲག་བགྱིས་ཏེ། །ལྟ་བའི་དྲ་བ་རབ་བཅོམ་ནས། །སྲོག་ཆགས་རྣམས་ཀྱི་དོན་བགྱིའོ། །མྱ་ངན་འདས་བདེ་འཐོབ་སླད་དུ། །བདག་གིས་ལམ་ནི་བསྟན་པར་བགྱི། །དེ་ལ་སྐྱེ་བ་མ་མཆིས་

པས། །ལམ་དེ་བསམ་མི་ཁྱབ་པ་ལགས། །བདག་གིས་དྲ་བ་རྣམ་ཕྱེ་ནས། །བདག་གིས་ཆོས་ཀྱི་སྣང་བར་བགྱི། །རང་བཞིན་དེ་དང་མཚན་ཉིད་དེའི། །ཆོས་ནི་ཇི་ལྟ་བཞིན་དུ་བསྟན། །རྫུ་འཕྲུལ་སྟོབས་ཀྱིས་རྣམ་འཕྲུལ་བགྱི། །ཆོ་འཕྲུལ་དག་ནི་བསྟན་པར་བགྱི། །དེ་ལ་གང་

དག་བདག་ལ་ལྟ། །ཀུན་གྱི་ཐེ་ཚོམ་འཆད་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱེའུ་རྣམ་པར་རྒྱལ་བ་སྲུང་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱེའུ་ངའི་བསྟན་པ་འདི་ལ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་འདོད་དམ། །དེས་གསོལ་པ། བཅོམ་ལྡན་འདས་དེ་ལྟ་

ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གང་ཞིག་ངུར་སྨྲིག་མི་འཛིན་ཅིང་། །གང་དག་སྙིགས་མ་མེད་གྱུར་པ། །ང་ཡི་བསྟན་ལ་རབ་འབྱུང་བར། །བྱ་བའི་ཆོས་ནི་དེ་ཡིན་ནོ། །གང་གི་སྐྲ་དག་མ་བྲེགས་ཤིང་། །བཅིང་བ་ཐམས་ཅད་བཅད་གྱུར་ལ། །མ་བཅིངས་

པ་དང་མ་གྲོལ་བ། །འདི་ལ་རབ་ཏུ་བྱུང་བ་དེའོ། །གང་དག་བསླབ་ལ་མི་སློབ་པ། །བསླབ་པའང་འབོགས་པར་བྱེད་མ་ཡིན། །བསླབ་པ་ཀུན་ལ་བསླབས་པ་ནི། །འདི་ལ་རབ་ཏུ་བྱུང་བ་དེའོ། །གང་ཞིག་དམ་ཆོས་མི་འཛིན་ཅིང་། །ཆོས་རྣམས་ཐམས་ཅད་རྣམ་བསྒོམས་ལ། །ཆོས་ཀྱི་

เล่ม ๔๘ · หน้า 197b

འདུ་ཤེས་བསྩལ་གྱུར་པ། །དེ་ནི་འདི་ལ་རབ་ཏུ་བྱུང་། །གང་ཞིག་བདག་ཅེས་མི་སེམས་ཤིང་། །གང་ཞིག་སེམས་ཅན་ཞེས་མི་སེམས། །དེ་ལ་ཞུམ་པ་ཉིད་མི་འབྱུང་། །དེ་ནི་བྱང་ཆུབ་ཕྱིར་ཞུགས་པའོ། །གང་གིས་སེམས་ནི་བསྐྱེད་གྱུར་ལ། །ཆོས་གཞན་ཡང་ནི་མི་དམིགས་

ཤིང་། །སེམས་ལ་འཛིན་པར་མི་བྱེད་པ། །དེ་ནི་ང་ལ་རབ་ཏུ་བྱུང་།། །།བམ་པོ་བཅུ་དྲུག་པ། དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་སྙམ་དུ་སེམས་ཏེ། གང་བཅོམ་ལྡན་འདས་ཀྱིས་གནས་ཟབ་མོ་ཟབ་མོ་དག་བསྟན་པའི་ཁྱེའུ་དེས་ཡུན་ཅི་སྲིད་ཅིག་སྤྱད་པར་

འགྱུར་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཚིགས་སུ་བཅད་པ་དག་གིས་གསོལ་པ། བཅོམ་ལྡན་ཟབ་མོའི་ཆོས་ཐོས་ནས། །མི་སྐྲག་ཞུམ་པར་མི་འགྱུར་བའི། །ཁྱེའུ་ནི་རྣམ་པར་རྒྱལ་སྲུང་གི། །སྤྱོད་པ་དེ་འདྲ་དེ་ཅི་ལགས། །གང་གིས་ཟབ་

མོའི་གནས་ཐོས་ནས། །དེ་ལ་སྐྲག་པ་མི་འབྱུང་བ། །སྔོན་ཆད་སྐྱེ་བ་གཞན་དག་ཏུ། །རྫོགས་པའི་སངས་རྒྱས་ཇི་སྙེད་མཐོང་། །གང་གིས་སྒྱིད་ལུག་མི་འགྱུར་བ། །གནས་རྣམས་ཀྱང་ནི་ཟབ་མོ་དག །སྔོན་གྱི་སངས་རྒྱས་རྐང་གཉིས་མཆོག །ཇི་སྙེད་ཅིག་ལ་ཞུས་པ་

ལགས། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་ཚིགས་སུ་བཅད་པ་དག་གིས་སླར་བཀའ་སྩལ་པ། འདས་པའི་དུས་ན་ངས་ཤེས་པ། །ས་ཡི་ཕྱོགས་ནི་འདི་ཉིད་དུ། །སངས་རྒྱས་སྟོང་ཕྲག་མང་པོ་ལ། །རྣམ་པར་རྒྱལ་བ་སྲུང་གིས་ཞུས། །ཨང་ག་མ་ག་

དྷཱ་དེར་ནི། །བྱང་ཆུབ་སྤྱད་པ་སྤྱོད་པ་ན། །གང་དག་ལ་ནི་སྔོན་ཞུས་པ། །སངས་རྒྱས་ཇི་སྙེད་པ་ཡང་ཤེས། །ཆོས་རྣམས་དང་ནི་ཁམས་རྣམས་དང་། །སྐྱེ་མཆེད་དག་དང་སྟོང་པ་དང་། །ཚད་མེད་དེ་དང་རྣམ་ཐར་གྱི། །གནས་དང་གནས་མིན་རབ་ཏུ་མཁས། །ཇི་ལྟར་ཨང་ག་མ་ག་དྷཱར། །

ཨེ་མ་སངས་རྒྱས་ཤེས་པ་བཞིན། །དེ་ལྟར་ཀ་ཤིའི་ཁྱིམ་རྣམས་སུ། །མཁས་པས་དེ་སྙེད་ཤེས་པ་ཡིན། །རྣམ་པར་རྒྱལ་སྲུང་ཁྱེའུ་དེ་ནི། །ཤེས་རབ་ཕ་རོལ་ཕྱིན་པ་ཐོབ། །དཀར་ཆོས་རྣམས་ཀྱིས་བྱུང་བ་ཡིན། །དེ་ཕྱིར་དེ་ཤེས་དེ་འདྲ་བ། །འདིར་ནི་ཆོས་ལ་རེག་པར་བྱེད། །

เล่ม ๔๘ · หน้า 198a

ཡི་གེ་ཇི་བཞིན་ཕྱག་རྒྱ་གྲངས། །བཟོ་རྣམས་སྣ་ཚོགས་གཞན་ཡང་ཤེས། །དེ་ལས་གཞན་ཡང་བརྗེད་པ་མེད། །ཆོས་རྣམས་ཐམས་ཅད་སྟོང་པ་ཉིད། །འཇིག་རྟེན་འདས་པའི་ཤེས་ལས་གཞན། །འཇིག་རྟེན་པ་ཡི་ཤེས་མི་སྨྲ། །དེ་ལ་མཆོག་

ཏུ་འཛིན་མི་བྱེད། །གང་གིས་ཡེ་ཤེས་དེ་འདྲ་དང་། །ཆོས་རྣམས་ཐམས་ཅད་སྟོང་པ་ཉིད། །དེ་ལ་བསྐལ་པ་བརྒྱ་དག་ཏུའང་། །རྨོངས་པ་ཡོད་པ་མ་ཡིན་ནོ། །ཡེ་ཤེས་དེ་ནི་ཡེ་ཤེས་ཆེ། །ཉོན་མོངས་ཟད་བྱེད་རང་བཞིན་ཅན། །གང་ཞིག་སྟོང་པ་མི་འདོད་པ། །

དེ་ནི་ཆོས་ལ་འཇུག་མི་འགྱུར། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཁྱེའུ་རྣམ་པར་རྒྱལ་བ་སྲུང་བ་ལ་འདི་སྐད་ཅེས་སྨྲས་སོ། །གཞོན་ནུ་ཁྱོད་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་ངམ། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་ཁྱེའུ་རྣམ་པར་རྒྱལ་བ་སྲུང་

བས་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤ་ར་དྭ་ཏིའི་བུ་བདག་ནི་རབ་ཏུ་བྱུང་ཟིན་པས་བདག་རབ་ཏུ་མི་འབྱུང་ངོ་། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཁྱེའུ་རྣམ་པར་རྒྱལ་བ་སྲུང་བ་ལ་ཚིགས་སུ་བཅད་པ་དག་གིས་སྨྲས་པ། ཁྱོད་ཀྱིས་གོས་དག་གང་བགོས་པ། །ངུར་སྨྲིག་ཁྱོད་ལ་

གནང་མ་ཡིན། །ཁྱོད་ཀྱི་སྐྲ་ཡང་བྲེགས་མ་ཡིན། །འདི་ལ་ཇི་ལྟར་རབ་ཏུ་བྱུང་། །ཁྱོད་ཀྱིས་བསླབ་ལ་བསླབས་མ་ཡིན། །ཁྱོད་ལ་སློབ་དཔོན་ཡོད་མ་ཡིན། །མཁན་པོ་ཡང་ནི་ཡོད་མ་ཡིན། །ཁྱོད་ནི་ཇི་ལྟར་རབ་ཏུ་བྱུང་། །ཁྱོད་ནི་ལྷུང་བཟེད་ཐོགས་མ་ཡིན། །ཁྱོད་ནི་

མཚམས་སུ་བྱུང་བ་ཡིན། །འདི་ལ་གང་གིས་རབ་བྱུང་བ། །ཁྱོད་ནི་ཇི་ལྟར་བསྡམས་པ་ཡིན། །གང་དུ་ཚོགས་ཀྱིས་རྫོགས་པར་བྱས། །ཁྱོད་ཀྱི་དེ་སྙེད་སུ་ཡིས་བྱས། །ཁྱོད་ནི་ཇི་ལྟར་རབ་ཏུ་བྱུང་། །བདག་གིས་དྲིས་པ་དེ་སྨྲོས་ཤིག །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་

ལྡན་པ་ཤ་ར་དྭ་ཏིའི་བུ་ལ་ཁྱེའུ་རྣམ་པར་རྒྱལ་བ་སྲུང་བས་ཚིགས་སུ་བཅད་པ་དག་གིས་སླར་སྨྲས་པ། །གང་ཞིག་ངུར་སྨྲིག་འཛིན་བྱེད་པ། །སྙིགས་མ་མེད་པ་འཛིན་མི་བྱེད། །མ་སྐྱེས་པ་ཡང་འཛིན་པ་མེད། །ངུར་སྨྲིག་གྱོན་པ་དེ་ཡིན་ནོ། །ཡེ་ཤེས་གོས་ནི་བདག་གིས་བཟུང་། །དེ་ནི་ནམ་

เล่ม ๔๘ · หน้า 198b

ཡང་གོས་པ་མེད། །རྟག་ཏུའང་དྲི་མེད་རྣམ་དག་པའི། །ངུར་སྨྲིག་བདག་གིས་གྱོན་པ་ཡིན། །བདག་གིས་ཉོན་མོངས་ཐམས་ཅད་སྤངས། །བདག་གིས་སྐྲ་དག་བྲེག་པ་བྱས། །ཡེ་ཤེས་ཀྱིས་ནི་བདག་གིས་བྲེགས། །དེ་དག་ཕྱིན་ཅད་སྐྱེ་མི་འགྱུར། །ལྷུང་བཟེད་བསམ་མི་ཁྱབ་

ལས་བྱུང་། །ཆོས་རྣམས་ཀུན་གྱི་སྣོད་ཡིན་ཏེ། །གང་བ་མེད་ཅིང་བྲི་མེད་དེ། །ཆོས་རྣམས་ཀུན་གྱི་སྣོད་ཡིན་ནོ། །བདག་ནི་གཞན་གྱི་མན་ངག་ལ། །ནམ་ཡང་གནས་ཤིང་གནས་འགྱུར་མེད། །ཐམས་ཅད་མཁྱེན་ཅིང་རང་འབྱུང་འགྱུར། །བདག་གི་ཕུན་སུམ་ཚོགས་དེ་ཡིན། །

ཆོས་ཀུན་མཉམ་མཛད་སངས་རྒྱས་ཀྱིས། །བདག་ལ་གསོལ་བ་མཛད་ཟིན་ཏེ། །འདྲེན་རྣམས་གང་ནས་གཤེགས་པ་ཡི། །སངས་རྒྱས་ལམ་ནས་འགྲོ་བར་བྱ། །བདག་གི་རང་བྱུང་དེ་འདྲ་སྟེ། །བདག་གི་བསླབ་པ་དེ་འདྲ་ཡིན། །མྱ་ངན་འདས་པའང་དེ་འདྲ་སྟེ། །གསོལ་

བའི་ལས་ནི་དེ་འདྲ་ཡིན། །སྤྱོད་པ་ལ་ནི་དེ་རིང་བསླབས། །ནམ་ཞིག་འཇིག་རྟེན་མགོན་ཐད་དུ། །ཞིང་ནས་ཞིང་དུ་འགྲོ་བ་དག །བདག་གིས་ཀྱང་ནི་སྤྱད་པར་བྱ། །བྱང་ཆུབ་སྙིང་པོར་འདུག་ནས་སུ། །སྦྱིན་པ་བསམ་མི་ཁྱབ་པ་སྦྱིན། །གཅིག་པུས་སྤྱད་པར་མི་བྱ་སྟེ། །བདག་

གིས་སྲོག་ཆགས་བྱེ་བ་སྦྱིན། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱེའུ་རྣམ་པར་རྒྱལ་བ་སྲུང་བ་ལ་རྣམ་པར་གཟིགས་ཏེ། བཅོམ་ལྡན་འདས་ཀྱིས་རྣམ་པར་གཟིགས་མ་ཐག་ཏུ་ཡང་དེ་ནས་དེ་ཉིད་ཀྱི་ཚེ་གོས་ངུར་སྨྲིག་གྱོན་ཞིང་འདུག་པར་གྱུར་ཏེ། སྐྲ་བྲེགས་ནས་ཞག་བདུན་ལོན་པ་ལྟ་བུར་ཡང་གྱུར་

ཏོ། །སྐད་ཅིག་དེ་ཉིད་ལ་མངོན་པར་ཤེས་པ་ལྔ་ཡང་ཐོབ་བོ། །དེ་ནས་གཞོན་ནུ་རྣམ་པར་རྒྱལ་བ་སྲུང་བས་ཕྱོགས་དེ་ཉིད་དུ་འདུག་ནས་མི་སྣང་བར་གྱུར་ཏེ། དེ་མི་སྣང་བར་གྱུར་མ་ཐག་ཏུ་ས་ཆེན་པོ་ཡང་གཡོས་ཤིང་སྤུ་ཟིང་ཞེས་བྱེད་པ་དང་བཅས་པའི་སྐྲག་པར་ཡང་གྱུར། ལྷ་དག་

ཀྱང་སྟེང་གི་བར་སྣང་ལས་རྔ་རྡུང་ཞིང་ལྷའི་གླུ་དབྱངས་ལེན་པར་ཡང་གྱུར། འཇིག་རྟེན་དུ་སྣང་བ་ཆེན་པོ་བྱུང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཛུམ་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་དུ་མ་ཁ་དོག་སྣ་ཚོགས་སུ་བྱུང་སྟེ། བྱུང་

เล่ม ๔๘ · หน้า 199a

ནས་ཀྱང་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་ལ་ལན་གསུམ་བསྐོར་བ་བྱས་ནས་སྤྱི་གཙུག་གི་མཚམས་སུ་ནུབ་བོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། །པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་

ནས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དག་གིས་ཞུས་པ། མི་འདུལ་ཁ་ལོ་སྒྱུར་བ་སེམས་ཅན་མཆོག །སྤྱོད་པ་ཡོན་ཏན་ཁྱད་པར་འཕགས་ལ་གནས། །རྒྱལ་བ་ཡེ་ཤེས་མ་ཆགས་ཕ་རོལ་གཤེགས། །ཀུན་མཁྱེན་རྒྱལ་བ་བླ་ན་མེད་ལ་ཞུ། །ཞལ་ནས་འོད་ཟེར་

མང་པོ་བྱུང་ནས་སུ། །འོད་ཀྱིས་སངས་རྒྱས་ཞིང་ནི་ཐམས་ཅད་ཁྱབ། །སངས་རྒྱས་ཞིང་དེ་ལ་ནི་བསྐོར་བགྱིས་ནས། །དེ་དག་སླར་ལོག་ནས་ཀྱང་སྤྱི་གཙུག་ནུབ། །རྒྱུ་མ་མཆིས་པར་སངས་རྒྱས་འཛུམ་མི་སྟོན། །དེ་རིང་སུ་ཡི་དོན་སླད་འཛུམ་དེ་བསྟན། །ལུང་བསྟན་དེ་ནི་

སུ་ཡི་ལགས་པར་འགྱུར། །འཇིག་རྟེན་མགོན་པོ་བདག་གི་ཐེ་ཚོམ་ཆོད། །གང་གིས་འཛུམ་པ་དེ་འདྲ་བསྟན་གྱུར་ཅིང་། །སངས་རྒྱས་ཞིང་དེ་ཐམས་ཅད་སྣང་བགྱིས་པའི། །ཡངས་པའི་དོན་དེ་སུ་ཡི་ལགས་པར་འགྱུར། །ཡེ་ཤེས་མཆོག་གིས་འདིར་ནི་སུ་ལུང་སྟོན། །སངས་

རྒྱས་ཞིང་བརྒྱན་པ་ནི་མཛེས་པ་ལགས། །སེམས་ཅན་ཀུན་ཀྱང་བདེ་བར་གྱུར་པ་ལགས། །འདི་ལ་བག་མ་མཆིས་པར་སེམས་མི་འཇུག །ཆོ་འཕྲུལ་དེ་ལྟ་བུ་ནི་གདའ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །

ཀུན་དགའ་བོ་ཁྱོད་ཀྱིས་ས་ཕྱོགས་འདི་ཉིད་ན་ཁྱེའུ་རྣམ་པར་རྒྱལ་བ་སྲུང་བ་གོས་ངུར་སྨྲིག་གྱོན་པ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱེའུ་རྣམ་པར་རྒྱལ་བ་སྲུང་བ་དེ་ནི་དེ་བཞིན་གཤེགས་པ་

མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་དུ་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བར་ལུས་དེ་ཉིད་ཀྱིས་འདུག་གོ། །དེའི་ཚེ་ཇི་སྲིད་པར་སངས་རྒྱས་ཀྱི་ཞིང་དེར་ཚངས་པར་སྤྱོད་པ་སྤྱད་ནས་ལུས་དེ་ཉིད་ཀྱིས་རྒྱལ་སྲིད་ཐོབ་སྟེ། འདི་ལྟ་སྟེ། དཔེར་ན་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ད་ལྟར་

เล่ม ๔๘ · หน้า 199b

རྒྱལ་སྲིད་ཐོབ་པ་བཞིན་ནོ། །སངས་རྒྱས་ཀྱི་ཞིང་དེ་ནས་ཤི་འཕོས་ནས་ཀྱང་ལུས་དེ་ཉིད་ཀྱིས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་ཞིང་ནམ་དུ་ཡང་སངས་རྒྱས་དང་འབྲལ་བར་མི་འགྱུར་ལ། ཐམས་ཅད་དུ་ལུས་ཐོབ་པ་དེས་ཀྱང་རྒྱལ་སྲིད་ཐོབ་པར་འགྱུར་རོ། །

དེ་ཕྱིས་ཀྱང་བསྐལ་པ་གྲངས་མེད་པ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། །འཇིག་རྟེན་གྱི་ཁམས་རྟག་ཏུ་སྣང་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་མཐའ་ཡས་རྣམ་པར་

བསགས་ཞེས་བྱ་བར་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་ཡེ་ཤེས་ཆེན་པོ་རྣམ་པར་བསགས་པའི་ཚེའི་ཚད་ནི་དཔག་ཏུ་མེད་པར་འགྱུར་ཏེ། བསྐལ་པ་འདི་སྙེད་དོ་ཞེས་དཔག་པའམ། བགྲང་བའམ། བསམ་པར་མི་ནུས་སོ། །དེ་བཞིན་གཤེགས་པ་དེའི་

སངས་རྒྱས་ཀྱི་ཞིང་དེ་ན་གནས་པའི་སེམས་ཅན་དེ་དག་ནི་མངལ་དུ་སྐྱེ་བར་མི་འགྱུར་ཏེ། སེམས་ཅན་དེ་དག་རྫུས་ཏེ་སྐྱེ་བར་འགྱུར་ཞིང་། པད་མ་དག་གི་སྟེང་དུ་སྐྱིལ་མོ་ཀྲུང་གིས་འབྱུང་བར་འགྱུར་རོ། །ཀུན་དགའ་བོ་སངས་རྒྱས་ཀྱི་ཞིང་དེ་ནི་ཡོན་ཏན་ཁྱད་པར་ཅན་དཔག་ཏུ་མེད་

པ་གཞན་དག་གིས་ཀྱང་ལེགས་པར་བརྒྱན་པར་འགྱུར་རོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཚེ་རྗེས་ནས་དགེ་སློང་ཚུར་ཤོག་ཅེས་བྱ་བའི་རབ་ཏུ་འབྱུང་བ་འཐོབ་སྟེ། བཞི་གང་ཞེ་ན། ཀུན་དགའ་བོ་འདི་ལ་བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱང་རབ་ཏུ་འབྱུང་བ་ལ་

མངོན་པར་ཆས་པ་ཡིན་ཞིང་། །གཞན་དག་ཀྱང་རབ་ཏུ་འབྱུང་བ་ཡང་དག་པར་འཛིན་དུ་འཇུག་པར་བྱེད་ལ། རྣམ་པ་ཐམས་ཅད་ཀྱིས་ཀྱང་རབ་ཏུ་འབྱུང་བ་རྟོན་པར་བྱེད་དེ། རབ་ཏུ་བྱུང་ནས་ཀྱང་ཆོས་དང་ལྡན་པའི་གཏམ་གྱིས་རངས་པར་བྱེད་ཅིང་། ཡང་དག་པར་འཛིན་དུ་འཇུག་ལ་ཡང་

དག་པར་གཟེངས་སྟོད་པ་ཡིན་ཏེ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ཆོས་དང་པོ་དེ་དང་ལྡན་ན་ཚེ་རྗེས་ནས་དགེ་སློང་ཚུར་ཤོག་ཅེས་བྱ་བའི་རབ་ཏུ་འབྱུང་བ་འཐོབ་པ་ཡིན་ནོ། །ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་ཡོངས་སུ་བཙལ་བའི་ཕྱིར་བདག་ཉིད་

เล่ม ๔๘ · หน้า 200a

ཀྱིས་ཀྱང་བརྩོན་འགྲུས་བརྩམས་པ་ཡིན་ཞིང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་བཙལ་བའི་ཕྱིར་གཞན་དག་ཀྱང་བརྩོན་འགྲུས་རྩོམ་པ་ཡང་དག་པར་འཛིན་དུ་འཇུག་པ་ཡིན་ཏེ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ཆོས་གཉིས་པ་དེ་དང་ལྡན་ན་ཚེ་རྗེས་ནས་དགེ་སློང་

ཚུར་ཤོག་ཅེས་བྱ་བའི་རབ་ཏུ་འབྱུང་བ་འཐོབ་པ་ཡིན་ནོ། །ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱང་བཟོད་པ་དང་དེས་པ་དང་ལྡན་པ་ཡིན་ཞིང་། །གཞན་དག་ཀྱང་བཟོད་པ་དང་དེས་པ་ཕུན་སུམ་ཚོགས་པ་ལ་འགོད་པར་བྱེད་པ་ཡིན་ལ། །བདག་ཉིད་ཀྱང་ཡོ་བྱད་

བསྙུངས་པའི་ཡོན་ཏན་ལ་གནས་པ་ཡིན་ཞིང་། གཞན་དག་ཀྱང་ཡོ་བྱད་བསྙུངས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ལ་འཇོག་པར་བྱེད་པ་ཡིན་ལ། །དེ་བདག་ཉིད་ཀྱང་ཤེས་རབ་དང་ལྡན་པ་ཡིན་ཞིང་། གཞན་དག་ཀྱང་ཤེས་རབ་ཕུན་སུམ་ཚོགས་པ་ལ་འཇོག་པར་བྱེད་པ་ཡིན་ཏེ།

ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ཆོས་གསུམ་པ་དེ་དང་ལྡན་ན་ཚེ་རྗེས་ནས་དགེ་སློང་ཚུར་ཤོག་ཅེས་བྱ་བའི་རབ་ཏུ་འབྱུང་བ་འཐོབ་པ་ཡིན་ནོ། །ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱང་ཐབས་ལ་མཁས་ཤིང་སྨོན་ལམ་གྱི་སྟོབས་དང་ལྡན་པ་ཡིན་ལ། གཞན་དག་

ཀྱང་ཐབས་ལ་མཁས་པ་ཡང་དག་པར་འཛིན་དུ་འཇུག་ཅིང་སྨོན་ལམ་གྱི་སྟོབས་ཀྱིས་འཇོག་པར་བྱེད་པ་ཡིན་ཏེ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དང་ལྡན་ན་ཚེ་རྗེས་ནས་དགེ་སློང་ཚུར་ཤོག་ཅེས་བྱ་བའི་རབ་ཏུ་འབྱུང་བ་འཐོབ་ཅིང་། །སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་

དུ་འགྲོ་ལ། །ཐམས་ཅད་དུ་ཡང་ལུས་དེ་ཉིད་ཀྱིས་རྒྱལ་སྲིད་འཐོབ་ཅིང་དེར་ཡང་བག་ཡོད་པ་ཡིན་ནོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་མི་ཉམས་ཤིང་ཡོངས་སུ་མི་ཉམས་པ་ཡིན་ཏེ། །བཞི་གང་ཞེ་ན། །ཀུན་

དགའ་བོ་འདི་ལ་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་པ་ཡིན། དེ་བཞིན་གཤེགས་པའི་བསྟན་པ་ལ་ཡང་མངོན་པར་དགའ་བ་ཡིན། ཆོས་རྣམས་ཉན་པས་ཀྱང་ངོམས་མི་ཤེས་པ་ཡིན། མི་སླུ་བས་བདེན་པ་སྨྲ་

เล่ม ๔๘ · หน้า 200b

བ་ཡིན་ཏེ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་མི་ཉམས་ཤིང་ཡོངས་སུ་མི་ཉམས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ལྷག་པའི་

བསམ་པས་ཕུན་ཚོགས་ནས། །སངས་རྒྱས་མཐོང་བ་ཚོལ་བར་བྱེད། །ཆོས་རྣམས་ཀྱིས་ནི་ཆོག་མི་ཤེས། །བདེན་པའི་ཚིག་ལ་རབ་ཏུ་གནས། །སེམས་ཅན་སྡུག་བསྔལ་རྣམས་མཐོང་ནས། །ལྷག་པའི་བསམ་པ་སྐྱེད་པར་བྱེད། །ལྷག་པའི་བསམ་པ་ཤེས་ནས་སུ། །

སེམས་ཅན་རྣམས་ལ་ཆོས་སྟོན་འགྱུར། །དེ་འདྲའི་ཆོས་དག་ཐོས་པ་ན། །ཆོས་རྣམས་ཀྱིས་ནི་ངོམས་པ་མེད། །གང་གིས་དེ་ཡི་ཤེས་འཕེལ་བ། །དེ་ལ་བརྩོན་འགྲུས་རྩོམ་པར་བྱེད། །རྟག་པར་བདེན་ཚིག་སྨྲ་བར་འགྱུར། །བདེན་པའི་ཚིག་ལ་རབ་ཏུ་གནས། །

ཇི་ལྟར་དེ་ནི་ཚིག་སྨྲ་བ། །དེ་བཞིན་ཡིན་ཏེ་གཞན་དུ་མིན། །ཆོས་བཞི་པོ་ནི་དེ་དག་ལ། །དུས་དུས་སུ་ནི་སྟེན་པར་བྱེད། །བྱང་ཆུབ་དམ་པ་འཐོབ་པར་འགྱུར། །མིག་གི་དམ་པ་འཕེལ་བར་བྱེད། །གང་གི་རྣམ་སྨིན་དཔག་མེད་ཅིང་། །བསམ་མི་ཁྱབ་པར་བཤད་པ་ཡི། །

ཆོས་དེ་འདྲ་བ་ཐོས་ནས་སུ། །ཆོས་རྣམས་ལ་ནི་སུ་མི་གནས། །ཀུན་དགའ་བོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཆོས་བཞི་དང་ལྡན་ན། །དྲན་པ་ཉམས་པར་མི་འགྱུར་ཞིང་ལྷས་བསྐུལ་བ་ཡང་ཐོབ་ལ། །སྦྱིན་གནས་དང་བྲལ་བར་ཡང་མི་འགྱུར་ཞིང་། གལ་ཏེ་སྦྱིན་

གནས་མེད་པར་གྱུར་ན་བདག་ཉིད་ཀྱང་སྦྱིན་གནས་སུ་བྱེད་པ་ཡིན་ཏེ། །བཞི་གང་ཞེ་ན། ཀུན་དགའ་བོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སེམས་ཅན་ཡང་དག་པར་འཛིན་དུ་འཇུག་པར་སྤྲོ་བ་དང་ལྡན་པ་ཡིན། དེ་

བཞིན་གཤེགས་པ་ལ་བསྟི་སྟང་བྱ་བ་སྤྲོ་བ་དང་ལྡན་པ་ཡིན། ཆོས་ཡོངས་སུ་བཙལ་བར་སྤྲོ་བ་དང་ལྡན་པ་ཡིན། ཆོས་སྨྲ་བ་རྣམས་ལ་ཡང་བདེ་བའི་ཡོ་བྱད་ཀྱིས་ཉེ་བར་གནས་པ་ཡིན་ཞིང་། སེམས་ཅན་སྡུག་བསྔལ་བ་དག་མཐོང་ནས་ཀྱང་མི་འཇིགས་པས་དབུགས་འབྱིན་པར་བྱེད་

เล่ม ๔๘ · หน้า 201a

པ་ཡིན་ཏེ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཚེ་རྗེས་ནས་བརྗེད་མི་ངས་ཡིན་ཞིང་སྦྱིན་གནས་དང་ཡང་མི་འབྲལ་བ་ཡིན། གལ་ཏེ་སྦྱིན་གནས་མ་རྙེད་ན་ཡང་བདག་ཉིད་སྦྱིན་གནས་

སུ་བྱེད་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །རྫོགས་སངས་རྒྱས་ལ་བསྟི་སྟང་བྱེད། །ཆོས་ལའང་གུས་དང་བཅས་པ་ཡིན། །ཆོས་སྨྲ་བ་ཡི་དགེ་སློང་ལའང་། །གུས་དང་བཅས་པས་བསྟི་སྟང་བྱེད། །

སེམས་ཅན་འཇིགས་པས་གཟིར་བ་དང་། །འདྲེན་མེད་སྡུག་བསྔལ་རྣམས་མཐོང་ནས། །དེ་དག་ལ་ནི་འཇིགས་མེད་སྦྱིན། །འཇིགས་གཟིར་དེ་དག་སྐྱོབ་པར་བྱེད། །དགེ་བའི་རྩ་བ་དེ་ཡིས་ནི། །སངས་རྒྱས་མཐོང་བ་ཐོབ་པར་འགྱུར། །ཁྱོད་ལོངས་བརྩོན་འགྲུས་རྩོམས་

ཤེས་ནི། །ལྷ་རྣམས་དག་ཀྱང་སྐུལ་བར་བྱེད། །གལ་ཏེ་སངས་རྒྱས་མ་མཐོང་ཞིང་། །ཉན་ཐོས་ཀྱང་ནི་མ་མཐོང་ལ། །འཇིག་རྟེན་འདི་ཡི་སྦྱིན་པའི་གནས། །རང་སངས་རྒྱས་དེ་མ་མཐོང་ན། །རང་ཉིད་མངོན་པར་བྱུང་ནས་སུ། །ཁྱིམ་མེད་པར་ནི་རབ་ཏུ་

འབྱུང་། །དགོན་པ་ཞི་བ་སྟེན་པར་བྱེད། །མངོན་ཤེས་ལྔ་པོ་མྱུར་དུ་འཐོབ། །མངོན་ཤེས་ལྔ་པོ་ཐོབ་ནས་ཀྱང་། །ས་འདི་ཀུན་ཏུ་རྣམ་པར་རྒྱུ། །གྲོང་དང་ཡུལ་འཁོར་རྣམས་སོང་ནས། །སེམས་ཅན་རྣམས་ནི་ཆོས་འཛིན་འཇུག །དེ་ལས་ཆོས་ནི་ཐོས་ནས་སུ། །

འགྲོ་བ་སྡིག་པ་སྤོང་བར་བྱེད། །ཕྱི་ནས་སྡིག་པའི་ལས་ཅན་མིན། །སེམས་ཅན་གུས་དང་བཅས་པར་འགྱུར། །དེར་ནི་མྱ་ངན་འདས་པ་འཐོབ། །ཆོས་ཀྱི་མཆོག་གིས་དེ་མཆོག་ལྟར། །དེ་བཞིན་འདི་ལ་བདག་བྱ་སྙམ། །དེ་ཡི་ཐད་དུ་རབ་ཏུ་འབྱུང་། །རང་གིས་ཆོས་ནི་

སྤྱོད་པ་ན། །གཞན་དག་དང་ནི་བདག་ཉིད་ཀྱི། །དེ་འདྲ་བ་ཡི་ཡོན་ཏན་འབྱུང་། །སུ་ཞིག་རྟག་ཏུ་ཆོས་མི་སྤྱོད། །དེ་བས་བྱང་ཆུབ་ཡོངས་ཚོལ་བས། །ཆོས་དེ་དག་ནི་ཀུན་ཏུ་སྤྱད། །སངས་རྒྱས་ཡེ་ཤེས་བསམ་མི་ཁྱབ། །དེ་ནི་ཉམས་པར་འགྱུར་མ་ཡིན། །ངས་ཀྱང་

เล่ม ๔๘ · หน้า 201b

སྔོན་ཆད་དེ་དག་བསྟེན། །དེ་ཕྱིར་ང་ནི་མཆོག་ཏུ་འཕགས། །ཆོས་དེ་ལ་ནི་མངོན་བསླབས་ནས། །སངས་རྒྱས་བྱང་ཆུབ་རྙེད་མི་དཀའ། །ང་ནི་འཇིག་རྟེན་རྫོགས་སངས་རྒྱས། །ང་ནི་འཇིག་རྟེན་བླ་ན་མེད། །ཡེ་ཤེས་བླ་ན་མེད་པ་ཡི། །ཆོས་སྟོན་བྱེད་པ་ཨ་ལ་ལ། །

ཀུན་དགའ་བོ་དེ་ལྟ་བས་ན་རྣམ་གྲངས་དེས་ན་ཅི་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དེ་དག་ལ་གནས་ཤིང་འདི་ལྟ་སྟེ། །ཆོས་རྣམས་ཀྱིས་དོན་བྱེད་པ་ཡིན་པ་དེ་ལྟ་བུར་རིག་པར་བྱའོ། །ཀུན་དགའ་བོ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པར་གྱུར་པ་

དེའི་ཚེ་དེའི་དུས་ན་ནམ་མཁའ་ཡོངས་སུ་ཟིན་པ་འདིར་རྒྱལ་པོ་ཕྱོགས་རབ་སྒྲོགས་ཞེས་བྱ་བ་ཞིག་བྱུང་སྟེ། །ཀུན་དགའ་བོ་རྒྱལ་པོ་ཕྱོགས་རབ་སྒྲོགས་ཀྱི་ཆུང་མ་དམ་པ་གཙོ་མོ་ལས་བུ་ཞིག་བཙས་པར་གྱུར་ཏོ། །ཀུན་དགའ་བོ་གཞོན་ནུ་དེ་བཙས་མ་ཐག་ཏུ་འཇིག་རྟེན་དུ་སེམས་ཅན་ཆོས་

སྤྱོད་པ་ཞིག་བྱུང་ངོ་། །ཞེས་ལྷ་རྣམས་ཀྱིས་སྒྲ་སྐད་འཐུན་པར་བསྒྲགས་སོ། །ཀུན་དགའ་བོ་དེ་ནས་རྒྱལ་པོའི་གཞོན་ནུ་དེས་སྒྲ་དེ་ཐོས་ནས་ཅི་འདི་ཆོས་ཤིག་ཡིན་ནམ། འོན་ཏེ་ཆོས་མ་ཡིན་སྙམ་ནས་ཀུན་ཏུ་སྔངས་པར་གྱུར་ཏོ། །ཀུན་དགའ་བོ་རྒྱལ་པོའི་གཞོན་ནུ་སྐྱེས་ནས་ལོ་བདུན་ལོན་པ་

ལྟ་བུ་དེ་རྒྱལ་པོ་ཕྱོགས་རབ་སྒྲོགས་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། རྒྱལ་པོའི་རྐང་པ་ལ་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཀྱང་རྒྱལ་པོ་ཕྱོགས་རབ་སྒྲོགས་ལ་སྨྲས་པ། ཡབ་འདི་ཅི་ཆོས་ཤིག་ལགས་སམ་འོན་ཏེ་ཆོས་མ་ལགས། དེ་ནས་

རྒྱལ་པོ་དེས་གཞོན་ནུ་ལ་ཚིགས་སུ་བཅད་པས་སྨྲས་པ། སྲོག་གཅོད་པ་ཡི་སྡིག་པ་སྤངས་ནས་སུ། །སྦྱིན་པ་དུལ་བ་ཚངས་སྤྱོད་ཡང་དག་སྡོམ། །དེས་དང་ཚུལ་ཁྲིམས་ཡོན་ཏན་རབ་གནས་པ། །ཆོས་དེ་འཕགས་པ་རྣམས་ཀྱིས་བསྟོད་པ་ཡིན། །ཀུན་དགའ་བོ་དེ་ནས་རྒྱལ་པོའི་

གཞོན་ནུ་དེས་ཕ་དེ་ལ་ཚིགས་སུ་བཅད་པས་སྨྲས་པ། ཡབ་ཅིག་བདག་ལ་ཆོས་གང་གསུངས་པ་དེ། །རྒྱལ་སྲིད་འཛམ་གླིང་དེ་ནི་རབ་སྟོན་པ། །ཁྱིམ་པས་ཆོས་དེ་བསྟེན་པར་ནུས་ལགས་སམ། །བདག་གིས་ཞུས་པ་དེ་ནི་ལུང་བསྟན་གསོལ། །གལ་ཏེ་དེ་ནུས་ལགས་ན་བདག་ལ་

เล่ม ๔๘ · หน้า 202a

གསུངས། །གལ་ཏེ་བདག་གིས་ནུས་ན་ཁྱོད་ཀྱིས་གསུངས། །བདེན་པ་སྨྲ་བ་སེམས་ཅན་དམྱལ་མི་མཆི། །དེ་དག་ངན་འགྲོའང་ཀུན་ཏུ་སྟེན་མི་འགྱུར། །མི་བདེན་སྨྲ་བ་ངན་འགྲོར་མཆི་བར་འགྱུར། །མནར་མེད་ཕྱིན་ཅིང་སྡུག་བསྔལ་མྱོང་བར་འགྱུར། །དེ་ཕྱིར་མི་བདེན་པ་

དག་སྤངས་ནས་སུ། །བདེན་ཚིག་བདེན་པ་བདག་ལ་གསུང་དུ་གསོལ། །ཀུན་དགའ་བོ་དེ་ནས་རྒྱལ་པོ་ཕྱོགས་རབ་སྒྲོགས་ཀྱིས་རྒྱལ་པོའི་གཞོན་ནུ་དེ་ལ་ཚིགས་སུ་བཅད་པ་དག་གིས་སྨྲས་པ། རྒྱལ་སྲིད་འཛམ་གླིང་དེ་ནི་རབ་སྟོན་པ། །ཆོས་རྣམས་མཐའ་དག་བསྟེན་པར་ནུས་མ་ཡིན། །

དབྱུག་པ་མཚོན་གྱིས་ས་ནི་རབ་བསྟན་ན། །གཞོན་ནུ་གང་དུ་དེ་ལ་ཆོས་འབྱུང་འགྱུར། །སྲོག་ཆགས་རྣམས་ལ་ང་ཡིས་གནོད་སྤྱོ་བྱ། །ང་ཡིས་བསྒོ་བ་མྱུར་དུ་མི་བྱེད་པ། །དེ་ནི་ལོངས་སྤྱོད་ཕྲོགས་ཤིང་ཆད་པས་བཅད། །ཕྱིས་ཀྱང་བཙོན་རར་རབ་ཏུ་གཞུག་པར་བྱ། །ས་བཟང་བལྟ་བའི་ཕྱིར་

ནི་མངོན་པར་འབྱུང་། །དེ་ཚེ་གྲོང་རྡལ་པ་དག་སྐྲག་པར་འགྱུར། །རྒྱལ་པོ་འོང་ཞེས་སྐྲག་པ་འབྱུང་འགྱུར་ཞིང་། །དེ་དག་ཕྱོགས་ཕྱོགས་སུ་ནི་འགྲོ་བར་འགྱུར། །གང་ཚེ་ང་ནི་ཆོས་ལ་འདུག་གྱུར་ཚེ། །ལྷ་འདི་ནོངས་པ་འབྱུང་བའི་མི་ལགས་ན། །ཇི་ལྟར་ལྷས་མཁྱེན་ཆད་པས་ཆོད་ཅིག་

ཅེས། །ང་ལ་འབུལ་ཞིང་ངེས་པར་འབུལ་བར་བྱེད། །ང་ཡིས་ཉེས་པ་བྱུང་བ་དེ་མ་ཤེས། །གཞན་གྱི་དོན་གྱི་ཕྱིར་ནི་སྡིག་པ་བྱས། །ཅི་ནས་ཕྱིན་ཅད་ང་ཡི་བསྟན་པ་ལ། །དེ་དག་སྡིག་མི་བྱེད་པར་རྡེགས་ཆིངས་སོད། །དེ་ལ་བསླབས་ནས་གཞན་དག་བྱེད་གྱུར་ན། །དེ་ལྟར་ང་ཡི་

ཡུལ་འཁོར་སྡུག་བསྔལ་འགྱུར། །ཚར་བཅད་ནས་ནི་དེ་ལ་ཆད་པས་བཅད། །དེ་ལས་གྲོང་རྡལ་བ་དག་འཇིགས་པར་འགྱུར། །རྒྱལ་པོ་གཏུམ་ཞིང་མི་རྣམས་དྲག་པོ་ཡིན། །དེ་ཡིས་འཕྲལ་དུ་སྲོག་ཆགས་འཇིགས་པར་བྱེད། །གནོད་པ་བྱེད་ཚེ་དེ་ལ་སྙིང་རྗེ་སྐྱེ། །རྣམ་པར་རྒྱལ་ལ་མ་

ཆགས་སྟོན་པར་འགྱུར། །དེ་ཚེ་གཞོན་ནུས་ཚིག་ནི་ཐོས་ནས་སུ། །ཕྱོགས་རབ་སྒྲོགས་ལ་ཚིགས་བཅད་འདི་དག་སྨྲས། །སྐྱོ་བ་ཐོབ་ཅིང་སྡུག་བསྔལ་གྱུར་པ་ལགས། །ཡབ་ཅིག་བདག་ནི་ཆོས་ལ་སྟེན་པར་འཚལ། །ཡབ་ཅིག་བདག་འདིར་རྒྱལ་སྲིད་དོན་མི་གཉེར། །གཞན་གྱི་དོན་གྱི་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด