འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ
ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་ད་ཤ་སཱ་ཧ་སྲི་ཀཱ་པྲཛྙཱ་པཱར་མི་ཏཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๓๒ · หน้า 58a
འབྱོར་གྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གང་ཡང་འདི་སྐད་དུ་བྱང་ཆུབ་སེམས་དཔའ་ནི་གང་ཡིན་ཞེས་ཟེར་བ་ནི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །བྱང་ཆུབ་དེས་
ཀྱང་ཆོས་ཐམས་ཅད་ཀྱི་རྣམ་པ་ཤེས་ཏེ། ཆོས་དེ་དག་ལ་མངོན་པར་ཞེན་པ་ཡང་མེད་དོ། །སྨྲས་པ། ཆོས་ཐམས་ཅད་ཀྱི་རྣམ་པ་ཤེས་ཏེ། ཆོས་དེ་དག་ལ་ཡང་མངོན་པར་ཞེན་པ་མེད་པ་དེ་དག་གང་ཡིན། སྨྲས་པ། གཟུགས་ཀྱི་རྣམ་པ་ཤེས་ཏེ། དེ་ལ་ཡང་མངོན་པར་ཞེན་པ་མེད་
དོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་རྣམ་པ་ཤེས་ཏེ། དེ་ལ་ཡང་མངོན་པར་ཞེན་པ་མེད་དོ། །དེ་ལྟར་གོང་མ་བཞིན་དུ་སྦྱར་ཏེ། སྐྱེ་མཆེད་ཀྱི་བར་གྱི་རྣམ་པ་ཤེས་ཏེ། དེ་དག་ལ་ཡང་མངོན་པར་ཞེན་པ་མེད་དོ། །དེ་བཞིན་
དུ་ཁམས་རྣམས་ཀྱི་རྣམ་པ་ཤེས་ཏེ། དེ་དག་ལ་ཡང་མངོན་པར་ཞེན་པ་མེད་དོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་རྣམ་པ་ཤེས་ཏེ། དེ་དག་ལ་ཡང་མངོན་པར་ཞེན་པ་མེད་དོ། །དེ་བཞིན་དུ་སྦྱར་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དང་། དེ་བཞིན་དུ་
དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་གི་རྣམ་པ་ཤེས་ཏེ། དེ་དག་ལ་ཡང་མངོན་པར་ཞེན་པ་མེད་དོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་
ཅད་ཀྱི་རྣམ་པ་ཤེས་ཏེ། དེ་དག་ལ་ཡང་མངོན་པར་ཞེན་པ་མེད་པ་གང་ཡིན། སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་པ་གང་དག་དང་། རྟགས་གང་དག་དང་། མཚན་མ་གང་དག་གིས་ཆོས་རྣམས་འཛིན་པ་སྟེ། འདི་ལྟ་སྟེ། གཟུགས་རྣམས་སམ། སྒྲ་རྣམས་སམ།
དྲི་རྣམས་སམ། རོ་རྣམས་སམ། རེག་རྣམས་སམ། ཆོས་རྣམས་སམ། ཕྱི་དང་ནང་གི་ཆོས་རྣམས་ཀྱི་བར་དག་གིས་འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་འཛིན་པ་སྟེ། རྣམ་པ་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གང་ཡང་འདི་
เล่ม ๓๒ · หน้า 58b
སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་གང་ཡིན་ཞེས་ཟེར་བ་ནི། བློ་གྲོས་དེ་རིང་དུ་སོང་བ་ཡིན་ཏེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞེས་བྱའོ། །སྨྲས་པ། གང་ལས་རིང་དུ་སོང་བ་ཡིན། སྨྲས་པ། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། ཕུང་པོ་རྣམས་དང་། ཁམས་རྣམས་
དང་། སྐྱེ་མཆེད་རྣམས་ལས་རིང་དུ་སོང་། ཉོན་མོངས་པ་ཐམས་ཅད་དང་། ལྟ་བར་གྱུར་པ་རྣམས་ལས་རིང་དུ་སོང་། འགྲོ་བ་དྲུག་པོ་དག་ལས་རིང་དུ་སོང་སྟེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་དང་།
བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་རིང་དུ་སོང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་རིང་དུ་སོང་སྟེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་བཞིན་དུ་ནང་སྟོང་པ་ཉིད་ལས་རིང་དུ་སོང་ཞིང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་
ཀྱི་བར་ལས་རིང་དུ་སོང་སྟེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དྲན་པ་ཉེ་བར་གཞག་པ་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་
བར་དག་ལས་རིང་དུ་སོང་སྟེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཐམས་ཅད་ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་རིང་དུ་སོང་སྟེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་
བུ་རྣམ་གྲངས་དེས་ན། དེ་ནི་རིང་དུ་སོང་བ་ཡིན་ཏེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གང་ཡང་འདི་སྐད་དུ་ཉེ་བར་རྟོག་པ་དེ་ནི་གང་ཡིན་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། གཟུགས་བདེ་ཞེས་བྱ་བར་ཉེ་བར་མི་རྟོག་གོ། །གཟུགས་སྡུག་བསྔལ་བ་དང་། སྡུག་བསྔལ་བ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་དང་། རྟག་པ་དང་མི་རྟག་པ་ཞེས་བྱ་བར་ཉེ་བར་མི་རྟོག་གོ། །དེ་ལྟར་གོང་མ་བཞིན་དུ་སྦྱར་ཏེ། གཟུགས་བདག་
เล่ม ๓๒ · หน้า 59a
དང་། བདག་མེད་པ་དང་། སྟོང་པ་དང་། མི་སྟོང་པ་དང་། མཚན་མ་ཡོད་པ་དང་། མཚན་མ་མེད་པ་དང་། སྨོན་པ་ཡོད་པ་དང་། སྨོན་པ་མེད་པ་དང་། ཞི་བ་དང་། མ་ཞི་བ་དང་། དབེན་པ་དང་། མི་དབེན་ཞེས་བྱ་བའི་བར་དུ་ཉེ་བར་མི་རྟོག་གོ། །དེ་བཞིན་དུ་
ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བདག་ཏུ་ཉེ་བར་མི་རྟོག་པ་ནས་དེ་བཞིན་དུ་སྦྱར་ཏེ། དབེན་པ་དང་། མི་དབེན་ཞེས་བྱ་བའི་བར་དུ་ཉེ་བར་མི་རྟོག་གོ། །དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་སྦྱར་བར་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པའི་བར་ལ་ཡང་སྦྱར་བར་བྱའོ། །དེ་བཞིན་དུ་ནང་སྟོང་པ་ཉིད་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་ཡང་སྦྱར་བར་བྱའོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དང་། དེ་བཞིན་གཤེགས་པའི་
སྟོབས་བཅུ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ལ་ཡང་སྦྱར་བར་བྱའོ། །དེ་བཞིན་དུ་ཆོས་ཐམས་ཅད་ལ་ཡང་སྦྱར་བར་བྱ་བ་ནས་དེ་བཞིན་དུ་ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །དེ་བཞིན་དུ་རྣམ་
པ་ཐམས་ཅད་མཁྱེན་པ་ཉིད་རྟག་པ་དང་། མི་རྟག་པ་དང་། དེ་བཞིན་དུ་བདེ་བ་དང་། སྡུག་བསྔལ་བ་དང་། སྡུག་བསྔལ་བ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་དང་། བདག་དང་བདག་མེད་པ་དང་། སྟོང་པ་དང་། མི་སྟོང་པ་དང་། མཚན་མ་ཡོད་པ་དང་། མཚན་མ་མེད་པ་དང་།
སྨོན་པ་ཡོད་པ་དང་། སྨོན་པ་མེད་པ་དང་། ཞི་བ་དང་། མ་ཞི་བ་དང་། དབེན་པ་དང་། མི་དབེན་པ་ཞེས་བྱ་བའི་བར་དུ་མི་རྟོག་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། དེ་ལྟར་ཆོས་ཐམས་ཅད་ལ་ཉེ་བར་རྟོག་
པར་བྱེད་དོ། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་འདི་སྐད་དུ་གཟུགས་ཀྱི་སྐྱེ་བ་མ་མཆིས་པ་གང་ལགས་པ་དེ་གཟུགས་མ་ལགས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་
เล่ม ๓๒ · หน้า 59b
དང་། རྣམ་པར་ཤེས་པའི་སྐྱེ་བ་མ་མཆིས་པ་གང་ལགས་པ་དེ་ནི་རྣམ་པར་ཤེས་པ་མ་ལགས་སོ། །དེ་བཞིན་དུ་ཅིའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་སྐྱེ་བ་མ་མཆིས་པ་གང་ལགས་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ལགས་ཞེས་སྨྲ། དེ་སྐད་ཅེས་སྨྲས་པ་དང་། ཚེ་
དང་ལྡན་པ་རབ་འབྱོར་གྱིས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཟུགས་ནི་གཟུགས་ཀྱིས་སྟོང་ངོ་། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ཏེ། གཟུགས་ནི་སྐྱེ་བ་མེད་དོ། །ཚེ་དང་ལྡན་
པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། གཟུགས་ཀྱི་སྐྱེ་བ་མེད་པ་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང་ངོ་། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་སྟོང་པ་ཉིད་གང་ཡིན་པ་དེ་ནི་
རྣམ་པར་ཤེས་པ་མ་ཡིན་ཏེ། རྣམ་པར་ཤེས་པ་ནི་སྐྱེ་བ་མེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་སྐྱེ་བ་མེད་པ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་
བུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ་། །སྟོང་པ་ཉིད་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ཏེ་སྐྱེ་བ་མེད་དོ། །དེ་ལྟར་གོང་མ་བཞིན་དུ་སྦྱར་ཏེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་
ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ་། །སྟོང་པ་ཉིད་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་མ་ཡིན་ཏེ་སྐྱེ་བ་མེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་
ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བ་མེད་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །དེ་ལྟར་གོང་མ་བཞིན་དུ་སྦྱར་ཏེ། ནང་སྟོང་པ་ཉིད་ལ་ཡང་རྒྱ་ཆེར་སྦྱར་བར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན་གཟུགས་ཀྱི་སྐྱེ་བ་མེད་པ་གང་ཡིན་པ་དེ་ནི་
เล่ม ๓๒ · หน้า 60a
གཟུགས་མ་ཡིན་ཏེ་སྐྱེ་བ་ཡང་མེད་དོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་སྐྱེ་བ་མེད་པ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་མ་ཡིན་ཏེ། སྐྱེ་བ་ཡང་མེད་དོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་
བར་གྱི་སྐྱེ་བ་མེད་པ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ཏེ་སྐྱེ་བ་ཡང་མེད་དོ། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་འདི་སྐད་དུ་གཟུགས་ཀྱི་འགྲིབ་པ་མེད་པ་
གང་ཡིན་པ་དེ་ནི་གཟུགས་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་འགྲིབ་པ་མེད་པ་གང་ཡིན་པ་དེ་ནི། རྣམ་པར་ཤེས་པ་མ་ཡིན་པ་ནས། དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་འགྲིབ་པ་མེད་པ་
གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ཞེས་སྨྲ། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་འགྲིབ་པ་མེད་པ་གང་ཡིན་པ་དང་། གཟུགས་གང་ཡིན་པ་དང་། གཉིས་
སུ་དབྱེར་མེད་པ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ཞིང་། གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ་སྟེ། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཡིན་ནོ། །དེ་བཞིན་དུ་འགྲིབ་པ་མེད་པ་གང་ཡིན་པ་དང་།
ཚོར་བ་གང་ཡིན་པ་དང་། འདུ་ཤེས་གང་ཡིན་པ་དང་། འདུ་བྱེད་རྣམས་གང་ཡིན་པ་དང་། རྣམ་པར་ཤེས་པ་གང་ཡིན་པ་དང་། གཉིས་སུ་དབྱེར་མེད་པ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ཞིང་། གཟུགས་མེད་པ་བསྟན་དུ་མེད་
པ་ཐོགས་པ་མེད་པ་སྟེ། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ། ཕུང་པོ་རྣམས་ཀྱི་སྐབས་སུ་ཇི་སྐད་བསྟན་པ་དེ་ཁོ་ན་བཞིན་དུ་ཁམས་དང་། སྐྱེ་མཆེད་དག་ལ་ཡང་སྦྱར་བར་བྱའོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་
เล่ม ๓๒ · หน้า 60b
ཡང་རྒྱ་ཆེར་སྦྱར་བར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། གཟུགས་ཀྱི་འགྲིབ་པ་མེད་པ་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་འགྲིབ་པ་མེད་པ་གང་ཡིན་པ་དེ་ནི་རྣམ་པར་
ཤེས་པ་མ་ཡིན་ནོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་འགྲིབ་པ་མེད་པ་གང་ཡིན་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ནོ། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །
ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་འདི་སྐད་དུ་གཟུགས་ཞེས་བགྱི་བ་གང་ལགས་པ་དེ་ནི། འགྲིབ་པ་མ་མཆིས་པའི་གྲངས་སུ་བགྱིས་པ་ལགས་སོ། །དེ་བཞིན་དུ་ཚོར་བ་ཞེས་བགྱི་བ་གང་ལགས་པ་དེ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཞེས་བགྱི་བ་
གང་ལགས་པ་དེ་ནི། འགྲིབ་པ་མ་མཆིས་པའི་གྲངས་སུ་བགྱི་བ་ལགས་སོ། །དེ་ལྟར་གོང་མ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བགྱི་བའི་བར་གང་ལགས་པ་དེ་ནི་འགྲིབ་པ་མ་མཆིས་པའི་གྲངས་སུ་བགྱིས་པ་ལགས་སོ་ཞེས་སྨྲ། དེ་སྐད་ཅེས་སྨྲས་པ་དང་།
ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །གཟུགས་ཀྱང་གཞན་མ་ཡིན་ལ། སྐྱེ་བ་མེད་པ་ཡང་གཞན་མ་ཡིན་ཏེ། སྐྱེ་བ་མེད་པ་ཉིད་ཀྱང་གཟུགས་སོ། །གཟུགས་ཉིད་ཀྱང་སྐྱེ་བ་མེད་པའོ། །དེ་བཞིན་དུ་ཚོར་བ་ཡང་གཞན་མ་ཡིན།
འདུ་ཤེས་ཀྱང་གཞན་མ་ཡིན། འདུ་བྱེད་རྣམས་ཀྱང་གཞན་མ་ཡིན། རྣམ་པར་ཤེས་པ་ཡང་གཞན་མ་ཡིན་ལ། སྐྱེ་བ་མེད་པ་ཡང་གཞན་མ་ཡིན་ཏེ། རྣམ་པར་ཤེས་པ་ཉིད་ཀྱང་སྐྱེ་བ་མེད་པའོ། །སྐྱེ་བ་མེད་པ་ཉིད་ཀྱང་རྣམ་པར་ཤེས་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་
གྲངས་དེས་ན། གང་གཟུགས་ཞེས་བྱ་བ་དེ་ནི་འགྲིབ་པ་མེད་པའི་གྲངས་སུ་བྱས་པ་ཡིན་ནོ། །དེ་བཞིན་དུ་གང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་ཞེས་བྱ་བ་དེ་དང་གང་རྣམ་པར་ཤེས་པ་ཞེས་བྱ་བ་དེ་ནི་འགྲིབ་པ་མེད་པའི་གྲངས་སུ་བྱས་པ་ཡིན་ནོ། །དེ་ལྟར་གོང་མ་བཞིན་དུ་
เล่ม ๓๒ · หน้า 61a
སྦྱར་ཏེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་མ་ཡིན་ལ། སྐྱེ་བ་མེད་པ་ཡང་གཞན་མ་ཡིན་ཏེ། སྐྱེ་བ་མེད་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྐྱེ་བ་མེད་པ་
ཉིད་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་དེ་ནི། འགྲིབ་པ་མེད་པའི་གྲངས་སུ་བྱས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་
ལྡན་འདས་གཞན་ཡང་གང་གི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། ཆོས་འདི་དག་ལ་ཉེ་བར་རྟོག་པར་བགྱིད་པ་དེའི་ཚེ། ཤིན་ཏུ་རྣམ་པར་དག་པའི་སླད་དུ། གཟུགས་སྐྱེ་བ་མ་མཆིས་པར་ཡང་དག་པར་རྗེས་སུ་མཐོང་ལགས་
སོ། །དེ་བཞིན་དུ་ཤིན་ཏུ་རྣམ་པར་དག་པའི་སླད་དུ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྐྱེ་བ་མ་མཆིས་པར་ཡང་དག་པར་རྗེས་སུ་མཐོང་ལགས་སོ། །དེ་བཞིན་དུ་ཤིན་ཏུ་རྣམ་པར་དག་པའི་སླད་དུ། བདག་སྐྱེ་བ་མ་མཆིས་པར་ཡང་དག་པར་
རྗེས་སུ་མཐོང་ལགས་སོ། །དེ་བཞིན་དུ་སྦྱར་ཏེ། ཤིན་ཏུ་རྣམ་པར་དག་པའི་སླད་དུ། ཤེས་པ་པོ་དང་། མཐོང་བ་པོའི་བར་དུ་སྐྱེ་བ་མ་མཆིས་པར་ཡང་དག་པར་རྗེས་སུ་མཐོང་ལགས་སོ། །དེ་བཞིན་དུ་ཤིན་ཏུ་རྣམ་པར་དག་པའི་སླད་དུ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་སྐྱེ་བ་མ་མཆིས་པར་ཡང་དག་པར་རྗེས་སུ་མཐོང་ལགས་སོ། །དེ་བཞིན་དུ་ཤིན་ཏུ་རྣམ་པར་དག་པའི་སླད་དུ། དྲན་པ་ཉེ་བར་གཞག་པ་རྣམས་སྐྱེ་བ་མ་མཆིས་པར་ཡང་དག་པར་རྗེས་སུ་མཐོང་ལགས་སོ། །དེ་བཞིན་དུ་ཤིན་ཏུ་རྣམ་པར་དག་པའི་སླད་
དུ་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་སྐྱེ་བ་མ་མཆིས་པར་ཡང་དག་པར་རྗེས་སུ་མཐོང་ལགས་སོ། །དེ་བཞིན་དུ་ཤིན་ཏུ་རྣམ་པར་དག་པའི་སླད་དུ། དེ་བཞིན་གཤེགས་པའི་སྟོབས་བཅུ་སྐྱེ་བ་མ་མཆིས་པར་ཡང་དག་པར་རྗེས་སུ་མཐོང་ལགས་སོ། །ཤིན་ཏུ་རྣམ་པར་དག་
เล่ม ๓๒ · หน้า 61b
པའི་སླད་དུ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་སྐྱེ་བ་མ་མཆིས་པར་ཡང་དག་པར་རྗེས་སུ་མཐོང་ལགས་སོ། །དེ་བཞིན་དུ་ཤིན་ཏུ་རྣམ་པར་དག་པའི་སླད་དུ། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་སྐྱེ་བ་མ་མཆིས་པར་ཡང་དག་པར་རྗེས་སུ་མཐོང་ལགས་
སོ། །ཤིན་ཏུ་རྣམ་པར་དག་པའི་སླད་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྐྱེ་བ་མ་མཆིས་པར་ཡང་དག་པར་རྗེས་སུ་མཐོང་ལགས་སོ། །དེ་བཞིན་དུ་ཤིན་ཏུ་རྣམ་པར་དག་པའི་སླད་དུ། སོ་སོའི་སྐྱེ་བོའི་ཆོས་རྣམས་སྐྱེ་བ་མ་མཆིས་པར་ཡང་དག་པར་རྗེས་སུ་མཐོང་ལགས་
སོ། །ཤིན་ཏུ་རྣམ་པར་དག་པའི་སླད་དུ། སོ་སོའི་སྐྱེ་བོ་རྣམས་སྐྱེ་བ་མ་མཆིས་པར་ཡང་དག་པར་རྗེས་སུ་མཐོང་ལགས་སོ། །དེ་བཞིན་དུ་ཤིན་ཏུ་རྣམ་པར་དག་པའི་སླད་དུ། རྒྱུན་དུ་ཞུགས་པའི་ཆོས་རྣམས་དང་། རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བའི་ཆོས་
རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བའི་ཆོས་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པའི་ཆོས་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་དང་། རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའི་ཆོས་
རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་དང་། སངས་རྒྱས་རྣམས་སྐྱེ་བ་མ་མཆིས་པར་ཡང་དག་པར་རྗེས་སུ་མཐོང་ལགས་སོ། །ཤིན་ཏུ་རྣམ་པར་དག་པའི་སླད་དུ། ཡང་དག་པར་རྫོགས་པའི་སངས་རྒྱས་སྐྱེ་བ་མ་མཆིས་པར་ཡང་དག་
པར་རྗེས་སུ་མཐོང་ལགས་སོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་གྱིས་སྨྲས་པའི་དོན་བདག་གིས་ཤེས་པ་ལྟར་ན། གཟུགས་ནི་མ་སྐྱེས་པ་ཡིན། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་།
འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་མ་སྐྱེས་པ་ཡིན། དེ་བཞིན་དུ་སྦྱར་ཏེ། བྱང་ཆུབ་ཀྱི་བར་དུ་མ་སྐྱེས་པ་ཡིན། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་མ་སྐྱེས་པ་ཡིན་ནོ། །དེ་ལྟར་གྱུར་ན་ནི་རྒྱུན་དུ་ཞུགས་པ་རྣམས་ཀྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། དེ་བཞིན་དུ་དགྲ་
เล่ม ๓๒ · หน้า 62a
བཅོམ་པའི་བར་དག་གིས་ཀྱང་དགྲ་བཅོམ་པ་ཉིད་ཕྱིས་འཐོབ་པར་འགྱུར་རོ། །དེ་བཞིན་དུ་རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས་རང་བྱང་ཆུབ་ཐོབ་ཟིན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་
ཟིན་པ་ཁོ་ནར་འགྱུར། འགྲོ་བ་ལྔ་པོ་ཡང་བྱེ་བྲག་མེད་པར་འགྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཐོང་བ་མེད་པར་ཡང་བྱང་ཆུབ་རྣམ་པ་ལྔ་ཐོབ་ཟིན་པ་ཁོ་ནར་འགྱུར་རོ། །ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཡིན་ན་ནི། ཅིའི་ཕྱིར་རྒྱུན་
དུ་ཞུགས་པའི་འབྲས་བུ་འདོད་པ་རྣམས་ཀྱིས་ཀུན་ཏུ་སྦྱོར་བ་གསུམ་སྤང་བའི་ཕྱིར་ལམ་བསྒོམ་པར་བྱ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འདོད་པ་རྣམས་ཀྱིས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་སྤང་བའི་ཕྱིར་ལམ་བསྒོམ་པར་བྱ། ཕྱིར་མི་འོང་བའི་འབྲས་བུ་འདོད་
པ་རྣམས་ཀྱིས་འོག་མའི་ཆ་དང་འཐུན་པའི་ཀུན་ཏུ་སྦྱོར་བ་རྣམས་སྤང་བའི་ཕྱིར་ལམ་བསྒོམ་པར་བྱ། དགྲ་བཅོམ་པའི་འབྲས་བུ་འདོད་པ་རྣམས་ཀྱིས་གོང་མའི་ཆ་དང་འཐུན་པའི་ཀུན་ཏུ་སྦྱོར་བ་ལྔ་སྤང་བའི་ཕྱིར་ལམ་བསྒོམ་པར་བྱ། འདི་ལྟ་སྟེ། འདུ་བྱེད་ཐམས་ཅད་ནི་རྟེན་ཅིང་འབྲེལ་པར་
འབྱུང་བའོ་ཞེས་རང་སངས་རྒྱས་ཀྱི་ལམ་བསྒོམ་པར་བྱ། ཡང་ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཀའ་བ་སྤྱད་པ་སྤྱོད་ཅིང་། སེམས་ཅན་རྣམས་ཀྱི་ཆེད་དུ་སྡུག་བསྔལ་འབུམ་དག་ཀྱང་ཉམས་སུ་མྱོང་། ཅིའི་ཕྱིར་ན། དེ་བཞིན་གཤེགས་པས་བླ་ན་མེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས། ཅིའི་ཕྱིར་ན། དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་
ཤ་ར་དྭ་ཏིའི་བུ་ཁོ་བོ་ནི་མ་སྐྱེས་པའི་ཆོས་ལ་བཏགས་པ་མི་འདོད་དོ། །སྐྱེ་བ་མེད་པ་ལ་རྒྱུན་དུ་ཞུགས་པ་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་ཡོད་པར་མི་འདོད་དོ། །དེ་བཞིན་དུ་སྐྱེ་བ་མེད་པ་ལ་དགྲ་བཅོམ་པ་དང་། དགྲ་བཅོམ་པའི་འབྲས་བུ་ཡོད་པར་མི་འདོད་དོ། །སྐྱེ་བ་མེད་པ་ལ་
เล่ม ๓๒ · หน้า 62b
རང་སངས་རྒྱས་དང་། རང་བྱང་ཆུབ་ཡོད་པར་མི་འདོད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་ནི་གང་དཀའ་བའི་འདུ་ཤེས་ཀྱིས་དཀའ་བ་སྤྱད་པ་སྤྱོད་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དཀའ་བའི་འདུ་ཤེས་སྐྱེད་ན་ནི་སེམས་ཅན་
དཔག་ཏུ་མེད་གྲངས་མེད་པ་རྣམས་ཀྱི་དོན་བྱེད་པར་མི་ནུས་པའི་ཕྱིར་རོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འོན་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་རྣམས་ལ་མི་དམིགས་པའི་ཚུལ་གྱིས་ཕའི་འདུ་ཤེས་དང་། མའི་འདུ་ཤེས་དང་། བུའི་འདུ་ཤེས་དང་། བདག་
གི་འདུ་ཤེས་བསྐྱེད་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །དཔེར་ན་བདག་བདག་ཅེས་བྱ་བ་ནི་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་ཅིང་མི་དམིགས་སོ། །དེ་བཞིན་དུ་ནང་དང་ཕྱིའི་ཆོས་རྣམས་ལ་ཡང་
འདུ་ཤེས་བསྐྱེད་པར་བྱ་སྟེ། གལ་ཏེ་དེ་ལྟར་འདུ་ཤེས་བསྐྱེད་ན། དཀའ་བའི་འདུ་ཤེས་བསྐྱེད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཆོས་དེ་དག་ཉེ་བར་མི་ལེན་ཅིང་མི་དམིགས་པའི་ཕྱིར་རོ། །ཚེ་དང་
ལྡན་པ་ཤ་ར་དྭ་ཏིའི་བུ་ཁོ་བོ་ནི་སྐྱེ་བ་མེད་པ་ལ་དེ་བཞིན་གཤེགས་པ་ཡོད་པར་མི་འདོད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོད་པར་མི་འདོད་དོ། །དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་འདོད་དོ། །མ་སྐྱེས་པའི་ཆོས་ཀྱིས་ཀྱང་ཆོས་གང་ཡང་
འཐོབ་པ་མེད་དོ། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཅི་ཁྱོད་མ་སྐྱེས་པའི་ཆོས་ཀྱིས་འཐོབ་པར་འདོད་དམ། འོན་ཏེ་སྐྱེས་པའི་ཆོས་ཀྱིས་ཆོས་འགའ་ཞིག་འཐོབ་པར་
འདོད། སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཁོ་བོ་ནི་མ་སྐྱེས་པའི་ཆོས་ཀྱིས་ཀྱང་འཐོབ་པར་མི་འདོད་ལ། སྐྱེས་པའི་ཆོས་ཀྱིས་ཀྱང་ཆོས་གང་ཡང་འཐོབ་པར་མི་འདོད་དོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅི་འཐོབ་པ་ཡང་མེད། མངོན་པར་རྟོགས་པ་ཡང་མེད་དམ།
เล่ม ๓๒ · หน้า 63a
སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འཐོབ་པ་ཡང་ཡོད། མངོན་པར་རྟོགས་པ་ཡང་ཡོད་མོད་ཀྱི། གཉིས་ཀྱིས་ནི་མ་ཡིན་ནོ། །འོན་ཀྱང་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འཐོབ་པ་དང་། མངོན་པར་རྟོགས་པ་ནི་འཇིག་རྟེན་གྱི་ཐ་སྙད་དུ་དམིགས་སོ། །དེ་བཞིན་དུ་རྒྱུན་དུ་ཞུགས་པ་ཡང་འཇིག་
རྟེན་གྱི་ཐ་སྙད་ཀྱིས་ཐ་སྙད་དུ་འདོགས་སོ། །དེ་བཞིན་དུ་དགྲ་བཅོམ་པའི་བར་དང་། རང་སངས་རྒྱས་ཀྱི་བར་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་འདོགས་པ་ཡིན་གྱི། དོན་དམ་པར་ནི་འཐོབ་པ་ཡང་མེད། མངོན་པར་རྟོགས་པ་ཡང་མེད་པ་ནས།
ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དུ་མེད་དོ། །སྨྲས་པ། ཅི་ཚེ་དང་ལྡན་པ་རབ་འབྱོར་ཇི་ལྟར་འཐོབ་པ་དང་། མངོན་པར་རྟོགས་པ་འཇིག་རྟེན་གྱི་ཐ་སྙད་དུ་འདོགས་པ་དེ་ཁོ་ན་བཞིན་དུ་འགྲོ་བ་ལྔ་པོ་དག་ཀྱང་འཇིག་རྟེན་གྱི་ཐ་སྙད་ཀྱིས་ཐ་དད་ཀྱི་དོན་དམ་པར་ནི་མ་ཡིན་ནམ།
སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། དེ་ལྟར་འཐོབ་པ་དང་། མངོན་པར་རྟོགས་པ་འཇིག་རྟེན་གྱི་ཐ་སྙད་དུ་འདོགས་པ་དེ་ཁོ་ན་བཞིན་དུ་འགྲོ་བ་ལྔ་པོ་དག་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་ཐ་དད་ཀྱི། དོན་དམ་པར་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་
ཏིའི་བུ་དོན་དམ་པ་ལ་ནི་ལས་མེད། རྣམ་པར་སྨིན་པ་མེད། ཀུན་ནས་ཉོན་མོངས་པ་མེད། རྣམ་པར་བྱང་བ་མེད་པའི་ཕྱིར་རོ། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཅི་ཆོས་
མ་སྐྱེས་པ་སྐྱེའམ། འོན་ཏེ་སྐྱེས་པ་ཉིད་སྐྱེ། སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཁོ་བོ་ནི་མ་སྐྱེས་པའི་ཆོས་ལ་སྐྱེ་བར་མི་འདོད་དོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཆོས་གང་གི་མ་སྐྱེས་པ་ལ་སྐྱེ་བར་མི་འདོད། སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཟུགས་མ་སྐྱེས་པའི་
ངོ་བོ་ཉིད་སྟོང་པ་ཉིད་ལ་སྐྱེ་བར་མི་འདོད་དོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མ་སྐྱེས་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྐྱེ་བར་མི་འདོད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་སྦྱར་ཏེ། ཁོ་བོ་ནི་བྱང་ཆུབ་ཀྱི་བར་དུ་མ་སྐྱེས་པའི་
เล่ม ๓๒ · หน้า 63b
སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལ་སྐྱེ་བར་མི་འདོད་དོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅི་སྐྱེ་བ་སྐྱེའམ། འོན་ཏེ་སྐྱེ་བ་མེད་པ་སྐྱེ། སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་སྐྱེ་བ་ཡང་མི་སྐྱེ་ལ། སྐྱེ་བ་མེད་པ་ཡང་མི་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟར་སྐྱེ་
བ་གང་ཡིན་པ་དང་། སྐྱེ་བ་མེད་པ་གང་ཡིན་པའི་ཆོས་དེ་གཉི་ག་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ཞིང་། གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ་སྟེ། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པའི་ཕྱིར་རོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་
གྲངས་དེས་ན། སྐྱེ་བ་ཡོད་པ་ཡང་མི་སྐྱེ་ལ། སྐྱེ་བ་མེད་པ་ཡང་མི་སྐྱེའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཁྱོད་ཆོས་མ་སྐྱེས་སོ། །ཆོས་མ་སྐྱེས་སོ། །ཞེས་བྱ་བར་བརྗོད་པར་
སྤོབས་སམ། ཚེ་དང་ལྡན་པ་རབ་འབྱོར་ཁྱོད་ཆོས་མ་སྐྱེས་སོ་ཆོས་མ་སྐྱེས་སོ། །ཞེས་བྱ་བའི་སྐྱེ་བ་མེད་པ་བརྗོད་པར་སྤོབས་སམ། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་
ཏིའི་བུ་ཁོ་བོ་ནི་ཆོས་མ་སྐྱེས་སོ་ཆོས་མ་སྐྱེས་སོ། །ཞེས་བྱ་བར་བརྗོད་པར་སྤོབས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཆོས་མ་སྐྱེས་སོ་ཆོས་མ་སྐྱེས་སོ། །ཞེས་བྱ་བའི་སྐྱེ་བ་མེད་པ་ཡང་བརྗོད་པར་སྤོབས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་སྐྱེ་བ་མེད་པ་གང་
ཡིན་པ་དང་། སྤོབས་པ་གང་ཡིན་པ་དང་། བརྗོད་པ་གང་དག་ཡིན་པ་དང་། མི་སྐྱེ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ཞིང་། གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ་སྟེ། འདི་ལྟར་མཚན་ཉིད་མེད་པར་
མཚན་ཉིད་གཅིག་པའི་ཕྱིར་རོ། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཆོས་དེ་དག་ཀྱང་མ་སྐྱེས། སྤོབས་པ་ཡང་མ་སྐྱེས། བརྗོད་པ་ཡང་མ་སྐྱེས་པ་ཡིན་ལ། གང་དག་
เล่ม ๓๒ · หน้า 64a
ལས་བརྩམས་ཏེ། ཁྱོད་བརྗོད་པ་དེ་དག་ཀྱང་མ་སྐྱེས་པ་ཡིན་ནམ། སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་བཞིན་ཏེ། ཆོས་དེ་དག་ཀྱང་མ་སྐྱེས་པའོ། །སྤོབས་པ་ཡང་མ་སྐྱེས་པའོ། །བརྗོད་པ་ཡང་མ་སྐྱེས་པའོ། །གང་དག་
ལས་བརྩམས་ནས། ཁོ་བོ་བརྗོད་པར་སྤོབས་པའི་ཆོས་དེ་དག་ཀྱང་མ་སྐྱེས་པའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟར་གཟུགས་ནི་མ་སྐྱེས་པ་ཡིན། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་མ་སྐྱེས་པ་ཡིན། དེ་
བཞིན་དུ་མིག་མ་སྐྱེས་པ་ནས། ཡིད་ཀྱི་བར་དུ་མ་སྐྱེས་པ་ཡིན། དེ་བཞིན་དུ་སའི་ཁམས་མ་སྐྱེས་པ་ནས། རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་མ་སྐྱེས་པ་ཡིན། ལུས་ཀྱི་འདུ་བྱེད་དག་ནི་མ་སྐྱེས་པ་ཡིན། དེ་བཞིན་དུ་ངག་གི་འདུ་བྱེད་དག་དང་། ཡིད་ཀྱི་འདུ་བྱེད་དག་ནི་མ་སྐྱེས་
པ་ཡིན་ལ། དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མ་སྐྱེས་པ་ཡིན་པའི་ཕྱིར་ཏེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། རྗོད་པ་དེ་དག་ཀྱང་མ་སྐྱེས་པའོ། །སྤོབས་པ་ཡང་མ་སྐྱེས་པའོ། །གང་དག་ལས་བརྩམས་ཏེ། ཁོ་བོ་བརྗོད་པར་
སྤོབས་པའི་ཆོས་དེ་དག་ཀྱང་མ་སྐྱེས་པའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ནི་ཆོས་སྨྲ་བ་རྣམས་ཀྱི་མཆོག་ཏུ་བཞག་པར་བྱ་བའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཚེ་དང་ལྡན་པ་རབ་
འབྱོར་ནི་གང་དང་གང་ཁོ་ན་དྲིས་པ་དེ་དང་དེ་ཁོ་ན་ཚུལ་བཞིན་དུ་རྒྱས་པར་བྱེད་པའི་ཕྱིར་རོ། །སྨྲས་པ་དེ་དེ་བཞིན་ཏེ། འདི་ལྟ་སྟེ། ཆོས་ཐམས་ཅད་ནི་མི་རྟེན་པའི་ཕྱིར་རོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཡང་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་
ལྡན་པ་རབ་འབྱོར་ཆོས་ཐམས་ཅད་མི་རྟེན་པ་གང་ཡིན། ཚེ་དང་ལྡན་པ་རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཟུགས་རང་བཞིན་ཉིད་ཀྱིས་སྟོང་པ་ནི་ནང་ལ་ཡང་མི་རྟེན། ཕྱི་རོལ་ལ་ཡང་མི་རྟེན། གཉི་གའི་བར་ལ་ཡང་མི་རྟེན་ཏོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་
เล่ม ๓๒ · หน้า 64b
དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རང་བཞིན་ཉིད་ཀྱིས་སྟོང་པ་ནི། ནང་ལ་ཡང་མི་རྟེན། ཕྱི་རོལ་ལ་ཡང་མི་རྟེན། གཉི་གའི་བར་ལ་ཡང་མི་རྟེན་ཏོ། །གོང་མ་བཞིན་དུ་སྦྱར་ཏེ། དེ་བཞིན་དུ་མིག་དང་། རྣ་བ་དང་། སྣ་དང་།
ལྕེ་དང་། ལུས་དང་ཡིད་རང་བཞིན་ཉིད་ཀྱིས་སྟོང་པ་ཉིད་ནི་ནང་ལ་ཡང་མི་རྟེན། ཕྱི་རོལ་ལ་ཡང་མི་རྟེན། གཉི་གའི་བར་ལ་ཡང་མི་རྟེན་ཏོ། །དེ་བཞིན་དུ་གཟུགས་རྣམས་དང་། སྒྲ་རྣམས་དང་། དྲི་རྣམས་དང་། རོ་རྣམས་དང་། རེག་རྣམས་དང་། ཆོས་རྣམས་རང་
བཞིན་ཉིད་ཀྱིས་སྟོང་པ་ཉིད་ནི་ནང་ལ་ཡང་མི་རྟེན། ཕྱི་རོལ་ལ་ཡང་མི་རྟེན། གཉི་གའི་བར་ལ་ཡང་མི་རྟེན་ཏོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་ཉིད་ཀྱིས་སྟོང་པ་དེ་ནི་ནང་ལ་ཡང་མི་རྟེན། ཕྱི་རོལ་ལ་ཡང་མི་རྟེན། གཉི་གའི་བར་ལ་
ཡང་མི་རྟེན་ཏོ། །དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་ཉིད་ཀྱིས་སྟོང་པ་དེ་ནི་ནང་ལ་ཡང་མི་རྟེན། ཕྱི་རོལ་ལ་ཡང་མི་རྟེན། གཉི་གའི་བར་ལ་ཡང་མི་རྟེན་ཏོ། །དེ་
བཞིན་དུ་ནང་སྟོང་པ་ཉིད་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་རང་བཞིན་ཉིད་ཀྱིས་སྟོང་པ་དེ་ནི་ནང་ལ་ཡང་མི་རྟེན། ཕྱི་རོལ་ལ་ཡང་མི་རྟེན། གཉི་གའི་བར་ལ་ཡང་མི་རྟེན་ཏོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་རང་བཞིན་ཉིད་ཀྱིས་སྟོང་པ་དེ་དག་ནི་ནང་ལ་
ཡང་མི་རྟེན། ཕྱི་རོལ་ལ་ཡང་མི་རྟེན། གཉི་གའི་བར་ལ་ཡང་མི་རྟེན་ཏོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་རང་བཞིན་ཉིད་ཀྱིས་སྟོང་པ་དེ་དག་ནི་ནང་ལ་ཡང་མི་རྟེན། ཕྱི་རོལ་ལ་ཡང་མི་རྟེན། གཉི་གའི་བར་ལ་ཡང་མི་རྟེན་ཏོ། །ཚེ་དང་ལྡན་
པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། ཆོས་ཐམས་ཅད་ནི་མི་རྟེན་པ་སྟེ། རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕྱིར་རོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། དེ་ལྟར་གཟུགས་ཡོངས་སུ་སྦྱང་བར་བྱའོ། །
เล่ม ๓๒ · หน้า 65a
དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་སྦྱང་བར་བྱའོ། །དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་སྦྱང་བར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ལས།
འོང་བ་དང་འགྲོ་བ་མེད་པའི་ལེའུ་ཞེས་བྱ་སྟེ་བཅུ་བཞི་པའོ།། །།དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ལྷའི་དབང་པོ་བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་ལྷའི་བུ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་
དང་། ལྷན་ཅིག་ཏུ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ལྷའི་བུ་རབ་འཐབ་བྲལ་རྣམས་དང་། ལྷའི་བུ་ཡོངས་སུ་དགའ་ལྡན་རྣམས་དང་། ལྷའི་བུ་རབ་འཕྲུལ་དགའ་རྣམས་དང་། ལྷའི་བུ་དབང་སྒྱུར་རྣམས་དང་། སྟོང་
གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ཚངས་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་ཚངས་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་དང་ལྷན་ཅིག་ཏུ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གནས་གཙང་མའི་ལྷ་ཇི་སྙེད་
པ་དེ་དག་ཐམས་ཅད་ཀྱང་གནས་གཙང་མའི་རིས་ཀྱི་ལྷ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་དང་ལྷན་ཅིག་ཏུ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་ལུས་ཀྱི་འོད་དང་། དེ་བཞིན་དུ་སུམ་ཅུ་རྩ་གསུམ་པ་རྣམས་
དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། དེ་བཞིན་དུ་ཚངས་རིས་ནས་གནས་གཙང་མའི་རིས་ཀྱི་བར་གྱི་ལྷ་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་ལུས་ཀྱི་འོད་གང་
ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །འབུམ་གྱི་ཆ་དང་། བྱེ་བ་ཕྲག་འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །
เล่ม ๓๒ · หน้า 65b
དེ་བཞིན་གཤེགས་པ་ཉིད་ཀྱི་སྐུའི་འོད་ནི་འོད་དེ་དག་གི་གན་ན་མཆོག་ཏུ་སྣང་ངོ་། །ཕུལ་དང་། རབ་མཆོག་དང་། གྱ་ནོམ་པ་དང་། བླ་ན་མེད་པ་དང་། གོང་ན་མེད་པར་སྣང་སྟེ། དཔེར་ན་འཛམ་བུ་ཆུ་བོའི་གསེར་གྱི་གན་ན་སྡོང་དུ་མ་ཚིག་པ་ནི་ལྷམ་མེ་མ་ཡིན། ལྷན་ནེ་མ་ཡིན།
ལྷང་ངེ་མ་ཡིན་ནོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཉིད་ཀྱི་རང་བཞིན་གྱི་སྐུའི་འོད་ཀྱི་གན་ན་ལྷ་ཐམས་ཅད་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་འོད་ནི་ལྷམ་མེ་མ་ཡིན། ལྷན་ནེ་མ་ཡིན། ལྷང་ངེ་མ་ཡིན་གྱི། དེ་བཞིན་གཤེགས་པ་ཉིད་ཀྱི་རང་བཞིན་གྱི་སྐུའི་འོད་ནི་འོད་
དེ་དག་གི་གན་ན་མཆོག་ཏུ་སྣང་ངོ་། །ཕུལ་དང་། རབ་མཆོག་དང་། གྱ་ནོམ་པ་དང་། བླ་ན་མེད་པ་དང་། གོང་ན་མེད་པར་སྣང་ངོ་། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་སྟོང་གསུམ་གྱི་སྟོང་ཆེན་
པོའི་འཇིག་རྟེན་གྱི་ཁམས་འདི་ན། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ནས། གནས་གཙང་མའི་བར་གྱི་ལྷ་ཇི་སྙེད་འཁོད་པ་དེ་དག་ཚེ་དང་ལྡན་པ་རབ་འབྱོར་ལ་ཆོས་མཉན་པའི་ཕྱིར་འཁོར་འདིར་འདུས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་དེ་ཡང་ཉན་པར་འདོད་ན་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ཡིན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ཇི་ལྟར་བསླབ་པར་བྱ། དེ་སྐད་ཅེས་
སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་
ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་བསྒྲུབ་པར་བྱ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྱོད་ལ་བཤད་པར་བྱས། ལྷའི་བུ་གང་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་
เล่ม ๓๒ · หน้า 66a
སེམས་མ་བསྐྱེད་པ་དེ་དག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱིས་ཤིག །གང་དག་ཡང་དག་པའི་སྐྱོན་མེད་པ་ལ་ཞུགས་པ་དེ་དག་ནི་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་མི་
ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་འཁོར་བའི་མཚམས་བཅད་པའི་ཕྱིར་རོ། །འོན་ཀྱང་གལ་ཏེ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཁོ་བོ་ནི་དེ་དག་གི་དགེ་བའི་ཕྱོགས་ཀྱི་བར་ཆད་མི་བྱེད་པས་དེ་དག་ལ་ཡང་རྗེས་སུ་ཡི་རང་
སྟེ། འོན་ཀྱང་ཁྱད་པར་དུ་འཕགས་པའི་ཆོས་རྣམས་ལས་ཆེས་ཁྱད་པར་དུ་འཕགས་པའི་ཆོས་རྣམས་ལ་དམིགས་པར་བྱའོ། །ཀཽ་ཤི་ཀ་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་གང་ཡིན་ཞེ་ན། ཀཽ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པ་དག་གིས་གཟུགས་མི་རྟག་པར་ཡིད་ལ་བྱེད་དོ། །དེ་བཞིན་དུ་སྡུག་བསྔལ་བ་དང་། བདག་མེད་པ་དང་། ནད་དང་། འབྲས་དང་། ཟུག་རྔུ་དང་། གནོད་པ་དང་། འཇིག་པ་དང་། འགྱེས་པ་དང་། གཡོ་བ་དང་། རབ་ཏུ་འཇིག་
པ་དང་། འཇིགས་པ་དང་། འགོ་བའི་ནད་དང་། སྟོང་པ་དང་། ཡིད་བརྟན་དུ་མི་རུང་བ་དང་། རྣམ་པར་གནོད་པ་བྱེད་པར་ཡིད་ལ་བྱེད་དེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མི་
རྟག་པར་ཡིད་ལ་བྱེད་པ་ནས་རྣམ་པར་གནོད་པ་བྱེད་པའི་བར་དུ་ཡིད་ལ་བྱེད་དོ། །དེ་བཞིན་དུ་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་མི་རྟག་པར་ཡིད་ལ་བྱེད་པ་ནས། ལྷག་པར་གནོད་པ་བྱེད་པའི་བར་དུ་ཡིད་ལ་བྱེད་དོ། །དེ་བཞིན་དུ་སའི་ཁམས་དང་།
ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་མི་རྟག་པར་ཡིད་ལ་བྱེད་པ་ནས། ལྷག་པར་གནོད་པ་བྱེད་པའི་བར་དུ་ཡིད་ལ་བྱེད་དེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱེད་དོ། །དེ་བཞིན་དུ་
เล่ม ๓๒ · หน้า 66b
གཟུགས་ཞི་བ་དང་། དབེན་པར་ཡིད་ལ་བྱེད་དེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱེད་དོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཞི་བ་དང་། དབེན་པར་ཡིད་ལ་བྱེད་དེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱེད་
དོ། །དེ་བཞིན་དུ་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། དེ་བཞིན་དུ་སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ཞི་བ་དང་། དབེན་
པར་ཡིད་ལ་བྱེད་དེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱེད་དོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པ་དག་གིས་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སུ་ཡིད་ལ་བྱེད་དེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱེད་པ་ནས་སྡུག་བསྔལ་
གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འབྱུང་བར་ཡིད་ལ་བྱེད་དེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱེད་པ་ནས། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འགག་པར་འགྱུར་བའི་བར་དུ་ཡིད་ལ་བྱེད་དེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱེད་དོ། །ཀཽ་ཤི་ཀ་གཞན་ཡང་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པ་དག་གིས་དྲན་པ་ཉེ་བར་གཞག་པ་རྣམས་སྒོམ་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྒོམ་པ་དང་། དེ་བཞིན་དུ་སྦྱར་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་
དང་། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་སྒོམ་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྒོམ་
མོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པ་དག་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྤྱོད་དོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་།
เล่ม ๓๒ · หน้า 67a
བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྤྱོད་དོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་ཆོས་རྣམས་ཁོ་ནས་ཆོས་རྣམས་སྦྱོང་བར་བྱེད་ཅིང་། ཡོངས་སུ་སྦྱོང་བར་བྱེད། ཡོངས་སུ་རྫོགས་པར་བྱེད། ཡོངས་སུ་ཁྱབ་པར་བྱེད། ཡོངས་སུ་རྟོག་པར་བྱེད་དེ། འདི་ལ་བདག་གམ་
བདག་གི་ཞེས་བྱ་བ་འགའ་ཡང་མེད་དོ་ཞེས་སོ་སོར་རྟོག་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོངས་སུ་བསྔོ་བའི་སེམས་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་སེམས་དང་འགྲོགས་པ་མ་ཡིན་ཞིང་། བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ནི་ཡོངས་སུ་བསྔོ་བའི་སེམས་དང་
འགྲོགས་པ་མ་ཡིན་ལ། ཀཽ་ཤི་ཀ་ཡོངས་སུ་བསྔོ་བའི་སེམས་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་སེམས་ལ་མེད་ཅིང་མི་དམིགས། བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ནི་ཡོངས་སུ་བསྔོ་བའི་སེམས་ལ་མེད་ཅིང་མི་དམིགས་ཏེ། ཀཽ་ཤི་ཀ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
རྣམས་ཀྱི་ཆོས་ཐམས་ཅད་ལ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པར་བྱེད་ལ། ཆོས་འགའ་ཡང་མི་དམིགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །དེ་སྐད་ཅེས་སྨྲས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །
བཙུན་པ་རབ་འབྱོར་ཇི་ལྟར་ན་ཡོངས་སུ་བསྔོ་བའི་སེམས་བྱང་ཆུབ་ཀྱི་སེམས་དང་འགྲོགས་པ་མ་ཡིན། ཇི་ལྟར་ན་བྱང་ཆུབ་ཀྱི་སེམས་ཡོངས་སུ་བསྔོ་བའི་སེམས་དང་འགྲོགས་པ་མ་ཡིན། ཇི་ལྟར་ན་ཡོངས་སུ་བསྔོ་བའི་སེམས་བྱང་ཆུབ་ཀྱི་སེམས་ལ་མེད་ཅིང་མི་དམིགས་པ་ཡིན། ཇི་ལྟར་
ན་བྱང་ཆུབ་ཀྱི་སེམས་ཡོངས་སུ་བསྔོ་བའི་སེམས་ལ་མེད་ཅིང་མི་དམིགས་པ་ཡིན། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་ཡོངས་སུ་བསྔོ་བའི་སེམས་གང་ཡིན་པ་དེ་ནི་སེམས་མ་ཡིན་ཞིང་། བྱང་ཆུབ་
เล่ม ๓๒ · หน้า 67b
ཀྱི་སེམས་གང་ཡིན་པ་དེ་ཡང་སེམས་མ་ཡིན་ཏེ། སེམས་མ་ཡིན་པ་ནི་སེམས་མ་ཡིན་པ་ལ་ཡོངས་སུ་བསྔོ་བར་མི་བྱེད་ལ། བསམ་གྱིས་མི་ཁྱབ་པ་ཉིད་ཀྱང་བསམ་གྱིས་མི་ཁྱབ་པ་ལ་ཡོངས་སུ་བསྔོ་བར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་ཉིད་གང་ཡིན་པ་དེ་སེམས་
མ་ཡིན་པ་ཉིད་ཡིན་ཞིང་། བསམ་གྱིས་མི་ཁྱབ་པ་དེ་ཉིད་སེམས་མ་ཡིན་པའི་ཕྱིར་ཏེ། ཀཽ་ཤི་ཀ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་ལེགས་སོ་ཞེས་བྱ་
བ་བྱིན་ཏེ། རབ་འབྱོར་ཁྱོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་སྤྲོ་བ་སྐྱེད་པ་ནི་ལེགས་སོ་ལེགས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་
དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་གིས་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་དང་། དེ་དག་གི་ཉན་ཐོས་གང་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཡང་དག་པར་དགའ་བར་བགྱིས། ཡང་དག་པར་འཛིན་དུ་སྩལ། ཡང་དག་པར་གཟེངས་བསྟོད་ཅིང་བཙུད་དེ། རབ་ཏུ་བཀོད་པ་དག་ལ་བྱས་པ་གཟོ་བ་དང་། བྱས་པ་ཚོར་བར་བགྱི་ལགས་ཏེ།
དེ་ལ་བཙུན་པ་བཅོམ་ལྡན་འདས་བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔར་གྱུར་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ལགས་སོ། །བཙུན་པ་བཅོམ་ལྡན་འདས་དེ་བཞིན་དུ་བདག་ཅག་གིས་ཀྱང་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་ཡང་དག་པར་དགའ་བར་བགྱི། ཡང་དག་པར་གཟེངས་བསྟོད་པར་བགྱི། བཙུད་ནས་རབ་ཏུ་དགོད་པར་བགྱི་ལགས་སོ། །བདག་ཅག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཡང་དག་པར་དགའ་བར་བགྱིས། ཡང་
เล่ม ๓๒ · หน้า 68a
དག་པར་འཛིན་དུ་སྩལ། ཡང་དག་པར་གཟེངས་བསྟོད་ནས་བཙུད་དེ། རབ་ཏུ་བཀོད་པ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལགས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ཁྲི་པ། བམ་པོ་བཅྭ་ལྔ་པ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ་བ་དང་། ཇི་ལྟར་སྤྱད་པར་བྱ་བ་བཤད་པར་བྱའོ། །ཀཽ་ཤི་ཀ་གཟུགས་ནི་གཟུགས་ཀྱིས་སྟོང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང་། བྱང་ཆུབ་སེམས་དཔའ་ནི་བྱང་
ཆུབ་སེམས་དཔས་སྟོང་སྟེ། ཀཽ་ཤི་ཀ་འདི་ལ་གཟུགས་ཀྱི་སྟོང་པ་ཉིད་དང་། བྱང་ཆུབ་སེམས་དཔའི་སྟོང་པ་ཉིད་འདི་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ། །དེ་བཞིན་དུ་ཚོར་བའི་སྟོང་པ་ཉིད་དང་། འདུ་ཤེས་ཀྱི་སྟོང་པ་ཉིད་དང་། འདུ་བྱེད་ཀྱི་སྟོང་པ་ཉིད་དང་། རྣམ་
པར་ཤེས་པའི་སྟོང་པ་ཉིད་དང་། བྱང་ཆུབ་སེམས་དཔའི་སྟོང་པ་ཉིད་འདི་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དེ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཀཽ་ཤི་ཀ་གཞན་ཡང་མིག་ནི་མིག་གིས་
སྟོང་། དེ་བཞིན་དུ་སྦྱར་ཏེ། ཡིད་ཀྱི་བར་ནི་ཡིད་ཀྱིས་སྟོང་། བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་སྟེ། དེ་ལྟར་ན་མིག་གི་སྟོང་པ་ཉིད་དང་། ཡིད་ཀྱི་བར་གྱི་སྟོང་པ་ཉིད་དང་། བྱང་ཆུབ་སེམས་དཔའི་སྟོང་པ་ཉིད་འདི་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་
མེད་དོ། །དེ་ལྟར་གོང་མ་བཞིན་དུ་སྦྱར་ཏེ། སའི་ཁམས་ནི་སའི་ཁམས་ཀྱིས་སྟོང་། དེ་བཞིན་དུ་ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ནི་རྣམ་པར་ཤེས་པའི་ཁམས་ཀྱིས་སྟོང་སྟེ། དེ་ལྟར་
เล่ม ๓๒ · หน้า 68b
ན་སའི་ཁམས་ཀྱི་སྟོང་པ་ཉིད་དང་། རྣམ་པར་ཤེས་པའི་ཁམས་ཀྱི་བར་གྱི་སྟོང་པ་ཉིད་དང་། བྱང་ཆུབ་སེམས་དཔའི་སྟོང་པ་ཉིད་འདི་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དེ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
བསླབ་པར་བྱའོ། །ཀཽ་ཤི་ཀ་གཞན་ཡང་མ་རིག་པ་ནི་མ་རིག་པས་སྟོང་། དེ་བཞིན་དུ་རྒ་ཤིའི་བར་ནི་རྒ་ཤིས་སྟོང་། དེ་བཞིན་དུ་མ་རིག་པ་འགག་པ་ནི་མ་རིག་པ་འགག་པས་སྟོང་པ་ནས་རྒ་ཤིའི་བར་དུ་འགག་པ་ནི་རྒ་ཤིའི་འགག་པས་སྟོང་སྟེ། དེ་ལྟར་མ་རིག་པ་འགག་པའི་སྟོང་པ་
ཉིད་དང་། རྒ་ཤིའི་བར་དུ་འགག་པའི་སྟོང་པ་ཉིད་དང་། བྱང་ཆུབ་སེམས་དཔའི་སྟོང་པ་ཉིད་འདི་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དེ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །གོང་མ་བཞིན་དུ་
སྦྱར་ཏེ། དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་སྦྱར་བར་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་ཡང་སྦྱར་བར་བྱ། དེ་བཞིན་དུ་ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་ཡང་སྦྱར་བར་བྱ། དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་ནས་
འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་ལ་ཡང་སྦྱར་བར་བྱ། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དང་། དེ་བཞིན་དུ་ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་ལ་ཡང་སྦྱར་བར་བྱ། དེ་བཞིན་
དུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་སྦྱར་བར་བྱ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་སྦྱར་བར་བྱ། དེ་བཞིན་དུ་ཉན་ཐོས་ལ་ཡང་སྦྱར་བར་བྱ། དེ་བཞིན་དུ་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་
ལ་ཡང་སྦྱར་བར་བྱའོ། །ཀཽ་ཤི་ཀ་གཞན་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྟོང་། བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་སྟེ། དེ་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྟོང་པ་ཉིད་དང་། བྱང་ཆུབ་སེམས་དཔའི་སྟོང་
เล่ม ๓๒ · หน้า 69a
པ་ཉིད་འདི་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དེ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །
རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་གཟུགས་ལ་གནས་པར་མི་བྱའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་གནས་པར་མི་བྱའོ། །དེ་བཞིན་དུ་མིག་ལ་གནས་པར་མི་བྱ་བ་ནས་ཡིད་ཀྱི་བར་ལ་གནས་པར་མི་བྱའོ། །མིག་
གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་གནས་པར་མི་བྱ་བ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་བར་ལ་གནས་པར་མི་བྱའོ། །དེ་བཞིན་དུ་སའི་ཁམས་ལ་གནས་པར་མི་བྱ་བ་ནས་རྣམ་པར་ཤེས་པའི་ཁམས་ཀྱི་བར་ལ་གནས་པར་མི་བྱའོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་
པ་རྣམས་ལ་གནས་པར་མི་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་གནས་པར་མི་བྱའོ། །དེ་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པར་མི་བྱ་བ་ནས་དགྲ་བཅོམ་པ་ཉིད་ཀྱི་བར་ལ་གནས་པར་མི་བྱའོ། །རང་བྱང་ཆུབ་ལ་གནས་པར་མི་བྱ་བ་ནས་ཡང་དག་པར་རྫོགས་
པའི་བྱང་ཆུབ་ཀྱི་བར་ལ་གནས་པར་མི་བྱའོ། །དེ་བཞིན་དུ་གཟུགས་ལ་གནས་པར་མི་བྱ་བ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱི་བར་ལ་གནས་པར་མི་བྱའོ། །ཀཽ་ཤི་ཀ་གཞན་ཡང་གཟུགས་རྟག་ཅེས་བྱ་བར་གནས་པར་མི་བྱའོ། །གཟུགས་མི་རྟག་ཅེས་བྱ་བར་
གནས་པར་མི་བྱའོ། །དེ་བཞིན་དུ་སྦྱར་ཏེ། གཟུགས་བདེ་ཞེས་བྱ་བར་གནས་པར་མི་བྱའོ། །གཟུགས་སྡུག་བསྔལ་ཞེས་བྱ་བར་གནས་པར་མི་བྱའོ། །གཟུགས་བདག་ཡོད་ཅེས་བྱ་བར་གནས་པར་མི་བྱའོ། །བདག་མེད་ཅེས་བྱ་བར་གནས་པར་མི་བྱའོ། །གཟུགས་
เล่ม ๓๒ · หน้า 69b
སྟོང་ཞེས་བྱ་བར་གནས་པར་མི་བྱའོ། །མི་སྟོང་ཞེས་བྱ་བར་གནས་པར་མི་བྱའོ། །གཟུགས་མཚན་མ་ཡོད་ཅེས་བྱ་བར་གནས་པར་མི་བྱའོ། །མཚན་མ་མེད་ཅེས་བྱ་བར་གནས་པར་མི་བྱའོ། །གཟུགས་སྨོན་པ་ཡོད་ཅེས་བྱ་བར་གནས་པར་མི་བྱའོ། །སྨོན་པ་མེད་ཅེས་བྱ་བར་གནས་
པར་མི་བྱའོ། །གཟུགས་ཞི་ཞེས་བྱ་བར་གནས་པར་མི་བྱའོ། །མ་ཞི་ཞེས་བྱ་བར་གནས་པར་མི་བྱའོ། །གཟུགས་དབེན་ཞེས་བྱ་བར་གནས་པར་མི་བྱའོ། །མི་དབེན་ཞེས་བྱ་བར་གནས་པར་མི་བྱའོ། །གཟུགས་ཀུན་ནས་ཉོན་མོངས་ཞེས་བྱ་བར་གནས་པར་མི་བྱའོ། །རྣམ་པར་
བྱང་ཞེས་བྱ་བར་གནས་པར་མི་བྱའོ། །གཟུགས་ཀུན་ཏུ་སྐྱེ་ཞེས་བྱ་བར་གནས་པར་མི་བྱའོ། །གཟུགས་འགག་ཅེས་བྱ་བར་གནས་པར་མི་བྱའོ། །གཟུགས་དངོས་པོ་ཡོད་ཅེས་བྱ་བར་གནས་པར་མི་བྱའོ། །དངོས་པོ་མེད་ཅེས་བྱ་བར་གནས་པར་མི་བྱའོ། །དེ་བཞིན་དུ་ཚོར་བ་དང་།
འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྟག་ཅེས་བྱ་བར་གནས་པར་མི་བྱའོ། །མི་རྟག་ཅེས་བྱ་བར་གནས་པར་མི་བྱའོ། །དེ་བཞིན་དུ་སྦྱར་ཏེ། རྣམ་པར་ཤེས་པ་དངོས་པོ་ཡོད་ཅེས་བྱ་བར་གནས་པར་མི་བྱའོ། །དངོས་པོ་མེད་ཅེས་བྱ་བའི་བར་དུ་གནས་པར་
མི་བྱའོ། །དེ་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་འདུས་བྱས་ཀྱིས་རབ་ཏུ་ཕྱེ་བའོ་ཞེས་བྱ་བར་གནས་པར་མི་བྱའོ། །འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའོ་ཞེས་བྱ་བར་གནས་པར་མི་བྱའོ། །དེ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་
པ་ཉིད་ཀྱི་འབྲས་བུ་འདུས་བྱས་ཀྱིས་རབ་ཏུ་ཕྱེ་བའོ་ཞེས་བྱ་བར་གནས་པར་མི་བྱའོ། །འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའོ་ཞེས་བྱ་བར་གནས་པར་མི་བྱའོ། །དེ་བཞིན་དུ་རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདུས་བྱས་ཀྱིས་རབ་ཏུ་ཕྱེ་བའོ་ཞེས་བྱ་བར་གནས་པར་
མི་བྱའོ། །འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའོ་ཞེས་བྱ་བར་གནས་པར་མི་བྱའོ། །ཀཽ་ཤི་ཀ་གཞན་ཡང་རྒྱུན་དུ་ཞུགས་པ་ནི་སྦྱིན་གནས་སོ། །ཞེས་བྱ་བར་གནས་པར་མི་བྱའོ། །དེ་བཞིན་དུ་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་།
เล่ม ๓๒ · หน้า 70a
བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་ནི་སྦྱིན་གནས་སོ་ཞེས་བྱ་བར་གནས་པར་མི་བྱ་སྟེ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་དེ་ལྟར་གནས་པར་མི་བྱའོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་གནས་པར་མི་བྱའོ། །དེ་བཞིན་དུ་སྦྱར་ཏེ། ས་བཅུ་པའི་བར་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གནས་པ་ཡོད་ན་གཡོ་བར་འགྱུར་
བའི་ཕྱིར་རོ། །གཞན་ཡང་བདག་གིས་སེམས་དང་པོ་བསྐྱེད་པ་ལ་གནས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་སྙམ་དུ་གནས་པར་མི་བྱའོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་
ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་སྙམ་དུ་གནས་པར་མི་བྱའོ། །དེ་བཞིན་དུ་སེམས་དང་པོ་བསྐྱེད་པ་ལ་གནས་ཏེ། དྲན་པ་ཉེ་བར་གཞག་པ་རྣམས་བསྒོམ་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་
བྱའོ། །དེ་བཞིན་དུ་སྦྱར་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་བསྒོམ་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་བསྒོམ་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །སངས་རྒྱས་
ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་བསྒོམ་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེའི་འོག་ཏུ་ཕྱིར་
མི་ལྡོག་པའི་ས་ལ་གནས་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་ལྔ་ཡོངས་སུ་རྫོགས་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །བྱང་ཆུབ་སེམས་
เล่ม ๓๒ · หน้า 70b
དཔའ་སེམས་དཔའ་ཆེན་པོས་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་ལྔ་པོ་དེ་དག་ལ་གནས་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཕྱག་བྱ་བའི་ཕྱིར་དང་། མཆོད་པ་བྱ་བའི་ཕྱིར་དང་། བསྙེན་བཀུར་བྱ་བའི་ཕྱིར་དང་། ཆོས་མཉན་པའི་ཕྱིར་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་
གྲངས་མེད་པ་རྣམས་སུ་འགྲོ་བར་བྱ་ཞིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་དེ་ཐོས་ནས་ཀྱང་སངས་རྒྱས་དེ་དག་གི་སངས་རྒྱས་ཀྱི་ཞིང་དེ་འདྲ་བ་དག་མངོན་པར་སྤྲུལ་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དམིགས་པའི་ཚུལ་
གྱིས་གནས་པར་མི་བྱའོ། །དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པ་རྣམས་སུ་སོང་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་འདི་ལྟ་སྟེ། མེ་ཏོག་དང་། ཕྲེང་བ་དང་། དྲི་དང་། བྱུག་པ་དང་། གདུགས་དང་།
རྒྱལ་མཚན་དང་། རས་བཅོས་བུ་བྱེ་བ་ཕྲག་འབུམ་དག་གིས་བཀུར་སྟི་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པར་བྱའོ། །སྙམ་དུ་དེ་ལྟར་ཡང་གནས་པར་མི་བྱའོ། །དེར་སོང་ནས་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
ལ་དགོད་པར་བྱའོ་སྙམ་དུ་གནས་པར་མི་བྱའོ། །དེ་བཞིན་དུ་མིག་ལྔ་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། ཤའི་མིག་དང་། ལྷའི་མིག་དང་། ཆོས་ཀྱི་མིག་དང་། ཤེས་རབ་ཀྱི་མིག་དང་། སངས་རྒྱས་ཀྱི་མིག་བསྐྱེད་པར་བྱའོ་སྙམ་དུ་གནས་པར་མི་བྱའོ། །དེ་བཞིན་དུ་ཏིང་ངེ་འཛིན་
ཐམས་ཅད་བསྐྱེད་པར་བྱའོ་སྙམ་དུ་གནས་པར་མི་བྱའོ། །ཏིང་ངེ་འཛིན་གང་འདོད་པ་དེས་བརྩོན་པར་བྱའོ་སྙམ་དུ་གནས་པར་མི་བྱའོ། །གཟུངས་ཀྱི་སྒོ་ཐམས་ཅད་བསྒྲུབ་པར་བྱའོ་སྙམ་དུ་གནས་པར་མི་བྱའོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་བསྒྲུབ་པར་བྱའོ་སྙམ་དུ་གནས་
པར་མི་བྱའོ། །དེ་བཞིན་དུ་མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡོངས་སུ་བསྒྲུབ་པར་བྱའོ་སྙམ་དུ་གནས་པར་མི་བྱའོ། །དེ་བཞིན་དུ་སྐྱེས་བུ་ཆེན་པོའི་མཚན་སུམ་
เล่ม ๓๒ · หน้า 71a
ཅུ་རྩ་གཉིས་ལུས་ལ་ཡོངས་སུ་བསྒྲུབ་པར་བྱའོ་སྙམ་དུ་གནས་པར་མི་བྱའོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་ལུས་ལ་ཡོངས་སུ་བསྒྲུབ་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །དེ་བཞིན་དུ་གང་ཟག་བརྒྱད་པ་ལ་གནས་པར་མི་བྱ་སྟེ། དད་པས་རྗེས་
སུ་འབྲང་བ་དང་། ཆོས་ཀྱི་རྗེས་སུ་འབྲང་བའོ་སྙམ་དུ་གནས་པར་མི་བྱའོ། །རྒྱུན་དུ་ཞུགས་པ་ནི་དེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པའོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །རིགས་ནས་རིགས་སུ་སྐྱེ་བ་དང་། བར་ཆད་གཅིག་པ་ཞེས་བྱ་བར་གནས་པར་མི་བྱའོ། །
ཚེ་ཟད་པ་དང་། ཉོན་མོངས་པ་མགོ་མཉམ་དུ་ཟད་པའི་གང་ཟག་ཅེས་བྱ་བར་གནས་པར་མི་བྱའོ། །རྒྱུན་དུ་ཞུགས་པ་ནི་ལོག་པར་མི་ལྟུང་བའི་ཆོས་ཅན་ཞེས་བྱ་བར་གནས་པར་མི་བྱའོ། །ལན་ཅིག་ཕྱིར་འོང་བ་ལ་ལན་ཅིག་འཇིག་རྟེན་འདིར་འོངས་ནས་སྡུག་བསྔལ་མཐར་འབྱིན་པར་འགྱུར་རོ་སྙམ་
དུ་གནས་པར་མི་བྱའོ། །ཕྱིར་མི་འོང་བ་ནི་དེར་ཡོངས་སུ་མྱ་ངན་ལས་འདའོ་སྙམ་དུ་གནས་པར་མི་བྱའོ། །དགྲ་བཅོམ་པ་ཟག་པ་ཟད་པ་ནི་ཡང་སྲིད་པ་མེད་དོ་ཞེས་བྱ་བ་དང་། འདི་ཉིད་དུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་
སྙམ་དུ་གནས་པར་མི་བྱའོ། །རང་སངས་རྒྱས་ཞེས་བྱ་བར་གནས་པར་མི་བྱའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བར་གནས་པར་མི་བྱའོ། །ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་ལས་ཡང་དག་པར་འདས་ནས་བྱང་ཆུབ་སེམས་དཔའི་ས་ལ་གནས་པར་བྱའོ་
སྙམ་དུ་གནས་པར་མི་བྱའོ། །དེ་བཞིན་དུ་ལམ་གྱི་རྣམ་པ་ཤེས་པའི་ཡེ་ཤེས་ལ་གནས་པར་མི་བྱའོ། །རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་ནས་ཉོན་མོངས་པ་དང་། བག་ཆགས་དང་། མཚམས་སྦྱོར་བ་ཐམས་ཅད་སྤང་བར་བྱའོ་སྙམ་དུ་དམིགས་
པའི་ཚུལ་གྱིས་གནས་པར་མི་བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ་སྙམ་དུ་གནས་པར་མི་བྱའོ། །དེ་བཞིན་དུ་
เล่ม ๓๒ · หน้า 71b
སངས་རྒྱས་ཀྱི་མཛད་པ་རྣམས་བྱས་ནས་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །དེ་བཞིན་དུ་རྫུ་འཕྲུལ་གྱི་རྐང་པ་བཞི་ཤིན་ཏུ་བསྒོམས་པ་
ལ་གནས་ནས། ཏིང་ངེ་འཛིན་ཇི་ལྟ་བུ་ལ་སྙོམས་པར་ཞུགས་ན་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གནས་པར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱའོ་སྙམ་དུ་གནས་པར་མི་བྱའོ། །བདག་གི་ཚེའི་ཚད་ནི་དཔག་ཏུ་མེད་པར་འགྱུར་རོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་
པར་མི་བྱའོ། །དེ་བཞིན་དུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པར་འགྱུར་བར་བྱ་སྟེ། སྐྱེས་བུ་ཆེན་པོའི་མཚན་རེ་རེ་ཡང་བསོད་ནམས་བརྒྱས་ཡོངས་སུ་འགྲུབ་པར་འགྱུར་རོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །ཤར་དང་། ལྷོ་དང་། ནུབ་དང་། བྱང་ཕྱོགས་སུ་
འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་ཇི་སྙེད་པ་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་དག་བདག་གི་སངས་རྒྱས་ཀྱི་ཞིང་གཅིག་ཏུ་གྱུར་ཅིག་སྙམ་དུ་གནས་པར་མི་བྱའོ། །བདག་གི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྡོ་རྗེ་ལས་བྱས་པར་གྱུར་ཅིག་སྙམ་དུ་གནས་པར་མི་བྱའོ། །བདག་
བྱང་ཆུབ་ཀྱི་ཤིང་ལས་སེམས་ཅན་གང་དག་དྲི་སྣོམ་པ་དེ་དག་གི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་མེད་པར་འགྱུར་ཞིང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སེམས་དག་མི་སྐྱེད་པར་སེམས་ཅན་དེ་དག་གིས་དྲི་དེ་མནམས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པ་ཁོ་
ནར་གྱུར་ལ། དེ་དག་ལ་ལུས་ཀྱི་ནད་དམ། རླུང་ནད་དག་འབྱུང་བར་མི་འགྱུར་བའི་དྲི་དེ་ལྟ་བུ་དག་འབྱུང་བར་གྱུར་ཅིག་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །བདག་གི་སངས་རྒྱས་ཀྱི་ཞིང་དེར་གཟུགས་ཀྱི་སྒྲ་འབྱུང་བར་མ་གྱུར་ཅིག །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་
དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་སྒྲ་འབྱུང་བར་མ་གྱུར་ཅིག་སྙམ་དུ་དེ་ལྟར་ཡང་གནས་པར་མི་བྱའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྒྲ་འབྱུང་བར་གྱུར་ཅིག་ཅེས་པ་དང་། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་གྱི་སྒྲ་འབའ་
เล่ม ๓๒ · หน้า 72a
ཞིག་འབྱུང་བར་གྱུར་ཅིག་ཅེས་བྱ་བ་དེ་ལྟར་ཡང་གནས་པར་མི་བྱའོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་སྒྲ་འབྱུང་བར་གྱུར་ཅིག་ཅེས་བྱ་བ་དེ་ལྟར་ཡང་གནས་པར་མི་བྱའོ། །དེ་བཞིན་དུ་རྟག་ཏུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་གྱི་སྒྲ་འབྱུང་
བར་གྱུར་ཅིག་སྙམ་དུ་གནས་པར་མི་བྱའོ། །བདག་གི་སངས་རྒྱས་ཀྱི་ཞིང་དེར་རྒྱུན་དུ་ཞུགས་པ་རྣམས་ཀྱི་སྒྲ་འབྱུང་བར་མ་གྱུར་ཅིག་ཅེས་བྱ་བ་ནས་དགྲ་བཅོམ་པ་དང་། རང་སངས་རྒྱས་རྣམས་ཀྱི་སྒྲ་འབྱུང་བར་མ་གྱུར་ཅིག་སྙམ་དུ་གནས་པར་མི་བྱའོ། །བྱང་ཆུབ་སེམས་དཔའི་སྒྲ་དང་།
སངས་རྒྱས་ཀྱི་སྒྲ་འབའ་ཞིག་འབྱུང་བར་གྱུར་ཅིག་སྙམ་དུ་དེ་ལྟར་ཡང་གནས་པར་མི་བྱའོ། །དེ་བཞིན་དུ་སྦྱར་ཏེ། ལེའུ་བར་མར་ཇི་སྐད་བསྟན་པ་ཁོ་ན་བཞིན་དུ་འདིར་ཡང་དེ་བཞིན་དུ་རྒྱ་ཆེར་སྦྱར་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་
དག་པར་རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་རོ། །ཀཽ་ཤི་ཀ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཆོས་
ཐམས་ཅད་ལ་གནས་པར་མི་བྱའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུའི་སེམས་སེམས་ཀྱིས་ཤེས་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཅི་ལ་གནས་སྙམ། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་དེ་བཞིན་གཤེགས་པ་ནི་ཅི་ལ་ཡང་མི་གནས་པ་ཡིན་ལ། དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས་ཀྱང་ཅི་ལ་ཡང་གནས་པ་མ་ཡིན་ཏེ། དེ་ནི་གཟུགས་ལ་མི་གནས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་གནས། འདུས་བྱས་ཀྱི་ཁམས་ལ་མི་གནས།
เล่ม ๓๒ · หน้า 72b
དྲན་པ་ཉེ་བར་གཞག་པ་རྣམས་ལ་མི་གནས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ལ་མི་གནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མི་གནས་སོ། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །
ཤ་ར་དྭ་ཏིའི་བུ་ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་སྟོན་པ་ནི་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་པ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། དེ་ལྟར་ཆོས་
རྣམས་ལ་གནས་པར་བྱ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། དེ་ལྟར་ཆོས་རྣམས་ལ་གནས་པར་བྱའོ། །དེ་ནས་འཁོར་དེ་ལས་ལྷའི་བུ་ཁ་ཅིག་འདི་སྙམ་དུ་སེམས་ཏེ། གནོད་སྦྱིན་རྣམས་ཀྱིས་གནོད་
སྦྱིན་གྱི་ཚིག་དང་། ངག་རྣམས་དང་། གནོད་སྦྱིན་གྱི་བརྗོད་པ་དང་། གནོད་སྦྱིན་གྱི་སྐད་དང་། གནོད་སྦྱིན་གྱིས་བརྗོད་པར་བྱ་བ་གང་དག་ཡིན་པ་དེ་དག་ནི་བདག་ཅག་གིས་ཤེས་པར་རུང་གིས་ད་ལྟར་ཚེ་དང་ལྡན་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་པ་དང་། རྗོད་པ་དང་།
སྟོན་པ་དང་། རྣམ་པར་འགྲེལ་པ་དང་། གསལ་བར་བྱེད་པ་དང་། ལུང་འབོགས་ཤིང་ཚིག་རྗོད་པ་གང་དག་ཡིན་པ་དེ་དག་ནི་བདག་ཅག་གིས་མི་ཤེས་སོ་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་བུ་དེ་དག་གི་སེམས་སེམས་ཀྱིས་ཤེས་ནས་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་
སོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་པར་མི་རུང་ངམ། དེ་དག་གིས་སྨྲས་པ། བཙུན་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་ཅག་གིས་ཤེས་པར་མི་རུང་ངོ་། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ལྷའི་
བུ་དག་ཁྱེད་རྣམས་ཀྱིས་ཐོས་པར་འགྱུར་དུ་ཡི་གེ་གཅིག་ཀྱང་མ་བརྗོད་མ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡི་གེ་རྣམས་མ་ཡིན་ལ། འདི་ལ་གང་གིས་ཐོས་པར་འགྱུར་བའི་ཉན་པ་པོ་འགའ་ཡང་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན།
เล่ม ๓๒ · หน้า 73a
ལྷའི་བུ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ལ་ནི་ཡི་གེ་མེད་པའི་ཕྱིར་རོ། །ལྷའི་བུ་དག་དཔེར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སངས་རྒྱས་ཞིག་སྤྲུལ་ལ་
དེས་ཀྱང་སྤྲུལ་པ་མཛད་དེ། འདི་ལྟ་སྟེ། དགེ་སློང་གི་འཁོར་དང་། དགེ་སློང་མའི་འཁོར་དང་། དགེ་བསྙེན་གྱི་འཁོར་དང་། དགེ་བསྙེན་མའི་འཁོར་དག་ཅིག་སྤྲུལ་ལ། དེས་མངོན་པར་སྤྲུལ་ནས་ཀྱང་འཁོར་བཞི་པོ་དེ་དག་ལ་ཆོས་བསྟན་པར་གྱུར་ན། ལྷའི་བུ་དག་འདི་ཇི་སྙམ་
དུ་སེམས། ཅི་འཁོར་དེར་སེམས་ཅན་འགས་ཀྱང་ཆོས་ཅི་ཡང་བསྟན་པའམ། སེམས་ཅན་འགས་ཀྱང་ཆོས་ཅི་ཡང་ཐོས་པའམ། རྣམ་པར་ཤེས་པ་ཡོད་སྙམ་འམ། སྨྲས་པ། བཙུན་པ་རབ་འབྱོར་མ་མཆིས་སོ། །རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་དེ་དེ་བཞིན་ཏེ། ཆོས་
ཐམས་ཅད་ནི་སྤྲུལ་པ་ལྟ་བུ་སྟེ། དེ་དག་ནི་སུས་ཀྱང་བཤད་པ་མེད་ཅིང་། སེམས་ཅན་གང་གིས་ཀྱང་ཐོས་པ་མེད་ལ་སུས་ཀྱང་ཤེས་པ་ཡང་མེད་དོ། །ལྷའི་བུ་དག་དཔེར་ན་རྨི་ལམ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་སྟོན་པ་ཞིག་མཐོང་
ན། ལྷའི་བུ་དག་འདི་ཇི་སྙམ་དུ་སེམས། ཅི་དེ་སུས་ཀྱང་བཤད་པའམ། ཐོས་པའམ། ཀུན་ཤེས་པ་ཡོད་སྙམ་འམ། དེ་དག་གིས་སྨྲས་པ། བཙུན་པ་རབ་འབྱོར་མ་མཆིས་སོ། །སྨྲས་པ། ལྷའི་བུ་དག་དེ་དེ་བཞིན་ཏེ། ཆོས་ཐམས་ཅད་ནི་རྨི་ལམ་ལྟ་བུ་སྟེ། དེ་དག་
ནི་སུས་ཀྱང་བཤད་པ་མེད་ལ། ཐོས་པ་ཡང་མེད། ཀུན་ཤེས་པ་ཡང་མེད་དོ། །ལྷའི་བུ་དག་དཔེར་ན་མི་གཉིས་ཞིག་གཡང་སའི་བྱ་སྐྱིབས་ཞིག་ཏུ་འཁོད་ནས་སངས་རྒྱས་ཀྱི་བསྔགས་པ་རྗོད་ཅིང་། དེ་བཞིན་དུ་ཆོས་དང་དགེ་འདུན་གྱི་བསྔགས་པ་རྗོད་ལ། མི་དེ་གཉིས་ཀྱི་ཚིག་གི་སྒྲ་
ལས་བྲག་ཅ་གཉིས་ཤིག་བྱུང་ན། ལྷའི་བུ་དག་འདི་ཇི་སྙམ་དུ་སེམས། ཅི་བྲག་ཅའི་སྒྲ་ཅིག་ཤོས་པོ་དེས་བྲག་ཅའི་སྒྲ་གཉིས་པ་ཐོས་པའམ། རྣམ་པར་ཤེས་པ་ཡོད་སྙམ་འམ། དེ་དག་གིས་སྨྲས་པ། བཙུན་པ་རབ་འབྱོར་མ་མཆིས་སོ། །སྔ་མ་ཇི་ལྟ་བ་དེ་ཁོ་ན་བཞིན་དུ་རྒྱ་ཆེར་སྦྱར་བར་
เล่ม ๓๒ · หน้า 73b
བྱའོ། །ལྷའི་བུ་དག་དཔེར་ན། སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་འདུག་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞིག་སྤྲུལ་ལ། དེ་བཞིན་གཤེགས་པའི་སྤྲུལ་པ་དེས་ཀྱང་སྤྲུལ་པའི་འཁོར་
བཞི་པོ་དེ་དག་ལ་ཆོས་བསྟན་པར་གྱུར་ན། ལྷའི་བུ་དག་འདི་ཇི་སྙམ་དུ་སེམས། ཅི་དེ་ལ་སེམས་ཅན་གང་གིས་ཀྱང་ཆོས་ཅི་ཡང་བསྟན་པའམ། སེམས་ཅན་གང་གིས་ཀྱང་ཐོས་པའམ། རྣམ་པར་ཤེས་པ་ཡོད་སྙམ་འམ། དེ་དག་གིས་སྨྲས་པ། བཙུན་པ་རབ་འབྱོར་མ་མཆིས་
སོ། །སྔར་ཇི་སྐད་བསྟན་པ་དེ་ཁོ་ན་བཞིན་དུ་སྦྱར་བར་བྱའོ། །དེ་ནས་ལྷའི་བུ་དེ་དག་འདི་སྙམ་དུ་སེམས་ཏེ། གནས་བརྟན་རབ་འབྱོར་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གསལ་བར་བྱེད་དེ། དེ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེས་ཟབ་པར་འཆད་ཅིང་། ཆེས་ཕྲ་བར་སྟོན་
ཏོ་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱི་སེམས་ཀྱིས། ལྷའི་བུ་དེ་དག་གི་སེམས་ལ་བརྟགས་ནས། ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག་གཟུགས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་།
རྣམ་པར་ཤེས་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །གཟུགས་ཀྱི་ངོ་བོ་ཉིད་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ངོ་བོ་ཉིད་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །དེ་བཞིན་དུ་གོང་མ་བཞིན་དུ་སྦྱར་ཏེ།
ཕུང་པོ་དག་ཏུ་ཇི་སྐད་བསྟན་པ་དེ་བཞིན་དུ་མིག་ལ་སྦྱར་བར་བྱ་བ་ནས་ཡིད་ཀྱི་བར་ལ་ཡང་སྦྱར་བར་བྱའོ། །དེ་བཞིན་དུ་མིག་གི་རྣམ་པར་ཤེས་པ་ནས། ཡིད་ཀྱི་རྣམ་པར་ཤེས་པའི་བར་ལ་ཡང་སྦྱར་བར་བྱའོ། །དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ་ནས་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པའི་བར་ལ་ཡང་སྦྱར་བར་བྱའོ། །དེ་བཞིན་དུ་ནང་སྟོང་པ་ཉིད་ལ་སྦྱར་བར་བྱ་བ་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་ཡང་སྦྱར་བར་བྱའོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་ལ་སྦྱར་བར་བྱ་བ་ནས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་ལ་ཡང་
เล่ม ๓๒ · หน้า 74a
སྦྱར་བར་བྱའོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྦྱར་བར་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ལ་ཡང་སྦྱར་བར་བྱའོ། །དེ་བཞིན་དུ་ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་ལ་ཡང་སྦྱར་བར་
བྱའོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །དེ་ནས་ལྷའི་བུ་དེ་དག་འདི་སྙམ་དུ་སེམས་ཏེ། ཆོས་བསྟན་པ་འདི་ལ་གཟུགས་སུ་བཏགས་པ་ཡང་མེད་དམ།
ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པར་བཏགས་པ་ཡང་མེད་དམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བཏགས་པ་ཡང་མེད་དམ། ནང་སྟོང་པ་ཉིད་དུ་བཏགས་པ་ཡང་མེད་ཅིང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་
ཉིད་ཀྱི་བར་དུ་བཏགས་པ་ཡང་མེད་དམ། ཆོས་བསྟན་པ་འདི་ལ་དྲན་པ་ཉེ་བར་གཞག་པ་རྣམས་ནས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་བཏགས་པ་ཡང་མེད་དམ། དེ་བཞིན་གཤེགས་པའི་སྟོབས་བཅུར་བཏགས་པ་ཡང་མེད་ཅིང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་
བཅྭ་བརྒྱད་ཀྱི་བར་དུ་བཏགས་པ་ཡང་མེད་དམ། ཆོས་བསྟན་པ་འདི་ལ་རྒྱུན་དུ་ཞུགས་པར་བཏགས་པ་ཡང་མེད་དམ། རྒྱུན་དུ་ཞུགས་པའི་འབྲས་བུར་བཏགས་པ་ཡང་མེད་དམ། ལན་ཅིག་ཕྱིར་འོང་བ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བ་དང་།
ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། དགྲ་བཅོམ་པའི་འབྲས་བུ་དང་། རང་སངས་རྒྱས་དང་། རང་བྱང་ཆུབ་དང་། བྱང་ཆུབ་སེམས་དཔའ་དང་། བྱང་ཆུབ་སེམས་དཔའི་ས་རྣམས་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་དང་། ཡང་དག་པར་རྫོགས་
པའི་སངས་རྒྱས་སུ་བཏགས་པ་ཡང་མེད་དམ། ཡི་གེ་རྣམས་སུ་བཏགས་པ་ཡང་མེད་དམ། ཅི་ཞིག་གུ་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། ལྷའི་བུ་དག་དེ་བཞིན་
เล่ม ๓๒ · หน้า 74b
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ནི་བརྗོད་དུ་མེད་ཅིང་བསྙད་དུ་མེད་པ་ཡིན་ཏེ། དེ་ནི་སུས་ཀྱང་ཤེས་པ་མེད་ཅིང་རྣམ་པར་ཤེས་པ་ཡང་མེད་དོ། །ལྷའི་བུ་དག་དེའི་ཕྱིར་གང་སུ་དག་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པར་འདོད་པའམ།
རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱེད་པར་འདོད་པ་དེ་དག་གིས་བཟོད་པ་འདི་ལ་མ་བརྟེན་པར་གནས་པའམ། མངོན་སུམ་དུ་བྱ་བར་མི་ནུས་སོ། །དེ་བཞིན་དུ་གང་སུ་དག་དགྲ་བཅོམ་པ་ཉིད་ལ་གནས་པར་འདོད་པའམ། དགྲ་བཅོམ་པ་ཉིད་ལ་མངོན་སུམ་དུ་བྱེད་པར་འདོད་པ་དག་དང་།
དེ་བཞིན་དུ་རང་བྱང་ཆུབ་ལ་གནས་པར་འདོད་པའམ། རང་བྱང་ཆུབ་མངོན་སུམ་དུ་བྱེད་པར་འདོད་པ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པར་འདོད་པའམ། ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་སུམ་དུ་བྱེད་པར་འདོད་པ་དེ་དག་གིས་ཀྱང་བཟོད་པ་འདི་ལ་མ་བརྟེན་པར་
གནས་པའམ། མངོན་སུམ་དུ་བྱ་བར་མི་ནུས་སོ། །ལྷའི་བུ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་དང་པོ་བསྐྱེད་ཕྱིན་ཆད་ཐོས་པ་མེད་པ་དང་། བརྗོད་དུ་མེད་པའི་ཕྱིར་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་
ལས། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ལེའུ་ཞེས་བྱ་སྟེ་བཅྭ་ལྔ་པའོ།། །།དེ་ནས་ལྷའི་བུ་དེ་དག་འདི་སྙམ་དུ་སེམས་ཏེ། གནས་བརྟན་རབ་འབྱོར་གྱིས་ཆོས་བསྟན་པ་ཅི་འདྲ་བ་ཞིག་ཏུ་འདོད་པར་བྱ་བ་ཡིན་ཞིག་གུ་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས།
ལྷའི་བུ་དེ་དག་གི་སེམས་སེམས་ཀྱིས་ཤེས་ནས། ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག་ཁོ་བོའི་ཆོས་བསྟན་པ་ནི་སྒྱུ་མ་ལྟ་བུ་དག་ཡིན་ཞིང་། ཁོ་བོ་ལ་ཆོས་ཉན་པ་དག་ཀྱང་སྒྱུ་མ་ལྟ་བུར་འདོད་པར་བྱ་སྟེ། ཆོས་བསྟན་པ་དེ་ནི་ཐོས་པར་ཡང་མི་འགྱུར་ལ། མངོན་
སུམ་དུ་བྱེད་པར་ཡང་མི་འགྱུར་རོ། །དེ་ནས་ལྷའི་བུ་དེ་དག་གིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་ཅི་སེམས་ཅན་དེ་དག་ཀྱང་སྒྱུ་མ་ལྟ་བུ་དག་ཡིན་ལ། དེ་དག་ལ་ཆོས་བསྟན་པ་ཡང་སྒྱུ་མ་ལྟ་བུ་དག་ཡིན་ནམ། དེ་བཞིན་དུ་སེམས་ཅན་
เล่ม ๓๒ · หน้า 75a
རྣམས་ཀྱང་སྤྲུལ་པ་ལྟ་བུ་དག་ཡིན་ལ། དེ་དག་ལ་ཆོས་བསྟན་པ་ཡང་སྤྲུལ་པ་ལྟ་བུ་དག་ཡིན་ནམ། ཚེ་དང་ལྡན་པ་རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་བཞིན་ཏེ། སེམས་ཅན་རྣམས་ནི་སྒྱུ་མ་ལྟ་བུ་དག་ཡིན་ལ། དེ་དག་ལ་ཆོས་
བསྟན་པ་ཡང་སྒྱུ་མ་ལྟ་བུ་དག་ཡིན་ནོ། །སེམས་ཅན་རྣམས་ནི་སྤྲུལ་པ་ལྟ་བུ་དག་ཡིན་ལ། དེ་དག་ལ་ཆོས་བསྟན་པ་ཡང་སྤྲུལ་པ་ལྟ་བུ་དག་ཡིན་ནོ། །ལྷའི་བུ་དག་བདག་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཡིན་ལ། ལྷའི་བུ་དག་གཟུགས་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཡིན་ནོ། །དེ་བཞིན་དུ་
ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཡིན་ནོ། །དེ་བཞིན་དུ་མིག་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཡིན་ནོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཡིན་ནོ། །ལྷའི་བུ་
དག་དེ་བཞིན་དུ་གཟུགས་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་དག་ཡིན་ནོ། །དེ་བཞིན་དུ་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་དག་ཡིན་ནོ། །ལྷའི་བུ་དག་མིག་གི་ཁམས་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་དག་ཡིན་ནོ། །དེ་བཞིན་དུ་གཟུགས་ཀྱི་
ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་དང་། རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་
པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་དག་ཡིན་ནོ། །དེ་བཞིན་དུ་མིག་གི་འདུས་ཏེ་
རེག་པ་ནས། ཡིད་ཀྱི་འདུས་ཏེ་རེག་པའི་བར་དང་། དེ་བཞིན་དུ་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནས། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་བར་དག་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་དག་ཡིན་ནོ། །ལྷའི་བུ་དག་དེ་བཞིན་དུ་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་།
เล่ม ๓๒ · หน้า 75b
ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་
ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་
ལྟ་བུ་དག་ཡིན་ནོ། །ལྷའི་བུ་དག་དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་དག་ཡིན་ནོ། །དེ་བཞིན་དུ་ཡང་དག་པའི་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་།
འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་དག་ཡིན་ནོ། །ལྷའི་བུ་དག་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་དག་ཡིན་ནོ། །དེ་བཞིན་དུ་མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་།
སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་དག་ཡིན་ནོ། །ལྷའི་བུ་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་དག་ཡིན་ནོ། །ལྷའི་བུ་དག་དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་
པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་དག་ཡིན་ནོ། །དེ་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཡིན་པ་ནས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་
དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཀྱི་བར་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་དག་ཡིན་ནོ། །ལྷའི་བུ་དག་དེ་བཞིན་དུ་རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་དག་ཡིན་ནོ། །དེ་ནས་ལྷའི་བུ་དེ་དག་གིས་ཚེ་དང་ལྡན་
เล่ม ๓๒ · หน้า 76a
པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཞེས་སྨྲའམ། བཙུན་པ་རབ་འབྱོར་མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཞེས་སྨྲའམ། ཚེ་དང་ལྡན་པ་རབ་འབྱོར་གྱིས་
སྨྲས་པ། ལྷའི་བུ་དག་ཁོ་བོ་ནི་མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཞེས་སྨྲ་སྟེ། ལྷའི་བུ་དག་གལ་ཏེ་མྱ་ངན་ལས་འདས་པ་དེ་བས་ཆེས་ཁྱད་པར་དུ་འཕགས་པའི་ཆོས་གཞན་འགའ་ཞིག་ཡོད་ན་ཡང་ཁོ་བོ་ནི་ཆོས་དེ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཞེས་སྨྲའོ། །དེ་ཅིའི་ཕྱིར་ཞེ་
ན། ལྷའི་བུ་དག་འདི་ལྟར་རྨི་ལམ་དང་། སྒྱུ་མ་དང་མྱ་ངན་ལས་འདས་པ་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་པའི་ཕྱིར་རོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་གསུས་པོ་ཆེ་དང་། ཚེ་དང་ལྡན་པ་ཀཱ་ཏྱཱའི་བུ་
ཆེན་པོ་དང་། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་འབུམ་ཕྲག་དུ་མ་དག་གིས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་པ། འདི་ལྟར་
མཐོང་བར་དཀའ་བ། འདི་ལྟར་རྟོགས་པར་དཀའ་བ། འདི་ལྟར་ཕྲ་བ། འདི་ལྟར་ཞིབ་པ། འདི་ལྟར་ཞི་བ། འདི་ལྟར་གྱ་ནོམ་པ་འདི་སུ་ཞིག་ལེན་པར་འགྱུར། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཀུན་དགའ་བོ་དང་། ཉན་ཐོས་ཆེན་པོ་དེ་དག་དང་། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་པ། བརྟག་པར་མི་ནུས་པ། རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། ཕྲ་བ་ཞིབ་པ་མཐོང་བར་དཀའ་བ། རྟོགས་པར་དཀའ་བ། འདི་ལྟར་ཞི་བ། འདི་ལྟར་
གྱ་ནོམ་པ་དྲི་མ་མེད་པ། འཕགས་པ་མཁས་པ་དང་། མཛངས་པས་རིག་པར་བྱ་བ་འདི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དག་ལེན་པར་འགྱུར་རོ། །བདེན་པ་མཐོང་བའམ། དགྲ་བཅོམ་པ་ཆོས་ཀྱི་གཏིང་རྟོགས་པ། བརྣག་པ་ཡོངས་སུ་རྫོགས་པ་དག་གམ། བྱང་ཆུབ་སེམས་
เล่ม ๓๒ · หน้า 76b
དཔའ་སེམས་དཔའ་ཆེན་པོ་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། སངས་རྒྱས་བྱེ་བ་ཕྲག་མང་པོ་ལ་དགེ་བའི་རྩ་བ་བསྐྱེད་པ་དག་གམ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་པ་ནས། དེ་
བཞིན་དུ་སྦྱར་ཏེ། དྲི་མ་མེད་པ་འཕགས་པ་མཁས་པ་དང་། མཛངས་པས་རིག་པར་བྱ་བའི་བར་འདི་སྟོན་པའི་ཚེ་ལེན་པར་འགྱུར་ཏེ། དེ་དག་ནི་གཟུགས་སྟོང་ཞེས་བྱ་བ་དང་། སྟོང་པ་ཉིད་གཟུགས་སོ་སྙམ་དུ་རྣམ་པར་རྟོག་པར་མི་འགྱུར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་
དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྟོང་ཞེས་བྱ་བ་དང་། སྟོང་པ་ཉིད་རྣམ་པར་ཤེས་པའོ་སྙམ་དུ་རྣམ་པར་རྟོག་པར་མི་འགྱུར་རོ། །གཟུགས་མཚན་མ་མེད་ཅེས་བྱ་བ་དང་། མཚན་མ་མེད་པ་གཟུགས་སོ་སྙམ་དུ་རྣམ་པར་རྟོག་པར་མི་འགྱུར་རོ། །དེ་བཞིན་དུ་ཚོར་བ་
དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མཚན་མ་མེད་ཅེས་བྱ་བ་དང་། མཚན་མ་མེད་པ་རྣམ་པར་ཤེས་པའོ་སྙམ་དུ་རྣམ་པར་རྟོག་པར་མི་འགྱུར་རོ། །གཟུགས་སྨོན་པ་མེད་ཅེས་བྱ་བ་དང་། སྨོན་པ་མེད་པ་གཟུགས་སོ་སྙམ་དུ་རྣམ་པར་རྟོག་པར་མི་
འགྱུར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྨོན་པ་མེད་ཅེས་བྱ་བ་དང་། སྨོན་པ་མེད་པ་རྣམ་པར་ཤེས་པའོ་སྙམ་དུ་རྣམ་པར་རྟོག་པར་མི་འགྱུར་རོ། །དེ་ལྟར་གོང་མ་བཞིན་དུ་སྦྱར་ཏེ། གཟུགས་སྐྱེ་བ་མེད་དོ་སྙམ་དུ་རྣམ་པར་
རྟོག་པར་མི་འགྱུར་ཞིང་། འགག་པ་མེད་དོ་སྙམ་པ་དང་། དབེན་པའོ་སྙམ་པའི་བར་དུ་རྣམ་པར་རྟོག་པར་མི་འགྱུར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྐྱེ་བ་མེད་དོ་སྙམ་དུ་རྣམ་པར་རྟོག་པར་མི་འགྱུར་ཞིང་། འགག་པ་མེད་དོ་
སྙམ་པ་དང་། དབེན་པའོ་སྙམ་དུ་རྣམ་པར་རྟོག་པར་མི་འགྱུར་རོ། །གཟུགས་ཞི་བའོ་སྙམ་དུ་རྣམ་པར་རྟོག་པར་མི་འགྱུར་རོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཞི་བའོ་སྙམ་དུ་རྣམ་པར་རྟོག་པར་མི་འགྱུར་རོ། །དེ་བཞིན་དུ་སྦྱར་ཏེ། མིག་
เล่ม ๓๒ · หน้า 77a
གི་བར་དང་། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་བར་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །ཡིད་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་བར་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པའི་བར་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་ཡང་སྦྱར་བར་བྱའོ། །དྲན་པ་ཉེ་བར་གཞག་པ་རྣམས་ནས། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དེ་བཞིན་
གཤེགས་པའི་སྟོབས་བཅུ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དེ་བཞིན་དུ་ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །དེ་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ནས། དགྲ་
བཅོམ་པ་ཉིད་ཀྱི་བར་དང་། རང་བྱང་ཆུབ་ཀྱི་བར་ལ་ཡང་སྦྱར་བར་བྱའོ། །དེ་ལྟར་ན་དེ་དག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་པ་ཉིད་དོ་ཞེས་བྱ་བ་དང་། སྟོང་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་སྙམ་དུ་རྣམ་པར་རྟོག་པར་མི་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
མཚན་མ་མེད་དོ་ཞེས་བྱ་བ་དང་། མཚན་མ་མེད་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་སྙམ་དུ་རྣམ་པར་རྟོག་པར་མི་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྨོན་པ་མེད་དོ་ཞེས་བྱ་བ་དང་། སྨོན་པ་མེད་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་སྙམ་དུ་རྣམ་པར་རྟོག་པར་མི་འགྱུར་རོ། །
འདུས་བྱས་ཀྱི་ཁམས་སྟོང་པ་ཉིད་དོ་ཞེས་བྱ་བ་དང་། སྟོང་པ་ཉིད་འདུས་བྱས་ཀྱི་ཁམས་སོ་སྙམ་དུ་རྣམ་པར་རྟོག་པར་མི་འགྱུར་རོ། །དེ་བཞིན་དུ་འདུས་བྱས་ཀྱི་ཁམས་མཚན་མ་མེད་དོ་ཞེས་བྱ་བ་དང་། མཚན་མ་མེད་པ་འདུས་བྱས་ཀྱི་ཁམས་སོ་སྙམ་དུ་རྣམ་པར་རྟོག་པར་མི་འགྱུར་རོ། །འདུས་བྱས་
ཀྱི་ཁམས་སྨོན་པ་མེད་དོ་ཞེས་བྱ་བ་དང་། སྨོན་པ་མེད་པ་འདུས་བྱས་ཀྱི་ཁམས་སོ་སྙམ་དུ་རྣམ་པར་རྟོག་པར་མི་འགྱུར་རོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དང་། དེ་བཞིན་དུ་འདུས་བྱས་དང་། འདུས་མ་བྱས་ཀྱི་བར་དུ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཞི་བ་
เล่ม ๓๒ · หน้า 77b
དང་། དབེན་པར་རྣམ་པར་རྟོག་པར་མི་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་པ་ནས། དྲི་མ་མེད་པ་འཕགས་པ་མཁས་པ་དང་། མཛངས་པས་རིག་པར་བྱ་བ་འདི་ལ་
ནི་ལེན་པར་བྱེད་པར་འགྱུར་བ་འགའ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འདིར་ཆོས་འགའ་ཡང་ཡོངས་སུ་མ་བརྗོད་ཅིང་ཡོངས་སུ་མ་བསྟན་པའི་ཕྱིར་ཏེ། ཇི་ལྟར་འདིར་ཆོས་འགའ་ཡང་ཡོངས་སུ་མ་བརྗོད་ཅིང་། ཡོངས་སུ་མ་བསྟན་པ་དེ་ལྟར་འདི་སེམས་ཅན་འགའ་ཡང་ལེན་
པར་འགྱུར་བ་མེད་དོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་ཐེག་པ་གསུམ་པོ་བསྟན་པ་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་།
ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་དག་རྒྱ་ཆེར་བསྟན་ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་གཟུང་བ་ཡང་བསྟན་ལ། སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། ས་བཅུའི་སེམས་བསྐྱེད་པའི་བར་དང་། བྱང་ཆུབ་སེམས་དཔའི་ལམ་འདི་ལྟ་སྟེ།
སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དང་། དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་ནས། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དང་། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་
བར་དག་བསྟན་ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྫུ་འཕྲུལ་གྱི་མངོན་པར་ཤེས་པས་རྣམ་པར་རྩེ་བ་དག་ཀྱང་བསྟན་ལ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་རྣམས་རྫུས་ཏེ་སྐྱེ་བར་འགྱུར་བ་དང་། དེ་བཞིན་
དུ་མངོན་པར་ཤེས་པ་ཡོངས་སུ་མི་ཉམས་པའི་ཆོས་ཅན་དུ་འགྱུར་ཞིང་། དགེ་བའི་རྩ་བ་གང་དག་གིས་འདོད་ན་སངས་རྒྱས་ཀྱི་ཞིང་རྣམས་སུ་འགྲོ་བ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བསྟི་སྟང་དུ་བྱ་བ་དང་། རི་མོར་བྱ་བ་དང་། མཆོད་པར་བྱེད་པར་འགྱུར་བའི་དགེ་བའི་
เล่ม ๓๒ · หน้า 78a
རྩ་བ་དེ་དག་ཀྱང་འགྲུབ་པར་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་གང་ཐོས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ནམ་ཡང་ཆུད་ཟ་བར་མི་འགྱུར་བ་དང་། མཉམ་པར་མ་བཞག་པའི་
ཚུལ་གྱིས་རྟག་ཏུ་མཉམ་པར་བཞག་པར་འགྱུར་བ་དང་། ཐོགས་པ་མེད་པའི་སྤོབས་པ་དང་། རྒྱུན་མི་འཆད་པའི་སྤོབས་པ་དང་། རིགས་པའི་སྤོབས་པ་དང་། འབྲེལ་བའི་སྤོབས་པ་དང་། དོན་བཟང་པོ་དང་ལྡན་པའི་སྤོབས་པ་དང་། འཇིག་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་
པའི་སྤོབས་པ་རབ་མཆོག་ཅན་དུ་འགྱུར་བ་དག་ཀྱང་བསྟན་པ་ཡིན་ནམ། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་འདིར་ཐེག་པ་གསུམ་པོ་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་དག་རྒྱ་ཆེར་བསྟན་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་གཟུང་བ་ཡང་བསྟན་པ་ནས། དེ་བཞིན་
དུ་སྦྱར་ཏེ། ཅི་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཇིག་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་སྤོབས་པ་རབ་མཆོག་ཅན་གྱི་བར་དུ་འགྱུར་ཞིང་། དེ་ཡང་མི་དམིགས་པའི་ཚུལ་གྱིས་བསྟན་པ་ནས། ཤེས་པ་པོ་དང་། མཐོང་བ་པོའི་བར་དུ་མི་དམིགས་པའི་ཚུལ་
དང་། དེ་བཞིན་དུ་གཟུགས་མི་དམིགས་པའི་ཚུལ་དང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མི་དམིགས་པའི་ཚུལ་དང་། དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པའི་ཚུལ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་
དུ་མི་དམིགས་པའི་ཚུལ་དང་། ནང་སྟོང་པ་ཉིད་མི་དམིགས་པའི་ཚུལ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་མི་དམིགས་པའི་ཚུལ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་བར་དུ་མི་དམིགས་པའི་ཚུལ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་མི་དམིགས་
เล่ม ๓๒ · หน้า 78b
པའི་ཚུལ་དང་། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་མི་དམིགས་པའི་ཚུལ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་མི་དམིགས་པའི་ཚུལ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་དམིགས་པའི་ཚུལ་གྱིས་བསྟན་ཏོ། །དེ་ནས་ཚེ་དང་
ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་ཐེག་པ་གསུམ་པོ་དག་མི་དམིགས་པའི་ཚུལ་གྱིས་བསྟན་ཅིང་། དེ་བཞིན་དུ་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
རྣམས་ཡོངས་སུ་གཟུང་བ་བསྟན་པ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཇིག་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་སྤོབས་པ་རབ་མཆོག་ཅན་གྱི་བར་དུ་འགྱུར་ལ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བསྟན། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་
པ་རབ་འབྱོར་གྱིས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ནང་སྟོང་པ་ཉིད་ཀྱི་ཕྱིར་ཐེག་པ་གསུམ་པོ་དག་རྒྱ་ཆེར་བསྟན་ཏེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བསྟན་ཏོ། །དེ་བཞིན་དུ་ནང་སྟོང་པ་ཉིད་ཀྱི་ཕྱིར་དང་། ཕྱི་སྟོང་པ་ཉིད་ཀྱི་
ཕྱིར་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར། ཐེག་པ་གསུམ་པོ་དག་རྒྱ་ཆེར་བསྟན་ཏེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བསྟན་ཏོ། །དེ་བཞིན་དུ་ནང་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་གཟུང་བ་བསྟན་ཅིང་།
དེ་བཞིན་དུ་སྦྱར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཇིག་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་སྤོབས་པ་རབ་མཆོག་ཅན་གྱི་བར་དུ་འགྱུར་ཞིང་། དེ་ཡང་མི་དམིགས་པའི་ཚུལ་གྱིས་བསྟན་པ་དང་། དེ་བཞིན་དུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་
གྱི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་གཟུང་བ་བསྟན་པ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཇིག་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་སྤོབས་པ་རབ་མཆོག་ཅན་གྱི་བར་དུ་འགྱུར་ཞིང་། དེ་ཡང་མི་དམིགས་པའི་ཚུལ་གྱིས་
เล่ม ๓๒ · หน้า 79a
བསྟན་ཏོ། །དེ་ནས་འཁོར་དེ་ན་དབང་པོ་དང་བཅས་པའི་ལྷ་རྣམས་དང་། ལྷ་མོའི་ཚོགས་དང་བཅས་པ་རྣམས་དང་། ཚངས་པ་དང་བཅས་པ་རྣམས་དང་། སྐྱེ་དགུའི་བདག་པོ་དང་བཅས་པ་རྣམས་དང་། སུམ་ཅུ་རྩ་གསུམ་པ་རྣམས་ཀྱིས་འདི་ལྟ་སྟེ། དེ་བཞིན་
གཤེགས་པའི་སྟོབས་དང་། དེ་བཞིན་གཤེགས་པའི་བྱིན་གྱིས་རླབས་དང་། དེ་བཞིན་གཤེགས་པའི་མཐུས་གནས་བརྟན་རབ་འབྱོར་གྱིས་གང་བཤད་པ་དང་། བརྗོད་པ་དང་། བསྟན་པའི་ཆོས་འདི་ནི་ཨ་ལ་ལ་ལེགས་པར་བཤད་པའོ། །ཨ་ལ་ལ་ཆོས་འདི་ནི་ལེགས་པར་བཤད་
པའོ། །ཨ་ལ་ལ་ཆོས་འདི་ནི་ལེགས་པར་བཤད་པའོ་ཞེས་ཆེད་དུ་བརྗོད་པ་ལན་གསུམ་ཆེད་དུ་རྗོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་མི་འབྲལ་བ་འདི་ནི་བདག་ཅག་གིས་དེ་བཞིན་གཤེགས་པ་ཉིད་དུ་གཟུང་བར་བགྱིའོ། །
འདི་ལྟ་སྟེ། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་རྣམས་སམ། རྣམ་པར་ཤེས་པའམ། དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཆོས་གང་ཡང་དམིགས་སུ་མ་མཆིས་ཀྱང་ཐེག་པ་གསུམ་རྣམ་པར་དགོད་པ་ཡང་མཛད་དོ། །ཐེག་
པ་གསུམ་པོ་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་ལ་འདོགས་པ་ཡང་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དབང་པོ་དང་བཅས་པའི་ལྷ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་བུ་
དག་དེ་དེ་བཞིན་ནོ། །ཁྱེད་ཇི་སྐད་ཟེར་བ་བཞིན་ཏེ། ལྷའི་བུ་དག་འདི་ལྟ་སྟེ། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་རྣམས་སམ། རྣམ་པར་ཤེས་པའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཆོས་གང་ཡང་དམིགས་སུ་མེད་ཀྱང་ཐེག་པ་གསུམ་རྣམ་
པར་དགོད་པ་ཡང་མཛད་དེ། ཐེག་པ་གསུམ་པོ་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་ཡང་འདོགས་པར་མཛད་དོ། །ལྷའི་བུ་དག་བྱང་ཆུབ་སེམས་དཔའ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་མ་བྲལ་
เล่ม ๓๒ · หน้า 79b
ལ། དེ་ཡང་མི་དམིགས་པའི་ཚུལ་གྱིས་ཡིན་པ་དེ་ནི། ཁྱེད་ཀྱིས་དེ་བཞིན་གཤེགས་པ་ཉིད་དུ་ཟུང་ཤིག །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་ཐེག་པ་གསུམ་པོ་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཡང་དག་པར་
རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་དག་རྒྱ་ཆེར་བསྟན་ཅིང་། ལྷའི་བུ་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་ཡང་དེ་བཞིན་གཤེགས་པ་དམིགས་སུ་མེད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལས་གུད་ན་ཡང་དེ་བཞིན་གཤེགས་པ་དམིགས་སུ་མེད། དེ་བཞིན་དུ་ནང་སྟོང་པ་ཉིད་
ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལས་གུད་ན་ཡང་དེ་བཞིན་གཤེགས་པ་དམིགས་སུ་མེད། དྲན་པ་ཉེ་བར་གཞག་པ་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དག་ལས་གུད་ན་ཡང་དེ་བཞིན་གཤེགས་པ་དམིགས་སུ་མེད། དེ་བཞིན་དུ་དེ་བཞིན་
གཤེགས་པའི་སྟོབས་བཅུ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ལས་གུད་ན་ཡང་དེ་བཞིན་གཤེགས་པ་དམིགས་སུ་མེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་གུད་ན་ཡང་དེ་བཞིན་གཤེགས་པ་དམིགས་སུ་མེད་ལ། ལྷའི་བུ་དག་བྱང་ཆུབ་སེམས་
དཔའང་དེ་དག་ཐམས་ཅད་ལ་སློབ་སྟེ། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས། དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སློབ་པའི་ཕྱིར་ཏེ། ལྷའི་བུ་དག་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་
དང་མ་བྲལ་བར་སྤྱོད་པ་ནི་དེ་བཞིན་གཤེགས་པ་ཉིད་དུ་རིག་པར་བྱའོ། །ལྷའི་བུ་དག་ང་གང་གི་ཚེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ལ། རྒྱལ་པོའི་ཕོ་བྲང་འཁོར་པད་མ་ཅན་དུ་པད་མ་ལྔ་གཏོར་ཏེ་ཚོང་དུས་ཀྱི་དབུས་ན་འདུག་པའི་ཚེ།
མི་དམིགས་པའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་མ་གྱུར། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
เล่ม ๓๒ · หน้า 80a
དང་བྲལ་བར་མ་གྱུར། དེ་བཞིན་དུ་ནང་སྟོང་པ་ཉིད་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དང་བྲལ་བར་མ་གྱུར། དེ་བཞིན་དུ་ཚད་མེད་པ་བཞི་
དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་
པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་བྲལ་བར་མ་གྱུར་པ་དེའི་ཚེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱིས། ང་ལ་ཀྱེ་རིགས་ཀྱི་བུ་ཁྱོད་མ་འོངས་པའི་དུས་ན་བསྐལ་པ་བཟང་པོ་ལ་
འཇིག་རྟེན་གྱི་ཁམས་འདི་ཉིད་དུ་བསྐལ་པ་གྲངས་མེད་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་
སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཇི་ཙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་གཏོང་བའི་ཚུལ་གྱིས་ཕན་འདོགས་པ་ནི་ངོ་མཚར་ལགས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ། བམ་པོ་བཅུ་དྲུག་པ། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་
བཞི་པོ་འདི་ལྟ་སྟེ། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ནས། དེ་བཞིན་དུ་སྦྱར་ཏེ། འོག་མིན་གྱི་བར་གྱི་ལྷ་རྣམས་འདུས་པར་གྱུར་ཏེ། འཁོད་པར་ཐུགས་སུ་
เล่ม ๓๒ · หน้า 80b
ཆུད་ནས་ཐམས་ཅད་དཔང་དུ་བཙུགས་ཏེ། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། ལྷའམ། ལྷའི་བུའམ། ལྷའི་
བུ་མོ་གང་ལ་ལ་ཞིག་གིས་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བར་གྱུར་པ་དེ་ལ་བདུད་སྡིག་ཅན་ནམ། བདུད་ཀྱི་རིས་ཀྱི་ལྷ་གླགས་ཚོལ་བ་རྣམས་ཀྱིས་གླགས་དང་སྐབས་རྙེད་པར་མི་འགྱུར་རོ། །དེ་
ཅིའི་ཕྱིར་ཞེ་ན། འདི་ལྟར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེས་གཟུགས་སྟོང་པ་ཉིད་དུ་ཤིན་ཏུ་བྱིན་གྱིས་བརླབས་ཤིང་། དེ་བཞིན་དུ་ཚོར་བ་སྟོང་པ་ཉིད་དང་། འདུ་ཤེས་སྟོང་པ་ཉིད་དང་། འདུ་བྱེད་རྣམས་སྟོང་པ་ཉིད་དང་། རྣམ་པར་ཤེས་པ་སྟོང་པ་ཉིད་དུ་ཤིན་ཏུ་བྱིན་གྱིས་བརླབས་
པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་མི་རྙེད། མཚན་མ་མེད་པས་མཚན་མ་མེད་པ་ལ་གླགས་མི་རྙེད། སྨོན་པ་མེད་པས་སྨོན་པ་མེད་པ་ལ་གླགས་མི་རྙེད་པའི་ཕྱིར་རོ། །དེ་ལྟར་གོང་མ་བཞིན་དུ་སྦྱར་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྟོང་པ་ཉིད་དུ་ཤིན་ཏུ་བྱིན་གྱིས་བརླབས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་མི་རྙེད། མཚན་མ་མེད་པས་མཚན་མ་མེད་པ་ལ་གླགས་མི་རྙེད། སྨོན་པ་མེད་པས་སྨོན་པ་མེད་པ་ལ་གླགས་མི་རྙེད་པའི་ཕྱིར་
རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གང་གིས་དེ་དག་ལ་གླགས་རྙེད་པར་འགྱུར་བ་དང་། གང་དག་ལ་གླགས་རྙེད་པར་འགྱུར་བའི་ཆོས་དེ་དག་ལ་ངོ་བོ་ཉིད་མེད་པའི་ཕྱིར་ཏེ། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ལ་མིའམ་མི་མ་ཡིན་པ་གླགས་ཚོལ་བ་རྣམས་ཀྱིས་གླགས་མི་རྙེད་དོ། །
དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལྟར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཤིན་ཏུ་བསྒོམས་ཤིང་། དེ་བཞིན་དུ་སྙིང་རྗེའི་སེམས་དང་། དགའ་བའི་སེམས་དང་། བཏང་སྙོམས་ཀྱི་སེམས་ཤིན་ཏུ་བསྒོམས་ཏེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་
เล่ม ๓๒ · หน้า 81a
བསྒོམས་པའི་ཕྱིར་རོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གཤིས་ངན་དུ་འཆི་བར་ཡང་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེས། སེམས་ཅན་ཐམས་ཅད་ལ་ཡང་དག་པའི་བདེ་བ་ཉེ་
བར་བསྒྲུབས་པས་བསྙེན་བཀུར་བྱས་པའི་ཕྱིར་རོ། །གང་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་འཁོད་པའི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་རྣམས་དང་། དགའ་ལྡན་རྣམས་དང་། འཕྲུལ་དགའ་རྣམས་
དང་། གཞན་འཕྲུལ་དབང་བྱེད་རྣམས་དང་། ཚངས་པ་རྣམས་དང་། འོད་གསལ་རྣམས་དང་། དགེ་རྒྱས་རྣམས་དང་། འབྲས་བུ་ཆེ་བ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དག་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མ་ཐོས་ནས་མ་
བཟུང་བ་དང་། མ་བཅངས་པ་དང་། ཀུན་ཆུབ་པར་མ་བྱས་པའི་ལྷ་རྣམས་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྟག་ཏུ་མཉན་པར་བྱ། གཟུང་བར་བྱ། བཅང་བར་བྱ། ཀུན་ཆུབ་པར་བྱ། ཚུལ་བཞིན་དུ་ཡིད་ལ་བྱ་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་
ཡང་མ་བྲལ་བར་བྱའོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ཡང་འབྲལ་
བར་མི་འགྱུར་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ཁང་སྟོང་ན་འདུག་ཀྱང་རུང་། བླ་གབ་མེད་པ་ན་འདུག་ཀྱང་རུང་། འདུན་ཁང་ན་འདུག་ཀྱང་རུང་སྟེ། འཇིགས་པའམ། བག་ཚ་བའམ། སྤུ་ཟིང་ཞེས་བྱེད་པ་དག་འབྱུང་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལྟར་
རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གིས་རྟག་ཏུ་མི་དམིགས་པའི་ཚུལ་གྱིས། ནང་སྟོང་པ་ཉིད་ཤིན་ཏུ་བསྒོམས་ཤིང་དེ་བཞིན་དུ་རྟག་ཏུ་མི་དམིགས་པའི་ཚུལ་གྱིས་ཕྱི་སྟོང་པ་ཉིད་ཤིན་ཏུ་བསྒོམས། དེ་བཞིན་དུ་རྟག་ཏུ་མི་དམིགས་པའི་ཚུལ་གྱིས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཤིན་
เล่ม ๓๒ · หน้า 81b
ཏུ་བསྒོམས་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་འདི་ལྟ་སྟེ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་རྣམས་དང་། དགའ་ལྡན་རྣམས་དང་། འཕྲུལ་དགའ་རྣམས་དང་།
གཞན་འཕྲུལ་དབང་བྱེད་རྣམས་ནས་གནས་གཙང་མའི་བར་གྱི་ལྷ་འཁོད་པ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་པ་དང་། ལུང་འབོགས་པ་དང་། འཆང་བ་དང་། ཀློག་པ་དང་།
འཆད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ཡང་བྲལ་བར་མི་འགྱུར་བ་དེ་དག་ལ་བདག་ཅག་གིས་རྟག་པར་རྒྱུན་དུ་བསྲུང་བ་དང་། བསྐྱབ་པར་བགྱི་ལགས་སོ། །དེ་ཅིའི་
ཕྱིར་ཞེ་ན། བཙུན་པ་བཅོམ་ལྡན་འདས་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་སེམས་ཅན་དམྱལ་བ་རྣམས་རྒྱུན་འཆད་པར་འགྱུར། དུད་འགྲོའི་སྐྱེ་གནས་རྣམས་རྒྱུན་འཆད་པར་འགྱུར། ལྷ་དབུལ་པོ་རྣམས་དང་། ཀླུ་དབུལ་པོ་རྣམས་དང་། གནོད་སྦྱིན་
དབུལ་པོ་རྣམས་དང་། མི་དབུལ་པོ་རྣམས་དང་། ཡམས་ཀྱི་བྲོ་ནད་ཐམས་ཅད་དང་། གནོད་པ་དང་། བྲོ་ནད་འགོ་བ་དང་། འཁྲུག་པ་རྣམས་མི་སྐྱེ་མི་འབྱུང་ཞིང་སེལ་བར་འགྱུར་ལ། དེ་བཞིན་དུ་མུ་གེ་དང་། འཁྲུག་པ་དང་། ནང་འཁྲུག་ཐམས་ཅད་རྒྱུན་འཆད་པར་འགྱུར།
སེལ་བར་འགྱུར་ཞིང་མ་མཆིས་པར་འགྱུར་བ་དང་། བཙུན་པ་བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་འཇིག་རྟེན་དུ་འབྱུང་ཞིང་། དེ་བཞིན་དུ་བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་
མེད་པའི་སྙོམས་པར་འཇུག་པ་བཞི་དག་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་བ་དེ་བཞིན་དུ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་
เล่ม ๓๒ · หน้า 82a
གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་འཇིག་རྟེན་དུ་འབྱུང་བར་འགྱུར། དེ་བཞིན་དུ་ནང་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར། དེ་བཞིན་དུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དག་འཇིག་རྟེན་དུ་འབྱུང་བར་འགྱུར།
དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་འཇིག་རྟེན་དུ་འབྱུང་བར་འགྱུར། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དག་འཇིག་རྟེན་དུ་འབྱུང་བར་འགྱུར་བའི་སླད་དུའོ། །
བཙུན་པ་བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་འཇིག་རྟེན་དུ་འབྱུང་བར་འགྱུར། དེ་བཞིན་དུ་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་འཇིག་རྟེན་དུ་འབྱུང་བར་འགྱུར། ཁྱིམ་བདག་གི་རིགས་
ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་འཇིག་རྟེན་དུ་འབྱུང་བར་འགྱུར། དེ་བཞིན་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་ལགས་སོ། །བཙུན་པ་བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་
རྣམས་མཆིས་ལགས་སོ། །དེ་བཞིན་དུ་འོག་མིན་གྱི་བར་གྱི་ལྷ་རྣམས་མཆིས་ལགས་སོ། །བཙུན་པ་བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མཆིས་ལགས་སོ། །རྒྱུན་དུ་ཞུགས་པ་མཆིས་ལགས་སོ། །དེ་
བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བ་དང་། དེ་བཞིན་དུ་དགྲ་བཅོམ་པའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་མཆིས་ལགས་སོ། །རང་བྱང་ཆུབ་མཆིས་ལགས་སོ། །རང་སངས་རྒྱས་མཆིས་
ལགས་སོ། །བཙུན་པ་བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བགྱི་བ་མཆིས་ལགས་སོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱི་བ་མཆིས་ལགས་སོ། །དེ་བཞིན་གཤེགས་པ་
เล่ม ๓๒ · หน้า 82b
དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ལགས་སོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་དག་ཀྱང་འཇིག་རྟེན་ན་མཆིས་ལགས་སོ། །དེ་བཞིན་དུ་སངས་རྒྱས་དཀོན་མཆོག་བཞུགས་ལགས་སོ། །ཆོས་དཀོན་མཆོག་བཞུགས་ལགས་སོ། །དགེ་འདུན་དཀོན་མཆོག་
བཞུགས་ལགས་ཏེ། བཙུན་པ་བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་བསྲུང་བ་དང་། བསྐྱབ་པ་དང་སྦ་བར་བགྱི་བ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་
བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་དེ་དེ་བཞིན་ནོ། །ཁྱོད་ཀྱིས་ཇི་སྐད་སྨྲས་པ་བཞིན་ཏེ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་སེམས་ཅན་དམྱལ་བ་ཐམས་ཅད་རྒྱུན་འཆད་པར་འགྱུར། གཤིན་རྗེའི་འཇིག་རྟེན་རྣམས་རྒྱུན་འཆད་པར་འགྱུར།
བྱོལ་སོང་གི་སྐྱེ་གནས་ཐམས་ཅད་རྒྱུན་འཆད་པར་འགྱུར། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་དཀོན་མཆོག་གི་བར་དག་འཇིག་རྟེན་དུ་འབྱུང་བར་འགྱུར། དེ་བཞིན་དུ་ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། ཀཽ་ཤི་ཀ་དེ་ལྟ་བས་ན་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་བསྟི་སྟང་དུ་བྱ། བླ་མར་བྱ། རི་མོར་བྱ། མཆོད་པར་བྱ་ཞིང་དེ་དག་ལ་རྟག་ཏུ་རྒྱུན་མི་འཆད་པར་བསྲུང་བ་དང་། བསྐྱབ་པ་དང་སྦ་བར་བྱའོ། །ཀཽ་ཤི་ཀ་གང་ཞིག་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ལ་བསྟི་སྟང་དུ་བྱ་བ་དང་། བླ་མར་བྱ་བ་དང་། རི་མོར་བྱ་བ་དང་། མཆོད་པར་བྱ་བར་སེམས་པ་དེ་ནི་ང་ལ་བསྟི་སྟང་དུ་བྱ་བ་དང་། བླ་མར་བྱ་བ་དང་། རི་མོར་བྱ་བ་དང་། མཆོད་པར་བྱ་བར་སེམས་པ་ཡིན་ནོ། །ཀཽ་ཤི་ཀ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་
ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་རྟག་ཏུ་བསྟི་སྟང་དུ་བྱ། བླ་མར་བྱ། རི་མོར་བྱ། མཆོད་པར་བྱ་ཞིང་། དེ་དག་ལ་རྟག་ཏུ་རྒྱུན་མི་འཆད་པར་བསྲུང་བ་དང་། བསྐྱབ་པ་དང་སྦ་བར་བྱའོ། །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉན་ཐོས་
เล่ม ๓๒ · หน้า 83a
སམ། རང་སངས་རྒྱས་ཤ་སྟག་གིས་འདི་ལྟ་སྟེ། འདམ་བུའི་ཚལ་ལམ། སྨྱིག་མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གང་ལ། དེ་དག་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་
ཇི་སྲིད་འཚོའི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྟི་སྟང་དུ་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་པ་བས། གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་མ་བྲལ་བ་གཅིག་ལ་བསྟི་སྟང་བྱས། བླ་མར་བྱས།
རི་མོར་བྱས། མཆོད་པར་བྱས་ན། དེ་ཉིད་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ཆེས་བསོད་ནམས་མང་དུ་བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་ཉན་ཐོས་དང་། རང་སངས་རྒྱས་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་ན་ཡོད་པ་མ་ཡིན་གྱི། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་རྣམས་འཇིག་རྟེན་ན་ཡོད་པ་ཡིན་པའི་ཕྱིར་རོ། །ཀཽ་ཤི་ཀ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ལྷ་དང་། མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་རྟག་ཏུ་བསྟི་སྟང་དུ་བྱ། བླ་མར་བྱ། རི་མོར་བྱ། མཆོད་པར་བྱ་ཞིང་དེ་དག་ལ་རྟག་ཏུ་
རྒྱུན་མི་འཆད་པར་བསྲུང་བ་དང་། བསྐྱབ་པ་དང་སྦ་བར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ལས། རྣམ་པར་རྟོག་པའི་ལེའུ་ཞེས་བྱ་སྟེ་བཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་
བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་རྣམ་པར་དག་པའི་སླད་དུ་སྣང་བ་བགྱིད་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བདག་ཕྱག་འཚལ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཁམས་གསུམ་གྱིས་
เล่ม ๓๒ · หน้า 83b
མི་གོས་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཉོན་མོངས་པ་དང་། ལྟ་བར་གྱུར་པ་ཐམས་ཅད་ཀྱི་རབ་རིབ་སེལ་བར་བགྱིད་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཐམས་ཅད་ཀྱི་སྔོན་དུ་
མཆི་བ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིགས་པ་དང་། ཁོན་དུ་འཛིན་པ་དང་། གནོད་པ་ཐམས་ཅད་ལས་བདེ་བར་བགྱིད་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མིག་ཡོངས་སུ་བཟུང་བའི་སླད་དུ་
སེམས་ཅན་ཐམས་ཅད་ལ་སྣང་བ་བགྱིད་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཐའ་གཉིས་རྣམ་པར་སྤངས་པའི་སླད་དུ་ལམ་གོལ་བར་ཞུགས་པ་རྣམས་ལ་ལམ་སྟོན་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་
ཉོན་མོངས་པ་དང་། བག་ཆགས་དང་མཚམས་སྦྱོར་བ་ཐམས་ཅད་སྤངས་པའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྐྱེད་པའི་སླད་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མ་
ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་གི་མཚན་ཉིད་ཀྱིས་སྟོང་པའི་སླད་དུ་སྐྱེ་བ་མ་མཆིས་པ་དང་། འཇིག་པ་མ་མཆིས་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐེར་ཟུག་ཏུ་གནས་པ་དང་། འཇིག་པ་མ་
མཆིས་པའི་སླད་དུ་འཁོར་བ་རྣམ་པར་སྤོང་བར་བགྱིད་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རིན་པོ་ཆེ་ཐམས་ཅད་སྩོལ་བའི་སླད་དུ། མགོན་མ་མཆིས་པ་རྣམས་ཀྱི་མགོན་བགྱིད་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ནི་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་བརྫི་བའི་སླད་དུ། སྟོབས་ཡོངས་སུ་རྫོགས་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྐོར་བ་དང་ལྡོག་པ་མ་མཆིས་པའི་སླད་དུ། ལན་གསུམ་དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་སྐོར་བར་བགྱིད་པ་
เล่ม ๓๒ · หน้า 84a
ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སླད་དུ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡང་དག་པར་སྟོན་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འམ། བྱང་
ཆུབ་སེམས་དཔའི་ཐེག་པ་པའམ། ཉན་ཐོས་ཀྱི་ཐེག་པ་པའམ། རང་སངས་རྒྱས་ཀྱི་ཐེག་པ་པས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཇི་ལྟར་སྟོན་པ་ལ་གནས་པར་བྱ་བ་དང་། ཇི་ལྟར་སྟོན་པ་ལ་ཕྱག་
བྱ་བ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་ཡང་དེ་ལྟར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་སྟོན་པ་ཡིན་ཏེ། སྟོན་པ་ཡང་གཞན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་མ་ཡིན་གྱི། སྟོན་པ་ཉིད་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་ཡིན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་སྟོན་པ་ཡིན་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་རབ་ཏུ་ཕྱེ་བ་ཡིན་ཞིང་། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་དང་། རང་སངས་
རྒྱས་རྣམས་དང་། དགྲ་བཅོམ་པ་རྣམས་དང་། དེ་བཞིན་དུ་སྦྱར་ཏེ། རྒྱུན་དུ་ཞུགས་པའི་བར་དུ་རབ་ཏུ་ཕྱེ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ནི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་འཇིག་རྟེན་ལ་རབ་ཏུ་ཕྱེ་བ་དང་། དེ་བཞིན་དུ་བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་།
གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དང་། ནང་སྟོང་པ་ཉིད་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དག་འཇིག་རྟེན་ལ་རབ་ཏུ་ཕྱེ་བ་ཡིན་ནོ། །དེ་བཞིན་དུ་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་རབ་ཏུ་ཕྱེ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་རབ་ཏུ་ཕྱེ་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རབ་ཏུ་ཕྱེ་བའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། ཚེ་དང་ལྡན་
เล่ม ๓๒ · หน้า 84b
པ་ཤ་ར་དྭ་ཏིའི་བུའི་ཞུ་བ་འདི་ག་ལས་བྱུང་། གླེང་གཞི་ནི་གང་ཞིག་ཡིན་སྙམ་མོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤ་ར་དྭ་ཏིའི་བུ་ཞུ་བ་འདི་ག་ལས་བྱུང་། གླེང་གཞི་ནི་གང་ཡིན། དེ་སྐད་ཅེས་སྨྲས་པ་དང་།
ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པ་རྣམས་ནི་ཐབས་ལ་མཁས་པས། སངས་རྒྱས་བཅོམ་ལྡན་འདས་འདས་པ་དང་། མ་བྱོན་པ་དང་།
ད་ལྟར་བྱུང་བ་དེ་དག་གི་ཐུགས་དང་པོ་བསྐྱེད་པ་ནས་བཟུང་སྟེ། ཇི་སྲིད་དུ་དམ་པའི་ཆོས་གནས་པའི་བར་སྐབས་དེར་དགེ་བའི་རྩ་བ་གང་དག་ཡིན་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་དག་དང་། རང་སངས་རྒྱས་རྣམས་ཀྱི་དགེ་བའི་རྩ་བ་དག་
དང་། དེ་ལས་གཞན་པའི་སེམས་ཅན་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་ལ་དགེ་བའི་རྩ་བ་གང་དག་ཡིན་པ་དེ་དག་ཐམས་ཅད་བཟླུམས་ཤིང་མངོན་པར་བསྡུས་ཏེ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་
བྱེད་པས་ཁོ་བོའི་ཞུ་བ་འདི་བྱུང་ངོ་། །ཀཽ་ཤི་ཀ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཟིལ་གྱིས་གནོན་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་
ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཟིལ་གྱིས་གནོན་པར་བྱེད་པ་ཡིན་ནོ། །ཀཽ་ཤི་ཀ་དཔེར་ན་དམུས་ལོང་རྣམས་ནི་བརྒྱའམ། སྟོང་ངམ། འབུམ་ཡང་རུང་སྟེ། དམིགས་བུ་མེད་ན་ལམ་དུ་འགྲོ་བའམ། གྲོང་ངམ། གྲོང་རྡལ་
ལམ། གྲོང་ཁྱེར་རམ། ཡུལ་འཁོར་དུ་འཇུག་པར་མི་ནུས་ཏེ། ཇི་ལྟར་དེ་དག་ཐམས་ཅད་ནི་འགྲོ་བ་དང་། འོང་བ་ལ་སྐལ་བ་མེད་ཅིང་འོས་པ་མ་ཡིན་པ་དེ་བཞིན་དུ། ཀཽ་ཤི་ཀ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དམུས་ལོང་ལྟ་བུར་གྱུར་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དམིགས་བུ་མེད་པ་དེ་དག་
เล่ม ๓๒ · หน้า 85a
ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ན་དེ་ནི་འདི་ལྟ་སྟེ། རྫོགས་པའི་བྱང་ཆུབ་ཀྱི་ལམ་ནས་ལམ་དུ་འཇུག་པའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་དུ་འཇུག་པའི་སྐལ་བ་མེད་དོ། །ཀཽ་ཤི་ཀ་གང་གི་ཚེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་
ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་གྱུར་ན། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་མིག་དང་ལྡན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ཡིན་ཏེ། ལྔ་པོ་འདི་དག་ཀྱང་ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་བོ། །
དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤ་ར་དྭ་ཏིའི་བུ་འདི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་ན། ལྔ་པོ་འདི་དག་ཀྱང་ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་བོ་ཞེས་སྨྲས་ན། བཙུན་པ་ཤ་ར་དྭ་ཏིའི་
བུ་འོ་ན་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་ན། ཕ་རོལ་ཏུ་ཕྱིན་པའི་མིང་མི་འཐོབ་བམ། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བ་དང་། བརྩོན་འགྲུས་ཀྱི་ཕ་
རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བ་ལྔ་པོ་འདི་དག་ཀྱང་ཕ་རོལ་ཏུ་ཕྱིན་པའི་མིང་མི་འཐོབ་བམ་སྨྲས་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་བཞིན་ཏེ། འོན་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་
ཡོངས་སུ་རྫོགས་པར་བྱེད་དོ། །ཀཽ་ཤི་ཀ་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་གི་ནང་ན་མཆོག་ཅེས་བྱ། གཙོ་བོ་དང་། རབ་མཆོག་དང་། གྱ་ནོམ་པ་དང་། བླ་ན་མེད་པ་དང་། གོང་ན་མེད་པ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ལ།
ที่มาและสัญญาอนุญาต
ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด