འཕགས་པ་སྙིང་རྗེ་པད་མ་དཀར་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ
ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་ཀ་རུ་ཎཱ་པུཎྜ་རཱི་ཀ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๕๐ · หน้า 157a
བཅོམ་ལྡན་འདས་སུ་འགྱུར་བ་ན། འདི་སྐད་དུ་བསྐལ་པ་གྲངས་མེད་པ་འདས་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་འདི་ཞེས་བྱ་བ་ཞིག་བྱུང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་དེས་བདག་ཅག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་སྟེ་བཏུལ་ཅིང་བཙུད་དེ་རབ་ཏུ་བཀོད་ནས་ཕྱིར་མི་ལྡོག་པ་ལ་བཀོད་པས་ན་དེས་ད་ལྟར་བདག་ཅག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་
ཤིང་ཆོས་ཀྱི་རྒྱལ་སྲིད་ཀྱང་བརྙེས་སོ་ཞེས་ཁྱོད་ཀྱི་བསྔགས་པ་རྗོད་པར་འགྱུར་ཏེ། བྲམ་ཟེ་ཁྱོད་ཀྱི་རྨི་ལམ་དེ་ནི་དེའི་སྔ་ལྟས་ཡིན་ནོ། །བྲམ་ཟེ་གང་ཁྱོད་ཀྱི་རྨི་ལམ་ན་ཕག་གི་གདོང་དང་། ཁྱིའི་གདོང་གི་བར་དུ་གྱུར་ཅིང་ལུས་ཁྲག་གིས་བསྐུས་ཏེ་སྲོག་ཆགས་རྣམ་པ་དུ་མ་དག་
ཟོས་ནས་ཨེ་རན་དའི་ཤིང་ངན་པའི་དྲུང་ན་འདུག་པ་དང་། དེ་ཡང་སྲོག་ཆགས་རྣམ་པ་དུ་མ་གཞན་དག་གིས་ཟོས་ཤིང་ཀེང་རུས་ཀྱི་བར་ལ་ཐུག་པར་བྱས་ཏེ་བོར་བ་དང་། ཡང་ལུས་ཕྱིར་སྐྱེས་ནས་ལུས་ཁྲག་གིས་བསྐུས་ཤིང་ཁྱིའི་གདོང་གི་བར་དུ་གྱུར་པས་སྲོག་ཆགས་རྣམ་པ་མང་པོ་
དག་ཟོས་ནས་ཡང་ཨེ་རན་དའི་ཤིང་ངན་པའི་དྲུང་ན་འདུག་པ་དང་། སྲོག་ཆགས་རྣམ་པ་དུ་མ་དག་གིས་ཟོས་པར་མཐོང་བ་ནི་ཁྱོད་ཀྱིས་སྐྱེས་བུ་བླུན་པོ་བསོད་ནམས་བྱ་བའི་དངོས་པོ་གསུམ་པོ་སྦྱིན་པ་དང་། དུལ་བ་དང་། ཡང་དག་པར་སྡོམ་པ་ཡང་དག་པར་འཛིན་དུ་བཅུག་ཅིང་རབ་ཏུ་
བཀོད་པ་དེ་དག་ལྷ་རྣམས་ཀྱི་ནང་དུ་འཆི་འཕོ་བའི་སྡུག་བསྔལ་འདོད་པ་དང་། མི་རྣམས་ཀྱི་ནང་དུ་རྒ་བ་དང་། ན་བ་དང་། འཆི་བ་དང་། མི་སྡུག་པ་དང་ཕྲད་པ་དང་། སྡུག་པ་དང་བྲལ་བའི་སྡུག་བསྔལ་དང་། ཡི་དགས་རྣམས་ཀྱི་ནང་དུ་བཀྲེས་པ་དང་། སྐོམ་པའི་སྡུག་བསྔལ་
དང་། དུད་འགྲོ་རྣམས་ཀྱི་ནང་དུ་གཏི་མུག་གི་མུན་པ་དང་། མགོ་གཅོད་པ་ལ་སོགས་པའི་སྡུག་བསྔལ་དང་། སེམས་ཅན་དམྱལ་བ་རྣམས་ཀྱི་ནང་དུ་གནོད་པ་སྣ་ཚོགས་ལ་སོགས་པའི་སྡུག་བསྔལ་འདོད་པར་འགྱུར་བ་དང་བསོད་ནམས་བྱ་བའི་དངོས་པོ་རྣམ་པ་གསུམ་པོ་དག་ལ་རབ་ཏུ་
เล่ม ๕๐ · หน้า 157b
བཀོད་པ་རྣམས་ལྷ་རྣམས་ཀྱི་ནང་དུ་ལྷའི་རྒྱལ་སྲིད་འདོད་ལ་མི་རྣམས་ཀྱི་ནང་དུ་ནི་གླིང་གཅིག་གི་དབང་ཕྱུག་འདོད་དེ། དེ་དག་དེར་སེམས་ཅན་ཐམས་ཅད་ལ་ལོངས་སྤྱོད་པར་འགྱུར་ཞིང་། དེ་དག་ཀྱང་སེམས་ཅན་ཐམས་ཅད་ཀྱི་ཁ་ཟས་དང་། ལོངས་སྤྱོད་དུ་འགྱུར་བས་དེ་ལྟར་སྐྱེས་བུ་
བླུན་པོ་དེ་དག་ཡུན་རིང་པོར་འཁོར་བར་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་ཏེ། བྲམ་ཟེ་ཁྱོད་ཀྱི་རྨི་ལམ་དེ་ནི་དེའི་སྔ་ལྟས་ཡིན་ནོ། །བྲམ་ཟེ་གང་ཁྱོད་ཀྱི་རྨི་ལམ་ན་མི་ཁ་ཅིག་སྣ་མའི་མེ་ཏོག་གི་ཕྲེང་བ་དག་གིས་མགོ་བརྒྱན་ཅིང་། མ་ཧེའི་ཤིང་རྟ་དག་ལ་ཞོན་ཏེ་ལམ་
གོལ་བར་ཞུགས་ནས་གཡས་ཕྱོགས་སུ་ལྟ་ཞིང་དོང་བར་མཐོང་བ་དེ་ཡང་བྲམ་ཟེ་ཁྱོད་ཀྱིས་བསོད་ནམས་བྱ་བའི་དངོས་པོ་གསུམ་པོ་དག་ལ་རབ་ཏུ་བཀོད་པའི་རིགས་ཀྱི་བུ་དག་གཅིག་བདག་དུལ་བར་བྱ་བ་དང་། བདག་ཞི་བར་བྱ་བ་འབའ་ཞིག་གི་ཕྱིར་ཉན་ཐོས་ཀྱི་ཐེག་པ་ལ་ཡང་
དག་པར་ཞུགས་པར་འགྱུར་ཏེ། བྲམ་ཟེ་དེ་ནི་ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་དེ་དག་གི་སྔ་ལྟས་ཡིན་ནོ། །རིགས་ཀྱི་བུ་དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོའི་མིར་སྐྱེ་བ་ནི་རྙེད་པར་དཀའ། དལ་བ་ཕུན་
སུམ་ཚོགས་པ་ཡང་རྙེད་པར་དཀའ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་དུ་འབྱུང་བར་ཡང་ཨུ་དུམ་བཱ་རའི་མེ་ཏོག་ལྟར་རྙེད་པར་དཀའ། དགེ་བའི་ཆོས་ལ་འདུན་པ་ཡང་རྙེད་པར་དཀའ། ཡང་དག་པའི་སྨོན་ལམ་
ཡང་རྙེད་པར་དཀའ་ལགས་སོ། །རྒྱལ་པོ་ཆེན་པོ་ལྷའི་རྒྱལ་སྲིད་ནི་སྡུག་བསྔལ་འབྱུང་བའི་རྒྱུ་ལགས་སོ་གླིང་གཅིག་གི་མི་རྣམས་ཀྱི་རྒྱལ་སྲིད་ཀྱང་སྡུག་བསྔལ་འབྱུང་བའི་རྒྱུ་ལགས་སོ། །གླིང་གཉིས་དང་། གསུམ་དང་། གླིང་བཞི་པའི་རྒྱལ་སྲིད་ཀྱང་སྡུག་བསྔལ་འབྱུང་བའི་རྒྱུ་
ལགས་ཏེ། རྒྱལ་པོ་ཆེན་པོ་ཡུན་རིང་པོར་འཁོར་བའི་སྡུག་བསྔལ་ཉམས་སུ་མྱོང་བར་བགྱིད་པ་ལགས་སོ། །རྒྱལ་པོ་ཆེན་པོ་ལྷ་དང་མིའི་འབྱོར་པ་ནི་རླུང་གི་ཤུགས་བཞིན་དུ་གཡོ་ཞིང་མི་གནས་པ་ལགས་སོ། །བྱིས་པ་རྣམས་ནི་ཆུ་ཟླ་ལྟ་བུའི་འདོད་པའི་ཡོན་ཏན་ལྔས་ངོམས་
เล่ม ๕๐ · หน้า 158a
མི་མྱོང་ཞིང་ཡུལ་རྣམས་ལ་མྱོས་ནས་ལྷ་དང་མིའི་དཔལ་འཚལ་བར་བགྱིད་དེ། བྱིས་པ་དེ་དག་ནི་ཡང་དང་ཡང་དུ་སེམས་ཅན་དམྱལ་བ་རྣམས་སུ་གནོད་པའི་སྡུག་བསྔལ་དང་། དུད་འགྲོ་རྣམས་ཀྱི་ནང་དུ་ཀུན་ཏུ་གཏི་མུག་པའི་སྡུག་བསྔལ་དང་། ཡི་དགས་
རྣམས་ཀྱི་ནང་དུ་བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་དང་། མི་རྣམས་ཀྱི་ནང་དུ་སྡུག་པ་དང་བྲལ་བའི་སྡུག་བསྔལ་དང་། ལྷ་རྣམས་ཀྱི་ནང་དུ་འཆི་འཕོའི་སྡུག་བསྔལ་དང་། ཡང་མངལ་དུ་གནས་པའི་སྡུག་བསྔལ་དང་། གཅིག་གིས་གཅིག་མགོ་གཅོད་པའི་སྡུག་བསྔལ་དང་།
གཅིག་ལ་གཅིག་འཚལ་བའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་ཏེ། བྱིས་པ་རྣམས་འཁྱམ་པ་ན་དེ་ལྟ་བུའི་སྡུག་བསྔལ་དག་ཉམས་སུ་མྱོང་བར་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། དགེ་བའི་བཤེས་གཉེན་དང་བྲལ་བས་མ་ཐོབ་པ་ཐོབ་པར་བགྱི་བ་དང་། མ་རྟོགས་པ་རྟོགས་པར་
བགྱི་བ་དང་། མངོན་སུམ་དུ་མ་བགྱིས་པ་མངོན་སུམ་དུ་བགྱི་བའི་སླད་དུ་ཡང་དག་པའི་སྨོན་ལམ་མི་འདེབས་ཤིང་རྩོལ་བར་མི་བགྱིད་པའི་སླད་དུ་སྟེ། དེ་ལྟར་བྱིས་པ་གླེན་པ་དག་ནི་གང་ལ་སྡུག་བསྔལ་ཐམས་ཅད་བས་པར་འགྱུར་བའི་བྱང་ཆུབ་ཀྱི་སེམས་ཀྱིས་སྐྱོ་བར་བགྱིད་ཅིང་གང་ལ་
ཡང་དང་ཡང་དུ་སྡུག་བསྔལ་འབྱུང་བར་འགྱུར་བའི་འཁོར་བས་སྐྱོ་བར་མི་བགྱིད་ཅིང་ཡིད་འབྱུང་བར་མི་བགྱིད་དོ། །རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་འཁོར་བ་ནི་སྡུག་བསྔལ་ཐམས་ཅད་ཀྱི་སྣོད་དུ་གྱུར་པ་ལགས་པར་ཡོངས་སུ་བརྟག་པ་མཛད་ཅིང་རྒྱལ་པོ་ཆེན་པོ་འདི་ལྟར་ཁྱོད་ཀྱིས་ནི་བཅོམ་ལྡན་
འདས་ཀྱི་བསྟན་པ་ལ་ལྷག་པར་མཛད་པ་མཛད་དེ་དགེ་བའི་རྩ་བ་ནི་བསྐྲུན། དཀོན་མཆོག་གསུམ་ལ་དད་པ་ནི་བརྙེས། ལོངས་སྤྱོད་ཆེན་པོའི་ཕྱིར་བཅོམ་ལྡན་འདས་ལ་དབུལ་བ་ནི་ཕུལ། མཐོ་རིས་སུ་སྐྱེ་བ་ཐོབ་པར་བགྱི་བའི་སླད་དུ་ཚུལ་ཁྲིམས་ནི་བསྲུངས། བཅོམ་ལྡན་
འདས་ལ་ཆོས་གསན་པས་ཁྱོད་ཤེས་རབ་ཆེན་པོ་བརྙེས་པར་ནི་གྱུར། མཆོད་སྦྱིན་ནི་མཛད་ལགས་ཀྱིས། རྒྱལ་པོ་ཆེན་པོ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་སྐྱེད་ཅིག །སྨྲས་པ། བྲམ་ཟེ་ཁོ་བོ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མི་
เล่ม ๕๐ · หน้า 158b
འདོད་དེ། བྲམ་ཟེ་ཁོ་བོས་ནི་འཁོར་བ་མངོན་པར་འདོད་པའི་དོན་དུ་སྦྱིན་པ་བྱིན་ཞིང་ཚུལ་ཁྲིམས་བསྲུངས་ལ་ཆོས་ཉན་ཏོ། །བྲམ་ཟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཐོབ་པར་དཀའ་བ་ཡིན་པས་བྲམ་ཟེ་མི་དགོས་སོ། །བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་རྒྱལ་པོ་
ལ་ལན་གཉིས་སུ་སྨྲས་པ། རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་ལམ་ནི་ཡང་དག་པ་ལགས་པས་བསམ་པས་སྨོན་ལམ་བཏབ་པར་བགྱི་བ་སྟེ། ལམ་དེ་ནི་སྒྲིབ་པ་མ་མཆིས་པས་རྫོགས་ཤིང་ཤིན་ཏུ་དང་བ་ལགས་སོ། །ལམ་དེ་ནི་ལྷག་པའི་བསམ་པས་རྣམ་པར་དག་ཅིང་དྲང་པོ་ལགས་
སོ། །ལམ་དེ་ནི་ཉོན་མོངས་པ་བསལ་བས་གཡོ་མེད་ཅིང་དག་པ་ལགས་སོ། །ལམ་དེ་ནི་སྒྲིབ་པ་མ་མཆིས་པས་རྒྱ་ཆེ་བ་ལགས་སོ། །ལམ་དེ་ནི་བསམ་པ་ལས་བྱུང་བས་ཡང་དག་པར་གཞོལ་བ་ལགས་སོ། །ལམ་དེ་ནི་སྡིག་པ་ཐམས་ཅད་མི་བགྱིད་པས་འཇིགས་པ་མ་མཆིས་
པ་ལགས་སོ། །ལམ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡང་དག་པར་འབྱོར་པ་ལགས་སོ། །ལམ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་བསིལ་བ་ལགས་སོ། །ལམ་དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པས་གཞི་མ་མཆིས་པ་ལགས་སོ། །ལམ་དེ་ནི་བརྩོན་འགྲུས་ཀྱི་ཕ་
རོལ་ཏུ་ཕྱིན་པས་བྱིན་གྱིས་བརླབས་ཀྱི་རྟེན་ལགས་སོ། །ལམ་དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་རྙོག་པ་མ་མཆིས་པ་ལགས་སོ། །ལམ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཤིན་ཏུ་རྟོགས་པ་ལགས་སོ། །ལམ་དེ་ནི་སྙིང་རྗེ་ཆེན་པོས་ངོ་བོ་ཉིད་ཀྱི་ཤེས་པ་རྗེས་སུ་རྟོགས་
པ་ལགས་སོ། །ལམ་དེ་ནི་དགའ་བ་ཆེན་པོས་མཆོག་ཏུ་དགའ་བ་ཐོབ་པ་ལགས་སོ། །ལམ་དེ་ནི་བཏང་སྙོམས་ཆེན་པོས་སྙིང་པོ་དང་འཐུན་པ་ལགས་སོ། །ལམ་དེ་ནི་འདོད་པ་དང་། གནོད་སེམས་དང་། རྣམ་པར་འཚེ་བའི་རྣམ་པར་རྟོག་པ་དག་མ་མཆིས་པས་ཚེར་མ་དང་
བྲལ་བ་ལགས་སོ། །ལམ་དེ་ནི་ཁོང་ཁྲོ་བའི་སེམས་མ་མཆིས་པས་བགྲོད་བདེ་བ་ལགས་སོ། །ལམ་དེ་ནི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམ་པར་རིག་པས་གཡོ་དང་བྲལ་བ་ལགས་སོ། །ལམ་དེ་ནི་ཁམས་དང་སྐྱེ་མཆེད་ཤིན་ཏུ་མཐོང་བས་བདུད་དང་
เล่ม ๕๐ · หน้า 159a
ཕྱིར་རྒོལ་བ་ངེས་པར་བཅོམ་པ་ལགས་སོ། །ལམ་དེ་ནི་ཉོན་མོངས་པ་ཐམས་ཅད་དང་བྲལ་བས་བདུད་དང་བྲལ་བ་ལགས་སོ། །ལམ་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བགྱིད་པ་དང་བྲལ་བས་སེམས་རྒྱ་ཆེན་པོར་མཆི་བ་ལགས་སོ། །ལམ་དེ་ནི་དེ་
བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པས་སྤྲོ་བ་དང་བཅས་པ་ལགས་སོ། །ལམ་དེ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་རིན་པོ་ཆེ་དང་འཐུན་པས་རིན་པོ་ཆེ་ཆེན་པོ་ངེས་པར་སྒྲུབ་པ་ལགས་སོ། །ལམ་དེ་ནི་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཆགས་པ་མི་མངའ་བས་རྟག་ཏུ་བསྟན་པ་ལགས་སོ། །
ལམ་དེ་ནི་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་ཟིན་པས་དགེ་བའི་རྩ་བ་སྟོན་ཅིང་རྗེས་སུ་སྤྱད་པ་ལགས་སོ། །ལམ་དེ་ནི་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤངས་པས་མཐོ་དམན་དང་བྲལ་བ་ལགས་སོ། །ལམ་དེ་ནི་གནོད་སེམས་དང་། ཐ་བ་དང་། ཁྲོ་བ་མ་མཆིས་པས་རྡུལ་ངེས་པར་
བཅོམ་པ་ལགས་སོ། །ལམ་དེ་ནི་མི་དགེ་བ་ཐམས་ཅད་དང་བྲལ་བས་བདེ་འགྲོར་མཆི་བ་ལ་སྨན་པ་ལགས་སོ། །རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་ལམ་དེ་ནི་མྱ་ངན་ལས་འདས་པའི་མཐར་ཐུག་པས་བདེ་བ་འཐོབ་པ་ལགས་ཀྱིས་རྒྱལ་པོ་ཆེན་པོ་བྱང་ཆུབ་ཏུ་ཐུགས་སྐྱེད་ཅིག །རྒྱལ་པོས་སྨྲས་པ།
བྲམ་ཟེ་དེ་བཞིན་གཤེགས་པ་འདི་ནི་སྐྱེ་དགུ་ལོ་བརྒྱད་ཁྲི་པ་རྣམས་ཀྱི་ནང་དུ་འཇིག་རྟེན་དུ་བྱུང་བས་ན་དེ་བཞིན་གཤེགས་པས་ངན་སོང་ཐམས་ཅད་ཞི་བར་མཛད་པ་མ་སྤྱོད་དེ། སེམས་ཅན་གང་དག་གིས་དགེ་བའི་རྩ་བ་བསྐྱེད་པའི་སེམས་ཅན་དེ་དག་ནི་འབྲས་བུ་ལ་གནས་པར་གྱུར། ལ་
ལས་ནི་ཏིང་ངེ་འཛིན་དང་། གཟུངས་དང་། བཟོད་པ་བསྒྲུབས། གང་དག་དགེ་བའི་རྩ་བ་མཆོག་ཏུ་གྱུར་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར། དགེ་བའི་རྩ་བ་བསྐྱེད་པ་ཁ་ཅིག་གིས་ནི་ལྷ་དང་མིའི་དཔལ་ཉམས་སུ་མྱོང་བར་གྱུར་ཏེ། སེམས་
ཅན་རྣམས་རང་རང་གི་དགེ་བ་དང་། མི་དགེ་བའི་ལས་རྣམས་ཀྱིས་འཕྱན་པར་གྱུར་པས་ན་འདི་ལྟར་སེམས་ཅན་གཅིག་ཙམ་གྱི་སྡུག་བསྔལ་ཡང་རབ་ཏུ་ཞི་བར་མ་མཛད་ན་བཅོམ་ལྡན་འདས་ཀྱིས་བཏུལ་བའི་སེམས་ཅན་གང་ཞིག་ཡིན། བཅོམ་ལྡན་འདས་ཀྱི་སྐུ་ནི་ཞིང་དུ་གྱུར་པ་འབའ་ཞིག་
เล่ม ๕๐ · หน้า 159b
ཏུ་ཟད་ཀྱི་དགེ་བའི་རྩ་བ་མ་བསྐྱེད་པའི་སེམས་ཅན་རྣམས་སྡུག་བསྔལ་ལས་ཐར་བར་ནི་མི་མཛད་དོ། །ཁོ་བོ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་བྱང་ཆུབ་སེམས་དཔའི་སྤྱད་པ་ཡང་སྤྱོད་ལ། ཁོ་བོ་ཡེ་ཤེས་ཆེན་པོ་བསགས་པ་དང་། ཆོས་ཀྱི་སྒོ་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པར་འཇུག་པ་
དེས་སེམས་ཅན་རྣམས་འདུལ་ཞིང་སངས་རྒྱས་ཀྱི་མཛད་པ་ཡང་བྱེད་མོད་ཀྱི་སངས་རྒྱས་ཀྱི་ཞིང་ཉོན་མོངས་པ་ཅན་འདི་ལྟ་བུར་བྱང་ཆུབ་ཀྱི་ཕྱིར་སེམས་ཡོངས་སུ་བསྔོ་བ་འབའ་ཞིག་ནི་མི་བྱེད་དོ། །གལ་ཏེ་གང་གི་ཚེ་ཁོ་བོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རེག་པར་འགྱུར་བའི་
སངས་རྒྱས་ཀྱི་ཞིང་དེར་ཁོ་བོས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པར་འགྱུར་བ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་ཞིག་འཐོབ་པར་འགྱུར་བ་ལྟ་ན་དེའི་ཚེ་ཁོ་བོ་བྱང་ཆུབ་ཏུ་སེམས་སྐྱེད་ཅིང་ཁོ་བོས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་སྤྱད་པར་བྱའོ། །རིགས་ཀྱི་བུ་དེ་ནས་
དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་སྙིང་པོས་འདི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་མཛད་དེ། དེའི་ཚེ་ཏིང་ངེ་འཛིན་མེ་ལོང་བཀོད་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་སོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་
ཏིང་ངེ་འཛིན་མེ་ལོང་བཀོད་པ་ལ་མཉམ་པར་བཞག་པ་དང་། འདི་ལྟ་བུའི་སྣང་བ་བྱུང་བར་གྱུར་ཏེ། སྣང་བ་དེས་ཕྱོགས་བཅུའི་ཕྱོགས་རེ་རེར་ཡང་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་སྟོང་གི་འཇིག་རྟེན་གྱི་རྡུལ་སྙེད་དག་གི་ཡོན་ཏན་བཀོད་པ་ཐམས་ཅད་སྣང་བར་གྱུར་ཏེ།
ལ་ལ་དག་ན་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་དང་། ལ་ལ་དག་ན་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་ཡང་དག་པར་ཞུགས་པ་དང་། གང་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ཤིང་དྲུང་ན་འདུག་ནས་བདུད་ཕམ་པར་བྱེད་པ་རྣམས་
དང་། གང་དག་ན་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པར་ཆོས་ཀྱི་འཁོར་ལོ་སྐོར་བ་རྣམས་དང་། གང་དག་ན་ཆོས་ཀྱི་འཁོར་ལོ་བསྐོར་ནས་རིང་པོ་མ་ལོན་པར་ཆོས་སྟོན་པ་རྣམས་དང་། སངས་རྒྱས་ཀྱི་ཞིང་གང་དག་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་
เล่ม ๕๐ · หน้า 160a
ཀྱིས་ཁྱབ་པ་དང་། གང་དག་ན་ཉན་ཐོས་དང་རང་སངས་རྒྱས་རྣམས་འབྱུང་བ་མེད་པ་དང་། གང་དག་ན་ཉན་ཐོས་དང་རང་སངས་རྒྱས་རྣམས་འབྱུང་བ་དང་སངས་རྒྱས་ཀྱི་ཞིང་གང་དག་ན་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་
ཀྱིས་སྟོང་པ་དང་། སངས་རྒྱས་ཀྱི་ཞིང་ཁ་ཅིག་སྙིགས་མ་ལྔས་ཉོན་མོངས་པ་ཅན་དུ་གྱུར་པ་དང་། ཁ་ཅིག་སྙིགས་མ་ལྔ་དང་བྲལ་བའི་ཡོངས་སུ་དག་པ་དང་། ཁ་ཅིག་ན་སེམས་ཅན་མཆོག་རྣམས་དང་། ཁ་ཅིག་ན་དམན་པ་རྣམས་དང་། ཁ་ཅིག་ན་ཚེ་རིང་བ་རྣམས་དང་། ཁ་ཅིག་ན་ཚེ་ཐུང་
བ་རྣམས་དང་། སངས་རྒྱས་ཀྱི་ཞིང་ཁ་ཅིག་མེས་འཇིག་པ་རྣམས་དང་། ཁ་ཅིག་ཆུ་དང་། ཁ་ཅིག་རླུང་གིས་འཇིག་པ་རྣམས་དང་། ཁ་ཅིག་འཆགས་པ་རྣམས་དང་། ཁ་ཅིག་ཆགས་ཤིང་གནས་པ་དེ་དག་ཐམས་ཅད་སྣང་བ་རྒྱ་ཆེན་པོས་ཁྱབ་པར་ཀུན་ཏུ་སྣང་ངོ་། །ཐམས་ཅད་དང་
ལྡན་པའི་འཁོར་དེས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དེ་དག་མཐོང་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་རྒྱལ་པོ་ལ་སྨྲས་པ། རྒྱལ་པོ་ཆེན་པོ་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དག་ལ་གཟིགས་ལ། རྒྱལ་པོ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་
སྐྱེད་ཅིག །རྒྱལ་པོ་ཆེན་པོ་སངས་རྒྱས་ཀྱི་ཞིང་ཇི་ལྟ་བུ་བཞེད་པར་ཡང་གཟུང་བར་མཛོད་ཅིག །དེ་ནས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱིས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་
ལས་གང་གིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཡོངས་སུ་འཛིན་པ་ནས། གང་གིས་སེམས་ཅན་རྣམས་བསམ་པ་ཡོངས་སུ་དག་པ་དང་། གང་གིས་སེམས་ཅན་རྣམས་ཚེ་རིང་པོར་འགྱུར་བའི་བར་དུ་རྒྱ་ཆེར་གསོལ་པ་དང་། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྨོན་ལམ་གྱི་དབང་གིས་སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་དང་བྲལ་ཞིང་ཡོངས་སུ་དག་པ་དང་། སྨོན་ལམ་གྱི་དབང་གིས་ཡོངས་སུ་མ་དག་པ་ཡང་ཡོངས་སུ་འཛིན་ཏོ། །རྒྱལ་པོས་
เล่ม ๕๐ · หน้า 160b
གསོལ་པ། བཙུན་པ་བཅོམ་ལྡན་འདས་བདག་གྲོང་ཁྱེར་དུ་ཞུགས་ཏེ། རྩེ་གཅིག་ཏུ་མཆིས་ནས་སྨོན་ལམ་བསམ་པར་བགྱི་ཞིང་བདག་སྙིགས་མ་ལྔ་དང་བྲལ་བའི་སངས་རྒྱས་ཀྱི་ཞིང་ཇི་ལྟ་བུ་ལ་དགའ་བ་དེར་དགེ་བའི་སྤྱོད་པ་འདི་དག་ཡོངས་སུ་བསྔོ་བར་བགྱིའོ། །བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེའི་དུས་ལ་བབ་པར་ཤེས་པར་གྱིས་ཤིག །རིགས་ཀྱི་བུ་དེ་ནས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱིས་བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་གྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་
ཐད་ནས་སོང་སྟེ་གྲོང་ཁྱེར་དུ་ཞུགས་ནས་རང་གི་ཁྱིམ་དུ་ནང་དུ་ཡང་དག་འཇོག་ལ་རྩེ་གཅིག་ཏུ་འདུག་ནས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དག་སེམས་པར་བྱེད་དོ།། །།བམ་པོ་བཞི་པ། དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་རྒྱལ་བུ་ཐུ་བོ་མིག་
མི་འཛུམས་ལ་སྨྲས་པ། མིག་མི་འཛུམས་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་ལ། ཁྱོད་ཀྱིས་བསོད་ནམས་བྱ་བའི་དངོས་པོ་གསུམ་པོ་དག་གིས་དགེ་བ་སྤྱད་ཅིང་བསོད་ནམས་བསྒྲུབས་པ་གང་ཡིན་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོས་ཤིག །དེས་སྨྲས་པ། མཁན་པོ་བདག་ཀྱང་རང་གི་ཁྱིམ་དུ་མཆིས་ལ་གཅིག་པུ་དབེན་པར་མཆིས་ནས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དག་བསམ་པར་བགྱི་སྟེ། གལ་ཏེ་བྱང་ཆུབ་ཀྱི་སླད་དུ་སེམས་སྐྱེ་བར་འགྱུར་བ་ལྟ་ན་
བཅོམ་ལྡན་འདས་ཀྱི་དྲུང་དུ་སླར་མཆིས་ནས་བྱང་ཆུབ་ཏུ་སེམས་ཡོངས་སུ་བསྔོ་བར་བགྱིའོ། །དེ་ནས་རྒྱལ་བུ་དེས་ཀྱང་བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་གྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་སྟེ། རང་
གི་གནས་སུ་སོང་ནས་གཅིག་ཏུ་དབེན་པར་སོང་སྟེ་འདུག་ནས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དག་སེམས་པར་བྱེད་དོ། །རིགས་ཀྱི་བུ་དེ་ནས་མདུན་ན་འདོན་གྱི་གཙོ་བོ་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་རྒྱལ་བུ་གཉིས་པ་ལ་བོས་ཏེ་སྨྲས་པ། གཞོན་ནུ་ཁྱོད་བྱང་ཆུབ་ཏུ་སེམས་སྐྱེད་ཅིག་
เล่ม ๕๐ · หน้า 161a
ཅེས་བྱ་བ་ནས་སྔ་མ་བཞིན་དུ་རྒྱ་ཆེར་སྦྱར་ཏེ། རྒྱལ་བུ་སྟོང་གི་བར་དུ་ཐམས་ཅད་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་གོ། །ཁམས་ཀྱི་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་དང་། གཞན་ཡང་སེམས་ཅན་དུང་ཕྱུར་ཕྲག་དགུ་དང་། བྱེ་བ་ཕྲག་གཉིས་ཀྱང་བྱང་ཆུབ་ཡང་དག་
པར་འཛིན་དུ་བཅུག་པ་དང་། དེ་དག་ཐམས་ཅད་ཀྱིས་ཀྱང་འདི་སྐད་ཅེས་སྨྲས་སོ། །བདག་ཅག་ཀྱང་རང་རང་གི་ཁྱིམ་དུ་མཆིས་ལ་གཅིག་པུ་དབེན་པར་མཆིས་ནས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དག་བསམ་པར་བགྱིའོ། །དེ་སྐད་ཅེས་སྨྲས་ནས་ཐམས་ཅད་རང་རང་གི་ཁྱིམ་དག་ཏུ་
དོང་སྟེ་གཅིག་པུ་དབེན་པར་འདུག་ནས་ལོ་བདུན་གྱི་བར་དུ་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་སྨོན་ལམ་སེམས་པར་བྱེད་དོ། །རིགས་ཀྱི་བུ་དེ་ནས་དུས་གཞན་ཞིག་ན་བྲམ་ཟེ་རྒྱ་མཚོའི་རྡུལ་གྱི་སེམས་ལ་འདི་ལྟ་བུའི་རྣམ་པར་རྟོག་པ་སྐྱེས་ཏེ། བདག་གིས་སྲོག་ཆགས་བྱེ་བ་
ཁྲག་ཁྲིག་འབུམ་ཕྲག་མང་པོ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་ཅིང་། བདག་གིས་སངས་རྒྱས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དཔག་ཏུ་མེད་པ་དང་བཅས་པ་འདི་ཡང་ལོ་བདུན་གྱི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་སྤྱན་དྲངས་
པས། གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བདག་གིས་བསམ་པ་ཡོངས་སུ་རྫོགས་པར་འགྱུར་ཞིང་དེ་བཞིན་དུ་སྨོན་ལམ་འདི་ཡང་འགྲུབ་པ་ལྟ་ན་དེའི་ཕྱིར་བདག་གིས་ལྷ་དང་། ལྷ་མ་ཡིན་དང་། དྲི་ཟ་དང་། གནོད་སྦྱིན་དང་། སྲིན་པོ་དང་། གྲུལ་བུམ་རྣམས་
མཆོད་སྦྱིན་ཆེན་པོ་འདི་ལ་ཡང་དག་པར་གཟུད་པར་བྱའོ་སྙམ་མོ། །རིགས་ཀྱི་བུ་དེ་ནས་མདུན་ན་འདོན་གྱི་གཙོ་བོ་བྲམ་ཟེ་རྒྱ་མཚོའི་རྡུལ་རྒྱལ་པོ་རྣམ་ཐོས་ཀྱི་བུ་མཐོང་བར་འདོད་པ་དང་། དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་གནོད་སྦྱིན་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་
བདར་ནས། བྲམ་ཟེ་རྒྱ་མཚོའི་རྡུལ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བྲམ་ཟེ་རྒྱ་མཚོའི་རྡུལ་གྱི་མདུན་དུ་འདུག་ནས་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེ་ཁྱོད་ཁོ་བོ་ལས་ཇི་ཞིག་འདོད། བྲམ་ཟེས་སྨྲས་པ། ཁྱོད་སུ་ཞིག་ཡིན། རྣམ་ཐོས་ཀྱི་བུས་སྨྲས་པ། བྲམ་ཟེ་ཆེན་པོ་ཁྱོད་ཀྱིས་
เล่ม ๕๐ · หน้า 161b
གནོད་སྦྱིན་གྱི་བདག་པོ་རྣམ་ཐོས་ཀྱི་བུ་ཞེས་བྱ་བ་ཞིག་ཡོད་པར་ཐོས་པ་དེ་ནི་ཁོ་བོ་ཡིན་ན་བྲམ་ཟེ་བསྒོ་བ་ཅི་ཡོད། ཅི་ཞིག་བགྱི། བྲམ་ཟེས་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱང་མཆོད་སྦྱིན་ཆེན་པོ་འདི་ལ་སྤྲོ་བ་སྐྱེད་ཅིག །དེས་སྨྲས་པ། བྲམ་ཟེ་ཁྱོད་ཇི་ལྟར་འདོད་པ་དེ་ལྟར་བྱའོ། །
སྨྲས་པ། རྒྱལ་པོ་ཆེན་པོ་དེའི་ཕྱིར་ཁྱོད་ཀྱིས་ཁོ་བོའི་ཚིག་གིས་གནོད་སྦྱིན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་ལ་འདི་སྐད་ཅེས་ཀྱང་བསྒོ་ཤིག །གལ་ཏེ་གནོད་སྦྱིན་ཁྱེད་ཅག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ལྟ་
ན། ཁྱེད་ཅག་དེང་ལ་རྒྱ་མཚོའི་ཕ་རོལ་ནས་ཙན་དན་ས་མཆོག་པ་དང་། ཙན་དན་སྦྲུལ་གྱི་སྙིང་པོ་དག་ལོང་ཤིག །ཁ་ཅིག་གིས་ནི་སྤོས་སྣ་ཚོགས་དང་། ཁ་ཅིག་གིས་ནི་མེ་ཏོག་སྣ་ཚོགས་དག་ལོང་ཤིག །ཅེས་བསྒོ་ཤིག་དང་། དེས་ཁོ་བོས་ཉིན་གཅིག་བཞིན་དུ་བཅོམ་
ལྡན་འདས་ལ་མཆོད་པ་བྱའོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་བྲམ་ཟེ་དེ་ལྟར་བྱའོ་ཞེས་བྲམ་ཟེ་དེའི་ལྟར་མཉན་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏེ། རྔ་བོ་ཆེ་བརྡུངས་ནས་གནོད་སྦྱིན་དང་། སྲིན་པོ་དག་བསྡུས་ཏེ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་དག་ཤེས་པར་གྱིས་ཤིག །གང་
འཛམ་བུའི་གླིང་འདི་ན་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱི་མདུན་ན་འདོན་གྱི་གཙོ་བོ་བྲམ་ཟེ་རྒྱ་མཚོའི་རྡུལ་ཅེས་བྱ་བ་དེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་སྙིང་པོ་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་ལོ་བདུན་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་
བཀུར་བྱེད་ཀྱིས། དེའི་ཕྱིར་ཁྱེད་ཅག་གིས་དེའི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བར་བྱ་ཞིང་དགེ་བའི་རྩ་བ་དེས་ཁྱེད་ཅག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་ཅིག །དེའི་ཚེ་ན་གནོད་སྦྱིན་དང་། སྲིན་པོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་དག་གིས་ཐལ་མོ་སྦྱར་ཏེ་
སྨྲས་པ། བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་སྙིང་པོ་དགེ་སློང་གི་དགེ་འདུན་དཔག་ཏུ་མེད་པ་དང་བཅས་པ་ལ་ལོ་བདུན་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པའི་བསོད་ནམས་ཀྱི་རྒྱུན་དང་། དགེ་བའི་
เล่ม ๕๐ · หน้า 162a
རྒྱུན་གང་ཡིན་པའི་བསོད་ནམས་ཀྱི་ཕུང་པོ་དེ་དག་ཐམས་ཅད་ལ་བདག་ཅག་རྗེས་སུ་ཡི་རང་ངོ་། །དགེ་བའི་རྩ་བ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་སྨྲས་པ། ཁྱེད་ཅག་
ཉོན་ཅིག །ཁྱེད་ཅག་ལས་གང་སུ་དགེ་བའི་རྩ་བ་འདོད་པ་དང་། བསོད་ནམས་འདོད་པས་ལོ་བདུན་དུ་གང་གི་ཕྱིར་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་གྱི་ཞལ་ཟས་སྦྱོར་བར་འགྱུར་བའི་ཙན་དན་ས་མཆོག་པ་དང་། ཙན་དན་སྦྲུལ་གྱི་སྙིང་
པོ་དག་རྒྱ་མཚོའི་ཕ་རོལ་ནས་ལོང་ཤིག །དེ་ནས་གནོད་སྦྱིན་དགུ་ཁྲི་ཉིས་སྟོང་གིས་ཚིག་འཐུན་པར་སྨྲས་པ། གྲོགས་པོ་དག་བདག་ཅག་གིས་ལོ་བདུན་པོ་འདི་ལ་གང་གི་ཕྱིར་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་གྱི་ཕྱིར་ཞལ་ཟས་སྦྱོར་
བར་འགྱུར་བའི་ཙན་དན་ས་མཆོག་པ་དང་། ཙན་དན་སྦྲུལ་གྱི་སྙིང་པོ་དག་བླང་བར་བྱའོ། །གནོད་སྦྱིན་བཞི་ཁྲི་དྲུག་སྟོང་གིས་སྨྲས་པ། བདག་ཅག་གིས་ནི་སྤོས་བླང་བར་བྱའོ། །གནོད་སྦྱིན་ལྔ་ཁྲི་ཉིས་སྟོང་གིས་སྨྲས་པ། བདག་ཅག་གིས་ནི་མེ་ཏོག་སྣ་ཚོགས་དག་བླང་བར་བྱའོ། །
གནོད་སྦྱིན་ཉི་ཁྲིས་སྨྲས་པ། བདག་ཅག་གིས་ནི་བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་གྱི་ཕྱིར་སྨན་བཅུད་ཀྱིས་ལེན་སྣ་ཚོགས་དག་གི་མཐུ་བླངས་ལ་ཞལ་ཟས་དང་། སྩང་ནན་སྦྱོར་བར་འགྱུར་བ་གང་ཡིན་པ་དེར་མཐུ་གཞུག་པར་བྱའོ། །གནོད་སྦྱིན་བདུན་ཁྲིས་སྨྲས་པ། གྲོགས་
པོ་དག་བདག་ཅག་གིས་ནི་བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་གྱི་ཞལ་ཟས་སྦྱར་བར་བྱའོ། །རིགས་ཀྱི་བུ་དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་མཐོང་བར་འདོད་པ་དང་། དེ་ནས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་བྲམ་ཟེ་རྒྱ་མཚོའི་རྡུལ་ག་ལ་བ་དེར་
སོང་སྟེ་ཕྱིན་ཅིང་གྲུལ་བུམ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བར་དང་། དེ་བཞིན་དུ་རྒྱལ་པོ་ཆེན་པོ་མིག་མི་བཟང་དང་། ཡུལ་འཁོར་སྲུང་དང་། ཀླུ་དང་། དྲི་ཟ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་
เล่ม ๕๐ · หน้า 162b
གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བར་དུ་སྔ་མ་བཞིན་ནོ། །དེ་ནས་སངས་རྒྱས་ཀྱི་མཐུས་གླིང་བཞི་བ་གཉིས་པའི་འཇིག་རྟེན་སྐྱོང་བ་རྣམས་ཀྱང་བྲམ་ཟེ་རྒྱ་མཚོའི་རྡུལ་གྱི་གན་དུ་འོངས་པ་དང་། བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་དེ་དག་བླ་ན་མེད་པ་
ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་ནས། དེ་དག་ཀྱང་དོང་སྟེ་རང་རང་གི་འཁོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་གོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་སངས་རྒྱས་ཀྱི་ཞིང་གི་རྣམ་ཐོས་ཀྱི་བུ་ཐེར་འབུམ་འཁོར་དང་
བཅས་པ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་གོ། །འཕགས་སྐྱེས་པོ་ཐེར་འབུམ་དང་། མིག་མི་བཟང་ཐེར་འབུམ་དང་། ཡུལ་འཁོར་སྲུང་ཐེར་འབུམ་འཁོར་དང་བཅས་པ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་
དག་པར་འཛིན་དུ་བཅུག་གོ། །རིགས་ཀྱི་བུ་དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞིང་བདག་གི་རེ་བ་ཡང་ཡང་དག་པར་འགྲུབ་པར་འགྱུར་ལ། གལ་ཏེ་བདག་གི་
སྨོན་ལམ་ཡང་ཡང་དག་པར་འགྲུབ་པར་འགྱུར་བ་ལྟ་ན་བདག་འདོད་པ་ན་སྤྱོད་པའི་ལྷ་རྣམས་ལ་མཆོད་སྦྱིན་ཆེན་པོ་འདིའི་བསོད་ནམས་ཡང་དག་པར་བགོ་བཤའ་བྱེད་པར་གྱུར་ཅིག །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་པར་གྱུར་ཅིག །གལ་ཏེ་
བདག་བསོད་ནམས་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ལྟ་ན་དེང་ལྷའི་དབང་པོ་བརྒྱ་བྱིན་བདག་ལ་ལྟ་བའི་ཕྱིར་འདིར་འོང་བར་གྱུར་ཅིག །ལྷའི་བུ་རབ་འཐབ་བྲལ་དང་། ལྷའི་བུ་ཡོངས་སུ་དགའ་ལྡན་དང་། ལྷའི་བུ་རབ་
འཕྲུལ་དང་། ལྷའི་བུ་གཞན་འཕྲུལ་དབང་བྱེད་ཀྱང་བདག་ལ་བལྟ་བའི་ཕྱིར་འདིར་འོང་བར་གྱུར་ཅིག་སྙམ་མོ། །རིགས་ཀྱི་བུ་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་དེ་སྙམ་དུ་སེམས་བསྐྱེད་མ་ཐག་ཏུ་ལྷའི་དབང་པོ་བརྒྱ་བྱིན་བྲམ་ཟེ་དེ་ལྟ་བའི་ཕྱིར་འོངས་སོ། །ལྷའི་བུ་རབ་འཐབ་བྲལ་དང་།
เล่ม ๕๐ · หน้า 163a
ལྷའི་བུ་ཡོངས་སུ་དགའ་ལྡན་དང་། ལྷའི་བུ་རབ་འཕྲུལ་དང་། ལྷའི་བུ་གཞན་འཕྲུལ་དབང་བྱེད་ཀྱང་བྲམ་ཟེ་དེ་ལྟ་བའི་ཕྱིར་འོངས་ནས། བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་དེ་དག་ལ་ཁྱེད་ཅག་སུ་ཡིན་ཞེས་དྲིས་པ་དང་། ལྷའི་རྒྱལ་པོ་ལྔ་པོ་དག་གིས་རང་རང་གི་མིང་
རུས་བསྟན་ནས་འདི་སྐད་ཅེས་སྨྲས་སོ། །ཀྱེ་བྲམ་ཟེ་ཁོ་བོ་ཅག་ལ་བསྒོ་བ་ནི་ཅི་ཞིག་ཡོད། མཆོད་སྦྱིན་ཆེན་པོ་འདི་ལ་ཁོ་བོ་ཅག་གིས་ཡོ་བྱད་དག་སྦྱར་བར་བྱ་བ་ལྟ་ཅི་ཡོད། བྲམ་ཟེས་སྨྲས་པ། བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་གྱི་ཕྱིར་ཁྱེད་ཅག་ལྷའི་འཇིག་རྟེན་ན་
ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་རིན་པོ་ཆེའི་ཁང་པ་བརྩེགས་པ་དག་དང་། རིན་པོ་ཆེའི་ཤིང་ལྗོན་པ་དག་དང་། དཔག་བསམ་གྱི་ཤིང་ལྗོན་པ་དག་དང་། སྤོས་ཀྱི་ཤིང་ལྗོན་པ་དག་དང་། མེ་ཏོག་གི་ཤིང་ལྗོན་པ་དག་དང་། འབྲས་བུའི་ཤིང་ལྗོན་པ་དག་དང་། ལྷའི་
ན་བཟའ་དག་དང་། ལྷའི་གདན་དག་དང་། ལྷའི་གདིང་བ་དག་དང་། ལྷའི་རིན་པོ་ཆེའི་སྣོད་དག་དང་། ལྷའི་རྒྱན་དག་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ལྷབ་ལྷུབ་དག་དང་། ལྷའི་རོལ་མོའི་སྒྲ་གང་དག་ཡོད་པ་དེ་དག་ཐམས་ཅད་ཀྱིས་འཛམ་བུའི་ཚལ་
ཐམས་ཅད་བརྒྱན་པར་གྱིས་ཤིག །ལྷའི་རྒྱལ་པོ་ལྔ་པོ་དེ་དག་གིས་གྲོགས་པོ་དེ་ལྟར་བྱའོ་ཞེས་བྲམ་ཟེའི་ལྟར་མཉན་ཏེ། བྲམ་ཟེའི་དྲུང་ནས་ཕྱིར་ལོག་ནས་ལྷའི་འཇིག་རྟེན་དུ་དོང་སྟེ་ཕྱིན་པ་དང་། ལྷའི་བུ་འཁྲི་བྱེད་དང་། ལྷའི་བུ་འཁྱིལ་བྱེད་དང་། ལྷའི་བུ་སྣར་མ་སྐྱེས་དང་།
ལྷའི་བུས་རྩོམ་དགའ་རྣམས་བོས་ཏེ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་དག་ཁྱེད་ཅག་དེང་ལ་འཛམ་བུའི་གླིང་དུ་བབས་ཏེ། བཅོམ་ལྡན་འདས་ཀྱི་ཕྱིར་འཛམ་བུའི་ཚལ་གྱི་སྐྱེད་མོས་ཚལ་རྒྱན་གྱི་ཁྱད་པར་སྣ་ཚོགས་དག་དང་། གདན་དང་། གདིང་བ་སྣ་ཚོགས་དག་གིས་ཇི་ལྟར་
ལྷའི་འཇིག་རྟེན་འདི་བརྒྱན་པ་དེ་ལྟ་བུ་དག་གིས་བརྒྱན་པར་གྱིས་ཤིག །གྲོགས་པོ་དག་རིན་པོ་ཆེའི་ཁང་པ་བརྩེགས་པ་འདི་ལྟ་བུ་ཡང་བརྩིག་ཏུ་ཆུག་ཤིག །འདི་ལྟ་སྟེ། ཁང་པ་བརྩེགས་པ་རིན་པོ་ཆེའི་བ་གམ་ཅན་འདི་ཅི་འདྲ་བ་དེ་ལྟ་བུའི་རིན་པོ་ཆེའི་ཁང་པ་བརྩེགས་བརྩིག་ཏུ་
เล่ม ๕๐ · หน้า 163b
ཆུག་ཤིག །ལྷའི་བུ་དེ་ལྔས་ལྷའི་རྒྱལ་པོ་རྣམས་ཀྱི་ལྟར་མཉན་ནས་འཛམ་བུའི་གླིང་དུ་བབས་ཏེ། བཅོམ་ལྡན་འདས་ཀྱི་ཕྱིར་མཚན་གཅིག་གིས་འཛམ་བུའི་ཚལ་གྱི་སྐྱེད་མོས་ཚལ་ཐམས་ཅད་རིན་པོ་ཆེའི་ཤིང་ལྗོན་པ་དག་དང་། རྒྱལ་མཚན་གྱི་བར་དག་གི་རྒྱན་དེ་ལྟ་བུ་དག་གིས་བརྒྱན་
ཏོ། །འདི་ལྟ་སྟེ། དཔེར་ན་ལྷའི་དབང་པོ་བརྒྱ་བྱིན་གྱི་ཁང་པ་བརྩེགས་པ་རིན་པོ་ཆེའི་བ་གམ་ཅན་ཅི་འདྲ་བ་དེ་ལྟ་བུའི་ཁང་པ་བརྩེགས་པ་ཡང་བརྩིགས་ཏེ། འཛམ་བུའི་ཚལ་ཐམས་ཅད་ལྷའི་རྒྱན་གྱིས་རྣམ་པ་ཐམས་ཅད་དུ་ཡོངས་སུ་མཐར་ཐུག་པར་བརྒྱན་ནས་ལྷའི་རྒྱལ་པོ་རྣམས་ཀྱི་
གན་དུ་སོང་སྟེ་སྨྲས་པ། གྲོགས་པོ་དག་མཁྱེན་པར་མཛོད་ཅིག །ཇི་ལྟར་ལྷའི་འཇིག་རྟེན་འདི་ལེགས་པར་བརྒྱན་པ་དེ་བཞིན་དུ། བཅོམ་ལྡན་འདས་ཀྱི་ཕྱིར་འཛམ་བུའི་ཚལ་གྱི་སྐྱེད་མོས་ཚལ་ཡང་ལྷའི་རྒྱན་གྱི་ཁྱད་པར་རྣམས་ཀྱིས་རྣམ་པ་ཐམས་ཅད་དུ་ཡོངས་སུ་མཐར་ཐུག་པར་
བརྒྱན་ཅིང་འདི་ལྟ་སྟེ། དཔེར་ན་ལྷའི་དབང་པོ་བརྒྱ་བྱིན་གྱི་ཁང་པ་བརྩེགས་པ་རིན་པོ་ཆེའི་བ་གམ་ཅན་ཅི་འདྲ་བ་དེ་ལྟ་བུའི་རིན་པོ་ཆེ་ཐམས་ཅད་ཀྱི་ཁང་པ་བརྩེགས་པ་ཡང་བརྩེགས་ལགས་ཏེ། གྲོགས་པོ་དག་ལྷའི་འཇིག་རྟེན་དང་། འཛམ་བུའི་གླིང་གི་འཛམ་བུའི་ཚལ་གྱི་སྐྱེད་
མོས་ཚལ་ནི་ཁྱད་པར་ཅུང་ཟད་ཀྱང་མ་མཆིས་སོ། །དེ་ནས་ལྷའི་རྒྱལ་པོ་ལྔ་པོ་བརྒྱ་བྱིན་དང་རབ་འཐབ་བྲལ་དང་། ཡོངས་སུ་དགའ་ལྡན་དང་། རབ་འཕྲུལ་དང་། གཞན་འཕྲུལ་དབང་བྱེད་དེ་དག་འཛམ་བུའི་གླིང་དུ་བབས་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱི་དྲུང་དུ་སོང་སྟེ་འདི་སྐད་
ཅེས་སྨྲས་སོ། །བྲམ་ཟེ་བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་གྱི་ཕྱིར་འཛམ་བུའི་ཚལ་ནི་བརྒྱན་ཟིན་ན་ཡང་ཁོ་བོ་ཅག་གིས་བྱ་བ་ལྟ་ཅི་ཡོད། དེ་སྐད་ཅེས་སྨྲས་པ་དང་། བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་ལྷའི་བུ་ལྔ་པོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་རྒྱལ་
པོ་ཁྱེད་ལྔ་ནི་ལྷའི་རིས་སོ་སོ་ན་རྒྱལ་སྲིད་བྱེད་པ་ཡིན་པས་དེ་ན་ཁྱེད་ཅག་གི་དབང་དུ་འགྱུར་གྱིས་ལྷའི་རྒྱལ་པོ་དག་དེང་ལ་རང་རང་གི་ལྷའི་འཁོར་རྣམས་བསྡུས་ཏེ་བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་འཛམ་བུའི་གླིང་དུ་ཤེག་
เล่ม ๕๐ · หน้า 164a
ལ་བཅོམ་ལྡན་འདས་ལས་ཆོས་ཀྱང་ཉོན་ཅིག །དེ་ནས་ལྷའི་རྒྱལ་པོ་དེ་ལྔ་རང་རང་གི་གནས་ཀྱི་ཁྱད་པར་རྣམས་སུ་དོང་སྟེ་ཕྱིན་པ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་བསྡུས་ཏེ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་དག་ཤེས་པར་
གྱིས་ཤིག །འཛམ་བུའི་གླིང་ན་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱི་མདུན་ན་འདོན་གྱི་གཙོ་བོ་བྲམ་ཟེ་རྒྱ་མཚོའི་རྡུལ་ཅེས་བྱ་བ་དེས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོ་དགེ་སློང་གི་དགེ་འདུན་དཔག་ཏུ་མེད་པ་དང་བཅས་པ་ལ་ལོ་བདུན་དུ་ཡོ་བྱད་ཐམས་ཅད་ཀྱིས་སྤྱན་དྲངས་ཤིང་རི་མོར་བྱེད་དེ། བྲམ་
ཟེ་རྒྱ་མཚོའི་རྡུལ་གྱིས་ཡང་དག་པར་འཛིན་དུ་བཅུག་པས་ཁོ་བོ་ཅག་གིས་ཀྱང་བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་གྱི་ཕྱིར་སྐྱེད་མོས་ཚལ་ཐམས་ཅད་བརྒྱན་ཟིན་གྱིས། དེའི་ཕྱིར་ཁྱོད་ཀྱིས་ཀྱང་དགེ་བའི་རྩ་བ་དེ་ལ་རྗེས་སུ་ཡི་རང་བར་གྱིས་ལ། བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་ཅིག །དེའི་ཚེ་ན་སུམ་ཅུ་རྩ་གསུམ་པའི་ལྷ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་དག་གིས་ཐལ་མོ་སྦྱར་ཏེ་ཚིག་ཏུ་སྨྲས་པ། གྲོགས་པོ་བདག་ཅག་གིས་བསོད་ནམས་ཀྱི་ཕུང་པོ་དེ་ལ་རྗེས་སུ་ཡི་རང་བར་བྱ་ཞིང་རྗེས་སུ་ཡི་རང་བ་དེ་ལས་བྱུང་བའི་བསོད་
ནམས་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །ལྷའི་བུ་རབ་འཐབ་བྲལ་གྱིས་ཀྱང་འཐབ་བྲལ་གྱི་ལྷའི་བུ་རྣམས་བསྡུས་ཏེ། རྒྱ་ཆེར་སྔ་མ་བཞིན་དུ་སྦྱར་བར་བྱའོ། །ལྷའི་བུ་ཡོངས་སུ་དགའ་ལྡན་དང་། ལྷའི་
བུ་འཕྲུལ་དགའ་དང་། ལྷའི་བུ་གཞན་འཕྲུལ་དབང་བྱེད་ཀྱིས་ཀྱང་གཞན་འཕྲུལ་དབང་བྱེད་ཀྱི་བར་གྱི་ལྷའི་བུ་དག་བསྡུས་ནས་ལྷའི་བུ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་དག་གིས་ཐལ་མོ་སྦྱར་ཏེ་ཚིག་ཏུ་སྨྲས་པ། གྲོགས་པོ་དག་བདག་ཅག་གིས་དགེ་བའི་རྩ་བ་རྣམས་ཀྱི་བསོད་ནམས་
གང་ཡིན་པ་དེ་ལ་རྗེས་སུ་ཡི་རང་བར་བྱ་ཞིང་། དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱས། གྲོགས་པོ་དག་དེའི་ཕྱིར་འཛམ་བུའི་གླིང་དུ་འབབ་ཅིང་བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་ལ་བལྟ་བ་དང་། ཕྱག་བྱ་བ་དང་།
เล่ม ๕๐ · หน้า 164b
བསྙེན་བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་འདོང་ངོ་། །ལྷའི་རྒྱལ་པོ་དེ་ལྔ་ནུབ་མོ་ལྷའི་རྒྱལ་པོ་རེ་རེ་ཞིང་ཡང་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་དག་དང་ལྷན་ཅིག་ཏུ་འཛམ་བུའི་གླིང་དུ་བབས་ཏེ། བཅོམ་ལྡན་འདས་དང་དགེ་
སློང་གི་དགེ་འདུན་གྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ཆོས་ཉན་ཏོ། །ནམ་མཁའི་དཀྱིལ་ན་གནས་པའི་ལྷ་རྣམས་ཀྱང་བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། སྣ་མ་དང་། བར་ཤི་ཀ་དང་། ཨ་
ཏི་མུག་ཏ་ཀ་དང་། ཙམ་པ་ཀ་དང་། མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོའི་མེ་ཏོག་གི་ཆར་དག་འབེབས་ཤིང་ལྷའི་རོལ་མོའི་སྒྲ་དག་ཀྱང་རབ་ཏུ་སྒྲོགས་པར་བྱེད་དོ། །རིགས་ཀྱི་བུ་གཞན་ཡང་བྲམ་ཟེ་རྒྱ་མཚོའི་རྡུལ་གྱི་སེམས་ལ་སེམས་ཀྱི་ཡོངས་སུ་རྟོག་པ་འདི་ལྟ་བུ་སྐྱེས་ཏེ། གལ་
ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བདག་གི་རེ་བ་ཡོངས་སུ་རྫོགས་པར་འགྱུར་ཞིང་སྨོན་ལམ་འདི་ཡང་འགྲུབ་པ་ལྟ་ན། འདི་ལྟར་ལྷ་མ་ཡིན་དག་ཀྱང་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་པར་གྱུར་ཅིག་སྙམ་མོ། །རིགས་ཀྱི་བུ་དེས་སེམས་བསྐྱེད་མ་ཐག་ཏུ་གནོད་སྦྱིན་
གྱི་དབང་པོ་ལྔ་བྲམ་ཟེ་དེ་ག་ལ་བ་དེར་དོང་སྟེ་ལྷགས་པ་ནས། བྲམ་ཟེའི་ཚིག་གིས་ལྷ་མ་ཡིན་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དང་བཅས་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། བཅོམ་
ལྡན་འདས་ཀྱི་དྲུང་དུ་འོངས་ནས་ཆོས་ཉན་པའི་བར་དུ་སྔ་མ་བཞིན་དུ་རྒྱ་ཆེར་སྦྱར་རོ། །དེ་བཞིན་དུ་བྲམ་ཟེ་དེ་བདུད་འདོད་པ་དང་། དེའི་ཚེ་ན་བདུད་གང་པོ་ཞེས་བྱ་བ་འོངས་པ་ནས་བདུད་ཀྱི་རིས་ཀྱི་ལྷའི་བུ་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དང་བཅས་པ་བྱེ་བ་ཁྲག་
ཁྲིག་འབུམ་ཕྲག་དུ་མ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བར་དང་། ཆོས་མཉན་པའི་ཕྱིར་ལྷགས་པའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ། །རིགས་ཀྱི་བུ་དེ་ནས་ཡང་བྲམ་ཟེ་རྒྱ་མཚོའི་རྡུལ་ཚངས་པ་ཆེན་པོ་གནས་པའི་གྲོང་ཁྱེར་ཞེས་བྱ་བ་འོང་
เล่ม ๕๐ · หน้า 165a
བར་འདོད་པ་ནས་བྲམ་ཟེ་ལས་མཉན་ཅིང་ཚངས་པའི་འཇིག་རྟེན་དུ་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་ལ་བལྟ་བ་དང་། ཕྱག་
བྱ་བ་དང་། བསྙེན་བཀུར་བྱ་བ་དང་། བཅོམ་ལྡན་འདས་ལས་ཆོས་མཉན་པའི་ཕྱིར་དེ་ནས་བབས་པའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ། །རིགས་ཀྱི་བུ་དེ་ནས་ཡང་བྲམ་ཟེ་རྒྱ་མཚོའི་རྡུལ་གླིང་བཞི་པ་གཉིས་པའི་བརྒྱ་བྱིན་མཐོང་བར་འདོད་ཅིང་ལྷའི་བུ་རབ་འཐབ་བྲལ་དང་། ཡོངས་
སུ་དགའ་ལྡན་དང་། རབ་འཕྲུལ་དང་། གཞན་འཕྲུལ་དབང་བྱེད་རྣམས་དང་མཐོང་བར་འདོད་པ་དང་། བཅོམ་ལྡན་འདས་ཀྱི་མཐུས་ལྷའི་རྒྱལ་པོ་དེ་ལྔ་ཡང་བྲམ་ཟེའི་དྲུང་དུ་ལྷགས་ནས་བྲམ་ཟེ་དེས་དེ་དག་ཡང་དག་པར་རྗེས་སུ་བསྟན་པ་དང་། དེ་དག་ཀྱང་རང་རང་གི་ལྷའི་གནས་དག་ཏུ་
དོང་ནས་བྲམ་ཟེའི་ཚིག་གིས་རང་རང་གི་འཁོར་རྣམས་ཀྱང་ཡང་དག་པར་འཛིན་དུ་བཅུག་གོ། །དེ་བཞིན་དུ་སུམ་ཅུ་རྩ་གསུམ་པའི་ལྷའི་བུ་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དང་བཅས་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་དག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དེ་དག་ཀྱང་བརྒྱ་བྱིན་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། བཅོམ་ལྡན་འདས་ལས་ཆོས་མཉན་པའི་ཕྱིར་གླིང་བཞི་པ་འདིར་ལྷགས་སོ། །དེ་བཞིན་དུ་
ལྷའི་བུ་རབ་འཐབ་བྲལ་དང་། ཡོངས་སུ་དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་རྣམས་ཀྱིས་ཀྱང་གཞན་འཕྲུལ་དབང་བྱེད་ཀྱི་བར་གྱི་ལྷའི་བུ་རྣམས་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་ནས། གཞན་འཕྲུལ་དབང་བྱེད་ཀྱི་བར་གྱི་ལྷའི་བུ་སྐྱེས་པ་དང་།
བུད་མེད་དང་། ཁྱེའུ་དང་། བུ་མོ་དང་བཅས་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་དག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་།
เล่ม ๕๐ · หน้า 165b
བཅོམ་ལྡན་འདས་ལས་ཆོས་མཉན་པའི་ཕྱིར་གླིང་བཞི་པ་འདིར་ལྷགས་སོ། །གླིང་བཞི་པ་གཉིས་པའི་ལྷ་མ་ཡིན་གྱི་དབང་པོ་དང་། བདུད་དང་། ཚངས་པ་རྣམས་ཀྱང་དེ་བཞིན་ནོ། །དེ་བཞིན་དུ་གླིང་བཞི་པ་གསུམ་པ་དང་། བཞི་པ་དང་། ལྔ་པའི་བར་དག་གི་བརྒྱ་བྱིན་དང་། ལྷའི་
བུ་རབ་འཐབ་བྲལ་དང་། ཡོངས་སུ་དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ལྷ་མ་ཡིན་གྱི་དབང་པོ་དང་། བདུད་དང་། ཚངས་པ་རྣམས་ཀྱང་བཅོམ་ལྡན་འདས་ཀྱི་མཐུས་ཆོས་མཉན་པའི་བར་གྱི་ཕྱིར་དེ་དག་འཁོར་དང་བཅས་ཏེ་གླིང་བཞི་པ་
འདིར་ལྷགས་སོ། །དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་སངས་རྒྱས་ཀྱི་ཞིང་གི་བར་དག་ནས་ཀྱང་བརྒྱ་བྱིན་ཐེར་འབུམ་དང་། ལྷའི་བུ་རབ་འཐབ་བྲལ་ཐེར་འབུམ་དང་། ཡོངས་སུ་དགའ་ལྡན་ཐེར་འབུམ་དང་། འཕྲུལ་དགའ་ཐེར་འབུམ་དང་། གཞན་འཕྲུལ་དབང་བྱེད་ཐེར་འབུམ་
དང་། ལྷ་མ་ཡིན་གྱི་དབང་པོ་ཐེར་འབུམ་དང་། བདུད་ཐེར་འབུམ་དང་། ཚངས་པ་ཆེན་པོ་ཐེར་འབུམ་དག་ཀྱང་བཅོམ་ལྡན་འདས་ཀྱི་མཐུས་ཚངས་པ་ཆེན་པོའི་བར་དུ་རེ་རེ་ཞིང་ཡང་ཚངས་རིས་ཀྱི་ལྷ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་བྱེ་བ་ཁྲག་ཁྲིག་
འབུམ་ཕྲག་དུ་མའི་བར་དག་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས་བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་ལ་བལྟ་བ་དང་། ཕྲད་པར་བྱ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། བཅོམ་ལྡན་འདས་ལས་ཆོས་མཉན་པའི་ཕྱིར་གླིང་བཞི་པ་འདིར་ལྷགས་སོ། །དེའི་
ཚེ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ཀྱང་ཁྱབ་པར་མ་གྱུར་པའི་ས་ཕྱོགས་དེ་ནི་ཅུང་ཟད་ཀྱང་མེད་དོ། །རིགས་ཀྱི་བུ་དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་འདི་སྙམ་དུ་སེམས་ཏེ། གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བདག་གི་རེ་བ་ཡོངས་སུ་རྫོགས་པར་
འགྱུར་ཞིང་། ཇི་ལྟར་རྣམ་ཐོས་ཀྱི་བུ་ཐེར་འབུམ་དང་། ཚངས་པ་ཆེན་པོ་ཐེ་འབུམ་གྱི་བར་འདི་དག་བདག་དང་འཐུན་པར་འཇུག་པ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱང་བདག་དང་འཐུན་པར་མཛད་པ་ལྟ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བར་གྱི་མི་དང་། དུད་འགྲོ་དང་།
เล่ม ๕๐ · หน้า 166a
གཤིན་རྗེའི་འཇིག་རྟེན་པ་དང་། སེམས་ཅན་དམྱལ་བ་དེ་དག་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཚོར་བ་རབ་ཏུ་ཞི་བར་མཛད་ལ་བདེ་བའི་ཚོར་བ་སྐྱེད་ནས་དེ་དག་རེ་རེའི་མདུན་ན་ཡང་སངས་རྒྱས་ཀྱི་སྤྲུལ་པ་བཞུགས་ཤིང་དེས་སེམས་ཅན་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་པར་འགྱུར་བ་དེ་ལྟ་བུའི་ཆོ་འཕྲུལ་ཆེན་པོ་མཛད་པར་གྱུར་ཅིག་སྙམ་མོ། །རིགས་ཀྱི་བུ་དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་སྙིང་པོས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱི་སེམས་ཀྱི་ཡོངས་སུ་རྟོག་པ་
ཐུགས་ཀྱིས་མཁྱེན་ནས་དེའི་ཚེ་ཏིང་ངེ་འཛིན་རབ་ཏུ་གདུང་བ་ཞེས་བྱ་བ་ལ་སྙོམས་པར་ཞུགས་སོ། །འདི་ལྟར་བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་རབ་ཏུ་གདུང་བ་ལ་ཐུགས་མཉམ་པར་བཞག་པས། བཅོམ་ལྡན་འདས་ཀྱི་སྐུ་ལས་སྤུའི་ཁུང་བུ་རེ་རེ་ནས་ཀྱང་འོད་ཟེར་བགྲང་བ་ལས་ཡང་
དག་པར་འདས་པ་སྙེད་དག་བྱུང་སྟེ། འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཁྱབ་པར་གྱུར་ཏོ། །དེ་ལ་འོད་ཟེར་ཁ་ཅིག་ནི་སེམས་ཅན་དམྱལ་བར་དོང་ནས་གྲང་བའི་སེམས་ཅན་དམྱལ་བར་སྐྱེས་པའི་སེམས་ཅན་རྣམས་ལ་རླུང་དྲོན་པོ་དག་ལངས་སོ། །
གང་དག་ཚ་བའི་སེམས་ཅན་དམྱལ་བར་སྐྱེས་པའི་སེམས་ཅན་དེ་དག་ལ་ནི་རླུང་བསིལ་བ་དག་ལངས་ཏེ། དེས་སེམས་ཅན་དམྱལ་བའི་སེམས་ཅན་དེ་དག་གི་བཀྲེས་པ་དང་། སྐོམ་པ་དང་། ངལ་བའི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱས་ནས་བདེ་བའི་ཚོར་བ་
བསྐྱེད་དོ། །སེམས་ཅན་དམྱལ་བ་པ་རེ་རེའི་མདུན་ན་ཡང་སངས་རྒྱས་ཀྱི་སྤྲུལ་པའི་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་སྐུ་བརྒྱན་ཅིང་དཔེ་བྱད་བཟང་པོ་བརྒྱད་ཅུས་གཟུགས་ལེགས་པར་སྤྲས་པ་བཞུགས་སོ། །དེ་ནས་སེམས་ཅན་དམྱལ་བ་པ་བདེ་བ་དང་ལྡན་
པ་དེ་དག་འདི་སྙམ་དུ་སེམས་ཏེ། རྐྱེན་གང་གིས་བདག་ཅག་གི་སྡུག་བསྔལ་རབ་ཏུ་ཞི་ཞིང་བདེ་བ་སྐྱེས་པར་གྱུར་སྙམ་པ་དང་། དེ་དག་གིས་བཅོམ་ལྡན་འདས་ཀྱི་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་ཅིང་དཔེ་བྱད་བཟང་པོ་བརྒྱད་ཅུས་རྣམ་པར་
เล่ม ๕๐ · หน้า 166b
མཛེས་པ་དེ་མཐོང་ངོ་། །དེ་དག་གིས་དེ་མཐོང་ནས་འདི་སྐད་དུ་སྙིང་རྗེ་ཆེན་པོ་དང་ལྡན་པའི་བདག་ཉིད་ཆེན་པོ་འདིའི་མཐུས་བདག་ཅག་འདི་ལྟར་བདེ་བར་གྱུར་ཏོ་ཞེས་ཟེར་ཞིང་དེ་དག་དགའ་བ་དང་། བདེ་བ་སྐྱེས་ནས་རབ་ཏུ་དང་བའི་ཡིད་ཀྱིས་བཅོམ་ལྡན་འདས་ལ་བལྟ་བ་དང་། བཅོམ་ལྡན་
འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་སེམས་ཅན་དག་ཁྱེད་ཅག་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་ལེགས་པར་ཚིག་ཏུ་བརྗོད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་ཅིག་དང་། ཁྱེད་ཅག་ཕྱིས་སྡུག་བསྔལ་གྱི་ཚོར་བ་མྱོང་བར་མི་འགྱུར་ཞིང་རྟག་ཏུ་བདེ་བའི་ཚོར་བ་འདི་ལྟ་བུ་
དག་འཐོབ་པར་འགྱུར་རོ་ཞེས་བཀའ་སྩལ་པ་དང་། དེ་དག་གིས་ཀྱང་འདི་སྐད་ཅེས་བདག་ཅག་སངས་རྒྱས་ལ་ཕྱག་འཚལ་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཀྱིས་དགེ་བའི་རྩ་བ་དེས་བདག་ཅག་གི་ལས་ཀྱི་སྒྲིབ་པ་ཟད་པར་གྱུར་ཅིག་ཅེས་སྨྲས་སོ། །དེ་
ནས་ཁ་ཅིག་ཤི་འཕོས་ནས་ཀྱང་མི་རྣམས་དང་སྐལ་བ་མཉམ་པར་སྐྱེས་སོ། །སེམས་ཅན་དམྱལ་བ་པའི་སེམས་ཅན་གང་དག་མེས་སྲེག་པ་དེ་དག་ལ་ཡང་འོད་ཟེར་དེ་དག་གིས་རླུང་བསིལ་བ་དག་རབ་ཏུ་བཏང་སྟེ། དེ་དག་གིས་དེ་དག་ལ་རེག་པ་དང་བཀྲེས་པ་དང་། སྐོམ་པ་རབ་ཏུ་ཞི་
ཞིང་སྡུག་བསྔལ་མེད་པར་གྱུར་ནས། ཁ་ཅིག་དེ་ནས་ཤི་འཕོས་ནས་མི་རྣམས་དང་། སྐལ་བ་མཉམ་པར་སྐྱེས་པའི་བར་དུ་གྱུར་ཏོ། །དེ་བཞིན་དུ་དུད་འགྲོའི་སྐྱེ་གནས་རྣམས་ལ་ཡང་བརྗོད་པར་བྱའོ། །དེ་བཞིན་དུ་མི་རྣམས་ཀྱི་བར་ལ་ཡང་བརྗོད་པར་བྱའོ། །འོད་དེ་
ཡང་ཕྱིར་ལོག་སྟེ་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་པ་ལྷ་དང་། མི་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཀླུ་དང་། ལྷ་མ་ཡིན་བགྲང་བ་ལས་ཡང་དག་པར་འདས་པ་དག་གིས་མཐོང་ནས་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ལ་གནས་པར་གྱུར་ཏོ། །སེམས་ཅན་བགྲང་བ་ལས་ཡང་དག་པར་འདས་པ་དག་གིས་ཀྱང་ཏིང་ངེ་འཛིན་དང་། བཟོད་པ་དང་། གཟུངས་ཐོབ་པར་གྱུར་ཏོ། །འཛམ་བུའི་གླིང་གི་མི་རྣམས་ཀྱིས་བཅོམ་ལྡན་འདས་དང་། དགེ་སློང་གི་
เล่ม ๕๐ · หน้า 167a
དགེ་འདུན་གྱི་ཆེད་ཀྱི་ཕྱིར་ལྷ་རྣམས་ཀྱིས་རྒྱལ་པོའི་ཕོ་བྲང་གྲོང་ཁྱེར་ཡིད་འོང་འཛིན་གྱི་འཛམ་བུའི་ཚལ་གྱི་སྐྱེད་མོས་ཚལ་ལྷའི་རྒྱན་དང་། ལྷབ་ལྷུབ་དག་གིས་བརྒྱན་ཏོ་ཞེས་ཐོས་ནས་བདག་ཅག་དོང་སྟེ་བལྟ་ཞིང་དེར་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོ་
དང་། དགེ་སློང་གི་དགེ་འདུན་ཡང་བལྟའོ། །དེར་སོང་ནས་བཅོམ་ལྡན་འདས་ལས་ཆོས་ཀྱང་མཉན་པར་བྱའོ་ཞེས་སྨྲས་ནས། དེའི་ཚེ་ན་མི་རྣམས་ལས་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་བཅོམ་ལྡན་འདས་དང་། དགེ་སློང་གི་
དགེ་འདུན་ལ་བལྟ་བ་དང་། ཕྱག་བྱ་བ་དང་། ཕྲད་པར་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། སྐྱེད་མོས་ཚལ་དེ་ཡང་མཐོང་བར་འདོད་པའི་ཕྱིར་ཉིན་གཅིག་བཞིན་དུ་གྲོང་ཁྱེར་ཡིད་འོང་འཛིན་དུ་འོང་ངོ་། །སྐྱེད་མོས་ཚལ་དེ་ལ་ཡང་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་སྒོ་ཉི་ཁྲི་ཡོད་དེ།
སྐྱེད་མོས་ཚལ་གྱི་སྒོ་རེ་རེ་ཞིང་རིན་པོ་ཆེའི་ཁྲིའུ་ལྔ་བརྒྱ་ལྔ་བརྒྱ་བཤམས་ནས་དེ་དག་ལ་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ལྔ་བརྒྱ་འཁོད་ནས་སེམས་ཅན་གང་དག་འོངས་ཤིང་སྐྱེད་མོས་ཚལ་དེར་འཇུག་པ་དེ་དག་བྲམ་ཟེའི་ཁྱེའུ་དེ་དག་གིས་སངས་རྒྱས་ལ་སྐྱབས་སུ་གཏོང་། ཆོས་དང་དགེ་འདུན་
ལ་སྐྱབས་སུ་གཏོང་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་སྟེ། འཛུད་ཅིང་སེམས་ཀྱང་སྐྱེད་དུ་འཇུག་གོ། །གང་དག་ཉེ་བ་ན་གནས་པ་རྣམས་དང་། གང་དག་རིང་བ་ན་གནས་པ་རྣམས་ཀྱང་བཅོམ་ལྡན་འདས་ལ་བལྟ་བ་དང་།
ཕྱག་བྱ་བ་དང་། དགེ་སློང་གི་དགེ་འདུན་ལ་ཡང་བལྟ་བའི་ཕྱིར། ཕྱིས་སྐྱེད་མོས་ཚལ་དེར་འཇུག་གོ། །དེ་ལྟར་མདུན་ན་འདོན་གྱི་གཙོ་བོ་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་ལོ་བདུན་པོ་དེ་དག་ལས་ལྷ་བགྲང་བ་ལས་འདས་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
ཡང་དག་པར་འཛིན་དུ་བཅུག་སྟེ་བཏུལ་ཅིང་བཙུད་དེ་རབ་ཏུ་བཀོད་དོ། །ཀླུ་དང་། ལྷ་མ་ཡིན་དང་། གནོད་སྦྱིན་དང་། སྲིན་པོ་དང་། གྲུལ་བུམ་དང་། དྲི་ཟ་དང་། ཡི་དགས་དང་། ཤ་ཟ་དང་། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་སུ་སྐྱེས་བ་བགྲང་བ་
เล่ม ๕๐ · หน้า 167b
ལས་འདས་པའི་བར་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་སྟེ་བཏུལ་ཅིང་བཙུད་དེ་རབ་ཏུ་བཀོད་དོ། །བྲམ་ཟེ་རྒྱ་མཚོའི་རྡུལ་དེ་ལོ་བདུན་པོ་དེ་དག་འདས་ནས་ཀྱང་ལྷའི་འཁོར་ལོ་རིན་པོ་ཆེ་མ་གཏོགས་པར་འཁོར་ལོ་བརྒྱད་ཁྲི་བཞི་སྟོང་དང་།
གླང་པོ་རིན་པོ་ཆེ་མ་གཏོགས་པ་རིན་པོ་ཆེ་སྣ་བདུན་གྱི་རྒྱན་གྱིས་བརྒྱན་པའི་གླང་པོ་ཆེ་བརྒྱད་ཁྲི་བཞི་སྟོང་དང་། ཤིང་རྟ་བརྒྱད་ཁྲི་བཞི་སྟོང་གི་བར་དག་ཀྱང་འབུལ་བར་འདོད་དོ། །རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱང་ལོ་བདུན་པོ་དེ་དག་འདས་འདས་སུ་འདོད་ཆགས་ལ་འདུན་པ་མ་སྐྱེས་
སོ། །ཞེ་སྡང་ལ་འདུན་པ་མེད། གཏི་མུག་ལ་འདུན་པ་མེད། རྒྱལ་སྲིད་ལ་འདུན་པ་མེད། ནོར་ལ་འདུན་པ་མེད། བུ་ལ་འདུན་པ་མེད། བུ་མོ་ལ་འདུན་པ་མེད། ཟས་ལ་འདུན་པ་མེད། སྐོམ་ལ་འདུན་པ་མེད། གོས་ལ་འདུན་པ་མེད། སྤོས་ལ་འདུན་པ་མེད།
བཞོན་པ་ལ་འདུན་པ་མེད། གཉིད་ལ་འདུན་པ་མེད། བདག་ཏུ་འདུན་པ་མེད། གཞན་དུ་འདུན་པ་མེད་པར་གྱུར་ཏོ། །ལོ་བདུན་དུ་གློས་ཕབ་སྟེ་ཉལ་བར་མ་གྱུར་ཀྱང་། དེ་ལ་མཚན་མོའི་འདུ་ཤེས་མ་སྐྱེས། ཉིན་མོའི་འདུ་ཤེས་མ་སྐྱེས་སོ། །གཟུགས་ཀྱི་འདུ་ཤེས་མ་ཡིན། སྒྲའི་
འདུ་ཤེས་མ་ཡིན། དྲིའི་འདུ་ཤེས་མ་ཡིན། རོའི་འདུ་ཤེས་མ་ཡིན་ཏེ། རེག་བྱའི་འདུ་ཤེས་ཀྱང་མ་སྐྱེས་སོ། །ལོ་བདུན་དུ་དེ་དག་གིས་ལུས་ལ་ངལ་བ་མ་སྐྱེས་ཏེ། རྟག་པར་རྒྱུན་དུ་ཕྱོགས་བཅུའི་ཕྱོགས་རེ་རེར་ཡང་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་སྟོང་གི་རྡུལ་ཕྲ་རབ་ཀྱི་རྡུལ་
སྙེད་དག་གི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དག་མཐོང་ཡང་དེའི་མིག་ལམ་དུ་རི་རབ་སྣང་བར་མ་གྱུར། རི་གཞན་དག་ཀྱང་མ་ཡིན། ཁོར་ཡུག་ཀྱང་མ་ཡིན། ཁོར་ཡུག་ཆེན་པོ་དག་ཀྱང་མ་ཡིན། འཇིག་རྟེན་གྱི་བར་དག་ཀྱང་མ་ཡིན། ཉི་མ་དང་ཟླ་བ་དག་ཀྱང་མ་ཡིན་ཏེ།
ལྷའི་གཞལ་མེད་ཁང་དག་ཀྱང་མིག་ལམ་དུ་སྣང་བར་མ་གྱུར་ཅིང་ཇི་ལྟར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དེ་དག་མཐོང་བ་དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་ཡོན་ཏན་བཀོད་པ་དག་ལ་ལྟ་ཞིང་སྨོན་ལམ་སེམས་པར་བྱེད་དོ། །ཇི་ལྟར་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་དེ་ལྟ་བུའི་
เล่ม ๕๐ · หน้า 168a
བདེ་བའི་ཡོན་ཏན་གྱི་གནས་པས་ལོ་བདུན་དུ་གནས་པ་དང་། དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དག་མཐོང་ཞིང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་ཡོན་ཏན་བཀོད་པའི་སྨོན་ལམ་སེམས་ཤིང་འདུག་པ་དེ་བཞིན་དུ་རྒྱལ་བུ་ཐུ་བོ་མིག་མི་འཛུམས་དང་།
མུ་ཁྱུད་དང་། དབང་པོའི་ཚོགས་དང་། དེ་བཞིན་དུ་རྒྱལ་བུ་སྟོང་པོ་དེ་དག་ཐམས་ཅད་དང་། ཁམས་ཀྱི་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་དང་། གཞན་ཡང་སྲོག་ཆགས་དུང་ཕྱུར་ཕྲག་དགུ་དང་། བྱེ་བ་ཕྲག་གཉིས་པོ་ཐམས་ཅད་ཀྱང་དེ་ལྟར་ལོ་བདུན་དུ་གཅིག་པུ་དབེན་པར་སོང་སྟེ་ནང་དུ་
ཡང་དག་འཇོག་ལ་ཞུགས་ནས། ཕྱོགས་བཅུའི་ཕྱོགས་རེ་རེར་ཡང་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་སྟོང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་ཀྱང་མཐོང་ལ། ལོ་བདུན་གྱི་བར་དུ་དེ་དག་འདོད་ཆགས་ལ་འདུན་པ་མ་སྐྱེས་ཤིང་། ཞེ་སྡང་ལ་འདུན་པ་མེད། གཏི་མུག་ལ་འདུན་
པ་མེད། དེ་དག་ལ་ངལ་བའི་གནས་སྐྱེས་པར་མ་གྱུར་པའི་བར་དུ་སྟེ། རྟག་པར་རྒྱུན་དུ་ཕྱོགས་བཅུའི་ཕྱོགས་རེ་རེར་ཡང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་སངས་རྒྱས་ཀྱི་ཞིང་སྟོང་གི་རྡུལ་ཕྲ་རབ་སྙེད་དག་མཐོང་ཡང་དེ་དག་གི་མིག་ལམ་དུ་རི་རབ་ཀྱང་སྣང་བར་མ་གྱུར། རི་གཞན་
དག་ཀྱང་མ་ཡིན། ལྷའི་གཞལ་མེད་ཁང་གི་བར་དག་ཀྱང་མིག་ལམ་དུ་སྣང་བར་མ་གྱུར་ཏེ། དེ་དག་གིས་ཇི་ལྟར་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དག་མཐོང་བ་དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་ཡོན་ཏན་བཀོད་པའི་སྨོན་ལམ་སེམས་ཤིང་ཐམས་ཅད་ཀྱང་ཡོན་ཏན་གྱི་
གནས་པ་དེ་ལྟ་བུས་ལོ་བདུན་དུ་གནས་ཏེ། ཁ་ཅིག་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་ཡོན་ཏན་བཀོད་པ་དག་སེམས་སོ། །ཁ་ཅིག་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་དག་པའི་ཡོན་ཏན་བཀོད་པ་དག་སེམས་སོ། །དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་ལོ་བདུན་པོ་དེ་དག་ཐལ་ཞིང་རྫོགས་
པར་རིག་ནས་རིན་པོ་ཆེ་སྣ་བདུན་འབུལ་བར་འདོད་པའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་སྙིང་པོ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་
เล่ม ๕๐ · หน้า 168b
གིས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་སྩལ་ནས། དེ་རང་གི་ཁྱིམ་དུ་མཆིས་ཏེ། གཅིག་པུ་དབེན་པར་མཆིས་ནས་ནང་དུ་ཡང་དག་འཇོག་ལ་གནས་ཤིང་དེར་མི་སུ་ཡང་མཆིར་མི་སྟེར་ལགས་སོ། །དེ་བཞིན་དུ་བདག་གིས་
རྒྱལ་བུ་སྟོང་པོ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་སྩལ་ཅིང་གཟེངས་བསྟོད་ནས་དེ་བཞིན་དུ་སོ་སོ་རང་རང་གི་ཁྱིམ་དག་ཏུ་མཆིས་ཏེ། གཅིག་པུ་ནང་དུ་ཡང་དག་འཇོག་ལ་གནས་ཤིང་། དེར་ཡང་སུ་ཡང་མཆིར་མི་སྟེར་ལགས་སོ། །དེ་བཞིན་
དུ་ཁམས་ཀྱི་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་དང་། དེ་བཞིན་དུ་གཞན་ཡང་སྲོག་ཆགས་དུང་ཕྱུར་ཕྲག་དགུ་དང་། བྱེ་བ་ཕྲག་གཉིས་ཀྱི་བར་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་སྩལ་ཅིང་བཙུད་དེ་རབ་ཏུ་བཀོད་ནས་ཐམས་ཅད་ཀྱང་རང་རང་གི་ཁྱིམ་
དག་ཏུ་མཆིས་ཏེ། གཅིག་པུ་དབེན་པར་མཆིས་ནས་ནང་དུ་ཡང་དག་འཇོག་ལ་གནས་ཤིང་དེར་ཡང་སུ་ཡང་མཆིར་མི་སྟེར་ལགས་ན། བཅོམ་ལྡན་འདས་ཀྱིས་ཅི་ནས་ཀྱང་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ནང་དུ་ཡང་དག་འཇོག་དེ་ལས་ལངས་ཏེ་འདིར་མཆི་བར་འགྱུར་བ་དང་། གང་དག་བདག་
གིས་བྱང་ཆུབ་ཡང་དག་པར་འཛིན་དུ་སྩལ་བ་དེ་དག་ཐམས་ཅད་ཀྱང་འདིར་མཆི་བར་འགྱུར་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བློས་མི་གཡོ་བ་འཛིན་པར་འགྱུར་བ་དང་། བཅོམ་ལྡན་འདས་ལས་ལུང་བསྟན་པ་འཐོབ་པར་འགྱུར་བ་དང་། མིང་དང་། རུས་དང་།
སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་འཛིན་པར་འགྱུར་བ་དེ་དག་ལ་དགོངས་སུ་གསོལ། རིགས་ཀྱི་བུ་དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་སྙིང་པོ་ཏིང་ངེ་འཛིན་བློ་གྲོས་སྒྲུབ་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་སོ། །དེ་ལྟར་
ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་ཞལ་ནས་འོད་ཟེར་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། བཙོད་ཁ་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་ངོ་། །དེ་དག་བྱུང་ནས་ཀྱང་ནང་དུ་ཡང་དག་འཇོག་ལ་གནས་པ་དེ་དག་གི་མདུན་དུ་
เล่ม ๕๐ · หน้า 169a
ཚངས་པར་སྤྲུལ་ཏེ་འདུག་ནས་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་དག་ལོངས་ཤིག །བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་ལོ་བདུན་དུ་མཆོད་སྦྱིན་བྱ་བ་ནི་ཟིན་ཏེ། བཅོམ་ལྡན་འདས་ཀྱང་གཞན་དུ་རྒྱུ་ཞིང་གཤེགས་པར་འགྱུར་གྱིས། གྲོགས་པོ་དག་
བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་དེང་ཤིག །དེ་ནས་དེ་དག་ཐམས་ཅད་ལ་འོད་ཟེར་དེ་དག་གིས་བསྐུལ་བ་དང་། ལངས་ནས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ལ་སྐུལ་བར་བྱེད་དོ། །དེ་ཡང་དེ་དག་གིས་བསྐུལ་
བ་དང་། ལངས་ཏེ་ཆས་སོ། །རྒྱལ་པོ་དེ་ཆས་པ་དང་ལྷ་རྣམས་ཀྱིས་ནམ་མཁའི་དཀྱིལ་ནས་རྔ་བོ་ཆེ་དང་། རྫ་རྔ་དང་། རྔ་པ་ཊ་ཧ་ལ་སོགས་པ་རོལ་མོའི་སྒྲ་དག་ཀྱང་རབ་ཏུ་བསྒྲགས་སོ། །དེ་ནས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་བཅོམ་ལྡན་འདས་ལ་བལྟ་བ་དང་། བཅོམ་ལྡན་འདས་ལ་
བསྙེན་བཀུར་བྱ་བའི་བར་གྱི་ཕྱིར་ཤིང་རྟ་ལ་ཞོན་ནས་བུ་སྟོང་པོ་དེ་དག་དང་། ཁམས་ཀྱི་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་དང་། སྲོག་ཆགས་དུང་ཕྱུར་ཕྲག་དགུ་དང་། བྱེ་བ་ཕྲག་གཉིས་པོ་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས་གྲོང་ཁྱེར་ནས་བྱུང་སྟེ་བཅོམ་ལྡན་འདས་
ཀྱི་དྲུང་དུ་སོང་ངོ་། །དེ་བཞོན་པས་བགྲོད་པའི་ས་ཇི་སྲིད་པ་དེ་སྲིད་དུ་བཞོན་པས་སོང་ནས་བཞོན་པ་ལས་བབས་སོ། །བཞོན་པ་ལས་བབས་ནས་རྐང་པས་འཛམ་བུའི་ཚལ་དུ་ཞུགས་སོ། །ཞུགས་ནས་ཀྱང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་
དང་དགེ་སློང་གི་དགེ་འདུན་གྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། སྲོག་ཆགས་བྱེ་བ་ཕྲག་དུ་མ་དག་དང་བཅས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་གང་ཁྱོད་ཀྱིས་བཅོམ་
ལྡན་འདས་དང་། དགེ་སློང་གི་དགེ་འདུན་དཔག་ཏུ་མེད་པ་དག་ལ་ཟླ་བ་གསུམ་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ཤིང་། རིན་པོ་ཆེ་རྣམ་པ་སྣ་ཚོགས་པ་དག་དང་། གྲོང་ཁྱེར་བརྒྱད་ཁྲི་བཞི་སྟོང་དག་ཀྱང་ཕུལ་བ་དེ་ལ་རྗེས་སུ་ཡི་རང་བར་གྱིས་ལ། རྗེས་སུ་ཡི་རང་
เล่ม ๕๐ · หน้า 169b
བ་དང་ལྡན་པའི་བསོད་ནམས་ཀྱི་ཕུང་པོ་དེ་དང་ཡོངས་སུ་གཏོང་བ་དང་ལྡན་པའི་བསོད་ནམས་ཀྱི་ཕུང་པོ་གང་ཡིན་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ཤིག །དེ་བཞིན་དུ་རྒྱལ་བུ་སྟོང་པོ་དེ་དག་དང་། དེ་བཞིན་དུ་ཁམས་ཀྱི་
རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་དང་། གཞན་ཡང་སྲོག་ཆགས་དུང་ཕྱུར་ཕྲག་དགུ་དང་། བྱེ་བ་ཕྲག་གཉིས་པོ་རྣམས་ཀྱང་ཡང་དག་པར་འཛིན་དུ་བཅུག་ནས་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་ཀྱི་ཕུང་པོ་དེས་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་
དུ་བཅུག་ཅིང་བཙུད་དེ་རབ་ཏུ་བཀོད་ནས་འདི་སྐད་ཅེས་ཀྱང་སྨྲས་སོ། །ཁྱེད་ཀྱིས་ཡོན་ཏན་འདི་ལ་རྗེས་སུ་ཡི་རང་བར་བྱས་ཏེ་ཕུལ་ལ་འདི་སྐད་ཅེས་ཀྱང་སྨྲོས་ཤིག །སྦྱིན་པ་འདིས་བདག་དབང་པོའི་གནས་མིན་ཚངས་པའི་འཇིག་རྟེན་འབྲས་བུ་མི་འདོད་ན། །རླུང་གི་ཤུགས་ལྟར་
མགྱོགས་ཤིང་གཡོ་བ་རྒྱལ་པོའི་སྲིད་ཀྱི་དཔལ་ལྟ་སྨོས་ཅི་དགོས། །བདག་གི་གུས་པ་ཆེན་པོའི་སྦྱིན་པ་འདི་ཡི་འབྲས་བུ་གང་ཡིན་དེ་ཡིས་ནི། །སེམས་ལ་དབང་བྱེད་མཚུངས་མེད་བྱང་ཆུབ་འཐོབ་ཅིང་སེམས་ཅན་རྣམས་ཀྱང་སྒྲོལ་གྱུར་ཅིག །སྙིང་རྗེ་པད་མ་དཀར་པོ་ལས་སྦྱིན་པ་གཏོང་
བའི་ལེའུ་ཞེས་བྱ་བ་སྟེ་གསུམ་པའོ།། །།རིགས་ཀྱི་བུ་དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་སྙིང་པོ་འདི་སྙམ་དུ་དགོངས་ཏེ། བྲམ་ཟེ་རྒྱ་མཚོའི་རྡུལ་འདིས་སྲོག་ཆགས་བྱེ་བ་ཕྲག་མང་པོ་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་རབ་ཏུ་བཀོད་ནས་ཕྱིར་མི་ལྡོག་པའི་ས་ལ་བཀོད་པ་དེ་དག་ངས་ལུང་བསྟན་པར་བྱ་ཞིང་སངས་རྒྱས་ཀྱི་ཞིང་དེ་དག་ཀྱང་བསྟན་པར་བྱའོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ཞེས་བྱ་བ་
ལ་སྙོམས་པར་ཞུགས་ནས་འཛུམ་པ་མཛད་དོ། །འཛུམ་པ་མཛད་པ་དེས་སངས་རྒྱས་ཀྱི་ཞིང་མཐའ་ཡས་མུ་མེད་པ་དག་སྣང་བ་རྒྱ་ཆེན་པོས་སྣང་བར་མཛད་ནས། རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་དང་གཞན་ཡང་སྲོག་ཆགས་བྱེ་བ་ཕྲག་མང་པོ་དག་ལ་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་
เล่ม ๕๐ · หน้า 170a
རྣམས་ཀྱང་བསྟན་ཏོ། །དེའི་ཚེ་ན་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་བགྲང་བ་ལས་ཡང་དག་པར་འདས་པ་དག་གི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སྣང་བ་དེ་མཐོང་ནས་སངས་རྒྱས་ཀྱི་མཐུས་བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་ལ་བལྟ་
བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་འཇིག་རྟེན་གྱི་ཁམས་འདིར་ལྷགས་ནས། དེ་དག་གིས་ཀྱང་བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་རྣམ་པ་སྣ་ཚོགས་དག་གིས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཅིང་
བསྙེན་བཀུར་བྱས་ནས་བྱང་ཆུབ་སེམས་དཔའི་སྨོན་ལམ་ལུང་བསྟན་པ་ཐོས་པར་འདོད་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ། །རིགས་ཀྱི་བུ་དེ་ནས་མདུན་ན་འདོན་གྱི་གཙོ་བོ་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཇེ་
དང་པོར་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཟུང་ཤིག །དེ་ནས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱིས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་བྱང་ཆུབ་དོན་དུ་གཉེར་བ་ལགས་ཏེ། འདི་
ལྟར་བདག་གིས་བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་དཔག་ཏུ་མ་མཆིས་པ་དག་ལ་དགུང་ཟླ་གསུམ་དུ་ཡོ་བྱད་རྣམ་པ་སྣ་ཚོགས་དག་གིས་བསྙེན་བཀུར་བགྱིས་ནས། དགེ་བའི་རྩ་བ་དེ་ཡང་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་
ཤིང་། བཅོམ་ལྡན་འདས་བདག་གིས་དགུང་ལོ་བདུན་པོ་འདི་དག་ལ་ཡང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དག་བསམས་ལགས་ན། བཅོམ་ལྡན་འདས་བདག་སངས་རྒྱས་ཀྱི་ཞིང་གང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་
འགྱུར་བ་དེར་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་འབྱུང་བར་མ་གྱུར་ཅིག །སེམས་ཅན་གང་དག་དེ་ནས་འཆི་འཕོ་བར་འགྱུར་བ་དེ་དག་ངན་འགྲོ་རྣམས་སུ་སྐྱེ་བར་མ་གྱུར་ཅིག །དེ་ན་སེམས་ཅན་ཐམས་ཅད་གསེར་གྱི་མདོག་ལྟ་
เล่ม ๕๐ · หน้า 170b
བུར་གྱུར་ཅིག །དེ་ན་ལྷ་དང་མི་ཐམས་ཅད་ཀྱང་ཁྱད་པར་མ་མཆིས་པར་གྱུར་ཅིག །དེ་ན་སེམས་ཅན་ཐམས་ཅད་ཚེ་རབས་དྲན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་གྱི་ཁམས་གཞན་དག་ན་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་དག་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་
ཀྱང་སྟོན་པ་རྣམས་མཐོང་བར་འགྱུར་བ་དེ་ལྟ་བུའི་ལྷའི་མིག་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་དག་གིས་ཆོས་སྟོན་པ་ཐོས་པར་འགྱུར་བ་དེ་ལྟ་བུའི་ལྷའི་རྣ་བ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་
ཁྲིག་འབུམ་ཕྲག་མང་པོ་དག་ན་གནས་པའི་སེམས་ཅན་དེ་དག་གི་སེམས་ཀྱི་སྤྱོད་པ་ཀུན་ཤེས་པར་འགྱུར་བ་དེ་ལྟ་བུའི་ཕ་རོལ་གྱི་སེམས་ཤེས་པ་ལ་མཁས་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སེམས་བསྐྱེད་པ་གཅིག་གིས་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་དག་ཏུ་མཆི་བར་འགྱུར་
བ་དེ་ལྟ་བུའི་རྫུ་འཕྲུལ་བྱ་བ་ལ་མཁས་པ་དང་ལྡན་པར་གྱུར་ཅིག །དེ་ན་སེམས་ཅན་རྣམས་ཡོངས་སུ་འཛིན་པ་དང་ལྡན་པ་མ་མཆིས་ཤིང་ཐ་ན་རང་གི་ལུས་ལ་ཡིད་ཀྱི་འཛིན་པ་ཡང་མ་མཆིས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་སླར་མི་
ལྡོག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་རྫུས་ཏེ་སྐྱེ་བར་གྱུར་ཅིག །དེ་ན་བུད་མེད་དུ་གདགས་པ་ཡང་མ་མཆིས་པར་གྱུར་ཅིག །དེ་ན་སེམས་ཅན་རྣམས་སྨོན་ལམ་གྱི་དབང་མ་གཏོགས་པར་ཚེའི་ཚད་ཀྱི་མཐའ་མ་མཆིས་པར་གྱུར་ཅིག །དེ་ན་སེམས་ཅན་རྣམས་ལ་མི་དགེ་བའི་
མིང་ཡང་འབྱུང་བར་མ་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེར་དྲི་ང་བ་འབྱུང་བར་མ་གྱུར་ཅིག །བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་དེ་ལྷའི་ལས་ཤིན་ཏུ་འདས་པའི་སྤོས་ཀྱིས་ཁྱབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་
པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྨོན་ལམ་མ་གཏོགས་པར་སྐྱེ་བ་གཅིག་གིས་ཐོགས་པར་གྱུར་ཅིག །དེ་ན་སངས་རྒྱས་ཀྱི་མཐུས་སེམས་ཅན་ཐམས་ཅད་སྔ་དྲོ་གཅིག་གིས་སངས་རྒྱས་བགྲང་བ་ལས་ཡང་དག་པར་འདས་པ་སྙེད་དག་ལ་བསྙེན་བཀུར་བགྱིད་པར་འགྱུར་ཞིང་། བྱང་ཆུབ་
เล่ม ๕๐ · หน้า 171a
སེམས་དཔའི་རྣམ་པར་འཕྲུལ་པ་སྣ་ཚོགས་ཀྱི་བར་དག་གིས་སངས་རྒྱས་རྣམས་ལ་མཆོད་པ་བགྱིད་པར་འཚལ་ན་ཡང་དེ་དག་ལ་དེ་བཞིན་དུ་འགྲུབ་པར་འགྱུར་ལ་དེ་ཉིད་ཀྱི་སྔ་དྲོས་སླར་ལྡོག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྡེ་སྣོད་སྨྲ་བར་གྱུར་
ཅིག། །།བམ་པོ་ལྔ་པ། སེམས་ཅན་ཐམས་ཅད་སྲེད་མེད་ཀྱི་བུའི་སྟོབས་དང་ལྡན་པར་གྱུར་ཅིག །སེམས་ཅན་གང་གིས་ཀྱང་ཆེར་ན་ལྷའི་མིག་གིས་ཀྱང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་རྒྱན་གྱིས་བསྔགས་པའི་མཐའ་ཚད་འཛིན་པའི་རྔོ་མི་ཐོགས་པར་གྱུར་ཅིག །དེ་ན་སེམས་
ཅན་ཐམས་ཅད་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་གྲངས་མ་མཆིས་པ་དག་ཐོབ་པར་གྱུར་ཅིག །བྱང་ཆུབ་སེམས་དཔའ་རེ་རེའི་ལུས་ཀྱང་དཔག་ཚད་སྟོང་གི་ཚད་ཙམ་དུ་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེའི་འོད་གསལ་བར་གྱུར་ཅིག །དེའི་ཁོར་ཡུག་ན་སངས་རྒྱས་ཀྱི་ཞིང་གི་
ཡོན་ཏན་བཀོད་པ་བགྲང་བ་ལས་འདས་པ་དག་གདའ་བར་གྱུར་ཅིག །སེམས་ཅན་གང་དག་དེར་སྐྱེ་བར་འགྱུར་བ་རྣམས་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཚངས་པར་སྤྱོད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཕྱག་
བགྱི་བའི་འོས་སུ་གྱུར་ཅིག །དབང་པོ་མ་ཚང་བར་མ་གྱུར་ཅིག །དེར་སེམས་ཅན་རྣམས་སྐྱེས་མ་ཐག་ཏུ་ལྷའི་ལས་ཤིན་ཏུ་འདས་པ་འཕགས་པའི་དགའ་བ་དང་བདེ་བ་ཐོབ་པར་གྱུར་ཅིག །དེ་ན་སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་དང་འགྲོགས་པར་གྱུར་ཅིག །དེ་ན་སེམས་ཅན་ཐམས་
ཅད་གོས་ངུར་སྨྲིག་སར་པ་གྱོན་པར་གྱུར་ཅིག །དེ་ན་སེམས་ཅན་རྣམས་སྐྱེས་མ་ཐག་ཏུ་ཤིན་ཏུ་རྣམ་པར་འབྱེད་པ་དང་ལྡན་པའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཅིག །ཏིང་ངེ་འཛིན་དེ་ཐོབ་པས་སངས་རྒྱས་ཀྱི་ཞིང་བགྲང་བ་ལས་འདས་པ་དག་ཏུ་མཆིས་ནས་སངས་རྒྱས་རྣམས་ལ་བསྙེན་བཀུར་
བགྱིད་པར་འགྱུར་ཞིང་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཐམས་ཅད་མཐོང་བར་གྱུར་ཅིག །དེར་བྱང་ཆུབ་སེམས་དཔའ་གང་དག་སྐྱེས་པར་གྱུར་པ་དེ་དག་གིས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་རང་བཞིན་ཇི་ལྟ་བུ་དག་འཚལ་བ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་རང་
เล่ม ๕๐ · หน้า 171b
བཞིན་དག་རིན་པོ་ཆེའི་ཤིང་ལྗོན་པ་དེ་དག་ལས་མཐོང་བར་གྱུར་ཅིག །སེམས་ཅན་རྣམས་སྐྱེས་མ་ཐག་ཏུ་ཏིང་ངེ་འཛིན་ཐོབ་པར་འགྱུར་ཞིང་། ཏིང་ངེ་འཛིན་དེ་ཐོབ་པས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་བགྲང་བ་ལས་འདས་པ་གཞན་དག་ན་སངས་རྒྱས་བཅོམ་ལྡན་འདས་དག་བཞུགས་ཏེ།
འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་རྣམས་རྟག་ཏུ་མཐོང་བར་གྱུར་ཅིག །སེམས་ཅན་གང་དག་དེར་སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་གོས་དང་། གཞལ་མེད་ཁང་དང་། རྒྱན་དང་། སྤུད་པ་དང་། ཁ་དོག་དང་། གཟུགས་ཅི་འདྲ་བ་དེ་ལྟ་
བུར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེ་ན་རྡུལ་དང་། གོར་མ་དང་། རི་ནག་པོ་རྣམས་མ་མཆིས་པ་དང་། ཁོར་ཡུག་ཀྱང་མ་མཆིས། ཁོར་ཡུག་ཆེན་པོ་ཡང་མ་མཆིས། རི་རབ་ཀྱང་མ་མཆིས། རྒྱ་མཚོ་ཆེན་པོ་ཡང་མ་མཆིས་པར་གྱུར་ཅིག །དེ་ན་སྒྲིབ་པ་དང་། ཆོད་པ་
དང་། ཉོན་མོངས་པའི་སྒྲིབ་པ་དག་ཐམས་ཅད་ཀྱི་ཐམས་ཅད་དུ་མ་མཆིས་པ་དང་། དེ་ན་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྒྲ་དག་ཀྱང་ཐམས་ཅད་ཀྱི་ཐམས་ཅད་དུ་མ་མཆིས་པ་དང་། མི་ཁོམ་པའི་སྒྲ་དང་། སྡུག་བསྔལ་བའི་སྒྲ་
དང་། སྡུག་བསྔལ་ཡང་མ་ལགས་བདེ་བ་ཡང་མ་ལགས་པའི་སྒྲ་དག་ཀྱང་མ་མཆིས་པར་གྱུར་ཅིག །བཅོམ་ལྡན་འདས་བདག་ནི་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་དོན་དུ་གཉེར་བ་ལགས་ཏེ། བཙུན་པ་བཅོམ་ལྡན་འདས་བདག་ནི་ཇི་སྲིད་དུ་དེ་ལྟ་བུའི་ཡོན་ཏན་དག་གིས་སངས་རྒྱས་ཀྱི་ཞིང་
ཡོངས་སུ་དག་པར་མ་བགྱིས་པ་དེ་སྲིད་དུ་བྱང་ཆུབ་སེམས་དཔར་གྱུར་ཅིང་། དཀའ་བ་སྤྱོད་པར་བགྱིད་ལགས་སོ། །བཙུན་པ་བཅོམ་ལྡན་འདས་བདག་གིས་སྐྱེས་བུའི་རྩལ་དེ་ལྟ་བུ་བགྱིས་ནས། དེའི་འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་
རྒྱ་བར་བགྱི་སྟེ། བདག་གིས་བྱང་ཆུབ་ཀྱི་ཤིང་ནི་དཔག་ཚད་ཁྲི་མཆིས་པར་གྱུར་ལ། བདག་དེར་མཆིས་ནས་སེམས་བསྐྱེད་པའི་སྐད་ཅིག་གཅིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །བདག་གི་འོད་ནི་ཚད་མ་
เล่ม ๕๐ · หน้า 172a
མཆིས་ཤིང་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་དག་སྣང་བར་བགྱིད་པར་གྱུར་ཅིག །བདག་གི་ཚེའི་ཚད་ནི་དཔག་ཏུ་མ་མཆིས་ཏེ་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་ཚད་མ་མཆིས་པར་གྱུར་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་གཏོགས་པ་དེ་སུས་
ཀྱང་བགྲང་བར་རྔོ་མི་ཐོགས་པར་གྱུར་ཅིག །བདག་གི་བྱང་ཆུབ་སེམས་དཔའི་དགེ་འདུན་ནི་ཉན་ཐོས་དང་རང་སངས་རྒྱས་སྤངས་ཤིང་དཔག་ཏུ་མ་མཆིས་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་གཏོགས་པར་དེ་སུས་ཀྱང་བགྲང་བར་རྔོ་མི་ཐོགས་པར་གྱུར་ཅིག །བདག་གིས་
བྱང་ཆུབ་ཐོབ་པ་ན་སངས་རྒྱས་ཀྱི་ཞིང་ཚད་མ་མཆིས་གྲངས་མ་མཆིས་པ་གཞན་དག་གི་སངས་རྒྱས་བཅོམ་ལྡན་འདས་རྣམས་བདག་གི་བསྔགས་པ་གསུང་བར་འགྱུར་བ་དང་། དབྱངས་རྗེས་སུ་སྒྲོགས་པར་འགྱུར་བ་དང་། སྙན་པ་རྗོད་པར་གྱུར་ཅིག །བདག་གིས་བྱང་ཆུབ་ཐོབ་པ་ན་སངས་
རྒྱས་ཀྱི་ཞིང་ཚད་མ་མཆིས་གྲངས་མ་མཆིས་པ་གཞན་དག་ན་མཚམས་མ་མཆིས་པ་བགྱིད་པ་དང་། དམ་པའི་ཆོས་སྤོང་བ་རྣམས་མ་གཏོགས་པའི་སེམས་ཅན་གང་དག་གིས་བདག་གི་མིང་ཐོས་པར་གྱུར་པ་དེ་དག་ཐམས་ཅད་དགེ་བའི་རྩ་བ་སངས་རྒྱས་ཀྱི་ཞིང་དུ་ཡོངས་སུ་བསྔོ་བ་བགྱིས་ནས་བདག་
གི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་གྱུར་ཅིག །བདག་གིས་བྱང་ཆུབ་ཐོབ་པ་ན་འཇིག་རྟེན་གྱི་ཁམས་བགྲང་བ་ལས་འདས་པ་གཞན་དག་གི་བྱང་ཆུབ་སེམས་དཔའ་དག །བདག་གི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འཚལ་ཞིང་། བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་ལ་དགེ་བའི་རྩ་བ་ཡང་དེར་
ཡོངས་སུ་སྔོ་བར་གྱུར་ཅིག །དེ་དག་འགུམ་པའི་དུས་ཀྱི་ཚེ་ན་ཡང་བདག་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་མཆིས་ལ་དེ་དག་གིས་ཀྱང་བདག་མཐོང་ནས་བདག་ལ་དགའ་བ་དང་། དང་བ་སྐྱེ་བར་འགྱུར་ཞིང་དེ་དག་གི་ལས་ཀྱི་སྒྲིབ་པ་རྣམས་ཀྱང་ལྡོག་པར་གྱུར་
ཅིག །འགུམ་པའི་དུས་བགྱིས་ནས་ཀྱང་བདག་གི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་ཞིང་དེར་ཡང་བྱང་ཆུབ་སེམས་དཔའ་དེ་དག་སྔོན་མ་ཐོས་པའི་ཆོས་བསྟན་པ་དག་བདག་ལས་ཉན་འཚལ་བར་འགྱུར་བ་དང་། དེ་དག་ཇི་ལྟ་བུ་འཚལ་བར་འགྱུར་བ་དེ་ལྟ་བུ་ཐོས་པར་གྱུར་ཅིག །བདག་
เล่ม ๕๐ · หน้า 172b
གིས་བྱང་ཆུབ་འཐོབ་པ་ན་སངས་རྒྱས་ཀྱི་ཞིང་བགྲང་བ་ལས་འདས་པ་སྙེད་དག་གི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་གིས་བདག་གི་མིང་ཐོས་པར་གྱུར་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་བཟོད་པ་དང་པོ་དང་། དེ་བཞིན་དུ་གཉིས་
པ་ཡང་ཐོབ་པར་འགྱུར་ཞིང་ཏིང་ངེ་འཛིན་དང་། གཟུངས་ཇི་ལྟ་བུ་འཚལ་བ་དེ་ལྟ་བུའི་ཏིང་ངེ་འཛིན་དང་། གཟུངས་ཀྱང་ཐོབ་པར་གྱུར་ཅིག །བདག་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་བསྐལ་པ་བགྲང་བ་ལས་འདས་པ་སྙེད་དག་ན་སངས་རྒྱས་ཀྱི་ཞིང་བགྲང་བ་ལས་འདས་པ་སྙེད་དག་གི་
བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདག་གི་མིང་ཐོས་ནས་ཤིན་ཏུ་དགའ་བ་དང་། རབ་ཏུ་དགའ་བ་དང་། མཆོག་ཏུ་དགའ་བ་ཐོབ་པར་འགྱུར་བ་དང་། ངོ་མཚར་ཐོབ་པར་གྱུར་ནས་བདག་ཉིད་ལ་ཕྱག་འཚལ་ཞིང་སྙན་པ་དང་གྲགས་པ་རྗོད་པར་གྱུར་ཅིག །གང་གི་ཚེ་བདག་བྱང་ཆུབ་
སེམས་དཔར་གྱུར་པ་ན་ཡང་སངས་རྒྱས་ཀྱི་མཛད་པ་དག་མངོན་པར་བསྒྲུབས་ནས་དེའི་འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་བདག་ལ་མཆོག་ཏུ་དད་པ་ཐོབ་པའི་བྱང་ཆུབ་སེམས་
དཔའ་རྣམས་ཀྱིས་བཟོད་པ་དང་པོ་དང་། གཉིས་པ་དང་། གསུམ་པ་ཐོབ་པར་འགྱུར་ཞིང་ཏིང་ངེ་འཛིན་དང་། གཟུངས་དང་། བཟོད་པ་ཇི་ལྟ་བུ་འཚལ་བ་དེ་ལྟ་བུ་ཐོབ་པར་གྱུར་ནས། བྱང་ཆུབ་ཀྱི་མཐའི་བར་དུ་རྗེས་སུ་མཐོང་བར་གྱུར་ཅིག །བདག་བྱང་ཆུབ་ཐོབ་པ་ན་
སངས་རྒྱས་ཀྱི་ཞིང་བགྲང་བ་ལས་འདས་པ་དག་གི་བུད་མེད་གང་དག་གིས་བདག་གི་མིང་ཐོས་པར་གྱུར་པ་དེ་དག་ཤིན་ཏུ་དགའ་བ་དང་། མཆོག་ཏུ་དགའ་བ་དང་། དང་བ་ཐོབ་པར་འགྱུར་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ནས་སླན་ཆད་བྱང་ཆུབ་
ཀྱི་མཐར་ཐུག་གི་བར་དུ་བུད་མེད་ཉིད་མི་འཐོབ་པར་གྱུར་ཅིག །བདག་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་བསྐལ་པ་བགྲང་བ་ལས་འདས་པ་སྙེད་དག་གི་བུད་མེད་བགྲང་བ་ལས་འདས་པ་སྙེད་དག་གིས་བདག་གི་མིང་ཐོས་པར་གྱུར་པ་དེ་དག་ཤིན་ཏུ་དགའ་བ་དང་། མཆོག་ཏུ་
เล่ม ๕๐ · หน้า 173a
དགའ་བ་དང་། དང་བ་ཐོབ་པར་འགྱུར་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ནས་སླན་ཆད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བུད་མེད་ཉིད་མི་འཐོབ་པར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་བདག་ནི་དེ་འདྲ་བའི་སངས་
རྒྱས་ཀྱི་ཞིང་དང་། དེ་འདྲ་བའི་སེམས་ཅན་བསམ་པ་ཡོངས་སུ་དག་པ་དག་འཚལ་ཏེ། བཙུན་པ་བཅོམ་ལྡན་འདས་བདག་ནི་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱིའོ། །རིགས་ཀྱི་བུ་དེ་ནས་དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་སྙིང་པོས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རྒྱལ་པོ་ཆེན་པོ་ལེགས་སོ་ལེགས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཡོངས་སུ་བཟུང་བ་ནི་ཁྱོད་ཀྱི་
སྨོན་ལམ་ཟབ་བོ། །རྒྱལ་པོ་ཆེན་པོ་ལྟོས་ཤིག་དང་། ནུབ་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་འབུམ་འདས་པ་ན་འཇིག་རྟེན་གྱི་ཁམས་དབང་པོ་ལྟར་ཤིན་ཏུ་མཛེས་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་དབང་པོའི་དབྱངས་ཀྱི་དབང་ཕྱུག་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ། འཚོ་ཞིང་གཞེས་ལ་སེམས་ཅན་ཡོངས་སུ་དག་པ་རྣམས་ལ་ཆོས་ཀྱང་སྟོན་ཏོ། །སངས་རྒྱས་ཀྱི་ཞིང་དེ་ན་ཉན་ཐོས་དང་། རང་སངས་རྒྱས་རྣམས་འབྱུང་བ་གདགས་སུ་ཡང་མེད་ཅིང་དེ་ན་ཉན་ཐོས་
དང་རང་སངས་རྒྱས་ཀྱི་གཏམ་བརྗོད་པ་ཡང་མེད་དོ། །དེ་ན་ཐེག་པ་ཆེན་པོའི་གཏམ་འབའ་ཞིག་བརྗོད་དོ། །དེ་ན་སེམས་ཅན་རྣམས་ནི་ཐམས་ཅད་ཀྱང་རྫུས་ཏེ་སྐྱེས་པ་ཤ་སྟག་གོ། །དེ་ན་བུད་མེད་ཀྱི་མིང་ཡང་མི་གྲག་སྟེ། སངས་རྒྱས་ཀྱི་ཞིང་དེ་ན་ཇི་ལྟར་རྒྱལ་པོ་ཆེན་པོ་སངས་རྒྱས་
ཀྱི་ཞིང་གི་ཡོན་ཏན་བཀོད་པའི་སྨོན་ལམ་དཔག་ཏུ་མེད་པ་བཏབ་ཅིང་འདུལ་བའི་སེམས་ཅན་བསམ་པ་དཔག་ཏུ་མེད་པ་དག་ཡོངས་སུ་བཟུང་བ་དེ་ལྟ་བུའི་ཡོན་ཏན་ཐམས་ཅད་ཡོད་དོ། །རྒྱལ་པོ་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་
เล่ม ๕๐ · หน้า 173b
དབྱངས་ཀྱི་དབང་ཕྱུག་རྒྱལ་པོ་ཡོངས་སུ་མྱ་ངན་ལས་འདས་ཤིང་དེར་དམ་པའི་ཆོས་ནུབ་ནས་བར་གྱི་བསྐལ་པ་དྲུག་ཅུ་འདས་པ་ན་འཇིག་རྟེན་གྱི་ཁམས་དེ་ནི་ལྷུན་པོའི་འོད་ཅེས་བྱ་བར་འགྱུར་རོ། །དེར་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བློ་
གྲོས་བསམ་ཡས་ཡོན་ཏན་རྒྱལ་པོ་ཞེས་བྱ་བ་འབྱུང་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་དབྱངས་ཀྱི་དབང་ཕྱུག་རྒྱལ་པོའི་འཇིག་རྟེན་གྱི་ཁམས་དབང་པོ་ལྟར་ཤིན་ཏུ་མཛེས་པའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་
ཅི་འདྲ་བར་དེ་བཞིན་གཤེགས་པ་བློ་གྲོས་བསམ་ཡས་ཡོན་ཏན་རྒྱལ་པོའི་འཇིག་རྟེན་གྱི་ཁམས་ལྷུན་པོའི་འོད་ཀྱི་ཡོན་ཏན་བཀོད་པ་ཡང་དེ་དང་འདྲ་བར་འགྱུར་རོ། །དེ་བཞིན་གཤེགས་པ་བློ་གྲོས་བསམ་ཡས་ཡོན་ཏན་རྒྱལ་པོ་དེའི་ཚེའི་ཚད་ནི་བར་གྱི་བསྐལ་པ་དྲུག་ཅུར་འགྱུར་རོ། །
གང་གི་ཚེ་དེ་བཞིན་གཤེགས་པ་བློ་གྲོས་བསམ་ཡས་ཡོན་ཏན་རྒྱལ་པོ་ཡོངས་སུ་མྱ་ངན་ལས་འདས་པ་ན། དེའི་དམ་པའི་ཆོས་ནི་བར་གྱི་བསྐལ་པ་བཅུ་དྲུག་ཏུ་གནས་པར་འགྱུར་ཏེ། དེའི་དམ་པའི་ཆོས་ནུབ་ནས་བར་གྱི་བསྐལ་པ་སྟོང་འདས་པ་ན་འཇིག་རྟེན་གྱི་ཁམས་དེ་ནི་རྣམ་པར་དགའ་
བ་ཞེས་བྱ་བར་འགྱུར་རོ། །དེར་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་ཞེས་བྱ་བ་འབྱུང་བར་འགྱུར་ཏེ། དེ་ཡང་སྔ་མ་དང་ཚེའི་ཚད་མཉམ་པ་དང་། འཇིག་རྟེན་གྱི་ཁམས་མཚུངས་པར་འགྱུར་བར་སྦྱར་རོ། །དེ་བཞིན་དུ་
ཡོངས་སུ་མྱ་ངན་ལས་འདས་ནས་དམ་པའི་ཆོས་ནུབ་པ་ན། འཇིག་རྟེན་གྱི་ཁམས་དེ་ནི་རྩིབས་ཞེས་བྱ་བར་འགྱུར་རོ། །དེ་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་དབང་ཕྱུག་དབྱངས་ཞེས་བྱ་བ་འབྱུང་བར་འགྱུར་ཏེ། སངས་རྒྱས་
ཀྱི་ཞིང་གི་ཡོན་ཏན་བཀོད་པ་ནི་མཚུངས་སོ། །དེ་ཡང་བར་གྱི་བསྐལ་པ་ལྔར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པར་འགྱུར་རོ། །དེ་ཡོངས་སུ་མྱ་ངན་ལས་འདས་པ་ན། དེའི་དམ་པའི་ཆོས་ནི་བར་གྱི་བསྐལ་པ་བདུན་དུ་གནས་པར་འགྱུར་རོ། །དེར་དམ་པའི་
เล่ม ๕๐ · หน้า 174a
ཆོས་ནུབ་པ་ན་སྔ་མ་བཞིན་སྦྱར་ཏེ། སངས་རྒྱས་ཀྱི་ཞིང་དེར་དེ་བཞིན་གཤེགས་པ་ཚད་མེད་དཔག་ཏུ་མེད་པ་དག་བྱུང་ཞིང་ཡོངས་སུ་མྱ་ངན་ལས་འདས་པར་མཐོང་ཡང་འཇིག་རྟེན་གྱི་ཁམས་དེ་ནི་འཇིག་པ་ཡང་མེད་འཆགས་པ་ཡང་མེད་དོ། །དེར་མ་འོངས་པའི་
དུས་ཀྱི་བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གཅིག་གི་བྱེ་མ་སྙེད་ནི་འདས། བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་གཉིས་ལ་བབ་པ་ན་འཇིག་རྟེན་གྱི་ཁམས་དེ་ནི་བདེ་བ་ཅན་ཞེས་བྱ་བར་འགྱུར་ཏེ། རྒྱལ་པོ་ཆེན་པོ་ཁྱོད་དེར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་ཅེས་བྱ་བར་འགྱུར་རོ། །རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱིས་གསོལ་པ། བཙུན་པ་བཅོམ་ལྡན་འདས་གང་དག་འཇིག་རྟེན་གྱི་
ཁམས་དེར་བདག་པས་ཆེས་སྔར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གང་ནས་མཆིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་གང་དག་ཕྱོགས་བཅུའི་
འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད། གཞལ་དུ་མེད། དཔག་ཏུ་མེད་པ་དེ་དང་དེ་དག་ནས། ང་ལ་ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་དང་པོར་ལྷགས་ནས་གང་དག་ངའི་མདུན་ན་འཁོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ཡིན་ཏེ།
རིགས་ཀྱི་བུ་འདི་དག་ནི་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །འདི་དག་ནི་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏེ། འདི་དག་ནི་སངས་
རྒྱས་ཀྱི་ཞིང་དེར་དང་པོ་ཁོ་ནར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་འདི་དག་ནི་རེ་རེས་ཀྱང་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་ལ་ལྷག་པར་བྱ་བ་བྱས་ཤིང་དགེ་བའི་རྩ་བ་བསྐྱེད་ལ་
เล่ม ๕๐ · หน้า 174b
ཤེས་རབ་བསྒོམ་པ་ཡིན་ཏེ། རྒྱལ་པོ་ཆེན་པོ་གང་དག་སངས་རྒྱས་ཀྱི་ཞིང་དེར་དང་པོ་ཁོ་ནར་སངས་རྒྱས་སུ་འགྱུར་བ་ནི་རིགས་ཀྱི་བུ་འདི་དག་ཡིན་ནོ། །རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱིས་གསོལ་པ། བཙུན་པ་བཅོམ་ལྡན་འདས་གང་གིས་བདག་འཁོར་དང་བཅས་པ་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་སྩལ་བའི་བྲམ་ཟེ་རྒྱ་མཚོའི་རྡུལ་དེ་དུས་ཅི་སྲིད་ཅིག་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་བྲམ་ཟེ་རྒྱ་མཚོའི་རྡུལ་
འདི་ནི་སྙིང་རྗེ་ཆེན་པོ་དང་ལྡན་པ་ཡིན་ཏེ། འདིས་ཇི་ལྟར་སེང་གེའི་སྒྲ་སྒྲོགས་པར་འགྱུར་བ་ན་ཁྱོད་ཀྱིས་ཀྱང་ཐོས་པར་འགྱུར་རོ། །རྒྱལ་པོས་གསོལ་པ། གལ་ཏེ་བདག་ཅི་ནས་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་དང་། བདག་གི་སྨོན་ལམ་དེ་གྲུབ་པ་ལྟ་ན། དེའི་སླད་དུ་
གང་གི་ཚེ་བདག་བཅོམ་ལྡན་འདས་ཀྱི་ཞབས་ལ་ཡན་ལག་ལྔས་ཕྱག་བགྱིད་པ་དེའི་ཚེ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་རབ་ཏུ་འགུལ་ཞིང་རབ་ཏུ་གཡོ་བར་གྱུར་ལ་སངས་རྒྱས་ཀྱི་ཞིང་དེ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་ཏེ། འཚོ་ཞིང་གཞེས་པ་དེ་དག་གིས་
ཀྱང་བདག་ལ་ལུང་སྟོན་པར་གྱུར་ཅིག །རིགས་ཀྱི་བུ་དེ་ནས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱིས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་ཞབས་ལ་ཡན་ལག་ལྔས་གཏུགས་སོ། །གང་གི་ཚེ་རྒྱལ་པོའི་མགོ་བོ་ས་ལ་རེག་པ་དེའི་ཚེ། སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཀྱང་
འགུལ་རབ་ཏུ་འགུལ། གཡོས་རབ་ཏུ་གཡོས། འཁྲུགས་རབ་ཏུ་འཁྲུགས་ནས། སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཀྱང་ལུང་སྟོན་པར་མཛད་དེ། བསྐལ་པ་འཛིན་པ་ཞེས་བྱ་བ་ལ་སངས་རྒྱས་ཀྱི་ཞིང་ཡང་དག་པར་སྒྲོལ་བ་ཞེས་བྱ་བར་སྐྱེ་དགུའི་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན་
དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་སྙིང་པོའི་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ལ་ཁྱོད་མ་འོངས་པའི་དུས་ན་བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་ནས་བསྐལ་པ་གྲངས་མེད་པ་གཉིས་པ་ལ་བབ་པ་ན། འཇིག་རྟེན་གྱི་ཁམས་
เล่ม ๕๐ · หน้า 175a
བདེ་བ་ཅན་ཞེས་བྱ་བ་དག་པ་དཔག་ཏུ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་ཅེས་བྱ་བར་འགྱུར་ཏེ། ཕྱོགས་བཅུ་ཁོ་ར་ཁོར་ཡུག་ཏུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཀྱང་སྣང་བར་བྱེད་པར་
འགྱུར་རོ་ཞེས་ལུང་བསྟན་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱ་བ་ཤེས་པའི་སེམས་ཅན་མཆོག་རབ་ལོངས། །སྟོབས་བཅུ་གང་གཱ་སྙེད་ཀྱིས་ཁྱོད་ལུང་བསྟན། །རི་དང་བཅས་པའི་ས་ཡང་གཡོས་གྱུར་ཏེ། །མི་མཆོག་འདུལ་བའི་ཁ་ལོ་སྒྱུར་བར་འགྱུར། །རིགས་
ཀྱི་བུ་དེ་ནས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་དགའ་ཞིང་མགུ་ལ། རབ་ཏུ་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་ཕྱིར་ནུར་ཏེ་ཆོས་མཉན་པའི་ཕྱིར་ཧ་ཅང་ཡང་མི་རིང་བར་ཕྱོགས་གཅིག་ཏུ་འདུག་གོ། །རིགས་ཀྱི་བུ་དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱི་བུ་ཐུ་བོ་མིག་མི་འཛུམས་ལ་
བོས་པ་དང་། མིག་མི་འཛུམས་ཀྱིས་གསོལ་པ་ཡང་སྔ་མ་བཞིན་དུ་སྦྱར་ཏེ། བཅོམ་ལྡན་འདས་བདག་གིས་ངན་སོང་རྣམས་ལ་བལྟས་ལགས་ན། སེམས་ཅན་གང་དག་དེར་སྐྱེས་པ་དེ་དག་ནི་སྡུག་བསྔལ་དྲག་པོ་རབ་ཏུ་མི་བཟད་པ་ཉམས་སུ་མྱོང་བར་འགྱུར་ལགས་སོ། །བདག་
གིས་མཐོ་རིས་རྣམས་སུ་བལྟས་ལགས་ན། སེམས་ཅན་གང་དག་དེར་སྐྱེས་པ་དེ་དག་ནི་ཀུན་ནས་ཉོན་མོངས་པར་འགྱུར་བའི་སེམས་ཀྱིས་སླར་ངན་སོང་རྣམས་སུ་ལྟུང་ལགས་སོ། །བདག་གིས་སེམས་ཅན་ཐམས་ཅད་ལ་ཡང་བལྟས་ལགས་ན། མི་དགེ་བའི་བཤེས་གཉེན་དང་འདྲེས་
པར་གནས་ཤིང་ཆོས་ཀྱི་མུ་གེའི་མུན་པ་ན་དགེ་བའི་རྩ་བ་ཡོངས་སུ་བས་པས་ལྟ་བའི་ཆུ་སྲིན་འཛིན་ཁྲིས་ཟིན་ཅིང་ཤུལ་ངན་པ་ན་གནས་པ་ལགས་ཏེ། བཅོམ་ལྡན་འདས་བདག་གིས་སེམས་ཅན་དེ་དག་ལ་ཚིག་གིས་རྒྱ་ཆེར་གོ་བར་བགྱི་ཞིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་བདག་གིས་བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱི་ལགས་སོ། །གང་གི་ཚེ་བདག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སེམས་ཅན་གང་དག་སྡུག་བསྔལ་གྱིས་གནོད་པར་གྱུར་པ་རྣམས་དང་། འཇིགས་པས་སྐྲག་པ་རྣམས་དང་། ཆོས་ཀྱི་མུ་གེའི་མུན་པར་ཞུགས་
เล่ม ๕๐ · หน้า 175b
པ་རྣམས་དང་། ཞུམ་པ་རྣམས་དང་། ཞན་པ་རྣམས་དང་། སྐྱོབ་པ་མ་མཆིས་པ་རྣམས་དང་། སྐྱབས་མ་མཆིས་པ་རྣམས་དང་། དཔུང་གཉེན་མ་མཆིས་པ་རྣམས་ཀྱིས་བདག་རྗེས་སུ་དྲན་པར་འགྱུར་ཞིང་མིང་ནས་ཀྱང་རྗོད་པར་གྱུར་ཅིག །བདག་གིས་ཀྱང་ལྷའི་རྣ་བས་ཐོས་ཤིང་།
ལྷའི་མིག་གིས་མཐོང་བར་གྱུར་ཅིག །སེམས་ཅན་དེ་དག་སྡུག་བསྔལ་དག་ལས་ཡོངས་སུ་ཐར་བར་མ་བགྱིས་པར་བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་བར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་གང་གི་ཚེ་བདག་སྨོན་ལམ་གྱི་
ཁྱད་པར་གྱིས་སེམས་ཅན་གྱི་སླད་དུ་ཡུན་རིང་པོར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་འགྱུར་བ་དེའི་ཚེ་བདག་གི་རེ་བ་ཡོངས་སུ་རྫོགས་པར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་གང་གི་ཚེ་རྒྱལ་པོ་ཆེན་པོ་རྩིབས་ཀྱི་མུ་ཁྱུད་འདི་བསྐལ་པ་གྲངས་མ་མཆིས་པ་གང་གཱའི་ཀླུང་གཅིག་
གི་བྱེ་མ་སྙེད་འདས་པ་ནས་གྲངས་མ་མཆིས་པ་གཉིས་པ་ལ་བབ་པ་ན་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞིང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་
མེད་ཅེས་བགྱི་བར་གྱུར་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ན་སེམས་ཅན་ཡོངས་སུ་དག་པ་རྣམས་ལ་སངས་རྒྱས་ཀྱི་མཛད་པ་མཛད་པར་འགྱུར་ཏེ། དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱིས་བསྐལ་པ་དཔག་ཏུ་མ་མཆིས་པ་ཇི་སྲིད་ཅིག་ཏུ་སངས་རྒྱས་ཀྱི་མཛད་པ་མཛད་ཅིང་།
སངས་རྒྱས་ཀྱི་མཛད་པ་ཡོངས་སུ་མཐར་ཐུག་ནས་ཕུང་པོའི་ལྷག་མ་མ་མཆིས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འཇུག་པར་འགྱུར་ཞིང་། དེར་ཞུགས་ནས་ཀྱང་དམ་པའི་ཆོས་ཇི་སྲིད་དུ་གནས་པར་འགྱུར་བའི་ཡུན་དེ་སྲིད་དུ། བདག་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་བགྱི་
ཞིང་བདག་བྱང་ཆུབ་སེམས་དཔར་གྱུར་ནས་སངས་རྒྱས་ཀྱི་མཛད་པ་ཡང་བགྱི་ལགས་སོ། །གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་ཀྱི་དམ་པའི་ཆོས་ནམ་གྱི་སྲོད་ལ་ནུབ་པར་གྱུར་པ་དེ་ཉིད་ཀྱི་ནམ་གྱི་ཐོ་རངས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་
เล่ม ๕๐ · หน้า 176a
འཚང་རྒྱ་བར་བགྱི་ན། བཅོམ་ལྡན་འདས་ཀྱིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་དུ་གསོལ། དེ་བཞིན་དུ་བདག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་དག་
བཞུགས་ཏེ་འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཡང་བདག་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་དུ་གསོལ་ཞེས་ཚིག་གིས་གསོལ་བ་གདབ་པར་བགྱི་ལགས་སོ། །རིགས་ཀྱི་བུ་དེ་བཞིན་
གཤེགས་པ་རིན་པོ་ཆེའི་སྙིང་པོས་རྒྱལ་བུ་མིག་མི་འཛུམས་ལུང་བསྟན་ནས་འདི་སྐད་ཅེས་ཀྱང་བཀའ་སྩལ་ཏོ། །རིགས་ཀྱི་བུ་གང་གི་ཕྱིར་ཁྱོད་ཀྱིས་ངན་སོང་རྣམས་སུ་ཡང་བལྟས། མཐོ་རིས་རྣམས་སུ་ཡང་བལྟས། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཡང་བལྟས་ཤིང་།
སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཐར་བར་བྱ་བ་དང་། ཉོན་མོངས་པ་རབ་ཏུ་ཞི་བར་བྱ་བའི་ཕྱིར་སྙིང་རྗེའི་སེམས་བསྐྱེད་པས་ན་རིགས་ཀྱི་བུ་དེའི་ཕྱིར་ཁྱོད་སྤྱན་རས་གཟིགས་དབང་ཕྱུག་ཅེས་བྱའོ། །སྤྱན་རས་གཟིགས་དབང་ཕྱུག་ཁྱོད་ནི་སེམས་ཅན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་
པོ་རྣམས་སྡུག་བསྔལ་ལས་ཐར་བར་བྱེད་པར་འགྱུར་ཏེ། རིགས་ཀྱི་བུ་ཁྱོད་ནི་བྱང་ཆུབ་སེམས་དཔར་གྱུར་པ་ན་ཡང་སངས་རྒྱས་ཀྱི་མཛད་པ་བྱེད་པར་འགྱུར་རོ། །རིགས་ཀྱི་བུ་ཁྱོད་ནི་དེ་བཞིན་གཤེགས་པ་འོད་དཔག་མེད་ཡོངས་སུ་མྱ་ངན་ལས་འདས་ནས་བསྐལ་པ་གྲངས་མེད་པ་གང་
གཱའི་ཀླུང་གི་བྱེ་མ་སྙེད་གཉིས་པ་ལུས་པ་ན་ནམ་གང་གི་སྲོད་ལ་དམ་པའི་ཆོས་ནུབ་པར་གྱུར་པ་དེ་ཉིད་ཀྱི་ནམ་གྱི་ཐོ་རངས་བྱང་ཆུབ་ཀྱི་ཤིང་བཀོད་པ་དུ་མའི་དྲུང་དུ་རྡོ་རྗེའི་གདན་ལ་འདུག་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་
བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པ་དཔལ་བརྩེགས་རྒྱལ་པོ་ཞེས་བྱ་བར་འགྱུར་རོ། །ཁྱོད་ཀྱི་ཚེའི་ཚད་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དྲུག་ཏུ་འགྱུར་རོ། །ཁྱོད་ཡོངས་སུ་མྱ་ངན་ལས་འདས་
เล่ม ๕๐ · หน้า 176b
ནས་ཀྱང་དམ་པའི་ཆོས་ནི་བསྐལ་པ་དུང་ཕྱུར་ཕྲག་དྲུག་དང་བྱེ་བ་ཕྲག་གསུམ་དུ་གནས་པར་འགྱུར་རོ། །སྤྱན་རས་གཟིགས་དབང་ཕྱུག་གིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་བདག་གི་རེ་བ་འདི་ལྟ་བུ་ཡོངས་སུ་རྫོགས་པར་འགྱུར་བ་ལྟ་ན། དེའི་སླད་དུ་གང་གི་ཚེ་བདག་
བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་བ་དེའི་ཚེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་ཏེ། འཚོ་ཞིང་གཞེས་པ་དེ་དག་གིས་བདག་ལ་ལུང་སྟོན་པར་མཛད་ཅིང་། ཕྱོགས་བཅུའི་འཇིག་རྟེན་གྱི་
ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་པོ་ཐམས་ཅད་ཀྱི་ས་ཡང་གཡོ་བར་གྱུར་ལ། རི་ཐམས་ཅད་ཀྱི་གོར་མ་དང་། ཤིང་ལྗོན་པའི་རྩེ་མོ་དག་ལས་ཀྱང་ཡན་ལག་ལྔ་དང་ལྡན་པའི་སིལ་སྙན་གྱི་སྒྲ་ཡང་འབྱུང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱིས་ཀྱང་འདོད་ཆགས་དང་
བྲལ་བའི་སེམས་ཐོབ་པར་གྱུར་ཅིག །གང་གི་ཚེ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གིས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་ཞབས་ལ་ཡན་ལག་ལྔས་ཕྱག་བྱས་པ་དེའི་ཚེ་སྔ་མ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་
གིས་ཡང་རབ་ཏུ་གཡོས། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ལུང་སྟོན་པར་མཛད། རི་ཐམས་ཅད་ཀྱི་རྡོ་དང་། ཤིང་ལྗོན་པའི་རྩེ་མོ་དག་ལས་ཀྱང་ཡན་ལག་ལྔ་དང་ལྡན་པའི་སིལ་སྙན་གྱི་སྒྲ་བྱུང་བར་གྱུར། སེམས་ཅན་ཐམས་ཅད་ཀྱང་འདོད་ཆགས་དང་བྲལ་བའི་
སེམས་ལ་གནས་པར་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྙིང་རྗེ་ལྡན་པ་བསོད་ནམས་དག་ལ་ཡིད་དགའ་ལོངས། །ཕྱོགས་བཅུའི་སྐུ་མཆོག་མངའ་བ་རྣམས་ཀྱིས་ལུང་བསྟན་ཏེ། །ཞིང་དང་བཅས་པའི་ས་ཡང་རྣམ་དྲུག་རབ་ཏུ་གཡོས། །རྒྱལ་བ་གང་
ཟག་གཙོ་བོ་དྲང་སྲོང་ཆེན་པོར་འགྱུར། །དེ་ནས་རྒྱལ་པོའི་མདུན་ན་འདོན་གྱི་གཙོ་བོ་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་རྒྱལ་བུ་གཉིས་པ་མུ་ཁྱུད་ཅེས་བྱ་བ་ལ་སྨྲས་པ། རིགས་ཀྱི་བུ་ཁྱོད་ཀྱིས་ཀྱང་དེ་བཞིན་དུ་ཡོངས་སུ་གཏོང་བ་ཆེན་པོ་འདི་ལ་རྗེས་སུ་ཡི་རང་བར་གྱིས་ཤིག །ཁྱོད་
เล่ม ๕๐ · หน้า 177a
ཀྱིས་དགེ་བ་ཉེ་བར་བསྒྲུབས་པ་གང་ཡིན་པ་དེ་ཡང་སེམས་ཅན་ཐམས་ཅད་ཀྱི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་ཅིག །དེ་ནས་རྒྱལ་བུ་གཞོན་ནུ་མུ་ཁྱུད་བཅོམ་ལྡན་འདས་ཀྱི་སྤྱན་
སྔར་འདུག་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དཔག་ཏུ་མ་མཆིས་པ་དང་བཅས་པ་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བགྱིས་པ་གང་ལགས་པ་དང་། རྗེས་སུ་ཡི་རང་བ་ལས་བྱུང་བའི་བསོད་ནམས་
ཀྱི་ཕུང་པོ་གང་ལགས་པ་དང་། ལུས་དང་ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པའི་བསོད་ནམས་ཀྱི་ཕུང་པོ་གང་ལགས་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱི་སྟེ། སངས་རྒྱས་ཀྱི་ཞིང་ཉོན་མོངས་པ་ཅན་འདི་འབའ་ཞིག་ཏུ་བདག་
གིས་བྱང་ཆུབ་ལ་རེག་པར་མི་བགྱི་བར། གཞོན་ནུ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་ཐམས་ཅད་ཡང་དག་པར་བསགས་པ་ཞེས་བགྱི་བ་དེར་བྱང་ཆུབ་ཀྱི་ཤིང་རིན་པོ་ཆེ་དུ་མས་བཀོད་པའི་དྲུང་དུ་མཆིས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞིང་། དེ་བཞིན་གཤེགས་པ་འོད་ཟེར་ཀུན་ནས་འཕགས་པ་དཔལ་བརྩེགས་རྒྱལ་པོ་ཞེས་བགྱི་བར་འགྱུར་བ་ཆོས་འཆད་པར་བགྱི་བའི་སླད་དུ་བདག་གིས་དེ་ལ་གསོལ་བ་གདབ་པར་བགྱི་ཞིང་། ཇི་སྲིད་དུ་དེ་བཞིན་
གཤེགས་པ་དེ་ཆོས་སྟོན་པར་མཛད་པ་དེ་སྲིད་དུ་བདག་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་བགྱིའོ། །དེ་བཞིན་གཤེགས་པ་དེ་འདས་ཤིང་དམ་པའི་ཆོས་ནུབ་པ་ན་དེའི་འོག་ཏུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་
འགྱུར་ཞིང་། དེ་བཞིན་གཤེགས་པ་འོད་ཟེར་ཀུན་ནས་འཕགས་པ་དཔལ་བརྩེགས་རྒྱལ་པོའི་ཡོན་ཏན་བཀོད་པ་ཐམས་ཅད་ཇི་ལྟ་བར་བདག་གི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡང་དེ་ལྟ་བུར་གྱུར་ཅིག །དེ་བཞིན་དུ་བདག་ཀྱང་སངས་རྒྱས་ཀྱི་མཛད་པ་བགྱིད་
เล่ม ๕๐ · หน้า 177b
པར་འགྱུར་ཞིང་དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདའ་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་དེ་བཞིན་དུ་དམ་པའི་ཆོས་ཀྱང་ཡུན་རིང་དུ་གནས་པར་གྱུར་ཅིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་ནི་གནས་པ་ཆེན་པོ་དོན་དུ་
གཉེར་ཏེ། རིགས་ཀྱི་བུ་ཁྱོད་ཀྱིས་ཇི་ལྟར་རང་གིས་ཡོངས་སུ་བཟུང་བ་དེ་ལྟ་བུའི་གནས་འཐོབ་པར་འགྱུར་རོ། །རིགས་ཀྱི་བུ་ཁྱོད་ཀྱིས་ནི་སངས་རྒྱས་ཀྱི་ཞིང་དེར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར་ཏེ། དེ་བཞིན་གཤེགས་པ་རབ་དུ་བརྟན་པ་
ཡོན་ཏན་ནོར་བུ་བརྩེགས་པའི་རྒྱལ་པོ་ཞེས་བྱ་བར་འགྱུར་རོ། །རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་གནས་ཆེན་པོ་ཡོངས་སུ་བཟུང་བ་དེའི་ཕྱིར་རིགས་ཀྱི་བུ་ཁྱོད་མཐུ་ཆེན་ཐོབ་ཅེས་བྱ་བར་གྱུར་ཅིག །དེས་གསོལ་པ་བཅོམ་ལྡན་འདས་གལ་ཏེ་བདག་གི་རེ་བ་འདི་ལྟ་བུ་ཡོངས་སུ་
རྫོགས་པར་འགྱུར་བ་ལྟ་ན། དེའི་སླད་དུ་གང་གི་ཚེ་བདག་བཅོམ་ལྡན་འདས་ཀྱི་ཞབས་ལ་ལུས་ཀྱི་ཡན་ལག་ལྔས་ཕྱག་འཚལ་བ་དེའི་ཚེ། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གིས་བདག་ལ་ལུང་སྟོན་པར་མཛད་ཅིང་། སྣ་
མའི་མེ་ཏོག་གི་ཆར་ཡང་རབ་ཏུ་འབབ་པར་གྱུར་ཅིག །རིགས་ཀྱི་བུ་གང་གི་ཚེ་སྐྱེས་བུ་དམ་པ་མཐུ་ཆེན་ཐོབ་ཀྱིས། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་ཞབས་ལ་ཡན་ལག་ལྔས་ཕྱག་བྱས་པ་དེའི་ཚེ། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་
ཀླུང་གི་བྱེ་མ་སྙེད་ཀྱིས་ལུང་བསྟན་ཅིང་ས་ཆེན་པོ་ཡང་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་སྣ་མའི་མེ་ཏོག་གི་ཆར་ཡང་བབ་པར་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསོད་ནམས་མཐུ་ཤུགས་བརྟན་པར་གྱུར་པ་ལོངས། །ཕྱོགས་བཅུའི་འཇིག་རྟེན་
མགོན་པོས་ལུང་བསྟན་ཏེ། །ས་ཆེན་གཡོས་ཤིང་སྣ་མའི་ཆར་ཡང་བབ། །ཁྱོད་ནི་ལྷ་ཡི་ཚངས་པ་ལྟ་བུར་འགྱུར། །དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་སྔ་མ་བཞིན་དུ་སྦྱར་ཏེ། རྒྱལ་བུ་གསུམ་པ་དབང་པོའི་ཚོགས་ཞེས་བྱ་བ་ལ་སྨྲས་པ་དང་། ཐལ་མོ་སྦྱར་ནས་
เล่ม ๕๐ · หน้า 178a
དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བགྱིས་པ་གང་ལགས་པ་དང་། བདག་
གི་ལུས་དང་ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་གང་ལགས་པ་དང་། རྗེས་སུ་ཡི་རང་བ་འདི་དང་ལྡན་པའི་བསོད་ནམས་ཀྱི་ཕུང་པོ་གང་ལགས་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །སངས་རྒྱས་ཀྱི་ཞིང་
ཉོན་མོངས་པ་ཅན་དུ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བགྱི་ཞིང་ཤིན་ཏུ་མྱུར་བར་ཐོབ་པར་ཡང་མི་བགྱི་ལགས་སོ། །ཇི་སྲིད་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་
པ་དེ་སྲིད་དུ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་ཅིང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་གཞན་དང་གཞན་དག་གི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་བར་གྱུར་ཅིག །བདག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་གང་དག་བདག་གིས་དང་པོར་བྱང་ཆུབ་
ཡང་དག་པར་འཛིན་དུ་སྩལ་པ་དང་། བདག་གིས་གང་དག་དེར་དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་བྱང་ཆུབ་ཀྱི་སེམས་ལ་རབ་ཏུ་བཀོད་པ་དང་། གང་དག་བདག་གིས་ཕ་རོལ་ཏུ་ཕྱིན་པ་རྣམས་ཡང་དག་པར་འཛིན་དུ་སྩལ་ཅིང་བཙུད་དེ་རབ་ཏུ་བཀོད་པའི་སངས་རྒྱས་
བཅོམ་ལྡན་འདས་གང་དག་བདག་གིས་བྱང་ཆུབ་ཡང་དག་པར་འཛིན་དུ་སྩལ་པ་དེ་དག་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་དག་ན་ཆོས་སྟོན་པར་མཛད་པ་རྣམས་ཀྱང་བདག་གི་ལྷའི་མིག་གིས་མཐོང་བར་གྱུར་ཅིག །བདག་
བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དེ་ལྟར་སངས་རྒྱས་ཀྱི་མཛད་པ་བགྱིད་ཅིང་། ཇི་སྲིད་དུ་བདག་གི་སངས་རྒྱས་ཀྱི་ཞིང་དུ་སེམས་ཅན་གང་དག་སྐྱེ་བར་འགྱུར་བ་དེ་དག་འདི་ལྟ་སྟེ་དཔེར་བགྱི་ན་ཚངས་རིས་ཀྱི་ལྷ་རྣམས་ལྟ་བུར་འགྱུར་བ་དེ་སྲིད་དུ་བདག་གིས་སེམས་ཅན་རྣམས་
เล่ม ๕๐ · หน้า 178b
ཀྱི་བསམ་པ་ཡོངས་སུ་སྦྱོང་བར་བགྱི་ཞིང་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་བགྱིའོ། །ཅི་ནས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་སངས་རྒྱས་ཀྱི་ཞིང་གཅིག་ཏུ་འགྱུར་བ་དེ་ལྟར་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་སྦྱང་བར་བགྱི་སྟེ།
སངས་རྒྱས་ཀྱི་ཞིང་དེའི་ར་བ་དག་ཀྱང་སྲིད་པའི་རྩེ་མོའི་མཐར་ཐུག་ཅིང་རིན་པོ་ཆེ་དུ་མ་ཀུན་ནས་གནས་པ་དང་། རིན་པོ་ཆེ་སྣ་ཚོགས་དག་གིས་སྤྲས་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེའི་ས་གཞི་ཐམས་ཅད་ནི་བཻ་དཱུརྱ་འབའ་ཞིག་ལས་བགྱིས་པར་གྱུར་ཅིང་རྡུལ་དང་།
གོར་མ་དང་། གསེག་མ་མ་མཆིས་ཤིང་ས་གཞི་རྙོག་པ་དང་འདྲེས་པ་མ་མཆིས་པར་གྱུར་ཅིག །དེ་ན་བུད་མེད་ནི་མིང་དུ་གདགས་པ་ཡང་མ་མཆིས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ནི་རྫུས་ཏེ་སྐྱེ་པར་གྱུར་ཅིག །དེ་ན་སེམས་ཅན་རྣམས་ཟས་ཁམ་གྱིས་
འཚལ་བ་མ་མཆིས་པར་གྱུར་ཅིག །དེ་ན་སེམས་ཅན་ཐམས་ཅད་དགའ་བའི་ཟས་དང་ཆོས་ཀྱི་ཟས་དང་ལྡན་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་གདགས་སུ་ཡང་མ་མཆིས་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེ་ཐ་བ་
དང་། དྲི་མ་དང་། ཞེ་སྡང་དང་། འཆབ་པ་དང་བྲལ་ཞིང་ཚངས་པར་སྤྱོད་པ་ཡོངས་སུ་དག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་འབའ་ཞིག་གིས་ཡོངས་སུ་གང་བར་གྱུར་ཅིག །དེ་ན་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་སྐྲ་བྲེགས་ཤིང་ཆོས་གོས་ངུར་སྨྲིག་
འཚལ་བ་ཤ་སྟག་འབྱུང་བར་གྱུར་ཅིག །སྐྱེས་མ་ཐག་ཏུ་འོད་ཆེན་པོ་དང་ལྡན་པར་གྱུར་ཅིག །དེ་དག་གི་སུག་པར་རིན་པོ་ཆེའི་ལྷུང་བཟེད་རོ་བྲོ་བ་སྣ་ཚོགས་ཀྱིས་ཡོངས་སུ་གཏམས་པ་དག་འབྱུང་བར་གྱུར་ཅིག །བྱུང་མ་ཐག་ཏུ་འདི་སྙམ་དུ་གང་བདག་ཅག་ཟས་
ཁམ་གྱིས་ཟ་བ་ནི་བདག་ཅག་གི་ཆ་མ་ཡིན་གྱིས། གང་བདག་ཅག་འཇིག་རྟེན་གྱི་ཁམས་གཞན་དག་ཏུ་དོང་ལ་སངས་རྒྱས་བཅོམ་ལྡན་འདས་བཞུགས་ཏེ་འཚོ་ཞིང་གཞེས་པ་དག་ལ་ཞལ་ཟས་འདི་དབུལ་བར་བྱའོ། །སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་། སྐྱེ་བོ་སྡུག་
เล่ม ๕๐ · หน้า 179a
བསྔལ་བ་རྣམས་ལ་ཡང་སྦྱིན་པར་བྱའོ། །ཡི་དགས་ཀྱི་གནས་རྣམས་སུ་སོང་ལ་བཀྲེས་པ་དང་། སྐོམ་པས་ལུས་རབ་ཏུ་འབར་བའི་སེམས་ཅན་རྣམས་ལ་ཡང་ཟས་འདི་སྦྱིན་པར་བྱའོ་སྙམ་པའི་དྲན་པ་ཐོབ་པར་གྱུར་ཅིག །བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་དེ་དག་གིས་དེ་ལྟར་སེམས་བསྐྱེད་མ་ཐག་ཏུ་བསམ་གྱིས་མི་ཁྱབ་པའི་སྤྱོད་པ་དང་ལྡན་པའི་ཏིང་ངེ་འཛིན་ཀྱང་ཐོབ་པར་གྱུར་ཅིག །ཏིང་ངེ་འཛིན་དེ་ཐོབ་ནས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དཔག་ཏུ་མ་མཆིས་གྲངས་མ་མཆིས་པ་གཞན་དག་ཏུ་ཐོགས་
པ་མ་མཆིས་པར་མཆི་བར་འགྱུར་ཞིང་། སངས་རྒྱས་བཅོམ་ལྡན་འདས་བཞུགས་ཏེ་འཚོ་ཞིང་གཞེས་པ་དག་དང་ཉན་ཐོས་དང་། སེམས་ཅན་གཞན་དག་ལ་ཡང་ཞལ་ཟས་འབུལ་བར་གྱུར་ཅིག །དགའ་བས་ཕུལ་ནས་ཀྱང་ཆོས་བཤད་པར་བགྱིས་ནས་དེ་ཉིད་ཀྱི་
སྔ་དྲོས་རང་གི་སངས་རྒྱས་ཀྱི་ཞིང་དུ་སླར་མཆི་བར་གྱུར་ཅིག །གོས་རིན་པོ་ཆེ་དག་ལ་ཡང་དེ་བཞིན་དུ་སྦྱར་ཏེ། དེ་ཉིད་ཀྱི་སྔ་དྲོའི་བར་གྱིས་རང་གི་སངས་རྒྱས་ཀྱི་ཞིང་དུ་སླར་མཆིས་ནས་གཅིག་ལ་གཅིག་གོས་དག་སྐོན་པར་ཡང་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེ་ན་བྱང་
ཆུབ་སེམས་དཔའ་དེ་དག་ལ་ལོངས་སྤྱོད་དང་ཡོངས་སུ་སྤྱད་པ་གང་ཇི་སྙེད་མཆིས་པ་དེ་དག་ཐམས་ཅད་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ཉན་ཐོས་རྣམས་དང་། སེམས་ཅན་གཞན་དག་དང་ཐུན་མོང་དུ་བགྱིས་ནས་སླད་ཀྱིས་བདག་ཡོངས་སུ་སྤྱོད་པར་གྱུར་
ཅིག །སངས་རྒྱས་ཀྱི་ཞིང་དེ་མི་ཁོམ་པ་བརྒྱད་དང་བྲལ་བར་གྱུར་ཅིག །དེ་ན་སྡུག་བསྔལ་གྱི་སྒྲ་མ་མཆིས་པར་གྱུར་ཅིག །བསླབ་པ་བླང་བའི་སྒྲ་མ་མཆིས་པར་གྱུར་ཅིག །ལྟུང་བྱེད་ལས་བསླང་བའི་སྒྲ་མ་མཆིས་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེར་རིན་པོ་ཆེ་འབུམ་
ཕྲག་དུ་མ་དག་བསགས་པར་གྱུར་ཅིག །རིན་པོ་ཆེ་དུ་མས་སྤྲས་ཤིང་ནོར་བུ་ལྟར་ཀུན་ཏུ་སྣང་བར་གྱུར་ཅིག །ནོར་བུ་རིན་པོ་ཆེ་གང་དག་ཕྱོགས་བཅུ་རྣམས་སུ་སྔོན་མ་མཐོང་བ་དང་། སྔོན་མ་ཐོས་པའི་ནོར་བུ་རིན་པོ་ཆེ་དེ་དག་སྤྱོད་པར་གྱུར་ཅིག །ནོར་བུ་རིན་པོ་ཆེ་དེ་དག་གི་མིང་
เล่ม ๕๐ · หน้า 179b
བརྗོད་ན་ལོ་བྱེ་བས་ཀྱང་མི་བས་པར་གྱུར་ཅིག །བྱང་ཆུབ་སེམས་དཔའ་གང་དག་སངས་རྒྱས་ཀྱི་ཞིང་གསེར་ལས་གྲུབ་པར་མཐོང་བར་འཚལ་ན་ཡང་དེ་ལ་གསེར་ལས་གྲུབ་པར་གནས་པར་འགྱུར་བ་དང་། གང་དངུལ་ལས་གྲུབ་པར་འཚལ་བ་དེས་དངུལ་ལས་གྲུབ་པར་
མཐོང་ཡང་དེ་ལ་གསེར་ལས་གྲུབ་པ་ཡང་ཉམས་པར་མི་འགྱུར་བ་དང་། དེ་བཞིན་དུ་སྦྱར་ཏེ། གང་ཤེལ་ལས་གྲུབ་པ་དང་། བཻ་དཱུརྱ་ལས་གྲུབ་པ་དང་། རྡོའི་སྙིང་པོ་ལས་གྲུབ་པ་དང་། མུ་ཏིག་དམར་པོ་ལས་གྲུབ་པ་དང་། སྤུག་ལས་གྲུབ་པར་འཚལ་ན་ཡང་
སངས་རྒྱས་ཀྱི་ཞིང་དེ་རིན་པོ་ཆེ་རྣམ་པ་དེ་ལྟ་བུ་དག་ཏུ་མཐོང་བར་གྱུར་ཅིག །བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་དེ་ཨ་ག་རུ་ལས་གྲུབ་པ་དང་། རྒྱ་སྤོས་ལས་གྲུབ་པ་དང་། ཏ་མ་ལའི་ལོ་མ་ལས་གྲུབ་པ་དང་། ཙན་དན་སྦྲུལ་གྱི་སྙིང་པོ་ལས་གྲུབ་པ་དང་། ཙན་
དན་ས་མཆོག་པ་ལས་གྲུབ་པར་མཐོང་བར་འཚལ་ན་ཡང་དེ་ལ་དེ་བཞིན་དུ་གྱུར་ཅིག །ཇི་ལྟ་ཇི་ལྟར་ཅི་འདྲ་བར་མཐོང་བར་འཚལ་བ་དེ་ལྟ་དེ་ལྟར་དེ་དང་འདྲ་བར་མཐོང་བར་གྱུར་ཅིག །གཅིག་གིས་གཉིས་པའི་སྨོན་ལམ་མཐོང་བར་མི་འགྱུར་ཞིང་། ཐམས་ཅད་ཀྱི་སྨོན་ལམ་ཡང་
ཡོངས་སུ་རྫོགས་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེ་ན་ཉི་མ་དང་ཟླ་བར་མངོན་པ་ཡང་མ་མཆིས་ཤིང་། དེར་བྱང་ཆུབ་སེམས་དཔའ་འོད་ཅན་དག་སྐྱེ་བར་གྱུར་ཅིག །གཞན་ཡང་འོད་ཇི་ལྟ་བུ་དག་འཚལ་བ་དེ་ལྟ་བུ་དག་ཐ་ན་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་
ཚུན་ཆད་དུ་ཡང་གཏོང་བར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེ་ན་མེ་ཏོག་ཁ་བྱེ་བ་མ་གཏོགས་པར་མཚན་མོ་དང་། ཉིན་མོ་དག་མིང་ཡང་མ་མཆིས་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེ་ན་བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བ་
དེ་དགའ་ལྡན་དག་ཏུ་ཚེ་བས་པར་བགྱིས་ནས་འཇིག་རྟེན་གྱི་ཁམས་གཞན་དག་ཏུ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་མ་གཏོགས་པར་གྲང་བ་དང་། ཚ་བ་དང་། ནད་དང་། མི་བདེ་བ་དང་། རྒ་བ་དང་། འགུམ་པ་ཡང་མ་མཆིས་པར་གྱུར་ཅིག །སངས་
เล่ม ๕๐ · หน้า 180a
རྒྱས་ཀྱི་ཞིང་དེ་ན་འགུམ་པ་མ་མཆིས་པར་འགྱུར་ཞིང་སྟེང་གི་བར་སྣང་ལ་དེ་བཞིན་གཤེགས་པ་ལྟར་བླ་ན་མེད་པའི་ཡོངས་སུ་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་ཅིག །བྱང་ཆུབ་སེམས་དཔའ་རྣམས་ཀྱང་ལོངས་སྤྱོད་དང་། ཡོངས་སུ་
སྤྱོད་པ་ཇི་ལྟ་བུ་དག་འཚལ་བ་དེ་ལྟ་བུ་དག་མངོན་པར་འགྲུབ་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་ཀུན་ཏུ་ནམ་མཁའི་དཀྱིལ་ནས་སིལ་སྙན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་སྒྲ་འཁྲོལ་བར་གྱུར་ཅིག །སིལ་སྙན་དེ་དག་ལས་ཀྱང་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་སྒྲ་འབྱུང་བ་དང་།
སངས་རྒྱས་ཀྱི་སྒྲ་དང་། ཆོས་ཀྱི་སྒྲ་དང་། དགེ་འདུན་གྱི་སྒྲ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཀྱི་སྒྲ་འབྱུང་བར་འགྱུར་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ཇི་ལྟར་མོས་པ་དེ་ལྟ་བུའི་སྒྲ་ཐོས་པར་འགྱུར་བ་མ་གཏོགས་པར་འདོད་པ་དང་ལྡན་པའི་སྒྲ་དག་
མི་འབྱུང་བར་གྱུར་ཅིག །བཅོམ་ལྡན་འདས་བདག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་གིས་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མ་མཆིས་གྲངས་མ་མཆིས་པ་དག་གི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཇི་སྙེད་མཐོང་བ་དག་ལས་ཉན་ཐོས་དང་།
རང་སངས་རྒྱས་ཀྱི་བཀོད་པ་རྣམས་དང་། སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་དང་ལྡན་པའི་བཀོད་པ་རྣམས་མ་གཏོགས་པར་བཀོད་པ་དེ་དག་དང་། རྒྱན་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་། གནས་དེ་དག་དང་། ངོ་མཚར་དེ་དག་དང་། སྨོན་
ལམ་དེ་དག་ཐམས་ཅད་བདག་གིས་སངས་རྒྱས་ཀྱི་ཞིང་ན་མཆིས་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་རྣམས་མ་མཆིས་པར་གྱུར་ཅིག །རི་རབ་དང་། ཁོར་ཡུག་དང་། ཁོར་ཡུག་ཆེན་པོ་རྣམས་དང་།
གོར་མ་དང་། རྡུལ་གྱི་རི་རྣམས་ཀྱང་མ་མཆིས་པར་གྱུར་ཅིག །རྒྱ་མཚོ་ཆེན་པོ་ཡང་མ་མཆིས་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེ་ལྷའི་ལས་ཤིན་ཏུ་འདས་པའི་ཤིང་ལྗོན་པ་སྣ་ཚོགས་དག་དང་། ལྷའི་མེ་ཏོག་མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་དག་གིས་ཀུན་ཏུ་
เล่ม ๕๐ · หน้า 180b
གང་བར་གྱུར་པ་མ་གཏོགས་པར་ཤིང་ལས་གྲུབ་པའི་ལྗོན་པ་གཞན་དག་མ་མཆིས་པར་གྱུར་ཅིག །དེ་ན་དྲི་ང་མ་མཆིས་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེ་སྤོས་རྒྱ་ཆེ་ཞིང་ཡངས་པ་སྣ་ཚོགས་དག་གིས་ཁྱབ་པར་གྱུར་ཅིག །དེར་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་
གིས་ཐོགས་པ་ཤ་སྟག་འབྱུང་བར་གྱུར་ཅིག །དེ་ན་སེམས་ཅན་གཅིག་ཀྱང་དེ་ནས་ཤི་འཕོས་ནས་དགའ་ལྡན་མ་གཏོགས་པར་གཞན་དུ་སྐྱེ་བར་མི་འགྱུར་ཞིང་། དེ་ནས་ཤི་འཕོས་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་
འཚང་རྒྱ་བར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་བདག་གིས་ཇི་སྲིད་དུ་སྐྱེས་བུ་ཆེན་པོའི་རྩལ་རྣམ་པ་དེ་ལྟ་བུ་དག་མངོན་པར་མ་བསྒྲུབས་པ་དེ་སྲིད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་བགྱིའོ། །སངས་རྒྱས་ཀྱི་ཞིང་དེ་ལྟར་གཞག་པར་བགྱི་སྟེ། སངས་
རྒྱས་ཀྱི་ཞིང་དེ་དེ་ལྟ་བུའི་སེམས་ཅན་བསམ་པ་དག་པ་དག་དང་། བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་དང་བཅས་པ་དག་གིས་ཀུན་ཏུ་བལྟམ་སྟེ་གཞག་པར་བགྱིའོ། །དེར་བྱང་ཆུབ་སེམས་དཔའ་གང་བདག་གིས་དང་པོར་བྱང་ཆུབ་ཡང་དག་པར་
འཛིན་དུ་མ་སྩལ་པ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་མ་བཙུད་པ་དག་མ་མཆིས་པར་གྱུར་ཅིག །གང་དག་བདག་གིས་དང་པོར་བྱང་ཆུབ་ཡང་དག་པར་འཛིན་དུ་སྩལ་པ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བཙུད་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་དེར་སྐྱེ་བར་གྱུར་
ཅིག །སངས་རྒྱས་ཀྱི་ཞིང་འདི་ཡང་དེ་ཉིད་ཀྱི་ཁོངས་སུ་གཏོགས་པར་བགྱི་ཞིང་འདི་དག་ཐམས་ཅད་ཀྱི་སྡུག་བསྔལ་ཡང་རབ་ཏུ་ཞི་བར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་བདག་བྱང་ཆུབ་སེམས་དཔར་གྱུར་ཅིང་སྐྱེས་བུའི་རྩལ་དེ་ལྟ་བུ་དག་བསྒྲུབས་ནས་དེའི་འོག་ཏུ་སངས་
རྒྱས་ཀྱི་ཞིང་དེར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །བདག་གི་བྱང་ཆུབ་ཀྱི་ཤིང་ནི་རིན་པོ་ཆེ་སྣ་བདུན་རྣམ་པར་བཀྲ་བར་སྣང་བ་ཞེས་བགྱི་བར་འགྱུར་ཞིང་། སྦོམས་སུ་ནི་གླིང་བཞི་པ་ཁྲི་མཆིས་པར་གྱུར་ལ།
เล่ม ๕๐ · หน้า 181a
ཁོ་ར་ཁོར་ཡུག་གི་ཁྱོན་ནི་སྟོང་གསུམ་པ་བཅུ་མཆིས་པར་གྱུར་ཅིག །བྱང་ཆུབ་ཀྱི་ཤིང་དེའི་དྲི་དང་། འོད་ཀྱིས་སངས་རྒྱས་ཀྱི་ཞིང་མཐའ་དག་ཁྱབ་པར་གྱུར་ཅིག །དེའི་དྲུང་དུ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་རྡོ་རྗེའི་གདན་རབ་ཏུ་ཞི་བ་བཟོད་པའི་
ཡེ་ཤེས་ཤིན་ཏུ་འབྱེད་པའི་དྲི་ལ་ཡང་དག་པར་གཞོལ་བ་ཞེས་བགྱི་བ་གླིང་བཞི་པ་ལྔའི་ཁྱོན་ཙམ་མཆིས་ལ་འཕང་དུ་ནི་དཔག་ཚད་བརྒྱད་སྟོང་བཞི་བརྒྱ་མཆིས་པར་གྱུར་ཅིག །བྱང་ཆུབ་ཀྱི་ཤིང་དེའི་དྲུང་དུ་རྡོ་རྗེའི་གདན་ལ་བདག་སྐྱིལ་མོ་ཀྲུང་བཅས་ཏེ་མཆིས་ནས་ཡུད་ཙམ་དེ་ཉིད་
ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །ཡོངས་སུ་མྱ་ངན་ལས་འདས་པའི་དུས་ཀྱི་བར་དུ་སྐྱིལ་མོ་ཀྲུང་དེ་མི་འཇིག་མི་འགྲོལ་བར་འགྱུར་ཞིང་། བྱང་ཆུབ་ཀྱི་ཤིང་དེའི་དྲུང་ནས་མི་ལྡང་བར་གྱུར་ཅིག །
བདག་བྱང་ཆུབ་ཀྱི་ཤིང་དྲུང་དུ་གནས་ཤིང་རྡོ་རྗེའི་གདན་ལ་མཆིས་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྲུལ་པ་དག་སངས་རྒྱས་ཀྱི་ཞིང་བགྲང་བ་ལས་འདས་པ་གཞན་དག་ཏུ་འགྱེད་པར་གྱུར་ཅིག །སངས་རྒྱས་རེ་རེས་ཀྱང་སྔ་དྲོ་གཅིག་ལ་སེམས་ཅན་
རྣམས་ལ་ཆོས་སྟོན་ཅིང་དེ་ཉིད་ཀྱི་སྔ་དྲོ་ལ་ཡང་སེམས་ཅན་བགྲང་བ་ལས་འདས་པ་སྙེད་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་སྩོལ་པ་དང་། རབ་ཏུ་འགོད་པ་དང་། ཕྱིར་མི་ལྡོག་པ་ལ་འགོད་པར་གྱུར་ཅིག །དེ་བཞིན་དུ་བྱང་ཆུབ་
སེམས་དཔའི་སྤྲུལ་པ་དག་ཀྱང་བྱང་ཆུབ་སེམས་དཔའི་བྱ་བ་བགྱིད་པར་གྱུར་ཅིག །བདག་གིས་བྱང་ཆུབ་ཐོབ་པ་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བགྲང་བ་ལས་ཡང་དག་པར་འདས་པ་གཞན་དག་ཏུ་ཡང་བདག་གི་ལུས་གདའ་བར་གྱུར་ཅིག །སེམས་ཅན་གང་དག་
གི་མིག་གི་དབང་པོས་བདག་གི་ལུས་མཚན་གྱིས་བརྒྱན་པ་མཐོང་བར་གྱུར་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཅིག །སེམས་ཅན་དེ་དག་བྱང་ཆུབ་ཅིང་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་ཡང་སངས་རྒྱས་
เล่ม ๕๐ · หน้า 181b
བཅོམ་ལྡན་འདས་རྣམས་དང་མི་འབྲལ་བར་འགྱུར་ཞིང་དེར་དབང་པོ་རྣམས་མ་ཚང་བར་མ་གྱུར་ཅིག །དེ་ན་བྱང་ཆུབ་སེམས་དཔའ་གང་དག་བདག་ལ་ལྟ་བར་འཚལ་བ་དེ་དག་གང་དང་གང་དུ་མཆི་བ་དང་། སླར་ལྡོག་པ་དང་། འཆག་པ་དང་། འགྲེང་བ་དང་།
མཆིས་པ་ན་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་སངས་རྒྱས་ཡིད་ལ་བགྱིད་པའི་སེམས་བསྐྱེད་མ་ཐག་ཏུ་བདག་བྱང་ཆུབ་ཀྱི་ཤིང་དྲུང་ན་མཆིས་པ་མཐོང་བར་གྱུར་ཅིག །མཐོང་ནས་ཀྱང་གང་དག་ཆོས་ལ་ཐེ་ཙོམ་དུ་གྱུར་པ་དེས་མཐོང་མ་ཐག་ཏུ་དེ་དང་བྲལ་
བར་གྱུར་ནས། ཐེ་ཙོམ་ལས་གྲོལ་བར་གྱུར་ཅིང་ཆོས་ཀྱི་ཚིག་མ་བསྟན་པའི་དོན་ཀྱང་འཚལ་བར་གྱུར་ཅིག །བདག་གི་ཚེ་ནི་དཔག་ཏུ་མ་མཆིས་པར་གྱུར་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་གཏོགས་པར་གཞན་སུས་ཀྱང་བགྲང་བར་རྔོ་མི་ཐོགས་
པར་གྱུར་ཅིག །དེ་ན་བྱང་ཆུབ་སེམས་དཔའ་དག་ཀྱང་དཔག་ཏུ་མ་མཆིས་པར་གྱུར་ཅིག །སྐད་ཅིག་གང་ལ་བདག་སངས་རྒྱས་ཀྱི་ཞིང་དེར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དང་། ཡོངས་སུ་མྱ་ངན་
ལས་འདའ་བ་ཆེན་པོའི་བར་གྱི་སྐད་ཅིག་དེ་ཉིད་ལ་སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་རྣམས་ཀྱང་སྐྲ་བྲེགས་ཤིང་ཆོས་གོས་ངུར་སྨྲིག་འཚལ་བ་ཤ་སྟག་འབྱུང་བར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་གཅིག་ཀྱང་སྐྲ་རིང་ཞིང་གོས་དཀར་པོ་འཚལ་
བར་མི་འགྱུར་ལ་ཐམས་ཅད་ཀྱང་དགེ་སྦྱོང་གི་ཁ་དོག་ཏུ་འགྱུར་ཞིང་དགེ་སྦྱོང་གི་ཚུལ་དུ་གནས་པར་གྱུར་ཅིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ། །ཁྱོད་ཀྱང་མཁས་ཤིང་གསལ་ལ་ཡིད་གཞུངས་པ་ཡིན་ཏེ།
ཁྱོད་ཀྱིས་ནི་སྨོན་ལམ་ཤིན་ཏུ་བཟང་པོར་བཏབ་བོ། །རིགས་ཀྱི་བུ་ཁྱོད་ནི་ཤིན་ཏུ་ཡོན་ཏན་དང་ལྡན་ཞིང་ཤིན་ཏུ་ཡེ་ཤེས་དང་ལྡན་པས་ནི་གང་གི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དེ་ལྟར་རབ་དང་མཆོག་གི་བློ་གྲོས་བཀྲ་ཤིས་པར་བྱས་ཤིང་། སངས་རྒྱས་
เล่ม ๕๐ · หน้า 182a
ཀྱི་ཞིང་གི་ཡོན་ཏན་བཀོད་པ་རབ་མཆོག་ཡོངས་སུ་བཟུང་བས་དེའི་ཕྱིར་རིགས་ཀྱི་བུ་ཁྱོད་འཇམ་དཔལ་ཞེས་བྱ་བར་གྱུར་ཅིག །འཇམ་དཔལ་ཁྱོད་ནི་མ་འོངས་པའི་དུས་ན་བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གཉིས་ཀྱི་བྱེ་མ་སྙེད་འདས་ནས་གྲངས་
མེད་པ་གསུམ་པ་ལ་བབ་པ་ན་ལྷོ་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་དག་པ་རྡུལ་བྲལ་ཡང་དག་བསགས་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་ཏེ། དེར་འཇིག་རྟེན་གྱི་ཁམས་མི་མཇེད་ཀྱང་འདུས་ཤིང་ཁོངས་སུ་ཆུད་པར་འགྱུར་ལ། སངས་རྒྱས་ཀྱི་ཞིང་དེར་དེ་ལྟ་
བུའི་ཡོན་ཏན་བཀོད་པ་འབྱུང་བར་འགྱུར་ཏེ། འཇམ་དཔལ་ཁྱོད་ནི་དེར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་གཟིགས་
ཞེས་བྱ་བར་འགྱུར་རོ། །ཁྱོད་ཀྱི་བྱང་ཆུབ་སེམས་དཔའི་འཁོར་ཀྱང་དེ་ལྟ་བུར་ཡོངས་སུ་དག་པར་འགྱུར་རོ། །ཁྱོད་བྱང་ཆུབ་སེམས་དཔར་གྱུར་པ་ན་ཇི་ལྟར་སྨོན་ལམ་བཏབ་པ་ལྟར་ཁྱོད་ཀྱི་སྨོན་ལམ་དེ་དག་ཐམས་ཅད་ཀྱང་འགྲུབ་པར་འགྱུར་ཏེ། དེ་བས་ན་ཁྱོད་
ནི་སངས་རྒྱས་བྱེ་བ་ཕྲག་མང་པོ་ལས་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །འཇམ་དཔལ་དེའི་ཕྱིར་ཁྱོད་ནི་སེམས་ཅན་རྣམས་ཀྱི་སྨན་ལྟ་བུར་འགྱུར་ཞིང་བསམ་པ་ཡོངས་སུ་སྦྱོང་བར་བྱེད་པར་འགྱུར་ལ། ཉོན་མོངས་པ་ཡོངས་སུ་འཇོམས་པར་བྱེད་པ་དང་། དགེ་བའི་
ཕྱོགས་རྣམ་པར་འཕེལ་བར་བྱེད་པར་ཡང་འགྱུར་རོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་བདག་གིས་ཇི་ལྟར་སྨོན་ལམ་བཏབ་པའི་བདག་གི་རེ་བ་འདི་ལྟ་བུ་ཡོངས་སུ་རྫོགས་པར་འགྱུར་བ་ལྟ་ན། དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་
ཁམས་དཔག་ཏུ་མ་མཆིས་གྲངས་མ་མཆིས་པ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་ཏེ་འཚོ་ཞིང་གཞེས་ལ་སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་པ་རྣམས་ཀྱིས་བདག་ལུང་སྟོན་པར་མཛད་ཅིང་། དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་དཔག་ཏུ་མ་
เล่ม ๕๐ · หน้า 182b
མཆིས་གྲངས་མ་མཆིས་པ་དག་ཀྱང་རབ་ཏུ་གཡོ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱང་འདི་ལྟ་སྟེ་དཔེར་བགྱི་ན། བྱང་ཆུབ་སེམས་དཔའ་བསམ་གཏན་གཉིས་པ་ལ་རྩེ་བའི་བཀོད་པ་ལ་སྙོམས་པར་ཞུགས་པ་དེ་ལྟ་བུའི་བདེ་བ་དང་ལྡན་པར་གྱུར་ཅིག །དེ་བཞིན་
དུ་སངས་རྒྱས་ཀྱི་ཞིང་དཔག་ཏུ་མ་མཆིས་གྲངས་མ་མཆིས་པ་དག་ནས་ཀྱང་ལྷའི་མེ་ཏོག་མན་དཱ་ར་བ་དག་གི་ཆར་ཡང་རབ་ཏུ་འབབ་པར་གྱུར་ཅིག །མེ་ཏོག་མན་དཱ་ར་བ་དེ་དག་ལས་ཀྱང་འདི་ལྟ་བུའི་སྒྲ་འབྱུང་བར་གྱུར་ཅིག །འདི་ལྟ་སྟེ་སངས་རྒྱས་ཀྱི་སྒྲ་དང་། ཆོས་ཀྱི་
སྒྲ་དང་། དགེ་འདུན་གྱི་སྒྲ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་སྒྲ་དང་། སྟོབས་དང་། མི་འཇིགས་པའི་སྒྲ་དག་འབྱུང་བར་གྱུར་ཅིག །གང་གི་ཚེ་བདག་བཅོམ་ལྡན་འདས་ཀྱི་ཞབས་ལ་ཡན་ལག་ལྔས་ཕྱག་འཚལ་བ་དེའི་ཚེ་དེ་ལྟ་བུའི་མཚན་མ་དག་འབྱུང་བར་གྱུར་
ཅིག །གང་གི་ཚེ་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་པ་དེའི་ཚེ་སྐད་ཅིག་དེ་ཉིད་ལ་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་གྲངས་མེད་པ་དག་ཀྱང་རབ་ཏུ་གཡོས། ལྷའི་མེ་ཏོག་མན་དཱ་ར་བ་དག་གི་ཆར་ཡང་རབ་ཏུ་བབ། སེམས་
ཅན་ཐམས་ཅད་ཀྱང་ཇི་ལྟར་སྨོན་ལམ་བཏབ་པ་དེ་ལྟ་བུའི་བདེ་བ་དང་ལྡན་པར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཆོས་ཉན་པ་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་རྒྱུ་གང་དང་
རྐྱེན་གང་གིས་ན་འདི་ལྟ་བུའི་མཚན་མ་དག་བྱུང་བར་གྱུར་ཅེས་ཡོངས་སུ་ཞུས་ནས། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཀྱང་འཇམ་དཔལ་གཞོན་ནུར་གྱུར་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དང་། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། བློ་གྲོས་མཆོག་རབ་ཡངས་པའི་བློ་དང་ལྡན་པ་ལོངས། །ཕྱོགས་བཅུའི་འཇིག་རྟེན་མགོན་པོ་རྣམས་ཀྱིས་ཁྱོད་ལུང་བསྟན། །ས་གཡོས་སེམས་ཅན་རྣམས་ཀྱང་བདེ་བས་ཚིམ་པར་གྱུར། །མེ་ཏོག་ཆར་པ་རབ་འབབ་འཇིག་རྟེན་སངས་རྒྱས་
เล่ม ๕๐ · หน้า 183a
འགྱུར།། །།བམ་པོ་དྲུག་པ། རིགས་ཀྱི་བུ་དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་རྒྱལ་བུ་བཞི་པ་ཉོན་མོངས་མེད་ཅེས་བྱ་བ་ལ་བོས་པ་དང་། ཇི་ལྟར་འཇམ་དཔལ་གྱིས་སྨོན་ལམ་བཏབ་པ་ལྟར་སྔ་མ་བཞིན་དུ་སྦྱར་རོ། །བཅོམ་
ལྡན་འདས་ཀྱིས་དེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁྱོད་བྱང་ཆུབ་སེམས་དཔར་གྱུར་པ་ན་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་གི་ཉོན་མོངས་པའི་རི་འཇོམས་པར་འགྱུར་ཞིང་། སངས་རྒྱས་ཀྱི་མཛད་
པ་ཡང་བྱེད་པར་འགྱུར་ལ། དེའི་འོག་ཏུ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བས་རིགས་ཀྱི་བུ་དེའི་ཕྱིར་ཁྱོད་རྡོ་རྗེས་གཅོད་པའི་ཤེས་རབ་སྣང་བའི་དཔལ་ཞེས་བྱ་བར་གྱུར་ཅིག །རྡོ་རྗེས་གཅོད་པ་ཤེས་རབ་སྣང་བའི་
དཔལ་ཁྱོད་ནི་མ་འོངས་པའི་དུས་ན་བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གཅིག་གི་བྱེ་མ་སྙེད་འདས་ནས་བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་གཉིས་པ་ལ་བབ་པ་ན་ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བཅུའི་བྱེ་མ་སྙེད་ཀྱི་
རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་འདས་པ་དེ་ན་འཇིག་རྟེན་གྱི་ཁམས་མིག་མི་འཛུམས་ཞེས་བྱ་བ་ཞིག་ཡོད་དེ། རིགས་ཀྱི་བུ་ཁྱོད་དེར་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་
བཟང་པོ་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ། །ཁྱོད་ཀྱི་སངས་རྒྱས་ཀྱི་ཞིང་ཡང་སྨོན་ལམ་
ཇི་ལྟར་བཏབ་པ་དེ་ལྟ་བུའི་ཡོན་ཏན་བཀོད་པ་དུ་མ་དང་ལྡན་པར་འགྱུར་རོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས། བྱང་ཆུབ་སེམས་དཔའ་རྡོ་རྗེས་གཅོད་པ་ཤེས་རབ་སྣང་བའི་དཔལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་མ་
เล่ม ๕๐ · หน้า 183b
ཐག་ཏུ་ནམ་མཁའི་དཀྱིལ་ནས་ལྷ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་གིས་ལེགས་སོ་ཞེས་བྱ་བ་བྱིན་ནས་ཙན་དན་ས་མཆོག་པ་དང་། ཙན་དན་སྦྲུལ་གྱི་སྙིང་པོ་དང་། ཨ་ག་རུ་དང་། རྒྱ་སྤོས་དང་། ཏ་མ་ལའི་ཕྱེ་མའི་ཆར་ཡང་རབ་ཏུ་ཕབ་བོ། །དེས་གསོལ་པ།
བཙུན་པ་བཅོམ་ལྡན་འདས་གལ་ཏེ་བདག་གི་རེ་བ་འདི་ལྟ་བུ་ཡོངས་སུ་རྫོགས་པར་འགྱུར་བ་ལྟ་ན། དེའི་སླད་དུ་གང་གི་ཚེ་བདག་བཅོམ་ལྡན་འདས་ཀྱི་ཞབས་ལ་ཡན་ལག་ལྔས་ཕྱག་འཚལ་བ་དེའི་ཚེ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ལྷའི་ལས་ཤིན་ཏུ་འདས་
པའི་སྤོས་རྒྱ་ཆེན་པོས་ཁྱབ་པར་གྱུར་ཅིག །འཇིག་རྟེན་གྱི་ཁམས་དེར་སེམས་ཅན་དམྱལ་བ་པའམ། དུད་འགྲོའི་སྐྱེ་གནས་པའམ། གཤིན་རྗེའི་འཇིག་རྟེན་པའམ། ལྷའམ། མིའམ། སེམས་ཅན་གང་དག་སྐྱེས་པར་གྱུར་པའི་སེམས་ཅན་དེ་དག་ཐམས་
ཅད་ཀྱིས་དྲི་དེ་ཚོར་བར་འགྱུར་ཞིང་། ཇི་སྲིད་དུ་བདག་གི་མགོ་བོས་ལ་རེག་པ་དེ་སྲིད་དུ་དེ་དག་གི་ལུས་ཀྱི་ནད་དང་། ལུས་ཀྱི་སྡུག་བསྔལ་བ་དང་། སེམས་ཀྱི་ནད་དང་། སེམས་ཀྱི་སྡུག་བསྔལ་བ་དག་ཀྱང་མྱུར་དུ་རབ་ཏུ་ཞི་བར་གྱུར་ཅིག །རིགས་ཀྱི་བུ་དེ་ནས་བྱང་
ཆུབ་སེམས་དཔའ་རྡོ་རྗེས་གཅོད་པ་ཤེས་རབ་སྣང་བའི་དཔལ་གྱིས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་ཞབས་ལ་ཡན་ལག་ལྔས་ཕྱག་བྱས་པ་དང་། དེ་ནས་དེའི་མོད་ལ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཀྱང་ལྷའི་ལས་ཤིན་ཏུ་འདས་པའི་སྤོས་རྒྱ་ཆེན་
པོས་ཁྱབ་པར་གྱུར། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནད་དང་། སེམས་ཀྱི་ནད་དང་། ལུས་ཀྱི་སྡུག་བསྔལ་དང་། སེམས་ཀྱི་སྡུག་བསྔལ་བ་ཡང་རབ་ཏུ་ཞི་ཞིང་རྒྱུན་ཆད་པར་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེས་འཇོམས་
པར་བྱེད་པ་ལོངས། །ཞིང་མང་སྤོས་ཀྱིས་ཁྱབ་གྱུར་ཏེ། །སེམས་ཅན་བདེ་དང་དགའ་བྱེད་པ། །འཇིག་རྟེན་མཆོག་གི་ཡབ་ཏུ་འགྱུར། །རིགས་ཀྱི་བུ་དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་རྒྱལ་བུ་ལྔ་པ་འཇིགས་མེད་ཅེས་བྱ་བ་ལ་ཡང་སྔ་མ་བཞིན་དུ་སྦྱར་ཏེ། བཙུན་པ་བཅོམ་
เล่ม ๕๐ · หน้า 184a
ལྡན་འདས་བདག་ནི་སངས་རྒྱས་ཀྱི་ཞིང་ཉོན་མོངས་པ་ཅན་འདི་འབའ་ཞིག་ཏུ་མ་ལགས་ཀྱི་གང་ན་སེམས་ཅན་དམྱལ་བ་མ་མཆིས་པ་དང་། དུད་འགྲོའི་སྐྱེ་གནས་མ་མཆིས་པ་དང་། གཤིན་རྗེའི་འཇིག་རྟེན་མ་མཆིས་པར་འགྱུར་བ་དང་།
གང་ནས་གཞི་བཻ་དཱུརྱ་སྔོན་པོ་ལས་གྲུབ་པར་འགྱུར་བ་དང་། རྒྱ་ཆེར་ནི་འཇིག་རྟེན་གྱི་ཁམས་པད་མའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཇི་ལྟ་བུ་དེ་ལྟར་བརྗོད་པར་བྱ་སྟེ། དེར་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱིའོ་ཞེས་རྒྱལ་བུ་འཇིགས་མེད་ཀྱིས་དེ་བཞིན་
གཤེགས་པ་རིན་པོ་ཆེའི་སྙིང་པོའི་སྤྱན་སྔར་པད་མ་བཞག་སྟེ་གསོལ་པ། བཙུན་པ་བཅོམ་ལྡན་འདས་གལ་ཏེ་བདག་གི་རེ་བ་འདི་ལྟ་བུ་ཡོངས་སུ་རྫོགས་པར་འགྱུར་བ་ལྟ་ན། དེའི་སླད་དུ་བཅོམ་ལྡན་འདས་ཀྱི་མཐུས་བདག་གིས་ཏིང་ངེ་འཛིན་བཀོད་པ་སྣང་བ་ཞེས་བགྱི་བ་
ཐོབ་པར་འགྱུར་ཞིང་། དེས་བདག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་ཡང་པད་མ་ཤིང་རྟའི་ཕང་ལོ་ཙམ་པའི་མེ་ཏོག་གི་ཆར་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་རབ་ཏུ་འབེབས་པར་
འགྱུར་ལ། བདག་གིས་ཀྱང་མཐོང་བར་གྱུར་ཅིག །ཚིག་དེ་བརྗོད་མ་ཐག་ཏུ་སངས་རྒྱས་ཀྱི་མཐུས་ཏིང་ངེ་འཛིན་སྣང་བ་བཀོད་པ་ཞེས་བྱ་བ་ཐོབ་པར་གྱུར་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་པད་མ་ཤིང་རྟའི་ཕང་ལོ་ཙམ་པའི་མེ་
ཏོག་གི་ཆར་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་ཀྱང་རབ་ཏུ་བབ་པར་གྱུར་ཏོ། །རྒྱལ་བུ་གཞོན་ནུ་འཇིགས་མེད་ཀྱིས་དེ་མཐོང་ནས་ཤིན་ཏུ་དགའ་ཞིང་ཡིད་བདེ་བ་སྐྱེས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་ནི་ཤིན་
ཏུ་སྨོན་ལམ་བཟང་པོ་བཏབ་སྟེ། སངས་རྒྱས་ཀྱི་ཞིང་བཟང་པོ་ཡང་ཡོངས་སུ་བླངས། ཁྱོད་ཀྱིས་ཏིང་ངེ་འཛིན་ཀྱང་ཤིན་ཏུ་མྱུར་བར་ཐོབ། བདེན་པའི་ཚིག་གིས་པད་མའི་ཆར་ཡང་རབ་ཏུ་བབ་བོ། །དེས་གསོལ་པ། གལ་ཏེ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་
เล่ม ๕๐ · หน้า 184b
པའི་བྱང་ཆུབ་ཏུ་རེ་བ་ཡོངས་སུ་རྫོགས་པར་འགྱུར་བ་ལྟ་ན། དེའི་སླད་དུ་པད་མ་འདི་དག་ནམ་མཁའ་ལ་གནས་པར་གྱུར་ལ། དེ་ལྟར་ནམ་མཁའ་ལ་གནས་ནས་ཆར་བཞིན་དུ་ཡང་བབ་པར་གྱུར་ཅིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ནམ་མཁའ་
ལ་པད་མ་དག་གིས་ཤིན་ཏུ་མྱུར་བར་རྒྱས་བཏབ་པས་ན་དེའི་ཕྱིར་རིགས་ཀྱི་བུ་ཁྱོད་ཀྱང་ནམ་མཁའི་ཕྱག་རྒྱ་ཞེས་བྱ་བར་གྱུར་ཅིག །ནམ་མཁའི་ཕྱག་རྒྱ་ཁྱོད་ནི་མ་འོངས་པའི་དུས་ན་བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གཅིག་གི་བྱེ་མ་སྙེད་འདས་ནས་གྲངས་མེད་པ་གཉིས་པ་
ལ་བབ་པ་ན་ཤར་ལྷོའི་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བྱེ་བ་ཕྲག་འབུམ་གྱི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་པད་མ་ཞེས་བྱ་བ་ཞིག་ཡོད་དེ། ཁྱོད་དེར་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མ་དམ་པ་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བའི་བར་དུ་འགྱུར་རོ། །བྱང་ཆུབ་སེམས་དཔའ་འབའ་ཞིག་གི་དགེ་འདུན་ཡང་ཚད་མེད་པར་འགྱུར་ལ། ཁྱོད་ཀྱི་ཚེ་ཡང་དཔག་ཏུ་མེད་པར་འགྱུར་
ཏེ། ཇི་ལྟར་སྨོན་ལམ་བཏབ་པའི་ཡོན་ཏན་དེ་དག་ཐམས་ཅད་དང་ལྡན་པ་ཡང་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ནམ་མཁའི་ཕྱག་རྒྱས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་ཞབས་ལ་མགོ་བོས་གཏུགས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
ཉོན་མོངས་རྙོག་པ་ཞི་བར་བྱེད་གྱུར་ཅིང་། །ཞིང་རྡུལ་སྙེད་ཀྱི་ཡོན་ཏན་འཆང་གྱུར་པ། །སྔོན་གྱི་རྒྱལ་བཞིན་བྱང་ཆུབ་འཐོབ་འགྱུར་ཞིང་། །འགྲོ་བ་དག་ལ་ཕན་པ་བྱེད་པར་འགྱུར། །རིགས་ཀྱི་བུ་དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་རྒྱལ་བུ་དྲུག་པ་ནམ་མཁའ་ཞེས་བྱ་བ་ལ་སྨྲས་
པ་དང་། སངས་རྒྱས་ཀྱི་ཞིང་ཉོན་མོངས་པ་ཅན་འདི་འབའ་ཞིག་ཏུ་མ་ལགས་ཀྱི་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་ནམ་མཁའི་ཕྱག་རྒྱས་སྨོན་ལམ་ཇི་ལྟར་བཏབ་པ་བཞིན་ནོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ། །བཙུན་པ་བཅོམ་ལྡན་འདས་གལ་ཏེ་བདག་གི་རེ་བ་འདི་
ที่มาและสัญญาอนุญาต
ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด