འཕགས་པ་སྙིང་རྗེ་པད་མ་དཀར་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ
ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་ཀ་རུ་ཎཱ་པུཎྜ་རཱི་ཀ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๕๐ · หน้า 129a
༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཀ་རུ་ཎཱ་པུཎྜ་རཱི་ཀ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སྙིང་རྗེ་པད་མ་དཀར་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་
གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ། དགེ་སློང་དྲུག་ཁྲི་ཉིས་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་
ཤིན་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ་བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་
ཏུ་སོན་པ་ཤ་སྟག་དང་ཐབས་ཅིག་ཏུ་བཞུགས་ཏེ་གང་ཟག་གཅིག་མ་གཏོགས་པ་ནི་འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོའོ། །བྱམས་པ་ལ་སོགས་པ་གཟུངས་དང་། བཟོད་པ་དང་། ཏིང་ངེ་འཛིན་ཐོབ་པ། སྟོང་པ་ཉིད་ལ་གནས་པ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་
ཡ་ཕྲག་བརྒྱད་དང་ཡང་ཐབས་ཅིག་གོ། །མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ཚངས་རིས་ཀྱི་ལྷའི་བུ་འབུམ་ཕྲག་མང་པོ་དང་ཡང་ཐབས་ཅིག་གོ། །ལྷའི་བུ་གཞན་འཕྲུལ་དང་། གཞན་འཕྲུལ་གྱི་ལྷའི་བུ་ས་ཡ་ཕྲག་བརྒྱད་དང་ཡང་ཐབས་ཅིག་གོ། །ལྷའི་བུ་འཕྲུལ་དགའ་དང་། འཕྲུལ་
དགའི་ལྷའི་བུ་ས་ཡ་ཕྲག་བདུན་དང་ཡང་ཐབས་ཅིག་གོ། །ལྷའི་བུ་ཡོངས་སུ་དགའ་ལྡན་དང་། ཡོངས་སུ་དགའ་ལྡན་ལྷའི་བུ་ས་ཡ་ཕྲག་དྲུག་དང་ཡང་ཐབས་ཅིག་གོ། །ལྷའི་བུ་རབ་འཐབ་བྲལ་དང་། རབ་འཐབ་བྲལ་གྱི་ལྷའི་བུ་ས་ཡ་ཕྲག་བདུན་དང་། ཉི་འབུམ་དང་ཡང་ཐབས་ཅིག་གོ། །
ལྷའི་དབང་པོ་བརྒྱ་བྱིན་དང་། སུམ་ཅུ་རྩ་གསུམ་པའི་ལྷའི་བུ་ས་ཡ་ཕྲག་བརྒྱད་དང་ཡང་ཐབས་ཅིག་གོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་གནོད་སྦྱིན་འབུམ་གྱིས་ཡོངས་སུ་བསྐོར་བ་དང་ཡང་ཐབས་ཅིག་གོ། །མིག་མི་བཟང་ཀླུ་འབུམ་གྱིས་ཡོངས་སུ་བསྐོར་བ་དང་ཡང་ཐབས་ཅིག་གོ། །འཕགས་སྐྱེས་
เล่ม ๕๐ · หน้า 129b
པོ་གྲུལ་བུམ་འབུམ་གྱིས་ཡོངས་སུ་བསྐོར་བ་དང་ཡང་ཐབས་ཅིག་གོ། །ཡུལ་འཁོར་སྲུང་དྲི་ཟ་འབུམ་གྱིས་ཡོངས་སུ་བསྐོར་བ་དང་ཡང་ཐབས་ཅིག་གོ། །ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་བོ་ཀླུའི་རྒྱལ་པོ་སྟོང་གིས་ཡོངས་སུ་བསྐོར་བ་དང་། དེ་དག་ལ་སོགས་པ་ཐེག་པ་ཆེན་པོ་ལ་ཡང་
དག་པར་ཞུགས་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ། ཕྱིན་ཅི་ལོག་བཞིའི་ཆོས་སྣང་ཞིང་གསལ་བར་རྟོགས་པར་ཁོང་དུ་ཆུད་པ་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཏིང་ངེ་འཛིན་སྣ་ཚོགས་རབ་ཏུ་འཐོབ་པར་འགྱུར་བ་དང་། གང་གིས་ཉན་ཐོས་དང་། རང་སངས་
རྒྱས་ཀྱིས་ལས་ཡང་དག་པར་འདའ་བར་འགྱུར་བ་དང་། ཏིང་ངེ་འཛིན་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་བའི་འཕགས་པའི་བདེན་པ་བཞི་ཡང་དག་པར་རབ་ཏུ་རྟོགས་པར་བྱ་བའི་ཕྱིར་ཆོས་སྟོན་པ་ཤ་སྟག་གིས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ་
བཞུགས་སོ། །དེའི་ཚེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་དང་། བྱང་ཆུབ་སེམས་དཔའ་ཆུ་ལྷ་དང་། བྱང་ཆུབ་སེམས་དཔའ་སེང་གེའི་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་རྣམ་པར་སྣང་བྱེད་བློ་གྲོས་དང་། དེ་དག་ལ་
སོགས་པ་བྱང་ཆུབ་སེམས་དཔའ་ཁྲི་ལྷན་ཅིག་ཏུ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་བ་བཏུད་ནས་ཤར་ལྷོའི་ཕྱོགས་ལོགས་སུ་མངོན་པར་ཕྱོགས་ཏེ་རབ་ཏུ་དགའ་ཞིང་རབ་ཏུ་དང་བའི་ཡིད་ཀྱིས་བལྟས་ནས་ཚིག་འདི་
སྐད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མ་དམ་པ་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པར་ཆོ་འཕྲུལ་ཆེན་པོ་དག་བསྟན་ནས། སེམས་ཅན་རྣམས་ལས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་གི་དགེ་བའི་རྩ་བ་ཡོངས་སུ་
སྨིན་པར་མཛད་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ལ་བཀོད་པ་ནི་ངོ་མཚར་ཏེ་ཕྱག་འཚལ་ལོ་ཕྱག་འཚལ་ལོ་ཞེས་ཀྱང་སྨྲས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་རིན་པོ་ཆེ་རྣམ་པར་སྣང་བྱེད་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་
เล่ม ๕๐ · หน้า 130a
གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་མཐོང་བ་དོན་ཡོད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆུ་ལྷ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་སྣང་བྱེད་བློ་གྲོས་དང་། དེ་དག་ལ་སོགས་པ་བྱང་ཆུབ་
སེམས་དཔའ་ཁྲིས་བཅོམ་ལྡན་འདས་ཀྱི་ཆོས་བསྟན་པ་བཅད་ནས་ལྷན་ཅིག་ཏུ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་བ་བཏུད་ནས་ཤར་ལྷོའི་ཕྱོགས་ལོགས་སུ་མངོན་པར་ཕྱོགས་ཏེ་རབ་ཏུ་དགའ་ཞིང་རབ་ཏུ་དང་བའི་
ཡིད་ཀྱིས་བལྟས་ནས་ཚིག་འདི་སྐད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མ་དམ་པ་མངོན་པར་རྫོགས་པར་སངས་རྒྱས་ནས། རིང་པོ་མ་ལོན་པར་ཆོ་འཕྲུལ་ཆེན་པོ་དག་བསྟན་ནས། སྲོག་ཆགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དགེ་བའི་རྩ་བ་དག་
ལ་ཡོངས་སུ་སྨིན་པར་མཛད་པ་ནི་ངོ་མཚར་ཏེ་ཕྱག་འཚལ་ལོ་ཕྱག་འཚལ་ལོ་ཞེས་མཆི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མ་དམ་པ་ཤུལ་ནི་ཇི་སྲིད་ཅིག་ན་བཞུགས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་
རྫོགས་པར་སངས་རྒྱས་ནས་ནི་ཡུན་ཇི་སྲིད་ཅིག་ལགས། གང་ན་དེ་བཞིན་གཤེགས་པ་པད་མ་དམ་པ་ཞེས་བགྱི་བ་བཞུགས་པའི་འཇིག་རྟེན་གྱི་ཁམས་དེའི་མིང་ཅི་ཞེས་བགྱི། འཇིག་རྟེན་གྱི་ཁམས་དེའི་བཀོད་པ་ནི་ཇི་ལྟ་བུ་ཞིག་གིས་བརྒྱན་པ་ལགས། ཅིའི་སླད་དུ་དེ་བཞིན་གཤེགས་པ་
དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མ་དམ་པས་ཆོ་འཕྲུལ་ཆེན་པོ་རྣམ་པ་དེ་ལྟ་བུ་དག་བསྟན་པ་མཛད། རྐྱེན་གང་གིས་ན་བྱང་ཆུབ་སེམས་དཔའ་ཁ་ཅིག་གིས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བགྲང་བ་ལས་ཡང་དག་པར་འདས་པ་གཞན་དག་ན་བཞུགས་པའི་
เล่ม ๕๐ · หน้า 130b
སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་ཞིང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོ་འཕྲུལ་གང་དག་རྣམ་པར་བསྟན་པ་དེ་དག་ཀྱང་མཐོང་ལ་བདག་ཅག་གིས་མི་མཐོང་བར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རིན་
པོ་ཆེ་རྣམ་པར་སྣང་བྱེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁྱོད་སེམས་ཅན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱ་བའི་དོན་དུ་དེ་བཞིན་གཤེགས་པ་པད་མ་དམ་པས་བྱང་ཆུབ་ཐོབ་པའི་ཆོ་འཕྲུལ་
རྣམ་པར་བསྟན་པར་བྱ་བ་དང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་དྲི་བའི་ཕྱིར་དེ་བཞིན་གཤེགས་པ་ལ་དོན་དེ་ལྟ་བུ་ཡོངས་སུ་ཞུ་བར་སེམས་པ་ནི་ཁྱོད་ཀྱི་སྤོབས་པ་དགེ་བ་ཡིན་ཏེ་ཁྱོད་ཀྱིས་ཡོངས་སུ་ཞུས་པ་ལེགས་པ་ཡིན་ནོ། །རིགས་ཀྱི་བུ་དེའི་ཕྱིར་ཁྱོད་ལེགས་པར་རབ་ཏུ་ཉོན་ལ་
ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །བྱང་ཆུབ་སེམས་དཔའ་རིན་པོ་ཆེ་རྣམ་པར་སྣང་བྱེད་ཀྱིས་བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ཏེ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རིན་པོ་ཆེ་རྣམ་པར་སྣང་བྱེད་ལ་འདི་སྐད་ཅེས་བཀའ་
སྩལ་ཏོ། །རིགས་ཀྱི་བུ་འདི་ནས་ཤར་ལྷོའི་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་སངས་རྒྱས་ཀྱི་ཞིང་རྣམས་འདས་པ་ན། འཇིག་རྟེན་གྱི་ཁམས་པད་མ་ཞེས་བྱ་བ་ཡོན་ཏན་སྣ་ཚོགས་ཀྱིས་བརྒྱན་པ། མེ་ཏོག་སྣ་ཚོགས་བཀྲམ་པ།
སྤོས་སྣ་ཚོགས་ཀྱིས་ཁྱབ་པ། རིན་པོ་ཆེའི་ཤིང་ལྗོན་པ་དག་གིས་བརྒྱན་པ། རིན་པོ་ཆེའི་པད་མ་དག་གིས་ཀུན་ཏུ་གང་བ་ཞིག་ཡོད་དེ། དེ་ནས་གཞི་ནི་བཻ་དཱུརྱ་སྔོན་པོ་ལས་གྲུབ་ཅིང་། བྱང་ཆུབ་སེམས་དཔའ་དག་གིས་ཀུན་ཏུ་གང་ལ་ཆོས་ཀྱི་སྒྲས་ཁྱབ་པ་ཡིན་ནོ། །བཻ་དཱུརྱ་ལས་གྲུབ་པའི་ས་
གཞི་དེ་ཡང་ཀ་ཙ་ལིན་དི་ཀ་ལྟར་རེག་ན་བདེ་ཞིང་འཇམ་ལ། རྐང་པ་བཞག་ན་ནི་སོར་བཞི་ཙམ་ནེམས་ཞེས་བྱེད། རྐང་པ་བཏེག་ན་ནི་སོར་བཞི་ཙམ་པར་ཅེས་བྱེད་ཅིང་པད་མ་སྣ་ཚོགས་དག་གིས་ཀུན་ཏུ་གང་བ་ཡིན་ནོ། །དེ་ན་རིན་པོ་ཆེ་སྣ་བདུན་གྱི་ཤིང་ལྗོན་པ་འཕང་དུ་དཔག་ཚད་བདུན་གྱི་སྲིད་ཙམ་
เล่ม ๕๐ · หน้า 131a
པ་དག་ཡོད་དེ། ཤིང་ལྗོན་པ་དེ་དག་ལ་ལྷའི་གོས་ངུར་སྨྲིག་དག་རབ་ཏུ་འཕྱང་ཞིང་། ལྷའི་སིལ་སྙན་ཡིད་དུ་འོང་བའི་སྒྲ་ཡང་དག་པར་འབྱིན་པ་དག་ཀྱང་ཡོད་དོ། །ཤིང་ལྗོན་པ་དེ་དག་ལ་བྱ་སྣ་ཚོགས་དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་གི་སྒྲ་ཡིད་དུ་འོང་བ་
རབ་ཏུ་སྒྲོགས་པ་དག་ཀྱང་ཡོད་དོ། །ཤིང་ལྗོན་པ་དེ་དག་གི་ལོ་མ་དག་ཕན་ཚུན་ཕྲད་པ་ན་ལྷའི་ལས་ཤིན་ཏུ་འདས་པའི་སིལ་སྙན་ཡན་ལག་ལྔ་དང་ལྡན་པ་དག་གི་སྒྲ་ཡང་འབྱུང་ངོ་། །ཤིང་ལྗོན་པ་རེ་རེའི་དྲི་རྒྱ་ཆེན་པོ་ལྷའི་ལས་འདས་པས་ཀྱང་དཔག་ཚད་འབུམ་དུ་ཁྱབ་པར་བྱེད་ཅིང་ཤིང་
ལྗོན་པ་དེ་དག་ལ་ལྷའི་རྒྱན་དག་ཀྱང་མངོན་པར་རབ་ཏུ་འཕྱང་ངོ་། །ཤིང་ལྗོན་པ་དེ་དག་གི་བར་དག་ན་རིན་པོ་ཆེ་སྣ་བདུན་གྱི་ཁང་པ་བརྩེགས་པ་འཕང་དུ་ནི་དཔག་ཚད་ལྔ་བརྒྱ་རྒྱར་ནི་དཔག་ཚད་བརྒྱ་པ་དག་ཡོད་དེ། ཁང་པ་བརྩེགས་པ་དེ་དག་ཀུན་ལ་ཡང་ཕྱོགས་བཞི་ན་རྟ་བབས་དག་ཡོད་
དོ། །རྟ་བབས་དེ་དག་གི་ནང་རོལ་ཁང་པ་བརྩེགས་པ་དེ་དག་གི་ཕྱི་རོལ་ན་རྫིང་བུ་སྲིད་དུ་ནི་དཔག་ཚད་བརྒྱད་ཅུ་རྒྱར་ནི་དཔག་ཚད་ལྔ་བཅུ་པ་དག་ཡོད་དོ། །རྫིང་བུ་དེ་དག་གི་ཕྱོགས་བཞི་ཁོ་ར་ཁོར་ཡུག་ན་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ཐེམ་སྐས་དག་ཀྱང་ཡོད་དོ། །རྫིང་བུ་དེ་དག་ཀྱང་ཁོ་ར་ཁོར་
ཡུག་ཏུ་མེ་ཏོག་ཨུད་པ་ལ་དང་། པད་མ་དག་གིས་ཀུན་ནས་ཡོག་སྟེ། མེ་ཏོག་རེ་རེ་ལ་ཡང་རྒྱར་ནི་དཔག་ཚད་ཙམ་ཡོད་དོ། །མེ་ཏོག་དེ་དག་གི་ཟེ་བ་དག་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་རབ་ཏུ་སྐྱེས་ཏེ། དེ་དག་ཀྱང་ནམ་གྱི་གུང་ཐུན་དང་པོ་ལ་པད་མ་དེ་དག་གི་ཟེ་བ་དག་
ལས་སྐྱེ་ཞིང་རྣམ་པར་གྲོལ་བའི་དགའ་བ་དང་། བདེ་བ་མྱོང་བཞིན་དུ་སྐྱིལ་མོ་ཀྲུང་གིས་མཚན་མོ་དེ་འདའ་བར་བྱེད་དེ། དེ་ན་མཚན་མོ་དེའི་ནང་པར་གྱི་དུས་ཀྱི་ཚེ་ཕྱོགས་བཞི་ནས་དྲི་ཞིམ་ཞིང་ཡིད་དུ་འོང་ལ་འཇམ་ཞིང་རེག་ན་བདེ་བར་བྱེད་པའི་རླུང་དག་རབ་ཏུ་ལྡང་སྟེ། དེ་དག་གིས་མེ་ཏོག་ཁ་
ཟུམས་པ་རྣམས་མངོན་པར་འབྱེད་པར་བྱེད་ཅིང་། བྱང་ཆུབ་སེམས་དཔའ་དེ་དག་ཀྱང་ཏིང་ངེ་འཛིན་དེ་ལས་ལངས་ཏེ། རྣམ་པར་གྲོལ་བའི་དགའ་བ་དང་བདེ་བ་སྤངས་ནས་པད་མའི་ཟེ་བ་དག་ལས་བབས་ཏེ། ཁང་པ་བརྩེགས་པ་དེ་དག་ཏུ་ཞུགས་ནས་རིན་པོ་ཆེ་སྣ་བདུན་གྱི་སྟན་དག་ལ་སྐྱིལ་མོ་
เล่ม ๕๐ · หน้า 131b
ཀྲུང་བཅས་ཏེ་འདུག་ཅིང་ཆོས་ཉན་པར་བྱེད་དོ། །ཤིང་ལྗོན་པ་དེ་དག་དང་ཁང་པ་བརྩེགས་པ་དེ་དག་གི་ཕྱོགས་བཞི་ཁོ་ར་ཁོར་ཡུག་དག་ན་རིན་པོ་ཆེ་འཛམ་བུ་ཆུ་བོའི་གསེར་གྱི་རི་འཕང་དུ་ནི་དཔག་ཚད་ཉི་ཤུ་རྒྱར་ནི་དཔག་ཚད་གསུམ་པ་དག་ཡོད་དེ། རི་དེ་དག་གི་བར་བར་དག་ན་ཆུ་ཤེལ་དང་།
མེ་ཤེལ་དང་། ཨན་ད་རྙིལ་དང་། ནོར་བུ་སྐར་མདོག་འབུམ་ཕྲག་དུ་མ་དག་སྣང་ངོ་། །དེ་ན་སངས་རྒྱས་པད་མ་དམ་པའི་འོད་ཀྱིས་རི་དང་ནོར་བུ་དག་ལ་ཕོག་པ་ན་སངས་རྒྱས་ཀྱི་འོད་དེ་དང་། ནོར་བུའི་འོད་དེས་འཇིག་རྟེན་གྱི་ཁམས་པད་མ་དེ་རྟག་ཏུ་སྣང་བ་རྒྱ་ཆེན་པོས་ཁྱབ་པར་བྱས་ཏེ། དེ་ན་
ཉི་མ་དང་ཟླ་བ་དག་གི་འོད་ཀྱང་མི་མངོན་ཏེ་གཞན་དུ་ན་གང་གི་ཚེ་པད་མ་རྣམས་ཁ་ཟུམས་ཤིང་བྱ་དག་སྒྲ་ཆུང་བར་གྱུར་པ་དེའི་ཚེ་ནི་མཚན་མོ་ཞེས་བྱ་བའི་གྲངས་སུ་འགྱུར་ལ་དེ་ལས་བཟློག་པ་ནི་ཉིན་པར་ཡིན་ནོ། །རི་དེ་དག་གི་སྟེང་ན་བཻ་དཱུརྱ་སྔོན་པོ་ལས་བྱས་པའི་ཁང་པ་བརྩེགས་པ་འཕང་དུ་ནི་དཔག་
ཚད་དྲུག་ཅུ་རྒྱར་ནི་དཔག་ཚད་ཉི་ཤུ་པ་དག་ཡོད་དེ། ཁང་པ་བརྩེགས་པ་དེ་དག་གི་ཕྱོགས་བཞི་ན་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་རྟ་བབས་དག་ཀྱང་ཡོད་དོ། །ཁང་པ་བརྩེགས་པ་དེ་དག་ན་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ཁྲི་དག་ཡོད་དེ་དེ་ལ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་
དཔའ་དག་འདུག་ཅིང་ཆོས་ཉན་པར་བྱེད་དོ། །རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་པད་མ་དེ་ན་བྱང་ཆུབ་ཀྱི་ཤིང་དབང་པོ་ཞེས་བྱ་བ་འཕང་དུ་ནི་དཔག་ཚད་སུམ་སྟོང་རྒྱར་ནི་དཔག་ཚད་ལྔ་བརྒྱ། ཡལ་ག་དང་། ལོ་མ་དང་། འདབ་མ་དག་ནི་དཔག་ཚད་སྟོང་དུ་ལེགས་པར་གནས་པ་ཡོད་དོ། །བྱང་
ཆུབ་ཀྱི་ཤིང་དེའི་དྲུང་ན་དངུལ་ལས་བྱས་པའི་པད་མ་སྡོང་བུའི་འཕང་དུ་ནི་དཔག་ཚད་ལྔ་བརྒྱ་ཡོད་ལ། དེའི་འདབ་མ་ནི་གསེར་ལས་བྱས་པ་བྱེ་བ་ཕྲག་འབུམ་ཡོད་དེ་འཕང་དུ་ནི་དཔག་ཚད་ལྔ་ཡོད་དོ། །ཟེ་བ་ཐམས་ཅད་ན་རིན་པོ་ཆེ་རྡོའི་སྙིང་པོ་ལས་བྱས་པའི་ཟེའུ་འབྲུ་དག་ཡོད་དོ། །ཟེ་བ་རྣམས་ནི་རིན་པོ་
ཆེ་སྣ་བདུན་ལས་བྱས་པ་སྟེ། འཕང་དུ་ནི་དཔག་ཚད་བཅུ་རྒྱར་ནི་དཔག་ཚད་བདུན་ཡོད་དོ། །དེར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མ་དམ་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །སངས་
เล่ม ๕๐ · หน้า 132a
རྒྱས་ཀྱི་གདན་པད་མ་དེའི་ཁོ་ར་ཁོར་ཡུག་ན་ཡང་པད་མ་དག་ཡོད་དེ། དེ་དག་ལ་བྱང་ཆུབ་སེམས་དཔའ་དག་འཁོད་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མ་དམ་པའི་ཆོ་འཕྲུལ་དག་མཐོང་བར་གྱུར་ཏོ། །དེ་སྐད་ཅེས་བཀའ་སྩལ་
པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་རིན་པོ་ཆེ་རྣམ་པར་སྣང་བྱེད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མ་དམ་པས་ཆོ་འཕྲུལ་ཆེན་པོ་ཇི་ལྟ་བུ་དག་བསྟན་པ་མཛད་པ་ལགས། དེ་
སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རིན་པོ་ཆེ་རྣམ་པར་སྣང་བྱེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མ་དམ་པ་ནི་མདང་གི་ནམ་གྱི་ཐུན་ཐ་མ་ལ་བླ་ན་མེད་པ་
ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ད་ནང་ནང་པར་གྱི་དུས་ཀྱི་ཚེ་འདི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་མཛད་དེ་བདག་ཉིད་ཚངས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་སྤྲུལ་ནས་དབུའི་གཙུག་ཏོར་ནས་འོད་ཟེར་བྱེ་བ་ཁྲག་ཁྲིག་འབུམ་རབ་ཏུ་
བཀྱེའོ། །འོད་ཟེར་དེ་དག་གིས་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་སྣང་བས་ཁྱབ་པར་མཛད་དོ། །དེའི་ཚེ་སྟེང་གི་ཕྱོགས་ན་བྱང་ཆུབ་སེམས་དཔའ་གང་དག་གནས་པ་དག་གིས་ཐུར་དུ་བལྟས་ན་དེ་དག་ལ་རི་རབ་དང་། ཁོར་ཡུག་དང་།
ཁོར་ཡུག་ཆེན་པོ་དང་། རི་ནག་པོ་རྣམས་ཀྱང་སྣང་བར་མ་གྱུར་ཏོ། །འཇིག་རྟེན་གྱི་ཁམས་དེ་དག་ན་བྱང་ཆུབ་སེམས་དཔའ་གང་དག་ལུང་བསྟན་པ་དག་དང་། གང་དག་ཏིང་ངེ་འཛིན་ཐོབ་པ་དག་དང་། གང་དག་གཟུངས་ཐོབ་པ་དག་དང་། གང་དག་བཟོད་པ་ཐོབ་པ་དག་དང་། གང་
དག་ས་ལས་ཤིན་ཏུ་འདས་པ་དག་དང་། དེ་ན་གང་དག་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་སྣང་བ་དེ་ཁྱབ་པར་གྱུར་ནས་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མ་དམ་པ་དེའི་
เล่ม ๕๐ · หน้า 132b
སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་ལེགས་པར་བརྒྱན་པའི་སྐུ་ཡང་མཐོང་། བྱང་ཆུབ་སེམས་དཔའ་འཁོར་དེ་དང་། འཇིག་རྟེན་གྱི་ཁམས་པད་མའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡང་མཐོང་ངོ་། །མཐོང་ནས་ཀྱང་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་མཆོག་ཏུ་དགའ་བ་དང་། བདེ་བ་སྐྱེས་ཏེ། འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་ནས་བྱང་ཆུབ་སེམས་དཔའ་བགྲང་བ་ལས་ཡང་དག་པར་འདས་པ་དག་རང་རང་གིས་སངས་རྒྱས་ཀྱི་ཞིང་བོར་ནས་དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མ་དམ་པ་ལ་མཆོད་པ་བྱ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་རྫུ་འཕྲུལ་གྱི་མཐུས་འཇིག་རྟེན་གྱི་ཁམས་པད་མར་ལྷགས་སོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་པད་མ་དམ་པ་དེས་ཀྱང་བཞུགས་པ་
དང་། བཞེངས་པ་དང་། འཆགས་བཞིན་དུ་ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་ཕྱུང་སྟེ་ཐམས་ཅད་དང་ལྡན་པའི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་དེ་ལྗགས་ཀྱི་དབང་པོས་ཡོངས་སུ་ཁེབས་པར་མཛད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་གང་དག་སྙོམས་པར་ཞུགས་པ་དེ་དག་ཀྱང་ཏིང་ངེ་
འཛིན་ལས་ལངས་ནས་དེ་བཞིན་གཤེགས་པ་པད་མ་དམ་པ་དང་། ཐམས་ཅད་དང་ལྡན་པའི་འཁོར་ལ་མཆོད་པ་བྱ་བའི་ལས་ལ་བརྩོན་པར་གྱུར་ཏོ། །རིགས་ཀྱི་བུ་དེ་ནས་དེ་བཞིན་གཤེགས་པ་པད་མ་དམ་པས་ལྗགས་ཀྱི་དབང་པོའི་རྫུ་འཕྲུལ་མངོན་པར་འདུ་མཛད་པའི་ཕྱིར་བསྡུས་ནས།
གཞན་ཡང་དེ་བཞིན་གཤེགས་པ་པད་མ་དམ་པས་སྐུ་ཐམས་ཅད་ནས་སྤུའི་ཁུང་བུ་ཐམས་ཅད་ཀྱི་སྤུའི་ཁུང་བུའི་སྒོ་རེ་རེ་ནས་ཀྱང་། འོད་ཟེར་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དྲུག་ཅུ་དྲུག་ཅུ་བྱུང་ཞིང་ཕྱོགས་བཅུའི་ཕྱོགས་རེ་རེར་ཡང་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་
དག་སྣང་བ་རྒྱ་ཆེན་པོས་ཁྱབ་པར་མཛད་ནས། འཇིག་རྟེན་གྱི་ཁམས་དེ་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ལུང་བསྟན་པ་དག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཏིང་ངེ་འཛིན་ཐོབ་པ་དེ་དག་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
เล่ม ๕๐ · หน้า 133a
པར་རྫོགས་པའི་སངས་རྒྱས་པད་མ་དམ་པ་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་རང་རང་གི་སངས་རྒྱས་ཀྱི་ཞིང་གི་སྣང་བ་དང་། རྫུ་འཕྲུལ་གྱི་སྟོབས་ཀྱིས་འཇིག་རྟེན་གྱི་ཁམས་པད་མར་ལྷགས་སོ། །རིགས་ཀྱི་བུ་དེ་ནས་དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མ་དམ་པས་རྫུ་འཕྲུལ་མངོན་པར་འདུ་མཛད་པ་དེ་ཕྱིར་བསྡུས་ནས། སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། ལྷ་དང་མི་རྣམས་ལ་ཕན་པ་དང་། བདེ་བ་དང་། ཐེག་པ་ཆེན་པོ་
ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཐམས་ཅད་དང་ལྡན་པའི་བྱང་ཆུབ་བྱང་ཆུབ་སེམས་དཔའི་འཁོར་ལ་ཕྱིར་མི་ལྡོག་པའི་འཁོར་ལོ་ཞེས་བྱ་བ་ཆོས་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཏོ། །ཐེག་པ་ཆེན་པོའི་མདོ་སྙིང་རྗེ་པད་མ་དཀར་པོ་ལས་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བའི་ལེའུ་སྟེ་དང་
པོའོ།། །།དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་རིན་པོ་ཆེ་རྣམ་པར་སྣང་བྱེད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་པད་མ་དེ་ན་མཚན་མོ་དང་ཉིན་མོར་ནི་ཇི་ལྟར་འཚལ། དེ་ན་སྒྲ་ནི་ཇི་ལྟ་བུ་དག་གྲག །བྱང་ཆུབ་སེམས་
དཔའ་དེ་དག་བསམ་པ་ནི་ཇི་ལྟ་བུ་དང་ལྡན། གནས་པ་ནི་གང་གིས་གནས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་པད་མ་ནི་རྟག་ཏུ་སངས་རྒྱས་ཀྱི་འོད་ཀྱིས་སྣང་བར་གྱུར་པ་ཡིན་ཏེ། དེ་ན་གང་གི་ཚེ་མེ་ཏོག་དག་ཁ་ཟུམས་པར་གྱུར་ཅིང་། བྱ་
རྣམས་ཀྱང་སྒྲ་ཆུང་བར་གྱུར་པ་དང་། བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་བསམ་གཏན་དག་གིས་རོལ་ཅིང་རྣམ་པར་གྲོལ་བའི་དགའ་བ་དང་བདེ་བ་མྱོང་བར་མཛད་པ་དེའི་ཚེ་དེ་ན་མཚན་མོ་ཡིན་པར་ཤེས་སོ། །གང་གི་ཚེ་མེ་ཏོག་དེ་རླུང་གིས་ཁ་བྱེ་བར་གྱུར་ཅིང་བྱ་རྣམས་ཀྱང་
སྒྲ་ཡིད་དུ་འོང་བ་སྒྲོགས་པར་བྱེད་པ་དང་། དེར་མེ་ཏོག་གི་ཆར་དག་ཀྱང་མངོན་པར་འབབ་པ་དང་། ཕྱོགས་བཞི་ནས་དྲི་མཆོག་ཏུ་ཞིམ་ཞིང་ཡིད་དུ་འོང་ལ་འཇམ་ཞིང་རེག་ན་བདེ་བར་འགྱུར་བའི་རླུང་དག་ལྡང་བ་དང་། བཅོམ་ལྡན་འདས་ཀྱང་ཏིང་ངེ་འཛིན་ལས་བཞེངས་ལ། བྱང་ཆུབ་སེམས་
เล่ม ๕๐ · หน้า 133b
དཔའ་རྣམས་ཀྱང་ཏིང་ངེ་འཛིན་དེ་ལས་ལངས་ཤིང་བཅོམ་ལྡན་འདས་པད་མ་དམ་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་གཏམ་ལས་ཤིན་ཏུ་འདས་པ་དག་སྟོན་པར་མཛད་པ་དེའི་ཚེ་དེ་ནི་ཉིན་མོ་
ཡིན་པར་ཤེས་སོ། །རིགས་ཀྱི་བུ་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སངས་རྒྱས་ཀྱི་སྒྲ་དང་། ཆོས་ཀྱི་སྒྲ་དང་། དགེ་འདུན་གྱི་སྒྲ་དང་མི་འབྲལ་ལོ། །མི་འཇིགས་པའི་སྒྲ་དང་། མངོན་པར་འདུ་བྱེད་པ་མེད་པའི་སྒྲ་དང་། སྐྱེ་བ་མེད་པའི་སྒྲ་དང་། འགག་པ་མེད་
པའི་སྒྲ་དང་། ཞི་བའི་སྒྲ་དང་། ཉེ་བར་ཞི་བའི་སྒྲ་དང་། རབ་ཏུ་ཞི་བའི་སྒྲ་དང་། བྱམས་པ་ཆེན་པོའི་སྒྲ་དང་། སྙིང་རྗེ་ཆེན་པོའི་སྒྲ་དང་། མི་སྐྱེ་བའི་ཆོས་ཀྱི་སྒྲ་དང་། དབང་བསྐུར་བའི་ས་ཐོབ་པའི་སྒྲ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྒྲ་དང་མི་འབྲལ་ཏེ། བྱང་ཆུབ་སེམས་
དཔའ་དེ་དག་ནི་རྟག་ཏུ་སྒྲ་དེ་ལྟ་བུ་དག་ཉན་པར་བྱེད་དོ། །རིགས་ཀྱི་བུ་གཞན་ཡང་འཇིག་རྟེན་གྱི་ཁམས་པད་མར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སྐྱེས་པ་དང་། སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་ཞིང་། འོད་དཔག་
ཚད་བརྒྱ་པ་ཡོད་ལ་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་རྣམ་པར་མི་ལྟུང་བའི་ཆོས་ཅན་ཡིན་ནོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ནི་བྱམས་པའི་སེམས་དང་ལྡན་པ་དང་། སྣུམ་པའི་སེམས་དང་ལྡན་པ་དང་། རྙོག་པ་མེད་པའི་སེམས་དང་ལྡན་པ་དང་། དུལ་བའི་སེམས་དང་ལྡན་པ་
དང་། སྤྲོ་རིང་བའི་སེམས་དང་ལྡན་པ་དང་། མཉམ་པར་བཞག་པའི་སེམས་དང་ལྡན་པ་དང་། རབ་ཏུ་དང་བའི་སེམས་དང་ལྡན་པ་དང་། ཁོང་ཁྲོ་བ་མེད་པའི་སེམས་དང་ལྡན་པ་དང་། དག་པའི་སེམས་དང་ལྡན་པ་དང་། དགེ་བའི་སེམས་དང་ལྡན་པ་དང་། ཆོས་ལ་དགའ་བའི་
སེམས་དང་ལྡན་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རབ་ཏུ་ཞི་བར་བྱེད་པའི་སེམས་དང་ལྡན་པ་དང་། ས་དང་མཚུངས་པའི་སེམས་དང་ལྡན་པ་དང་། འཇིག་རྟེན་པའི་གཏམ་ལ་མངོན་པར་མི་དགའ་བའི་སེམས་དང་ལྡན་པ་དང་། འཇིག་རྟེན་ལས་འདས་པའི་གཏམ་ལ་མངོན་
เล่ม ๕๐ · หน้า 134a
པར་དགའ་བའི་སེམས་དང་ལྡན་པ་དང་། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་ཚོལ་བའི་སེམས་དང་ལྡན་པ་དང་། ཕུང་པོ་མེད་པ་ལ་རྟག་ཏུ་རབ་ཏུ་བརྩོན་པའི་སེམས་དང་ལྡན་པ་དང་། ན་བ་དང་། རྒ་བ་དང་། འཆི་བ་རབ་ཏུ་ཞི་བར་བྱེད་པའི་སེམས་དང་ལྡན་པ་དང་།
ཉོན་མོངས་པ་ཐམས་ཅད་སྲེག་པར་བྱེད་པའི་སེམས་དང་ལྡན་པ་དང་། ཀུན་ཏུ་སྦྱོར་བ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སེམས་དང་ལྡན་པ་དང་། ཆོས་ཐམས་ཅད་ལ་རློམ་སེམས་མེད་པའི་སེམས་དང་ལྡན་པ་དང་། བསམ་པའི་སྟོབས་ཅན་དང་། སྦྱོར་བའི་སྟོབས་ཅན་དང་།
རྐྱེན་གྱི་སྟོབས་ཅན་དང་། སྨོན་ལམ་གྱི་སྟོབས་ཅན་དང་། སྙིང་པོ་མེད་པ་དང་། མ་འདྲེས་ཤིང་གོང་དུ་སྐྱོད་པར་བྱེད་པའི་སྟོབས་ཅན་དང་། ངེས་པར་རྟོགས་པའི་སྟོབས་ཅན་དང་། དགེ་བའི་རྩ་བའི་སྟོབས་ཅན་དང་། ཏིང་ངེ་འཛིན་གྱི་སྟོབས་ཅན་དང་། ཐོས་པའི་སྟོབས་ཅན་དང་།
གཏོང་བའི་སྟོབས་ཅན་དང་། ཚུལ་ཁྲིམས་ཀྱི་སྟོབས་ཅན་དང་། བཟོད་པའི་སྟོབས་ཅན་དང་། བརྩོན་འགྲུས་ཀྱི་སྟོབས་ཅན་དང་། བསམ་གཏན་གྱི་སྟོབས་ཅན་དང་། ཤེས་རབ་ཀྱི་སྟོབས་ཅན་དང་། ཞི་གནས་ཀྱི་སྟོབས་ཅན་དང་། ལྷག་མཐོང་གི་སྟོབས་ཅན་དང་། མངོན་པར་ཤེས་
པའི་སྟོབས་ཅན་དང་། དྲན་པའི་སྟོབས་ཅན་དང་། བྱང་ཆུབ་ཀྱི་སྟོབས་ཅན་དང་། སྙིང་སྟོབས་ཀྱི་སྟོབས་ཅན་དང་། བདུད་ཐམས་ཅད་རྣམ་པར་འཇོམས་པའི་སྟོབས་ཅན་དང་། བདུད་ཀྱི་དཔུང་ཐམས་ཅད་རབ་ཏུ་འདུལ་བར་བྱེད་པའི་སྟོབས་ཅན་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཆོས་དང་
འཐུན་པས་ཚར་གཅོད་པའི་སྟོབས་ཅན་དང་། ཉོན་མོངས་པ་ཐམས་ཅད་རབ་ཏུ་འདུལ་བར་བྱེད་པའི་སྟོབས་ཅན་ཤ་སྟག་སྟེ། འཇིག་རྟེན་གྱི་ཁམས་པད་མར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སྐྱེས་པ་དང་། སྐྱེ་བར་འགྱུར་བ་དེ་དག་ནི་སངས་རྒྱས་འབུམ་ཕྲག་མང་པོ་དག་
ལ་ལྷག་པར་བྱ་བ་བྱས་ཤིང་དགེ་བའི་རྩ་བ་རྣམས་བསྐྱེད་བསྐྱེད་པ་ཡིན་ནོ། །སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་པད་མ་དེར། བྱང་ཆུབ་སེམས་དཔའ་གང་དག་སྐྱེས་པ་དང་། སྐྱེ་བར་འགྱུར་བའི་བྱང་ཆུབ་སེམས་དཔའ་དེ་དག་ནི་འདི་ལྟ་སྟེ། དཔེར་ན་ཚངས་རིས་ཀྱི་ལྷ་རྣམས་ལ་ཁམ་
เล่ม ๕๐ · หน้า 134b
གྱིས་ཟ་བའི་ཟས་མེད་པ་བཞིན་དུ་བསམ་གཏན་གྱི་ཟས་དང་། ཆོས་ཀྱི་ཟས་དང་། དྲི་ཟའི་ཟས་དང་ལྡན་པ་མ་ཡིན་ནོ། །དེ་ན་རྣམ་པ་ཐམས་ཅད་དུ་མི་དགེ་བའི་མིང་ཡང་མེད་དོ། །དེ་ན་རྣམ་པ་ཐམས་ཅད་དུ་བུད་མེད་ཀྱི་མིང་ཡང་མེད་གདགས་པ་ཡང་མེད་དོ། །དེ་ན་རྣམ་པ་ཐམས་ཅད་དུ་སྡུག་
བསྔལ་གྱི་སྒྲ་ཡང་མེད་པ་རྣམ་པ་ཐམས་ཅད་དུ་དགེ་བ་དང་མི་དགེ་བའི་སྒྲ་ཡང་མེད་དོ། །དེ་བཞིན་དུ་སྦྱར་ཏེ་ཉོན་མོངས་པའི་སྒྲ་ཡང་མེད། ཡོངས་སུ་འཛིན་པ་ཡང་མེད་དོ། །དེ་ན་མུན་པ་ཡང་མེད། དྲི་མ་ཡང་མེད་དོ། །སེམས་ངལ་བ་ཡང་མེད་དོ། །ལུས་ངལ་བ་ཡང་མེད་དོ། །སེམས་
ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྒྲ་ཡང་མེད་དོ། །ངན་སོང་དུ་གདགས་པ་ཡང་མེད་དོ། །ཚེར་མ་དང་། ཐིབས་པོ་དང་། རྡོ་བ་དང་། གསེག་མ་ཡང་མེད་དོ། །མེ་ཡང་མེད། ཉི་མ་དང་ཟླ་བ་ཡང་མེད། སྐར་མའི་གཟུགས་ཀྱང་མེད་དོ། །རྒྱ་མཚོ་
ཆེན་པོ་ཡང་མེད། རི་རབ་ཀྱང་མེད། ཁོར་ཡུག་གི་རི་ཡང་མེད། འཇིག་རྟེན་གྱི་བར་ཡང་མེད། རི་ནག་པོ་རྣམས་ཀྱང་མེད་དོ། །རྡོ་བ་མི་གཙང་བ་དག་ཀྱང་མེད། རྡུལ་གྱི་རི་ཡང་མེད་དོ། །སྤྲིན་དང་ཆར་པའི་སྒྲ་ཡང་མེད། རླུང་མར་གྱི་སྒྲ་ཡང་མེད་དོ། །རྣམ་པ་ཐམས་ཅད་དུ་ངན་སོང་
གི་སྒྲ་ཡང་མེད། རྣམ་པ་ཐམས་ཅད་དུ་མི་ཁོམ་པའི་སྒྲ་ཡང་མེད་དོ། །གཞན་ཡང་འཇིག་རྟེན་གྱི་ཁམས་པད་མ་ནི་སངས་རྒྱས་ཀྱི་འོད་དང་། བྱང་ཆུབ་སེམས་དཔའི་འོད་དང་། བསོད་ནམས་ཀྱི་འོད་དང་། རིན་པོ་ཆེའི་འོད་ཀྱི་སྣང་བ་རྒྱ་ཆེན་པོས་རྟག་ཏུ་གསལ་བར་གྱུར་ཏོ། །དེ་ན་བྱ་
འབྲས་བུ་དང་བཅས་པ་ཞེས་བྱ་བ་དག་རང་རང་གི་སྒྲ་འཇམ་ཞིང་ཡིད་དུ་འོང་བ་དག་གིས་དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དག་རབ་ཏུ་སྒྲོགས་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་རིན་པོ་ཆེ་རྣམ་པར་སྣང་བྱེད་ཀྱིས་འདི་སྐད་ཅེས་གསོལ་
ཏོ། །བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་པད་མ་དེ་ཆེ་ཁྱད་ནི་ཇི་ཙམ་ཞིག་ལགས། གོང་མ་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། མངོན་པར་རྫོགས་པར་སངས་རྒྱས་ནས། རིང་པོ་མ་ལགས་པའི་དེ་བཞིན་གཤེགས་
เล่ม ๕๐ · หน้า 135a
པ་པད་མ་དམ་པ་དེ་ཡང་ཡུན་ཇི་སྲིད་ཅིག་ཏུ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་སྟོན་པར་འགྱུར། ཡོངས་སུ་མྱ་ངན་ལས་འདས་ནས་ནི་དམ་པའི་ཆོས་ཡུན་ཇི་སྲིད་ཅིག་ཏུ་གནས་པར་འགྱུར། འཇིག་རྟེན་གྱི་ཁམས་པད་མའི་སངས་རྒྱས་ཀྱི་ཞིང་དུ་བྱང་ཆུབ་སེམས་
དཔའ་གང་དག་སྐྱེས་པ་དང་། སྐྱེ་བར་འགྱུར་བ་དེ་དག་ནི་ཡུན་ཇི་སྲིད་ཅིག་ཏུ་གནས་པར་འགྱུར། ཅི་བྱང་ཆུབ་སེམས་དཔའ་དེ་དག་སངས་རྒྱས་ལ་ལྟ་བ་དང་། ཆོས་ཉན་པ་དང་། དགེ་འདུན་ལ་བསྙེན་བཀུར་བགྱིད་པ་དང་མི་འབྲལ་ལགས་སམ་འོན་ཏེ་དེ་ལྟ་མ་ལགས། འཇིག་རྟེན་གྱི་
ཁམས་པད་མ་དེ་ནི་སྔོན་མིང་ཅི་ཞེས་བགྱི་བར་གྱུར། དེར་རྒྱལ་བའི་ཉི་མ་ནུབ་ནས་ཡུན་ཇི་སྲིད་ཅིག་ལགས་ནས། དེའི་འོག་ཏུ་དེ་བཞིན་གཤེགས་པ་པད་མ་དམ་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཅིའི་རྐྱེན་གྱིས་ན་ཕྱོགས་བཅུའི་སངས་
རྒྱས་ཀྱི་ཞིང་གཞན་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ཆོ་འཕྲུལ་དག་མཛད་པའི་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་དག་དང་། སངས་རྒྱས་ཀྱི་ཆོ་འཕྲུལ་དག་ཁ་ཅིག་གིས་ནི་མཐོང་ལ། ཁ་ཅིག་གིས་ནི་མི་མཐོང་བར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་རིའི་རྒྱལ་པོ་རི་རབ་ལ་འཕང་དུ་ནི་དཔག་ཚད་འབུམ་དྲུག་ཁྲི་བརྒྱད་སྟོང་ཡོད་ལ། རྒྱར་ནི་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་པ་སྐྱེས་བུ་བརྩོན་འགྲུས་དང་ལྡན་པ། སྟོབས་དང་ལྡན་པ་ལ་ལ་ཞིག་འོངས་ནས་ཏིང་ངེ་འཛིན་གྱི་མཐུས་རིའི་རྒྱལ་པོ་རི་
རབ་དེ་ཡུངས་འབྲུའི་ཚད་ཙམ་དུ་བཀྲུམ་ནས། ཡུངས་འབྲུ་ཙམ་དུ་གྱུར་པ་དེ་དག་ནི་བགྲང་བ་ལས་ཡང་དག་པར་འདས་པས་ན་ཡུངས་འབྲུ་ཙམ་པོ་དེ་དག་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་གཏོགས་པར་སུས་ཀྱང་བགྲང་བར་མི་ནུས་ཏེ། ཡུངས་འབྲུ་ཙམ་པོ་དེ་དག་ཇི་སྙེད་པར་དེ་ན་
གླིང་བཞི་པའི་ཚད་ཀྱང་དེ་སྙེད་ཡོད་དོ། །འདི་ལྟ་སྟེ་དཔེར་ན་འཇིག་རྟེན་གྱི་ཁམས་བདེ་བ་ཅན་བྱང་ཆུབ་སེམས་དཔའ་དག་གིས་ཀུན་ཏུ་གང་བ་བཞིན་དུ་སངས་རྒྱས་ཀྱི་ཞིང་པད་མ་ཡང་བྱང་ཆུབ་སེམས་དཔའ་དག་གིས་ཀུན་ཏུ་གང་བ་ཡིན་ནོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་
เล่ม ๕๐ · หน้า 135b
པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མ་དམ་པའི་སྐུ་ཚེའི་ཚད་ནི་བར་གྱི་བསྐལ་པ་སུམ་ཅུར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པར་འགྱུར་རོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མ་དམ་པ་ཡོངས་སུ་མྱ་
ངན་ལས་འདས་ནས་ཀྱང་དམ་པའི་ཆོས་ནི་བར་གྱི་བསྐལ་པ་བཅུར་གནས་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་པད་མར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སྐྱེས་པ་དང་། སྐྱེ་བར་འགྱུར་བ་དེ་དག་གི་ཚེའི་ཚད་ནི་བར་གྱི་བསྐལ་པ་བཞི་བཅུར་འགྱུར་རོ། །རིགས་ཀྱི་བུ་
འཇིག་རྟེན་གྱི་ཁམས་པད་མ་དེ་སྔོན་ནི་ཙན་དན་ཞེས་བྱ་བར་གྱུར་ཏེ། ད་ལྟར་གྱི་འཇིག་རྟེན་གྱི་ཁམས་པད་མ་ལྟར་ཡོངས་སུ་དག་པར་ཡང་མ་གྱུར་ལ། དེ་ལྟར་སེམས་ཅན་དག་པ་དག་གིས་གང་བར་ཡང་མ་གྱུར་ཏོ། །རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་ཙན་དན་དུ་ནི་དེ་བཞིན་གཤེགས་
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བ་དམ་པ་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བའི་བར་དང་ལྡན་པར་གྱུར་ཏེ། དེས་ཀྱང་བར་གྱི་བསྐལ་པ་སུམ་ཅུར་ཆོས་བསྟན་པར་གྱུར་ཏོ། །ཡོངས་སུ་མྱ་ངན་ལས་
འདས་པའི་དུས་ཀྱི་ཚེ་ན་བྱང་ཆུབ་སེམས་དཔའ་ཁ་ཅིག་ནི་སྨོན་ལམ་གྱི་དབང་གིས་སངས་རྒྱས་ཀྱི་ཞིང་གཞན་དག་ཏུ་དོང་ངོ་། །བྱང་ཆུབ་སེམས་དཔའ་ལྷག་མ་གང་དག་དེ་ན་འཁོད་པ་དེ་དག་ནི་འདི་སྙམ་དུ་སེམས་པར་གྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་ཟླ་བ་དམ་པ་ནི་དོ་མོད་ནམ་གྱི་གུང་ཐུན་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་དམ་པའི་ཆོས་ནི་བར་གྱི་བསྐལ་པ་བཅུར་གནས་པར་གྱུར་ན་དམ་པའི་ཆོས་ནུབ་པའི་འོག་ཏུ་སུ་ཞིག་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་སྙམ་དུ་སེམས་པར་གྱུར་ཏོ། །ཡང་དེའི་ཚེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་ཕྱག་རྒྱ་ཞེས་བྱ་བ་དེ་སྔོན་གྱི་སྨོན་ལམ་གྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
เล่ม ๕๐ · หน้า 136a
སངས་རྒྱས་ཟླ་བ་དམ་པ་ལུང་བསྟན་པར་གྱུར་ཏེ། རིགས་ཀྱི་བུ་ང་ཡོངས་སུ་མྱ་ངན་ལས་འདས་ནས་དམ་པའི་ཆོས་ནི་བར་གྱི་བསྐལ་པ་བཅུར་གནས་པར་འགྱུར་ཏེ། ནམ་གྱི་གུང་ཐུན་ལ་ངའི་དམ་པའི་ཆོས་ནུབ་པར་གྱུར་ནས་དེ་ཉིད་ཀྱི་ནུབ་མོའི་ཐུན་ཐ་མ་ལ་ཁྱོད་བླ་ན་མེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མ་དམ་པ་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བའི་བར་དུ་
འགྱུར་རོ་ཞེས་ལུང་བསྟན་ཏོ། །དེའི་ཚེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བ་དམ་པ་ག་ལ་བ་དེར་སོང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་ཟླ་བ་དམ་པའི་དྲུང་དུ་ལྷགས་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་ཏིང་ངེ་འཛིན་གྱི་སྟོབས་དང་། བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་རྣམ་པ་སྣ་ཚོགས་དག་གིས་དེ་བཞིན་གཤེགས་པ་ཟླ་བ་དམ་པ་ལ་མཆོད་དེ་ལན་གསུམ་བསྐོར་བ་བྱས་ནས།
བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་ཅག་ནི་འགོག་པ་ལ་མཉམ་པར་བཞག་པའི་སེམས་ཀྱིས་བསྐལ་པ་བར་མ་བཅུ་པོ་དེ་དག་འདའ་བར་བགྱི་བར་འཚལ་ལགས་སོ། །རིགས་ཀྱི་བུ་དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་ཟླ་བ་དམ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་ཕྱག་རྒྱ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དེ་ལ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པའི་གཟུངས་ཀྱི་སྒོ་ལ་འཇུག་པ་འདི་ནི་འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་རྒྱལ་ཚབ་ཏུ་དབང་བསྐུར་བའི་བྱང་ཆུབ་སེམས་དཔའ་རྣམས་ལ་བཤད་པ་ཡིན་ལ། སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་ན་བཞུགས་ཏེ་འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་
เล่ม ๕๐ · หน้า 136b
དེ་དག་ཀྱང་རྒྱལ་ཚབ་ཏུ་དབང་བསྐུར་བའི་བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་པར་མཛད་ཅིང་། གང་དག་མ་འོངས་པའི་དུས་ན་འབྱུང་བར་འགྱུར་བའི་སངས་རྒྱས་དེ་དག་ཀྱང་རྒྱལ་ཚབ་ཏུ་དབང་བསྐུར་བའི་བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་པར་འགྱུར་བས་ན་ཁྱོད་ཀྱིས་ཀྱང་ཐམས་ཅད་
མཁྱེན་པ་ཉིད་ཀྱི་རྣམ་པའི་གཟུངས་ཀྱི་སྒོ་ལ་འཇུག་པ་འདི་ཟུང་ཤིག །ཏད་ཡ་ཐཱ། ཛྭ་ལི་ཛྭ་ལི་ནི། མ་ཧཱ་ཛྭ་ལི་ནི། ཧུག་ཀེ། བུག་ཀེ། སམ་པ་དེ། མ་ཧཱ་སམ་པ་དེ། དེ་བ་ན། ཨ་ཊི། བ་ཊི། ཊ་ཀེ། ཋ་ར་ཋ་ཀ་ཀེ། ཨ་མི་མ་ཀ་སི། ཧི་ལི་ཙི་ལི་ཏི་ལི། རུ་རུ་ཀེ། མ་ཧཱ་རུ་རུ་ཀེ།
ཛ་ཡེ། དུརྫ་ཡེ། ཛ་ཡ་མ་ཏི། ཤཱན་ཏེ། ཤཱན་ཏ་ནིར་གྷོ་ཥ་ཎི། ཨ་མཱུ་ལེ། ཨ་མཱུ་ལ་པ་རི་ཚན་ནེ། མཱ་ར་སཻ་ནྱ། བི་ཏྲ་ས་ནེ། མུཀ་ཏེ། མུཀ་ཏ་པ་རི་ཤུད་དྷེ། ཨ་བྷཱི་ཏེ། བྷ་ཡ་མོ་ཙ་ནེ། བྷ་ར་ཨོ་ཧ་ར་ཎ། དཱན་ཏ། བི་དྱཱ་བི་དྱཱ། བི་དྱཱ་དྷ་རུ་ཏ་ཏ་མེ། ནི་ཨ་གྲ་ཧྃ་པ་ར་བཱ་དཱི་
ནཱྃ། དྷརྨ་བཱ་དཱི་ནཱ་མ་ཨ་ནུ་གྲ་ཧན། ཨ་རཀྵ་དྷརྨ་བཱ་དཱི་ནཱྃ། ཙ་ཏུར་ཎཱྃ། སྨྲྀ་ཏྱུ་པ་སྠཱ་ནཱ་ནཱྃ། ཨ་དྷི་མུཀ་ཏི་པ་ད་པྲ་ཀཱ་ཤ་ན་པ་ད་མི་དན། བུད་དྷ་ཀཱ་ཤ་ཡེ། ཨ་མ་མ། མི་མ་མ། ཨ་བཻ་བི། ཨརྠེ། ཨརྠ་ནི། སྟཱི་ར་ཎེ། ལོ་ཀ་ཨ་དྷི་མུག་ཏེ། སུན་དྷ་རེ། པ་རི་བྷཱ་བ་ནེ། ཙ་ཏུར་ཎཱྃ།
ཨཱརྱ་བྃ་ཤཱ་ནཱཾ། ཨ་དྷི་མུག་ཏི་པ་ད་པྲ་ཀཱ་ཤ་ན་པ་ད། བྷཱ་ཥ་ཨརྠེ་བྷཱ་ཥ་ཎེ། དྷ་རེ་དྷ་རེ་བ་ཏི། གུ་པ་ཏེ། ཤུ་བྷེ། ཤུ་བྷ་པྲ་བྷེ། ཏད་པཱ་ལ། ཨ་གྲ་ཕ་ལ། ཨ་ཕ་ལ་ནི། ཪྥལ། ནི་ཧ་ལ། སུ་མུཀ་ཏ། ཨ་མུཀ་ཏ། ནིར་མུཀ་ཏ། ཨ་བ་བྷྲ་མི་ཏ། བི་མུཀ་ཏ་བ་ཏི། བི་ལ་ཕ་ལ།
ཨཱ་ཡུད་དྷ། ཨ་བི་ཏི། བི་བི་ཏི། ར་ཏི་ཀུ་ལ། ཏུ་ལ་མན། ཨ་ཧིང་ས་མ་ཨི་ཏི་ཏཱ་བ། ཨན་དྷཱ་ནན་དྷ་ད། སརྦ་ལོ་ཀ་ཨ་ན་ཀ་བི་ལིཀ་ཀ། ཨ་བྷུ་ས་རེ། ཧ་ཏ་མན་ཏེ། བེ་ཤ་ཨ་གྲ་མ་ཏེ། ཨ་ཕ་ལ། ཀ་ཕ་ལ། ཏྲ་ཡཱ་ཎཱྃ། ཨཱ་རཀྵི་ཏཱ་ནཱྃ། ཨ་དྷི་མུཀ་ཏི་པ་ད་མི་དན། ཛ་
ཌ་ཏ། ཨ་ནི་ཧ་ར་བཱ་ཙ་ཏབ་བྱོ། ཨི་དམ་པཱ་ལན། ནི་ཡཱ་མ་ཕ་ལན། ས་མུ་དྲཱ་ན་ཡ། བི་བྷཱུ་ཥ་པ་ཤྱོ་སོ་མན་ཏ། ཨ་ནུ་མན་ཏོ། ཨ་ཀུ་མན་ཏོ། ཙྪེ་ད་བ་ནེ། མན་ཏྲ་སྟཱ། ད་ཤ་བ་ལ། བི་གྲ་ཧ་ཏ། ཨི་སུ་སྠཱ་ན། སུ་ནི་ཁ་མ། ཏཱིཀྵྞ་མ་ཏི། ཨཱ་ལོ་ཀ །ཨ་ཏི་ཏྲྀཥྞ། ཨ་ཏི་མི་ཏ།
เล่ม ๕๐ · หน้า 137a
པྲ་ཏྱུད་པན་ན། བུད་དྷ་པཱུརྦ་པྲ་ཧ་རེ། ཙ་ཏུར་ཎཱི། སམ་མྱག་པྲ་ཧཱ་ཎཱ་ནཱྃ། ཨ་དྷི་མུཀ་ཏི་པ་ད་པྲ་ཀཱ་ཤ་ན་པད་མི་དན། ཨན་ནྱ་མན་ནྱེ་མ་ནེ། མ་མ་ནྱེ། བཱི་རི་བི་ཏི་རེ་ཤ་མེ། ཤ་མི་ཏེ་བི། ཤཱན་ཏེ། མུཀ་ཏེ། ནི་རུཀ་ཏ་མེ། ས་མེ། ས་མ་ས་མེ། ཀྵ་ཡེ། ཨཀྵ་
ཡེ། ཨ་ཛི་ཏི་ཤཱན་ཏེ། ཤ་ནིཥྚེ། དྷཱར་ཎེ། ཨཱ་ལོ་ཀ །ཨ་བ་བྷཱ་སེ། རད་ན་བྲ་ཏེ། ར་སྨྱ་བ་ཏེ། ཛྙཱ་ན་བ་ཏེ། མེ་རུ་བ་ཏེ། ཀྵ་ཡ་ནི་དར་ཥ་ཎེ། ལོ་ཀ་པྲ་དཱི་པ་ནི་དར་ཥ་ཎེ། ཙ་ཏུར་ཎཱིཔྲ་ཏི་སྃ་བི་དཱན། ཨ་དྷི་མུཀ་ཏི་པ་ད་པྲ་ཀཱ་ཤ་ན་པ་ད་མི་དན། ཙཀྵུ་ཨཱ་བྷཱ་ས་ནི་དར་ཥ་ཎེ། ཛྙཱ་ན་ཨཱ་ལོ་ཀ་
ནིར་དར་ཥ་ཎེ། པྲ་བྷཱ་ས་ནེ། སརྦ་ཨིན་དྲཱི་ཡ། བྷཱུ་མི་ཨ་ཏི་ཀྲཱན་ཏེ། ས་བ་ས་བ། བཱ་མཱ་ན། སརྦེ་པྲ་ཐ་བཱ། ཀྵ་ཡང་ཀ་རེ། ཤོ་ཀ་ཨརྠ་བཱ་ཙ་ནེ། ལོ་ཀ་ཨ་ནུ་དར་ཥ་ཎ། བི་བྷཱུ་ཙ་ཏུར། རིད་དྷི་པཱ་དཱ། ཨ་དྷི་མུཀ་ཏི་པ་ད་པྲ་ཀ་ཤ་ན་པ་ད་མི་དན། ཨ་ཙ་ལེ་བུད་དྷེ། ད་དྷ་པྲ་ཙ་ལེ། ས་
ཏྭེ་གྲྀ་ཧྞ། སིད་དྷི་ཀམ་པ་ནི་ནི་སྲིད་དྷ་སྨ་ཏི་ཏེ། པ་རི་ཀ་སེ་རེ། སཽ་མེ། ཙཎ་ཌེ། དཱན་ཏེ། ཨ་ཙ་ལེ། ཨ་མ་རེ། བི་ཙི་བ་ལེ། ནི་བ་རེ། པྲ་ཙ་ཙ་ལེ། པྲ་ས་རེ། ཨ་ན་ཡ། ཨ་བྱ་སེ། ཀརྐ་མེ། པྲ་བྷ་བི་ནི། ཨོ་མེ་ནི་ཛ་སེ། ཀྲ་གྲ་མེ། ན་ཡུ་ཏེ། ཨིན་དྲི་ཡཱ་ཎཱྃ། བ་ལཱ་ནཱྃ། ཨ་དྷི་
མུཀ་ཏི་པ་དཔྲ་ཀཱ་ཤ་ན་པ་ད་མི་དན། པུཥྤེ་སུ་པུཥྤེ། དྲུ་མ་པ་རི་ཧ་རེ། ཨ་བྷ་ཡ་རུ་ཙི་རེ། ཙི་ཀ་རཀྵེ། ཨཀྵ་ཡམ་སྟུ་ནི་ནི་ལེ། མ་མ་ལེ། པཉྩ་ཤི་ཤི་རེ། ལོ་ཀ་སྱ་བི་ཛྙཱ་ནེ། ན་ཡ་སམ་གྲྀ་ཧི་ཏེ་ཙ་ཡུཀ་ཏེ། ཙྪན་དེ་ན། སཔ་ཏཱ་ནྃ། བོ་དྷྱེ་གཱ་ནཱྃ། ཨ་དྷི་མུཀ་ཏི་པ་ད་པྲ་ཀ་ཤ་ན་པ་ད་མི་
དན། ཙཀྲ་བཛྲེ། མཻ་ཏྲེས་མ་མ་ཏི་ཀྲཱན་ཏེ། ཀྲེ་ཏེ། ཀཱ་རུ་ཎེ། རུ་དིཀྵ་ཡི། པྲི་ཏིརཱུ་པེ་ཀྵ་སྃ་པན་ནེ། ཨ་ར་ཏེ། བ་ར་ཏེ། ཁ་གེ་ཁ་གེ །ཨ་མཱུ་ལེ། མཱུ་ལ་ཤོ་དྷ་ནེ། ཙ་ཏུར་ཎཱྃ་བཻ་ཤ་ར་དྱཱ་ནཱྃ། ཨ་དྷི་མུཀ་ཏི་པ་ད་པྲ་ཀཱ་ཤ་ན་པ་ད་མི་དན། བར་ཏེ་ཙཀྲེ། ཙཀྲཱ་དྷ་རེ། པ་ར་ཙཀྲེ། པ་
རེ་པུ་རེ། ཧི་ལེ་ཧི་ལེ། དྷ་རེ་ཨ་རཱུ་བ་ཏེ། ཧུ་ཧུ་རེ། ཡ་ཐཱ་ཛི་བྷྃ་གན། ནི་མ་བ་རེ། ཡ་ཐཱ་ཨག་ནེ། ཡ་ཐཱ་བ་རན་ཙི་རི་ཏི་རི་ཤ་ཡ་ཐཱ། བྷ་ཡ་རི་རི་ཤི། ས་ཏྱ་ནིར་ཧ་རེ། ཛ་ར་བ་བི་ལ། བཱིརྱ་ནིར་ཧ་ར། ཙུ་རེ་མཱརྒ་ནིར་ཧཱ་ར། ས་མཱ་དྷི་ནིར་ཧཱ་ར། པྲཛྙཱ་ནིར་ཧཱ་ར། བི་མུཀ་ཏི་ནིར་ཧཱ་ར།
เล่ม ๕๐ · หน้า 137b
བི་མུཀ་ཏི། བི་མུཀ་ཏི། ཛྙཱ་ན་དར་ཥ་ཎ་ནིར་ཧཱ་ར། ནཀྵ་ཏྲ་ནིར་ཧཱ་ར། ཙན་དྲ་ནིར་ཧཱ་ར། སཱུརྱ་ནིར་ཧཱ་ར། པ་དཱ་ཤྩ་ཏུ་རུཀ་ཏསྟ་ཐཱ་ག་ཏེ་ན། ཨད་བྷཱུ་ཏ། ནི་རད་བྷཱུ་ཏཱཾ། སྃ་བུད་དྷམ། ཨ་བུད་དྷམ། ཨི་ཧ་བུད་དྷམ། ཏ་ཏྲ་བུད་དྷམ། བི་ཧྃ་གམ་པུ་རེ། ཨ་ཕ་ལ། ད་ཕ་ལ། པཎ་ཌ་རེ། པཎ་
ཌ་རེ། ཏ་དྲ་ལན། ཏ་ལུ། མྃ་ག་ལ་དྷ་རི་ཎི། པཱུ་ཌ་ནི། སྃ་པྲ་པཱུ་ཌ་ནི། ག་ཏ་པྲ་ག་མ་ཏ་ནི་རཱུ་པ། ནཱ་ཤ་ནི། ན་ཤ་བན་དྷ་ནི། ཙིད་ཙི་ནི། ཙིད་ཙི་ནི། ས་ཡོ་དྷ། ཧི་དིང་ག་མ། པ་རེ་པ་ར། ཧ་ན་ནེ། བྷ་རམ་བྷ་རེ། བྷིན་དེ། བི་རེ་བི་རེ། རུ་ཥ་རེ། ཤ་ར་ཎེ། ད་ར་ཎེ། པྲ་བར་ཏེ། བ་ར་
རྴ་ཌ་ཡེ། བི་དུན་དུ་མཱ། བར་ཁུ་མཱ། པྲ་ཧྨ་ཙ་རི་ཎི། ཨིན་དྲ་བ་ནི། དྷི་དྷི་རཱ་ཡ་ནི། མ་ཧེ་ཤྭ་ར་ལ་ལ་ནི། མ་མ་སུ་མེ། ཨ་ལ་མི་ནི། ཨེ་ཀ་ཨཀྵ་ར་ནི། པཉྩ་ནི་ཙ་ར་སྟི། ཨ་བྷི་ཙཎ་ཌ་ལ་པུ་རེ། སརྦ་སུ་རེ། ཨ་བར་སུ་རེ། པཱུརྞྞ་ག་ཏི་ཏན། པཎ་ཌི་ཏན། ཨ་ཡི་ན་ཀཎ་ཌ། ཛམ་བྷ་
མེ། གན་དྷ་རེ་ཨ་ཏྲ། ན་ཧ་ནི་མ་ཀ་ར་བྷི་རོ་ཧི་ནི། སིད་དྷ་མན་ཏྲེ། བི་ལོ་ཀ་མ་ཏྲེ། བུད་དྷ་ཨ་དྷིཥྠི་ཏེ། དྷཱ་ར་ཎི་མུ་ཁི། ད་ཤཱ་ནཱ་མ་བ་ལཱ་ནཱྃ་ཨ་དྷི་མུཀ་ཏི་པྲ་ཀཱ་ཤ་ན་པ་ད་མི་དན། བཅོམ་ལྡན་འདས་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པའི་གཟུངས་ཀྱི་སྒོ་ལ་འཇུག་པ་འདི་གསུངས་
མ་ཐག་ཏུ། དེ་ནས་དེའི་མོད་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་ཏེ། གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས་སོ། །འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ་ཏོ། །འཁྲུགས། རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་
འཁྲུགས་སོ། །ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ་མོ། །མཐོ་བ་དང་རབ་ཏུ་དམའ་བ་དང་། ཀུན་ཏུ་རབ་ཏུ་དམའ་བར་ཡང་གྱུར་ཏོ། །གང་གི་ཕྱིར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་བགྲང་བ་ལས་ཡང་དག་པ་འདས་པའི་བྱེ་མ་སྙེད་དག་སྣང་བ་རྒྱ་
ཆེན་པོས་ཁྱབ་པར་གྱུར་པ་དེ་ལྟ་བུའི་སྣང་བ་དག་ཀྱང་བྱུང་བར་གྱུར་ཏོ། །དེའི་ཚེ་ན་རི་རབ་དང་། ཁོར་ཡུག་དང་། ཁོར་ཡུག་ཆེན་པོ་དག་ཀྱང་མིག་ལམ་ན་མི་སྣང་ངོ་། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བགྲང་བ་ལས་ཡང་དག་པར་འདས་པ་དག་ཀྱང་ལག་མཐིལ་ལྟར་མཉམ་པར་ཀུན་
เล่ม ๕๐ · หน้า 138a
ཏུ་སྣང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བགྲང་བ་ལས་ཡང་དག་པར་འདས་པ་དག་ན་གནས་པ་དེ་དག་དང་། གང་དག་ཏིང་ངེ་འཛིན་དང་། གཟུངས་དང་བཟོད་པ་ཐོབ་པ་དེ་དག་ཀྱང་ཐམས་ཅད་མཁྱེན་
པ་ཉིད་ཀྱི་རྣམ་པའི་གཟུངས་ཀྱི་སྒོ་ལ་འཇུག་པ་འདི་ཉན་པའི་ཕྱིར་དེ་བཞིན་གཤེགས་པའི་མཐུས་རང་རང་གི་སངས་རྒྱས་ཀྱི་ཞིང་དག་ནས་མི་སྣང་བར་གྱུར་ཏེ། བྱ་རྒོད་ཀྱི་ཕུང་པོའི་རི་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་
མགོ་བོས་ཕྱག་འཚལ་ཏེ། བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་རྣམ་པ་ཐ་དད་པ་སྣ་ཚོགས་དག་གིས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་དེ་ཉིད་དུ་འཁོད་དོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། གྲུལ་བུམ་དང་། ཤ་ཟ་བགྲང་བ་ལས་ཡང་དག་
པར་འདས་པ་དག་ཀྱང་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པའི་གཟུངས་ཀྱི་སྒོ་ལ་འཇུག་པ་འདི་མཉན་པའི་ཕྱིར་བྱ་རྒོད་ཀྱི་ཕུང་པོའི་རི་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་
འཁོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་འདིར་འདུས་པ་དེ་དག་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཞིང་པད་མ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མ་དམ་པ་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་
བསྐོར་བ་ཡང་མཐོང་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པའི་གཟུངས་ཀྱི་སྒོ་ལ་འཇུག་པ་འདི་གསུངས་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གཱའི་ཀླུང་བདུན་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ཀྱིས་གཟུངས་འདི་ཐོབ་བོ། །གཟུངས་ཐོབ་
པའི་བྱང་ཆུབ་སེམས་དཔའ་དེ་དག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བགྲང་བ་ལས་ཡང་དག་པར་འདས་པ་དེ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་མཐོང་བར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཐམས་ཅད་ཀྱང་མཐོང་བར་གྱུར་ཏེ་དེ་དག་ངོ་
เล่ม ๕๐ · หน้า 138b
མཚར་དུ་འཛིན་པར་གྱུར་ནས་ཏིང་ངེ་འཛིན་གྱི་སྟོབས་དང་། བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པས་སངས་རྒྱས་ལ་མཆོད་པ་བྱས་ཏེ་དེ་ཉིད་དུ་འཁོད་པ་དང་། བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་ཐམས་ཅད་མཁྱེན་པ་ཉིད་ཀྱི་
རྣམ་པའི་གཟུངས་ཀྱི་སྒོ་ལ་འཇུག་པ་འདི་བསྒོམ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གཟུངས་ཀྱི་སྒོ་བརྒྱད་ཁྲི་བཞི་སྟོང་འཐོབ་བོ། །གཟུངས་ཀྱི་སྒོ་བདུན་ཁྲི་ཉིས་སྟོང་ཡང་འཐོབ་བོ། །ཏིང་ངེ་འཛིན་གྱི་སྒོ་དྲུག་ཁྲི་ཡང་འཐོབ་བོ། །གཟུངས་ཀྱི་སྒོ་འདི་འཐོབ་པའི་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བྱམས་པ་ཆེན་པོ་ཡང་འཐོབ་བོ། །སྙིང་རྗེ་ཆེན་པོ་ཡང་འཐོབ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཏིང་ངེ་འཛིན་འདི་འབའ་ཞིག་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྟོག་པར་བྱེད་ཅིང་། ཐམས་
ཅད་མཁྱེན་པའི་ཡེ་ཤེས་ཀྱང་འཐོབ་སྟེ། འདི་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་འཛིན་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་གཟུངས་འདིའི་ངོ་བོ་ཉིད་ཐུགས་སུ་ཆུད་ནས་སེམས་ཅན་རྣམས་ལ་ཆོས་སྟོན་པར་མཛད་ཅིང་ཤིན་ཏུ་མྱུར་བར་ཡོངས་སུ་མྱ་
ངན་ལས་འདའ་བར་ཡང་མི་མཛད་དོ། །རིགས་ཀྱི་བུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པའི་གཟུངས་ཀྱི་སྒོ་ལ་འཇུག་པ་འདིའི་གཟུངས་ཀྱི་མཐུས་ས་ཆེན་པོ་འདི་རབ་ཏུ་གཡོས་ཤིང་སྣང་བ་བྱུང་བར་གྱུར་པ་དང་། སྣང་བ་དེས་སངས་རྒྱས་ཀྱི་ཞིང་མཐའ་ཡས་མུ་མེད་པ་དག་སྣང་བ་རྒྱ་
ཆེན་པོས་ཁྱབ་པར་གྱུར་པ་དང་། སྣང་བ་དེས་ཀྱང་བྱང་ཆུབ་སེམས་དཔའ་མཐའ་ཡས་མུ་མེད་པ་འདི་དག་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པའི་གཟུངས་ཀྱི་སྒོ་ལ་འཇུག་པ་འདི་མཉན་པའི་ཕྱིར་སངས་རྒྱས་ཀྱི་ཞིང་མཐའ་ཡས་མུ་མེད་པ་དག་ནས་ཀུན་ནས་འདིར་ལྷགས་པ་ལ་ལྟོས།། །།
བམ་པོ་གཉིས་པ། འཇིག་རྟེན་གྱི་ཁམས་མི་མཇེད་འདི་ན་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། མི་དང་། མི་མ་ཡིན་པ་མཐའ་ཡས་པ་མུ་མེད་པ་གང་དག་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པའི་གཟུངས་ཀྱི་སྒོ་ལ་
เล่ม ๕๐ · หน้า 139a
འཇུག་པ་འདི་ཉན་པར་བྱེད་པ་དེ་དག་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པའི་གཟུངས་ཀྱི་སྒོ་ལ་འཇུག་པ་འདི་ཐོབ་མ་ཐག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་གོ། །ཡི་གེར་འདྲི་བར་བྱེད་ན་ཡང་སངས་རྒྱས་ལ་ལྟ་བ་དང་། ཆོས་ཉན་པ་དང་།
དགེ་འདུན་ལ་བསྙེན་བཀུར་བྱེད་པ་དང་། བླ་ན་མེད་པའི་ཡོངས་སུ་མྱ་ངན་ལས་འདའ་བའི་བར་དང་མི་འབྲལ་ལོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པའི་གཟུངས་ཀྱི་སྒོ་ལ་འཇུག་པ་འདི་ཁ་ཏོན་དུ་བྱེད་པའི་བྱང་ཆུབ་སེམས་དཔའ་ནི་ལས་དང་པོ་རྣམས་མ་ལུས་པར་ཟད་པར་བྱེད་ཅིང་ཚེ་རྗེས་
ནས་ཀྱང་ས་དང་པོ་གནོན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པའི་གཟུངས་ཀྱི་སྒོ་ལ་འཇུག་པ་འདི་སྒོམ་པར་བྱེད་ན། གལ་ཏེ་བྱང་ཆུབ་སེམས་དཔའ་དེ་ལ་མཚམས་མེད་པ་ལྔའི་ལས་བྱས་ཤིང་བསགས་པ་ཞིག་ཡོད་ན་ཡང་དེའི་
ལས་དེ་དག་ཡོངས་སུ་ཟད་ཅིང་གང་གི་ཕྱིར་ཚེ་རྗེས་ན་ཡང་ས་དང་པོ་གནོན་པར་བྱེད་དོ། །གང་ལ་མཚམས་མེད་པའི་ལས་རྣམས་མེད་པ་དེ་ནི་ཚེ་འདི་ཉིད་ལ་ལས་གཞན་ཐམས་ཅད་མ་ལུས་པར་ཟད་ཅིང་ཚེ་རྗེས་ནས་ཀྱང་ས་དང་པོ་གནོན་པར་བྱེད་དོ། །གང་སྒོམ་པར་མི་བྱེད། ཁ་ཏོན་དུ་
མི་བྱེད་ཀྱང་ཉན་ཅིང་ཆོས་སྨྲ་བ་ལ་དར་གྱིས་འཆིང་བར་བྱེད་ན་དེ་ལ་འཇིག་རྟེན་གྱི་ཁམས་གཞན་དག་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་བཞུགས་ཏེ་འཚོ་ཞིང་གཞེས་པ་རྣམས་ཀྱིས་ཀྱང་ལེགས་སོ་ཞེས་བྱ་བ་སྦྱིན་པར་འགྱུར་ཞིང་། སངས་
རྒྱས་བཅོམ་ལྡན་འདས་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་དེར་ཡོངས་སུ་བཏང་བས་རིང་པོར་མི་ཐོགས་པར་རྒྱལ་ཚབ་ཏུ་དབང་བསྐུར་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྐྱེ་བ་གཅིག་
གིས་ཐོགས་པར་འགྱུར་རོ། །དེ་བཞིན་དུ་གང་ལ་ལ་ཆོས་སྨྲ་བ་ལ་སྤོས་ཀྱིས་མཆོད་པ་བྱེད་ན་དེ་ཡང་རིང་པོར་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྤོས་འཐོབ་བོ། །ཆོས་སྨྲ་བ་ལ་མེ་ཏོག་གིས་མཆོད་པ་བྱེད་ན་བླ་ན་མེད་པ་ཡེ་ཤེས་ཀྱི་མེ་ཏོག་དག་འཐོབ་བོ། །
เล่ม ๕๐ · หน้า 139b
ཆོས་སྨྲ་བ་ལ་འབྲས་ཆན་དང་། བཟའ་བ་དང་། བཏུང་བ་དག་བྱིན་ན་དེ་བཞིན་གཤེགས་པའི་ཟས་བླ་ན་མེད་པ་འཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་ལ་གོས་ཀྱིས་བཀབ་ན་དེ་བཞིན་གཤེགས་པའི་སྐུ་མདོག་བླ་ན་མེད་པ་འཐོབ་བོ། །གང་ཞིག་ཆོས་སྨྲ་བ་ལ་རིན་པོ་ཆེ་
དག་གིས་འགེབས་པར་བྱེད་ན་དེ་ཡང་རིང་པོར་མི་ཐོགས་པར་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་ཆོས་རིན་པོ་ཆེ་རྣམས་འཐོབ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པའི་གཟུངས་ཀྱི་སྒོ་ལ་འཇུག་པ་དེ་ནི་དེ་ལྟར་དོན་ཆེ་བ་
ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐམས་ཅད་དེར་བསྟན་པས་ན་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པའི་གཟུངས་ཀྱི་སྒོ་ལ་འཇུག་པ་འདིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐོགས་པ་མེད་པའི་སྤོབས་པ་འཐོབ་ཅིང་ཡིད་དུ་འོང་བའི་ཆོས་བཞི་
ཡང་འཐོབ་པར་བྱེད་པའི་ཕྱིར་རོ། །རིགས་ཀྱི་བུ་གང་གི་ཚེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བ་དམ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་ཕྱག་རྒྱ་ལ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པའི་གཟུངས་ཀྱི་སྒོ་ལ་འཇུག་པ་
དེ་དག་གིས་གཏམས་པ་དེ་ཉིད་ཀྱི་ཚེ་ཡང་དེ་བཞིན་དུ་ས་གཡོས་པར་གྱུར་ཅིང་། འཇིག་རྟེན་དུ་སྣང་བ་ཆེན་པོ་ཡང་བྱུང་བར་གྱུར་ཏེ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་བགྲང་བ་ལས་ཡང་དག་པར་འདས་པ་དག་ཀྱང་སྣང་བ་རྒྱ་ཆེན་པོས་ཁྱབ་པར་གྱུར་ཏོ། །དེ་བཞིན་དུ་ས་ཕྱོགས་མི་
མཉམ་པ་དག་ཀྱང་ལག་མཐིལ་ལྟར་མཉམ་པར་སྣང་ངོ་། །དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་འདུས་པ་དེ་དག་གིས་ཀྱང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་བགྲང་བ་ལས་ཡང་དག་པར་འདས་པ་དག་གི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་བར་གྱུར་ཏོ། །དེ་
བཞིན་དུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་བགྲང་བ་ལས་ཡང་དག་པར་འདས་པ་དག་ནས་བྱང་ཆུབ་སེམས་དཔའ་བགྲང་བ་ལས་ཡང་དག་པར་འདས་པ་དག་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བ་དམ་པ་ལ་ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་
เล่ม ๕๐ · หน้า 140a
དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པའི་གཟུངས་ཀྱི་སྒོ་ལ་འཇུག་པ་འདི་ཉིད་ཀྱང་མཉན་པའི་ཕྱིར་འཇིག་རྟེན་གྱི་ཁམས་ཙན་དན་དུ་ལྷགས་སོ། །རིགས་ཀྱི་བུ་དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བ་དམ་པས་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་ངས་མངོན་པར་ཤེས་ཏེ། གང་དག་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་འདི་དག་ནི་འགོག་པ་ལ་མཉམ་པར་བཞག་པའི་སེམས་ཀྱིས་བར་གྱི་བསྐལ་པ་བཅུ་པོ་འདི་དག་འདའ་བར་བྱེད་དོ། །
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷག་མ་རྣམས་ཀྱིས་ནི་བར་གྱི་བསྐལ་པ་བཅུ་པོ་འདི་དག་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་ཕྱག་རྒྱ་འདི་ལས་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པའི་གཟུངས་ཀྱི་སྒོ་ལ་འཇུག་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་སྡེ་
སྣོད་ཀྱི་ཆོས་འདི་ཉིད་ཐོས་པར་གྱུར་ཅིང་བར་གྱི་བསྐལ་པ་བཅུ་པོ་འདི་དག་ལ་ཆོས་རྣམས་ཐོས་ནས་ཀྱང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་བགྲང་བ་ལས་ཡང་དག་པར་འདས་པ་དེ་དག་ན། སངས་རྒྱས་བཅོམ་ལྡན་འདས་བགྲང་བ་ལས་ཡང་དག་པར་འདས་པ་དག་བཞུགས་ཏེ་འཚོ་ཞིང་གཞེས་
ལ། དེ་དག་ལ་སེམས་མངོན་པར་རབ་ཏུ་དང་བར་བྱས་ཏེ་སེམས་རབ་ཏུ་དང་བའི་རྒྱུ་དེས་དགེ་བའི་རྩ་བ་བསྐྱེད་པར་གྱུར་ནས། བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་རྣམ་པ་སྣ་ཚོགས་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བ་དམ་པ་ལ་
མཆོད་པ་བྱས་ནས། བཅོམ་ལྡན་འདས་ལ་འདི་སྐད་དུ་བཙུན་པ་བཅོམ་ལྡན་འདས་བར་གྱི་བསྐལ་པ་བཅུ་པོ་འདི་དག་འདས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་ཕྱག་རྒྱ་འདི་ཆོས་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་སྐོར་བར་འགྱུར་ལགས་སམ་ཞེས་གསོལ་
པ་དང་། བཀའ་སྩལ་པ། རིགས་ཀྱི་བུ་དག་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བར་གྱི་བསྐལ་པ་བཅུ་པོ་འདི་དག་འདས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་ཕྱག་རྒྱ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་
เล่ม ๕๐ · หน้า 140b
ཏེ། དེ་གང་གི་ནུབ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་ཉིད་ཀྱི་ནུབ་མོ་འདས་ནས་ཆོས་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་སྐོར་བར་འགྱུར་ཞིང་། དེར་བྱང་ཆུབ་སེམས་དཔའ་རྣམས་ལ་བར་གྱི་བསྐལ་པ་བཅུར་ཐམས་ཅད་མཁྱེན་
པ་ཉིད་ཀྱི་རྣམ་པའི་གཟུངས་ཀྱི་སྒོ་ལ་འཇུག་པ་འདི་ཉིད་སྟོན་པར་འགྱུར་རོ། །དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་དེ་ལ་ཆོས་ཉན་པར་འགྱུར་བ་དེ་དག་ནི་ཆོས་དེ་ཐོས་པས་དགེ་བའི་རྩ་བ་དག་བསྐྱེད་ནས། གང་གི་ཚེ་བྱང་ཆུབ་སེམས་དཔའ་ནམ་མཁའི་
ཕྱག་རྒྱ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞིང་། དེས་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་དང་ལྡན་པའི་ཆོས་ཀྱི་འཁོར་ལོ། རབ་མཆོག་གི་འཁོར་ལོ་ཕྱིར་མི་ལྡོག་པའི་འཁོར་ལོ་བསྐོར་ཏེ། བྱང་
ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་རྣམས་ཕྱིར་མི་ལྡོག་པ་ལ་བཀོད་ཅིང་། དེར་བར་གྱི་བསྐལ་པ་བཅུར་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པའི་གཟུངས་ཀྱི་སྒོ་ལ་འཇུག་པའི་ཆོས་འདི་སྟོན་པ་ན་བྱང་ཆུབ་སེམས་དཔའ་དེ་དག་དེ་ལས་ཉན་པར་འགྱུར་ཏེ། དེའི་ཚེ་དེ་
དག་གིས་ཆོས་ཐོས་ནས་སྐྱེ་བ་གཅིག་གིས་ཐོགས་པར་འགྱུར་རོ། །གང་དག་བསྐལ་པར་ཉན་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་དེ་དག་ནི་དེའི་ཚེ་ན་ས་ལས་ཡང་དག་པར་འདའ་བར་འགྱུར་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཏེ་དེ་ཉིད་ཀྱི་
ཚེ་ན་གཟུངས་འདི་ཡང་མཐར་ཐུག་པ་ཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བ་དམ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་དེ་སྐད་ཅེས་བཀའ་སྩལ་ཏེ། སངས་རྒྱས་ཀྱི་ཡུལ་གྱི་ཆོ་འཕྲུལ་སྣ་ཚོགས་དག་
ཡང་དག་པར་བསྟན་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་ཕྱག་རྒྱ་ལ་ཏིང་ངེ་འཛིན་སྲེད་མེད་ཀྱི་བུ་ཞེས་བྱ་བ་བསྟན་ཏེ། ལུས་རྡོ་རྗེ་ལྟ་བུར་བྱིན་གྱིས་རློབ་པར་མཛད་པ་དང་། ཏིང་ངེ་འཛིན་འོད་བཀོད་པ་ཞེས་བྱ་བ་ངེས་པར་སྟོན་ཅིང་། དེར་བར་གྱི་བསྐལ་པ་
เล่ม ๕๐ · หน้า 141a
བཅུར་བྱང་ཆུབ་སེམས་དཔའ་རྣམས་ལ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པའི་གཟུངས་ཀྱི་སྒོ་ལ་འཇུག་པའི་ཆོས་བསྟན་པ་འདིས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སངས་རྒྱས་ཀྱི་སྐུ་མཚན་དང་དཔེ་བྱད་བཟང་པོས་བརྒྱན་པ་དག་གསལ་
ཞིང་སྣང་བར་བྱེད་པ་དང་། ཏིང་ངེ་འཛིན་རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བ་ངེས་པར་སྟོན་ཅིང་། དེས་བྱང་ཆུབ་ཀྱི་གདན་ལ་ཆོས་ཀྱི་འཁོར་ལོ་ཤིན་ཏུ་བསྐོར་ཏེ་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་སྟོན་པར་བྱེད་པ་དང་། ཏིང་ངེ་འཛིན་འཁོར་ལོའི་ཕྲེང་བ་ཞེས་བྱ་བ་ངེས་པར་སྟོན་ཅིང་། དེ་
ཆོས་ཀྱི་འཁོར་ལོ་བསྐོར་བ་ན་སྲོག་ཆགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་རྣམས་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་བའི་ཕྱིར་ཕྱིར་མི་ལྡོག་པ་ཉིད་ལ་འགོད་པར་རིག་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་ཕྱག་རྒྱ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་
དཔག་ཏུ་མེད་པ་དག་གིས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། རང་རང་གི་ཁང་པ་བརྩེགས་པ་དག་ཏུ་ཞུགས་ཏེ་འདུག་གོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བ་དམ་པ་ཡང་དེ་ཉིད་ཀྱི་ནུབ་མོ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་
འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །བྱང་ཆུབ་སེམས་དཔའ་དེ་དག་ཀྱང་དེ་ཉིད་ཀྱི་མཚན་མོ་འདས་ནས། བཅོམ་ལྡན་འདས་དེའི་སྐུ་གདུང་ལ་མཆོད་པ་བྱས་ཏེ་རང་རང་གི་ཁང་པ་བརྩེགས་པ་དག་ཏུ་ཞུགས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་གཞན་དག་ནི་
རང་རང་གི་སངས་རྒྱས་ཀྱི་ཞིང་དུ་དོང་ངོ་། །དེ་ན་གང་དག་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་འགོག་པ་ལ་སྙོམས་པར་ཞུགས་པ་ཉིད་ཀྱིས་བར་གྱི་བསྐལ་པ་བཅུ་པོ་དེ་དག་འདའ་བར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་ཕྱག་
རྒྱ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལས་བརྩམས་ཏེ་ཆོས་སྟོན་པར་བྱེད་ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་ཀྱང་བར་གྱི་བསྐལ་པ་བཅུར་དགེ་བའི་རྩ་བ་དག་བསྐྱེད་པར་འགྱུར་ཏེ། མདང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
เล่ม ๕๐ · หน้า 141b
བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། དེས་ད་ནང་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ཆོ་འཕྲུལ་ཆེན་པོ་བསྟན་ནས། སྲོག་ཆགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་བཀོད་དོ། །ཐམས་ཅད་མཁྱེན་པ་ཉིད་
ཀྱི་རྣམ་པའི་གཟུངས་ཀྱི་སྒོ་ལ་འཇུག་པ་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་ས་ཡ་ཕྲག་བརྒྱད་ཀྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །སྲོག་ཆགས་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་གཉིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་
པ་ལ་བཀོད་དོ། །བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་ཕྲག་བདུན་ཅུ་རྩ་གཉིས་ཀྱིས་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པའི་གཟུངས་ཀྱི་སྒོ་ལ་འཇུག་པའི་གཟུངས་འདི་ཐོབ་བོ། །ལྷ་དང་མི་བགྲང་བ་ལས་ཡང་དག་པར་འདས་པ་རྣམས་ཀྱིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་པོ་ཆེ་རྣམ་པར་སྣང་བྱེད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དུ་དང་ལྡན་ན་གཟུངས་འདི་
འཐོབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་གཟུངས་འདི་འཐོབ་སྟེ། བཞི་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པའི་རིགས་བཞི་ལ་ལེགས་པར་
གནས་པ་ཡིན་ཏེ། བཞི་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོས་ངན་ངོན་ཙམ་གྱིས་དགའ་ཞིང་ཆོག་ཤེས་ལ། གོས་ངན་ངོན་ཙམ་གྱིས་ཆོག་ཤེས་པའི་བསྔགས་པ་ཡང་རྗོད་པར་བྱེད་ཅིང་། དེ་གོས་ཀྱི་ཕྱིར་ཚུལ་དང་མི་འཐུན་པར་མི་བྱེད་ལ།
གོས་མ་རྙེད་ན་ཡང་ཡོངས་སུ་གདུང་བ་མེད་ཅིང་། གོས་རྙེད་ན་ཡང་ཆགས་པ་མེད་པ་དང་། ཞེན་པ་མེད་པ་དང་། འཁྲེན་པ་མེད་པ་དང་། མདུད་པ་བོར་བ་མེད་པ་དང་། བརྒྱལ་བ་མེད་པ་དང་། ལྷག་པར་ཆགས་པ་མེད་པ་དང་། ལྷག་པར་ཆགས་པར་གྱུར་པ་མེད་
เล่ม ๕๐ · หน้า 142a
པར་ཡོངས་སུ་སྤྱོད་པར་བྱེད་ཅིང་། ཉེས་དམིགས་སུ་ལྟ་ལ་ངེས་པར་འབྱུང་བར་རབ་ཏུ་ཤེས་ཤིང་ཡོངས་སུ་སྤྱོད་པར་བྱེད་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པའི་རིགས་ལ་ལེགས་པར་གནས་པ་དང་པོ་ཡིན་ནོ། །གོས་ལ་ཇི་
ལྟ་བ་བཞིན་དུ་བསོད་སྙོམས་དང་། མལ་ཆ་དང་སྟན་ལ་ཡང་དེ་བཞིན་ནོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ན་བའི་གསོས་སྨན་དང་ཡོ་བྱད་ངན་ངོན་ཙམ་གྱིས་དགའ་ཞིང་ཆོག་ཤེས་ལ། ན་བའི་གསོས་སྨན་དང་ཡོ་བྱད་ངན་ངོན་ཙམ་གྱིས་ཆོག་ཤེས་པའི་བསྔགས་
པ་ཡང་རྗོད་པར་བྱེད་ཅིང་དེ་ན་བའི་གསོས་སྨན་དང་། ཡོ་བྱད་ཀྱི་ཕྱིར་ཚུལ་དང་མི་འཐུན་པ་ཚོལ་བར་མི་བྱེད་ལ། དེ་ན་བའི་གསོས་སྨན་དང་ཡོ་བྱད་མ་རྙེད་ན་ཡང་ཡོངས་སུ་གདུང་བ་མེད་ཅིང་རྙེད་ན་ཡང་ཆགས་པ་མེད་པ་དང་། ཞེན་པ་མེད་པ་དང་། འཁྲེན་པ་མེད་པ་དང་། མདུད་པ་བོར་བ་མེད་
པ་དང་། བརྒྱལ་བ་མེད་པ་དང་། ལྷག་པར་ཆགས་པ་མེད་པ་དང་། ལྷག་པར་ཆགས་པར་གྱུར་པ་མེད་པར་ཡོངས་སུ་སྤྱོད་པར་བྱེད་ཅིང་། ཉེས་དམིགས་སུ་ལྟ་བ་ལ་ངེས་པར་འབྱུང་བ་རབ་ཏུ་ཤེས་ཤིང་ཡོངས་སུ་སྤྱོད་པར་བྱེད་པ་སྟེ། འཕགས་པའི་རིགས་བཞི་པོ་དེ་དག་ལ་ལེགས་པར་
གནས་ཤིང་། ཆོས་བཞི་པོ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གཟུངས་འདི་ཐོབ་ཅིང་སྒོམ་པར་བྱེད་པ་ཡིན་ནོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ལྔ་དང་ལྡན་ན་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པའི་གཟུངས་ཀྱི་སྒོ་ལ་འཇུག་པའི་
གཟུངས་འདི་འཐོབ་སྟེ། ལྔ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཀྱང་ཚུལ་ཁྲིམས་དང་ལྡན་པར་གནས་པ་དང་། སོ་སོར་ཐར་པའི་སྡོམ་པས་བསྡམས་པ་དང་། ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང་། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ལ་
ཡང་འཇིགས་པར་ལྟ་བ་དང་། བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཤིང་སློབ་པར་བྱེད་ལ། །གཞན་ཚུལ་ཁྲིམས་དང་བྲལ་བ་དག་མཐོང་ན་ཡང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཡང་དག་པར་འཛིན་དུ་འཇུག་ལ། འདུལ་ཞིང་འཛུད་ལ་རབ་ཏུ་འགོད་པ་བྱེད་པ་སྟེ། བྱང་ཆུབ་
เล่ม ๕๐ · หน้า 142b
སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དང་པོ་དེ་དང་ལྡན་པ་དང་། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ལྟ་བ་ལ་ཞེན་པར་གྱུར་པ་རྣམས་ལོག་པར་ལྟ་བ་ལས་རྣམ་པར་བསླང་ཞིང་། ཡང་དག་པའི་ལྟ་བ་ཡང་དག་པར་འཛིན་དུ་འཇུག་ལ་འདུལ་ཞིང་
འཛུད་ལ་རབ་ཏུ་འགོད་པར་བྱེད་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གཉིས་པ་དེ་དང་ལྡན་པ་དང་། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཆོ་ག་མ་ཡིན་པ་ལ་ཞེན་པར་གྱུར་པ་རྣམས་ཡང་དག་པའི་ཆོ་ག་ཡང་དག་པར་འཛིན་དུ་
འཇུག་ལ། འདུལ་ཞིང་འཛུད་ལ་རབ་ཏུ་འགོད་པར་བྱེད་པ་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གསུམ་པ་དེ་དང་ལྡན་པ་དང་། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་བསམ་པ་ཉམས་པར་གྱུར་པ་རྣམས་བསམ་པ་ཕུན་སུམ་ཚོགས་
པ་ཡང་དག་པར་འཛིན་དུ་འཇུག་ལ། འདུལ་ཞིང་འཛུད་ལ་རབ་ཏུ་འགོད་པར་བྱེད་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དང་ལྡན་པ་དང་། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཉན་ཐོས་དང་། རང་སངས་
རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་ལ་འདུལ་ཞིང་འཛུད་ལ་རབ་ཏུ་འགོད་པར་བྱེད་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ལྔ་པོ་དེ་དག་དང་ལྡན་པ་སྟེ། ཆོས་ལྔ་པོ་དེ་
དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་གཟུངས་འདི་འཐོབ་བོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དྲུག་དང་ལྡན་ན་གཟུངས་འདི་འཐོབ་སྟེ། དྲུག་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་
ཉིད་ཀྱང་ཐོས་པ་མང་བ་དང་། ཐོས་པ་འཛིན་པ་དང་། ཐོས་པ་བསགས་པ་ཡིན་པས་དེས་ཆོས་ཚངས་པར་སྤྱོད་པ་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ།
เล่ม ๕๐ · หน้า 143a
ཡོངས་སུ་བྱང་བ་གང་ཡིན་པ་དེ་མངོན་པར་བརྗོད་པས་མངོན་པར་རྗོད་ཅིང་། དེ་དེ་ལྟ་བུའི་ཆོས་མང་པོ་དག་ཐོས་ནས་བཟུང་སྟེ། ཁ་ཏོན་ཡོངས་སུ་བྱང་བ་དང་། ཡིད་ཀྱིས་བརྟགས་པ་དང་། མཐོང་བས་ཤིན་ཏུ་རྟོགས་པར་བྱས་ཤིང་། དེ་དེ་ལྟར་མང་དུ་
ཐོས་པར་གྱུར་པ་ན་ཐོས་པ་ཉུང་བའི་སེམས་ཅན་གཞན་དག་མང་དུ་ཐོས་པ་ཡང་དག་པར་འཛིན་དུ་འཇུག་ལ་འདུལ་ཞིང་འཛུད་ལ་རབ་ཏུ་འགོད་པར་བྱེད་པ་སྟེ། ཆོས་དང་པོ་དེ་དང་ལྡན་པ་དང་། གཞན་ཡང་བྱང་ཆུབ་སེམས་དཔའ་ཕྲག་དོག་དང་། སེར་སྣ་མེད་ཅིང་ཕྲག་དོག་དང་།
སེར་སྣས་ཟིལ་གྱིས་ནོན་པའི་སེམས་ཅན་གཞན་དག་ཀྱང་ཕྲག་དོག་མེད་པ་དང་། གཏོང་བ་ཕུན་སུམ་ཚོགས་པ་ཡང་དག་པར་འཛིན་དུ་འཇུག་ལ། རབ་ཏུ་འགོད་པར་བྱེད་པའི་བར་དུ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གཉིས་པ་དེ་དང་ལྡན་པ་དང་། གཞན་
ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་ལ་འཚེ་བར་མི་བྱེད་ཅིང་མི་འཇིགས་པ་རབ་ཏུ་སྦྱིན་པར་བྱེད་ལ་གནོད་པ་སྣ་ཚོགས་གནོད་པར་གྱུར་པའི་སེམས་ཅན་རྣམས་གནོད་པ་དག་ལས་ཡོངས་སུ་ཐར་བར་བྱེད་པའི་རང་བཞིན་ཅན་ཡིན་པ་དང་། ཚུལ་འཆོས་པ་
མེད་ཅིང་ཁ་གསག་མེད་པ་དང་། སྒྱུ་མེད་ཅིང་གཡོ་མེད་པ་དང་། སྟོང་པ་ཉིད་ཀྱིས་ལན་མང་དུ་གནས་པར་བྱེད་པ་སྟེ། ཆོས་དྲུག་པོ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པའི་གཟུངས་ཀྱི་སྒོ་ལ་འཇུག་པའི་གཟུངས་
འདི་འཐོབ་བོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དེ་ལྟ་བུ་དག་དང་ལྡན་པས་ལོ་བདུན་དུ་འགྲོ་ལྡིང་བའི་གསང་སྔགས་ཀྱི་གཞི་འདི་དག་ཐམས་ཅད་ལ་ཉིན་གཅིག་ཅིང་ལན་གསུམ་གསུམ་ཡན་ལག་ལྔས་མདོ་དང་རྒྱས་པར་ཕྱག་བྱས་ཤིང་ལུས་སུ་གཏོགས་པའི་དྲན་པ་ཉེ་བར་བཞག་སྟེ།
སྟོང་པ་ཉིད་ལས་གནས་པས་འགྲོ་ལྡིང་བའི་གསང་སྔགས་ཀྱི་གཞི་འདི་བརྗོད་པར་བགྱིའོ། །ལངས་ནས་ཀྱང་ཕྱོགས་བཅུ་ཀུན་ནས་བཞུགས་ཏེ་འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དྲན་པར་བྱེད་པ་དང་། རྟག་ཏུ་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པའི་བྱང་ཆུབ་
เล่ม ๕๐ · หน้า 143b
སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལོ་བདུན་འདས་ནས་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པའི་གཟུངས་ཀྱི་སྒོ་ལ་འཇུག་པའི་གཟུངས་འདི་འཐོབ་བོ། །གཟུངས་འདི་འཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་མིག་གང་གིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་
གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོ་འཕྲུལ་ཆེན་པོ་རྣམ་པར་སྟོན་པར་མཛད་པ་ཐམས་ཅད་ཀྱང་མཐོང་བར་འགྱུར་བ་དེ་ལྟ་བུའི་འཕགས་པའི་ཤེས་རབ་ཀྱི་མིག་ཀྱང་འཐོབ་ཅིང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་
གི་འཛུམ་པ་རྣམ་པར་བསྟན་པ་དག་ཀྱང་མཐོང་ནས། གཟུངས་ཀྱི་སྒོ་བརྒྱད་ཁྲི་བཞི་སྟོང་ཡང་འཐོབ་བོ། །ཏིང་ངེ་འཛིན་གྱི་སྒོ་བདུན་ཁྲི་ཉིས་སྟོང་ཡང་འཐོབ་བོ། །ཆོས་ཀྱི་སྒོ་དྲུག་ཁྲི་ཡང་འཐོབ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པའི་གཟུངས་ཀྱི་སྒོ་ལ་འཇུག་པའི་གཟུངས་འདི་
ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བྱམས་པ་ཆེན་པོ་ཡང་འཐོབ་བོ། །སྙིང་རྗེ་ཆེན་པོ་ཡང་འཐོབ་བོ། །བྱང་ཆུབ་སེམས་དཔའ་གང་གིས་གཟུངས་འདི་འཐོབ་པར་གྱུར་པ་དེས་གལ་ཏེ་མཚམས་མེད་པ་ལྔའི་ལས་ཤིག་སྤྱད་པར་གྱུར་ན་ཡང་དེའི་ཚེ་ཕྱི་མ་ལ་ཡོངས་
སུ་ཟད་པར་གྱུར་ཏེ། ཚེ་གསུམ་གྱིས་ལས་དེ་དག་མ་ལུས་པར་ཟད་པར་འགྱུར་ཞིང་ས་བཅུ་པ་ཡང་གནོན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་དེས་མཚམས་མེད་པའི་ལས་དག་མ་བྱས་ནའང་དེའི་ལས་གཞན་ཐམས་ཅད་ཡོངས་སུ་ཟད་པར་འགྱུར་ཞིང་། ཚེ་རྗེས་ནས་ཀྱང་ས་བཅུ་པ་གནོན་
པར་བྱེད་དེ་རིང་པོ་མི་ཐོགས་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་འདི་དག་ཀྱང་འཐོབ་ལ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱང་འཐོབ་པར་འགྱུར་རོ། །རིགས་ཀྱི་བུ་དེ་ལྟར་ན་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པའི་གཟུངས་ཀྱི་སྒོ་ལ་འཇུག་པའི་གཟུངས་འདི་ནི་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་གཅེས་སྤྲས་བྱེད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྟག་ཏུ་རྒྱུན་མི་འཆད་པར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་འཛུམ་པ་རྣམ་པར་བསྟན་པའི་ཆོ་འཕྲུལ་མཐོང་ན། གང་གིས་འཇིག་རྟེན་གྱི་ཁམས་གང་
เล่ม ๕๐ · หน้า 144a
གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ལ་མཆོད་པ་བྱས་ལ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཆོས་ཉན་ཅིང་། ཏིང་ངེ་འཛིན་དང་། གཟུངས་དང་། བཟོད་པ་ཐོབ་ནས་སངས་རྒྱས་ཀྱི་ཞིང་འདི་ཉིད་དུ་
ཕྱིར་འོང་བར་འགྱུར་བ་དེ་ལྟ་བུའི་རྫུ་འཕྲུལ་གྱི་ཡུལ་དང་ཡང་ལྡན་པར་འགྱུར་རོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པའི་གཟུངས་ཀྱི་སྒོ་ལ་འཇུག་པ་འདི་ནི་ལས་ཡོངས་སུ་ཟད་པར་བྱེད་པ་དང་། དགེ་བ་མངོན་པར་
འཕེལ་བར་བྱེད་པས་ན་དོན་ཆེ་བ་ཡིན་ནོ། །རིགས་ཀྱི་བུ་གང་དག་གིས་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པའི་གཟུངས་ཀྱི་སྒོ་ལ་འཇུག་པའི་གཟུངས་འདི་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཟླ་བ་དམ་པ་དེའི་མཚན་ཐོས་པ་དེ་དག་ནི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་
ཟད་པར་འགྱུར་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་ངེས་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ཁ་ཅིག་གིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་ཅག་གིས་ནི་འདས་པའི་སངས་རྒྱས་བཅོམ་ལྡན་འདས་བཞུགས་ཏེ་འཚོ་
ཞིང་གཞེས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ལས་གཟུངས་འདི་ཐོས་ཤིང་ཐོབ་ལགས་སོ། །ཁ་ཅིག་གིས་ནི་འདི་སྐད་ཅེས་བདག་ཅག་གིས་ནི་གང་གཱའི་ཀླུང་གཉིས་ཀྱི་བྱེ་མ་སྙེད་ལས་སོ་ཞེས་གསོལ་ཏོ། །ཁ་ཅིག་གིས་ནི་གསུམ་སྙེད་ལས་སོ་ཞེས། ཁ་ཅིག་གིས་ནི་བཞི་སྙེད་ལས་སོ་
ཞེས། ཁ་ཅིག་གིས་ནི་ལྔ་སྙེད་ལས་སོ་ཞེས། ཁ་ཅིག་གིས་ནི་དྲུག་སྙེད་ལས་སོ་ཞེས། ཁ་ཅིག་གིས་ནི་བདུན་སྙེད་ལས་སོ་ཞེས། ཁ་ཅིག་གིས་ནི་བརྒྱད་སྙེད་ལས་སོ་ཞེས་གསོལ་ཏོ། །ཁ་ཅིག་གིས་ནི་འདི་སྐད་དུ་བདག་ཅག་གིས་ནི་འདས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་
བཞུགས་ཏེ་འཚོ་ཞིང་གཞེས་པ་གང་གཱའི་ཀླུང་དགུའི་བྱེ་མ་སྙེད་དག་ལས་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པའི་གཟུངས་ཀྱི་སྒོ་ལ་འཇུག་པའི་གཟུངས་འདི་ཐོས་ཤིང་རྣམ་པ་ཐམས་ཅད་དུ་ཐོབ་ལགས་སོ་ཞེས་གསོལ་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་གསོལ་
เล่ม ๕๐ · หน้า 144b
པ། བདག་གིས་ནི་བསྐལ་པ་གང་གཱའི་ཀླུང་བཅུའི་བྱེ་མ་སྙེད་འདས་པ་ན་བསྐལ་པ་ཆེན་པོ་ཀུན་ནས་སྒྲོལ་བ་ཞེས་བགྱི་བ་ཞིག་བྱུང་སྟེ། དེ་ན་སངས་རྒྱས་ཀྱི་ཞིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཞེས་བགྱི་བར་གྱུར་པ་དེར་སངས་རྒྱས་སཱ་ལའི་དབང་པོའི་རྒྱལ་པོ་ཞེས་བགྱི་བ་རིག་པ་དང་ཞབས་
སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་དགེ་སློང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མཐའ་ཡས་པའི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཅིང་། དེ་བཞིན་དུ་བྱང་
ཆུབ་སེམས་དཔའ་བགྲང་བ་ལས་ཡང་དག་པར་འདས་པས་ཡོངས་སུ་བསྐོར་བ་ཞིག་བྱུང་བས་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པའི་གཟུངས་ཀྱི་སྒོ་ལ་འཇུག་པའི་གཟུངས་འདི་ཉིད་བཤད་པར་གྱུར་པ་ན། དེ་ལས་གཟུངས་འདི་ཐོས་ནས་བདག་གིས་བསྒོམ་པ་ཡོངས་སུ་རྫོགས་པར་བགྱིས་ཤིང་
རྟོགས་པར་བགྱིས་ལགས་སོ། །དེ་བཞིན་དུ་བསྐལ་པ་ཚད་མ་མཆིས་པའི་ཡང་ཆེས་ཚད་མ་མཆིས་པ། གྲངས་མ་མཆིས་པའི་ཡང་ཆེས་གྲངས་མ་མཆིས་པ་དག་ལ་འདས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཏེ་འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་
དག་ལ་བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་གྲངས་མ་མཆིས་པ་དག་གིས་མཆོད་པར་བགྱིས་ནས། སངས་རྒྱས་རེ་རེ་ལས་ཀྱང་དགེ་བའི་རྩ་བ་ཚད་མ་མཆིས་པ་དང་། གྲངས་མ་མཆིས་པ་དང་། གཞལ་དུ་མ་མཆིས་པ་དང་། དཔག་ཏུ་མ་མཆིས་པ་དག་བསྲུངས་ཤིང་བསོད་ནམས་
ཀྱི་ཕུང་པོ་ཡོངས་སུ་བཟུང་སྟེ། དགེ་བའི་རྩ་བ་དེས་བདག་སངས་རྒྱས་སྟོང་ཕྲག་མང་པོ་དག་གིས་ལུང་བསྟན་ཀྱང་། བདག་ནི་སྨོན་ལམ་གྱི་ཁྱད་པར་གྱིས་དུས་ལ་ལྟ་ཞིང་འདི་ལྟར་ཡུན་རིང་པོར་འཁོར་བ་ན་འཁོར་བར་གྱུར་ཏེ། དེའི་སླད་དུ་བདག་འཁོར་བ་ན་འཁོར་ཞིང་། སྔར་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པའི་སངས་མ་རྒྱས་ལགས་ཏེ། ང་ནི་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་ནས། བདག་གི་ཤེས་རབ་ཀྱི་མགོ་ལ་རྣམ་པར་གྲོལ་བའི་ཅོད་པན་བཅིངས་ལགས་སོ། །དེ་ནས་
เล่ม ๕๐ · หน้า 145a
བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱམས་པ་དེ་དེ་བཞིན་ཏེ། ཁྱོད་ཀྱིས་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སཱ་ལའི་དབང་པོའི་རྒྱལ་པོ་ལས་
ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པའི་གཟུངས་ཀྱི་སྒོ་ལ་འཇུག་པའི་གཟུངས་འདི་ཐོབ་པར་གྱུར་ཏོ། །བྱམས་པ་ཁྱོད་ནི་རེ་བ་ཇི་ལྟ་བ་བཞིན་ཡོངས་སུ་རྫོགས་པ་ཡིན་པས་བྱམས་པ་ཁྱོད་ནི་འདོད་ན་བསྐལ་པ་བཅུའི་བར་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་
འཚང་རྒྱ་བར་འགྱུར་ཞིང་། བྱམས་པ་ཁྱོད་ཀྱིས་ནི་མྱུར་བ་ཉིད་དུ་བླ་ན་མེད་པའི་ཡེ་ཤེས་ཀྱི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་འདས་པའི་དབྱིངས་སུ་འཇུག་པར་ཡང་ནུས་མོད་ཀྱི། བྱམས་པ་ཁྱོད་འདི་སྲིད་དུ་འཁོར་བ་ལ་མངོན་པར་དགའ་བར་གྱུར་པ་དེ་དག་ཐམས་ཅད་ནི་སྨོན་ལམ་གྱི་
དབང་གིས་དུས་ལ་ལྟ་བ་ཡིན་ནོ། །བྱམས་པ་དེའི་ཕྱིར་ཁྱོད་ཀྱིས་ད་ལྟར་ང་ལས་རྒྱལ་ཚབ་ཡོངས་སུ་བླངས་པ་ཡིན་ཏེ། ཁྱོད་ཀྱིས་ནི་འདས་པའི་དེ་བཞིན་གཤེགས་པ་རྣམས་ལས་ཀྱང་རྒྱལ་ཚབ་ཡོངས་སུ་བླངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་
འཁོར་ལ་གཟིགས་ཏེ། བྱང་ཆུབ་སེམས་དཔའི་འཁོར་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་འཁོར་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། མི་དང་། མི་མ་ཡིན་པ་རྣམས་ལ་རྣམ་པར་གཟིགས་ནས། དེའི་
ཚེ་གསང་སྔགས་ཀྱི་གཞི་འདི་དག་བཀའ་སྩལ་ཏོ། །དཱན་ཏ་བྷཱུ་མི། དམ་ཐ་བྷཱུ་མི། སྨྲྀ་ཏི་བྷཱུ་མི། པྲ་ཛྙཱ་བྷཱུ་མི། བཻ་ཤ་ར་དྱ་བྷཱུ་མི། པྲ་ཏི་སམ་བིད་བྷཱུ་མི། ཨ་ནུ་ཀྵེ་པ་བྷཱུ་མི། ས་མ་ཏཱ་པ་རཱི་ཀྵེ་པ། ཨུ་པེ་ཀྵྱ་བྷཱུ་མི། ཛ་ཏིཀྵ་ཡ་བྷཱུ་མི། མ་མུ་ཛ། མུན་ཛ། བིན་མུ་ཛ། མ་ལན་མུ་
ཛ། བི་ཤ་ཀྲ། ད་ཤ་བ་ཏེ། བེ་ཤ་ཏ། ཏེ་ར་ཎ། བཻ་ཤལཱ་ཀྲ། ཤ་མུ་ཤ་བ་ཏ། བི་མ་ཏི། བི་མ་ཏི། ཡོ་པར་ཧི་ཏ། ར་ག་མ་ཏ། བ་ཤི་སང་ཀྲ་མ། ཨ་ཏི་ཙོ་རབ་ཏེ། མེ་ཁེ་མུ་དྲ། ད་ཧ་ར་བ་ཏེ། པྲ་ཛྙཱ་ཨ་ག་ཏཱ་བུད་ངྷེ། ད་ཧ་ཀྲ་མ་ཏི། ས་དོ་ཥ་བན་དྷ། བ་ལ་ཡ་ཏིལ་ཡ། ཨ་ཧུ་ཀ་ཊ། ཨ་
เล่ม ๕๐ · หน้า 145b
མུན་དྷ་མན། ཨརྟ་བ་ཏི། མུ་རུ་བ་ཏི། དི་ཧཱི་ནད་བེ་དྷ། ཨ་ག་ན་དི། བ་ཀ་ན་ཏེ། ས་མ་ཀེ །བི་ས་བྷ་ཊེ། ཨི་ཊེ། ཨི་ཊ་བ་ལེ། ཨད་ཏྲ། ཏད་ཏྲ། ཀུ་རུ་ཥ་ཎ། ལ་བ་ཥ་ཎ། ལ་ཏ་ཐ། རུ་ཐ། སརྦ་ན་ཏ། སརྦ་ཏ་བ། ཨ་ནི་རུད་དྷ། ཨི་ད་ཤྭ་རི་ཧི་ཕ་ལ། བ་ཧུ་ཕ་ལ།
ས་ཏྭ་ཕ་ལ། ཤིཥྚ་བ་ཏེ། བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ལ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་དང་ལྡན་པའི་མོས་པའི་ཚིག་རྣམས་བཤད་དེ། དེ་དག་བཤད་པ་ན་ལྷ་ཁྲག་ཁྲིག་ཕྲག་དྲུག་ཅུས་བདེན་པ་མཐོང་བར་གྱུར་ཏོ། །ཏད་ཕ་ལན། ཨ་གྲ་ཕ་ལན། ལ་ལ་ཧུ། ཨ་ལ་
ཧུ། ཨ་ལ་ཧ། ནི་ལང་ཧ་རེ། བ་ན་ཏ་ཁྱེ། ཨི་དན་ཕ་ལན། ནི་ཡཱ་མ་ཕ་ལན། ན་མུ་ད་ཡ། བི་བྷཱུ་ཁ། པྲ་ཛྙཱ་ཙཀྲ་སུ་ནིར་པྲྀ་ཏི་ཙཀྲ། ཛྙཱ་ན་ཙཀྲ། མོས་པའི་ཚིག་དེ་དག་གིས་ལྷ་དུང་ཕྱུར་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དེ་ཉིད་དུ་ཕྱིར་
མི་ལྡོག་པར་གྱུར་ཏོ། །པ་ཤྱེ། སོ་མ་ཏོ། །ཨ་ནུ་མ་ཏོ། །ཨ་ཀུ་མ་ཏི། ཚེ་ད་བ་ཀཻ། མན་ཏྲ་སྠ། ད་ཤ་བ་ལ། བི་བྲ་བ་སྠ། ཨི་ཤ་སྠི་ཏ། ཨ་ཏི་མ་ཏི། ཏཱིཀྵྞ་མ་ཏི། ཨཱ་ལོ་ཀེ །སྟེ་རི་ཏུཥྞ། མོས་པའི་ཚིག་དེ་དག་གིས་ཀླུ་དྲུག་ཁྲི་བཞི་སྟོང་གིས་བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དེ་ཉིད་དུ་ཕྱིར་མི་ལྡོག་པར་གྱུར་ཏོ། །ཨ་པྲ་བྷ། ས་མ་ད་ན། ཨ་ཧད་དྱོ། བྷ་ག་བད་དྱོ། ཀཱ་རུ་ཎྱ་ཨ་ཀྵ། སིད་དྷ་མ་ཏི། ས་མན་ཏཱ་ཀྵོ། ཨ་ལ་བ་ལེ། སི་ཏ་ཀ་རོ། མ་ཧ་བ་ལེ། ཨོ་ཇོ་ཧ་རོ། དྷ་ར་ནེ། པིང་
གེ་ལ་ཀྵ། ཨུ་དཱཀྵ། ཀུ་ཀཀྵ། བི་རོ་དྷོ། བི་རཱུ་པ་མུ་ཁ། ཨ་ཀྵི་ཧསྟ། ཤག་ཏི་བ་ལན། ཨ་སུ་རོ་བི་ནཱྃ། ཨ་སུ་རོ་བི་ནཱྃ། ཨ་སུ་རོ་པྲ་མར་དི་ཏེ། མོས་པའི་ཚིག་དེ་དག་གིས་གནོད་སྦྱིན་དུང་ཕྱུར་ཕྲག་གཉིས་དང་བྱེ་བ་ཕྲག་གཉིས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དེ་ཉིད་དུ་ཕྱིར་མི་ལྡོག་པར་གྱུར་ཏོ། །ཨ་ཙི་པི་ལི་ལེ། ཏི་ནི་ད་ཚེ། སན་དི་ད་ཚེ། ག་ཏི་ནེ་ན། ཀ་མེ་མ། ན་མ་སྟེ། ཨུ་བཻར་བེ། མུ་ད་མེ། མ་ད་མེ། མ་ཏི་མེ། ས་ནི་ཧ། ཤཱུ་རེ། དྷཱ་ར་ཎཱི་ཡ། སེན་དྲ། ས་དེ་བ། ས་ནཱ་ག །ས་ཡཀྵ། ཨ་སུ་
เล่ม ๕๐ · หน้า 146a
ར། དེ་བཱ། ནཱ་གཱ། ནི་རུག་ཏི། བ་རི་བཱ་ར། ནི་རུ་ག་ཏིལ་བྷི། སྨྲྀ་ཏི་པྲཛྙཱ་པ་རི་བཱ་ར། མ་ཏི་པྲ་ཏི་ལ་བྷི། ག་ཏི་དྷྲྀཏི། པ་རི་བཱ་ར། ག་ཏི་དྷྲྀ་ཏི། པྲ་ཏི་ལ་བྷི། པཱུརྦ་ཀེ་ཥུ། ཙ་རི་ཏ་བ་ན་ཏཿ། ཨ་བྷི་སྠཱ་མ་བན་ཏཿ། ཤཱུ་ར་བན་ཏཿ། ཙི་ར་བཱིརྱ་བན་ཏཿ། པི་ཏཱ་བ་ཏེ།
བྷཱ་ས་བྷ་གེ། མཱརྒ་མུ་དྲེ། དྲྀ་ཤ་པ་ཀ་རི་ཥ་ཎི། ཀྵ་མ་ར་ཧུ། ཨོ་ཧ་ར་ཎོ། དེ་བར་ཙ་ཏུ། སུ་ར་མུ་དྲ། ཡཀྵ་མུ་དྲ། རཀྵ་ས་མུ་དྲ། བེ་དི་བེ་དི་མེ། ཏབ་པེ། ཏད་ཏ་བ་པེ། ཨུཥྞ་ན་མེ། པྲ་ཁད་ཏྱེ། ནན་པེ། དྷཱ་རི་ཎཱི་ཡ། ཨཱ་བི་ཤ། །དི་ཤ་ཤོ་དྷ་ནི། བཱུ་ཀྱ་ཤུད་དྷེ། ཛི་
ཧྭ་ཤུད་དྷེ། བཱ་ཙཱི་བ་རི་ཀརྨ། པྲ་ཛྙཱ་བུད་དྷི། སྨྲྀ་ཏི་མ་ཏི། ག་ཏི་དྷྲྀ་ཏི། ག་ཎ་ན། པྲ་ཏི་ས་ར་ཎ་བུད་དྷི། ཛ་ཡ་ཙཀྲེ། ཤཱུ་ནྱ་ཏ་ཙཀྲེ་བྱ་ཡ། མོས་པའི་ཚིག་དེ་དག་གིས་ལྷ་མ་ཡིན་ལྔ་ཁྲི་དྲུག་སྟོང་གིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས།
ཕྱིར་མི་ལྡོག་པ་ལ་གནས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཇིགས་མེད་ཡང་དག་གཞོལ་ཞེས་བྱ་བ་ལ་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་དུ་འབྱུང་བ་ནི་
རྙེད་པར་དཀའོ། །ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བས་ཡོངས་སུ་བསྒོས་པའི་གསང་སྔགས་ཀྱི་གཞི་འདི་དག་ཀྱང་རྙེད་པར་དཀའོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པས་སེམས་ཅན་རྣམས་ལ་ཕན་པ་དང་།
བྱང་ཆུབ་སེམས་དཔའི་ཡོན་ཏན་བསྒྲུབ་པའི་ཕྱིར། སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། སྦྱིན་པ་དང་། དུལ་བ་དང་། ཡང་དག་པར་སྡོམ་པ་དང་། བཟོད་པ་དང་། བརྩོན་འགྲུས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱིས་ཡོངས་སུ་བཟུང་བའི་སངས་རྒྱས་བྱེ་བ་ཁྲག་
ཁྲིག་འབུམ་ཕྲག་མང་པོ་རྣམས་ལ་བསྙེན་བཀུར་བྱས་ཏེ། ལ་ལ་ལས་ནི་སྦྱིན་པ་བྱིན། ལ་ལ་ལས་ནི་ཚུལ་ཁྲིམས་བསྲུངས། ལ་ལ་ལས་ནི་ཚངས་པར་སྤྱོད་པ་སྤྱད། ལ་ལ་ལས་ནི་སྒོམ་པ་བསྟེན། ལ་ལ་ལས་ནི་བརྩོན་འགྲུས་བརྩམས། ལ་ལ་ལས་ནི་བཟོད་པ་བསྒོམས།
เล่ม ๕๐ · หน้า 146b
ལ་ལ་ལས་ནི་ཏིང་ངེ་འཛིན་བསྒྲུབས། ལ་ལ་ལས་ནི་ཤེས་རབ་སྟེན་ཅིང་། དགེ་བའི་ལས་རྣམ་པ་ཐ་དད་པ་སྣ་ཚོགས་དཔག་ཏུ་མེད་པ་མང་དུ་བྱས་པས། དེའི་ཕྱིར་ངས་ད་ལྟར་བླ་ན་མེད་པའི་ཡེ་ཤེས་བརྙེས་སོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པས། སྔོན་བྱང་ཆུབ་སེམས་དཔའི་
སྤྱད་པ་སྤྱོད་པ་ན། བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མར་བརྫུན་དང་། ཕྲ་མ་དང་། ངག་རྩུབ་མོ་དང་། ཚིག་ཀྱལ་པ་སྤངས་ཏེ། ངག་གི་ལས་དགེ་བ་རྣམ་པ་དུ་མ་བསྟེན་ཅིང་མང་དུ་བྱས་པས། དེའི་ཕྱིར་ད་ལྟར་ལྗགས་ཤིན་ཏུ་རིང་བ་བརྙེས་ཏེ། རིགས་ཀྱི་བུ་དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ནི་གཞན་དུ་གསུང་བ་མི་མངའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་དེར་ཇི་ལྟ་བུའི་རྫུ་འཕྲུལ་འདུ་བྱ་བ་མངོན་པར་མཛད་པས། ཏིང་ངེ་འཛིན་བསོད་ནམས་ཐམས་ཅད་ལ་ཡང་དག་པར་གཞོལ་བ་ཞེས་བྱ་བ་ལ་སྙོམས་
པར་ཞུགས་ནས། ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་ཕྱུང་སྟེ། རང་གི་ཞལ་གྱི་དཀྱིལ་འཁོར་རབ་ཏུ་ཡོག་པར་མཛད་ནས་ལྗགས་ཀྱི་དབང་པོ་དེ་ལས་འོད་ཟེར་བྱེ་བ་ཕྲག་དྲུག་ཅུ་རབ་ཏུ་ཕྱུང་སྟེ། འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བ་
ཆེན་པོས་ཁྱབ་པར་གྱུར་པ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་མཛད་དོ། །འོད་ཟེར་དེ་དག་གིས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ལྷ་དང་། མི་རྣམས་ལ་ཁྱབ་པར་གྱུར་ཏེ། འོད་ཟེར་དེ་དག་གིས་
སེམས་ཅན་དམྱལ་བའི་སེམས་ཅན་མེ་རབ་ཏུ་འབར་བས་ལུས་སྲེག་པ་གང་ཡིན་པ་དེ་དག་རླུང་བསིལ་བ་དག་ལངས་ནས་དེ་དག་ལ་རེག་པ་དང་། དེ་དག་ཡུད་ཙམ་ཞིག་བདེ་བའི་ཚོར་བ་སྐྱེས་པར་གྱུར་ཏོ། །སེམས་ཅན་དམྱལ་བའི་སེམས་ཅན་རེ་རེའི་མདུན་ན་ཡང་སངས་རྒྱས་
ཀྱིས་སྤྲུལ་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་སྐུ་ལེགས་པར་བརྒྱན་ཅིང་། དཔེ་བྱད་བཟང་པོ་བརྒྱད་ཅུས་གཟུགས་རྣམ་པར་མཛེས་པར་གྱུར་པ་དག་བཞུགས་ཏེ། སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་གིས་དེ་མཐོང་ནས། བདེ་བ་དང་ལྡན་ཞིང་
เล่ม ๕๐ · หน้า 147a
སངས་རྒྱས་མཐོང་བའི་བདེ་བས་ལུས་རབ་ཏུ་ཚིམ་སྟེ། སངས་རྒྱས་མཐོང་ནས་འདི་སྙམ་དུ་སེམས་ཅན་འདིའི་མཐུས་བདག་ཅག་གིས་བདེ་བའི་ཚོར་བ་ཐོབ་བོ་སྙམས་དུ་སེམས་ཏེ། དེ་དག་བཅོམ་ལྡན་འདས་ལ་དགའ་ཞིང་དང་ལ་གུས་པ་སྐྱེས་པ་དང་། བཅོམ་
ལྡན་འདས་ཀྱིས་དེ་དག་ལ་བཀའ་སྩལ་པ། ཀྱེ་སེམས་ཅན་དག་སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ་ཞེས་ཚིག་དེ་སྐད་བརྗོད་ཅིག་དང་རྟག་ཏུ་དེ་ལྟ་བུའི་བདེ་བ་དང་ལྡན་པར་འགྱུར་རོ། །དེ་ནས་སེམས་ཅན་དམྱལ་བ་པ་དེ་དག་
གིས་ཐལ་མོ་སྦྱར་ནས་སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ་ཞེས་ཚིག་དེ་སྐད་བརྗོད་དོ། །དེ་ནས་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་དགེ་བའི་རྩ་བ་དེ་དང་། སེམས་དང་བ་དེས་དེ་ནས་ཤི་འཕོས་ནས། ཁ་ཅིག་
ནི་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ། །ཁ་ཅིག་ནི་མི་རྣམས་ཀྱི་ནང་དུ་སྐྱེས་སོ། །གང་དག་གྲང་བའི་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་པའི་སེམས་ཅན་དེ་དག་ལ་ནི་རླུང་དྲོན་པོ་དག་ལངས་ནས་སྔ་མ་བཞིན་དུ་མི་རྣམས་ཀྱི་བར་དུ་སྐྱེས་སོ། །དེ་བཞིན་དུ་ཡི་དགས་བཀྲེས་པ་དང་སྐོམ་པས་
ལུས་རབ་ཏུ་འབར་བར་གྱུར་པ་དེ་དག་ཀྱང་འོད་ཟེར་དེ་དག་གིས་བཀྲེས་པ་དང་སྐོམ་པའི་མེ་ཞི་བར་བྱེད་ཅིང་བདེ་བའི་ཚོར་བ་སྐྱེད་དེ། ཡི་དགས་རེ་རེའི་མདུན་ན་ཡང་སངས་རྒྱས་ཀྱི་སྤྲུལ་པའི་གཟུགས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་སྐུ་ལེགས་པར་བརྒྱན་ཅིང་དཔེ་བྱད་བཟང་པོ་
བརྒྱད་ཅུས་རྣམ་པར་མཛེས་པ་དག་བཞུགས་པར་གྱུར་ཏེ། ཡི་དགས་དེ་དག་གིས་དེ་མཐོང་ནས་སངས་རྒྱས་མཐོང་བའི་བདེ་བས་ལུས་ཚིམ་པར་གྱུར་ནས་འདི་སྙམ་དུ་སེམས་ཅན་འདིའི་མཐུས་བདག་ཅག་གིས་བདེ་བའི་ཚོར་བ་ཐོབ་བོ་སྙམ་དུ་སེམས་ཏེ། དེ་དག་བཅོམ་ལྡན་འདས་ལ་དགའ་
ཞིང་དང་ལ་གུས་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་དེ་དག་ལ་བཀའ་སྩལ་པ། སེམས་ཅན་དག་ཚུར་ཤེག །ཁྱེད་ཅག་སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ་ཞེས་ཚིག་དེ་སྐད་བརྗོད་ཅིག་དང་ཞེས་བྱ་བ་ནས།
เล่ม ๕๐ · หน้า 147b
དགེ་བའི་རྩ་བ་དེས་དེ་ནས་ཤི་འཕོས་ནས་ཁ་ཅིག་ནི་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ། །ཁ་ཅིག་ནི་མི་རྣམས་ཀྱི་ནང་དུ་སྐྱེས་པའི་བར་དུ་གྱུར་ཏོ། །དུད་འགྲོ་རྣམས་ལ་ཡང་དེ་བཞིན་དུ་བསྐུལ། མི་རྣམས་ལ་ཡང་དེ་བཞིན་དུ་བསྐུལ་ནས། ལྷ་དང་མི་བགྲང་བ་ལས་ཡང་དག་པར་འདས་པ་དག་ཆོས་
མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་དྲུང་དུ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་འཁོད་དོ། །དེའི་ཚེ་ན་ལྷ་དང་། མིའི་ཚོགས་བགྲང་བ་ལས་ཡང་དག་པར་འདས་པ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །
བྱང་ཆུབ་སེམས་དཔའ་བགྲང་བ་ལས་ཡང་དག་པར་འདས་པ་དག་གིས་ནི་དེར་ཏིང་ངེ་འཛིན་དང་། བཟོད་པ་དང་། གཟུངས་ཐོབ་པར་གྱུར་ཏོ། །ཐེག་པ་ཆེན་པོའི་མདོ་སྙིང་རྗེ་པད་མ་དཀར་པོ་ལས་གཟུངས་ཀྱི་སྒོའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་
འདས་ཀྱིས་རང་གིས་རྫུ་འཕྲུལ་མངོན་པར་མཛད་པ་སླར་བསྡུས་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཞི་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྒྱུ་གང་དང་རྐྱེན་གང་གིས་སངས་རྒྱས་བཅོམ་ལྡན་འདས་གཞན་དག་གི་སངས་རྒྱས་
ཀྱི་ཞིང་ནི་ཡོངས་སུ་དག་ཅིང་རྙོག་པ་མ་མཆིས་ལ། སྙིགས་མ་ལྔ་དང་བྲལ་ཞིང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་སྣ་ཚོགས་དག་མཆིས་ལ། དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱང་ཡོན་ཏན་རྣམ་པ་སྣ་ཚོགས་ཡོངས་སུ་རྫོགས་ཤིང་བདེ་བ་སྣ་ཚོགས་དང་
ལྡན་ལ། དེ་ན་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་མིང་ཡང་མ་མཆིས་ན། སྐྱེ་བ་ལྟ་སྨོས་ཀྱང་ཅི་འཚལ་བར་གྱུར་ལགས། བཅོམ་ལྡན་འདས་རྒྱུ་གང་དང་རྐྱེན་གང་གིས་བཅོམ་ལྡན་འདས་ནི་སངས་རྒྱས་ཀྱི་ཞིང་སྨད་པར་འཁྲུགས་ཤིང་། ཚེའི་སྙིགས་མ་དང་། དུས་ཀྱི་
སྙིགས་མ་དང་། སེམས་ཅན་གྱི་སྙིགས་མ་དང་། ལྟ་བའི་སྙིགས་མ་དང་། ཉོན་མོངས་པའི་སྙིགས་མ་བྱུང་བར་གྱུར་པ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཁོར་བཞི་པོ་དག་ལ་ཐེག་པ་གསུམ་ལས་བརྩམས་ཏེ་ཆོས་བསྟན་པར་
เล่ม ๕๐ · หน้า 148a
མཛད་ལགས། ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་དང་བྲལ་ཞིང་ཡོངས་སུ་དག་པ་ཡོངས་སུ་མ་བཟུང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ནི་སྨོན་ལམ་གྱི་
དབང་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཡོངས་སུ་འཛིན་པར་བྱེད་ཅིང་སྨོན་ལམ་གྱི་དབང་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་དག་པ་ཡང་ཡོངས་སུ་འཛིན་པར་བྱེད་དོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་སྙིང་རྗེ་ཆེན་པོ་དང་ལྡན་པའི་ཕྱིར་སངས་རྒྱས་ཀྱི་ཞིང་
ཡོངས་སུ་མ་དག་པ་ཡང་ཡོངས་སུ་འཛིན་པར་བྱེད་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ང་ད་ལྟར་སངས་རྒྱས་ཀྱི་ཞིང་སྨད་པ་འདི་ལྟ་བུར་སྐྱེས་པ་ཡང་ངས་དེ་ལྟར་སྨོན་ལམ་བཏབ་པའི་ཕྱིར་ཏེ། དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་པར་བྱའོ། །
བྱང་ཆུབ་སེམས་དཔའ་བློ་གྲོས་ཞི་བས་བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་སྔོན་བྱུང་བ་བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གཅིག་གི་བྱེ་མ་སྙེད་འདས་པ་
ན་སངས་རྒྱས་ཀྱི་ཞིང་འདིར་བསྐལ་པ་ཆེན་པོ་འཛིན་པ་ཞེས་བྱ་བ་ཞིག་བྱུང་སྟེ། བསྐལ་པ་ཆེན་པོ་དེ་ལ་གླིང་བཞི་པའི་སངས་རྒྱས་ཀྱི་ཞིང་འདིར་གླིང་བཞི་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཅེས་བྱ་བ་ཞིག་བྱུང་ངོ་། །རྩིབས་ཀྱི་མུ་ཁྱུད་དེ་ལ་མདུན་ན་འདོན་བྲམ་ཟེ་རྒྱ་མཚོའི་
རྡུལ་ཅེས་བྱ་བ་ཞིག་ཡོད་དེ། དེའི་བུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་ཞིང་དཔེ་བྱད་བཟང་པོ་བརྒྱད་ཅུས་ལུས་རྣམ་པར་མཛེས་ལ་བསོད་ནམས་བརྒྱའི་མཚན་དང་ལྡན་ཞིང་འོད་འདོམ་གང་བ་ཡོད་ལ། ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་ཅིང་ལྟ་བས་ཆོག་མི་ཤེས་པ་ཞིག་བཙས་
སོ། །དེ་བཙས་མ་ཐག་ཏུ་ལྷ་འབུམ་གྱིས་མཆོད་པ་བྱས་ནས། རྒྱ་མཚོའི་སྙིང་པོ་ཞེས་བྱ་བར་མིང་བཏགས་སོ། །དེ་དུས་གཞན་ཞིག་ན་ངེས་པར་བྱུང་ནས་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་
เล่ม ๕๐ · หน้า 148b
པར་སངས་རྒྱས་ཏེ། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོ་ཞེས་བྱ་བར་གྱུར་ནས་བཅོམ་ལྡན་འདས་དེས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་སྲོག་ཆགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་དག་མཐོ་རིས་དང་ཐར་པའི་འབྲས་བུ་ལ་རབ་ཏུ་བཀོད་པར་གྱུར་ཏོ། །དེ་དུས་གཞན་ཞིག་ན་ཉན་ཐོས་
བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་དག་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་སུ་རྒྱུ་ཞིང་གཤེགས་ཏེ། རིམ་གྱིས་གང་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་
གནས་པའི་གྲོང་ཁྱེར་གཞན་ཞིག་ཏུ་གཤེགས་སོ། །དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་སྙིང་པོ་གྲོང་ཁྱེར་གྱི་ཕྱི་རོལ་ནས་ཧ་ཅང་ཡང་མི་རིང་བ་ན་འཛམ་བུའི་ཚལ་ཞེས་བྱ་བའི་སྐྱེད་མོས་ཚལ་ཞིག་ཡོད་པ་ན་ཉན་ཐོས་བྱེ་བ་ཁྲག་ཁྲིག་འབུམ་
ཕྲག་དུ་མ་དང་ཐབས་ཅིག་ཏུ་བཞུགས་སོ། །རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་སྙིང་པོ་བདག་གི་ཡུལ་དུ་གཤེགས་ནས། འཛམ་བུའི་ཚལ་གྱི་སྐྱེད་མོས་ཚལ་ན་ཉན་ཐོས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་
དུ་མ་དང་ཐབས་ཅིག་ཏུ་བཞུགས་སོ་ཞེས་ཐོས་ནས་འདི་སྙམ་དུ་སེམས་ཏེ། བདག་སོང་ལ་ཕྱིན་ནས་ཀྱང་དེ་བཞིན་གཤེགས་པ་དེ་ལ་བསྟི་སྟང་དུ་བྱ། བླ་མར་བྱ། རི་མོར་བྱ། མཆོད་པར་བྱ་གོར་མ་ཆག་སྙམ་མོ། །དེ་ནས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་རྒྱལ་པོའི་འབྱོར་པ་ཆེན་པོ་དང་།
རྒྱལ་པོའི་མཐུ་ཆེན་པོས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། གྲོང་ཁྱེར་ནས་བྱུང་ཞིང་འཛམ་བུའི་ཚལ་གྱི་སྐྱེད་མོས་ཚལ་ག་ལ་བ་དེར་སོང་ནས་བཞོན་པས་བགྲོད་པའི་ས་ཇི་སྲིད་པ་དེ་སྲིད་དུ་བཞོན་པས་སོང་སྟེ་ཕྱིན་པ་དང་། རྐང་པས་ཀུན་
དགའི་ར་བར་ཞུགས་ནས། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་སྙིང་པོའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་གསུམ་དུ་བསྐོར་བ་བྱས་ནས་
เล่ม ๕๐ · หน้า 149a
ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་སྙིང་པོས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ལ་ཆོས་ཀྱི་གཏམ་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །
ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མར་ཆོས་ཀྱི་གཏམ་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་
བར་གྱུར་ཏོ།། །།བམ་པོ་གསུམ་པ། དེ་ནས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ཞབས་གཉིས་ལ་གཏུགས་ནས། དེ་
བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་སྙིང་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་དགུང་ཟླ་གསུམ་པོ་འདི་ལ་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་ན་བཟའ་དང་། བཤོས་དང་། གཟིམས་
ཆ་དང་། གདན་དང་། སྙུན་གྱི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བགྱི་བར་འཚལ་ན་བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་གྱིས་གནང་བར་མཛད་དུ་གསོལ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ལ་ཅང་མི་
གསུང་བས་གནང་བར་མཛད་དོ། །དེ་ནས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱིས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་ཐད་ནས་
སོང་ངོ་། །དེ་ནས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱིས་ཁམས་ཀྱི་རྒྱལ་པོ་རྣམས་དང་། བློན་པོ་རྣམས་དང་། སྣ་ཆེན་པོ་ལ་གཏོགས་པ་རྣམས་དང་། བློན་པོ་ཕྲ་མོ་རྣམས་དང་། གྲོང་མི་རྣམས་དང་། ལྗོངས་ཀྱི་མི་རྣམས་དང་། ཞོ་ཤས་འཚོ་བའི་མི་རྣམས་བོས་ཏེ་སྨྲས་པ། གཙོ་བོ་
เล่ม ๕๐ · หน้า 149b
དག་ཤེས་པར་གྱིས་ཤིག །ངས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་སྙིང་པོ་དགེ་སློང་གི་དགེ་འདུན་དང་བཅས་པ་ཟླ་བ་གསུམ་པོ་འདི་ལ་ཡོ་བྱད་ཐམས་ཅད་ཀྱིས་ངེས་པར་སྤྱན་དྲངས་ཏེ། ང་ལ་ཉེ་བར་སྤྱད་པ་དང་། ཡོངས་སུ་སྤྱད་པ་དང་།
བསྙེན་བཀུར་བྱ་བ་དང་། དགའ་མགུར་སྤྱད་པ་དང་། བཙུན་མོའི་འཁོར་གང་ཅི་ཡོད་པ་དེ་དག་ཐམས་ཅད་ཀྱང་ངས་བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་ལ་གུས་པར་བྱས་ཏེ་ཕུལ་གྱིས། ཁྱེད་ཅག་ལ་གང་ཟག་གིས་ཉེ་བར་སྤྱད་པ་དང་། ཡོངས་སུ་སྤྱད་པ་དང་། བསྙེན་
བཀུར་བྱ་བ་དང་། དགའ་མགུར་སྤྱད་པ་དང་། ཆུང་མའི་འཁོར་ཇི་ཡོད་པ་དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ལ་གུས་པར་ཕུལ་ཅིག་ཅེས་བསྒོ་ནས། དེ་དག་གིས་ཀྱང་དེ་བཞིན་དུ་ཕུལ་ལོ། །ཁྱིམ་བདག་རིན་པོ་ཆེས་ཀྱང་སྐྱེད་མོས་ཚལ་བཟང་པོ་ཐམས་
ཅད་འཛམ་བུའི་ཆུ་བོའི་གསེར་ལས་བྱས་ཤིང་སྐྱེད་མོས་ཚལ་དེ་ཉིད་དུ་བཅོམ་ལྡན་འདས་ཀྱི་ཕྱིར་རིན་པོ་ཆེ་སྣ་བདུན་གྱི་ཁང་པ་བརྩེགས་པ་བརྩིགས་ཏེ། དེའི་ཕྱོགས་བཞི་ཁོ་ར་ཁོར་ཡུག་དག་ཏུ་རིན་པོ་ཆེ་སྣ་བདུན་གྱི་སྒོ་དག་ཀྱང་བཏོད་དོ། །སྐྱེད་མོས་ཚལ་ཐམས་ཅད་ཀྱང་རིན་པོ་ཆེ་སྣ་
བདུན་གྱི་ཤིང་ལྗོན་པ་དག་གིས་བརྒྱན་ཏོ། །ཤིང་ལྗོན་པ་དེ་དག་ཀྱང་གོས་སྣ་ཚོགས་དང་། རས་བཅོས་བུ་སྣ་ཚོགས་དང་། གདུགས་སྣ་ཚོགས་དང་། མུ་ཏིག་གི་ལྡ་ལྡི་སྣ་ཚོགས་དང་། རྒྱན་སྣ་ཚོགས་དང་། རིན་པོ་ཆེའི་རྒྱན་སྣ་ཚོགས་དང་། སྤོས་སྣ་ཚོགས་དག་གིས་ལེགས་པར་བརྒྱན་
ཏོ། །ཤིང་ལྗོན་པ་དེ་དག་རིན་པོ་ཆེའི་མེ་ཏོག་དང་། འབྲས་བུ་ཐམས་ཅད་ཀྱིས་ཀྱང་བརྒྱན་ཏོ། །སྐྱེད་མོས་ཚལ་དེ་དག་ཐམས་ཅད་ནོར་བུ་རྣམ་པ་དུ་མ་དག་གིས་ཀྱང་བརྒྱན་ནས་མེ་ཏོག་སྣ་ཚོགས་བཀྲམ་ཞིང་དར་དང་། རས་བཅོས་བུ་དང་། བེའུ་རས་དང་། བགོ་བ་སྣ་ཚོགས་དག་གི་གདན་
དག་ཀྱང་བཤམས་སོ། །འཁོར་ལོ་རིན་པོ་ཆེ་དེ་ཡང་ཁང་པ་བརྩེགས་པའི་ཕྱི་རོལ་གྱི་སྟེང་གི་བར་སྣང་ལ་མིའི་ཚད་ཙམ་དུ་རེད་དེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བབ་པར་འབར་ཞིང་འདུག་གོ། །གླང་པོ་རིན་པོ་ཆེ་ཐལ་ཀར་ཡན་ལག་བདུན་ལེགས་པར་གནས་པ་ཡང་བཅོམ་ལྡན་འདས་ཀྱི་སྣམ་
เล่ม ๕๐ · หน้า 150a
ལོགས་ན། བཅོམ་ལྡན་འདས་ཀྱི་སྟེང་དུ་རིན་པོ་ཆེའི་ཤིང་ལྗོན་པ་འཛིན་ཅིང་འདུག་སྟེ། ཤིང་ལྗོན་པ་དེ་ཡང་རིན་པོ་ཆེ་སྣ་བདུན་དང་། མུ་ཏིག་གི་ལྡ་ལྡི་སྣ་ཚོགས་དང་། རྒྱན་སྣ་ཚོགས་དང་། མེ་ཏོག་ཕྲེང་སྣ་ཚོགས་དག་གིས་བརྒྱན་ཅིང་། དར་སྣ་ཚོགས་དང་།
རས་བཅོས་བུ་སྣ་ཚོགས་དག་གིས་ལེགས་པར་བརྒྱན་ནས་ཤིང་ལྗོན་པ་དེ་ལ་རིན་པོ་ཆེ་སྣ་བདུན་གྱི་གདུགས་དག་ཀྱང་དཔྱངས་པར་གྱུར་ཏོ། །རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱི་བཙུན་མོ་དམ་པ་གང་ཡིན་པ་དེ་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས། བཅོམ་ལྡན་འདས་ལ་ཙན་དན་ས་
མཆོག་པ་དང་། ཙན་དན་སྦྲུལ་གྱི་སྙིང་པོའི་ཕྱེ་མ་དག་འཐོར་བར་བྱེད་དོ། །རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱི་ནོར་བུ་རིན་པོ་ཆེ་འོད་གསལ་བར་གྱུར་པ་གང་ཡིན་པ་དེ་ཡང་རང་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བཞག་གོ། །དེ་ནས་ནོར་བུ་རིན་པོ་ཆེ་དེའི་འོད་ཀྱིས་སྐྱེད་མོས་ཚལ་དེ་དག་
ཐམས་ཅད་རྟག་པར་རྒྱུན་དུ་སྣང་བ་རྒྱ་ཆེན་པོས་ཁྱབ་པར་གྱུར་ཏོ། །སངས་རྒྱས་ཀྱི་འོད་ཀྱིས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཐམས་ཅད་རྟག་པར་རྒྱུན་དུ་ཁྱབ་པར་གྱུར་ཏོ། །ཉན་ཐོས་རེ་རེ་ལ་ཡང་ཙན་དན་ས་མཆོག་པའི་རྐང་རྟེན་དག་བཞག་གོ། །ཉན་
ཐོས་རེ་རེའི་རྒྱབ་ཏུ་ཡང་གླང་པོ་ཆེའི་གཙོ་བོ་ཐལ་ཀར་སྔ་མ་ལྟ་བུ་དག་དང་། ཇི་ལྟར་བཅོམ་ལྡན་འདས་ལ་འཁོར་ལོ་རིན་པོ་ཆེའི་མིའི་ཚད་ཙམ་པ་བཞག་པ་དེ་ལྟ་བུ་དག་ཀྱང་བཞག་གོ། །ཉན་ཐོས་རེ་རེའི་མདུན་དུ་ཡང་བུ་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དག་བཀོད་ནས་ཙན་དན་ས་མཆོག་པའི་
ཕྱེ་མ་དག་ཀྱང་འཐོར་བར་བྱེད་དོ། །ཉན་ཐོས་རེ་རེའི་མདུན་དུ་ནོར་བུ་བཻ་དཱུརྱ་དག་ཀྱང་བཞག་གོ། །སྐྱེད་མོས་ཚལ་གྱི་ནང་གི་ཁོ་ར་ཁོར་ཡུག་དག་ཏུ་རོལ་མོའི་སྒྲ་སྣ་ཚོགས་དག་ཀྱང་བསྒྲགས་སོ། །སྐྱེད་མོས་ཚལ་གྱི་ཕྱི་རོལ་གྱི་ཁོ་ར་ཁོར་ཡུག་དག་ན་བློན་པོ་རིན་པོ་ཆེ་དཔུང་གི་ཚོགས་ཡན་ལག་
བཞི་དང་བཅས་པ་དག་ཀྱང་གནས་སོ། །རིགས་ཀྱི་བུ་དེ་ནས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་དེ་བཅོམ་ལྡན་འདས་ལ་བལྟ་བ་དང་། བཅོམ་ལྡན་འདས་ལ་བསྙེན་བཀུར་བྱ་བའི་ཕྱིར་ཉིན་གཅིག་བཞིན་དུ་གྲོང་ཁྱེར་ནས་བྱུང་སྟེ། དེ་བཞོན་པས་བགྲོད་པའི་ས་ཇི་སྲིད་པ་དེ་སྲིད་དུ་བཞོན་པས་སོང་
เล่ม ๕๐ · หน้า 150b
ནས་བཞོན་པ་ལས་བབས་ཏེ། རྐང་པས་སྐྱེད་མོས་ཚལ་དུ་ཞུགས་སོ། །ཞུགས་ནས་ཀྱང་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་སྙིང་པོའི་ཞབས་ལ་མགོ་བོས་ཕྱག་
འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས། རང་གིས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོ་ཕྱག་ཆབ་གསོལ་ཏེ། བདག་ཉིད་ལག་དར་ནས་བཟའ་བ་དང་། བཅའ་བ་དང་། བལྡག་པ་དང་། བསོད་པ་མང་པོ་དག་ལེགས་པར་བསྟབས་ཤིང་ཚིམ་པར་བྱས་སོ། །བདག་
ཉིད་ལག་དར་ཏེ་ལེགས་པར་བསྟབས་ཤིང་ཚིམ་པར་བྱས་ནས་ཀྱང་བཅོམ་ལྡན་འདས་ཀྱིས་ཕྱག་ནས་ལྷུང་བཟེད་བཞག་སྟེ་ཕྱག་བཅབས་པར་རིག་ནས། བདག་ཉིད་ཀྱིས་བསིལ་ཡབ་བླངས་ཏེ་བཅོམ་ལྡན་འདས་ལ་གཡབས་སོ། །རྒྱལ་བུ་སྟོང་དང་། ཁམས་ཀྱི་རྒྱལ་པོ་སྟོང་གིས་ཀྱང་ཉན་
ཐོས་རེ་རེ་ལ་དེ་ལྟ་བུའི་བསྙེན་བཀུར་བྱས་ནས་བསིལ་ཡབ་བླངས་ཏེ། ཉན་ཐོས་རྣམས་ལ་གཡབས་སོ། །ཞལ་ཟས་བྲིམ་པ་རྫོགས་ཏེ་གདུགས་ཚོད་གྱུ་མ་ཐག་ཏུ་སྲོག་ཆགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་ཀྱང་ཆོས་མཉན་པའི་ཕྱིར་ཀུན་དགའ་ར་བར་ལྷགས་སོ། །ལྷ་བྱེ་བ་ཁྲག་ཁྲིག་
འབུམ་ཕྲག་དུ་མ་དག་གིས་ཀྱང་ནམ་མཁའི་དཀྱིལ་ནས་མེ་ཏོག་གི་ཆར་དག་མངོན་པར་རབ་ཏུ་ཕབ་ནས། ལྷའི་རོལ་མོའི་སྒྲ་དག་ཀྱང་རབ་ཏུ་བསྒྲགས་སོ། །ལྷའི་གདུགས་དང་། གོས་དང་། རྒྱན་དག་ཀྱང་རབ་ཏུ་དཔྱངས་སོ། །གནོད་སྦྱིན་གོས་སྔོན་པོ་ཅན་ས་ཡ་ཕྲག་བཞིས་ཀྱང་བཅོམ་
ལྡན་འདས་དང་དགེ་སློང་གི་དགེ་འདུན་བསྲུང་བའི་ཕྱིར་ཙན་དན་གྱི་ཚལ་ནས་ཙན་དན་ས་མཆོག་པའི་སྡོང་པོ་དག་བླངས་ནས་ཐུན་དུ་བླགས་ཏེ་མེལ་ཚེ་བྱེད་དོ། །རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཉིད་ཀྱིས་ཀྱང་མཚན་མོ་བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་རྣམས་ཀྱི་སྤྱན་སྔར་མར་མེ་ཁ་བྱེ་བ་ཁྲག་
ཁྲིག་འབུམ་ཕྲག་དུ་མ་དག་བུས་སོ། །རིགས་ཀྱི་བུ་དེ་ནས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས། མགོའི་སྟེང་དུ་ཡང་མར་མེའི་ཀོང་བུ་གཅིག་བཞག །ཕྲག་པ་གཉིས་དང་། ལག་པ་གཉིས་དང་། རྐང་པ་གཉིས་སུ་ཡང་མར་མེའི་ཀོང་བུ་རེ་རེ་བཞག་
เล่ม ๕๐ · หน้า 151a
སྟེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་མཚན་ཡལ་ན་ངས་སུ་མར་མེ་བཏང་ཡང་བཅོམ་ལྡན་འདས་ཀྱི་མཐུས་ལུས་ལ་ངལ་བ་མེད་ཅིང་། འདི་ལྟ་སྟེ་དཔེར་ན་དགེ་སློང་བསམ་གཏན་གསུམ་པ་ལ་སྙོམས་པར་ཞུགས་པ་དེ་ལྟ་བུར་ལུས་ཀྱི་བདེ་བ་ཚོར་བར་གྱུར་ཏེ། དེ་ལྟར་
ལུས་ངལ་བ་མེད་པ་དང་། སེམས་ངལ་བ་མེད་པར་ཟླ་བ་གསུམ་དུ་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱས་སོ། །དེ་བཞིན་དུ་རྒྱལ་བུ་སྟོང་དང་། ཁམས་ཀྱི་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་དང་། གཞན་ཡང་སྲོག་ཆགས་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱིས་ཀྱང་ཉན་ཐོས་རེ་རེ་ལ་ཟླ་བ་གསུམ་དུ་རྒྱལ་
པོའི་ཡོ་བྱད་དང་། དེ་ལྟ་བུའི་བསྙེན་བཀུར་གྱིས་བསྙེན་བཀུར་བྱས་སོ། །ཅི་ལྟར་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱིས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོ་ལ་བསྙེན་བཀུར་བྱས་པ་དེ་བཞིན་དུ་བཙུན་མོ་དམ་པ་ལྷ་མོ་དཔལ་གྱིས་ཀྱང་ཟླ་བ་གསུམ་དུ་སྤོས་དང་། མེ་ཏོག་དག་གིས་བསྙེན་བཀུར་
བྱས་སོ། །དེ་བཞིན་དུ་བུ་མོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་དག་གིས་ཀྱང་ཉན་ཐོས་རེ་རེ་ལ་ཟླ་བ་གསུམ་དུ་མེ་ཏོག་དང་། བདུག་པ་དང་། སྤོས་དག་གིས་བསྙེན་བཀུར་བྱས་སོ། །རིགས་ཀྱི་བུ་དེ་ནས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱིས་ཟླ་བ་གསུམ་པོ་འདས་ནས་བཅོམ་ལྡན་འདས་ལ་འཛམ་
བུའི་ཆུ་བོའི་གསེར་ལས་བྱས་པའི་རྒྱན་བརྒྱད་ཁྲི་བཞི་སྟོང་ཕུལ་ལོ། །བཅོམ་ལྡན་འདས་ལ་འཁོར་ལོ་རིན་པོ་ཆེ་ལ་སོགས་པ་གསེར་གྱི་འཁོར་ལོ་རིན་པོ་ཆེ་བརྒྱད་ཁྲི་བཞི་སྟོང་ཡང་ཕུལ་ལོ། །བཅོམ་ལྡན་འདས་ལ་གླང་པོ་རིན་པོ་ཆེ་ལ་སོགས་པ་གླང་པོ་ཆེ་ཐལ་ཀར་བརྒྱད་ཁྲི་བཞི་སྟོང་ཡང་ཕུལ་ལོ། །
བཅོམ་ལྡན་འདས་ལ་རྟ་རིན་པོ་ཆེ་ལ་སོགས་པ་རྟ་བརྒྱད་ཁྲི་བཞི་སྟོང་ཡང་ཕུལ་ལོ། །བཅོམ་ལྡན་འདས་ལ་ནོར་བུ་རིན་པོ་ཆེ་ལ་སོགས་པ་ནོར་བུ་མེ་ཤེལ་བརྒྱད་ཁྲི་བཞི་སྟོང་ཡང་ཕུལ་ལོ། །བཅོམ་ལྡན་འདས་དེ་ལ་བསྙེན་བཀུར་བྱ་བའི་ཕྱིར་ཁྱིམ་བདག་རིན་པོ་ཆེ་ལ་སོགས་པ་རྒྱལ་བུ་བརྒྱད་ཁྲི་
བཞི་སྟོང་ཡང་ཕུལ་ལོ། །བཅོམ་ལྡན་འདས་ལ་བསྙེན་བཀུར་བྱ་བའི་ཕྱིར་བློན་པོ་རིན་པོ་ཆེ་ལ་སོགས་པ་ཁམས་ཀྱི་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་ཡང་ཕུལ་ལོ། །བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་གྱི་འཚོ་བའི་ཕྱིར་བཙུན་མོའི་འཁོར་གྱི་གྲོང་ཁྱེར་ལ་སོགས་པ་གྲོང་ཁྱེར་བརྒྱད་ཁྲི་བཞི་
เล่ม ๕๐ · หน้า 151b
སྟོང་ཡང་ཕུལ་ལོ། །བཅོམ་ལྡན་འདས་ལ་རིན་པོ་ཆེའི་དཔག་བསམ་གྱི་ཤིང་བརྒྱད་ཁྲི་བཞི་སྟོང་དང་། རིན་པོ་ཆེའི་མེ་ཏོག་གི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དང་། རིན་པོ་ཆེ་སྣ་བདུན་གྱི་གདུགས་བརྒྱད་ཁྲི་བཞི་སྟོང་དང་། རྒྱལ་པོ་ལ་འོས་པའི་གོས་རྒྱན་ཆེན་པོ་བརྒྱད་ཁྲི་བཞི་སྟོང་དང་། རིན་པོ་
ཆེའི་ཕྲེང་བ་བརྒྱད་ཁྲི་བཞི་སྟོང་དང་། རྒྱན་དང་། ཁྲིའུ་དང་། མགོ་ལྟ་བུ་དང་། མིག་ལྟ་བུ་དང་། སྙན་ཆ་གདུབ་འཁོར་དང་། གསེར་གྱི་ཙོང་ཙོང་དང་། མུ་ཏིག་གི་དོ་ཤལ་དང་། ཆགས་དང་། གཟིམས་ཆ་དང་། ཞབས་རྟེན་དང་། སྣོད་དང་། རྔ་བོ་ཆེ་དང་། རོལ་མོའི་སྒྲ་
དང་། དུང་དང་། དྲིལ་བུ་དང་། རྒྱལ་མཚན་དང་། རིལ་བ་བྷྲིང་ག་ར་དང་། ཀུན་དགའི་ར་བ་དང་། མར་མེའི་ཀོང་བུ་དག་ཀྱང་ཕུལ་ལོ། །བཅོམ་ལྡན་འདས་ལ་རིན་པོ་ཆེའི་བྱ་དང་། རིན་པོ་ཆེའི་རི་དགས་དང་། བསིལ་ཡབ་བརྒྱད་ཁྲི་བཞི་སྟོང་ཡང་ཕུལ་ལོ། །དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་སྙིང་པོ་ལ་སྨན་བཅུད་ཀྱིས་ལེན་བརྒྱད་ཁྲི་བཞི་སྟོང་ཡང་ཕུལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་བགྱི་བ་མང་ཞིང་བགྱིད་པ་མང་བ་ལགས་ན། བཅོམ་ལྡན་འདས་ཀྱིས་བདག་ལ་བཟོད་པ་མཛད་
ཅིང་། བདག་ཅག་གི་སྐྱེད་མོས་ཚལ་དུ་བཞུགས་པ་དང་། བཅོམ་ལྡན་འདས་སྐྱེད་མོས་ཚལ་འདིར་རྟག་ཏུ་དགྱེས་པར་མཛད་དུ་གསོལ། བཅོམ་ལྡན་འདས་ལ་བལྟ་བ་དང་། ཕྱག་བགྱི་བ་དང་། བསྙེན་བཀུར་བགྱི་བའི་སླད་དུ་བདག་སླད་ཀྱིས་ཀྱང་མཆིའོ། །རྒྱལ་པོ་རྩིབས་
ཀྱི་མུ་ཁྱུད་ཀྱི་བུ་སྟོང་པོ་གང་ཡིན་པ་དེ་དག་གིས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ནས། སོ་སོ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་རེ་རེས་ཀྱང་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་དགུང་ཟླ་གསུམ་ཞིག་ཡོ་བྱད་ཐམས་
ཅད་ཀྱིས་བསྙེན་བཀུར་བགྱི་བར་འཚལ་ན་བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་རྒྱལ་བུ་དེ་དག་ལ་གནང་བར་མཛད་དོ། །དེ་ནས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱིས་གནང་བར་རིག་ནས། བཅོམ་ལྡན་འདས་དང་
เล่ม ๕๐ · หน้า 152a
དགེ་སློང་གི་དགེ་འདུན་གྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ཕྱིར་སོང་ངོ་། །དེ་ནས་རྒྱལ་བུ་དེ་དག་གི་ཐུ་བོ་མིག་མི་འཛུམས་ཞེས་བྱ་བས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་
ལ་ཟླ་བ་གསུམ་གྱི་བར་དུ་ཇི་ལྟར་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱིས་བསྙེན་བཀུར་བྱས་པ་དེ་ལྟ་བུའི་བསྙེན་བཀུར་བྱ་བས་བསྙེན་བཀུར་བྱས་སོ། །རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱང་བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་ལ་ལྟ་བ་དང་། ཆོས་མཉན་པའི་ཕྱིར་ཉིན་མོ་སྐབས་སྐབས་
སུ་འོང་ངོ་། །རིགས་ཀྱི་བུ་དེ་ནས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་ཡབ་བྲམ་ཟེ་རྒྱ་མཚོའི་རྡུལ་ཅེས་བྱ་བ་དེ་ཡང་འཛམ་བུའི་གླིང་ཐམས་ཅད་ཉུལ་ཞིང་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དག་ལས་ཟས་སློང་བར་བྱེད་དེ། དེ་ལ་ཟས་དེ་སྦྱིན་པ་ན་ཇི་སྲིད་དུ་ཁྱེའུ་
དང་། བུ་མོ་དེ་དག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་རབ་ཏུ་འགོད་ཅིང་། རབ་ཏུ་བཀོད་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་མི་བྱེད་པ་དེ་སྲིད་དུ་ལེན་པར་མི་བྱེད་དོ། །དེ་ལྟར་ཉུལ་བ་ན་འཛམ་བུའི་གླིང་ན་བྲམ་ཟེ་རྒྱ་མཚོའི་རྡུལ་དེས་གང་ཟས་ཀྱིས་
ཡོངས་སུ་མ་བཟུང་བ་དང་། གང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་མ་བཀོད་པ་དང་། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དང་། གང་བླ་ན་མེད་པའི་ཡེ་ཤེས་ལ་རབ་ཏུ་མ་བཀོད་ཅིང་ཡང་དག་པར་འཛིན་དུ་མ་བཅུག་པའི་མིར་གྱུར་པ་
འགའ་ཡང་མེད་དོ། །སྲོག་ཆགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་དག་གསུམ་ལ་སྐྱབས་སུ་འགྲོ་བའི་གནས་ལ་བཀོད་དོ། །དེ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་རབ་ཏུ་བཀོད་དོ། །རྒྱལ་བུ་གཞོན་ནུ་མིག་མི་
འཛུམས་ཀྱིས་ཀྱང་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ཟླ་བ་གསུམ་དུ་སྤྱན་དྲངས་ཤིང་། ཇི་ལྟར་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱིས་བསྙེན་བཀུར་བྱས་པ་དེ་ལྟ་བུའི་བསྙེན་བཀུར་གྱིས་བསྙེན་བཀུར་བྱས་ནས་ཟླ་བ་གསུམ་འདས་པ་དང་། དེས་ཀྱང་བཅོམ་ལྡན་འདས་
เล่ม ๕๐ · หน้า 152b
ལ་འཁོར་ལོ་རིན་པོ་ཆེ་རྩིབས་ཐམས་ཅད་གསེར་ལས་བྱས་པ་བརྒྱད་ཁྲི་བཞི་སྟོང་ཕུལ་ལོ། །གླང་པོ་ཆེ་དང་། རྟ་དང་། ནོར་བུ་དང་། བུད་མེད་དང་། ཁྱིམ་བདག་དང་། བློན་པོ་རིན་པོ་ཆེ་རྣམས་མ་གཏོགས་པ་གླང་པོ་ཆེ་དང་། རྟ་བརྒྱད་ཁྲི་བཞི་སྟོང་དང་། དེ་བཞིན་དུ་ནོར་བུ་མེ་ཤེལ་དང་།
ཁྱེའུ་དང་། བུ་མོ་དང་། དཔག་བསམ་གྱི་ཤིང་དང་། མེ་ཏོག་གི་ཕུང་པོ་དང་། གདུགས་དང་། གོས་དང་། མེ་ཏོག་ཕྲེང་དང་། རྒྱན་དང་། རིན་པོ་ཆེའི་ཁྲིའུ་དང་། མགོ་ལྟ་བུ་དང་། མིག་ལྟ་བུ་དང་། སྙན་ཆ་གདུབ་འཁོར་དང་། གསེར་གྱི་ཙོང་ཙོང་དང་། མུ་ཏིག་གི་དོ་
ཤལ་དང་། ཆགས་དང་། གཟིམས་ཆ་དང་། གདན་དང་། ཞབས་རྟེན་དང་། སྣོད་དང་། རྔ་བོ་ཆེ་དང་། རོལ་མོའི་སྒྲ་དང་། དུང་དང་། རྔ་པ་ཊ་ཧ་དང་། རྒྱལ་མཚན་དང་། རིལ་བ་བྷྲིང་ག་ར་དང་། ཀུན་དགའི་ར་བ་དང་། མར་མེའི་ཀོང་བུ་དང་། རིན་པོ་ཆེའི་བྱ་སྣ་ཚོགས་དང་།
རིན་པོ་ཆེའི་རི་དགས་སྣ་ཚོགས་དང་། སྨན་བཅུད་ཀྱིས་ལེན་ལ་སོགས་པ་སྣ་རེ་རེ་ཞིང་ཡང་བརྒྱད་ཁྲི་བཞི་སྟོང་བཞི་སྟོང་ཡང་ཕུལ་ལོ། །དགེ་སློང་གི་དགེ་འདུན་ལ་ཡང་དེ་སྙེད་ཕུལ་ལོ། །དེ་ནས་རྒྱལ་བུ་གཞོན་ནུ་མིག་མི་འཛུམས་ཀྱིས་བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ལ་བཟོད་པ་
གསོལ་ཏེ། རྒྱལ་བུ་གཞོན་ནུ་མིག་མི་འཛུམས་ཀྱིས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་ཇི་ལྟར་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱིས་བསྙེན་བཀུར་བྱས་པ་དེ་ལྟ་བུའི་བསྙེན་བཀུར་གྱིས་བསྙེན་བཀུར་བྱས་ཤིང་དེ་ལས་མི་ཉུང་བའི་ཡོན་ཡང་ཕུལ་ལོ། །དེ་བཞིན་དུ་
རྒྱལ་བུ་གཞོན་ནུ་དབང་པོའི་ཚོགས་ཀྱིས་ཀྱང་བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་ལ་ཟླ་བ་གསུམ་གྱི་བར་དུ་འབྱོར་པ་ཡོངས་སུ་བཏང་ཞིང་བསྙེན་བཀུར་བྱས་སོ། །དེ་བཞིན་དུ་སྦྱར་ཏེ་རྒྱལ་བུ་གཞོན་ནུ་ཉོན་མོངས་མེད་དང་། འཇིགས་མེད་དང་། ནམ་མཁའ་དང་།
ཡན་ལག་སྐྱེས་དང་། གྲུབ་པ་དང་། འགྲན་མེད་དང་། མཉེན་དེས་དང་། གྲུམ་པོར་འགྲང་བ་དང་། འདྲོན་པ་ཅན་དང་། ཤེད་བུ་དང་། ཤ་བོ་ཆེ་དང་། འདུས་པ་ཅན་དང་། རྩིབས་ཅན་དང་། ཤེས་པ་ཅན་དང་། གདོང་ཅན་དང་། ནོར་མང་དང་། དགྲ་དབང་དང་། མིག་
เล่ม ๕๐ · หน้า 153a
ཅན་དང་། གླང་པོ་འཐོབ་དང་། ཟླ་བའི་མུ་ཁྱུད་དང་། ཉི་མའི་མུ་ཁྱུད་དང་། དབང་པོའི་མུ་ཁྱུད་དང་། རྡོ་རྗེའི་མུ་ཁྱུད་དང་། བཟོད་པའི་མུ་ཁྱུད་དང་། གནས་ཀྱི་མུ་ཁྱུད་དང་། ཤུགས་ཀྱི་མུ་ཁྱུད་དང་། གཡུལ་གྱི་མུ་ཁྱུད་དང་། སྒྲ་གཅན་དང་། སྒྲ་གཅན་
སྟོབས་མེད་དང་། སྒྲ་གཅན་དགྲ་མེད་དང་། ཆུན་པོ་སྣ་ཚོགས་དང་། རྒྱལ་པོར་གནས་དང་། འདོད་ཆགས་མི་གནས་དང་། ནོར་བདག་དང་། སྲུང་བ་པོ་དང་། ལུས་བཟངས་དང་། བསམ་པ་དཔོག་དང་། སྡོམ་བརྩོན་འཁོར་དང་། སྤྲིན་ཆུང་དང་། ཡ་མ་ཐ་དང་།
འགྲོ་བའི་རྒྱལ་མཚན་དང་། ངེས་འཚོ་དང་། ཡས་སྱ་ན་དང་། སྐར་མ་འདུད་དང་། ཆགས་མེད་རྣམས་ཀྱིས་ཀྱང་དེ་བཞིན་དུ་བྱས་ཏེ། རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱི་བུ་སྟོང་གི་བར་དུ་རེ་རེས་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་སྙིང་
པོ་དགེ་སློང་གི་དགེ་འདུན་དཔག་ཏུ་མེད་པ་དང་བཅས་པ་ལ་ཟླ་བ་གསུམ་གསུམ་དུ་ན་བཟའ་དང་། བཤོས་དང་། གཟིམས་ཆ་དང་། གདན་དང་། སྙུན་གྱི་གསོས་སྨན་དང་། ཡོ་བྱད་ཀྱི་ཚོགས་དེ་ལྟ་བུ་དག་གིས་བསྙེན་བཀུར་བྱ་བས་བསྙེན་བཀུར་བྱས་ནས་རྒྱལ་བུ་ཐུ་བོས་ཇི་ལྟར་བྱས་པ་དེ་
བཞིན་དུ་རེ་རེས་ཀྱང་བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་ལ་གསེར་གྱི་འཁོར་ལོ་བརྒྱད་ཁྲི་བཞི་སྟོང་དང་། སྨན་བཅུད་ཀྱིས་ལེན་བརྒྱད་ཁྲི་བཞི་སྟོང་གི་བར་དུ་རྒྱ་ཆེར་ཕུལ་ལོ། །དེ་ལྟ་བུའི་སྦྱིན་པ་ཆེན་པོ་བྱས་ནས་དེ་དག་ཁ་ཅིག་ནི་བརྒྱ་བྱིན་ཉིད་དུ་སྨོན། ཁ་ཅིག་ནི་
ཚངས་པ་ཉིད་དུ་སྨོན། ཁ་ཅིག་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར། ཁ་ཅིག་ནི་ལོངས་སྤྱོད་ཆེན་པོར། ཁ་ཅིག་ནི་ཉན་ཐོས་ཀྱི་ཐེག་པར་སྨོན་ཅིང་། ལོ་ཉིས་བརྒྱ་ལྔ་བཅུར་བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་ལ་བཟོད་པར་གསོལ་ཏོ། །དེའི་ཚེ་ན་མདུན་ན་འདོན་གྱི་གཙོ་བོ་བྲམ་
ཟེ་རྒྱ་མཚོའི་རྡུལ་འོངས་ནས་འདི་ལྟ་སྟེ། ན་བཟའ་དང་། བཤོས་དང་། གཟིམས་ཆ་དང་། གདན་དང་། སྙུན་གྱི་གསོས་སྨན་དང་། ཡོ་བྱད་རྣམས་དང་། འཚོག་ཆས་ཐམས་ཅད་ཀྱིས་ལོ་བདུན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་
เล่ม ๕๐ · หน้า 153b
སྙིང་པོ་དགེ་སློང་གི་དགེ་འདུན་དང་བཅས་པ་སྤྱན་དྲངས་པ་དང་། བཅོམ་ལྡན་འདས་ཅང་མི་གསུང་བས་ཡབ་མདུན་ན་འདོན་གྱི་གཙོ་བོ་ལ་གནང་བར་མཛད་དོ། །དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོ་དགེ་སློང་གི་དགེ་འདུན་དང་བཅས་པ་ལ། ཇི་ལྟར་
རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱིས་བསྙེན་བཀུར་བྱས་པ་དེ་ལྟ་བུའི་ཡོ་བྱད་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱིས་བསྙེན་བཀུར་བྱ་བས་བསྙེན་བཀུར་བྱས་སོ། །རིགས་ཀྱི་བུ་དེ་ནས་དུས་གཞན་ཞིག་ན་བྲམ་ཟེ་རྒྱ་མཚོའི་རྡུལ་གྱི་སེམས་ལ་འདི་ལྟ་བུའི་ཡོངས་སུ་རྟོག་པ་སྐྱེས་ཏེ། བདག་གིས་སྲོག་
ཆགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་དེ་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་ཀྱང་བདག་གིས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་འདི་ལྷའི་རྒྱལ་སྲིད་དམ། མིའི་རྒྱལ་སྲིད་འདོད་དམ། ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པ་འདོད་
དམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་དམ། འདི་ཅི་འདོད་པའི་སྨོན་ལམ་མི་ཤེས་ན། ཇི་སྟེ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་
སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དག་ལས་མ་རྒལ་བའི་སེམས་ཅན་རྣམས་སྒྲོལ་བར་བྱེད་པ་དང་། མ་ཐར་བ་རྣམས་ཐར་བར་བྱེད་པ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པའི་སེམས་ཅན་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་
བྱེད་པར་ལྟ་ན་རྒྱལ་པོ་འདི་ལྷའི་དཔལ་འདོད་དམ། འོན་ཏེ་མིའི་དཔལ་ལམ། འོན་ཏེ་ཉན་ཐོས་ཉིད་དམ། འོན་ཏེ་རང་སངས་རྒྱས་ཀྱི་སའམ། འོན་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་དམ། ཅི་འདོད་པ་ལྷའམ། ཀླུའམ། གནོད་སྦྱིན་ནམ། སངས་རྒྱས་སམ།
ཉན་ཐོས་སམ། བྲམ་ཟེ་འགའ་ཞིག་གིས་བདག་གི་རྨི་ལམ་དུ་སྦྲོན་གྲང་སྙམ་མོ། །རིགས་ཀྱི་བུ་དེ་ནས་མདུན་ན་འདོན་གྱི་གཙོ་བོ་བྲམ་ཟེ་རྒྱ་མཚོའི་རྡུལ་གྱི་རྨི་ལམ་ན་སྣང་བ་གང་གིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་སངས་རྒྱས་བཅོམ་ལྡན་འདས་རྣམས་
เล่ม ๕๐ · หน้า 154a
མཐོང་བ་དེ་ལྟ་བུའི་སྣང་བ་མཐོང་ཞིང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བྲམ་ཟེ་དེ་ལ་པད་མ་འདབ་མ་རྣམས་ནི་གསེར། སྡོང་བུ་རྣམས་ནི་དངུལ། སྙིང་པོ་རྣམས་ནི་བཻ་དཱུརྱ། ཟེ་བ་རྣམས་ནི་རྡོའི་སྙིང་པོ་ལས་བྱས་པ་དག་བསྐུར་ཏེ། པད་མ་དེ་དག་
ཐམས་ཅད་ལ་ཡང་ཉི་མའི་དཀྱིལ་འཁོར་དག་ཀུན་ཏུ་སྣང་ཞིང་། ཉི་མའི་དཀྱིལ་འཁོར་དེ་དག་གི་སྟེང་ན་རིན་པོ་ཆེ་སྣ་བདུན་གྱི་གདུགས་དག་ཀུན་ནས་གནས་པ་དང་། ཉི་མའི་དཀྱིལ་འཁོར་རེ་རེ་ལས་ཀྱང་འོད་ཟེར་བྱེ་བ་ཕྲག་དྲུག་ཅུ་དྲུག་ཅུ་བྱུང་བར་གྱུར་ནས་འོད་ཟེར་དེ་དག་ཐམས་ཅད་བྲམ་ཟེ་དེའི་
ཁར་ཞུགས་པ་དང་། བདག་གི་ལུས་དཔག་ཚད་སྟོང་གི་ཚད་ཙམ་དུ་གྱུར་ཅིང་འདི་ལྟ་སྟེ། དཔེར་ན་མེ་ལོང་གི་དཀྱིལ་འཁོར་ཡོངས་སུ་དག་པ་བཞིན་དུ་ཡོངས་སུ་དག་པར་མཐོང་བ་དང་། ལུས་ཀྱི་ཁོང་པ་ན་ཡང་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དྲུག་ཅུ་པད་མ་དག་ལ་
སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ཅིང་བསམ་གཏན་བསྒོམ་པ་དག་ཀྱང་མཐོང་ངོ་། །ཉི་མའི་དཀྱིལ་འཁོར་གྱི་གཟུགས་དེ་དག་ཀྱང་བདག་གི་མགོ་ལ་ཕྲེང་བ་དངར་བར་མཐོང་ཞིང་གདུགས་རྣམས་ཀྱང་སྟེང་གི་ནམ་མཁའ་ལ་ཚངས་པའི་འཇིག་རྟེན་གྱི་མཐར་ཐུག་པའི་བར་དུ་གནས་པ་མཐོང་ངོ་། །ཁོ་ར་
ཁོར་ཡུག་ན་ཡང་པད་མ་སྣ་ཚོགས་དག་ཡོད་པར་མཐོང་ཞིང་པད་མ་དེ་དག་ལས་ལྷའི་སིལ་སྙན་མིའི་ལས་ཤིན་ཏུ་འདས་པ་དག་བྱུང་སྟེ་སྒྲ་ཡང་གྲག་གོ། །དེ་ནས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ལུས་ཁྲག་གིས་བསྐུས་ཤིང་ཕག་གི་གདོང་དུ་གྱུར་ནས་རྒྱུག་ཅིང་སྲོག་ཆགས་རྣམ་པ་མང་པོ་དག་ལ་ཟ་
བ་དང་། ཟོས་ནས་ཀྱང་ཨེ་རན་དའི་ཤིང་དྲུང་ན་སྙེས་ཤིང་འདུག་པ་དང་། སྲོག་ཆགས་སྣ་ཚོགས་དག་འོངས་ཏེ་རྒྱལ་པོ་དེ་ཟོས་པ་ནས་ཀེང་རུས་ཀྱི་བར་ལ་ཐུག་པར་བྱས་ཏེ་བོར་བ་དང་། དེ་བཞིན་དུ་ཡང་དང་ཡང་ཕྱིར་སྐྱེས་པས་ཕག་གི་གདོང་དུ་གྱུར་ཅིང་ལུས་ཁྲག་གིས་བསྐུས་ཏེ་སྲོག་ཆགས་
རྣམ་པ་མང་པོ་དག་ཟོས་ནས་ཨེ་རན་དའི་ཤིང་དྲུང་ན་འདུག་པ་དང་། སྲོག་ཆགས་སྣ་ཚོགས་དག་གིས་ཟོས་ཤིང་ཀེང་རུས་ལ་ཐུག་པར་བྱས་ཏེ་བོར་བ་དག་མཐོང་ངོ་། །གཞན་ཡང་རྒྱལ་བུ་དག་ཀྱང་ལ་ལ་ནི་ཕག་གི་གདོང་། ལ་ལ་ནི་གླང་པོ་ཆེའི་གདོང་། ལ་ལ་ནི་མ་ཧེའི་གདོང་། ལ་ལ་ནི་
เล่ม ๕๐ · หน้า 154b
སེང་གེའི་གདོང་། ལ་ལ་ནི་སྤྱང་ཀིའི་གདོང་། ལ་ལ་ནི་ཝའི་གདོང་། ལ་ལ་ནི་ཁྱིའི་གདོང་། ལ་ལ་ནི་སྤྲེའུའི་གདོང་དུ་གྱུར་པར་མཐོང་ཞིང་ལུས་དག་ལ་ཁྲག་གིས་གཏོར་ཏེ་སྲོག་ཆགས་རྣམ་པ་མང་པོ་དག་ཟོས་ནས་ཨེ་རན་དའི་ཤིང་དྲུང་ན་འདུག་པ་དང་། སྲོག་ཆགས་རྣམ་པ་མང་པོ་
དག་གིས་ཟོས་ཤིང་ཀེང་རུས་ལ་ཐུག་པར་བྱས་ཏེ་བོར་བ་མཐོང་ངོ་། །ཡང་ལུས་དེ་ཉིད་ལ་གནས་ཤིང་སྲོག་ཆགས་དག་ལ་ཟ་བར་ཡང་མཐོང་ངོ་། །རྒྱལ་བུ་ཁ་ཅིག་ནི་སྣ་མའི་མེ་ཏོག་གིས་བརྒྱན་ཅིང་མ་ཧེའི་ཤིང་རྟ་དག་ལ་ཞོན་ཏེ་ལམ་གོལ་བར་ཞུགས་ནས་གཡས་ཕྱོགས་སུ་བལྟས་ཤིང་དོང་
བར་མཐོང་ངོ་། །བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དག་ཀྱང་འོངས་ནས་བྲམ་ཟེ་ལ་སྨྲས་པ། ཀྱེ་བྲམ་ཟེ་ཁྱོད་ཀྱི་ཁོ་ར་ཁོར་ཡུག་ན་པད་མ་ཡོད་པ་གང་ཡིན་པ་དེ་དག་ལས་ཁྱོད་ཀྱིས་དང་པོར་པད་མ་གཅིག་ནི་རྒྱལ་པོའི་སྐལ་བར་ཕུལ་ཅིག །དེ་ནས་རྒྱལ་བུ་འདི་དག་ལ་
ཡང་པད་མ་རེ་རེ་བྱིན་ཅིག །ལྷག་མ་རྣམས་ནི་ཁམས་ཀྱི་རྒྱལ་པོ་རྣམས་ལ་བྱིན་ཅིག །གཞན་དག་ནི་སྐྱེ་བོ་རྣམས་ལ་བྱིན་ཅིག །དེ་ཐོས་ནས་བྲམ་ཟེ་ལྷ་རྣམས་ཀྱིས་བསྒོ་བ་བཞིན་དུ་བྱའོ་ཞེས་སྨྲས་ཏེ། དེ་ནས་བྲམ་ཟེ་དེ་པད་མ་རྣམས་འགོད་བཞིན་པ་ལས་སད་པ་དང་། དེ་མལ་ནས་
ལངས་ཏེ་རྨི་ལམ་དྲན་ཞིང་འདུག་པ་ན་དེ་འདི་སྙམ་དུ་སེམས་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་དང་། རྒྱལ་བུ་ཁ་ཅིག་ནི་སྨོན་ལམ་དམན་ཞིང་འཁོར་བའི་བདེ་བ་ལ་མངོན་པར་དགའ་བ་སྟེ། དེ་དག་ནི་དམན་པ་ལ་མོས་པ་ཡིན་ནོ། །གང་དག་བདག་གིས་རྨི་ལམ་ན་སྣ་མའི་མེ་ཏོག་
གིས་བརྒྱན་ཅིང་མ་ཧེའི་ཤིང་རྟ་དག་ལ་ཞོན་ཏེ། ལམ་གོལ་བར་ཞུགས་ནས་གཡས་ཕྱོགས་སུ་བལྟས་ཤིང་དོང་བར་མཐོང་བའི་རྒྱལ་བུ་ཁ་ཅིག་ནི་ཉན་ཐོས་ཀྱི་ཐེག་པ་འདོད་པ་ཡིན་ནོ། །བདག་གིས་སྣང་བ་ཆེན་པོ་མཐོང་ཞིང་སྣང་བ་དེས་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་
མཐོང་བ་གང་ཡིན་པ་དེ་ནི་བདག་གིས་འཛམ་བུའི་གླིང་ཐམས་ཅད་ན་གནས་པའི་སྲོག་ཆགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་བསོད་ནམས་བྱ་བའི་དངོས་པོ་གསུམ་པོ་དག་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་རབ་ཏུ་བཀོད་པ་དེའི་མཚན་མ་ཡིན་ཏེ། གང་གི་ཕྱིར་བདག་གི་འཛམ་བུའི་
เล่ม ๕๐ · หน้า 155a
གླིང་མྱུལ་ཅིང་སེམས་ཅན་བགྲང་བ་ལས་ཡང་དག་པར་འདས་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་འཛིན་དུ་བཅུག་ནས་བཏུལ་ཅིང་བཙུད་དེ་རབ་ཏུ་བཀོད་པ་གང་ཡིན་པ་དང་། བདག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་དགེ་སློང་གི་དགེ་འདུན་དང་བཅས་པ་ཡོ་བྱད་ཐམས་ཅད་ཀྱིས་ལོ་བདུན་དུ་སྤྱན་དྲངས་པ་དེས་ན། བདག་གིས་སྣང་བ་ཆེན་པོ་མཐོང་ཞིང་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་མཐོང་ལ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གཞན་དག་ནས་སངས་རྒྱས་
བཅོམ་ལྡན་འདས་རྣམས་ཀྱིས་པད་མ་དག་བསྐུར་ཞིང་། བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ་གང་ཡིན་པ་དེས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བདག་ལ་གདུགས་དག་བསྐུར་བ་ཡིན་ན། བདག་གིས་པད་མ་དེ་དག་ལ་ཉི་
མའི་གཟུགས་དག་མཐོང་བ་གང་ཡིན་པ་དང་། བདག་གིས་འོད་ཟེར་དེ་དག་རང་གི་ཁར་ཞུགས་པར་མཐོང་བ་གང་ཡིན་པ་དང་། ལུས་ཆེན་པོར་གྱུར་པར་མཐོང་བ་གང་ཡིན་པ་དང་། ཉི་མའི་གཟུགས་རྣམས་ཕྲེང་བ་དངར་བར་མཐོང་བ་གང་ཡིན་པ་དང་། ཁོང་པ་ན་བྱང་ཆུབ་སེམས་
དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དྲུག་ཅུ་པད་མ་དག་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ཅིང་བསམ་གཏན་བྱེད་པ་གང་ཡིན་པ་དེ་ལྟ་བུའི་རྨི་ལམ་དག་རྨི་བ་དང་། བདག་གིས་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དག་མཐོང་ཞིང་པད་མ་འདི་དག་བགོས་ཤིག་ཅེས་བསྒོ་བ་
གང་ཡིན་པ་དང་། བདག་གིས་པད་མ་དེ་དག་བགོས་ཏེ་བྱིན་པ་གང་ཡིན་པའི་རྨི་ལམ་དེ་དག་བདག་གིས་བཅོམ་ལྡན་འདས་ལ་གསོལ་ཞིང་རྒྱུ་གང་དང་རྐྱེན་གང་གིས་ན་བདག་ལ་དེ་ལྟ་བུའི་རྨི་ལམ་དག་རྨིས་ཞེས་བདག་གིས་དེ་བཞིན་གཤེགས་པ་ལ་ཞུའོ་སྙམ་མོ། །དེ་ནས་བྲམ་ཟེ་རྒྱ་
མཚོའི་རྡུལ་གྱིས་དེ་ཉིད་ཀྱི་མཚན་མོ་འདས་པ་དང་ཞལ་ཟས་སྦྱར་ནས་ནང་པར་སྔར་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བདག་ཉིད་ཀྱིས་བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་ཕྱག་ཆབ་གསོལ་ཏོ། །ཕྱག་ཆབ་གསོལ་ནས་ཀྱང་བདག་ཉིད་ལག་དར་ཏེ་
เล่ม ๕๐ · หน้า 155b
བཟའ་བ་དང་བཅའ་བ་མང་པོ་དག་ལེགས་པར་བསྟབས་ཤིང་ཚིམ་པར་བྱས་སོ། །ལེགས་པར་བསྟབས་ཤིང་ཚིམ་པར་བྱས་ནས་ཀྱང་དགེ་སློང་གི་དགེ་འདུན་ལ་ཡང་རྣམ་གྲངས་དུ་མས་ལེགས་པར་བསྟབས་ཤིང་ཚིམ་པར་བྱས་སོ། །རྣམ་གྲངས་དུ་མས་ལེགས་པར་བསྟབས་ཤིང་ཚིམ་
པར་བྱས། བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་བཤོས་གསོལ་ལགས་ཏེ། ལྷུང་བཟེད་བཞག་ཅིང་ཕྱག་བཅབས་པར་རིག་ནས། སྟན་ཤིན་ཏུ་དམའ་བ་ཞིག་བླངས་ནས་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་
ཀྱང་བུ་སྟོང་དང་ལྷན་ཅིག་ཏུ་སྲོག་ཆགས་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། དེ་ཉིད་དུ་འོངས་ནས་དེ་བཞོན་པས་བགྲོད་པའི་ས་ཇི་སྲིད་པ་དེ་སྲིད་དུ་བཞོན་པས་སོང་སྟེ། བཞོན་པ་ལས་བབས་ནས་རྐང་པས་ཀུན་དགའི་ར་བར་ཞུགས་སོ། །ཞུགས་ནས་ཀྱང་བཅོམ་
ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་གྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ལ་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་རྨི་ལམ་ཇི་རྨིས་པ་
དག་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་གང་ཁྱོད་ཀྱིས་སྣང་བ་ཆེན་པོ་དང་། སྣང་བ་དེས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་ནས་ཁྱོད་ལ་པད་མ་དག་བསྐུར་བ་དང་། པད་མ་དེ་དག་ལ་ཉི་
མའི་གཟུགས་འོད་ཟེར་རབ་ཏུ་འབྱུང་བ་དག་མཐོང་བ་དང་། འོད་ཟེར་དེ་དག་ཁྱོད་ཀྱི་ཁར་ཞུགས་པར་མཐོང་བ་ནི་བྲམ་ཟེ་གང་ཁྱོད་ལོ་ཉིས་བརྒྱ་ལྔ་བཅུར་འཛམ་བུའི་གླིང་ཉུལ་བར་བྱེད་པ་ནི་ཁྱོད་ཀྱིས་མྱུལ་བ་དེས་སེམས་ཅན་བགྲང་བ་ལས་ཡང་དག་པར་འདས་པ་དག་བསོད་ནམས་བྱ་བའི་
དངོས་པོ་གསུམ་པོ་དག་ལ་བཙུད་ཅིང་རབ་ཏུ་བཀོད་པ་དང་། སེམས་ཅན་བགྲང་བ་ལས་ཡང་དག་པར་འདས་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་སྟེ་བཏུལ་ཅིང་བཙུད་དེ་རབ་ཏུ་བཀོད་པ་དང་། ཐེག་པ་ཆེན་པོ་འདི་ལ་བརྩམ་པ་བྱས་པ་དེས་
เล่ม ๕๐ · หน้า 156a
ན་གང་དག་གིས་ཁྱོད་ལ་པད་མ་གང་དག་ལ་ཉི་མའི་གཟུགས་དག་སྣང་བའི་པད་མ་འདབ་མ་རྣམས་ནི་གསེར། སྡོང་བུ་རྣམས་ནི་དངུལ། སྙིང་པོ་རྣམས་ནི་བཻ་དཱུརྱ། ཟེ་བ་རྣམས་ནི་རྡོའི་སྙིང་པོ་ལས་བྱས་པ་དག་བསྐུར་བའི་སངས་རྒྱས་བཅོམ་ལྡན་འདས་
ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ། དེ་དག་གིས་བྲམ་ཟེ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་གྱུར་ཏེ། རྨི་ལམ་དེ་ནི་དེའི་སྔ་ལྟས་ཡིན་ནོ། །བྲམ་ཟེ་གང་ཁྱོད་ཀྱི་
རྨི་ལམ་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཁྱོད་ལ་རིན་པོ་ཆེ་སྣ་བདུན་གྱི་གདུགས་དག་བསྐུར་ཞིང་། གདུགས་དེ་དག་
ཀྱང་སྟེང་གི་བར་སྣང་ལ་ཚངས་པའི་འཇིག་རྟེན་གྱི་མཐར་ཐུག་པའི་བར་དུ་གནས་པ་དག་མཐོང་བ་ནི། བྲམ་ཟེ་གང་གི་ནུབ་མོ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་ཉིད་ཀྱི་ནུབ་མོ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་
གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་ཁྱོད་ཀྱི་གྲགས་པ་དང་། སྒྲ་དང་། ཚིགས་སུ་བཅད་པ་རྒྱ་ཆེན་པོ་དག་མངོན་པར་འཕགས་པར་འགྱུར་ཞིང་། ཁྱོད་ཀྱི་སྤྱི་གཙུག་ཀྱང་ཚངས་པའི་འཇིག་རྟེན་གྱི་མཐར་ཐུག་པའི་བར་དུ་གྱེན་ཏུ་མངོན་པར་འཕགས་ཤིང་བལྟར་མི་ནུས་པར་གྱུར་ཏེ། བྲམ་ཟེ་རྨི་
ལམ་དེ་ནི་དེའི་སྔ་ལྟས་ཡིན་ནོ། །བྲམ་ཟེ་གང་ཁྱོད་ཀྱིས་ཚངས་པའི་འཇིག་རྟེན་གྱི་བར་དུ་ཐུག་པའི་ལུས་ཆེན་པོ་དང་། ཉི་མའི་དཀྱིལ་འཁོར་གྱི་ཕྲེང་བ་དག་མགོ་ལ་བཅིངས་པར་མཐོང་བ་གང་ཡིན་པ་དེ་ནི་བྲམ་ཟེ་ཁྱོད་ཀྱིས་སེམས་ཅན་བགྲང་བ་ལས་ཡང་དག་པར་འདས་པ་དག་བླ་ན་མེད་པ་
ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་པ་གང་ཡིན་པ་དེ་དག་ཀྱང་ཁྱོད་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
เล่ม ๕๐ · หน้า 156b
མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། ཁྱོད་ཀྱིས་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་པ་གང་ཡིན་པ་དེ་དག་ཐམས་ཅད་ཡང་དང་ཡང་དུ་ཁྱོད་ཀྱི་བསྔགས་པ་རྗོད་པར་གྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེས་བདག་ཅག་དང་པོ་
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་པས་ན། དེས་ད་ལྟར་བདག་ཅག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་ནི་བདག་ཅག་གི་དགེ་བའི་བཤེས་གཉེན་ཡིན་ནོ་ཞེས་བསྔགས་པ་བརྗོད་པར་འགྱུར་ཞིང་
སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཁྱོད་ལ་མཆོད་པ་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་དག་གཏོང་བར་འགྱུར་ཏེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་སྣ་ཚོགས་དག་གིས་ཁྱོད་ལ་མཆོད་པ་བྱས་ཤིང་། དེར་
ཁྱོད་ལས་ཆོས་ཐོས་ནས་ཏིང་ངེ་འཛིན་དང་། གཟུངས་དང་། བཟོད་པ་རྣམ་པ་སྣ་ཚོགས་དག་ཐོབ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་རང་རང་གི་སངས་རྒྱས་ཀྱི་ཞིང་དག་ཏུ་དོང་སྟེ། ཁྱོད་ཀྱི་བསྔགས་བརྗོད་པར་འགྱུར་ཞིང་དབྱངས་རྗེས་སུ་སྒྲོགས་པར་འགྱུར་
ཏེ། བྲམ་ཟེ་ཁྱོད་ཀྱི་རྨི་ལམ་དེ་ནི་དེའི་སྔ་ལྟས་ཡིན་ནོ། །བྲམ་ཟེ་གང་ཁྱོད་ཀྱི་རྨི་ལམ་ན་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དྲུག་ཅུ་ཁོང་བར་ཞུགས་ནས་དེ་དག་པད་མ་དག་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ཅིང་བསམ་གཏན་སྒོམ་པ་དག་མཐོང་བ་ནི་བྲམ་ཟེ་ཁྱོད་བྱང་
ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན། གང་དག་སྲོག་ཆགས་བྱེ་བ་ཁྲག་ཁྲིག་འབུམ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་པར་འགྱུར་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དག་ལ་འགོད་པར་འགྱུར་
བ་དེ་དག་ཀྱང་བྲམ་ཟེ་ཁྱོད་བླ་ན་མེད་པའི་ཡོངས་སུ་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདས་ནས། བསྐལ་པ་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་འདས་པའི་འོག་ཏུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གཞན་དག་ཏུ་ཆོས་ཀྱི་རྒྱལ་སྲིད་མཛད་པའི་སངས་རྒྱས་
ที่มาและสัญญาอนุญาต
ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด