འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ

ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་ད་ཤ་སཱ་ཧ་སྲི་ཀཱ་པྲཛྙཱ་པཱར་མི་ཏཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๓๒ · หน้า 29b

དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་རང་བཞིན་ནི་དངོས་པོ་མེད་པའོ། །དེ་བཞིན་དུ་སྦྱར་ཏེ། ཡང་དག་པའི་མཐའི་བར་གྱི་རང་བཞིན་ནི་དངོས་པོ་མེད་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན་འདི་ལྟར་རིག་པར་བྱ་སྟེ། ཇི་ལྟར་གཟུགས་གཟུགས་ཀྱི་རང་

བཞིན་དང་བྲལ་བ་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་རང་བཞིན་དང་བྲལ་བ་ནས། དེ་བཞིན་དུ་སྦྱར་ཏེ། ཡང་དག་པའི་མཐའི་བར་ནི་ཡང་དག་པའི་མཐའི་མཚན་ཉིད་དང་བྲལ་བ། མཚན་ཉིད་ཀྱང་རང་བཞིན་དང་

བྲལ་བ་ཡིན་ལ། རང་བཞིན་ཡང་མཚན་ཉིད་དང་བྲལ་བར་རིག་པར་བྱའོ། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བསླབ་པ་འདི་

ལ་སློབ་པ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རམ། སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བསླབ་པ་འདི་ལ་སློབ་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་

ངེས་པར་འབྱུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཆོས་ཐམས་ཅད་ནི་མ་སྐྱེས་ཤིང་ངེས་པར་འབྱུང་བ་མེད་པའི་ཕྱིར་རོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ཆོས་ཐམས་ཅད་མ་སྐྱེས་ཤིང་ངེས་པར་འབྱུང་བ་མེད་པ་ཡིན། སྨྲས་པ། ཚེ་དང་

ལྡན་པ་ཤ་ར་དྭ་ཏིའི་བུ་གཟུགས་ནི་གཟུགས་ཀྱིས་སྟོང་སྟེ། དེ་ལ་ནི་སྐྱེས་པ་ཡང་མེད་ཅིང་འབྱུང་བ་ཡང་དམིགས་སུ་མེད་དོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་རང་བཞིན་གྱིས་སྟོང་སྟེ། དེ་ལ་ནི་སྐྱེས་པ་

ཡང་མེད་ཅིང་འབྱུང་བ་ཡང་དམིགས་སུ་མེད་དོ། །དེ་བཞིན་དུ་སྦྱར་ཏེ། ཡང་དག་པའི་མཐའི་བར་ནི་ཡང་དག་པའི་མཐའི་རང་བཞིན་གྱིས་སྟོང་སྟེ། དེ་ལ་ནི་སྐྱེས་པ་ཡང་མེད་ཅིང་འབྱུང་བ་ཡང་དམིགས་སུ་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ལས་མི་གནས་པའི་ལེའུ་ཞེས་བྱ་སྟེ།

เล่ม ๓๒ · หน้า 30a

བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། ཐབས་ལ་

མི་མཁས་པས་གཟུགས་ལ་སྤྱོད་ན། དེ་ནི་མཚན་མ་ལ་སྤྱོད་པ་ལགས་སོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སྤྱོད་ན། དེ་ནི་མཚན་མ་ལ་སྤྱོད་པ་ལགས་སོ། །ཡང་གལ་ཏེ་གཟུགས་ལ་རྟག་ཅེས་བགྱི་བའམ། མི་རྟག་ཅེས་

བགྱི་བར་སྤྱོད་ན། དེ་ནི་མཚན་མ་ལ་སྤྱོད་པ་ལགས་སོ། །དེ་བཞིན་དུ་གལ་ཏེ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་རྟག་ཅེས་བགྱི་བའམ། མི་རྟག་ཅེས་བགྱི་བར་སྤྱོད་ན། དེ་ནི་མཚན་མ་ལ་སྤྱོད་པ་ལགས་སོ། །དེ་བཞིན་དུ་གལ་ཏེ་

གཟུགས་ལ་བདེ་ཞེས་བགྱི་བའམ། སྡུག་བསྔལ་ཞེས་བགྱི་བར་སྤྱོད་ན། དེ་ནི་མཚན་མ་ལ་སྤྱོད་པ་ལགས་སོ། །དེ་བཞིན་དུ་གལ་ཏེ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་བདེ་ཞེས་བགྱི་བའམ། སྡུག་བསྔལ་ཞེས་བགྱི་བར་སྤྱོད་ན། དེ་ནི་

མཚན་མ་ལ་སྤྱོད་པ་ལགས་སོ། །གལ་ཏེ་གཟུགས་ལ་བདག་མཆིས་ཞེས་བགྱི་བའམ། བདག་མ་མཆིས་ཞེས་བགྱི་བར་སྤྱོད་ན། དེ་ནི་མཚན་མ་ལ་སྤྱོད་པ་ལགས་སོ། །དེ་བཞིན་དུ་གལ་ཏེ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་བདག་

མཆིས་ཞེས་བགྱི་བའམ། བདག་མ་མཆིས་ཞེས་བགྱི་བར་སྤྱོད་ན། དེ་ནི་མཚན་མ་ལ་སྤྱོད་པ་ལགས་སོ། །གལ་ཏེ་གཟུགས་ལ་སྟོང་ཞེས་བགྱི་བའམ། མི་སྟོང་ཞེས་བགྱི་བར་སྤྱོད་ན། དེ་ནི་མཚན་མ་ལ་སྤྱོད་པ་ལགས་སོ། །དེ་བཞིན་དུ་གལ་ཏེ་ཚོར་བ་དང་། འདུ་ཤེས་དང་།

འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སྟོང་ཞེས་བགྱི་བའམ། མི་སྟོང་ཞེས་བགྱི་བར་སྤྱོད་ན། དེ་ནི་མཚན་མ་ལ་སྤྱོད་པ་ལགས་སོ། །གལ་ཏེ་གཟུགས་ལ་མཚན་མ་མཆིས་ཞེས་བགྱི་བའམ། མཚན་མ་མ་མཆིས་ཞེས་བགྱི་བར་སྤྱོད་ན་དེ་ནི་མཚན་མ་ལ་སྤྱོད་པ་ལགས་སོ། །དེ་བཞིན་

เล่ม ๓๒ · หน้า 30b

དུ་གལ་ཏེ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མཚན་མ་མཆིས་ཞེས་བགྱི་བའམ། མཚན་མ་མ་མཆིས་ཞེས་བགྱི་བར་སྤྱོད་ན། དེ་ནི་མཚན་མ་ལ་སྤྱོད་པ་ལགས་སོ། །གལ་ཏེ་གཟུགས་ལ་སྨོན་པ་མཆིས་ཞེས་བགྱི་བའམ། སྨོན་པ་མ་མཆིས་

ཞེས་བགྱི་བར་སྤྱོད་ན། དེ་ནི་མཚན་མ་ལ་སྤྱོད་པ་ལགས་སོ། །དེ་བཞིན་དུ་གལ་ཏེ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སྨོན་པ་མཆིས་ཞེས་བགྱི་བའམ། སྨོན་པ་མ་མཆིས་ཞེས་བགྱི་བར་སྤྱོད་ན། དེ་ནི་མཚན་མ་ལ་སྤྱོད་པ་ལགས་སོ། །

གལ་ཏེ་གཟུགས་ལ་ཞི་ཞེས་བགྱི་བའམ། མ་ཞི་ཞེས་བགྱི་བར་སྤྱོད་ན། དེ་ནི་མཚན་མ་ལ་སྤྱོད་པ་ལགས་སོ། །དེ་བཞིན་དུ་གལ་ཏེ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཞི་ཞེས་བགྱི་བའམ། མ་ཞི་ཞེས་བགྱི་བར་སྤྱོད་ན།

དེ་ནི་མཚན་མ་ལ་སྤྱོད་པ་ལགས་སོ། །གལ་ཏེ་གཟུགས་ལ་དབེན་ཞེས་བགྱི་བའམ། མི་དབེན་ཞེས་བགྱི་བར་སྤྱོད་ན། དེ་ནི་མཚན་མ་ལ་སྤྱོད་པ་ལགས་སོ། །དེ་བཞིན་དུ་གལ་ཏེ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་དབེན་ཞེས་

བགྱི་བའམ། མི་དབེན་ཞེས་བགྱི་བར་སྤྱོད་ན། དེ་ནི་མཚན་མ་ལ་སྤྱོད་པ་ལགས་སོ། །གལ་ཏེ་གཟུགས་ལ་ཀུན་ནས་ཉོན་མོངས་ཞེས་བགྱི་བའམ། རྣམ་པར་བྱང་ཞེས་བགྱི་བར་སྤྱོད་ན། དེ་ནི་མཚན་མ་ལ་སྤྱོད་པ་ལགས་སོ། །དེ་བཞིན་དུ་གལ་ཏེ་ཚོར་བ་དང་། འདུ་

ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཀུན་ནས་ཉོན་མོངས་ཞེས་བགྱི་བའམ། རྣམ་པར་བྱང་ཞེས་བགྱི་བར་སྤྱོད་ན། དེ་ནི་མཚན་མ་ལ་སྤྱོད་པ་ལགས་སོ། །གལ་ཏེ་གཟུགས་ལ་སྐྱེ་ཞེས་བགྱི་བའམ། མི་སྐྱེ་ཞེས་བགྱི་བར་སྤྱོད་ན། དེ་ནི་མཚན་མ་ལ་

སྤྱོད་པ་ལགས་སོ། །དེ་བཞིན་དུ་གལ་ཏེ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སྐྱེ་ཞེས་བགྱི་བའམ། མི་སྐྱེ་ཞེས་བགྱི་བར་སྤྱོད་ན། དེ་ནི་མཚན་མ་ལ་སྤྱོད་པ་ལགས་སོ། །གལ་ཏེ་གཟུགས་ལ་འགག་ཅེས་བགྱི་བའམ། མི་འགག་

เล่ม ๓๒ · หน้า 31a

ཅེས་བགྱི་བར་སྤྱོད་ན། དེ་ནི་མཚན་མ་ལ་སྤྱོད་པ་ལགས་སོ། །དེ་བཞིན་དུ་གལ་ཏེ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་འགག་ཅེས་བགྱི་བའམ། མི་འགག་ཅེས་བགྱི་བར་སྤྱོད་ན། དེ་ནི་མཚན་མ་ལ་སྤྱོད་

པ་ལགས་སོ། །གལ་ཏེ་གཟུགས་ལ་དངོས་པོ་མཆིས་ཞེས་བགྱི་བའམ། དངོས་པོ་མ་མཆིས་ཞེས་བགྱི་བར་སྤྱོད་ན། དེ་ནི་མཚན་མ་ལ་སྤྱོད་པ་ལགས་སོ། །དེ་བཞིན་དུ་གལ་ཏེ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་དངོས་པོ་

མཆིས་ཞེས་བགྱི་བའམ། དངོས་པོ་མ་མཆིས་ཞེས་བགྱི་བར་སྤྱོད་ན། དེ་ནི་མཚན་མ་ལ་སྤྱོད་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། ཐབས་ལ་མི་མཁས་པས་དྲན་པ་ཉེ་

བར་གཞག་པ་རྣམས་ལ་སྤྱོད་ན། དེ་ནི་མཚན་མ་ལ་སྤྱོད་པ་ལགས་སོ། །དེ་བཞིན་དུ་སྦྱར་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་ལ་སྤྱོད་ན། དེ་ནི་མཚན་མ་ལ་སྤྱོད་པ་ལགས་སོ། །གལ་ཏེ་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྤྱོད་ན། དེ་ནི་མཚན་མ་ལ་སྤྱོད་པ་

ལགས་སོ། །དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ལ་སྤྱོད་ན། དེ་ནི་མཚན་མ་ལ་སྤྱོད་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་སྙམ་དུ་སེམས་

ཏེ། བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་སྟེ། དེ་བསྒོམ་པར་བྱའོ་སྙམ་ན། དེ་ནི་མཚན་མ་ལ་སྤྱོད་པ་ལགས་སོ། །གལ་ཏེ་འདི་སྙམ་དུ་སེམས་ཏེ། བདག་ནི་བྱང་ཆུབ་སེམས་དཔའོ། །འདི་ནི་བྱང་ཆུབ་སེམས་དཔའོ་སྙམ་ན། དེ་ནི་མཚན་མ་ལ་སྤྱོད་པ་ལགས་

སོ། །གལ་ཏེ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། གང་དེ་ལྟར་སྤྱོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པའོ་སྙམ་ན། དེ་ནི་མཚན་མ་ལ་སྤྱོད་པ་ལགས་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་ལ་མི་མཁས་པ་ལགས་པར་རིག་པར་

เล่ม ๓๒ · หน้า 31b

བགྱི་ལགས་སོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། གལ་ཏེ་གཟུགས་ལ་གནས་ཤིང་ཀུན་ཏུ་ཤེས་ཏེ་མོས། དེ་

བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་གནས་ཤིང་ཀུན་ཏུ་ཤེས་ཏེ་མོས་ལ། དེ་གཟུགས་ལ་གནས་ཤིང་ཀུན་ཏུ་ཤེས་ཏེ་མོས་པ་དང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་

པ་ལ་གནས་ཤིང་ཀུན་ཏུ་ཤེས་ཏེ་མོས་པར་བྱེད་པ་ན། གཟུགས་ཀྱི་མངོན་པར་འདུ་བྱེད་པ་ལ་སྤྱོད་པ་ཡིན། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་མངོན་པར་འདུ་བྱེད་པ་ལ་སྤྱོད་པ་ཡིན་ནོ། །གཟུགས་ཀྱི་མངོན་པར་

འདུ་བྱེད་པ་ལ་སྤྱོད་པ་ནས་རྣམ་པར་ཤེས་པའི་མངོན་པར་འདུ་བྱེད་པའི་བར་ལ་སྤྱོད་ན་དེ་ནི་ཚེ་རབས་ཕྱི་མ་ལ་སྐྱེ་བ་ལས་ཡོངས་སུ་མི་ཐར་ཞིང་། དེ་ནི་རྒ་བ་ནས་འཁྲུག་པ་དང་། སྡུག་བསྔལ་གྱི་བར་ལས་ཡོངས་སུ་མི་ཐར་བར་ཁོ་བོ་སྨྲའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་

སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་ཐབས་ལ་མི་མཁས་པས་མིག་ལ་གནས་ཤིང་ཀུན་ཏུ་ཤེས་ཏེ་མོས་པར་བྱེད་པ་ནས། དེ་བཞིན་དུ་སྦྱར་ཏེ། ཡིད་ཀྱི་བར་ལ་གནས་ཤིང་ཀུན་ཏུ་ཤེས་ཏེ་མངོན་པར་ཞེན་ལ་མོས་པར་བྱེད་ན། དེ་ནི་ཚེ་རབས་ཕྱི་མ་ལ་སྡུག་བསྔལ་གྱི་

བར་ལས་ཡོངས་སུ་མི་ཐར་བར་ཁོ་བོ་སྨྲའོ། །དེ་བཞིན་དུ་གལ་ཏེ་གཟུགས་ལ་གནས་ཤིང་ཀུན་ཏུ་ཤེས་ཏེ་མོས་པར་བྱེད་པ་ནས། དེ་བཞིན་དུ་སྦྱར་ཏེ། གལ་ཏེ་ཆོས་ཀྱི་བར་ལ་གནས་ཤིང་ཀུན་ཏུ་ཤེས་ཏེ་མོས་པར་བྱེད་ན། དེ་ནི་ཚེ་རབས་ཕྱི་མ་ལ་སྡུག་བསྔལ་གྱི་བར་ལས་ཡོངས་

སུ་མི་ཐར་བར་ཁོ་བོ་སྨྲའོ། །གལ་ཏེ་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་བར་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་བར་ལ་གནས་ཤིང་ཀུན་ཏུ་ཤེས་ཏེ་མོས་པར་བྱེད་ན། དེ་ནི་ཚེ་རབས་ཕྱི་མ་ལ་སྡུག་བསྔལ་གྱི་བར་ལས་ཡོངས་སུ་མི་ཐར་བར་ཁོ་བོ་སྨྲའོ། །གལ་

เล่ม ๓๒ · หน้า 32a

ཏེ་དྲན་པ་ཉེ་བར་གཞག་པ་རྣམས་ལ་གནས་ཤིང་ཀུན་ཏུ་ཤེས་ཏེ་མོས་པར་བྱེད་པ་ནས། དེ་བཞིན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ལ་གནས་ཤིང་

ཀུན་ཏུ་ཤེས་ཏེ་མོས་པར་བྱེད་ན། དེ་ནི་ཚེ་རབས་ཕྱི་མ་ལ་སྡུག་བསྔལ་གྱི་བར་ལས་ཡོངས་སུ་མི་ཐར་བར་ཁོ་བོ་སྨྲའོ། །དེ་ནི་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ཡང་མངོན་སུམ་དུ་བྱ་བའི་སྐལ་བ་ཡང་མེད་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་

རྫོགས་པར་འཚང་རྒྱ་བར་ལྟ་སྨོས་ཀྱང་ཅི་དགོས་ཏེ་དེ་ནི་གནས་མེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་ལ་མི་མཁས་པ་དང་ལྡན་ཞིང་། ཐབས་ལ་མི་མཁས་པར་རིག་པར་བྱའོ། །དེ་སྐད་ཅེས་

སྨྲས་པ་དང་། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། ཐབས་ལ་མཁས་པར་རིག་པར་བྱ་དེ་སྐད་ཅེས་སྨྲས་

པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། གཟུགས་ལ་མི་སྤྱོད། ཚོར་བ་དང་། འདུ་

ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་སྤྱོད། གཟུགས་ཀྱི་མཚན་མ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་མཚན་མ་ལ་མི་སྤྱོད། གཟུགས་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་མི་སྤྱོད། དེ་བཞིན་

དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་མི་སྤྱོད། གཟུགས་བདེ་ཞེས་བྱ་བའམ། སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་

เล่ม ๓๒ · หน้า 32b

པར་ཤེས་པ་བདེ་ཞེས་བྱ་བའམ། སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། གཟུགས་བདག་ཡོད་ཅེས་བྱ་བའམ། བདག་མེད་ཅེས་བྱ་བར་མི་སྤྱོད། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བདག་ཡོད་ཅེས་བྱ་བའམ། བདག་མེད་

ཅེས་བྱ་བར་མི་སྤྱོད། གཟུགས་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་སྤྱོད། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་སྤྱོད། གཟུགས་མཚན་མ་ཡོད་ཅེས་བྱ་བའམ། མཚན་

མ་མེད་ཅེས་བྱ་བར་མི་སྤྱོད། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མཚན་མ་ཡོད་ཅེས་བྱ་བའམ། མཚན་མ་མེད་ཅེས་བྱ་བར་མི་སྤྱོད། གཟུགས་སྨོན་པ་ཡོད་ཅེས་བྱ་བའམ། སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། དེ་བཞིན་

དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྨོན་པ་ཡོད་ཅེས་བྱ་བའམ། སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། གཟུགས་ཞི་ཞེས་བྱ་བའམ། མ་ཞི་ཞེས་བྱ་བར་མི་སྤྱོད། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་

ཤེས་པ་ཞི་ཞེས་བྱ་བའམ། མ་ཞི་ཞེས་བྱ་བར་མི་སྤྱོད། གཟུགས་དབེན་ཞེས་བྱ་བའམ། མི་དབེན་ཞེས་བྱ་བར་མི་སྤྱོད། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དབེན་ཞེས་བྱ་བའམ། མི་དབེན་ཞེས་བྱ་བར་མི་སྤྱོད། གཟུགས་

ཀུན་ནས་ཉོན་མོངས་ཞེས་བྱ་བའམ། རྣམ་པར་བྱང་ཞེས་བྱ་བར་མི་སྤྱོད། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་ཞེས་བྱ་བའམ། རྣམ་པར་བྱང་ཞེས་བྱ་བར་མི་སྤྱོད། གཟུགས་སྐྱེ་ཞེས་བྱ་བའམ། མི་སྐྱེ་

ཞེས་བྱ་བར་མི་སྤྱོད། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྐྱེ་ཞེས་བྱ་བའམ། མི་སྐྱེ་ཞེས་བྱ་བར་མི་སྤྱོད། གཟུགས་འགག་ཅེས་བྱ་བའམ། མི་འགག་ཅེས་བྱ་བར་མི་སྤྱོད། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་

เล่ม ๓๒ · หน้า 33a

བྱེད་རྣམས་དང་། རྣམ་པར་ཤེས་པ་འགག་ཅེས་བྱ་བའམ། མི་འགག་ཅེས་བྱ་བར་མི་སྤྱོད། གཟུགས་དངོས་པོ་ཡོད་ཅེས་བྱ་བའམ། དངོས་པོ་མེད་ཅེས་བྱ་བར་མི་སྤྱོད། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་

ཤེས་པ་དངོས་པོ་ཡོད་ཅེས་བྱ་བའམ། དངོས་པོ་མེད་ཅེས་བྱ་བར་མི་སྤྱོད་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་ལ་མཁས་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་

ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟར་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་གཟུགས་མ་ཡིན། གཟུགས་ལས་གུད་ན་ཡང་སྟོང་པ་ཉིད་མེད། སྟོང་པ་ཉིད་ལས་གུད་ན་ཡང་གཟུགས་མེད་དེ། གཟུགས་ཉིད་ཀྱང་སྟོང་པ་ཉིད་ཡིན་ལ། སྟོང་པ་ཉིད་ཀྱང་གཟུགས་ཡིན་པ་དང་། དེ་

བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་རྣམ་པར་ཤེས་པ་མ་ཡིན། རྣམ་པར་ཤེས་པ་ལས་གུད་ན་ཡང་སྟོང་པ་ཉིད་མེད། སྟོང་པ་ཉིད་ལས་གུད་ན་ཡང་རྣམ་པར་ཤེས་པ་མེད་དེ། སྟོང་པ་ཉིད་ཀྱང་རྣམ་པར་

ཤེས་པ་ཡིན་ལ། རྣམ་པར་ཤེས་པ་ཉིད་ཀྱང་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། དེ་བཞིན་དུ་སྦྱར་ཏེ། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་བར་གྱི་སྟོང་པ་ཉིད་གང་ཡིན་པ་དེ་དག་ནི་དྲན་པ་ཉེ་བར་གཞག་པ་རྣམས་མ་ཡིན། དྲན་པ་ཉེ་བར་གཞག་པ་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་མེད།

སྟོང་པ་ཉིད་ལས་གུད་ན་ཡང་དྲན་པ་ཉེ་བར་གཞག་པ་རྣམས་མེད་དེ། དྲན་པ་ཉེ་བར་གཞག་པ་རྣམས་ཉིད་ཀྱང་སྟོང་པ་ཉིད་ཡིན་ལ། སྟོང་པ་ཉིད་ཀྱང་དྲན་པ་ཉེ་བར་གཞག་པ་རྣམས་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་གྱི་སྟོང་པ་ཉིད་

གང་ཡིན་པ་དེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ཡིན། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལས་གུད་ན་ཡང་སྟོང་པ་ཉིད་མེད། སྟོང་པ་ཉིད་ལས་གུད་ན་ཡང་འཕགས་པའི་ལམ་ཡན་ལག་བརྒྱད་པ་མེད་དེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཉིད་ཀྱང་སྟོང་

เล่ม ๓๒ · หน้า 33b

པ་ཉིད་ཡིན་ལ། སྟོང་པ་ཉིད་ཀྱང་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡིན་ནོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུའི་བར་ཡང་གཞན་མ་ཡིན། སྟོང་པ་ཉིད་ཀྱང་གཞན་མ་ཡིན། དེ་བཞིན་གཤེགས་པའི་སྟོབས་བཅུ་ལས་གུད་ན་ཡང་སྟོང་པ་ཉིད་མེད་སྟོང་པ་ཉིད་

ལས་གུད་ན་ཡང་དེ་བཞིན་གཤེགས་པའི་སྟོབས་བཅུ་མེད་དེ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཉིད་སྟོང་པ་ཉིད་ཡིན་ལ། སྟོང་པ་ཉིད་ཀྱང་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་གྱི་སྟོང་པ་ཉིད་

གང་ཡིན་པ་དེ་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་མ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལས་གུད་ན་ཡང་སྟོང་པ་ཉིད་མེད། སྟོང་པ་ཉིད་ལས་གུད་ན་ཡང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་མེད་དེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་

བརྒྱད་ཉིད་ཀྱང་སྟོང་པ་ཉིད་ཡིན་ལ། སྟོང་པ་ཉིད་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་སྤྱོད་དོ་ཞེས་བྱ་བར་ཁས་མི་ལེན། མི་སྤྱོད་དོ། །

ཞེས་བྱ་བར་ཁས་མི་ལེན། སྤྱོད་ཀྱང་སྤྱོད་ལ། མི་སྤྱོད་ཀྱང་མི་སྤྱོད་ཅེས་བྱ་བར་ཁས་མི་ལེན། སྤྱོད་པ་ཡང་མ་ཡིན་མི་སྤྱོད་པ་ཡང་མ་ཡིན་ཞེས་བྱ་བར་ཁས་མི་ལེན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་བླ་ན་མེད་པ་ཡང་

དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་སྐལ་བ་དང་ལྡན་པ་ཡིན་ནོ། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་ཐམས་ཅད་དུ་ཁས་མི་ལེན། སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེའི་ངོ་བོ་ཉིད་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་མེད་པའི་ངོ་བོ་

เล่ม ๓๒ · หน้า 34a

ཉིད་ཡིན་པའི་ཕྱིར་ཏེ། ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་ཁས་མི་ལེན་ཏོ། །དེ་བཞིན་དུ་སྦྱར་ཏེ། སྤྱོད་པ་ཡང་མ་ཡིན། མི་སྤྱོད་པ་ཡང་མ་ཡིན་ཞེས་བྱ་བ་དེ་ལྟ་བུར་ཡང་

ཁས་མི་ལེན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་རྗེས་སུ་ཞུགས་པ་དང་། གཟུང་བ་མེད་པའི་ཕྱིར་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན། ཆོས་ཐམས་ཅད་ཉེ་བར་ལེན་པ་མེད་པ་རྒྱ་ཆེ་བའི་ཡོ་

བྱད་ཚད་མེད་པར་གཏོགས་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པ་སྟེ། ཏིང་ངེ་འཛིན་འདི་ཉིད་དང་མ་བྲལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་

རྒྱའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ། བམ་པོ་བཅུ་གཉིས་པ། དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་

ཁོ་ན་དང་མ་བྲལ་ཞིང་ལྡན་པ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའམ། འོན་ཏེ་ཏིང་ངེ་འཛིན་གཞན་དག་གིས་ཀྱང་འཚང་རྒྱ། ཚེ་དང་ལྡན་པ་རབ་འབྱོར་གྱིས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཏིང་ངེ་འཛིན་གཞན་དག་

ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཏིང་ངེ་འཛིན་གང་དག་ལ་གནས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་དཔའ་བར་འགྲོ་བ་ཞེས་བྱ་བ་ཡོད་དེ། དེ་ལ་གནས་ན་བྱང་ཆུབ་སེམས་དཔའ་

เล่ม ๓๒ · หน้า 34b

སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་བཞིན་དུ་སྦྱར་ཏེ། རིན་ཆེན་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སེང་གེ་རྣམ་པར་རྩེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཟླ་བ་བཟང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་

ཡོད་དོ། །ཟླ་བའི་རྒྱལ་མཚན་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཆོས་ཐམས་ཅད་ལས་ཤིན་ཏུ་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྱི་གཙུག་བལྟར་མི་མཐོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཀྱི་དབྱིངས་སུ་ངེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ངེས་པའི་རྒྱལ་

མཚན་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་དང་། ངེས་པའི་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་དང་། རྡོ་རྗེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ལ་འཇུག་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་གྱི་རྒྱལ་པོ་ལྟར་རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱལ་

པོའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བརྩོན་འགྲུས་ཀྱི་སྟོབས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡང་དག་པར་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ངེས་པའི་ཚིག་ལ་གདོན་མི་ཟ་བར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཚིག་བླ་དགས་ལ་འཇུག་ཅིང་ཕྱོགས་ལ་

རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཟུངས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བརྗེད་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ཡང་དག་པར་འདུ་བ་རྒྱ་མཚོའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ནམ་མཁའ་ཁྱབ་པར་བྱེད་པ་ཞེས་བྱ་བའི་ཏིང་

ངེ་འཛིན་དང་། རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱལ་མཚན་གྱི་རྩེ་མོའི་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་དང་། དབང་པོའི་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱུན་གྱི་རྗེས་སུ་སོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་

དང་། བཀོད་པ་བསྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རིན་ཆེན་འབྱུང་གནས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཚོལ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གནས་ལ་རྟེན་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་

เล่ม ๓๒ · หน้า 35a

མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དྲི་མ་མེད་པའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྣང་བ་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྣང་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དག་པ་དམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་དྲི་མ་

མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དགའ་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གློག་གི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཟད་མི་ཤེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཟི་བརྗིད་ཡོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཟད་པ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་

འཛིན་དང་། ངེས་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པར་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཉི་མའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཟླ་བའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྣང་བ་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྣང་བ་བྱེད་པ་ཞེས་

བྱ་བའི་ཏིང་ངེ་འཛིན་དང་། མཆོག་གི་འབྱུང་གནས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡེ་ཤེས་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་།

རིན་ཆེན་མཐའ་ཡས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་དམ་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། དགའ་བ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཀྱིས་གནས་པའི་སྤྱི་གཙུག་ཅེས་བྱ་བའི་ཏིང་ངེ་

འཛིན་དང་། རྣམ་པར་འཐོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཚིག་ཐམས་ཅད་རབ་ཏུ་འབྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡི་གེ་མཉམ་པར་འགོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡི་གེ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དམིགས་པ་གཅོད་པ་ཞེས་བྱ་བའི་

ཏིང་ངེ་འཛིན་དང་། རྣམ་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མིང་ངེས་པར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གནས་མེད་པར་སྤྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རབ་རིབ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྱོད་པ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་།

เล่ม ๓๒ · หน้า 35b

གཡོ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡུལ་ལས་རྒལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡོན་ཏན་ཐམས་ཅད་ཀྱི་ཚོགས་སུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་མེད་པར་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དགེ་བའི་མེ་ཏོག་རྒྱས་ཤིང་དག་པ་ཞེས་བྱ་

བའི་ཏིང་ངེ་འཛིན་དང་། བྱང་ཆུབ་ཀྱི་ཡན་ལག་ཡོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤོབས་པ་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མི་མཉམ་པ་དང་མཉམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཐམས་ཅད་ལས་འདའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་།

ཤིན་ཏུ་བརྟགས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ནེམ་ནུར་རྣམ་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གནས་སུ་བྱ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བཀོད་པ་གཅིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པ་མངོན་པར་བསྒྲུབ་པ་ཞེས་བྱ་བའི་ཏིང་

ངེ་འཛིན་དང་། རྣམ་པ་གཅིག་ཏུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པ་དོར་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྲིད་པའི་འདམ་བུ་ཐམས་ཅད་ཕུང་པོ་མེད་པར་རྣམ་པར་འཐོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བརྡ་དང་སྒྲ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་

འཛིན་དང་། སྒྲ་དབྱངས་ཀྱི་ཡི་གེ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྒྲོན་མ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མཚན་ཉིད་ཡོངས་སུ་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མངོན་པར་མི་དམིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པ་ཐམས་ཅད་ཀྱི་

མཆོག་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བདེ་བ་དང་སྡུག་བསྔལ་ཐམས་ཅད་ལ་མངོན་པར་དགའ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པ་ཟད་མི་ཤེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཟུངས་ཀྱི་བློ་གྲོས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡང་དག་པ་

དང་ལོག་པ་ཐམས་ཅད་ཡང་དག་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྒྲ་བསྒྲགས་པ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འགལ་བ་དང་འགོག་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྙིང་པོ་དང་ལྡན་པ་ཞེས་བྱ་

เล่ม ๓๒ · หน้า 36a

བའི་ཏིང་ངེ་འཛིན་དང་། ཟླ་བ་ཉ་བའི་འོད་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བཀོད་པ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འཇིག་རྟེན་ཐམས་ཅད་ལ་འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་མཉམ་པ་ཉིད་ཅེས་བྱ་བའི་

ཏིང་ངེ་འཛིན་དང་། རྡུལ་མེད་ཅིང་རྡུལ་དང་བྲལ་བ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཉོན་མོངས་པ་མེད་པ་དང་། ཉོན་མོངས་པ་དང་བཅས་པ་ཐམས་ཅད་ཡང་དག་པར་འདུ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཡོ་བ་མེད་ཅིང་གནས་པ་མེད་ལ་དགའ་བ་ཞེས་བྱ་

བའི་ཏིང་ངེ་འཛིན་དང་། དེ་བཞིན་ཉིད་ལ་གནས་ཤིང་སེམས་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ལུས་ཀྱི་སྐྱོན་ཡང་དག་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ངག་གི་སྐྱོན་རྣམ་པར་འཇིག་པས་ནམ་མཁའ་ལྟར་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ནམ་མཁའ་ལྟར་

ཆགས་པ་མེད་ལ་རྣམ་པར་གྲོལ་བ་ལས་རྣམ་པར་གྲོལ་ཞིང་གོས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་གང་དག་ལ་གནས་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་

མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་ནི་དེ་དག་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཨ་ལ་ལ་དེ་ལྟར་ན་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་གང་ཏིང་ངེ་འཛིན་འདི་དག་ལ་གནས་པ་དེ་ནི། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཡིན་ལ། ད་ལྟར་ཕྱོགས་བཅུའི་

འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་འཚོ་ཞིང་བཞུགས་པའི་དེ་བཞིན་གཤེགས་པ་དེ་དག་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ལུང་སྟོན་པར་རིག་པར་

เล่ม ๓๒ · หน้า 36b

བྱ་སྟེ། ཏིང་ངེ་འཛིན་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ཞིང་། བྱང་ཆུབ་སེམས་དཔའ་འདི་དག་ནི་སྙོམས་པར་མ་ཞུགས་པ་དག་གོ། །བདག་ནི་སྙོམས་པར་ཞུགས་པའོ། །སྙོམས་པར་འཇུག་གོ། །སྙོམས་པར་འཇུག་པར་འགྱུར་རོ་སྙམ་དུ་ཏིང་ངེ་འཛིན་དེ་དག་གིས་རློམ་

སེམས་སུ་ཡང་མི་བྱེད་ལ། རྣམ་པར་རྟོག་པ་དེ་དག་ཐམས་ཅད་དེ་ལ་མེད་ཅིང་མི་འབྱུང་ངོ་། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཅི་ཏིང་ངེ་འཛིན་འདི་ལ་གནས་པའི་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་དང་། ད་ལྟར་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། དེ་བཞིན་གཤེགས་པ་གང་དག་འཚོ་ཞིང་བཞུགས་པ་དག་གིས་ལུང་བསྟན་པར་རིག་པར་བྱའམ།

སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ཞིང་། ཏིང་ངེ་འཛིན་རྣམས་ཀྱང་གཞན་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་གཞན་མ་ཡིན་གྱི། བྱང་

ཆུབ་སེམས་དཔའ་ཉིད་ཀྱང་ཏིང་ངེ་འཛིན་ཡིན་ལ། ཏིང་ངེ་འཛིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་པའི་ཕྱིར་རོ། །སྨྲས་པ། ཚེ་དང་

ལྡན་པ་རབ་འབྱོར་གལ་ཏེ་ཏིང་ངེ་འཛིན་ཀྱང་གཞན་ལ། བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན་ཏེ། ཏིང་ངེ་འཛིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་ཡིན། བྱང་ཆུབ་སེམས་དཔའ་ཉིད་ཀྱང་ཏིང་ངེ་འཛིན་ཡིན་ལ། ཏིང་ངེ་འཛིན་དང་། བྱང་ཆུབ་སེམས་དཔའ་གང་

ཡིན་པ་དེ་གཉིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ན་ནི། དེ་ལྟ་ན་ཏིང་ངེ་འཛིན་གྱིས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མི་ཤེས་ཤིང་། ཀུན་ཏུ་ཤེས་པ་མེད་པར་ཡང་འགྱུར་རོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་འདི་ཉིད་ཀྱིས་ན་བྱང་ཆུབ་སེམས་དཔའ་སེམས་

เล่ม ๓๒ · หน้า 37a

དཔའ་ཆེན་པོས་ཏིང་ངེ་འཛིན་དེས་ཆོས་ཐམས་ཅད་མཉམ་པ་ཉིད་དེ་མི་ཤེས་ཤིང་། ཀུན་ཏུ་ཤེས་པ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྨྲས་པ། བྱང་ཆུབ་སེམས་དཔའ་དེ་དང་། ཏིང་ངེ་འཛིན་དེ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་མེད་པ་ཉིད་

ཀྱི་ཕྱིར་མི་ཤེས་ཤིང་ཀུན་ཏུ་ཤེས་པ་ཡང་མེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རབ་འབྱོར་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་ཚིག་འདི་ནི་ལེགས་པར་སྨྲས་སོ། །འདི་ལྟར་ཁྱོད་ངས་ཉན་ཐོས་ཉོན་མོངས་པ་མེད་པར་

གནས་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་ལ་ལུང་ཕོག་པ་འདི་ནི་ཁྱོད་ཀྱི་ཚུལ་དང་འཐུན་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་

ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་བསླབ་པར་བྱའོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་ལ་དེ་ལྟར་བསླབ་པར་བྱ་བ་ནས། འཕགས་པའི་ལམ་ཡན་ལག་

བརྒྱད་པའི་བར་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ལ་དེ་ལྟར་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །

བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་ན་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་སློབ་པ་ཡིན་ཏེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་སློབ་བོ། །དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བར་ལ་སློབ་པ་ཡིན་ཞིང་། དེ་བཞིན་དུ་སྦྱར་ཏེ། དེ་ལྟར་སློབ་ན་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་བར་ལ་སློབ་པ་ཡིན་པ་ནས། དེ་ལྟར་སློབ་ན་སངས་

เล่ม ๓๒ · หน้า 37b

རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ལ་སློབ་པ་ཡིན་ཏེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་སློབ་བོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་

སློབ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ལགས་ཤིང་། དེ་ཡང་མི་དམིགས་པའི་ཚུལ་གྱིས་སློབ་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

མི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཅི་ཞིག་མི་དམིགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་བདག་མི་དམིགས་སེམས་ཅན་མི་དམིགས་པ་ནས། ཤེས་པ་པོ་དང་།

མཐོང་བ་པོའི་བར་དུ་མི་དམིགས་སོ། །དེ་བཞིན་དུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཕུང་པོ་རྣམས་མི་དམིགས། ཁམས་རྣམས་མི་དམིགས། སྐྱེ་མཆེད་རྣམས་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་མ་རིག་པ་མི་དམིགས་པ་ནས། རྒ་ཤིའི་བར་དུ་མི་དམིགས་

སོ། །དེ་བཞིན་དུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྡུག་བསྔལ་མི་དམིགས། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མི་དམིགས་སོ། །དེ་བཞིན་དུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་འདོད་པའི་ཁམས་མི་དམིགས། གཟུགས་ཀྱི་ཁམས་མི་དམིགས། གཟུགས་མེད་

པའི་ཁམས་མི་དམིགས་སོ། །དེ་བཞིན་དུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་དྲན་པ་ཉེ་བར་གཞག་པ་རྣམས་མི་དམིགས་པ་ནས། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་མི་དམིགས་སོ། །དེ་བཞིན་དུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་དེ་བཞིན་གཤེགས་པའི་སྟོབས་

བཅུ་མི་དམིགས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། རྒྱུན་དུ་ཞུགས་པ་མི་དམིགས་སོ། །དེ་བཞིན་དུ་ཤིན་ཏུ་རྣམ་པར་

เล่ม ๓๒ · หน้า 38a

དག་པའི་ཕྱིར། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་རང་སངས་རྒྱས་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། བྱང་ཆུབ་སེམས་དཔའ་མི་དམིགས་སོ། །

ཤིན་ཏུ་རྣམ་པར་དག་པའི་ཕྱིར་དེ་བཞིན་གཤེགས་པ་མི་དམིགས་སོ། །དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་རྣམ་པར་དག་པ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་། དེ་བཞིན་དུ་འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། འབྱུང་བ་མེད་པ་དང་། དམིགས་སུ་མེད་པ་དང་། ཆོས་ཐམས་ཅད་མངོན་པར་འདུ་བྱེད་པ་མེད་པ་དེ་ནི་རྣམ་པར་དག་པ་ཡིན་ནོ། །

གསོལ་པ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ན་ཆོས་གང་དག་ལ་བསླབས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ན་ཆོས་

གང་དག་ལ་ཡང་བསླབས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་འདི་དག་མངོན་པར་ཞེན་པ་དེ་ལྟར་ཆོས་འདི་དག་མེད་པའི་ཕྱིར་རོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཇི་ལྟར་ན་ཆོས་འདི་དག་ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་འདི་

དག་མངོན་པར་ཞེན་པ་དེ་ལྟར་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་མེད་པ་དེ་ལྟར་ཡོད་ལ། དེ་ལྟར་མེད་པས་མ་རིག་པ་ཞེས་བྱའོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཅིའི་སླད་དུ་དེ་དག་མཆིས་པ་མ་ལགས་པ་ལ་མ་རིག་པ་ཞེས་བགྱི་ལགས།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ནང་སྟོང་པ་ཉིད་ཀྱི་ཕྱིར་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་གཟུགས་མེད་དོ། །དེ་བཞིན་དུ་ནང་སྟོང་པ་ཉིད་ཀྱི་ཕྱིར་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་ཚོར་བ་དང་།

เล่ม ๓๒ · หน้า 38b

འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མེད་དོ། །དེ་བཞིན་དུ་ནང་སྟོང་པ་ཉིད་ཀྱི་ཕྱིར་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་དྲན་པ་ཉེ་བར་གཞག་པ་རྣམས་མེད་ཅིང་མི་དམིགས་སོ། །དེ་བཞིན་དུ་སྦྱར་ཏེ། ནང་སྟོང་པ་ཉིད་ཀྱི་ཕྱིར་དང་། དངོས་

པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་མེད་ན། དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་མ་རིག་པ་དང་སྲེད་པའི་དབང་གིས་མངོན་པར་ཞེན་པ་དེ་དག་གིས་མངོན་པར་ཞེན་ནས་ཡོད་པ་མ་ཡིན་པ་ལ་ཡོད་པར་བརྟགས་སོ། །དེ་དག་ནི་འདི་ལྟ་སྟེ།

རྟག་པ་དང་ཆད་པའི་མཐའ་གཉིས་ལ་ཆགས་པས། དེ་དག་ནི་མི་ཤེས་མི་མཐོང་བ་སྟེ། ཆོས་གང་དག་མེད་པ་དེ་དག་ལ་ཀུན་ཏུ་རྟོག་པར་བྱེད་དོ། །བརྟགས་ནས་ཀྱང་མིང་དང་གཟུགས་ལ་མངོན་པར་ཞེན་པ་ནས། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་

ཀྱི་བར་ལ་མངོན་པར་ཞེན་ཏོ། །དེ་དག་མངོན་པར་ཞེན་པ་ཉིད་ཡིན་པས་ན་ཡོད་པ་མ་ཡིན་པའི་ཆོས་རྣམས་ལ་ཡོངས་སུ་རྟོག་པར་བྱེད་པའི་ཕྱིར་དེ་དག་ནི་མི་ཤེས་མི་མཐོང་བ་དག་ཡིན་ནོ། །དེ་དག་ཅི་ཞིག་མི་ཤེས་མི་མཐོང་ཞེ་ན། གཟུགས་མི་ཤེས་མི་མཐོང་ངོ་། །དེ་བཞིན་དུ་ཚོར་བ་

དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མི་ཤེས་མི་མཐོང་ངོ་། །དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་མི་ཤེས་མི་མཐོང་ངོ་། །གང་གི་ཕྱིར་མི་ཤེས་ཤིང་མི་མཐོང་བ་དེའི་ཕྱིར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཞེས་བྱ་

བའི་གྲངས་སུ་འགྲོའོ། །དེ་དག་ནི་ངེས་པར་འབྱུང་བ་མ་ཡིན་ཏེ། གང་ནས་ངེས་པར་འབྱུང་བ་མ་ཡིན་ཞེ་ན། འདོད་པའི་ཁམས་ནས་ངེས་པར་འབྱུང་བ་མ་ཡིན་ནོ། །དེ་བཞིན་དུ་གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ནས་ངེས་པར་འབྱུང་བ་མ་ཡིན་ནོ། །ཉན་

ཐོས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་སུ་ངེས་པར་འབྱུང་བ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ཆོས་རྣམས་སུ་ངེས་པར་འབྱུང་བ་མ་ཡིན་ནོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་རྣམས་སུ་ངེས་པར་འབྱུང་བ་མ་ཡིན་ནོ། །དེ་དག་ནི་ཡིད་མི་ཆེས་པ་དག་ཡིན་ཏེ།

เล่ม ๓๒ · หน้า 39a

གཟུགས་སྟོང་པ་ཉིད་དུ་ཡིད་མི་ཆེས་སོ། །དེ་བཞིན་དུ་ཚོར་བ་སྟོང་པ་ཉིད་དང་། འདུ་ཤེས་སྟོང་པ་ཉིད་དང་། འདུ་བྱེད་རྣམས་སྟོང་པ་ཉིད་དང་། རྣམ་པར་ཤེས་པ་སྟོང་པ་ཉིད་དུ་ཡིད་མི་ཆེས་པ་ནས། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་ལ་ཡང་ཡིད་མི་ཆེས་

སོ། །ཡང་དེ་དག་ནི་མི་གནས་པ་དག་ཡིན་ཏེ། གང་ལ་མི་གནས་ཞེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མི་གནས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་མི་གནས་སོ། །ཕྱིར་མི་ལྡོག་པའི་ས་ལ་མི་གནས་ཤིང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ལ་

མི་གནས་ཏེ། རྒྱུ་དེས་ན་བྱིས་པ་སོ་སོའི་སྐྱེ་བོ་ཞེས་བྱ། མངོན་པར་ཞེན་པ་ཞེས་བྱའོ། །ཅི་ཞིག་ལ་མངོན་པར་ཞེན་པ་ཡིན་ཞིང་དེ་དག་གང་ལ་མངོན་པར་ཞེན་པ་ཡིན་ཞེ་ན། གཟུགས་ལ་མངོན་པར་ཞེན་པ་ནས་རྣམ་པར་ཤེས་པའི་བར་ལ་མངོན་པར་ཞེན་ཏོ། །དེ་བཞིན་དུ་མིག་ལ་

མངོན་པར་ཞེན་པ་ནས། དེ་བཞིན་དུ་ཡིད་ཀྱི་བར་ལ་མངོན་པར་ཞེན་ཏོ། །གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་རེག་བྱ་དང་། ཆོས་རྣམས་ལ་མངོན་པར་ཞེན་ཏོ། །དེ་བཞིན་དུ་ཁམས་རྣམས་ལ་མངོན་པར་ཞེན་ཏོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་

རྣམས་ལ་མངོན་པར་ཞེན་ཏོ། །ལྟ་བར་གྱུར་པ་རྣམས་ལ་མངོན་པར་ཞེན་ཏོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་མངོན་པར་ཞེན་པ་ནས། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ལ་མངོན་པར་ཞེན་ཏོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་

ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་ལྟར་སློབ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་མ་ལགས་ཤིང་། ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་མི་འབྱུང་བ་ལགས་མོད། བཅོམ་ལྡན་འདས་

ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་དེ་ལྟར་སློབ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་མ་ཡིན་ཞིང་། ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བ་མ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་འོ་ན་ཇི་ལྟ་བུ་ཞིག་ལགས། བཅོམ་ལྡན་

เล่ม ๓๒ · หน้า 39b

འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མི་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྟོག་པར་བྱེད་ཅིང་མངོན་པར་ཞེན་ཏོ། །དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་

དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་རྟོག་པར་བྱེད་ཅིང་མངོན་པར་ཞེན་ཏོ། །དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ཏུ་རྟོག་པར་བྱེད་ཅིང་མངོན་པར་ཞེན་ཏོ། །མངོན་

པར་ཞེན་ནས་ཀྱང་ཐམས་ཅད་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་རྟོག་པར་བྱེད་དོ། །ཡོངས་སུ་བརྟགས་ནས་ཀྱང་ཐམས་ཅད་མཁྱེན་པ་ཉིད་ལ་མངོན་པར་ཞེན་པར་བྱེད་དེ། ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ལ་སློབ་པ་མ་ཡིན་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བ་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་ལྟར་སློབ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ལ་སློབ་པ་མ་ལགས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བ་མ་ལགས་མོད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་མ་ཡིན་ཞིང་། རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་དུ་ངེས་པར་འབྱུང་བ་མ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི་ཞིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་སློབ་ན་རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་དུ་ངེས་པར་འབྱུང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ན། ཤ་ར་

เล่ม ๓๒ · หน้า 40a

དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། མི་དམིགས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བ་ཡིན་ནོ། །མི་དམིགས་པ་

ཡང་གང་ཞེ་ན། གང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་མི་དམིགས་པ་ནས། དེ་བཞིན་དུ་སྦྱར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་སྤྱོད་པ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དེ་ཉིད་མི་དམིགས་པ་དང་། བྱང་ཆུབ་ཀྱི་བར་དུ་མི་

དམིགས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་དམིགས་པ་སྟེ། ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། མི་དམིགས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ཡིན་ཞིང་། རྣམ་

པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཅི་ཞིག་མི་དམིགས་པའི་ཚུལ་གྱིས་ངེས་པར་འབྱུང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནང་སྟོང་པ་ཉིད་མི་དམིགས་པའི་ཚུལ་དང་། དེ་བཞིན་དུ་སྦྱར་ཏེ། ཆོས་

ཐམས་ཅད་སྟོང་པ་ཉིད་ཀྱི་བར་དུ་མི་དམིགས་པའི་ཚུལ་གྱིས་ངེས་པར་འབྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཐེག་པ་དེས་གང་ནས་ངེས་པར་འབྱུང་བར་འགྱུར་ཞིང་ཐེག་པ་དེ་གང་དུ་གནས་པར་འགྱུར་

ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཐེག་པ་དེས་ནི་ཁམས་གསུམ་ནས་ངེས་པར་འབྱུང་བར་འགྱུར་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ག་ལ་བ་དེར་ངེས་པར་འབྱུང་བར་འགྱུར་ཏེ། དེ་ཉིད་དུ་གནས་པར་འགྱུར་ལ། དེ་ཡང་གཉིས་སུ་མེད་པའི་ཚུལ་གྱིས་སོ། །

དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཐེག་པ་ཆེན་པོ་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པའི་ཆོས་དེ་གཉི་ག་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ཞིང་། གཟུགས་མེད་པ་བསྟན་དུ་མེད་པ། ཐོགས་པ་མེད་པ་སྟེ། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་

เล่ม ๓๒ · หน้า 40b

གཅིག་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཚན་ཉིད་མེད་པའི་ཆོས་རྣམས་ནི་ངེས་པར་མི་འབྱུང་ངེས་པར་འབྱུང་བར་མི་འགྱུར། ངེས་པར་མ་བྱུང་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། གང་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་དེ་ནི་ཆོས་ཀྱི་དབྱིངས་ལ་

ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་བཞིན་དུ་གང་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་དེ་ནི་དེ་བཞིན་ཉིད་ལ་ངེས་པར་འབྱུང་བར་འདོད་དུ་ཟད་ཅིང་། དེ་ནི་ཡང་དག་པའི་མཐའ་ལ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་བཞིན་དུ་གང་མཚན་ཉིད་མེད་

པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་དེ་ནི་བསམ་གྱིས་མི་ཁྱབ་པའི་དབྱིངས་ལ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །གང་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་དེ་ནི། གྲུབ་པ་དང་བདེ་བ་ལ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །གང་

མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་དེ་ནི་སྤོང་བའི་ཁམས་ལ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་བཞིན་དུ་སྦྱར་ཏེ། གང་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་དེ་ནི་འདོད་ཆགས་དང་བྲལ་བའི་དབྱིངས་དང་། འགོག་པའི་

དབྱིངས་དང་། གཟུགས་ཀྱི་སྟོང་པ་ཉིད་ལ་ངེས་པར་འབྱུང་བར་འདོད་དུ་ཟད་པ་དང་། དེ་བཞིན་དུ་དེ་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་སྟོང་པ་ཉིད་ལ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་གཟུགས་

ཀྱི་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མ་ཡིན་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མ་

ཡིན་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རབ་འབྱོར་གཟུགས་ནི་གཟུགས་ཀྱིས་སྟོང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང་པའི་ཕྱིར་རོ། །

เล่ม ๓๒ · หน้า 41a

རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་དེ་ནི། མིག་གི་སྟོང་པ་ཉིད་ལ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་བཞིན་དུ་སྦྱར་ཏེ། གང་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་དེ་ནི་མིག་གི་འདུས་ཏེ་རེག་

པའི་རྐྱེན་གྱིས་ཚོར་བ་ནས། དེ་བཞིན་དུ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་བར་གྱི་སྟོང་པ་ཉིད་ལ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་མིག་གི་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བར་མི་འགྱུར་ཞིང་། རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་ལ་གནས་པ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་བར་གྱི་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བར་མི་འགྱུར་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་གནས་པ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན།

རབ་འབྱོར་འདི་ལྟར་མིག་ནི་མིག་གིས་སྟོང་པ་ནས་དེ་བཞིན་དུ་སྦྱར་ཏེ། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་བར་དུ་སྟོང་པ་དང་། དེ་བཞིན་དུ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་བར་ནི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བས་སྟོང་པའི་ཕྱིར་རོ། །རབ་འབྱོར་དེ་

བཞིན་དུ་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་གང་ཡིན་པ་དེ་ནི་རྨི་ལམ་ལ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་བཞིན་དུ་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་གང་ཡིན་པ་དེ་ནི་སྒྱུ་མ་དང་། སྨིག་རྒྱུ་དང་། བྲག་ཅ་དང་། མིག་ཡོར་

དང་། དེ་བཞིན་གཤེགས་པའི་སྤྲུལ་པ་ལ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་རྨི་ལམ་གྱི་ངོ་བོ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མ་ཡིན་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་གནས་པ་མ་ཡིན་པའི་ཕྱིར་རོ། །དེ་

བཞིན་དུ་སྒྱུ་མའི་ངོ་བོ་ཉིད་དང་། སྨིག་རྒྱུ་དང་། བྲག་ཅ་དང་། མིག་ཡོར་དང་། དེ་བཞིན་གཤེགས་པའི་སྤྲུལ་པའི་ངོ་བོ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མ་ཡིན་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་གནས་པ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་

เล่ม ๓๒ · หน้า 41b

འབྱོར་འདི་ལྟར་རྨི་ལམ་གྱི་ངོ་བོ་ཉིད་ནི་རྨི་ལམ་གྱི་ངོ་བོ་ཉིད་ཀྱིས་སྟོང་ཞིང་། དེ་བཞིན་དུ་སྦྱར་ཏེ། སྒྱུ་མའི་ངོ་བོ་ཉིད་དང་། སྨིག་རྒྱུ་དང་། བྲག་ཅ་དང་། མིག་ཡོར་དང་། དེ་བཞིན་གཤེགས་པའི་སྤྲུལ་པའི་ངོ་བོ་ཉིད་ཀྱི་བར་ནི། དེ་བཞིན་གཤེགས་པའི་སྤྲུལ་པའི་ངོ་བོ་ཉིད་ཀྱི་བར་གྱིས་སྟོང་པའི་

ཕྱིར་རོ། །རབ་འབྱོར་དེ་བཞིན་དུ་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་དེ་བཞིན་དུ་གང་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་གང་ཡིན་

པ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་

འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མ་ཡིན་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་གནས་པ་མ་ཡིན་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་།

བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མ་ཡིན་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་གནས་པ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན།

རབ་འབྱོར་འདི་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཀྱིས་སྟོང་ཞིང་། རབ་འབྱོར་དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་

གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་དུ་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་གང་ཡིན་པ་དེ་ནི་ནང་སྟོང་པ་ཉིད་ལ་ངེས་པར་འབྱུང་བར་

เล่ม ๓๒ · หน้า 42a

འདོད་དུ་ཟད་དོ། །དེ་བཞིན་དུ་སྦྱར་ཏེ། མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་གང་ཡིན་པ་དེ་ནི། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དག་ལ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་

ནང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མ་ཡིན་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་གནས་པ་མ་ཡིན། དེ་བཞིན་དུ་སྦྱར་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མ་ཡིན་ཞིང་། རྣམ་

པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་གནས་པ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ནང་སྟོང་པ་ཉིད་ནི། ནང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་ཞིང་། དེ་ལྟར་དེ་བཞིན་དུ་སྦྱར་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ནི། དངོས་པོ་མེད་པའི་

ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །དེ་བཞིན་དུ་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་གང་ཡིན་པ་དེ་ནི་དྲན་པ་ཉེ་བར་གཞག་པ་རྣམས་ལ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་དྲན་པ་ཉེ་བར་གཞག་པ་

རྣམས་ཀྱི་ངོ་བོ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མ་ཡིན་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་གནས་པ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ངོ་བོ་ཉིད་ནི་དྲན་པ་ཉེ་བར་གཞག་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་

རོ། །དེ་བཞིན་དུ་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་གང་ཡིན་པ་དེ་ནི་ཡང་དག་པའི་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་

ཡན་ལག་བརྒྱད་པ་ལ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་དུ་སྦྱར་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་གྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མ་ཡིན་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་

เล่ม ๓๒ · หน้า 42b

ཡང་གནས་པ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་དུ་སྦྱར་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་གྱི་ངོ་བོ་ཉིད་ནི། འཕགས་པའི་ལམ་ཡན་ལག་བརྒྱད་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །དེ་བཞིན་དུ་སྦྱར་ཏེ། དེ་བཞིན་གཤེགས་

པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞིའི་བར་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་འཕགས་པའི་ལམ་ཡན་ལག་བརྒྱད་པར་བསྟན་པ་ཁོ་ན་བཞིན་དུ་རྒྱ་ཆེར་སྦྱར་བར་བྱའོ། །རབ་འབྱོར་དེ་བཞིན་དུ་མཚན་

ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་གང་ཡིན་པ་དེ་ནི། དགྲ་བཅོམ་པ་ཟག་པ་ཟད་པ་སྐྱེ་བར་འདོད་དུ་ཟད་དོ། །དེ་བཞིན་དུ་སྦྱར་ཏེ། རབ་འབྱོར་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་གང་ཡིན་པ་དེ་ནི་རང་སངས་རྒྱས་དང་། དེ་བཞིན་

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐྱེ་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་དེ་བཞིན་དུ་སྦྱར་ཏེ། དེ་བཞིན་གཤེགས་པའི་ངོ་བོ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མ་ཡིན་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་

ལ་ཡང་གནས་པ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་དགྲ་བཅོམ་པ་ཟག་པ་ཟད་པའི་ངོ་བོ་ཉིད་ནི་དགྲ་བཅོམ་པའི་ངོ་བོ་ཉིད་ཀྱིས་སྟོང་། དེ་བཞིན་དུ་རང་སངས་རྒྱས་ཀྱི་ངོ་བོ་ཉིད་ནི་རང་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་། དེ་བཞིན་གཤེགས་པའི་ངོ་བོ་ཉིད་ནི་

དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་དུ་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་གང་ཡིན་པ་དེ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་དེ་བཞིན་དུ་མཚན་ཉིད་མེད་པའི་ཆོས་

རྣམས་ལ་ངེས་པར་འབྱུང་བར་འདོད་པ་གང་ཡིན་པ་དེ་ནི། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན།

เล่ม ๓๒ · หน้า 43a

དེ་བཞིན་དུ་སྦྱར་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པར་ཇི་སྐད་དུ་བསྟན་པ་དེ་ཁོ་ན་བཞིན་དུ་རྒྱ་ཆེར་སྦྱར་བར་བྱའོ། །རབ་འབྱོར་དེ་བཞིན་དུ་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་གང་ཡིན་པ་དེ་ནི་མིང་ལ་ངེས་པར་འབྱུང་བར་འདོད་

དུ་ཟད་དོ། །དེ་བཞིན་དུ་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་གང་ཡིན་པ་དེ་ནི་བརྡ་དང་ཐ་སྙད་དང་། བཏགས་པ་ལ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་མིང་གི་སྟོང་པ་ཉིད་གང་ཡིན་པ་དེ་ནི་ཁམས་གསུམ་ནས་

ངེས་པར་འབྱུང་བ་མ་ཡིན་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་མིང་གི་སྟོང་པ་ཉིད་ནི་མིང་གི་སྟོང་པ་ཉིད་ཀྱིས་སྟོང་པ་ནས། དེ་བཞིན་དུ་སྦྱར་ཏེ། བཏགས་པའི་ཆོས་ཀྱི་སྟོང་པ་ཉིད་ཀྱི་བར་ནི་བཏགས་

པའི་ཆོས་ཀྱི་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་དུ་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་གང་ཡིན་པ་དེ་ནི་སྐྱེ་བ་མེད་པ་ལ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ལྟར་དེ་བཞིན་དུ་སྦྱར་ཏེ། རབ་འབྱོར་མཚན་ཉིད་མེད་པའི་ཆོས་རྣམས་

ལ་ངེས་པར་འབྱུང་བར་འདོད་པ་གང་ཡིན་པ་དེ་ནི་འགག་པ་མེད་པ་དང་། མཚན་མ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་ལ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་བཞིན་དུ་སྦྱར་ཏེ། མིང་གི་སྐབས་སུ་

ཇི་སྐད་དུ་བསྟན་པ་དེ་ཁོ་ན་བཞིན་དུ་རྒྱ་ཆེར་སྦྱར་བར་བྱ་སྟེ། རབ་འབྱོར་རྣམ་གྲངས་དེས་ན་ཐེག་པ་ཆེན་པོ་ནི་ཁམས་གསུམ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ག་ལ་བ་དེར་ངེས་པར་འབྱུང་བར་འགྱུར་ཞིང་དེར་ཡང་མི་གཡོ་བའི་ཚུལ་གྱིས་གནས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ཁྲི་པ་ལས་ཏིང་ངེ་འཛིན་གྱི་ལེའུ་ཞེས་བྱ་སྟེ་བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ཁྱོད་འདི་སྐད་དུ་ཐེག་པ་དེ་གང་དུ་གནས་པར་འགྱུར་ཞེས་ཟེར་བ་ནི། རབ་འབྱོར་

เล่ม ๓๒ · หน้า 43b

ཐེག་པ་དེ་ནི་གང་དུ་ཡང་གནས་པར་འགྱུར་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་གནས་པ་དམིགས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་མི་གནས་པ་སྟེ། འོན་ཀྱང་ཐེག་པ་དེ་ནི་མི་གནས་པའི་ཚུལ་གྱིས་གནས་པར་འགྱུར་རོ། །རབ་འབྱོར་དཔེར་ན་ཆོས་ཀྱི་དབྱིངས་

ནི་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་དེ་ཡང་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་ཏེ། ལེའུ་གོང་མར་ཇི་སྐད་བསྟན་པ་དེ་ཁོ་ན་བཞིན་དུ་འདིར་ཡང་རྒྱ་ཆེར་སྦྱར་བར་བྱའོ། །རབ་འབྱོར་དཔེར་ན་སྐྱེ་བ་མེད་པ་ནི་

གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་ཐེག་པ་དེ་ནི་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ། འགག་པ་མེད་པ་དང་མཚན་མ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་

དང་། མངོན་པར་འདུ་བྱེད་པ་མེད་པ་ནི་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་དེ་ཡང་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ནི་གནས་པ་ཡང་མ་

ཡིན་མི་གནས་པ་ཡང་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པ་ནས། དེ་བཞིན་དུ་སྦྱར་ཏེ། མངོན་པར་འདུ་བྱེད་པ་མེད་པའི་བར་གྱི་ངོ་བོ་ཉིད་ནི། མངོན་པར་འདུ་བྱེད་པ་མེད་པའི་ངོ་བོ་ཉིད་ཀྱིས་

སྟོང་སྟེ། རབ་འབྱོར་རྣམ་གྲངས་དེས་ན་ཐེག་པ་དེ་ནི་གང་དུ་ཡང་གནས་པར་འགྱུར་བ་མེད་དེ། དེ་ཡང་མི་གནས་པར་གནས་པ་མེད་པའི་ཚུལ་གྱིས་སོ། །ཡང་རབ་འབྱོར་གང་འདི་སྐད་དུ་ཐེག་པ་དེས་སུ་ཞིག་ངེས་པར་འབྱུང་བར་འགྱུར་ཞེས་ཟེར་བ་ནི། རབ་འབྱོར་ཐེག་པ་དེས་སུ་ཡང་

ངེས་པར་འབྱུང་བར་འགྱུར་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ཐེག་པ་གང་ཡིན་པ་དེ་དང་། གང་ངེས་པར་འབྱུང་བར་འགྱུར་བ་དང་། གང་དུ་ངེས་པར་འབྱུང་བར་འགྱུར་བའི་ཆོས་དེ་དག་ཐམས་ཅད་མེད་ཅིང་མི་དམིགས་པའི་ཕྱིར་རོ། །དེ་ལྟར་ཆོས་ཐམས་ཅད་མེད་ཅིང་

เล่ม ๓๒ · หน้า 44a

མི་དམིགས་ན། ཆོས་གང་ཞིག་གིས་སུ་ཞིག་ངེས་པར་འབྱུང་བར་འགྱུར། གང་དུ་ངེས་པར་འབྱུང་བར་འགྱུར། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བདག་དང་དེ་བཞིན་དུ་སྦྱར་ཏེ། ཤེས་པ་པོ་དང་། མཐོང་བ་པོའི་བར་དུ་དམིགས་སུ་མེད་པའི་ཕྱིར་བདག་

གཏན་མི་དམིགས་སོ། །དེ་བཞིན་དུ་སེམས་ཅན་དང་། སྐྱེ་བ་པོ་ནས་དེ་བཞིན་དུ་སྦྱར་ཏེ། ཤེས་པ་པོ་དང་མཐོང་བ་པོའི་བར་དུ་གཏན་མི་དམིགས་པའི་ཕྱིར་རོ། །དེ་བཞིན་དུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཆོས་ཀྱི་དབྱིངས་མི་དམིགས་སོ། །དེ་བཞིན་དུ་ཤིན་ཏུ་རྣམ་པར་དག་པའི་

ཕྱིར་དེ་བཞིན་ཉིད་མི་དམིགས་སོ། །ཡང་དག་པའི་མཐའ་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་བསམ་གྱིས་མི་ཁྱབ་པའི་དབྱིངས་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། ཕུང་པོ་དང་ཁམས་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཁམས་དང་

སྐྱེ་མཆེད་རྣམས་མི་དམིགས་སོ། །དེ་བཞིན་དུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་སོ། །དེ་བཞིན་དུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་

དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་སོ། །དེ་བཞིན་དུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར། ནང་སྟོང་པ་ཉིད་མི་དམིགས་སོ། །དེ་བཞིན་དུ་སྦྱར་ཏེ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་མི་དམིགས་

སོ། །དེ་བཞིན་དུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་དྲན་པ་ཉེ་བར་གཞག་པ་རྣམས་མི་དམིགས་སོ། །དེ་བཞིན་དུ་སྦྱར་ཏེ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་རྒྱུན་ཏུ་ཞུགས་པ་མི་དམིགས་

སོ། །དེ་བཞིན་དུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་དམིགས་སོ། །དེ་བཞིན་དུ་ཤིན་ཏུ་རྣམ་

เล่ม ๓๒ · หน้า 44b

པར་དག་པའི་ཕྱིར། རྒྱུན་དུ་ཞུགས་པའི་འབྲས་བུ་མི་དམིགས་སོ། །དེ་བཞིན་དུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་

ཆུབ་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་དམིགས་སོ། །དེ་བཞིན་དུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། མངོན་པར་

འདུ་བྱེད་པ་མེད་པ་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྔོན་གྱི་མཐའ་མི་དམིགས་སོ། །དེ་བཞིན་དུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཕྱི་མའི་མཐའ་དང་། ད་ལྟར་མི་དམིགས་སོ། །དེ་བཞིན་དུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་འགྲོ་བ་དང་། མི་འགྲོ་བ་དང་། གནས་པ་

དང་། སྐྱེ་བ་མི་དམིགས་སོ། །དེ་བཞིན་དུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར། འགྲིབ་པ་དང་། འཕེལ་བ་མི་དམིགས་པའི་ཕྱིར་རོ། །ཅི་ཞིག་དམིགས་སུ་མེད་པས་མི་དམིགས་ཞེ་ན། ཆོས་ཀྱི་དབྱིངས་དམིགས་སུ་མེད་པས་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤིན་ཏུ་རྣམ་

པར་དག་པའི་ཕྱིར། ཆོས་ཀྱི་དབྱིངས་ནི་སུས་ཀྱང་མ་དམིགས་མི་དམིགས་གང་གིས་ཀྱང་དམིགས་པར་མི་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་སྦྱར་ཏེ། ཆོས་ཀྱི་དབྱིངས་དམིགས་སུ་མེད་པའི་ཕྱིར་དང་། དེ་བཞིན་ཉིད་དམིགས་སུ་མེད་པའི་ཕྱིར་དང་། ཡང་དག་པའི་མཐའ་དམིགས་

སུ་མེད་པའི་ཕྱིར་དང་། སྟོང་པ་ཉིད་དམིགས་སུ་མེད་པའི་ཕྱིར་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་པའི་ཕྱིར་མི་དམིགས་སོ། །ནང་སྟོང་པ་ཉིད་དམིགས་སུ་མེད་པའི་ཕྱིར་མི་དམིགས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་དམིགས་སུ་མེད་པས་མི་དམིགས་

སོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་དམིགས་སུ་མེད་པས་མི་དམིགས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་དམིགས་སུ་མེད་པས་མི་དམིགས་སོ། །དེ་བཞིན་དུ་རྒྱུན་དུ་ཞུགས་པ་དམིགས་སུ་མེད་པས་མི་དམིགས་སོ། །དེ་བཞིན་དུ་སྦྱར་ཏེ། ཡང་

เล่ม ๓๒ · หน้า 45a

དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དུ་དམིགས་སུ་མེད་པས་མི་དམིགས་སོ། །དེ་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་དམིགས་སུ་མེད་པས་མི་དམིགས་སོ། །དེ་བཞིན་དུ་སྦྱར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་དམིགས་སུ་མེད་པས་

མི་དམིགས་སོ། །དེ་བཞིན་དུ་སྐྱེ་བ་མེད་པ་དམིགས་སུ་མེད་པས་མི་དམིགས་སོ། །ཤིན་དུ་རྣམ་པར་དག་པའི་ཕྱིར་མངོན་པར་འདུ་བྱེད་པ་མེད་པའི་བར་དུ་དམིགས་སུ་མེད་པས་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་མངོན་པར་འདུ་བྱེད་པ་མེད་པ་

དམིགས་སུ་མེད་པས་མི་དམིགས་སོ། །དེ་བཞིན་དུ་ས་དང་པོ་དམིགས་སུ་མེད་པས་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་ས་བཅུ་པའི་བར་དུ་དམིགས་སུ་མེད་པས་མི་དམིགས་སོ། །དེ་ལ་ས་བཅུ་པོ་དག་གང་ཞེ་ན། འདི་ལྟ་སྟེ། དཀར་པོ་རྣམ་པར་མཐོང་བའི་ས་དང་། རིགས་ཀྱི་ས་དང་

བརྒྱད་པའི་ས་དང་། མཐོང་བའི་ས་དང་། བསྲབས་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱ་བ་བྱས་པའི་ས་དང་། རང་སངས་རྒྱས་ཀྱི་ས་དང་། བྱང་ཆུབ་སེམས་དཔའི་ས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ཉིད་ནི་བཅུ་པའོ། །དེ་ལ་ནང་སྟོང་པ་ཉིད་ལ་

ས་དང་པོ་དམིགས་སུ་མེད་དོ། །དེ་བཞིན་དུ་གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ལྔ་པ་དང་། དྲུག་པ་དང་། བདུན་པ་དང་། བརྒྱད་པ་དང་། དགུ་པ་དང་། བཅུ་པ་དམིགས་སུ་མེད་དོ། །དེ་བཞིན་དུ་སྦྱར་ཏེ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་ས་

དང་པོ་དམིགས་སུ་མེད་པ་ནས། ཤིན་ཏུ་རྣམ་པར་དག་པའི་ཕྱིར་ས་བཅུ་པའི་བར་དུ་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ས་དང་པོ་ནི་སུས་ཀྱང་མ་དམིགས་མི་དམིགས་ཏེ། གང་གིས་ཀྱང་དམིགས་པར་མི་འགྱུར་བ་དང་། ཤིན་ཏུ་རྣམ་པར་དག་པའི་ཕྱིར་ས་བཅུ་པའི་བར་དུ་སུས་ཀྱང་མ་

དམིགས་མི་དམིགས་ལ། གང་གིས་ཀྱང་དམིགས་པར་མི་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ནང་སྟོང་པ་ཉིད་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་མི་དམིགས་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་མི་དམིགས་

เล่ม ๓๒ · หน้า 45b

སོ། །དེ་བཞིན་དུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ནང་སྟོང་པ་ཉིད་ལ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་མི་དམིགས་པ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་མི་དམིགས་སོ། །དེ་བཞིན་དུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ནང་སྟོང་

པ་ཉིད་ལ་མིག་ལྔ་མི་དམིགས་པ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་མིག་ལྔ་མི་དམིགས་སོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་ན། ཆོས་ཐམས་ཅད་མི་དམིགས་པའི་ཚུལ་གྱིས་ཐེག་པ་ཆེན་པོས་རྣམ་པ་

ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཐེག་པ་ཆེན་པོ་ཐེག་པ་ཆེན་པོ་ཞེས་བགྱི་བ་འདི་ནི་ལྷ་དང་། མི་དང་ལྷ་མ་ཡིན་དུ་བཅས་

པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་ལགས་སོ། །བཙུན་པ་བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་ལྟར་ན། ཐེག་པ་ཆེན་པོ་དེ་ནི་ནམ་མཁའ་དང་མཉམ་པ་སྟེ། དཔེར་ན་ནམ་མཁའ་ལ་ནི་འོང་བ་དང་འགྲོ་བ་དང་། གནས་པ་མི་

མངོན་ལགས་སོ། །དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལའང་འོང་བ་དང་འགྲོ་བ་དང་། གནས་པ་མི་མངོན་ལགས་སོ། །དཔེར་ན་ནམ་མཁའ་ལ་ནི་སྔོན་གྱི་མཐའ་མི་དམིགས་ཤིང་། ཕྱི་མའི་མཐའ་དང་དབུས་མི་དམིགས་ལགས་སོ། །དེ་བཞིན་དུ་ཐེག་པ་དེ་ལ་ཡང་སྔོན་གྱི་མཐའ་མི་དམིགས།

ཕྱི་མའི་མཐའ་དང་། དབུས་མི་དམིགས་ཏེ། དུས་གསུམ་ལས་ཡང་དག་པར་འདས་པས་དེའི་སླད་དུ་ཐེག་པ་དེ་ནི་ཐེག་པ་ཆེན་པོ་ཞེས་བགྱིའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ། །

ཇི་སྐད་སྨྲས་པ་བཞིན་ཏེ། ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་སྟེ། དེས་ན་ཐེག་པ་ཆེན་པོས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་དེ་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་

เล่ม ๓๒ · หน้า 46a

པ་དྲུག་གོ། །དྲུག་གང་ཞེ་ན་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐེག་པ་ཆེན་པོ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་

བར་དག་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། གཟུངས་ཀྱི་སྒོ་ཐམས་ཅད་དང་། ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་དེ་འདི་ལྟ་སྟེ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་། དེ་བཞིན་དུ་

སྦྱར་ཏེ། ནམ་མཁའ་ལྟར་ཆགས་པ་མེད་ཅིང་རྣམ་པར་གྲོལ་ལ་གོས་པ་མེད་པའི་ཏིང་ངེ་འཛིན་གྱི་བར་དག་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང་། དེ་བཞིན་དུ་སྦྱར་ཏེ། འཕགས་

པའི་ལམ་ཡན་ལག་བརྒྱད་པའི་བར་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ཡིན་ནོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ། བམ་པོ་བཅུ་གསུམ་པ། ཡང་རབ་འབྱོར་

འདི་སྐད་དུ་ཐེག་པ་དེ་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས། ངེས་པར་འབྱུང་བར་འགྱུར་ཞེས་སྨྲས་པ་ལ། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་དེ་གང་ཞེ་ན། འདི་ལྟ་སྟེ། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་

མེད་པའི་ཁམས་སོ། །རབ་འབྱོར་གལ་ཏེ་འདོད་པའི་ཁམས་དེ་བཞིན་དུ་འགྱུར་ཏེ། མ་ནོར་བ་དང་། གཞན་མ་ཡིན་པ་དང་། ཕྱིན་ཅི་མ་ལོག་པ་དང་། ཡང་དག་པ་དང་། བདེན་པ་དང་། ཇི་ལྟ་བ་བཞིན་དང་། རྟག་པ་དང་། བརྟན་པ་དང་། ཐེར་ཟུག་དང་། མི་འགྱུར་བའི་ཆོས་ཅན་

เล่ม ๓๒ · หน้า 46b

ཡིན་ལ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་རབ་མཆོག་འདི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་འདོད་པའི་ཁམས་ནི་བརྟགས་པ། རྣམ་པར་བསྒྲུབས་པ་ཚིག་གིས་བསྟན་པ་སྟེ།

མི་རྟག་མི་བརྟན་ཞིང་ཐེར་ཟུག་མ་ཡིན་ལ་འགྱུར་བའི་ཆོས་ཅན་ཡིན་ཏེ། དངོས་པོ་མེད་པའི་བར་དུ་ཡིན་པས་དེའི་ཕྱིར་ཐེག་པ་ཆེན་པོ་རབ་མཆོག་འདི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་ངོ་། །རབ་འབྱོར་དེ་བཞིན་དུ་གཟུགས་ཀྱི་ཁམས་

དང་། གཟུགས་མེད་པའི་ཁམས་ནས་དེ་བཞིན་དུ་གྱུར་ཏེ། མ་ནོར་བ་དང་། གཞན་མ་ཡིན་པ་དང་། ཕྱིན་ཅི་མ་ལོག་པ་དང་། ཡང་དག་པ་དང་། བདེན་པ་དང་། ཇི་ལྟ་བ་བཞིན་དང་། རྟག་པ་དང་། བརྟན་པ་དང་། ཐེར་ཟུག་དང་། མི་འགྱུར་བའི་ཆོས་ཅན་ཡིན་ལ། དངོས་པོ་

མེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་རབ་མཆོག་འདི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ནི་བརྟགས་པ། རྣམ་པར་བསྒྲུབས་

པ། ཚིག་གིས་བསྟན་པ་སྟེ། དེ་ཐམས་ཅད་མི་རྟག་མི་བརྟན་ཞིང་ཐེར་ཟུག་མ་ཡིན་ལ་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་ཐེག་པ་རབ་མཆོག་འདི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་ངོ་། །རབ་འབྱོར་

གལ་ཏེ་གཟུགས་དེ་བཞིན་དུ་འགྱུར་ཏེ། མ་ནོར་བ་དང་། གཞན་མ་ཡིན་པ་དང་། ཕྱིན་ཅི་མ་ལོག་པ་དང་། ཡང་དག་པ་དང་། བདེན་པ་དང་། ཇི་ལྟ་བ་བཞིན་དང་། ཐམས་ཅད་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་དང་། མི་འགྱུར་བའི་ཆོས་ཅན་ཡིན་ལ། དངོས་པོ་མེད་པ་མ་ཡིན་ན་ནི།

ཐེག་པ་ཆེན་པོ་རབ་མཆོག་འདི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་གཟུགས་ནི་བརྟགས་པ། རྣམ་པར་བསྒྲུབས་པ། ཚིག་གིས་བསྟན་པ་སྟེ། དེ་ཐམས་ཅད་མི་རྟག་མི་བརྟན་ཞིང་ཐེར་ཟུག་མ་

เล่ม ๓๒ · หน้า 47a

ཡིན་ལ་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་རབ་མཆོག་འདི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་

པར་ཤེས་པ་ལ་ཡང་གཟུགས་ལ་ཇི་ལྟར་སྦྱར་བ་བཞིན་དུ་བྱའོ། །དེ་བཞིན་དུ་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། དེ་བཞིན་དུ་གཟུགས་ཀྱི་སྐྱེ་མཆེད་དང་། སྒྲའི་སྐྱེ་མཆེད་དང་། དྲིའི་སྐྱེ་མཆེད་དང་། རོའི་སྐྱེ་མཆེད་དང་། རེག་བྱའི་སྐྱེ་མཆེད་དང་།

ཆོས་ཀྱི་སྐྱེ་མཆེད་དང་། དེ་བཞིན་དུ་མིག་གི་རྣམ་པར་ཤེས་པ་དང་། དེ་བཞིན་དུ་མིག་གི་འདུས་ཏེ་རེག་པ་ནས་ཡིད་ཀྱི་བར་དང་། དེ་བཞིན་དུ་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནས་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་བར་དུ་མ་ནོར་བ་དང་། གཞན་མ་ཡིན་

པ་དང་། ཕྱིན་ཅི་མ་ལོག་པ་དང་། ཡང་དག་པ་དང་། བདེན་པ་དང་། ཇི་ལྟ་བ་བཞིན་དང་། རྟག་པ་དང་། བརྟན་པ་དང་། ཐེར་ཟུག་དང་། མི་འགྱུར་བའི་ཆོས་ཅན་ཡིན་ལ་དངོས་པོ་མེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་ཐེག་པ་རབ་མཆོག་འདི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་

པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་བར་ནི་བརྟགས་པ། རྣམ་པར་བསྒྲུབས་པ། ཚིག་གིས་བསྟན་པ་སྟེ། དེ་ཐམས་ཅད་མི་རྟག་མི་བརྟན་ཞིང་ཐེར་ཟུག་མ་ཡིན་ལ་འགྱུར་བའི་ཆོས་

ཅན་གྱི་བར་དུ་ཡིན་ཏེ། དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་རབ་མཆོག་འདི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་རོ། །རབ་འབྱོར་གལ་ཏེ་ཆོས་ཀྱི་དབྱིངས་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་ཐེག་

པ་རབ་མཆོག་འདི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་ཆོས་ཀྱི་དབྱིངས་ནི་དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་ཐེག་པ་རབ་མཆོག་འདི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་

เล่ม ๓๒ · หน้า 47b

ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་རོ། །དེ་བཞིན་དུ་སྦྱར་ཏེ། རབ་འབྱོར་དེ་བཞིན་ཉིད་དངོས་པོ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ལ་དེ་བཞིན་དུ་ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། ཐེག་

པ་ཆེན་པོ་ཐེག་པ་རབ་མཆོག་འདི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ནི་དངོས་པོ་མེད་པས་དེའི་ཕྱིར་ཐེག་

པ་ཆེན་པོ་ཐེག་པ་རབ་མཆོག་འདི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་རོ། །རབ་འབྱོར་གལ་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་ཐེག་པ་རབ་མཆོག་འདི་ལྷ་དང་མི་དང་

ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་ཐེག་པ་རབ་མཆོག་འདི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་

ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་ཐེག་པ་རབ་མཆོག་འདི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་རོ། །རབ་འབྱོར་

དེ་བཞིན་དུ་གལ་ཏེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་

ཐེག་པ་རབ་མཆོག་འདི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་ཐེག་པ་རབ་

เล่ม ๓๒ · หน้า 48a

མཆོག་འདི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་རོ། །རབ་འབྱོར་གལ་ཏེ་ནང་སྟོང་པ་ཉིད་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། ཐེག་པ་ཆེན་

པོ་ཐེག་པ་རབ་མཆོག་འདི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་ནང་སྟོང་པ་ཉིད་ནས། དངོས་པོ་མེད་པ་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་ཐེག་པ་

རབ་མཆོག་འདི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་རོ། །རབ་འབྱོར་གལ་ཏེ་དྲན་པ་ཉེ་བར་གཞག་པ་རྣམས་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་ཐེག་པ་རབ་མཆོག་འདི་ལྷ་དང་མི་དང་ལྷ་མ་ཡིན་

དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་དྲན་པ་ཉེ་བར་གཞག་པ་རྣམས་དངོས་པོ་མེད་པས། དེའི་ཕྱིར་ཐེག་པ་ཆེན་པོ་ཐེག་པ་རབ་མཆོག་འདི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་

ནས་ངེས་པར་འབྱུང་བར་འགྱུར་རོ། །རབ་འབྱོར་གལ་ཏེ་ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། དེ་བཞིན་དུ་སྦྱར་ཏེ།

དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་ཐེག་པ་རབ་མཆོག་འདི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་

བ་ཞིག་ན། རབ་འབྱོར་གང་གི་ཕྱིར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་ཐེག་པ་རབ་མཆོག་འདི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་རོ། །རབ་འབྱོར་གལ་ཏེ་

เล่ม ๓๒ · หน้า 48b

རིགས་ཀྱི་ཆོས་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་ཐེག་པ་རབ་མཆོག་འདི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་རིགས་ཀྱི་ཆོས་དངོས་པོ་མེད་པས། དེའི་

ཕྱིར་ཐེག་པ་ཆེན་པོ་ཐེག་པ་རབ་མཆོག་འདི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་གལ་ཏེ་བརྒྱད་པའི་ཆོས་རྣམས་དང་། རྒྱུན་དུ་ཞུགས་པའི་ཆོས་རྣམས་དང་། ལན་ཅིག་ཕྱིར་འོང་བའི་ཆོས་རྣམས་

དང་། ཕྱིར་མི་འོང་བའི་ཆོས་རྣམས་དང་། དགྲ་བཅོམ་པའི་ཆོས་རྣམས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་དང་། བྱང་ཆུབ་སེམས་དཔའི་ཆོས་རྣམས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་རྣམས་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་

པོ་ཐེག་པ་རབ་མཆོག་འདི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་ཐེག་པ་རབ་མཆོག་

འདི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་རོ། །རབ་འབྱོར་གལ་ཏེ་རིགས་ཀྱི་སའི་གང་ཟག་རྣམས་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་ཐེག་པ་རབ་མཆོག་འདི་ལྷ་དང་མི་དང་ལྷ་མ་ཡིན་དུ་

བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་རིགས་ཀྱི་སའི་གང་ཟག་རྣམས་དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་ཐེག་པ་རབ་མཆོག་འདི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་

ངེས་པར་འབྱུང་བར་འགྱུར་རོ། །དེ་བཞིན་དུ་བརྒྱད་པའི་གང་ཟག་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གང་ཟག་

เล่ม ๓๒ · หน้า 49a

དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་ཐེག་པ་རབ་མཆོག་འདི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་བརྒྱད་པའི་གང་ཟག་དང་།

དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གང་ཟག་གི་བར་དུ་དངོས་པོ་མེད་པས། དེའི་ཕྱིར་ཐེག་པ་ཆེན་པོ་ཐེག་པ་རབ་མཆོག་འདི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་རོ། །རབ་འབྱོར་

གལ་ཏེ་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་ཐེག་པ་རབ་མཆོག་འདི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་

ཕྱིར་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་ཐེག་པ་རབ་མཆོག་འདི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་རོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོའི་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བར་སྐབས་དེར་སེམས་གང་དང་གང་དག་བསྐྱེད་པ་དེ་དག་ཐམས་ཅད་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་ཐེག་པ་རབ་མཆོག་འདི་ལྷ་དང་མི་

དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བར་སྐབས་དེར་སེམས་གང་དང་

གང་དག་བསྐྱེད་པ་དེ་དག་ཐམས་ཅད་དངོས་པོ་མེད་པས། དེའི་ཕྱིར་ཐེག་པ་ཆེན་པོ་ཐེག་པ་རབ་མཆོག་འདི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་རོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་

เล่ม ๓๒ · หน้า 49b

རྡོ་རྗེ་ལྟ་བུའི་ཡེ་ཤེས་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་ཐེག་པ་རབ་མཆོག་འདི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་བྱང་ཆུབ་སེམས་དཔའི་རྡོ་རྗེ་ལྟ་

བུའི་ཡེ་ཤེས་དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་ཐེག་པ་རབ་མཆོག་འདི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་རོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྡོ་རྗེ་ལྟ་བུའི་ཡེ་ཤེས་དངོས་

པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བག་ཆགས་དང་མཚམས་སྦྱོར་བ་ཐམས་ཅད་དང་། ཉོན་མོངས་པ་ཐམས་ཅད་དངོས་པོ་མེད་པར་རྟོགས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་འཐོབ་པར་མི་འགྱུར་བ་ཞིག་ན།

རབ་འབྱོར་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྡོ་རྗེ་ལྟ་བུའི་ཡེ་ཤེས་དངོས་པོ་མེད་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བག་ཆགས་དང་མཚམས་སྦྱོར་བ་ཐམས་ཅད་དང་། ཉོན་མོངས་པ་ཐམས་ཅད་དངོས་པོ་མེད་པར་རྟོགས་

ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་འཐོབ་ཅིང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་རོ། །རབ་འབྱོར་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐྱེས་བུ་

ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་གཟི་བརྗིད་དང་། དཔལ་གྱིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་

སྤ་ཞིང་མཛེས་པར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དངོས་པོ་མེད་པས། དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་

เล่ม ๓๒ · หน้า 50a

པའི་སངས་རྒྱས་རྣམས་ཀྱི་གཟི་བརྗིད་དང་དཔལ་གྱིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ལམ་མེ་ལྷན་ནེ་ལྷང་ངེའོ། །རབ་འབྱོར་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་

ཀྱི་འོད་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འོད་ཀྱིས་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་ཁྱབ་པར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་དེ་བཞིན་

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འོད་དངོས་པོ་མེད་པས། དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འོད་ཀྱིས་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་ཁྱབ་བོ། །རབ་འབྱོར་

གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གསུང་ཡན་ལག་དྲུག་ཅུ་དང་ལྡན་པ་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གསུང་ཡན་ལག་

དྲུག་ཅུ་དང་ལྡན་པའི་གསུང་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པ་དག་ཏུ་གོ་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གསུང་ཡན་ལག་དྲུག་ཅུ་དང་ལྡན་པ་དངོས་པོ་

མེད་པས་དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གསུང་ཡན་ལག་དྲུག་ཅུ་དང་ལྡན་པའི་གསུང་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པ་དག་ཏུ་གོ་བར་འགྱུར་རོ། །རབ་འབྱོར་གལ་ཏེ་དེ་བཞིན་གཤེགས་པ་དགྲ་

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྔོན་དགེ་སྦྱོང་ངམ། བྲམ་ཟེའམ། ཚངས་པ་དང་། སུས་ཀྱང་

เล่ม ๓๒ · หน้า 50b

ཞེས་བྱ་བའི་བར་གྱིས་འཇིག་རྟེན་དུ་ཆོས་དང་འཐུན་པར་མ་བསྐོར་བ་སྐོར་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་དངོས་པོ་མེད་པས་དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་

ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྔོན་དགེ་སྦྱོང་ངམ། བྲམ་ཟེའམ། ཚངས་པའམ། སུས་ཀྱང་ཞེས་བྱ་བའི་བར་གྱིས་མ་བསྐོར་བའི་ཆོས་ཀྱི་འཁོར་ལོ་བསྐོར་ཏོ། །རབ་འབྱོར་གལ་ཏེ་དེ་བཞིན་གཤེགས་པས་གང་དག་གི་ཆེད་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་

སེམས་ཅན་ཐམས་ཅད་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། དེ་བཞིན་གཤེགས་པས་སེམས་ཅན་དེ་དག་ཐམས་ཅད་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་དེ་བཞིན་

གཤེགས་པས་གང་དག་གི་ཆེད་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སེམས་ཅན་དེ་དག་ཐམས་ཅད་དངོས་པོ་མེད་པས་དེའི་ཕྱིར་སེམས་ཅན་དེ་དག་ཐམས་ཅད་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །ཡོངས་སུ་མྱ་ངན་ལས་འདའོ། །

ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །རབ་འབྱོར་གང་ཡང་འདི་སྐད་དུ་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ལགས་སོ། །ཞེས་སྨྲས་པ་ནི་རབ་འབྱོར་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཡིན་ཏེ། རབ་འབྱོར་དཔེར་

ན་ནམ་མཁའ་ལ་ནི་ཤར་ཕྱོགས་མངོན་པ་མེད་དོ། །ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་མངོན་པ་མེད། སྟེང་གི་ཕྱོགས་དང་། འོག་གི་ཕྱོགས་དང་། ཕྱོགས་མཚམས་བཞི་ཡང་མངོན་པ་མེད་དོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་ཐེག་པ་རབ་མཆོག་

དེ་ལ་ཡང་ཤར་ཕྱོགས་མངོན་པ་མེད་དོ། །ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་མངོན་པ་མེད། སྟེང་གི་ཕྱོགས་དང་། འོག་གི་ཕྱོགས་མངོན་པ་མེད་དོ། །ཕྱོགས་མཚམས་མངོན་པ་མེད་དོ། །རབ་འབྱོར་དཔེར་ན་ནམ་མཁའ་ནི་རིང་པོ་མ་ཡིན། ཐུང་ངུ་མ་

เล่ม ๓๒ · หน้า 51a

ཡིན། ལྷམ་པ་མ་ཡིན། ཟླུམ་པོ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་ཐེག་པ་རབ་མཆོག་ཀྱང་རིང་པོ་མ་ཡིན། ཐུང་ངུ་མ་ཡིན། ལྷམ་པ་མ་ཡིན། ཟླུམ་པོ་མ་ཡིན་ནོ། །རབ་འབྱོར་དཔེར་ན་ནམ་མཁའ་ནི་སྔོན་པོ་མ་ཡིན། སེར་པོ་མ་

ཡིན། དམར་པོ་མ་ཡིན། དཀར་པོ་མ་ཡིན། བཙོད་ཀ་མ་ཡིན། སེར་སྐྱ་མ་ཡིན། གསེར་ལྟ་བུ་མ་ཡིན། སྲེའོ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་དེ་ཡང་སྔོན་པོ་མ་ཡིན། སེར་པོ་མ་ཡིན། དམར་པོ་མ་ཡིན། དཀར་པོ་མ་ཡིན། བཙོད་ཀ་མ་ཡིན།

སེར་སྐྱ་མ་ཡིན། གསེར་ལྟ་བུ་མ་ཡིན། སྲེའོ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་དཔེར་ན་ནམ་མཁའ་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་

ཐེག་པ་རབ་མཆོག་དེ་ཡང་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་དཔེར་ན་ནམ་མཁའ་ལ་ནི་འགྲིབ་པ་མེད་འཕེལ་བ་མེད་ཡོངས་སུ་འབྲི་བ་དམིགས་སུ་མེད་དོ། །

རབ་འབྱོར་དེ་བཞིན་དུ་ཐེག་པ་རབ་མཆོག་དེ་ལ་ཡང་འགྲིབ་པ་མེད། འཕེལ་བ་མེད་ཡོངས་སུ་འབྲི་བ་དམིགས་སུ་མེད་དེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་དཔེར་ན་ནམ་མཁའ་ལ་ནི་སྐྱེ་བ་མེད། འགག་པ་མེད། གནས་པ་མེད།

གཞན་དུ་འགྱུར་བ་དམིགས་སུ་མེད་དོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་དེ་ལ་ཡང་སྐྱེ་བ་མེད། འགག་པ་མེད། གནས་པ་མེད། གཞན་དུ་འགྱུར་བ་དམིགས་སུ་མེད་དེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་དཔེར་ན་ནམ་མཁའ་ནི་དགེ་བ་མ་

ཡིན། མི་དགེ་བ་མ་ཡིན། ལུང་བསྟན་དུ་ཡོད་པ་མ་ཡིན། ལུང་དུ་མ་བསྟན་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་དེ་ཡང་དགེ་བ་མ་ཡིན། མི་དགེ་བ་མ་ཡིན། ལུང་བསྟན་དུ་ཡོད་པ་མ་ཡིན། ལུང་དུ་མ་བསྟན་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་

เล่ม ๓๒ · หน้า 51b

མཉམ་པ་ཞེས་བྱའོ། །རབ་འབྱོར་དཔེར་ན་ནམ་མཁའ་ནི་མཐོང་བ་མ་ཡིན། ཐོས་པ་མ་ཡིན། དྲན་པ་མ་ཡིན། རྣམ་པར་ཤེས་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་མཐོང་བ་མ་ཡིན། ཐོས་པ་མ་ཡིན། དྲན་པ་མ་ཡིན། རྣམ་པར་ཤེས་པ་མ་

ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་དཔེར་ན་ནམ་མཁའ་ནི་ཤེས་པར་བྱ་བ་མ་ཡིན། མངོན་པར་ཤེས་པར་བྱ་བ་མ་ཡིན། ཡོངས་སུ་ཤེས་པར་བྱ་བ་མ་ཡིན། སྤང་བར་བྱ་བ་མ་ཡིན། མངོན་སུམ་དུ་བྱ་བ་མ་ཡིན། བསྒོམ་པར་བྱ་བ་མ་

ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་ཤེས་པར་བྱ་བ་མ་ཡིན། མངོན་པར་ཤེས་པར་བྱ་བ་མ་ཡིན། ཡོངས་སུ་ཤེས་པར་བྱ་བ་མ་ཡིན། སྤང་བར་བྱ་བ་མ་ཡིན། མངོན་སུམ་དུ་བྱ་བ་མ་ཡིན། བསྒོམ་པར་བྱ་བ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་

མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་དཔེར་ན་ནམ་མཁའ་ནི་རྣམ་པར་སྨིན་པ་མ་ཡིན། རྣམ་པར་སྨིན་པའི་ཆོས་ཅན་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་རྣམ་པར་སྨིན་པ་མ་ཡིན། རྣམ་པར་སྨིན་པའི་ཆོས་ཅན་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་

ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་འདོད་པའི་ཁམས་སུ་གཏོགས་པ་མ་ཡིན། གཟུགས་ཀྱི་ཁམས་སུ་གཏོགས་པ་མ་ཡིན། གཟུགས་མེད་པའི་ཁམས་སུ་གཏོགས་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་འདོད་

པའི་ཁམས་སུ་གཏོགས་པ་མ་ཡིན། གཟུགས་ཀྱི་ཁམས་སུ་གཏོགས་པ་མ་ཡིན། གཟུགས་མེད་པའི་ཁམས་སུ་གཏོགས་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་འདོད་ཆགས་ཀྱི་ཆོས་ཅན་མ་

ཡིན། འདོད་ཆགས་དང་བྲལ་བའི་ཆོས་ཅན་མ་ཡིན། དེ་བཞིན་དུ་སྦྱར་ཏེ། གཏི་མུག་དང་བྲལ་བའི་བར་གྱི་ཆོས་ཅན་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་འདོད་ཆགས་ཀྱི་ཆོས་ཅན་མ་ཡིན། འདོད་ཆགས་དང་བྲལ་བའི་ཆོས་ཅན་མ་ཡིན།

เล่ม ๓๒ · หน้า 52a

དེ་བཞིན་དུ་སྦྱར་ཏེ། གཏི་མུག་དང་བྲལ་བའི་བར་གྱི་ཆོས་ཅན་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་དཔེར་ན་ནམ་མཁའ་ལ་ནི་སེམས་དང་པོ་བསྐྱེད་པ་དམིགས་སུ་མེད། གཉིས་པ་མེད། གསུམ་པ་མེད།

བཞི་པ་མེད། ལྔ་པ་མེད། དྲུག་པ་མེད། བདུན་པ་མེད། བརྒྱད་པ་མེད། དགུ་པ་མེད། སེམས་བསྐྱེད་པ་བཅུ་པ་དམིགས་སུ་མེད་དོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་ཐེག་པ་རབ་མཆོག་དེ་ཡང་སེམས་བསྐྱེད་པ་དང་པོ་དང་བཅུ་པའི་བར་དུ་དམིགས་སུ་མེད་དོ། །

དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་དཔེར་ན་ནམ་མཁའ་ལ་ནི་དཀར་པོ་རྣམ་པར་མཐོང་བའི་ས་མེད། རིགས་ཀྱི་ས་མེད། བརྒྱད་པའི་ས་མེད། མཐོང་བའི་ས་མེད། བསྲབས་པའི་ས་མེད། འདོད་ཆགས་དང་བྲལ་བའི་ས་མེད། བྱས་

པ་རྟོགས་པ་ཅན་གྱི་ས་མེད། རང་སངས་རྒྱས་ཀྱི་ས་མེད་དོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་ཐེག་པ་རབ་མཆོག་དེ་ལ་ཡང་དཀར་པོ་རྣམ་པར་མཐོང་བའི་ས་མེད། རང་སངས་རྒྱས་ཀྱི་སའི་བར་དུ་མེད་དེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །

རབ་འབྱོར་དཔེར་ན་ནམ་མཁའ་ལ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མེད་པ་ནས། རང་བྱང་ཆུབ་ཀྱི་བར་དུ་མེད་དོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་རྒྱུན་དུ་ཞུགས་པའི་འབྲས་བུ་མེད་པ་ནས། རང་བྱང་ཆུབ་ཀྱི་བར་དུ་མེད་དེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་

དང་མཉམ་པ་ཞེས་བྱའོ། །རབ་འབྱོར་དཔེར་ན་ནམ་མཁའ་ལ་ནི་ཉན་ཐོས་ཀྱི་ས་མེད། རང་སངས་རྒྱས་ཀྱི་ས་མེད། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་མེད་དོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་ཉན་ཐོས་ཀྱི་ས་མེད། རང་སངས་རྒྱས་ཀྱི་ས་མེད།

ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་མེད་དེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་དཔེར་ན་ནམ་མཁའ་ནི་གཟུགས་ཅན་མ་ཡིན། གཟུགས་ཅན་མ་ཡིན་པ་ཡང་མ་ཡིན། བསྟན་དུ་ཡོད་པ་མ་ཡིན། བསྟན་དུ་མེད་པ་ཡང་མ་ཡིན།

เล่ม ๓๒ · หน้า 52b

ཐོགས་པ་དང་བཅས་པ་མ་ཡིན། ཐོགས་པ་མེད་པ་ཡང་མ་ཡིན་ཞིང་། ཆོས་གང་དང་ཡང་ལྷན་ཅིག་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གཟུགས་ཅན་མ་ཡིན། གཟུགས་ཅན་མ་ཡིན་པ་ཡང་མ་ཡིན། བསྟན་

དུ་ཡོད་པ་མ་ཡིན། བསྟན་དུ་མེད་པ་ཡང་མ་ཡིན། ཐོགས་པ་དང་བཅས་པ་མ་ཡིན། ཐོགས་པ་མེད་པ་ཡང་མ་ཡིན་ཞིང་། ཆོས་གང་དང་ཡང་ལྷན་ཅིག་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །

རབ་འབྱོར་དཔེར་ན་ནམ་མཁའ་ནི་རྟག་པ་མ་ཡིན། མི་རྟག་པ་མ་ཡིན། བདེ་བ་མ་ཡིན། སྡུག་བསྔལ་བ་མ་ཡིན། བདག་ཡོད་པ་མ་ཡིན། བདག་མེད་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་རྟག་པ་མ་ཡིན། མི་རྟག་པ་མ་ཡིན།

བདེ་བ་མ་ཡིན། སྡུག་བསྔལ་བ་མ་ཡིན། བདག་ཡོད་པ་མ་ཡིན། བདག་མེད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་དཔེར་ན་ནམ་མཁའ་ནི་སྟོང་པ་མ་ཡིན། མི་སྟོང་པ་མ་ཡིན། མཚན་མ་ཡོད་པ་མ་

ཡིན། མཚན་མ་མེད་པ་མ་ཡིན། སྨོན་པ་ཡོད་པ་མ་ཡིན། སྨོན་པ་མེད་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་སྟོང་པ་མ་ཡིན། མི་སྟོང་པ་མ་ཡིན། མཚན་མ་ཡོད་པ་མ་ཡིན། མཚན་མ་མེད་པ་མ་ཡིན། སྨོན་པ་ཡོད་པ་མ་ཡིན། སྨོན་

པ་མེད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་དཔེར་ན་ནམ་མཁའ་ནི་ཞི་བ་མ་ཡིན། མ་ཞི་བ་ཡང་མ་ཡིན། དབེན་པ་མ་ཡིན། མི་དབེན་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་ཞི་བ་མ་ཡིན།

མ་ཞི་བ་ཡང་མ་ཡིན། དབེན་པ་མ་ཡིན། མི་དབེན་པ་ཡང་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་དཔེར་ན་ནམ་མཁའ་ནི་མུན་པ་མ་ཡིན། སྣང་བ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་མུན་པ་མ་ཡིན།

เล่ม ๓๒ · หน้า 53a

སྣང་བ་ཡང་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་དཔེར་ན་ནམ་མཁའ་ནི་དམིགས་སུ་མེད་དོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་དམིགས་སུ་མེད་ཅིང་། དམིགས་སུ་མེད་པ་ཡང་མ་ཡིན་ཏེ། དེའི་

ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་དཔེར་ན་ནམ་མཁའ་ནི་བརྗོད་དུ་ཡོད་པ་མ་ཡིན། བརྗོད་དུ་མེད་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་བརྗོད་དུ་ཡོད་པ་མ་ཡིན། བརྗོད་དུ་མེད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་

དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱ་སྟེ། རབ་འབྱོར་རྣམ་གྲངས་དེས་ན་འདི་ལྟ་སྟེ། ཐེག་པ་ཆེན་པོ་ཞེས་བྱ་བའི་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་ཡང་འདི་སྐད་ཅེས་ཇི་ལྟར་ནམ་མཁའ་ནི་སེམས་ཅན་དཔག་ཏུ་མ་མཆིས་གྲངས་མ་མཆིས་པ་དག་གི་

གོ་འབྱེད་ལགས་སོ། །དེ་བཞིན་དུ་ཐེག་པ་ཆེན་པོ་ཐེག་པ་རབ་མཆོག་དེ་ཡང་སེམས་ཅན་དཔག་ཏུ་མ་མཆིས་གྲངས་མ་མཆིས་པའི་གོ་འབྱེད་ལགས་སོ་ཞེས་སྨྲས་པ་ནི། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཡང་དག་པར་སྨྲས་སོ། །རབ་འབྱོར་དཔེར་ན་ནམ་མཁའ་

ནི་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་གི་གོ་འབྱེད་དོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་ཐེག་པ་རབ་མཆོག་དེ་ཡང་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་གི་གོ་འབྱེད་དོ། །རབ་འབྱོར་སེམས་ཅན་མེད་པའི་ཕྱིར་ནམ་མཁའ་མེད་པར་རིག་པར་བྱའོ། །

ནམ་མཁའ་མེད་པའི་ཕྱིར་ཐེག་པ་ཆེན་པོ་མེད་པར་རིག་པར་བྱའོ། །རབ་འབྱོར་རྣམ་གྲངས་དེས་ན་ཐེག་པ་ཆེན་པོ་ཐེག་པ་རབ་མཆོག་དེ་ཡང་སེམས་ཅན་དཔག་ཏུ་མེད་གྲངས་མེད་པའི་གོ་འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་སེམས་ཅན་གང་དག་ཡིན་པ་དང་། ཐེག་

པ་ཆེན་པོ་གང་ཡིན་པ་དང་། ནམ་མཁའ་གང་ཡིན་པ་དེ་དག་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་སེམས་ཅན་ཚད་མེད་པའི་ཕྱིར། ནམ་མཁའ་ཚད་མེད་པར་རིག་པར་བྱའོ། །ནམ་མཁའ་ཚད་མེད་པའི་ཕྱིར་ཡང་ཐེག་པ་ཆེན་པོ་ཚད་མེད་པར་རིག་པར་

เล่ม ๓๒ · หน้า 53b

བྱའོ། །རབ་འབྱོར་རྣམ་གྲངས་དེས་ན་ཐེག་པ་ཆེན་པོ་ཐེག་པ་རབ་མཆོག་དེ་ཡང་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་གི་གོ་འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ཅན་གང་དག་ཡིན་པ་དང་། ཐེག་པ་ཆེན་པོ་གང་ཡིན་པ་དང་། ནམ་མཁའ་གང་ཡིན་པ་དེ་

དག་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། །དེ་བཞིན་དུ་སྦྱར་ཏེ། རབ་འབྱོར་དཔེར་ན་མྱ་ངན་ལས་འདས་པའི་དབྱིངས་ཀྱི་བར་ནི། སེམས་ཅན་དཔག་ཏུ་མེད་གྲངས་མེད་ཚད་མེད་པ་དག་གི་གོ་འབྱེད་དོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་ཐེག་པ་རབ་མཆོག་དེ་ཡང་

སེམས་ཅན་དཔག་ཏུ་མེད་གྲངས་མེད་ཚད་མེད་པ་དག་གི་གོ་འབྱེད་དོ། །རབ་འབྱོར་རྣམ་གྲངས་དེས་ན། ཐེག་པ་ཆེན་པོ་ཐེག་པ་རབ་མཆོག་དེ་ནི་སེམས་ཅན་དཔག་ཏུ་མེད་གྲངས་མེད་ཚད་མེད་པ་དག་གི་གོ་འབྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ལས། ནམ་མཁའ་ལྟ་བུ་

ཞེས་བྱ་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།ཡང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་གང་ཡང་འདི་སྐད་ཅེས་ཐེག་པ་ཆེན་པོ་དེ་ལ་ནི་འོང་བ་ཡང་མི་གདའ། འགྲོ་བ་ཡང་མི་གདའ། གནས་པ་ཡང་མི་གདའ་ལགས་

སོ་ཞེས་སྨྲས་པ་ནི། རབ་འབྱོར་དེ་དེ་བཞིན་ཏེ། ཡང་དག་པར་སྨྲས་སོ། །རབ་འབྱོར་ཐེག་པ་ཆེན་པོ་ཐེག་པ་རབ་མཆོག་དེ་ལ་ནི་འོང་བ་ཡང་མི་སྣང་། འགྲོ་བ་དང་གནས་པ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་གཡོ་བ་མེད་དེ། དེའི་ཕྱིར་གང་

ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་གཟུགས་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་ཅིང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་

དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་གང་ནས་ཀྱང་འོང་བ་མེད་གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་པ་དང་། རབ་འབྱོར་གཟུགས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་པ་དང་། དེ་བཞིན་

เล่ม ๓๒ · หน้า 54a

དུ་གཟུགས་ཀྱི་དེ་བཞིན་ཉིད་དང་། གཟུགས་ཀྱི་ངོ་བོ་ཉིད་དང་། གཟུགས་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་པ་དང་། རབ་འབྱོར་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་

རྣམས་དང་། རྣམ་པར་ཤེས་པའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་པ་དང་། རབ་འབྱོར་ཚོར་བའི་དེ་བཞིན་ཉིད་དང་། ཚོར་བའི་ངོ་བོ་ཉིད་དང་། ཚོར་བའི་ངོ་བོ་ཉིད་ཀྱི་མཚན་ཉིད་དང་། འདུ་ཤེས་དང་། འདུ་བྱེད་

རྣམས་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་དང་། རྣམ་པར་ཤེས་པའི་ངོ་བོ་ཉིད་དང་། རྣམ་པར་ཤེས་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་པ་དང་། རབ་འབྱོར་མིག་དང་། མིག་གི་རང་བཞིན་

དང་། མིག་གི་དེ་བཞིན་ཉིད་དང་། མིག་གི་ངོ་བོ་ཉིད་དང་། མིག་གི་ངོ་བོ་ཉིད་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་པ་དང་། དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། ཡིད་ཀྱི་རང་བཞིན་

དང་། ཡིད་ཀྱི་དེ་བཞིན་ཉིད་དང་། ཡིད་ཀྱི་ངོ་བོ་ཉིད་དང་། ཡིད་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་པ་དང་། རབ་འབྱོར་སའི་ཁམས་དང་། སའི་ཁམས་ཀྱི་རང་བཞིན་དང་། སའི་ཁམས་ཀྱི་དེ་

བཞིན་ཉིད་དང་། སའི་ཁམས་ཀྱི་ངོ་བོ་ཉིད་དང་། སའི་ཁམས་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་པ་དང་། དེ་བཞིན་དུ་ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་

ཁམས་དང་། རྣམ་པར་ཤེས་པའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ཀྱི་རང་བཞིན་དང་། རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་དང་། རྣམ་པར་ཤེས་པའི་ཁམས་ཀྱི་ངོ་བོ་ཉིད་དང་། རྣམ་པར་ཤེས་པའི་ཁམས་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་

เล่ม ๓๒ · หน้า 54b

མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་པ་དང་། རབ་འབྱོར་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་པ་དང་། རབ་འབྱོར་དེ་བཞིན་ཉིད་ཀྱི་རང་བཞིན་དང་། དེ་བཞིན་ཉིད་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་

ཉིད་ཀྱི་ངོ་བོ་ཉིད་དང་། དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་པ་དང་། རབ་འབྱོར་ཡང་དག་པའི་མཐའ་དང་། ཡང་དག་པའི་མཐའི་རང་བཞིན་དང་། ཡང་དག་པའི་མཐའི་དེ་བཞིན་ཉིད་དང་།

ཡང་དག་པའི་མཐའི་ངོ་བོ་ཉིད་དང་། ཡང་དག་པའི་མཐའི་ངོ་བོ་ཉིད་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་པ་དང་། རབ་འབྱོར་བསམ་གྱིས་མི་ཁྱབ་པའི་དབྱིངས་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱི་རང་བཞིན་

དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱི་དེ་བཞིན་ཉིད་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱི་ངོ་བོ་ཉིད་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་པ་དང་། རབ་

འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་

འགྲོ་བ་མེད། གང་ན་ཡང་གནས་པ་མེད་པ་དང་། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་

เล่ม ๓๒ · หน้า 55a

འགྲོ་བ་མེད། གང་ན་ཡང་གནས་པ་མེད་པ་དང་། རབ་འབྱོར་དེ་བཞིན་དུ་སྦྱར་ཏེ། དྲན་པ་ཉེ་བར་གཞག་པ་རྣམས་དང་། དྲན་པ་ཉེ་བར་གཞག་པའི་རང་བཞིན་དང་། དྲན་པ་ཉེ་བར་གཞག་པའི་དེ་བཞིན་ཉིད་དང་། དྲན་པ་ཉེ་བར་གཞག་པའི་ངོ་བོ་ཉིད་དང་།

དྲན་པ་ཉེ་བར་གཞག་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་པ་དང་། དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་གོང་མ་བཞིན་དུ་རྒྱ་ཆེར་སྦྱར་བར་བྱའོ། །རབ་འབྱོར་བྱང་ཆུབ་དང་།

བྱང་ཆུབ་ཀྱི་རང་བཞིན་དང་། བྱང་ཆུབ་ཀྱི་དེ་བཞིན་ཉིད་དང་། བྱང་ཆུབ་ཀྱི་ངོ་བོ་ཉིད་དང་། བྱང་ཆུབ་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་པ་དང་། རབ་འབྱོར་སངས་རྒྱས་དང་། སངས་རྒྱས་ཀྱི་རང་བཞིན་

དང་། སངས་རྒྱས་ཀྱི་དེ་བཞིན་ཉིད་དང་། སངས་རྒྱས་ཀྱི་ངོ་བོ་ཉིད་དང་། སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་པ་དང་། རབ་འབྱོར་འདུས་བྱས་ཀྱི་ཁམས་དང་། འདུས་བྱས་ཀྱི་ཁམས་

ཀྱི་རང་བཞིན་དང་། འདུས་བྱས་ཀྱི་ཁམས་ཀྱི་དེ་བཞིན་ཉིད་དང་། འདུས་བྱས་ཀྱི་ཁམས་ཀྱི་ངོ་བོ་ཉིད་དང་། འདུས་བྱས་ཀྱི་ཁམས་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་པའི་ཕྱིར་རོ། །རབ་འབྱོར་གང་

ཡང་འདི་སྐད་དུ་ཐེག་པ་དེ་ལ་ནི་སྔོན་གྱི་མཐའ་ཡང་མི་དམིགས། ཕྱི་མའི་མཐའ་ཡང་མི་དམིགས། དབུས་ཀྱང་མི་དམིགས་ཏེ། ཐེག་པ་དེ་ནི་དུས་གསུམ་མཉམ་པ་ཉིད་དུ་ཡང་དག་པར་གནས་པས་དེའི་ཕྱིར་ཐེག་པ་དེ་ནི་ཐེག་པ་ཆེན་པོ་ཞེས་བགྱིའོ། །ཞེས་སྨྲས་པ་ནི། རབ་འབྱོར་

དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་བཞིན་ནོ། །ཐེག་པ་ཆེན་པོ་དེ་ལ་ནི་སྔོན་གྱི་མཐའ་ཡང་མི་དམིགས། ཕྱི་མའི་མཐའ་ཡང་མི་དམིགས། དབུས་ཀྱང་མི་དམིགས་ཏེ། ཐེག་པ་དེ་ནི་དུས་གསུམ་མཉམ་པ་ཉིད་དུ་རྣམ་པར་གནས་པས་དེའི་ཕྱིར་ཐེག་པ་དེ་ནི་ཐེག་པ་ཆེན་

เล่ม ๓๒ · หน้า 55b

པོ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་འདས་པའི་དུས་ནི་འདས་པའི་དུས་ཀྱིས་སྟོང་། མ་འོངས་པའི་དུས་ནི་མ་འོངས་པའི་དུས་ཀྱིས་སྟོང་། ད་ལྟར་བྱུང་བའི་དུས་ནི་ད་ལྟར་བྱུང་བའི་དུས་ཀྱིས་སྟོང་། དུས་གསུམ་མཉམ་པ་ཉིད་ནི་དུས་གསུམ་མཉམ་པ་ཉིད་ཀྱིས་

སྟོང་། ཐེག་པ་ཆེན་པོ་ནི་ཐེག་པ་ཆེན་པོས་སྟོང་། བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་པའི་ཕྱིར་རོ། །རབ་འབྱོར་སྟོང་པ་ཉིད་ནི་གཅིག་མ་ཡིན། གཉིས་མ་ཡིན། གསུམ་མ་ཡིན། བཞི་མ་ཡིན། ལྔ་མ་ཡིན་ཞིང་། ཐ་དད་པ་ཡང་མེད་དོ། །རབ་འབྱོར་དེ་ནི་བྱང་

ཆུབ་སེམས་དཔའ་རྣམས་ཀྱི་དུས་གསུམ་མཉམ་པ་ཉིད་ཀྱི་ཐེག་པ་ཡིན་ཏེ། དེ་ལ་ནི་མཉམ་པ་དང་མི་མཉམ་པ་མི་དམིགས་སོ། །འདོད་ཆགས་དང་འདོད་ཆགས་དང་བྲལ་བ་མི་དམིགས་སོ། །ཞེ་སྡང་དང་ཞེ་སྡང་དང་བྲལ་བ་མི་དམིགས་སོ། །གཏི་མུག་དང་གཏི་མུག་དང་

བྲལ་བ་དང་། ང་རྒྱལ་ཡང་མི་དམིགས་སོ། །དེ་བཞིན་དུ་སྦྱར་ཏེ། དགེ་བའི་ཆོས་རྣམས་དང་། མི་དགེ་བའི་ཆོས་རྣམས་དང་། ལུང་དུ་བསྟན་པ་རྣམས་དང་། ལུང་དུ་མ་བསྟན་པ་རྣམས་ཀྱང་མི་དམིགས་སོ། །རྟག་པ་དང་མི་རྟག་པ་ཡང་མི་དམིགས་སོ། །བདེ་བ་

དང་། སྡུག་བསྔལ་དང་། སྡུག་བསྔལ་བ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་ཡང་མི་དམིགས་སོ། །དེ་ལ་ནི་བདག་དང་བདག་མེད་པ་ཡང་མི་དམིགས་སོ། །དེ་ལ་ནི་འདོད་པའི་ཁམས་མི་དམིགས་སོ། །གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་མི་

དམིགས་སོ། །འདོད་པའི་ཁམས་ལས་ཡང་དག་པར་འདའ་བ་མི་དམིགས་སོ། །གཟུགས་ཀྱི་ཁམས་ལས་ཡང་དག་པར་འདའ་བ་དང་། གཟུགས་མེད་པའི་ཁམས་ལས་ཡང་དག་པར་འདའ་བ་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དངོས་པོ་མེད་པ་ནི་དམིགས་སུ་

མེད་པའི་ཕྱིར་ཏེ། རབ་འབྱོར་འདས་པའི་གཟུགས་ནི་འདས་པའི་གཟུགས་ཀྱིས་སྟོང་། མ་འོངས་པའི་གཟུགས་ནི་མ་འོངས་པའི་གཟུགས་ཀྱིས་སྟོང་། ད་ལྟར་བྱུང་བའི་གཟུགས་ནི་ད་ལྟར་བྱུང་བའི་གཟུགས་ཀྱིས་སྟོང་ངོ་། །དེ་བཞིན་དུ་འདས་པའི་ཚོར་བ་དང་། འདུ་ཤེས་དང་།

เล่ม ๓๒ · หน้า 56a

འདུ་བྱེད་རྣམས་དང་། འདས་པའི་རྣམ་པར་ཤེས་པ་ནི་འདས་པའི་རྣམ་པར་ཤེས་པས་སྟོང་། མ་འོངས་པའི་རྣམ་པར་ཤེས་པ་ནི་མ་འོངས་པའི་རྣམ་པར་ཤེས་པས་སྟོང་། ད་ལྟར་བྱུང་བའི་རྣམ་པར་ཤེས་པ་ནི་ད་ལྟར་བྱུང་བའི་རྣམ་པར་ཤེས་པས་སྟོང་པའི་ཕྱིར་ཏེ།

རབ་འབྱོར་སྟོང་པ་ཉིད་ལ་ནི་འདས་པའི་གཟུགས་དམིགས་སུ་མེད་དེ། འདས་པ་ཉིད་སྟོང་པ་ཉིད་ཡིན་ལ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཡིན་པས་དམིགས་སུ་མེད་ན། སྟོང་པ་ཉིད་ལ་འདས་པའི་གཟུགས་དམིགས་པར་ལྟ་ག་ལ་འགྱུར། སྟོང་པ་ཉིད་ལ་ནི་མ་འོངས་པ་དང་། ད་ལྟར་

བྱུང་བའི་གཟུགས་དམིགས་སུ་མེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཡིན་པས་དམིགས་སུ་མེད་ན། སྟོང་པ་ཉིད་ལ་མ་འོངས་པ་དང་། ད་ལྟར་བྱུང་བའི་གཟུགས་དམིགས་པར་ལྟ་ག་ལ་འགྱུར། སྟོང་པ་ཉིད་ལ་ནི་འདས་པའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་

དང་། རྣམ་པར་ཤེས་པ་དམིགས་སུ་མེད་དོ། །སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཡིན་པས་དམིགས་སུ་མེད་ན། སྟོང་པ་ཉིད་ལ་འདས་པའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དམིགས་པར་ལྟ་ག་ལ་འགྱུར། སྟོང་པ་ཉིད་ལ་ནི་མ་འོངས་

པ་དང་། ད་ལྟར་བྱུང་བའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དམིགས་སུ་མེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཡིན་པས་དམིགས་སུ་མེད་ན། སྟོང་པ་ཉིད་ལ་མ་འོངས་པ་དང་། ད་ལྟར་བྱུང་བའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་

རྣམས་དང་། རྣམ་པར་ཤེས་པ་དམིགས་པར་ལྟ་ག་ལ་འགྱུར། རབ་འབྱོར་དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྔོན་གྱི་མཐར་མི་དམིགས་སོ། །དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཕྱི་མའི་མཐའ་དང་། ད་ལྟར་བྱུང་བར་མི་དམིགས་སོ། །རབ་འབྱོར་སྦྱིན་པའི་ཕ་རོལ་

ཏུ་ཕྱིན་པ་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་ཏེ། རབ་འབྱོར་ཆོས་མཉམ་པ་ཉིད་ལ་ནི་འདས་པའི་དུས་མི་དམིགས་སོ། །མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་མི་དམིགས་སོ། །རབ་འབྱོར་རེ་ཞིག་མཉམ་པ་ཉིད་ལ་ནི་མཉམ་པ་ཉིད་ཀྱང་དམིགས་སུ་མེད་ན། མཉམ་པ་ཉིད་

เล่ม ๓๒ · หน้า 56b

ལ་འདས་པའི་དུས་དམིགས་པར་ལྟ་ག་ལ་འགྱུར། དེ་བཞིན་དུ་མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་དམིགས་པར་ལྟ་ག་ལ་འགྱུར། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་

གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་ཇི་སྐད་བསྟན་པ་དེ་བཞིན་དུ་རྒྱ་ཆེར་སྦྱར་བར་བྱའོ། །རབ་འབྱོར་གཞན་ཡང་དྲན་པ་ཉེ་བར་གཞག་པ་རྣམས་ནི་སྔོན་གྱི་མཐར་མི་དམིགས་སོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་

རྣམས་ནི་ཕྱི་མའི་མཐའ་དང་། ད་ལྟར་བྱུང་བར་མི་དམིགས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་སོ། །དེ་བཞིན་དུ་སྦྱར་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་ནི་སྔོན་གྱི་མཐར་མི་དམིགས་སོ། །དེ་བཞིན་དུ་འཕགས་

པའི་ལམ་ཡན་ལག་བརྒྱད་པ་ནི་ཕྱི་མའི་མཐའ་དང་། ད་ལྟར་བྱུང་བར་མི་དམིགས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་སྔོན་གྱི་མཐར་མི་དམིགས་སོ། །

དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་ཕྱི་མའི་མཐའ་དང་། ད་ལྟར་བྱུང་བར་མི་དམིགས་སོ། །དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་སྔོན་གྱི་མཐར་མི་དམིགས་སོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ནི་ཕྱི་མའི་

མཐའ་དང་། ད་ལྟར་བྱུང་བར་མི་དམིགས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་སོ། །རབ་འབྱོར་གཞན་ཡང་སོ་སོའི་སྐྱེ་བོ་ནི་སྔོན་གྱི་མཐར་མི་དམིགས་སོ། །དེ་བཞིན་དུ་སོ་སོའི་སྐྱེ་བོ་ནི་ཕྱི་མའི་མཐའ་དང་། ད་ལྟར་བྱུང་

བར་མི་དམིགས་སོ། །སོ་སོའི་སྐྱེ་བོ་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་སྦྱར་ཏེ། ཉན་ཐོས་ནི་སྔོན་གྱི་མཐར་མི་དམིགས་སོ། །ཉན་ཐོས་ནི་ཕྱི་མའི་མཐར་མི་དམིགས་སོ། །ཉན་

เล่ม ๓๒ · หน้า 57a

ཐོས་ནི་ད་ལྟར་བྱུང་བར་མི་དམིགས་སོ། །དེ་བཞིན་དུ་ཉན་ཐོས་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་ཉན་ཐོས་དང་། རང་སངས་རྒྱས་དང་། དེ་བཞིན་དུ་བྱང་ཆུབ་

སེམས་དཔའ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་སྔོན་གྱི་མཐར་མི་དམིགས་སོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དག་ནི་ཕྱི་མའི་མཐའ་དང་། ད་ལྟར་བྱུང་བར་མི་དམིགས་སོ། །

དེ་བཞིན་དུ་དེ་བཞིན་གཤེགས་པའི་བར་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས།

དུས་གསུམ་པོ་དག་ལ་བསླབས་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དུས་གསུམ་མཉམ་པ་ཉིད་ཅེས་བྱ་བའི་ཐེག་པ་ཆེན་པོ་ཡིན་ཏེ། དེ་ལ་གནས་ནས་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་ངོ་།། །།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ། བམ་པོ་བཅུ་བཞི་པ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་

ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐེག་པ་ཆེན་པོ་ཡང་དག་པར་བཀའ་སྩལ་པ་ནི་ལེགས་སོ་ལེགས་སོ། །བཙུན་པ་བཅོམ་ལྡན་འདས་འདས་པའི་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་ཐེག་པ་རབ་མཆོག་འདི་ཉིད་ལ་བསླབས་པ་རྣམས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་མ་འོངས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་ཐེག་པ་ཆེན་པོ་ཐེག་པ་རབ་མཆོག་འདི་ཉིད་ལ་བསླབས་

เล่ม ๓๒ · หน้า 57b

ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་འཐོབ་པར་འགྱུར་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མ་མཆིས་པ་གང་དག་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས་ཚད་

མ་མཆིས་པ་དག་ན་མཆིས་པ་དེ་དག་ཀྱང་ཐེག་པ་ཆེན་པོ་ཐེག་པ་རབ་མཆོག་འདི་ལ་བསླབས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་འཐོབ་ལགས་ཏེ། བཙུན་པ་བཅོམ་ལྡན་འདས་དེའི་སླད་དུ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐེག་པ་ཆེན་པོ་ལགས་

སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ཏེ། རབ་འབྱོར་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་བཞིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདས་པ་རྣམས་

ཀྱིས་ཐེག་པ་ཆེན་པོ་འདི་ཉིད་ལ་བསླབས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་བོ། །གང་དག་མ་འོངས་པའི་དུས་ན་འབྱུང་བར་འགྱུར་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཀྱང་ཐེག་པ་ཆེན་པོ་འདི་ཉིད་ལ་བསླབས་ནས་

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་འཐོབ་པར་འགྱུར་རོ། །ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་ཚད་མེད་པ་དག་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔག་ཏུ་མེད་པ་གང་དག་འཚོ་ཞིང་བཞུགས་པ་དེ་དག་

ཀྱང་ཐེག་པ་ཆེན་པོ་འདི་ཉིད་ལ་བསླབས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་བོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་སྤྱོད་པ་ན། ཆོས་འདི་དག་ལ་ནི་ཇི་ལྟར་ཉེ་བར་རྟོག་པར་བྱེད། ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གང་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ཡིན། ཉེ་བར་རྟོག་པ་ནི་གང་ཡིན། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด