ตัวบทไม่มีชื่อ — ประโยคแรก: སངས་རྒྱས་ཀྱི་མཛོད་ཀྱི་ཆོས་ཀྱི་ཡི་གེ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๕๔ · หน้า 153b
སངས་རྒྱས་ཀྱི་མཛོད་ཀྱི་ཆོས་ཀྱི་ཡི་གེ །བམ་
པོ་གཅིག་པ། མིང་གཅིག་ནི་ཆོས་སོ་ཅོག་ལས་གདམས་པ་བསྩལ་པའོ། །སངས་རྒྱས་ཀྱིས་སངས་རྒྱས་ཀྱི་མཛོད་བཤད་པའི་ཡི་གེའི་ལེའུ་དང་པོ་སྟེ། ཆོས་སོ་ཅོག་གི་བདེན་པའི་མཚན་མའི་ལེའུའོ།། །།འདི་བཞིན་བདག་གིས་ཐོས་པ་དུས་གཅིག་ན། སངས་རྒྱས་
མཁར་རྒྱལ་པོའི་ཁབ་ཀྱི་རི་ཁུ་མཐའི་རི་ལ། དགེ་སློང་ཆེན་པོ་རྣམས་དང་ལྷན་ཅིག་ཏུ་བཞུགས་ཏེ། ཀུན་ཀྱང་ཕལ་གྱིས་ཤེས་རིག་པ་དང་། མུ་མེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤ་སྟག་སྟེ། དཔག་ཏུ་མེད་གྲངས་མེད་དོ། །དེའི་ཚེ་ཤཱ་རིའི་བུ་ཏིང་ངེ་འཛིན་ནས་བྱུང་སྟེ། སངས་རྒྱས་
ཀྱི་ཐད་དུ་སོང་ནས་ཕྲག་པ་གཡས་པ་ཕྱུང་སྟེ། མགོ་དང་གདོང་གིས་ཕྱག་འཚལ་ནས་སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས་ཡང་དག་པར་གཤེགས་པས་བཤད་པ། ཆོས་སོ་ཅོག་ཀུན་སྐྱེ་བ་ཡང་མེད། འགོག་པ་ཡང་མེད། མཚན་མ་ཡང་མེད། བྱ་བ་ཡང་མེད་ན། མི་རྣམས་ཡིད་ཆེས་
ཤིང་ཤེས་པར་བགྱིས་པ་ཡོད་པ་དཀོན་ནོ། །སངས་རྒྱས་ཀྱིས་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཁྱོད་ཀྱིས་བསོད་ནམས་ཇི་ཞིག་མཐོང་ན། ཡང་དག་པར་གཤེགས་པས་བཤད་པ། ཆོས་སོ་ཅོག་ཀུན་ལ་སྐྱེ་བ་མེད། འགོག་པ་མེད། མཚན་མ་མེད། བྱ་བ་མེད་ན། མི་ཀུན་ཡིད་ཆེས་ཤིང་ཤེས་པར་
བྱས་པ་དཀོན་ནོ་ཞེས་བསྟོད། ཤཱ་རིའི་བུས་སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས་བདེན་པ་མ་མཆིས་ན་ཁོར་མོར་སེམས་འདི་སྙམ་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་མིང་དང་མཚན་མ་མེད་པའི་ཆོས་ལ་ནི་མིང་དང་མཚན་མས་བཤད། ངག་དང་ཚིག་མེད་པའི་ཆོས་ལ་ནི་ངག་དང་ཚིག་གིས་
བཤད་པ་དེའི་དོན་བསམས་ན་ཡོད་པ་དཀོན་པའི་སེམས་སྐྱེས་སོ། །སངས་རྒྱས་ཀྱིས་ཤཱ་རིའི་བུ་ལ་བཀའ་སྩལ་པ། དེ་ཡིན་ནོ། །དེ་ཡིན་ནོ། །དོན་ཡོད་པ་དཀོན་ཏེ་རབ་ཏུ་ཡོད་པ་དཀོན་པས་ན་སངས་རྒྱས་རྣམས་ཀྱི་བླ་ན་མེད་པ་གཡུང་དྲུང་རྫོགས་པའི་བྱང་ཆུབ་ཅེས་བྱའོ། །ཤཱ་རིའི་བུ་དཔེར་ན་རི་
เล่ม ๕๔ · หน้า 154a
མོ་མཁན་མཁས་པས་ནམ་མཁའ་ལ་བྲིས་ཏེ། ཁ་དོག་དང་གཟུགས་རྣམ་པ་ཅི་ཡང་སྣང་བར་བྱས་ན་ཁྱོད་ཀྱི་ཡིད་ལ་ཇི་སྙམ་དུ་སེམས། རི་མོ་མཁན་དེ་ཡོད་པ་དཀོན་ནམ་མི་དཀོན། བཅོམ་ལྡན་འདས་དཀོན་ལགས་སོ། །ཤཱ་རིའི་བུ་ཡང་དག་པར་གཤེགས་པས་འཐོབ་པའི་བླ་
ན་མེད་པ་གཡུང་དྲུང་རྫོགས་པའི་བྱང་ཆུབ་ཀྱིས་ཆོས་སོ་ཅོག་ལ་སྐྱེ་བ་ཡང་མེད། འགོག་པ་ཡང་མེད། མཚན་མ་ཡང་མེད་བྱ་བ་ཡང་མེད་པར་བཤད་ན། མི་ཀུན་ཡིད་ཆེས་ཤིང་ཤེས་པར་བྱས་པ་ནི་ཆེས་ཀྱིས་ཡོད་པ་དཀོན་ནོ། །ཅིའི་ཕྱིར་བྱས་ན་མིང་དང་མཚན་མ་མེད་པའི་ཆོས་ལ་བསམ་པ་ཡང་མེད།
ཐོབ་པ་ཡང་མེད། སྤྱད་པ་ཡང་མེད་དེ། བསམ་གྱིས་མི་ཁྱབ་ཅིང་སེམས་ཀྱིས་གནས་ཤིང་རྟེན་པ་ཡང་མ་ཡིན། འདྲན་ཏོར་དུ་བརྗོད་པ་ཡང་མེད། འདྲན་ཏོར་དུ་བརྗོད་ཅིང་། རྟེན་གནས་སུ་རུང་བ་ཡང་མ་ཡིན། ཚོར་བ་ཡང་མེད། བརྟགས་པ་ཡང་མེད། ཇིས་བསྡུ་བ་ཡང་མེད།
སེམས་ལ་ཡང་མི་འདུག །ཐོབ་པས་ཐོབ་པ་ཡང་མེད། ཚུ་ལོགས་ཀྱང་མེད། ཕ་ལོགས་ཀྱང་མེད། རྣམ་པར་རྟོག་པ་ཡང་མེད། གཡོ་བ་ཡང་མེད། རང་བཞིན་ཡང་མེད། ཕྱི་མོ་ནས་རང་སྟོང་པས་བསམ་དུ་ཡང་མི་རུང་འབྱུང་དུ་ཡང་མི་རུང་སྟེ། འཇིག་རྟེན་ཐམས་ཅད་ཀྱིས་ཡིད་ཆེས་
པར་མི་ནུས་པ་དེ་ལྟ་བུའི་མིང་མཚན་མ་མེད་པའི་ཆོས་མིང་དང་མཚན་མས་བཤད་དེ། དེ་ལྟ་བུའི་ནི་ཆོས་སོ་ཅོག་ཀུན་སྐྱེ་བ་ཡང་མེད། འགོག་པ་ཡང་མེད། མཚན་མ་ཡང་མེད། བྱ་བ་ཡང་མེད་པས་མི་ཀུན་ཡིད་ཆེས་ཤིང་ཤེས་པར་བྱ་བ་ནི་ཕྱེད་ཀྱིས་ཡོད་དཀོན་ནོ། །ཤཱ་རིའི་བུ་མི་ལ་ལ་ཞིག་
གིས་རི་རབ་རིའི་རྒྱལ་པོ་བལྡད་དེ། མིད་ལ་ཞུ་ཞིང་ཟད་པར་བྱ་ནུས་ལ་ནམ་མཁའ་ལ་འཕུར་ཏེ་སོང་ན། གནོད་པ་མེད་པ་དེ་ཁྱོད་ཀྱི་ཡིད་ལ་ཇི་སྙམ། ཡོད་དཀོན་ནམ་མི་དཀོན། བཅོམ་ལྡན་འདས་དཀོན་ལགས་སོ། །ཤཱ་རིའི་བུ་སངས་རྒྱས་རྣམས་ཀྱིས་བཤད་པ་ལ། ཆོས་སོ་ཅོག་
ཀུན་ལ་སྐྱེ་བའང་མེད། འགོག་པའང་མེད། མཚན་མ་ཡང་མེད། བྱ་བ་ཡང་མེད་ན། མི་ཀུན་ཡིད་ཆེས་ཤིང་ཤེས་པར་བྱས་པ་ནི་ཕྱེད་ཀྱིས་ཡོད་དཀོན་ནོ། །ཤཱ་རིའི་བུ་དཔེར་མིའི་མཁར་ཆུ་ཞེང་མཐོན་དམན་དཔག་ཚད་རེ་རེ་ཡོད་ལ་སྒོ་བཞིར་མེ་ལྕེ་བྱུང་བ་ལ་མི་ཞིག་ཁུར་དུ་རྩྭ་སྐམ་
เล่ม ๕๔ · หน้า 154b
པོ་ཁྱེར་ཏེ་དེའི་ནང་ནས་ཕར་རྒལ་བ། རླུང་དྲག་པོས་བུས་པའི་མེ་ལྕེས་དེའི་ལུས་བསྲེགས་ན་མི་དེས་མེས་རྩྭའང་མ་ཚིག །ལུས་ཀྱང་ཚིག་པར་བྱ་བ་མ་ནུས་ཏེ། དེའི་ནང་ནས་བྱུང་སྟེ་སྔོན་གྱི་དང་མི་མཚུངས་པ་མེད་པ་དེ་ཁྱོད་ཀྱི་ཡིད་ལ་ཇི་སྙམ་ཡོད། དཀོན་ནམ་མི་དཀོན། བཅོམ་ལྡན་
འདས་དཀོན་ལགས་སོ། །ཤཱ་རིའི་བུ་ཡང་དག་པར་གཤེགས་པས་བཤད་པ། ཆོས་སོ་ཅོག་ཀུན་ལ་སྐྱེ་བ་མེད། འགོག་པ་མེད། མཚན་མ་མེད། བྱ་བ་མེད་ན་མི་ཀུན་ཡིད་ཆེས་ཤིང་ཤེས་པར་བྱས་པ་ཕྱེད་ཀྱིས་ཡོད་དཀོན་ནོ། །ཤཱ་རིའི་བུ་དཔེར་མི་ལ་ལ་ཞིག་གིས་རྡོ་ལ་གཟིངས་སུ་
བྱས་ཏེ། མཚོའི་ཚུ་ལོགས་ཀྱི་འགྲམ་ནས་ཕ་ལོགས་ཀྱི་འགྲམ་དུ་ཕྱིན་པར་རྒལ་ན་དེ་ཁྱོད་ཀྱི་ཡིད་ལ་ཇི་སྙམ་ཡོད། དཀོན་ནམ་མི་དཀོན། བཅོམ་ལྡན་འདས་དཀོན་ལགས་སོ། །ཤཱ་རིའི་བུ་ཡང་དག་པར་གཤེགས་པས་བཤད་པ། ཆོས་སོ་ཅོག་ཀུན་ལ་སྐྱེ་བ་མེད། འགོག་
པ་མེད། མཚན་མ་མེད། བྱ་བ་མེད་ན། མི་ཀུན་ཡིད་ཆེས་ཤིང་ཤེས་པར་བྱས་པ་ཕྱེད་ཀྱིས་ཡོད་དཀོན་ནོ། །ཤཱ་རིའི་བུ་མི་ལ་ལ་ཞིག་གིས་གནམ་ངོས་བཞིའི་འོག་རི་རབ་རིའི་རྒྱལ་པོ་དང་། རི་དང་། ཆུ་བོ་དང་། རྩྭ་དང་། ཤིང་ཀུན་ཁུར་དུ་ཁྱེར་ལ། སྦྲང་བུའི་རྐང་པས་སྐས་
བྱས་ཏེ། ཚངས་ལྷའི་ཁམས་སུ་ཐུག་པར་འཛེགས་ན་དེ་ཁྱོད་ཀྱི་ཡིད་ལ་ཇི་སྙམ་ཡོད་དཀོན་ནམ་མི་དཀོན། བཅོམ་ལྡན་འདས་དཀོན་ལགས་སོ། །ཤཱ་རིའི་བུ་ཡང་དག་པར་གཤེགས་པས་བཤད་པ། ཆོས་སོ་ཅོག་ཀུན་ལ་སྐྱེ་བ་ཡང་མེད། འགོག་པ་ཡང་མེད། མཚན་མ་ཡང་
མེད། བྱ་བ་ཡང་མེད་ན། མི་ཀུན་ཡིད་ཆེས་ཤིང་ཤེས་པར་བྱས་པ་ཕྱེད་ཀྱིས་དཀོན་ནོ། །ཤཱ་རིའི་བུ་ཡང་དཔེར་པད་མའི་ཁ་ཆུ་ཆར་གྱི་ཉག་མས་རི་རབ་རིའི་རྒྱལ་པོ་སྤངས་ཏེ་ནམ་མཁའ་ལ་འདུག་ན། དེ་ཁྱོད་ཀྱི་ཡིད་ལ་ཇི་སྙམ། ཡོད་དཀོན་ནམ་མི་དཀོན། བཅོམ་ལྡན་འདས་
དཀོན་ལགས་སོ། །ཤཱ་རིའི་བུ་ཡང་དག་པར་གཤེགས་པས་བཤད་པ། ཆོས་སོ་ཅོག་ཀུན་ལ་སྐྱེ་བ་ཡང་མེད། འགོག་པ་ཡང་མེད། མཚན་མ་ཡང་མེད། བྱ་བ་ཡང་མེད་ན། མི་ཀུན་ཡིད་ཆེས་ཤིང་ཤེས་པར་བྱས་པ་ཕྱེད་ཀྱིས་དཀོན་ནོ། །ཤཱ་རིའི་བུ་དཔེར་ན་བསྐལ་པ་
เล่ม ๕๔ · หน้า 155a
ཟད་པའི་མེ་ཆེན་པོས་བསྲེགས་པའི་ཚེ། མི་ཞིག་གིས་མཆིལ་མ་ཐབས་ཅིག་བཏབ་པས་མེ་དེ་ཤི་བར་ནུས། ཡང་ཐབས་ཅིག་བུས་པས་སླར་འཇིག་རྟེན་གྱི་ཁམས་དང་ལྷ་རྣམས་ཀྱི་ཕོ་བྲང་དུ་གྱུར་པར་ནུས་པ་དེ་ཁྱོད་ཀྱི་ཡིད་ལ་ཇི་སྙམ། ཡོད་དཀོན་ནམ་མི་དཀོན། བཅོམ་
ལྡན་འདས་དཀོན་ལགས་སོ། །ཤཱ་རིའི་བུ་ཡང་དག་པར་གཤེགས་པས་བཤད་པ། ཆོས་སོ་ཅོག་ཀུན་ལ་སྐྱེ་བ་ཡང་མེད། འགོག་པ་ཡང་མེད། མཚན་མ་ཡང་མེད། བྱ་བ་ཡང་མེད་ན། མི་ཀུན་ཡིད་ཆེས་ཤིང་ཤེས་པར་བྱས་པ་ནི་ཕྱེད་ཀྱིས་ཡོད་དཀོན་ནོ། །ཤཱ་རིའི་བུ་ཆུ་
བོ་གང་གཱ་ཆེ་ཞིང་ཡངས་པ་ནི་དཔག་ཅིང་ཚད་གཟུང་དུ་མེད་དོ། །བཅོམ་ལྡན་འདས་འདི་ལགས་སོ། །ཤཱ་རིའི་བུ་གནམ་ངོས་བཞིའི་འོག་ན་ཆར་པ་ཆེན་པོ་ཁྱབ་པར་བབ་སྟེ། ཆར་པའི་ཐིགས་པ་ནི་ཆུ་བོ་གང་གཱ་ཙམ་ན། མི་ལ་ལ་ཞིག་གིས་ལག་པས་ཆར་པའི་ཐིགས་པ་བཟེད་
དེ་ལྷུང་ཞིང་ཟག་པ་མེད་ན་དེ་ཁྱོད་ཀྱི་ཡིད་ལ་ཇི་སྙམ། ཡོད་དཀོན་ནམ་མི་དཀོན། བཅོམ་ལྡན་འདས་དཀོན་ལགས་སོ། །ཤཱ་རིའི་བུ་ཡང་དག་པར་གཤེགས་པས་བཤད་པ་ཆོས་སོ་ཅོག་ཀུན་ལ་སྐྱེ་བ་ཡང་མེད། འགོག་པ་ཡང་མེད། མཚན་མ་ཡང་མེད། བྱ་བ་ཡང་མེད་ན།
མི་ཀུན་ཡིད་ཆེས་ཤིང་ཤེས་པར་བྱས་ན་ཕྱེད་ཀྱིས་ཡོད་དཀོན་ནོ། །ཤཱ་རིའི་བུ་རི་རབ་རིའི་རྒྱལ་པོ་མཐོ་ཞིང་ཆེའམ་མི་ཆེ། བཅོམ་ལྡན་འདས་མཐོ་ཞིང་ཆེའོ། །ཤཱ་རིའི་བུ་གནམ་ངོས་བཞིའི་ནང་ན་ཁྱབ་པར་རྡོ་ཆེན་པོའི་ཆར་བབ་སྟེ། ཀུན་རི་རབ་རིའི་རྒྱལ་པོ་ཙམ་ན། མི་ལ་ལ་
ཞིག་གིས་ལག་པས་རྡོ་དེ་དག་བཟེད་ཅིང་བསྡུས་ཏེ། སྐེ་ཚེའི་འབྲས་བུ་ཙམ་ཡང་ལྷུང་ཞིང་ཟག་པ་མེད་པ་དེ་ཁྱོད་ཀྱི་ཡིད་ལ་ཇི་སྙམ། དཀོན་ནམ་མི་དཀོན། བཅོམ་ལྡན་འདས་དཀོན་ལགས་སོ། །ཤཱ་རིའི་བུ་ཡང་དག་པར་གཤེགས་པས་བཤད་པ། ཆོས་སོ་ཅོག་ཀུན་
ལ་སྐྱེ་བ་ཡང་མེད། འགོག་པ་ཡང་མེད། མཚན་མ་ཡང་མེད། བྱ་བ་ཡང་མེད་ན། མི་ཀུན་ཡིད་ཆེས་ཤིང་ཤེས་པར་བྱས་པ་ཕྱེད་ཀྱིས་ཡོད་དཀོན་ནོ། །ཤཱ་རིའི་བུ་དཔེར་ན་མི་ལ་ལ་ཞིག་གིས་སེམས་ཅན་ཐམས་ཅད་ལག་པ་གཡོན་པར་བཞག་ལ། ལག་པ་གཡས་
เล่ม ๕๔ · หน้า 155b
པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་། རི་རབ་དང་། ཆུ་བོ་དང་། རྩི་ཤིང་བཏེག་སྟེ། སེམས་ཅན་དེ་རྣམས་ཐམས་ཅད་སེམས་འཐུན་པར་དགའ་སྐྱིད་ཅིང་ཡིད་ལ་ཐ་དད་པ་མེད་པར་བྱ་ནུས་ན་དེ་ཁྱོད་ཀྱི་ཡིད་ལ་ཇི་སྙམ། ཡོད་དཀོན་ནམ་མི་དཀོན། བཅོམ་
ལྡན་འདས་དཀོན་ལགས་སོ། །ཤཱ་རིའི་བུ་ཡང་དག་པར་གཤེགས་པས་བཤད་པ་ཆོས་སོ་ཅོག་ཀུན་ལ་སྐྱེ་བ་ཡང་མེད། འགོག་པ་ཡང་མེད། མཚན་མ་ཡང་མེད། བྱ་བ་ཡང་མེད་ན། མི་ཀུན་ཡིད་ཆེས་ཤིང་ཤེས་པར་བྱས་པ་ཕྱེད་ཀྱིས་ཡོད་དཀོན་ནོ། །ཤཱ་རིའི་བུ་ཡང་དག་
པར་གཤེགས་པས་བཤད་པ་ཆོས་ཀུན་ལ་ངོ་བོ་ཉིད་མེད་དེ། སྟོང་པ་ཅི་ཡང་མེད་པས་འཇིག་རྟེན་ཐམས་ཅད་ཀྱིས་ཡིད་ཆེས་ཤིང་ཤེས་པར་དཀའོ། །ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཆོས་དེ་ལ་འདུ་ཤེས་མེད་དེ་འདུ་ཤེས་སོ་ཅོག་དང་བྲལ་ལོ། །བསམ་པ་མེད་དེ་བསམ་པའོ་ཅོག་དང་བྲལ་ལོ། །བླང་
བའང་མེད་དེ་དོར་བའང་མེད། འདྲན་ཏོར་ཡང་མེད། མྱ་ངན་ཚ་བའང་མེད། ཚུ་ལོགས་ཀྱི་འགྲམ་ཡང་མེད། ཕ་ལོགས་ཀྱི་འགྲམ་ཡང་མེད། སྐབས་ཀྱང་མེད། གཏི་མུག་མེད། རིག་པའང་མེད་དེ། ཚད་མེད་པའི་ཡེ་ཤེས་ཀྱིས་ན་གདོད་ཤེས་པར་རུང་སྟེ། བསམ་པས་ཤེས་
པར་ནུས་པ་མ་ཡིན་ནོ། །སྤྱད་པ་ཡང་མེད། འདུ་ཤེས་ཀྱང་མེད། མྱ་ངན་ཚ་བའང་མེད། དེ་བསམ་པ་མེད་ན། བསམ་པ་ཀུན་ལས་འདས། སེམས་མེད་ན་སེམས་ཀུན་ལས་འདས། ཕྱོགས་པའང་མེད། ལོག་པའང་མེད། བཅིངས་པའང་མེད། བཀྲོལ་བ་ཡང་མེད།
བདེན་པ་ཡང་མེད། མི་བདེན་པའི་ཆོས་ཀྱང་མེད། གཏི་མུག་ཀྱང་མེད། གཏི་མུག་གི་ཆོས་ཀྱང་མེད། གཏི་མུག་གི་དྲ་བ་ཡང་མེད། མིང་ཡང་མེད། ཚིག་མེད། བཤད་པ་མེད། མ་བཤད་པ་མེད། ཟད་པའང་མེད། མ་ཟད་པའང་མེད། སྤྱད་པའང་མེད། ལམ་ཡང་
མེད། ལམ་གྱི་འབྲས་བུ་ཡང་མེད། བྲལ་བ་མེད་ན་བྲལ་བ་རྣམས་ལས་འདས་ཏེ། བསམ་པའང་མེད། གོ་འདུན་འདྲེས་པའང་མེད། བླང་བའང་མེད། དོར་བའང་མེད། ཐོབ་པའང་མེད། ཐོབ་པར་ཡང་མི་རུང་། བདེན་པ་རྣམས་ཀྱང་བསལ། འདོད་ཆགས་དང་། ཞེ་
เล่ม ๕๔ · หน้า 156a
སྡང་དང་། གཏི་མུག་ཀྱང་བསལ་ཏེ། བདེན་པའང་མེད། བརྫུན་པའང་མེད། རྟག་པའང་མེད། མི་རྟག་པའང་མ་ཡིན། སྣང་བའང་མ་ཡིན། མི་སྣང་བ་ཡང་མ་ཡིན། མུན་པའང་མ་ཡིན། སྣང་བའང་མ་ཡིན། སེམས་ལ་མི་འདུག །ངོ་བོ་ཉིད་མེད། ངོ་བོ་ཉིད་
ཕྱི་མོ་ནས་སྟོང་པས། བདུད་ཕེབས་ཐུལ་བར་ནུས། མྱ་ངན་འཁྲུག་པ་ཕེབས་ཐུལ། ལྔ་ཕུང་ཕེབས་ཐུལ། འདུ་མཆེད་བཅུ་གཉིས་ཕེབས་ཐུལ། ཁམས་བཅྭ་བརྒྱད་ཕེབས་ཐུལ། ལྔ་ཕུང་ཡོད་ཅེས་འཆད་པ་ཕེབས་ཐུལ། འདུ་མཆེད་བཅུ་གཉིས་ཡོད་ཅེས་འཆད་པ་ཕེབས་ཐུལ། ཁམས་
བཅྭ་བརྒྱད་ཡོད་ཅེས་འཆད་པ་ཕེབས་ཐུལ། སེམས་ཅན་ཡོད་ཅེས་འཆད་པ་དང་། གང་ཟག་ཡོད་ཅེས་འཆད་པ་ཕེབས་ཐུལ། ཚེ་ཡོད་ཅེས་འཆད་པ་དང་། སྲོག་ཡོད་ཅེས་འཆད་པ་དང་། ཡོད་པ་ཡོད་ཅེས་འཆད་པ་དང་། ཡོད་པ་མེད་ཅེས་འཆད་པ་ཕེབས་ཐུལ་ལོ། །ཡོན་པོ་ཆད་པ་ཐམས་
ཅད་ཕེབས་ཐུལ་ལོ། །ཤཱ་རིའི་བུ་ངའི་འཕྲུལ་གྱི་ཆོས་འདིས་འདོད་ཆགས་ཐམས་ཅད་དང་། ཆོས་ཡོད་ཅེས་འཆད་པ་དང་། ཆོས་སོ་ཅོག་གི་ཡང་དག་པའི་བདེན་པའི་མཚན་མ་ལ་ཡིད་མི་ཆེས་མ་དད་པ་དང་། སངས་རྒྱས་ཀྱི་ཆོས་ལ་ཟློག་པ་ཀུན་ཕེབས་ཐུལ་བར་ནུས་སོ། །ཅིའི་ཕྱིར་
ཞེས་བྱས་ན། ཤཱ་རིའི་བུ་སེམས་ཅན་ལ་ལ་ཞིག་བདག་ཏུ་ལྟ་བར་འཆད། གང་ཟག་ཏུ་འཆད། སེམས་ཅན་ཡོད་པར་འཆད། མེད་པར་འཆད། རྟག་པ་སྙམ་དུ་འཆད། ཡོད་པ་སྙམ་དུ་འཆད། མེད་པ་སྙམ་དུ་འཆད་ཅིང་ཆོས་རྣམས་འཆད་པ་དང་། བརྙན་མའི་མིང་དུ་འཆད་
པ་དང་། འཆད་པ་ཀུན་ལ་སངས་རྒྱས་ལ་ཟློག་ཅིང་གསལ་བ་སྟེ། སངས་རྒྱས་དང་རྩོད་པའོ། །ཤཱ་རིའི་བུ་ཆོས་ལ་ཅུང་ཟད་ཅིག་ཐོབ་པར་འཛིན་པ་ཡན་ཆད་སངས་རྒྱས་དང་རྩོད་པའོ། །སངས་རྒྱས་དང་རྩོད་པ་ནི་ཀུན་ཡོན་པོའི་ལམ་དུ་འཇུག་པ་སྟེ། ངའི་སློབ་མ་མ་ཡིན་
ནོ། །ངའི་སློབ་མ་མ་ཡིན་ན་མྱ་ངན་ལས་འདས་པ་དང་རྩོད་པ། སངས་རྒྱས་དང་རྩོད་པ། ཆོས་དང་རྩོད་པ། དགེ་འདུན་དང་རྩོད་པ་སྟེ། ཤཱ་རིའི་བུ་དེ་ལྟར་མཐོང་བའི་མི་ནི་ངས་ཁྱིམ་ནས་བྱུང་ཞིང་། ཚུལ་ཁྲིམས་མནོད་དུ་མ་གནང་ངོ་། །ཤཱ་རིའི་བུ་དེ་ལྟར་མཐོང་བའི་མི་ནི་ངས་ཆུ་རྔུབ་
เล่ม ๕๔ · หน้า 156b
གཅིག་དང་། ཡོན་ལེན་དུའང་མ་གནང་ངོ་། །ཤཱ་རིའི་བུ་མི་ལ་ལ་ཞིག་དེ་ལྟ་བུར་མི་དགེ་བའི་འདོད་ཆགས་ཀྱི་དོན་བསལ་བཏང་བ་ནི་ངའི་ཆོས་ཀྱི་ནང་དུ་ཁྱིམ་ནས་འབྱུང་ཞིང་ཆོས་ལ་མ་ཚོལ་ཏེ། མྱ་ངན་ལས་འདས་པར་ཡང་མི་སེམས། མྱ་ངན་ལས་འདས་པའི་སེམས་ཀྱང་མི་བྱེད། མྱ་ངན་
ལས་འདས་པ་ལའང་མ་ཆགས་ཏེ། མཐའ་ཡུན་དུ་སྟོང་པའི་ཆོས་ཀྱིས་མ་དངངས། མ་སྐྲག་པ་དེ་ལྟ་བུའི་མི་ཡང་ཆོས་ཀུན་འཆད་པའི་ཕྱིར་བརྩོན་འགྲུས་པ་ལ་སྤྱོད་ན། མི་དགེ་བ་ལ་འདོད་ཆགས་པ་དེ་ལྟ་བུའི་ལྟ་སྨོས་ཀྱང་ཅི་དགོས། བདག་ཏུ་ལྟ་བ་ལ་ཆགས་པ་དང་། སེམས་ཅན་ལ་ཆགས་པ་དང་། གང་ཟག་ལ་
ཆགས་པ་དང་། ཆོས་ལ་ཆགས་པ་དེ་ལྟ་བུའི་མིས་འདོད་ཆགས་རྣམས་བཅད་པའི་ཕྱིར་མཚན་མ་མེད་པའི་ཏིང་ངེ་འཛིན་འགྲུབ་པར་སྤྱད་སྦྱངས་ཏེ། མཚན་མ་མེད་པའི་ཏིང་ངེ་འཛིན་ལ་ཡང་མཚན་མ་མི་ལེན་ཏེ། མི་དེས་ཆོས་སོ་ཅོག་ཐམས་ཅད་ཀྱི་མཚན་ཉིད་གཅིག་ཡིན་པར་ཁོང་དུ་ཆུད་དེ།
དེ་ནི་མཚན་ཉིད་མེད་པའོ། །ཤཱ་རིའི་བུ་དེ་ལྟ་བུ་ནི་མིང་འཕྲུལ་གྱི་ཆོས་ཀྱིས་མཉེན་དུལ་བའི་ཆོས་ཀྱི་བཟོད་པ་ཞེས་བྱའོ། །མཉེན་དུལ་བའི་ཆོས་ཀྱི་བཟོད་པ་དེ་ལྟ་བུ་ཐོབ་ན། གདོད་མིང་ངའི་སློབ་མ་ཡིན་ཏེ། ཡོན་ཕུལ་བའང་ཞུ་བར་བྱ་ནུས་ལ་ལུང་སྟོན་པར་མ་མནོས་སོ། །ཅིའི་ཕྱིར་ཞེ་
ན་བྱས་ན། ཤཱ་རིའི་བུ་ངའི་ཡང་དག་པའི་བདེན་པའི་མཚན་མའི་ཆོས་འདི་ལ་འཇུག་ཏུའང་མི་རུང་། བླང་དུའང་མི་རུང་། དོར་དུའང་མི་རུང་། ཆགས་སུའང་མི་རུང་། བཤད་དུའང་མི་རུང་། སྨྲ་བའི་ཚིག་གི་ལམ་ཆད། དགའ་བའང་མེད། གཞའ་བའང་མེད། འདོད་ཅིང་དགའ་
བའི་སེམས་ཀྱང་ཆད་དེ། རྐྱེན་རྣམས་ཚོགས་པ་མེད། རྐྱེན་རྣམས་དང་བྲལ་བས་ཀྱང་ལམ་མེད། ལམ་ཆད། ལམ་མེད་པ་ལ་ཐུག་པར་སྨྲ་བའི་ཚིག་རྣམས་དང་། བརྗོད་ཅིང་འགྲོ་བ་དང་། སྒྲ་སྐད་ཀུན་ཆད། དེ་གཟུགས་ཀྱང་མེད། ཁ་དོག་ཀྱང་མེད། བླང་བའང་མེད། ཆགས་
པའང་མེད། སྤྱད་པའང་མེད། བདེན་པའང་མེད། བརྫུན་པའང་མེད། མུན་པའང་མེད། སྣང་བའང་མེད། ཞིག་པའང་མེད། རྩོད་པའང་མེད། འདུས་པའང་མེད། གྱེས་པའང་མེད། གཡོ་བའང་མེད། སེམས་པའང་མེད། རྣམ་པར་རྟོག་པའང་མེད། ཐོབ་པར་
เล่ม ๕๔ · หน้า 157a
མི་རུང་ངོ་། །དྲི་མའང་མེད། གཙང་བའང་མེད། མིང་ཡང་མེད། མཚན་མའང་མེད། སེམས་ཀྱིས་བགྲང་བའི་ཆོས་ཀྱང་མ་ཡིན། སེམས་ཀྱིས་ཤེས་པའང་མ་ཡིན་ཏེ། ངའི་ཆོས་འདིའི་ནང་ན་སྐྱེས་པའང་མེད། བུད་མེད་ཀྱང་མེད། ལྷའང་མེད། ཀླུའང་མེད།
གནོད་སྦྱིན་ཡང་མེད། དྲི་ཟ་ཡང་མེད། གྲུལ་བུམ་ཡང་མེད། ཤ་ཟ་ཡང་མེད། ཆད་པའང་མེད། རྟག་པའང་མེད། བདག་ཏུ་ལྟ་བའང་མེད། སེམས་ཅན་ཡང་མེད། གང་ཟག་ཀྱང་མེད། འོངས་པའང་མེད། སོང་བའང་མེད། ཞུགས་པའང་མེད། ཚུལ་ཁྲིམས་ཀྱང་མེད། ཉམས་
པའང་མེད། གཙང་བའང་མེད། དྲི་མའང་མེད། ཏིང་ངེ་འཛིན་ཀྱང་མེད། ཐུབ་པའང་མེད། ཐུབ་པའི་རྩ་བའང་མེད། བསམ་གཏན་ཡང་མེད། བསམ་གཏན་གྱི་རྩ་བ་ཡང་མེད། ཤེས་པའང་མེད། མཐོང་བའང་མེད། འདོད་པའང་མེད། རྩོད་པའང་མེད། ལམ་ཡང་མེད།
ལམ་གྱི་འབྲས་བུ་ཡང་མེད། ཤེས་རབ་ཀྱང་མེད། ཤེས་རབ་ཀྱི་རྩ་བའང་མེད། སྣང་བའང་མེད། སྣང་བ་མེད་པའང་མེད། གྲོལ་ཐར་པའང་མེད། གྲོལ་ཐར་པ་མེད་པའང་མེད། འབྲས་བུའང་མེད། འབྲས་བུ་ཐོབ་པའང་མེད། སྟོབས་ཀྱང་མེད། སྟོབས་ཐོབ་པའང་མེད།
འཇིགས་པའང་མེད། འཇིགས་པ་མེད་པའང་མེད། སེམས་ཀྱང་མེད། སེམས་ཀྱི་རྩ་བའང་མེད། འདུག་པའང་མེད། འགྲོ་བའང་མེད། ཆོ་གའང་མེད། ཚུ་ལོགས་ཀྱང་མེད། ཕ་ལོགས་ཀྱང་མེད། དྲན་ཞིང་འདུ་ཤེས་ཀྱིས་རྣམ་པར་བརྟགས་པའང་མེད། བྱང་ཆུབ་ཀྱང་མེད།
བྱང་ཆུབ་ཀྱི་ཤས་ཀྱང་མེད། ཤེས་རབ་ཀྱང་མེད། ཤེས་རབ་མེད་པའང་མེད། སའང་མེད། ཆུའང་མེད། མེའང་མེད། རླུང་ཡང་མེད། སྡིག་ཀྱང་མེད། དཔལ་ཡོན་ཡང་མེད། ཆོས་ཀྱང་མེད། ཆོས་མེད་པའང་མེད། སྡུག་བསྔལ་ཡང་མེད། སྐྱིད་པའང་མེད་དེ། འདྲན་ཏོར་
བརྗོད་པ་ཐམས་ཅད་ཀྱི་རྩ་བའི་ཕྱི་མོ་ཀུན་བྱུང་སྟེ། ཐམས་ཅད་ཡོངས་སུ་བྲལ་བས་གྲངས་ཏེ་དུད་པའང་མེད་དོ། །ཤཱ་རིའི་བུ་གཅེས་པའི་ཚིག་བསྐྱོད་དོ། །ངའི་ཆོས་ཀྱིས་སེམས་སོ་ཅོག་ཐམས་ཅད་དང་། མཐོང་ངོ་ཅོག་ཐམས་ཅད་དང་། བདུད་ཐམས་ཅད་དང་། ལེ་ལོ་ཡང་སྐྱེ་བ་ཀུན་
เล่ม ๕๔ · หน้า 157b
བཤིག་སྟེ། དྲན་ཞིང་སེམས་པ་ཐམས་ཅད་ཀུན་གྱི་སེམས་སོ། །སྨྲ་བའི་ཚིག་ཐམས་ཅད་བསལ་ཏོ། །ངའི་ཆོས་དེའི་ནང་ན་རྟག་པ་མེད། རྟག་པ་མེད་པའང་མེད། སྡུག་བསྔལ་མེད། སྐྱིད་པའང་མེད། དྲི་མའང་མེད། གཙང་བའང་མེད། ཆད་པའང་མེད། རྟག་པའང་མེད། བདག་ཏུ་ལྟ་
བའང་མེད། སེམས་ཅན་ཡང་མེད། གང་ཟག་ཀྱང་མེད། ཚེའང་མེད། སྲོག་ཀྱང་མེད། སྐྱེ་བའང་མེད། འགོག་པའང་མེད། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཡང་དག་པར་གཤེགས་པས། ཆོས་ལ་ང་མེད། ང་ཞི་བ་ཡོད་པས་ན། མིང་མྱ་ངན་ལས་འདས་ཞེས་བྱ་ན། མྱ་ངན་
ལས་འདས་པ་ཐོབ་པའང་མ་མཐོང་། ཤཱ་རིའི་བུ་སངས་རྒྱས་ཀྱང་མྱ་ངན་ལས་འདས་པར་མི་སེམས་སོ། །མྱ་ངན་ལས་འདས་པའི་སེམས་ཀྱང་མི་བྱེད། མྱ་ངན་ལས་འདས་པ་ལ་འདོད་ཆགས་ཀྱང་མེད་དོ། །དེ་ལྟ་བས་ན་དེ་ནི་རབ་ཏུ་ངོ་མཚར་བར་མངོན་ཏེ་ཡོད་དཀོན་ནོ། །དེ་ནི་ཡང་དག་པར་
གཤེགས་པས་བཤད་པ་ཆོས་སོ་ཅོག་སྐྱེ་བའང་མེད། འགོག་པའང་མེད། མཚན་མའང་མེད། བྱ་བའང་མེད་ན། མི་ཀུན་ཡིད་ཆེས་ཤིང་ཤེས་པར་བྱས་པ་ན་ཕྱེད་ཀྱིས་ཡོད་དཀོན་ནོ། །ལེའུ་གཉིས་ཏེ་སངས་རྒྱས་བསམ་པའི་ལེའུའོ།། །།དེའི་ཚེ་ཤཱ་རིའི་བུས་སངས་རྒྱས་
ལ་གསོལ་པ། བཅོམ་ལྡན་འདས་ཆོས་འདིའི་ནང་ན་ཇི་ལྟ་བུ་ལ་ངན་པའི་བཤེས་གཉེན་ཞེས་བགྱི། ཇི་ལྟ་བུ་ལ་དགེ་བའི་བཤེས་གཉེན་ཞེས་བགྱི། སངས་རྒྱས་ཀྱིས་ཤཱ་རིའི་བུ་ལ་བཀའ་སྩལ་པ། དགེ་སློང་ལ་ལ་ཞིག་དགེ་སློང་གཞན་ལ་སྟོན་པ། དགེ་སློང་ཁྱོད་སངས་རྒྱས་ལ་སོམས་
ཤིག །ཆོས་ལ་སོམས་ཤིག །དགེ་འདུན་ལ་སོམས་ཤིག །ཚུལ་ཁྲིམས་ལ་སོམས་ཤིག །གཏོང་བ་ལ་སོམས་ཤིག །ལྷ་ལ་སོམས་ཤིག །དགེ་སློང་ཁྱེད་ཀྱིས་ལུས་ལ་རྟོགས་ཏེ། ལུས་གཟུགས་དེ་མི་གཙང་བར་སོམས་ཤིག །བྱ་བ་ཡོད་དོ་ཅོག་གི་ཆོས་ཐམས་ཅད་ཀུན་ནི་རྟག་པ་མེད་
པར་རྟོགས་ཤིག །ཆོས་སོ་ཅོག་ནི་སྟོང་པ་མེད་པར་རྟོགས་ཤིག །དགེ་སློང་ཁྱོད་ཀྱིས་རྐྱེན་ཏོ་ཅོག་གི་མཚན་མ་བླངས་ཏེ། སེམས་ཀྱི་རྐྱེན་གྱི་ནང་དུ་བཏགས་པ་བཞིན་དུ། སྟོང་པའི་མཚན་མ་གཅིག་ཏུ་སོམས་ཤིག །དགེ་བའི་སེམས་ལ་དད་པར་བྱོས་ཤིག །མི་དགེ་བའི་ཆོས་ཀྱི་མཚན་མ་ལོང་ལ།
เล่ม ๕๔ · หน้า 158a
མི་དགེ་བའི་ཆོས་ཀྱི་མཚན་མ་བླངས་ཟིན་ནས་གཅད་པར་བྱ་བའི་ཕྱིར་བརྟགས་ཤིང་བསམ་པ་སྤྱད་པ་སྦྱངས་ཏེ། འདོད་ཆགས་གཅད་པའི་ཕྱིར་མི་གཙང་བའི་མཚན་མ་ལ་བརྟག་གོ། །ཞེ་སྡང་གཅད་པའི་ཕྱིར་བྱམས་པའི་སེམས་ཀྱི་མཚན་མ་ལ་བརྟག་གོ། །གཏི་མུག་གཅད་པའི་
ཕྱིར་རྒྱུ་རྐྱེན་གྱི་ཆོས་ལ་བརྟགས་ཏེ། རྟག་པར་ཚུལ་ཁྲིམས་གཙང་མ་བསམས་ལ་ཟབ་ཏུ་སྟོང་པའི་མཚན་མ་བླངས་ཏེ། བརྩོན་འགྲུས་རྟག་པར་སྤྱད་ལ། བསམ་གཏན་བཞི་ཐོབ་ནས་སེམས་གཅིག་ཏུ་ལམ་བཙལ་ཏེ། མི་དགེ་བའི་ཆོས་ནི་སྤངས་ནས་ནང་གི་བདེ་སྐྱིད་ཡོད་པར་བརྟག་གོ། །
སེམས་གཅིག་ཏུ་ལམ་སྤྱད་དེ། དགེ་མི་དགེའི་བྱེ་བྲག་ཕྱེད་པར་རྟོགས་པར་བརྟག་གོ། །མཚན་མར་རྟོགས་ཏེ་བླངས་ཟིན་ནས་སེམས་གཅིག་ཏུ་བསམས་ཏེ། མྱ་ངན་ལས་འདས་པའི་བདེ་བ་སྟོང་པ་ཞི་བ་བརྟགས་ཏེ་མྱ་ངན་ལས་འདས་པའི་མཐའ་ཡུན་དུ་གཙང་བ་དག་པ་འབའ་ཞིག་བླང་བ་དེ་ལྟ་བུ་
སྟོན་པ་ནི་མིང་ཡོན་པོར་སྟོན་པ་སྟེ། དེ་ལྟ་བུའི་དྲང་པོར་སྟོན་པ་ཡོན་པོར་སྟོན་པ་ཡིན་ནོ། །ཤཱ་རིའི་བུ་དེ་ལྟ་བུར་སྟོན་པ་ནི་མིང་ངན་པའི་བཤེས་གཉེན་ཏེ། མི་དེ་ལྟ་བུའི་མིང་ལ་འཕྱ་སྐུར་པ་ཞེས་བྱ་སྟེ་མུར་འདུག་ལ་སྟོང་པའོ། །མི་གཞན་ལ་ཡོན་པོར་ལམ་གྱི་ཆོས་འཆད་པ་ཞེས་ཀྱང་བྱའོ། །
ཤཱ་རིའི་བུ་དེ་ལྟ་བུའི་མིང་ངན་པ་ནི་ངས་ཆུ་རྔུབ་གཅིག་དང་ཡོན་ལེན་དུའང་མི་གནང་ངོ་། །ངས་སྟོན་པ་ནི་བཤད་ཀྱི་སློབ་མ་ནི་མ་བཤད་དོ། །ཤཱ་རིའི་བུ་ངའི་ཆོས་ལ་དེ་ལྟ་བུར་ལེ་ལོ་ཡང་སྐྱེ་བ་སྟོན་པ་མང་དུ་ཡོད་དོ། །ཤཱ་རིའི་བུ་བསྟན་པ་མནོད་པ་ནི་ཚུལ་ཁྲིམས་མནོས་ཏེ། ལོ་ལྔའི་བར་
དུ་ཀུན་གཏོང་མི་ཕོད་ན་དེ་ལྟ་བུར་བསྟན་པ་ནི་དེ་ལ་སེམས་འགྲུས་པར་སྤྱད་དེ། རང་ལ་ཅི་ཡང་མེད་པ་ཐོབ་པ་ཡོད་དོ། །དགེ་སློང་སོང་སྟེ་མི་གསོལ་མི་འདྲི་བ་ངས་བཤད་པ་ལ་མི་དེ་ལོ་ལྔ་ལོན་མོད་ཀྱི། འོན་ཀྱང་མིང་ཡོན་པོ་མཐོང་བ་སྟེ་མུར་འདུག་གི་ཆོས་དང་འདྲེས་ཤིང་བདུད་ཀྱིས་བསྟན་
པ་བཞིན་དུ་སྤྱོད་པའོ། །ཤཱ་རིའི་བུ་དགེ་སློང་ལ་ལ་ཞིག་དེ་སྐད་དུ་བསྟན་པ་མནོས་ཟིན་ནས་སྟོང་པ་ཆོས་ཅི་ཡང་ཐོབ་པ་མེད་ཅེས་ཐོས་ནས། མོད་བཞིན་རང་གིས་ཚོར་ཤེས་ཏེ། བདག་གིས་སྔར་མནོས་པ་ནི་ཀུན་ཡོན་པོ་མཐོང་བ་ཡིན་ཏེ། སྟོང་པ་ཅི་ཡང་ཐོབ་པ་མེད་པའི་ཆོས་
เล่ม ๕๔ · หน้า 158b
ལ་ཐེ་ཙོམ་ཡང་མེད། འགྱོད་པ་ཡང་མེད་དེ་ཟབ་ཏུ་ཞུགས་ཤིང་ཐོས་པ་མེད་པས་བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་ཐམས་ཅད་ལ་མི་རྟེན་ཏོ། །ཤཱ་རིའི་བུ་ངས་བཤད་པ་ལ་དེ་ལྟ་བུའི་མི་མིང་གཙང་དག་པའི་ཚངས་པ་སྤྱད་པ་ཞེས་བྱའོ། །ཤཱ་རིའི་བུ་དགེ་སློང་ལ་ལ་ཞིག་གིས་དེ་ལྟ་
བུའི་ཐོབ་པ་མེད་པའི་བཟོད་པ་འབྱོར་གྲུབ་ན་འཕྲལ་དུ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་མཐོང་མོད་ཀྱི། ངས་ལུང་བསྟན་ཏེ་མི་དེ་སངས་རྒྱས་བྱམས་པའི་དུས་ཀྱི་ཚོགས་པ་དང་པོ་ལ་འཇུག་གོ། །དེའི་ཚེ་སངས་རྒྱས་བྱམས་པའང་ཤིན་ཏུ་དགའ་ནས་ལན་གསུམ་བོས་ཏེ་མི་དེ་
སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལ་ཅིའང་ཐོབ་པ་མེད་པའི་བཟོད་པའི་འབྱོར་འགྲུབ་པས་ནུས་སོ་ཞེས་བོས་སོ། །ཤཱ་རིའི་བུ་ཁྱིམ་ན་འདུག་པའང་རུང་། ཁྱིམ་ནས་བྱུང་བའང་རུང་སྟེ། དེ་ལྟ་བུ་བཟོད་པ་འབྱོར་གྲུབ་ནས། ངས་མི་དེ་མྱ་ངན་ལས་འདས་པ་ཐོབ་པ་ཡང་དག་པར་ལུང་
སྟོན་ཏོ། །ཤཱ་རིའི་བུ་མི་ལ་ལ་ཞིག་དེ་སྐད་དུ་བསྟན་པ་མནོས་ཟིན་ནས་སྟོང་པ་ཅི་ཡང་ཐོབ་པ་མེད་པའི་ཆོས་ཐོས་ན་རྨོད་བཞིན་དངངས་སྐྲག་ན་མི་དེ་སྙིང་རྗེར་རུང་སྟེ་ར་མདའ་མེད་དོ། །གཉེན་པོ་མེད་དེ་སེམས་ཅན་དམྱལ་བར་ཕྱོགས་སོ། །ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་སངས་རྒྱས་
ཀྱི་བསྟན་པ་ལ་དངངས་སྐྲག་ཅིང་དོགས་པ་སྟེ། མི་དེས་ངན་པའི་ལམ་ཆོག་ཚང་བའི་ཕྱིར་རོ། །ཇི་ལྟ་ཞེ་ན། ངས་རྟག་པར་བཤད་པ་ཡིན་ནོ་པ་ཡོད་ཅེས་འཆད་པ་ནི་ལམ་ངན་པའི་ཤས་ཡིན་ནོ། །ཇི་ལྟ་ཞེ་ན། ཤཱ་རིའི་བུ་སངས་རྒྱས་ཀྱིས་ཐོབ་པའི་ཆོས་ལ་ཡིན་མ་ཡིན་དང་
ཐ་དད་པ་མེད་དོ། །ཐ་དད་དུ་ཟིན་ན་ཐོབ་པ་ཡོད་པ་ཡིན་ནོ། །ཤཱ་རིའི་བུ་མི་ལ་ལ་ཉིས་ན་ལོག་པ་ལྔའི་ཤས་ལྕི་བ་འབྱོར་གྲུབ་ཀྱང་རུང་གི་བདག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། ཚེར་ལྟ་བ་དང་། སྲོག་ཏུ་ལྟ་བ་དང་། ཕུང་པོ་དང་། སྐྱེ་མཆེད་དང་།
ཁམས་སུ་ལྟ་བ་འབྱོར་གྲུབ་ཏུ་མི་རུང་ངོ་། །ཚུལ་ཁྲིམས་འཛིན་པ་ལ་འདོད་ཆགས། ཚུལ་ཁྲིམས་འཛིན་པ་ལ་ཆགས་པར་མཐོང་བའོ། །ཏིང་ངེ་འཛིན་ལ་འདོད་ཆགས་ན་ཏིང་ངེ་འཛིན་མཐོང་བ་ལ་ཆགས་པའོ། །སངས་རྒྱས་ཀྱི་འདུ་ཤེས་ལ་རྟེན་ན་ཆོས་ཀྱི་འདུ་ཤེས་ཐོབ་
เล่ม ๕๔ · หน้า 159a
པའོ། དགེ་འདུན་གྱི་དོན་གཅོད་ན། ལུས་མཐོང་བ་འབྱོར་གྲུབ་བོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཆོས་ལ་ལུས་མཐོང་བ་འབྱོར་གྲུབ་ན། དགེ་འདུན་གྱི་གྲངས་སུ་མི་གཏོགས་སོ། །ཤཱ་རིའི་བུ་སངས་རྒྱས་ཀྱི་སློབ་མ་རྣམས་ནི། སེམས་ལ་རྣམ་
པར་བརྟག་པ་མེད་དོ། །ཤཱ་རིའི་བུ་སངས་རྒྱས་ཀྱི་སློབ་མ་རྣམས་ལ་མི་དགེ་བ་མེད་དོ། །ཚུལ་ཁྲིམས་ཞིག་པ་མེད་དོ། །ཞིག་པར་མཐོང་བ་མེད་དོ། །ཆོ་ག་ཞིག་པ་མེད་དོ། །ཤཱ་རིའི་བུ་གང་ལ་སོགས་པ་ངན་པ་མི་དགེ་བ་ཞེས་བྱ། སངས་རྒྱས་དང་དགེ་འདུན་གྱི་ནང་ན།
དགེ་འདུན་གྱི་གྲངས་སུ་མ་ཆུད་པའི་མིང་ངན་པ་མི་དགེ་བའོ། །སེམས་ཀྱིས་སེམས་བགྲང་བའི་ཆོས་ནི་རྐྱེན་རྣམས་དང་འདུས་པ་སྟེ། ཡང་དག་པ་བདེན་པའི་དོན་མེད་དེ། རྣམ་པར་རྟོག་པ་འབའ་ཞིག་བྱེད་དོ། །རྣམ་པར་རྟོག་པ་སྤྱད་པས་ན། ཐོབ་པ་ཡོད་དུ་འཛིན་ཏེ་གང་ཟག་ཐོབ་
པ་ནས། ཚིག་གིས་བཤད་པ་ཡོད་པ་ཀུན་ལ་ཐུག་གི་བར་དུ། སེམས་ཀྱིས་སེམས་མཐུད་དེ། དགེ་མི་དགེའི་ཆོས་ལ་ཐུག་པ་ནི། འཕྲུལ་གྱི་ཆོས་ཀྱི་ནང་ན་མིང་ངན་པ་མི་དགེ་ཆོས་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་སྐྱིད་པ་ཡོད་པའི་གནས་ཀྱི་ནང་ན་གདོན་མི་ཟ་བར་
ཉོན་མོངས་པ་ཡོད་དོ། །ཡང་དག་པར་གཤེགས་པའི་ཆོས་ལ་དེ་ལྟ་བུའི་སྐྱིད་སྡུག་མེད་དོ། །ཤཱ་རིའི་བུ་ཡང་དག་པར་གཤེགས་པས་ཐོབ་པ་དེའི་ནང་ན་འདོད་པ་མེད། འདོད་པ་མེད་པའང་མེད། སྐྱིད་པའང་མེད། ཉོན་མོངས་པའང་མེད། སེམས་པའང་མེད། འདུ་ཤེས་ཀྱང་
མེད། སྤྱོད་པའང་མེད། སྟོང་པའི་འདུ་ཤེས་ལ་ཐུག་གི་བར་དུའང་མེད་དོ། །ཅིའི་ཕྱིར་ཞེས་བྱས་ན། ཤཱ་རིའི་བུ་སྟོང་པའི་འདུ་ཤེས་ཡོད་དུ་ཟིན་ན་བདག་ཏུ་ལྟ་བའི་འདུ་ཤེས་ཡིན། སེམས་ཅན་དུ་ལྟ་བའི་འདུ་ཤེས་ཡིན། རྟག་པའི་འདུ་ཤེས་ཡིན། ཆད་པའི་འདུ་ཤེས་
ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདུ་ཤེས་ཡོད་པའི་ཕྱིར་འབྲངས་ན་མཚན་མའོ་ཅོག་སྐྱེས་ཏེ་ཀུན་ཡོན་པོར་ལྷུང་བ་ཡིན་ནོ། །ཤཱ་རིའི་བུ་སྟོང་པའི་མིང་ནི་སེམས་མེད་པ་སྟེ། དེའི་མིང་སྟོང་པ་ཞེས་བྱའོ། །སྟོང་པའི་སེམས་ཀྱང་སྟོང་པ་སྟེ། དེའི་མིང་སྟོང་པ་ཞེས་བྱའོ། །
เล่ม ๕๔ · หน้า 159b
ཤཱ་རིའི་བུ་སྟོང་པའི་ནང་ན་ལེགས་པའང་མེད། ཉེས་པའང་མེད། སྟོང་པའི་འདུ་ཤེས་ལ་ཐུག་གི་བར་དུའང་མེད་དོ། །དེ་ལྟ་བས་ན་མིང་སྟོང་པའོ། །ཤཱ་རིའི་བུ་བྱ་བ་ཡོད་པའི་ཆོས་ཀུན་ནི་རིག་པར་རུང་། ཤེས་པར་རུང་ངོ་། །སྟོང་པ་ནི་རིག་པར་རུང་བ་མ་ཡིན་ནོ། །ཤེས་པར་
རུང་བ་ཡང་མ་ཡིན། བསམ་དུ་རུང་བ་མ་ཡིན་ཏེ། དེ་ལྟ་བས་ན་མིང་སྟོང་པའོ། །ཤཱ་རིའི་བུ་སྟོང་པའི་འདུ་ཤེས་ནི་བསམ་པས་ཐོབ་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྟོང་པ་འདུ་ཤེས་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་མིང་སྟོང་པའོ། །ཤཱ་རིའི་བུ་ཅིའི་ཕྱིར་ཞེ་ན། སྟོང་པའི་ལས་
སྤྱོད་པ་བཤད། འདུ་ཤེས་ཐམས་ཅད་མི་སེམས། སྟོང་པའི་འདུ་ཤེས་ལ་ཐུག་གི་བར་དུའང་མི་སེམས་པ་དེའི་མིང་སྟོང་པ་སྤྱོད་པ་ཞེས་བྱའོ། །ཤཱ་རིའི་བུ་འདུ་ཤེས་ཀྱི་མིང་སེམས་ལ་བསམ་པ་ཡོད་དོ་ཅོག་གི་མིང་འདུ་ཤེས་ཞེས་བྱའོ། །ཅི་ཡང་བསམ་པ་མེད་པ་ནི་འདུ་ཤེས་
མེད་པ་སྟེ། འདུ་ཤེས་དང་བྲལ་བས་ན་མིང་འདུ་ཤེས་མེད་པ་ཞེས་བྱའོ། །འདུ་ཤེས་ལེན་པ་ལ་འབྲང་བ་ནི་ཀུན་ཡོན་པོ་མཐོང་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འཕྲུལ་གྱི་ཆོས་ལ་སྟོང་པ་ཞི་བ་ཐོབ་ཏུ་འཛིན་ན། ཀུན་ཡོན་པོ་མཐོང་བར་ལྟུང་བ་ན་ཚིག་གིས་བཤད་པ་དང་།
འཆད་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བུའི་སྟོང་པའི་ཆོས་ཅི་སྤྱད་ན་བཤད་དུ་རུང་། ཤཱ་རིའི་བུ་སངས་རྒྱས་ཀྱིས་ཅིའི་ཕྱིར་སྐད་དང་ཚིག་གིས་བཤད་པ་ཀུན་མིང་ཡོན་པོ་ཞེས་བྱའོ། །ཆོས་སོ་ཅོག་ལ་ཁོང་དུ་ཆུད་པར་མི་ནུས་པ་དེ་ནི་ཀུན་ཚིག་བཤད་པས་བསྒྲིབས་པའི་ལན་ཏེ། དེ་ལྟ་
བས་ན་ཡང་དག་པར་གཤེགས་པས་སྨྲ་བའི་ཚིག་ཀུན་ཡོན་པོ་ཡིན་པར་མཁྱེན་ཏེ། སྨྲ་བའི་ཚིག་ཅུང་ཟད་ཡན་ཆད་ཀྱང་བདེན་པར་མི་རུང་ངོ་། །ཤཱ་རིའི་བུ་སངས་རྒྱས་རྣམས་ཀྱི་བླ་ན་མེད་པའི་གཡུང་དྲུང་རྫོགས་པའི་བྱང་ཆུབ་ལ་འདུ་ཤེས་ཀྱང་མེད། སེམས་ཀྱང་མེད་དོ། །ཅིའི་ཕྱིར་ཞེ་
ན། ཡང་དག་པར་གཤེགས་པས་ཆོས་ལ་ངོ་བོ་ཉིད་ཐོབ་པའང་མེད། སེམས་ཐོབ་པའང་མེད་དོ། །ཤཱ་རིའི་བུ་ཡང་དག་པར་གཤེགས་པས། ཅིའི་ཕྱིར་བསམ་པའི་གནས་ཡོད་པར་བཤད། ཤཱ་རིའི་བུ་ཆོས་ཀྱི་ཡི་གེ་ལས་བཤད་པ། མི་ལ་ལ་ཞིག་གཞི་བསམ་པའི་གནས་
เล่ม ๕๔ · หน้า 160a
ཐོབ་ན། མི་དེས་ཆོས་སོ་ཅོག་གི་ངོ་བོ་ཉིད་ཐོབ་པར་ནུས་ཏེ། རང་གི་ལུས་ཐོབ་པར་ནུས། བདག་ཏུ་ལྟ་བ་ཐོབ། གང་ཟག་ཐོབ་སྟེ། དེ་ནི་བདེན་པ་ཡོང་མེད་དོ། །ཆོས་ཀྱི་མཚན་མ་ཐ་དད། སྟོང་པ་ཐ་དད། སྟོང་པ་བསྟན་པའི་ཕྱིར་བསམ་པའི་གནས་བཤད་དོ། །
གཞི་བསམ་པའི་གནས་ཀྱི་ངོ་བོ་ཉིད་ལ་ངོ་བོ་ཉིད་མེད། གནས་མེད། བསམ་པའང་མེད། བཤད་པའང་མེད། འདོད་ཆགས་ཀྱང་མེད་དོ། །སེམས་ཀྱི་ངོ་བོ་ཉིད་ཀྱང་མེད་ན་སེམས་ཀྱི་གནས་མེད་པ་ལྟ་སྨོས་ཀྱང་ཅི་དགོས། དེ་བས་ན་ཡང་དག་པར་གཤེགས་པས་མིང་སེམས་ཀྱི་
གནས་ཞེས་བཤད་དོ། །ཤཱ་རིའི་བུ་ཆོས་སོ་ཅོག་ལ་ཡང་དག་པར་ངོ་བོ་ཉིད་དེ་སྐྲ་སྤུའི་ཉག་མ་བཅུ་ཚལ་གྱི་བརྒྱ་ཆ་གཅིག་ཙམ་ཞིག་ཡོད་དུ་ཟིན་ན་དེས་སངས་རྒྱས་ཀྱི་ཚིག་རྣམས་འཇིག་རྟེན་དུ་མི་འགྱུར་ཏེ། མཐར་ཆོས་སོ་ཅོག་གི་ངོ་བོ་ཉིད་སྟོང་པར་ཡང་མི་བཤད་དོ། །ཤཱ་རིའི་བུ་
སངས་རྒྱས་ཀྱི་ཆོས་སོ་ཅོག་ནི་བདེན་པར་སྟོང་པ་སྟེ། ངོ་བོ་ཉིད་མེད་ཅིང་མཚན་མ་གཅིག་པུ་སྟེ། དེ་ནི་མཚན་མ་མེད་པར་ཡང་དག་པར་གཤེགས་པ་ཀུན་གྱིས་གཟིགས་སོ། །ཡང་དག་པར་གཤེགས་པ་དེའི་ཕྱིར་བསམ་པའི་གནས་ཡོད་ཅེས་བཤད་དོ། །ཤཱ་རིའི་བུ་བསམ་པའི་
གནས་ནི་མིང་གནས་མེད། གནས་མེད་པའང་མེད་ཅེས་བྱའོ། །བསམ་པ་མེད། བསམ་པའི་ལས་ཀྱང་མེད། འདུ་ཤེས་མེད། རྣམ་པར་བརྟག་པའང་མེད། ཡིད་མེད། ཡིད་ཀྱི་ལས་ཀྱང་མེད། བསམ་པ་མེད། བསམ་པའི་ལས་ཀྱང་མེད། ཆོས་མེད། ཆོས་ཀྱི་མཚན་
མའང་མེད། དེ་ཀུན་འདུས་ཀྱིས་མེད་པས་ན་མཛངས་ཤིང་འཕྲུལ་བའི་མིང་རྣམ་པར་བརྟགས་པ་མེད་ཅེས་བྱ་སྟེ། དེའི་མིང་བསམ་པའི་གནས་ཞེས་བྱའོ། །ཡང་དག་པར་གཤེགས་པས་དེའི་ཕྱིར་བསམ་པའི་གནས་ཡོད་ཅེས་བཤད་དོ། །ཅི་ཡང་མེད་པའི་ཕྱིར་བསམ་པའི་
གནས་ཞེས་བྱའོ། །སངས་རྒྱས་བསམ་པའི་ཕྱིར་མིང་བསམ་པའི་གནས་ཞེས་བྱའོ། །ཤཱ་རིའི་བུ་ཇི་ལྟར་ན་མིང་སངས་རྒྱས་བསམ་པ་ཞེས་བྱ། ཅི་ཡང་མེད་པར་མཐོང་བ་ནི་མིང་སངས་རྒྱས་བསམ་པ་ཞེས་བྱའོ། །ཤཱ་རིའི་བུ་སངས་རྒྱས་ཀུན་ནི་དཔག་ཏུ་མེད། བསམ་
เล่ม ๕๔ · หน้า 160b
གྱིས་མི་ཁྱབ། བརྗོད་ཀྱིས་མི་ལང་ངོ་། །གཞུང་དེ་ལྟ་བས་ན་ཅི་ཡང་མེད་པར་མཐོང་བ་ནི་མིང་སངས་རྒྱས་བསམ་པ་ཞེས་བྱ་སྟེ། བདེན་པར་མིང་རྣམ་པར་བརྟག་པ་མེད་དོ། །སངས་རྒྱས་ཆོས་སོ་ཅོག་ལ་རྣམ་པར་བརྟགས་པ་མེད་པས་ན། སེམས་ལ་རྣམ་པར་བརྟགས་པ་མེད་ན་
གདོད་སངས་རྒྱས་བསམ་པ་ཡིན་ཞེས་བྱའོ། །ཡང་གཅིག་ཏུ་ན་ཆོས་སོ་ཅོག་གི་བདེན་པའི་མཚན་མ་མཐོང་ན་མིང་སངས་རྒྱས་མཐོང་ཞེས་བྱའོ། །གང་ལ་སོགས་པའི་མིང་ཆོས་སོ་ཅོག་གི་བདེན་པའི་མཚན་མ་ཞེས་བྱས་ན་དེ་ནི་ཆོས་སོ་ཅོག་མཐའ་ཡུན་དུ་སྟོང་ཞིང་ཅི་ཡང་མེད་པའོ། །
དེ་ལྟ་བས་ན་མཐའ་ཡུན་དུ་སྟོང་ཞིང་ཅི་ཡང་མེད་པའི་ཆོས་ནི་སངས་རྒྱས་བསམ་པའོ། །ཡང་གཅིག་ཏུ་ན་དེ་ལྟ་བུའི་ཆོས་ཀྱི་ནང་ན་སེམས་ཅུང་ཟད་ཡན་ཆད་ཀྱང་ཐོབ་པར་མི་རུང་སྟེ། དེའི་མིང་སངས་རྒྱས་བསམ་པ་ཞེས་བྱའོ། །ཤཱ་རིའི་བུ་དེའི་མིང་སངས་རྒྱས་བསམ་པའི་ཆོས་ཏེ།
སྨྲ་བའི་ཚིག་གི་ལམ་ཆད་ལ་སེམས་སོ་ཅོག་ལས་འདས་ཤིང་བྱུང་སྟེ། སེམས་ཐོབ་པར་མི་རུང་བ་དེའི་མིང་སངས་རྒྱས་བསམ་པའོ། །ཤཱ་རིའི་བུ་སེམས་སོ་ཅོག་ཐམས་ཅད་ནི་ཀུན་མཚན་མ་སྟོང་པ་ཞི་བ་སྟེ། ཆོས་དེ་བཞིན་དུ་མ་གལ་ན་དེ་ནི་མིང་སངས་རྒྱས་བསམ་པ་སྤྱོད་
པ་སྦྱོང་བ་ཞེས་བྱའོ། །ཁ་དོག་སྤྱད་དེ་སངས་རྒྱས་བསམ་དུའང་མི་རུང་ངོ་། །ཅིའི་ཕྱིར་ཞེ་ན། ཁ་དོག་བསམས་གཟུགས་བླངས་བྲོ་ལ་ཆགས་ན་རྣམ་པར་ཤེས་པ་ཞེས་བྱའོ། །གཟུགས་མེད། ཁ་དོག་མེད། རྐྱེན་མེད། རང་བཞིན་མེད་ན་མིང་སངས་རྒྱས་བསམ་པའོ། །
དེ་ལྟ་བས་ན་རྣམ་པར་བརྟགས་པ་མེད། བླང་བ་མེད། དོར་བ་མེད་ན། སངས་རྒྱས་བསམ་པ་ཡང་དག་པ་ཡིན་པར་མངོན་ནོ། །ལེའུ་གསུམ་སྟེ་ཆོས་བསམ་པའི་ལེའུའོ།། །།དེའི་ཚེ་ཤཱ་རིའི་བུས་སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་མི་གཞན་
ལ་ཆོས་འདི་བཤད་ན་ངན་པའི་བཤེས་གཉེན་ཞེས་བགྱི། བཅོམ་ལྡན་འདས་ཇི་ལྟ་བུར་ན་མི་གཞན་ལ་ཆོས་འདི་བཤད་ན་དགེ་བའི་བཤེས་གཉེན་ཞེས་བགྱི། ཤཱ་རིའི་བུ་མི་ལ་ལ་ཞིག་གིས་དགེ་སློང་གཞན་ལ་བསྟན་པ་ཁྱོད་ཤེས་པར་གྱིས་ཤིག །སངས་རྒྱས་བསམ་པ་ནི་སྟོང་པའོ། །རྐྱེན་
เล่ม ๕๔ · หน้า 161a
གྱི་གནས་བསམ་པ་དེ་ནི་བསམ་པའི་མི་རིགས་སོ། །ཁྱོད་ཀྱིས་སྟོང་པ་བསམས་ན་བསམ་པ་ཡང་སྟོང་པ་སྟེ། རང་བཞིན་མེད་པའི་སྟོང་པ་དེས་ཁ་དོག་གི་འདུ་ཤེས་ཆོད་པར་ནུས། འདུ་ཤེས་ལེན་པ་ཆོད་པར་ནུས་སོ། །མི་དེས་དེའི་ཚེ་འདུ་ཤེས་མེད་པའང་མ་
ཐོབ་ན་སེམས་ལྟ་སྨོས་ཀྱང་ཅི་དགོས། མི་དེས་དེའི་ཚེ་ཅི་ཡང་ཡོད་མེད་ལ་སྟོང་པར་ཞི་སྟེ། རང་བཞིན་མེད་ན་འདུ་ཤེས་རྣམས་མི་འདུའོ། །ཆོས་སོ་ཅོག་ཞི་བར་བྱས་ན་དེའི་བསམ་པའི་སྤྱོད་པ་སྦྱོང་བ་ཞེས་བྱའོ། །སངས་རྒྱས་པའི་མིང་ནི་དགེ་མི་དགེ་དང་། ཚོར་བ་དང་བརྟག་
པ་ཐམས་ཅད་ཞི་བ་ཞེས་བྱའོ། །ཚོར་བའང་མེད་བརྟག་པའང་མེད་ལ་སྟོང་ཞིང་འདུ་ཤེས་མེད་ན་མིང་སངས་རྒྱས་བསམ་པ་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། ཚོར་བ་དང་བརྟག་པ་སྤྱད་དེ། སངས་རྒྱས་རྣམས་བསམ་པའི་མི་རིགས་སོ། །ཚོར་བའང་མེད། བརྟག་པའང་མེད་
ན་མི་གཙང་དག་པས་སངས་རྒྱས་བསམ་པ་ཞེས་བྱའོ། །སེམས་དེའི་ནང་ན་ཕྲ་ཤས་བསམ་པའི་སེམས་ཀྱི་ལས་ཀྱང་མེད་ལ། ལུས་དང་། ཁའི་ལས་མེད་པ་ལྟ་སྨོས་ཀྱང་ཅི་དགོས། ཡང་སངས་རྒྱས་བསམ་པ་ཞེས་བྱ་བ་ནི་འདུ་ཤེས་ཐམས་ཅད་དང་བྲལ་ཏེ། འདུ་ཤེས་ཐམས་
ཅད་སེམས་ལ་མི་འདུག་ཅིང་རྣམ་པར་བརྟག་པ་མེད། མིང་མཁན་མེད། བསྒྲིབས་ཤིང་ཐོགས་པ་མེད། འདོད་པ་མེད། ཐོབ་པ་མེད་དེ། ཚོར་བ་དང་། བརྟག་པ་མི་གཡོ། ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་བསམ་པ་བཞིན་དུ་འདུ་ཤེས་གཡོས་པ་ཐམས་ཅད་ནི་ཀུན་ཡོན་པོ་
མཐོང་བ་ཡིན་ནོ། །ཤཱ་རིའི་བུ་ཅིའང་མེད་པ་དེ་བཞིན་དུ་ཚོར་བའང་མེད། བརྟག་པའང་མེད། སྐྱེ་བའང་མེད། འགོག་པའང་མེད་པ་དེ་ལྟ་བུ་ཁོང་དུ་ཆུད་པ་ནི་མིང་སངས་རྒྱས་བསམ་པ་ཞེས་བྱ་སྟེ། དེ་ལྟ་བུའི་སེམས་ཀྱི་ནང་ན་འདོད་པའང་མེད། ཆགས་པའང་མེད། ལོག་
པའང་མེད། མ་ལོག་པའང་མེད། མིང་མེད། མཚན་མའང་མེད་དོ། །ཤཱ་རིའི་བུ་འདུ་ཤེས་ཀྱང་མེད། སྨྲ་བ་ཡང་མེད་ན་གདོད་མིང་སངས་རྒྱས་བསམ་པའོ། །དེའི་ནང་ན་སེམས་ཕྲ་ཤས་ཆུང་ངུའང་མེད་ན། སྦོམ་པོ་དང་། ཁ་དང་ལུས་དང་། ཡིད་ཀྱི་ལས་ལྟ་སྨོས་ཀྱང་ཅི་དགོས་
เล่ม ๕๔ · หน้า 161b
ཏེ། ལུས་དང་། ཁ་དང་། ཡིད་ཀྱི་ལས་ཀྱི་གནས་ཀྱང་མེད་པའོ། །བླངས་པ་ཡང་མེད། བསྡུས་པ་ཡང་མེད། འཐབ་པ་ཡང་མེད། རྩོད་པ་ཡང་མེད། བསམ་པ་ཡང་མེད། རྣམ་པར་བརྟག་པའང་མེད། སྟོང་པ་མི་གཡོ་ཞིང་རང་བཞིན་མེད་ལ། ཚོར་བ་དང་།
བརྟག་པ་ཀུན་ཞི་བ་དེའི་མིང་སངས་རྒྱས་བསམ་པའོ། །ཤཱ་རིའི་བུ་མི་ལ་ལ་ཞིག་གིས་དེ་ལྟ་བུའི་སེམས་འབྱོར་གྲུབ་ན། གླིང་བཞིའི་ས་བསྒྱུར་བར་བྱ་ན་ཡང་ཡིད་བཞིན་དུ་བསྒྱུར་ནུས་སོ། །བརྒྱ་སྟོང་འབུམ་གྱི་བདུད་ཀྱང་ཕེབས་པར་ནུས་ན་མ་རིག་པས་བསྒྲིབས་པ་ལྟ་སྨོས་
ཀྱང་ཅི་དགོས་ཏེ། མི་བདེན་པས་བསླུས་པའི་རྐྱེན་ལས་ལངས་པ་སྟེ། མི་འགྱུར་བའི་མཚན་མ་མེད་པ་ཆོས་དེ་ལྟ་བུ་ཡིན་ཏེ། འདུ་ཤེས་མེད། འདྲན་ཏོར་མེད། སྐྱེ་བ་མེད། འགོག་པ་མེད་དེ། བཤད་དུའང་མི་རུང་། རྣམ་པར་བརྟག་ཏུའང་མེད། མུན་པའང་མེད།
སྣང་བའང་མེད། བདུད་དང་བདུད་ཕལ་ཀུན་གྱིས་ཀྱང་ཚོད་གཟུང་མི་ནུས་ན། འཇིག་རྟེན་གྱི་ཐ་མལ་པས་ཚིག་གིས་བཤད་པ་འབའ་ཞིག་གིས་སྤྱད་དེ་བསྟན་བསླབས་པ་ཡོད་པས་ཚིག་དེ་སྐད་དུ་བྱས་སུ་ཟད་དོ། །ཁྱོད་སངས་རྒྱས་བསམ་པའི་ཚེ་འདུ་ཤེས་ཅུང་ཟད་མ་
བླངས་ཤིག །འདྲན་ཏོར་མ་སྐྱེད་ཅིག །རྣམ་པར་བརྟག་པ་མ་བྱེད་ཅིག །ཅིའི་ཕྱིར་ཞེ་ན། ཆོས་དེ་ཀུན་སྟོང་པ་སྟེ། གཉིས་ཀྱི་མཚན་མའང་མེད། གཅིག་གི་མཚན་མ་བསམ་པའང་མི་རུང་སྟེ། མཚན་མ་མེད་པའོ། །དེའི་མིང་ཡང་དག་པར་དབེན་པར་སངས་རྒྱས་
བསམ་པ་སྟེ། དེ་ནི་སྐྱེ་བའང་མེད། འགོག་པའང་མེད། མཚན་མ་མེད་པའོ། །ཅིའི་ཕྱིར་ཞེ་ན། ཡང་དག་པར་གཤེགས་པའི་མིང་ཁ་དོག་ཅེས་མི་བྱའོ། །མིང་གཟུགས་ཞེས་མི་བྱའོ། །མིང་སེམས་ཞེས་མི་བྱའོ། །མིང་རྣམ་པར་རྟོག་པ་ཞེས་མི་བྱའོ། །ལོག་
པའང་མ་ཡིན། མ་ལོག་པའང་མ་ཡིན། མ་བླངས། མ་བོར། ཐུབ་པའང་མ་ཡིན། ཤེས་རབ་ཀྱང་མ་ཡིན། རིག་པ་ཡང་མ་ཡིན། མ་རིག་པ་ཡང་མ་ཡིན། ཡང་དག་པར་གཤེགས་པ་བཤད་དུ་མི་རུང་། བསམ་གྱིས་ཀྱང་མི་ཁྱབ་སྟེ། འདུ་ཤེས་མེད་དོ། །
เล่ม ๕๔ · หน้า 162a
ཁྱོད་ད་མཚན་མ་ལེགས་པ་ལ་མ་སྲེག་ཅིག །འདྲན་ཏོར་བརྗོད་པར་མ་བྱེད་ཅིག །སངས་རྒྱས་ནི་ཆོས་སོ་ཅོག་ལ་ཆགས་པ་མེད། ཆོས་ཡོད་ཅིང་ཆགས་སུ་རུང་བ་དང་། དཔག་ཏུ་རུང་བ་ཡང་མ་མཐོང་ངོ་། །དེ་ལྟ་བུའི་མིས་སངས་རྒྱས་ལ་ཡང་ཐོབ་པར་
མི་རུང་ན་སེམས་ལྟ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ་དེ་ལྟ་བུར་སྟོན་པ་མིང་དགེ་བའི་བཤེས་གཉེན་ཞེས་བྱའོ། །མཆོག་གི་གཞུང་གི་ནང་ན་ནི་འདི་ནི་དགེ་བའི་བཤེས་གཉེན་ཡིན། འདི་ནི་ངན་པའི་བཤེས་གཉེན་ཡིན་ཞེས་གཅིག་ཏུ་ཆད་པ་མེད་དོ། །ཡང་ཤཱ་རིའི་བུ་དགེ་
སློང་ལ་ལ་ཞིག་དགེ་སློང་གཞན་ལ་སྟོན་པ་དགེ་སློང་ཁྱོད་ཀྱིས་རྣམ་པར་ཕྱེ་ལ་ཆོས་རྣམས་ལ་ཞིབ་ཏུ་རྟོགས་ཏེ། ཆོས་ཀྱི་མཚན་མ་ཡང་མ་སེམས་ཤིག་ཅེས་བསྟན་ཏོ། །དགེ་སློང་དེས་དེ་ལྟ་བུར་སྤྱད་སྦྱངས་པས་སེམས་ལ་ཐོགས་ཤིང་ཆགས་པ་མེད་པས་ཆོས་སོ་ཅོག་གི་
མཚན་མ་ཡང་གཅིག་པར་ཁོང་དུ་ཆུད་དེ་དེ་ནི་མཚན་མ་མེད་པའོ། །མི་དེ་ལ་ཆོས་ཀྱི་འདུ་ཤེས་མི་སྐྱེ་ན། བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བའི་འདུ་ཤེས་མི་སྐྱེ་བ་ལྟ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ་ཁྱོད་ཀྱི་ཡིད་ལ་ཇི་སྙམ། ཆོས་ཀྱི་འདུ་ཤེས་སེམས་པའི་མི་དེས་
ཆོས་སོ་ཅོག་གི་ཞི་བར་ནུས་སམ། བཅོམ་ལྡན་འདས་མི་ནུས་སོ། །ཤཱ་རིའི་བུ་དཔེར་སྡོང་པོ་རྩ་བ་མེད་པས་ཡལ་ག་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་སྨིན་པར་ནུས་པ་ཡོད་དམ་མེད། བཅོམ་ལྡན་འདས་མ་མཆིས་སོ། །འདི་ལྟ་སྟེ། ཤཱ་རིའི་བུ་མི་ལ་
ལ་ཞིག་གིས་ཆོས་སོ་ཅོག་གི་རྩ་བའི་ཕྱི་མོ་མ་ཐོབ་པར་མི་དེས་ཆོས་སོ་ཅོག་གི་འདུ་ཤེས་སྐྱེ་བར་ནུས་སམ་མི་ནུས། བཅོམ་ལྡན་འདས་མི་ནུས་ལགས་སོ། །ཤཱ་རིའི་བུ་མི་ལ་ལ་ཞིག་གིས་ཆོས་ཀྱི་འདུ་ཤེས་མི་བསམ་པ་ན། མི་དེས་ཆོས་སོ་ཅོག་ཞི་བར་ནུས་སམ།
བཅོམ་ལྡན་འདས་མི་ནུས་ལགས་སོ། །མི་དེས་ཆོས་སོ་ཅོག་མ་ཐོབ། ཆོས་ཀྱི་མཚན་མ་མ་ཐོབ། ཞི་བ་མ་ཐོབ། རྣམ་པར་ཡང་མི་རྟོག་སྟེ། སྐྱེ་བའང་མེད། འགོག་པའང་མེད་ན། མི་དེས་དེའི་ཚེ་མི་སྐྱེ་མི་འགོག་པས་མིང་མྱ་ངན་ལས་འདས་པ་ཐོབ་པ་ཞེས་
เล่ม ๕๔ · หน้า 162b
མི་བྱའོ། །མིང་སྔོན་མྱ་ངན་ལས་འདས་པ་ཐོབ་པ་ཞེས་ཀྱང་མི་བྱའོ། །ཤཱ་རིའི་བུ་དེ་ལྟ་བུར་སྟོན་པ་ནི་མིང་དགེ་བའི་བཤེས་གཉེན་ཞེས་བྱའོ། །མཆོག་གི་གཞུང་གི་ནང་ན་ནི་དགེ་བའི་བཤེས་གཉེན་ཡང་མེད། ངན་པའི་བཤེས་གཉེན་ཡང་མེད་དོ། །ཤཱ་རིའི་བུ་
མི་ལ་ལ་ཞིག་གིས་དེ་ལྟ་བུའི་མཚན་མ་འབྱོར་གྲུབ་ན། འཇིག་རྟེན་ཡོད་དཀོན་ཏེ། ཕྱིན་ཅི་མ་ལོག་པ་ཐོབ་པས་ཡང་དག་པའི་བདེན་པ་མཐོང་སྟེ་དེ་ནི་དྲང་པོ་མཐོང་བ་ཞེས་བྱའོ། །ཡང་ཤཱ་རིའི་བུ་དྲང་པོ་མཐོང་བ་ནི་མིང་དྲང་པོ་བྱེད་དྲང་པོ་སྤྱོད། དྲང་པོའི་ལམ་དྲང་པོ་ཤེས་ཞེས་
བྱ་སྟེ། ཕྱིན་ཅི་ལོག་མེད་ལ་བདེན་པ་བཞིན་དུ་མཐོང་བས་ན། ཡང་དག་པར་གཤེགས་པས་དྲང་པོ་མཐོང་བ་ཞེས་བཤད་དོ། །ཤཱ་རིའི་བུ་སེམས་ཅན་ལ་ལ་ཞིག་ཕྱིན་ཅི་ལོག་མེད་པ་བདེན་པ་བཞིན་དུ་རྟོགས་པ་ནི་དྲང་པོ་མཐོང་བ་ཡོད་དོ། །ལ་ལ་ཞིག་བདག་ཏུ་ལྟ་བའི་
འདུ་ཤེས་དང་། གང་ཟག་གི་འདུ་ཤེས་དང་། སེམས་ཅན་གྱི་འདུ་ཤེས་སྐྱེས་ན། དེ་ལྟ་བུའི་མི་ཀུན་ཡོན་པོའི་ལམ་དུ་སྤྱོད་པར་མངོན་ནོ། །ཤཱ་རིའི་བུ་སངས་རྒྱས་དང་སློབ་མས་ནི་བདག་ཏུ་ལྟ་བ་ཡོད་པར་མ་བཤད། གང་ཟག་ཡོད་པར་མ་བཤད། སེམས་ཅན་ཡོད་
པར་མ་བཤད། ཚེ་སྲོག་ཡོད་པར་མ་བཤད། རྟག་ཆད་མ་བཤད། དེ་ལྟ་བས་ན། སངས་རྒྱས་དང་། སློབ་མ་ནི་དྲང་པོ་མཐོང་བ་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། དྲང་པོར་བརྟགས་ཏེ། ཕྱིན་ཅི་མ་ལོག་པའི་ཕྱིར་རོ། །ཤཱ་རིའི་བུ་ཐ་མལ་པ་ཐམས་ཅད་ཀྱིས་ནི་འདིའི་
ནང་དུ་འཇུག་ནུས་པ་མེད་དོ། །ཅིའི་ཕྱིར་ཞེ་ན། ཐ་མལ་པ་ཐམས་ཅད་ལ་དྲང་པོ་མཐོང་བ་ཡང་མེད་དོ། །ཡིད་བཞིན་འབྲང་བའི་དྲང་པོ་མཐོང་བ་འབའ་ཞིག་ཡོད་དོ། །མཉེན་དེས་པའི་བཟོད་པ་ཐོབ་ན་བདེན་པ་བཞིན་དུ་མ་ནུས་སོ། །ཤཱ་རིའི་བུ་དེའི་མིང་དྲང་པོ་མཐོང་བ་དང་།
ཡོན་པོ་མཐོང་བ་ཐ་དད་ཅེས་བྱ་སྟེ། བདེན་པ་བཞིན་དུ་མཐོང་བས་ན་མིང་དྲང་པོ་མཐོང་བ་ཞེས་བྱའོ། །འཇིག་རྟེན་གྱི་སྐྱིད་པ་ནོར་ཁེ་སྐྱེ་ཞིང་འཕེལ་བའི་ཞར་ལས་མཐོང་བ་ནི་འཇིག་རྟེན་གྱི་དྲང་པོ་མཐོང་བ་ཡིན་ཏེ། དེ་ཀུན་བརྙས་བསླུས་པ་ཡིན་གྱིས་སྐྱེ་ཤི་ལས་མི་ཐར་རོ། །ཤཱ་རིའི་
เล่ม ๕๔ · หน้า 163a
བུ་སངས་རྒྱས་ཀྱིས་བཤད་པ་ལ་འཇིག་རྟེན་གྱིས་དྲང་པོ་མཐོང་བ་ནི་ལེ་ལོ་བླ་དྲོད་དང་ཐ་མ་ཞན་པའི་ཆོས་ཡིན་ཞེས་བཤད་དོ། །མཛངས་ཤིང་འཕྲུལ་པ་ནི་དེ་ལྟ་བུའི་སེམས་མི་བྱེད་དེ། དེ་དྲང་པོ་མཐོང་བ་ཡིན་ནོ། །དེ་ནི་ཡོན་པོ་མཐོང་བ་ཡིན་ནོ། །ཅི་ལྟ་ཞེ་ན།
མཐོང་ངོ་ཅོག་ཐམས་ཅད་ནི་ཀུན་སྒྱུ་མ་མི་བདེན་པའི་རྐྱེན་ལས་ལངས་སོ། །ཤཱ་རིའི་བུ་འདི་སྙམ་དུ་བསམས་ཏེ། འདི་ནི་དྲང་པོ་མཐོང་བ་སྙམ་དུ་བྱེད་ན་མི་དེ་ནི་ཡོན་པོ་མཐོང་བ་ཡིན་ནོ། །ཤཱ་རིའི་བུ་འཕྲུལ་གྱི་ཆོས་ཀྱི་ནང་ན་མཐོང་ངོ་ཅོག་གི་རྩ་བའི་ཕྱི་མོ་བྱུང་སྟེ་བཅད། སྨྲ་
བའི་ཚིག་གོ་ཅོག་གི་ལམ་བཅད་དེ། དཔེར་ན་ནམ་མཁའི་ནང་གི་ལག་པ་དང་མཚུངས་ཏེ། ཅི་ཡང་རེག་ཅིང་ཐོགས་པ་མེད་དོ། །དགེ་སྦྱོང་རྣམས་ཀྱི་ཆོས་ནི་ཀུན་དེ་བཞིན་པའི་རིགས་སོ། །ལེའུ་བཞི་སྟེ་དགེ་འདུན་བསམ་པའི་ལེའུའོ།། །།ཤཱ་རིའི་བུས་
སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས་གང་ལ་སོགས་པ་འཕྲུལ་གྱི་དགེ་འདུན་ཞེས་བགྱི། ཤཱ་རིའི་བུ་མི་ལ་ལ་ཞིག་གིས་ཆོས་སོ་ཅོག་ཐམས་ཅད་ཀུན་སྐྱེ་བའང་མེད། འགོག་པའང་མེད། ལྡང་བའང་མེད། མཚན་མའང་མེད་པར་ཡིད་ཆེས་ཤིང་ཤེས་
ལ་ཁོང་དུ་ཆུད་པར་ནུས་པ་དེ་དེ་ལྟ་བུའི་བཟོད་པ་འབྱོར་གྲུབ་པས་ང་ཡང་མི་ཐོབ་ན། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་ཐོབ་པ་ལྟ་སྨོས་ཀྱང་ཅི་དགོས། དགྲ་བཅོམ་པ་ལྟ་སྨོས་ཀྱང་ཅི་དགོས། ཆོས་མི་ཐོབ་པ་ལྟ་སྨོས་ཀྱང་ཅི་དགོས།
ཕྱི་མོ་མི་ཐོབ་པ་ལྟ་སྨོས་ཀྱང་ཅི་དགོས། ལམ་མི་ཐོབ་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བུ་ལ་སོགས་པའི་དོན་མི་ཐོབ་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ནི་མིང་འཕྲུལ་གྱི་དགེ་འདུན་ཏེ་དེས་ཀྱང་མི་འཐོབ་བོ། །ཡང་ཤཱ་རིའི་བུ་སེམས་ཅན་ལ་སྐྱེ་བ་མེད་པ་དང་། འགོག་པ་
མེད་པ་དང་། མཚན་མ་མེད་པའི་ཆོས་ཡིད་ཆེས་ཤིང་ཤེས་པ་ཉུང་ངོ་། །ལ་ལ་ཞིག་གིས་སྐྱེ་བའང་མེད། འགོག་པའང་མེད། མཚན་མའང་མེད་པའི་ཆོས་ཡིད་ཆེས་པར་ནུས་ན། སེམས་ལ་ཕྱིན་ཅི་ལོག་མེད་དེ། གཅིག་གིས་གཅིག་ཤེས་རིག་ལ་ཆོས་སྤྱད་དེ།
เล่ม ๕๔ · หน้า 163b
འབྱོར་འདུན་པས་ཕྱིས་ཡོད་པ་མི་མྱོང་ངོ་། །འཇིག་རྟེན་ཐམས་ཅད་སྒྱུ་མ་མི་བདེན་པའི་རྐྱེན་འབའ་ཞིག་ལས་བྱུང་བར་རིག་པས། མི་དེ་ཕྱིན་ཆད་ད་ལྟར་གྱི་ལུས་ལ་མི་འདུག་གོ། །རྒྱུ་རྐྱེན་དེ་ལྟ་བས་ན། མིང་འཕྲུལ་གྱི་དགེ་འདུན་ཞེས་བྱར་རུང་ངོ་། །མི་དེས་སྨྲ་བའི་
ཚིག་དེ་ལ་ཐོབ་པ་ཡང་མེད། མིང་མཚན་མ་རྣམས་ལས་འདུས་པ་དྲན་གྱི། མཚན་མ་དང་འདྲན་ཏོར་གྱི་དོན་ཀྱང་མེད་དོ། །དེའི་མིང་དགེ་འདུན་དཀོན་མཆོག་ཅེས་བྱ་སྟེ། ཡོན་ལེན་པའི་རིགས་ཏེ། ཕྱིན་ཅི་ལོག་མེད་པའི་ཡང་དག་པའི་བདེན་པའི་གཞུང་ཐོབ་བོ། །མི་
དེས་དེ་ལྟ་བུའི་ཐབས་སྤྱད་པས་དགེ་འདུན་བསམས་ན། དོན་དེ་ཡང་སྟོང་པའོ། །ཤཱ་རིའི་བུ་དེ་ལྟ་བུར་སྟོན་པ་ནི་མིང་དགེ་བའི་བཤེས་གཉེན་ནོ། །ཤཱ་རིའི་བུ་སྨྲ་བའི་ཚིག་ཐམས་ཅད་ཀྱི་ལམ་ཆོད་ན་མིང་འཕྲུལ་གྱི་དགེ་འདུན་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། འཕྲུལ་གྱི་ཆོས་
ཀྱི་ནང་ན་སྨྲ་བའི་ཚིག་རྒྱུས་ཡང་དགེ་བའི་བདེན་པའི་གཞུང་བཤད་ན་དེ་ལྟ་བུའི་སྨྲ་བའི་ཚིག་ཀྱང་ཐོབ་པར་མི་རུང་ངོ་། །དེ་ལྟ་བས་ན་སྨྲ་བའི་ཚིག་རྣམས་ཆོད་པ་ནི་འཕྲུལ་གྱི་དགེ་འདུན་ཞེས་བྱ་བར་མངོན་ནོ། །ཤཱ་རིའི་བུ་མི་ལ་ལ་ཞིག་ན་རེ། ཆོས་འདིའི་ནང་ན་ཚིག་གིས་
བཤད་པ་མེད། ངེས་པ་མེད་ན་ཇི་ལྟར་མིང་དགེ་འདུན་ཞེས་བྱ་ཞེས་ཟེར་བ་ཞིག་ཡོད་ན། ཤཱ་རིའི་བུ་ངའི་འདིའི་ནང་ན་ལན་འདི་སྐད་ཅེས་བླན་པ་ཡོད་དེ། དགེ་འདུན་གྱི་མིང་བདེན་པ་བཞིན་དུ་དོན་སྟོན་པ་ཞེས་བྱས་ན། དོན་དེ་ངེས་པར་ཐོབ་པའང་མི་རུང་ངོ་། །སློབ་པའི་
གྲྭ་ལྷན་ཅིག་ལ་བཟོད་པ་ཡང་གཅིག །རོ་ཡང་གཅིག་པ་དེའི་དོན་ཀྱང་འཇིག་རྟེན་གྱི་ཐ་མལ་པའི་ཚིག་བཤད་པས་སྤྱད་ཀྱི། མཆོག་གི་གཞུང་མ་ཡིན་ནོ། །མཆོག་གི་གཞུང་གི་ནང་ན་ངེས་པར་བདེན་པ་མེད་དེ། མིང་དགེ་འདུན་ང་ཆོས་རྟག་སྟེ། མི་འཇིགས་ཞེས་བྱའོ། །
འཕྲུལ་གྱི་མིས་ཆོས་འདི་ཡོད་ཅེས་བཤད་དུ་ཟིན་ན་དེ་ནི་དགོས་པའོ། །ཅིའི་ཕྱིར་ཞེ་ན་ཞེས་བྱས་ན། མི་དེ་ལྟ་བུའི་རྣམ་པར་བརྟག་པར་བྱ་སྟེ། སྐྱེས་པ་ཡིན། བུད་མེད་ཡིན། ལྷ་ཡིན། ཀླུ་ཡིན། གནོད་སྦྱིན་ཡིན། དྲི་ཟ་ཡིན། གྲུལ་བུམ་ཡིན། ཆོས་ཡིན།
เล่ม ๕๔ · หน้า 164a
ཆོས་མ་ཡིན་ཞེས་དེ་ལྟ་བུར་རྣམ་པར་བརྟག་པ་བྱས་ནས་དོན་རྣམ་པ་མང་པོ་ཐོབ་སྟེ། དོན་རྣམ་པ་མང་པོ་ཐོབ་པས་ན་ཚིག་འདི་སྐད་བྱས་སོ། །འདུག་པ་ཡིན། ཉལ་བ་ཡིན། སོང་བ་ཡིན། སྡོད་པ་ཡིན་ཞེས་ཟེར་རོ། །འཕྲུལ་གྱི་མིས་ནི་
ཆོས་སོ་ཅོག་གི་བདེན་པའི་མཚན་མ་ཐོབ་པས་ན་རྣམ་པར་མི་རྟོག་སྟེ། སྐྱེས་པ་ཡིན། བུད་མེད་ཡིན། ལྷ་ཡིན། ཀླུ་ཡིན་པ་དང་། ཆོས་ཡིན་པ་དང་། ཆོས་མ་ཡིན་པ་ལ་ཐུག་གི་བར་དུ་རྣམ་པར་ཡང་མི་རྟོག་གོ། །རྣམ་པར་མི་རྟོག་པས་ན་ཆོས་སོ་ཅོག་མ་ཐོབ་བོ། །
ཆོས་སོ་ཅོག་མ་ཐོབ་པས་འདི་སྐད་དུ་འདུག་པ་ཡིན། ཉལ་བ་ཡིན། འགྲོ་བ་ཡིན། སྡོད་པ་ཡིན་ཞེས་བཤད་པར་བྱ་ནུས་སམ་མི་ནུས། བཅོམ་ལྡན་འདས་མི་ནུས་ལགས་སོ། །ཤཱ་རིའི་བུ་མི་ལ་ལ་ཞིག་ན་རེ་སྐྱེས་པ་ཡིན། བུད་མེད་ཡིན། ལྷ་ཡིན། ཀླུ་ཡིན་པ་དང་།
ཆོས་ཡིན་པ་དང་། ཆོས་མ་ཡིན་པ་ལ་ཐུག་པ་ཡིན་ཞེས་ཟེར་ན། མི་དེས་བཤད་དོ་ཅོག་སྒྱུ་མ་མི་བདེན་པ་ཡིན་ནམ། བཅོམ་ལྡན་འདས་སྒྱུ་མ་མི་བདེན་པ་ལགས་སོ། །ཤཱ་རིའི་བུ་སྒྱུ་མ་མི་བདེན་པ་དེའི་ནང་དུ་མ་གཏོགས་པ་ནི་མིང་འཕྲུལ་གྱི་དགེ་འདུན་ཞེས་བྱའོ། །ཕྱིན་ཅི་
མ་ལོག་པས་ནི་མིང་འཕྲུལ་གྱི་དགེ་འདུན་ཞེས་བྱའོ། །ཤཱ་རིའི་བུ་མི་དགེ་བ་ཡོད་དོ་ཅོག་དང་། ཤེས་པར་རུང་བ་ཡོད་དོ་ཅོག་དང་། དེ་ལྟ་བུའི་མི་དགེ་བའི་ཆོས་ཐམས་ཅད་ནི་མིང་མཚན་མ་སྤྱད་པས་ཕྱི་མོ་བྱས་སོ། །མཛངས་ཤིང་འཕྲུལ་པའི་ཆོས་འདིའི་ནང་ན་མིང་དང་
མཚན་མ་རྣམས་ཆད་དོ། །མིང་དང་མཚན་མ་ཡང་མི་སེམས་ཏེ། མིང་དང་མཚན་མ་ཐོབ་ན་ཇི་ལྟ་བུར་འཕྲུལ་གྱི་དགེ་འདུན་ཡིན་ཞེས་ཟེར་ན། མིང་དང་མཚན་མ་ཀུན་ཆོད་ན་མིང་འཕྲུལ་གྱི་དགེ་འདུན་ཞེས་བྱའོ། །ཆོས་ཀྱི་གནས་ཡོད་ཟིན་ན། གཞིག་ཏུའང་རུང་། གཅད་
དུའང་རུང་ངོ་། །འཕྲུལ་གྱི་ཆོས་ཀྱི་ནང་ན་མིང་མེད། མཚན་མ་མེད་སྨྲ་བའི་ཚིག་མེད་དེ། སྨྲ་བའི་ཚིག་ཀུན་ཆད་དེ་འདུས་ཤིང་གྱེས་པ་མེད་དོ། །ལ་ལ་ཞིག་ན་རེ་དགེ་འདུན་མེད་ཅེས་ཟེར་ན། འཕྲུལ་གྱི་དགེ་འདུན་བཤིག་པ་སྟེ། དེ་ཡང་མི་རུང་ངོ་། །དེ་ནི་མིང་དང་མཚན་
เล่ม ๕๔ · หน้า 164b
མ་སྒྱུ་མ་མི་བདེན་པའི་འདུ་ཤེས་ཀྱི་ལན་ཏེ། ཡོན་པོ་མཐོང་བ་རྣམས་མང་པོ་ལ་ཆགས་སོ། །ཡོན་པོ་མཐོང་བ་དེའི་ལན་བོན་གྱིས་ཡང་ཕྱི་མའི་ལུས་མནོས་ཏེ། མཐོང་བ་རྣམས་ལ་འདོད་ཆགས་པས་ལྔ་ཕུང་སྐྱེས་སོ། །ཤཱ་རིའི་བུ་ལྔ་ཕུང་གི་ཀུན་སྒྱུ་མ་མི་བདེན་པ་ལ་ཆགས་
པ་ཡིན་ཏེ། དེའི་མིང་ངན་པའི་ལམ་མོ། །དེའི་མིང་ཡོན་པོའི་ལམ་མོ། །མཛངས་འཕྲུལ་པའི་དགེ་འདུན་ལ་ནི་དེ་ལྟ་བུའི་དོན་མེད་དོ། །སྒྱུ་མ་མི་བདེན་པའི་རྐྱེན་འབའ་ཞིག་ལས་ཁམས་གསུམ་བྱུང་བར་ཤེས་སོ། །དེ་ལྟ་བུའི་དོན་ཤེས་པས་ན་མིང་འཕྲུལ་གྱི་དགེ་འདུན་ཞེས་
བྱའོ། །ཤཱ་རིའི་བུ་ཡོང་མཐོང་བ་ཡོད་དོ། །ཆོ་ག་ནི་འཕྲུལ་གྱི་དགེ་འདུན་གྱི་ནང་ན་ཀུན་ཐོབ་པར་མི་རུང་ངོ་། །བདག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། སྲོག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། སྐྱེས་པར་མཐོང་བ་དང་། བུད་མེད་དུ་མཐོང་བ་དང་། ལྷར་མཐོང་
བ་དང་། སེམས་ཅན་དམྱལ་བར་མཐོང་བ་དང་། བྱོལ་སོང་དུ་མཐོང་བ་དང་། ཡི་དགས་སུ་མཐོང་བ་དང་། ཕུང་པོ་དང་། འདུ་ཤེས་དང་། ཁམས་སུ་མཐོང་བ་དང་། དུང་གི་སྒྲར་མཐོང་། རྔའི་སྒྲར་མཐོང་། སའི་སྒྲར་མཐོང་། ཆུ་དང་། མེ་དང་། རླུང་གི་སྒྲར་མཐོང་།
ཚུལ་ཁྲིམས་འཛིན་པའི་སྒྲར་མཐོང་། ཚུལ་ཁྲིམས་ཞིག་པའི་སྒྲར་མཐོང་། དྲང་པོའི་ལམ་གྱི་སྒྲར་མཐོང་། ཡོན་པོའི་ལམ་གྱི་སྒྲར་མཐོང་། དྲི་མའི་སྒྲར་མཐོང་། གཙང་མའི་སྒྲར་མཐོང་། བསམ་གཏན་ཐུབ་པ་དང་། ཏིང་ངེ་འཛིན་དང་། འཕྲུལ་བརྒྱད་ཀྱི་ལམ་གྱི་
སྒྲ་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པའི་འབྲས་བུའི་སྒྲར་མཐོང་བ་དང་། གྲོལ་ཐར་གྱི་སྒྲར་མཐོང་བ་དང་། འབྲས་བུ་ཐོབ་པའི་སྒྲར་མཐོང་བ་དང་། སངས་རྒྱས་ཀྱི་སྒྲར་མཐོང་
བ་དང་། ཆོས་ཀྱི་སྒྲར་མཐོང་བ་དང་། དགེ་འདུན་གྱི་སྒྲར་མཐོང་བ་དང་། འགོག་པའི་སྒྲར་མཐོང་བ་དང་། མྱ་ངན་ལས་འདས་པའི་སྒྲར་མཐོང་བའོ། །ཤཱ་རིའི་བུ་དེའི་མིང་མི་བདེན་པའི་སྒྲ་སྐད་ལ་སོགས་པ་མཐོང་ཞེས་བྱའོ། །མཛངས་འཕྲུལ་པའི་དགེ་འདུན་གྱིས་ནི་མཆོག་གི་
เล่ม ๕๔ · หน้า 165a
གཞུང་ལ་དེ་ལྟ་བུའི་མཐོང་བ་མ་ཐོབ་པ་སྟེ། སྒྲ་སྐད་ཀྱི་རྣམ་པ་ཐམས་ཅད་མཚན་ཉིད་གཅིག་པར་ཁོང་དུ་ཆུད་དེ་མཚན་ཉིད་གལ་བ་མེད་རྩོད་པ་མེད་པའོ། །ཕྱིན་ཅི་མ་ལོག་པའི་ཆོས་ཀྱི་བཟོད་པ་འབྱོར་གྲུབ་པས་ན་མིང་འཕྲུལ་གྱི་དགེ་འདུན་ཞེས་བྱའོ། །ཤཱ་
རིའི་བུ་ཕྱིན་ཅི་མ་ལོག་པའི་ཆོས་ཀྱི་བཟོད་པ་དེ་ནི་མཚན་མ་མེད་པ་ཡིན་ནོ། །མཚན་མ་མེད་པས་ན་བླང་བའང་མེད། དོར་བའང་མེད། ལོག་པའང་མེད། མ་ལོག་པའང་མེད། སྐྱེ་བའང་མེད། འགོག་པའང་མེད། དེའི་ནང་རང་བཞིན་པ་ལ་ཕྱོགས་པས་སྤྱད་པའང་མེད།
ཞིག་པའང་མེད། ལྡང་བའང་མེད། ཐོབ་པའང་མེད། ཕན་ཚུན་ཞེས་རྣམ་པར་ཡང་མི་རྟོག་པས་ན་སེམས་རྟག་པར་གཏང་བྲལ་ལོ། །ཅིའི་ཕྱིར་ཞེ་ན། དེ་ལྟ་བུའི་བཟོད་པའི་ནང་ན་ཕ་ལོགས་ཀྱི་འགྲམ་ཡང་མེད། ཚུ་ལོགས་ཀྱི་འགྲམ་ཡང་མེད། རྣམ་པར་རྟོག་པའང་
མེད། རྣམ་པར་རྟོག་པ་མེད་པའང་མེད་དོ། །མཚན་མ་མེད་པ་ཁོང་དུ་ཆུད་དེ་འབྱོར་གྲུབ་པས། མིང་འཕྲུལ་གྱི་དགེ་འདུན་ཞེས་བྱའོ། །འདུས་ཚོགས་པ་བཤིག་པས་ན་མིང་འཕྲུལ་གྱི་དགེ་འདུན་ཞེས་བྱའོ། །ཤཱ་རིའི་བུ་ངའི་ཆོས་ཀྱི་ཡི་གེ་གཞན་ལ་བཤད་པ་མི་ལ་ལས་
ཆོས་མཐོང་དུ་ཟིན་ན་དེ་ནི་བདག་ཏུ་ལྟ་བ་ཡིན་ནོ། །ཡང་དག་པར་གཤེགས་པ་ཆོས་མ་ཡིན། ཆོས་མ་ཡིན་པའང་མ་ཡིན། ཅིའི་ཕྱིར་ཞེ་ན། ལྷ་སྦྱིན་བླུན་པོ་དང་། མུར་འདུག་ཀུན་གྱིས་ཁ་དོག་གི་ལུས་སྤྱད་དེ། སངས་རྒྱས་མཐོང་ཞེས་ཟེར་རོ། །ཤཱ་རིའི་བུ་ཡང་དག་
པར་གཤེགས་པ་ནི་ཁ་དོག་གི་ལུས་སྤྱད་པས་མཐོང་བ་མི་རིགས་སོ། །སྒྲ་སྐད་སྤྱད་པས་ཀྱང་མཐོང་བ་མི་རིགས་སོ། །ཤཱ་རིའི་བུ་ལ་ལ་ཞིག་ཁ་དོག་གི་ལུས་སྤྱད་པས་སངས་རྒྱས་མཐོང་ན་དེ་ནི་སངས་རྒྱས་དང་རྒྱང་རིང་ངོ་། །ཅིའི་ཕྱིར་ཞེ་ན་ཞེས་བྱས་ན། སངས་རྒྱས་ཀྱི་མིང་
ཁ་དོག་མཐོང་བ་ཞེས་མི་བྱ་བས་ན། དེའི་མིང་སངས་རྒྱས་མཐོང་བ་ཞེས་བྱའོ། །ཤཱ་རིའི་བུ་མི་ལ་ལ་ཞིག་གིས་ཆོས་སོ་ཅོག་ལ་མཚན་མ་མེད། མིང་མེད། རེག་པ་མེད། དྲན་པ་མེད། སེམས་མེད། སྐྱེ་བའང་མེད། འགོག་པའང་མེད། འདྲན་ཏོར་མེད། ཆོས་སོ་ཅོག་
เล่ม ๕๔ · หน้า 165b
ལ་ནི་མི་སེམས། མྱ་ངན་ལས་འདས་པ་མི་སེམས། མྱ་ངན་ལས་འདའ་བའི་སེམས་ཀྱང་མི་བྱ། མྱ་ངན་ལས་འདས་པ་ལ་མི་ཆགས་ཏེ། ཆོས་སོ་ཅོག་ཀུན་མཚན་ཉིད་གཅིག་ཡིན་པར་ཡིད་ཆེས་ཤིང་མཐོང་བར་ནུས་ན་དེ་ནི་མཚན་ཉིད་མེད་པའོ། །ཤཱ་རིའི་བུ་དེའི་མིང་
ཡང་དག་པར་སངས་རྒྱས་མཐོང་བའོ། །ཆོས་སོ་ཅོག་ལ་ཚོལ་བའང་མེད། འདྲན་ཏོར་ཡང་མེད། སྐྱེ་བ་མེད་ལ་དོན་དེ་ལ་ཡང་མི་སེམས་རྣམ་པར་མི་རྟོག་ན། དེའི་མིང་སངས་རྒྱས་མཐོང་བའོ། །མི་ལ་ལ་ཞིག་ཆོས་འདི་ལ་དྲན་པའི་འདུ་ཤེས་ཀྱིས་རྣམ་པར་བརྟག་
པ་མེད། བླང་བ་མེད། དོར་བ་མེད། གལ་བ་མེད། འདུ་ཤེས་མེད། འདུ་ཤེས་ཀྱིས་ལས་མེད། ཚིག་གིས་བཤད། བཤད་པ་ཡང་མི་ཆགས། ཆོས་ཀྱི་མིང་བརྙན་མ་ཡིན་ལ་ཀུན་ཅི་ཡང་མེད་པར་རིག་སྟེ། སྨྲ་བའི་ཚིག་གི་ལམ་ཆད་ཅིང་ཐ་དད་པ་མེད། འདྲན་
ཏོར་བརྗོད་པ་མེད། རིག་པ་མེད། དེའི་མིང་སྐྱེ་བའང་མེད། འདུ་ཤེས་སྤྱོད་པ་མེད་པ་ཞེས་བྱ་སྟེ། འཇིག་རྟེན་གྱི་ནང་ན་མིང་འཕྲུལ་གྱི་དགེ་འདུན་ཞེས་བྱའོ། །ཤཱ་རིའི་བུ་ཆོས་གང་མཐོང་ན་མིང་སངས་རྒྱས་མཐོང་ཞེས་བྱ། དེ་ནི་འདུ་ཤེས་མེད། རྣམ་པར་རྟོག་པ་ཡང་
མེད། འདྲན་ཏོར་བརྗོད་པ་མེད་དེ། ཆོས་སོ་ཅོག་མི་ལེན་པའོ། །སྟོང་པའི་སྒོ་མོ་དང་། སྟོང་པ་ཞི་བའི་སྒོ་མོ་དང་བྲལ་བའི་སྒོ་སྤྱོད་པ་ནི་མཐོང་བ་མི་སེམས། མཐོང་བ་མི་ཐོབ་དེའི་དོན་ཀྱང་མི་ཐོབ་སྟེ། དེ་ནི་མིང་མཁན་མ་ཡིན་ནོ། །དེའི་གནས་ཀྱང་མི་ཐོབ་སྟེ། དེ་
ནི་མྱ་ངན་ལས་འདས་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ང་ཡང་མྱ་ངན་ལས་འདས་པ་མི་སེམས་ན། དེ་ལྟ་བུར་ཁྱོད་ལ་སོགས་པ་མྱ་ངན་ལས་འདས་པ་སོམས་ཤིག་དང་། མྱ་ངན་ལས་འདའ་བ་ཐོབ་པ་བཤད། ཤཱ་རིའི་བུ་མི་ལ་ལ་ཞིག་མྱ་ངན་ལས་འདས་པ་ཐོབ་སྙམ་
བྱེད་ན། མི་དེ་ནི་ཡང་དག་པར་གཤེགས་པའི་ཕྱིར་འབྲངས་ཏེ། ཁྱིམ་ནས་མ་བྱུང་གི། མཁན་པོ་དྲུག་གི་ཕྱིར་འབྲངས་ཏེ་ཁྱིམ་ནས་བྱུང་བའོ། །ཤཱ་རིའི་བུ་ཤེས་པར་བྱོས་ཤིག །དེ་ནི་ཆོས་ཀྱི་དགྲ་ཡིན་ཏེ་ངའི་ཆོས་ཀྱི་ནང་དུ་ཞུགས་སོ། །དེ་ལྟ་བུའི་མིས་ངའི་ཆོས་མ་
เล่ม ๕๔ · หน้า 166a
བསྒོམས་པར་མངོན་ནོ། །དེ་ལྟ་བུའི་མི་དགྲ་ཆེན་པོ་ཡིན་པར་མངོན་ཏེ་མཁར་དང་ཡུལ་ཆེན་པོའི་ནང་ན་དགྲ་ཆེན་པོ་ཡོད་པ་དང་མཚུངས་སོ། །ཇི་ལྟ་ཞེས་བྱས་ན། དེ་ལྟ་བུའི་གཏི་མུག་གི་མིས་མྱ་ངན་ལས་འདས་པ་ཐོབ་པར་འཛིན་ན་བདག་ཏུ་ལྟ་བ་དང་།
གང་ཟག་ཏུ་ལྟ་བ་དང་། ཐོབ་པར་འཛིན་པ་ལྟ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ་དེ་ལྟ་བུའི་མི་གཏི་མུག་གི་མི་ནི་ངའི་ལག་པས་བཀག་སྟེ། ངའི་སློབ་མ་མ་ཡིན་ནོ། །དགེ་འདུན་གྱི་གྲངས་སུ་མི་ཆུད་དོ། །ང་ཡང་དེའི་མཁན་པོ་མ་ཡིན་ནོ། །ཤཱ་རིའི་བུ་ལ་ལ་ཞིག་ཆོས་སོ་ཅོག་
སྐྱེ་བའང་མེད། འགོག་པའང་མེད། སེམས་པའང་མེད། འདུ་ཤེས་མེད་པར་རིག་པ་སྟེ། དེ་ལྟ་བུའི་ཆོས་ཀྱི་བཟོད་པ་ཐོབ་པས་ནི་མྱ་ངན་ལས་འདས་པ་མི་ཐོབ་ན། བདག་ཏུ་ལྟ་བ་དང་། གང་ཟག་མི་ཐོབ་པ་ལྟ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ་སངས་རྒྱས་ཀྱིས་བཤད་
པ་ལ་དེ་ལྟ་བུའི་མིང་ནི་ཆོས་མཐོང་བ་ཞེས་བྱ་སྟེ། དོན་དེ་མཐོང་བར་ནུས་པས་མིང་སངས་རྒྱས་མཐོང་བ་ཞེས་བྱའོ། །ཤཱ་རིའི་བུ་ཇི་ལྟ་བུའི་མིང་སངས་རྒྱས་ཞེས་བྱ། ཆོས་སོ་ཅོག་ཐམས་ཅད་ཀྱི་མི་གཡོ་ཞིང་ཐ་དད་པ་མི་ཞིག་ན། དེའི་མིང་ཡང་དག་པར་གཤེགས་པ་
ཞེས་བྱའོ། །མི་ལ་ལ་ཞིག་དེ་ལྟ་བུའི་ཆོས་ལ་ཐེ་ཙོམ་དང་འགྱོད་པ་མེད་ན། དེའི་མིང་འཕྲུལ་གྱི་དགེ་འདུན་ཞེས་བྱའོ། །ཤཱ་རིའི་བུ་ཚེ་རབས་སྔ་མ་འདས་པ་ན་མི་གཏི་མུག་པ་ཅིག་ཡོད་པས། སྤྲེའུ་ངོ་མ་ཤེས་ཏེ། ཚལ་ཆེན་པོ་ཞིག་གི་ནང་དུ་ཞུགས་ཏེ། སྤྲེའུ་ཁྱུ་
ཅིག་འདུས་ཏེ་གནས་ཅིག་ན་འདུག་པ་མཐོང་ནས། མི་དེས་སུམ་ཅུ་རྩ་གསུམ་གྱི་ལྷ་ཡོད་པར་ཐོས་མྱོང་བས། ཐལ་བྱུང་དུ་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཡིན་ནོ་ཞེས་ཟེར་ཏེ། མོད་བཞིན་ཚལ་ནས་བྱུང་ནས། སླར་སྔོན་གྱི་གྲོང་ཁྱིམ་ཕལ་མང་པོའི་ནང་དུ་ཚིག་འདི་སྐད་བྱས་
སོ། །ཁྱེད་ལ་སོགས་པས་སུམ་ཅུ་རྩ་གསུམ་གྱི་ལྷ་མཐོང་མྱོང་ངམ་མ་མྱོང་། །མི་ཕལ་གྱིས་ལན་བླན་པ་མཐོང་མ་མྱོང་ངོ་། །མོད་བཞིན་ཚིག་སྨྲས་པ། ངས་མཐོང་ཟིན་ན་ཁྱོད་མཐོང་བར་འདོད་དམ་མི་འདོད། ཀུན་གྱིས་ཀྱང་མཐོང་བར་འདོད་དོ་ཞེས་བྱས་ནས། མོད་བཞིན་ཕལ་མང་པོ་ཁྲིད་དེ་ཚལ་དེའི་
เล่ม ๕๔ · หน้า 166b
ནང་དུ་ཕྱིན་ནས་སྤྲེའུ་བསྟན་ཏེ། ཁྱེད་ལ་སོགས་པས་སུམ་ཅུ་རྩ་གསུམ་གྱི་ལྷ་ཡིན་གྱི་ལྷ་འདི་རྣམས་ལ་ལྟོས་ཤིག་བྱས་ན། མི་ཕལ་ཀུན་ན་རེ་སུམ་ཅུ་རྩ་གསུམ་གྱི་ལྷ་མ་ཡིན་གྱི། འདི་ནི་སྤྲེའུ་ཡིན་ཏེ་ཚལ་གྱི་ནང་དུ་འདུག་པ་ལ་སྲེད་དོ། །ཁྱེད་གཏི་མུག་ཕྱིན་ཅི་ལོག་པས་སྤྲེའུ་མི་ཤེས་པའི་སྟེང་དུ་སུམ་
ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱང་མ་ཤེས་སོ། །ཤཱ་རིའི་བུ་མི་དེས་ཕལ་མོའི་སྟོང་རྡབ་ཏུ་ཚལ་དེའི་ནང་དུ་ཕྱིན་ཏོ། །འདི་ལྟ་སྟེ། ཤཱ་རིའི་བུ་ད་དུང་མ་འོངས་པའི་དུས་ན། དགེ་སློང་ཞིག་ཡོད་པ་གོས་སྐྱ་བོ་ཅན་གྱི་ཁྱིམ་དུ་ཕྱིན་ཏེ། ཚིག་འདི་སྐད་བྱས་སོ། །ཁྱོད་སངས་རྒྱས་དང་འཕྲུལ་གྱི་དགེ་འདུན་མཐོང་ཞིང་སངས་རྒྱས་
ཀྱི་ཆོས་ཉན་པར་འདོད་དམ། མི་འདོད་ཅེས་བྱས་ན། གོས་སྐྱ་བོ་ཅན་དེའི་ནང་ན་སངས་རྒྱས་ཀྱི་ཆོས་ལ་ཡིད་ཆེས་པ་ཡོད་པ་རྣམས་ཀུན་ན་རེ་མཐོང་བར་འདོད་ཀྱིས། སངས་རྒྱས་ཀྱི་ཆོས་མཉན་ཅིང་མནོས་ཞེས་ཟེར་ཏོ། །ཤཱ་རིའི་བུ་དེའི་ནང་ན་གོས་སྐྱ་བོ་ཅན་སྨྲ་བའི་ཚིག་ལ་ཆགས་ཤིང་སྲེད་པ་ཡོད་དོ། །མཆོད་
རྟེན་དང་གཙུག་ལག་ཁང་གི་ནང་དུ་ཕྱིན་ན་དགེ་སློང་དག་ཅིག་ཡོད་པ་ཚིག་གིས་བཤད་ཅིང་ཡི་གེ་རྣམས་ལ་མཁས་པར་ཤེས་ཏེ། སྨྲ་བའི་ཚིག་རྟེན་ཅིང་ཡི་གེ་རི་མོ་ལ་སྲེད་པ་ཡང་ཡོད་ནས། དགེ་སློང་དེ་གཞན་ཡང་དེ་བཞིན་དུ་འཆད་དེ། ཡང་དེ་དག་པའི་ལམ་ཡིན་སྙམ་སྟེ། དགེ་འདུན་གྱི་གྲངས་སུ་ཞུགས་སོ། །མི་
ཕྱུགས་རྫི་དང་མཚུངས་ཏེ་ཆོས་གྱི་ཡི་གེ་ཀློག་པ་ལ་སྲེད་དུ་ཟད་ཀྱི་ཡང་དག་པའི་དབྱིངས་སུ་མི་འཇུག་སྟེ། མི་ཡིད་དགའ་ཞིང་མིང་སྙན་པར་རིན་ཆེར་འཛིན་དུ་ཟད་དོ། །འཇིག་རྟེན་གྱི་དོན་ལ་བཟོ་མཁས་ཀྱི་ཆོས་འཆད་པ་མི་གཙང་ངོ་། །བཟོའི་ཚིག་ལ་མཁས་པས་འཇིག་རྟེན་གྱི་ལམ་སྤྱད་དུ་ཟད་ཀྱི། ལེགས་པའི་
བརྗིད་མེད་དོ། །མྱ་ངན་ལས་འདས་པའི་རྒྱུ་བཤིག་པ་ལས་རྒྱུ་བཏང་སྟེ། ཁ་རོག་ནས་བསམ་གཏན་ཐུབ་པ་ལ་མ་དད་དེ། ཉིན་མཚན་དུ་རྟག་པར་བཤད་ཅིང་བརྗོད་པ་དང་། འཐབ་རྩོད་པ་དང་། ཐུལ་བ་དང་། སྟན་སྟུག་པོར་ཉལ་སྲེད་དེ། བསམ་གཏན་ཐུབ་པ་བཞིན་པའི་སེམས་ཀྱང་སྐད་ཅིག་མེད་ན། དགེ་
སྦྱོང་གི་འབྲས་བུར་གྲུབ་པར་ཐོབ་པ་མི་ནུས་པ་ལྟ་སྨོས་ཀྱང་ཅི་དགོས། མི་དེ་གཉིད་ཀྱིས་ལོག་ན་ཡང་རྟག་པར་ཐ་མལ་པའི་སེམས་དང་འཐུན་ཏེ། སྲོད་དང་ཐོ་རངས་ལ་མི་འགལ་བའི་བཟོད་པ་མི་སྤྱོད་ཀྱི་མ་རབས་ཀྱི་ཆོས་ལ་སྲེད་ན། མི་དེ་ལྟ་བུས་ཀྱང་ཡོན་གོས་དང་ཁ་ཟས་མང་
เล่ม ๕๔ · หน้า 167a
དུ་ཐོབ་བོ། །ཅིའི་ཕྱིར་ཞེ་ན། མི་དེས་ཁོར་མོར་བདུད་ངན་པ་བསླུས་པས་ཚིག་ཉེ་བར་མི་ཟབ་པ་ལ་སྲེད་དེ། མཆོག་གི་དམ་པའི་གཞུང་ལ་འགྲུབ་པར་སློབ་མི་ནུས་སོ། །མཆོག་གི་ཟབ་མོའི་ཆོས་ཡི་གེ་ཁ་ཏོན་ལ་གཟུངས་སུ་འཛིན་མི་ནུས་ཏེ། ཐོས་ན་
དངངས་སྐྲག་ནས་བཅུད་དཀར་པོ་བཏང་ལ་པང་རྣ་ལེན་ཏོ། །ཕལ་ཐ་མལ་པ་གཞན་གྱིས་གསོ་བའི་ཁེ་རྙེད་པ་མཐོང་ན་འདོད་ཆགས་ཀྱི་སེམས་སྐྱེས་ཏེ། སེམས་ལ་འདི་སྙམ་བྱེད་དོ། །བདག་ལ་སོགས་པའང་དེ་ལྟ་བུའི་ཚིག་བརྗོད་པ་བསླབ་པར་རིགས་ཞེས་ཟེར་རོ། །ཤཱ་
རིའི་བུ་དེ་ལྟ་བུའི་མིས་བླ་ན་མེད་པའི་ཆོས་ཀྱི་དཀོན་མཆོག་བཏང་སྟེ། ཡོན་པོ་མཐོང་བར་ལྷུང་ཞིང་འདུག་པ་ནི་དགེ་སྦྱོང་གི་དགྲ་ཡིན་ནོ། །གོས་སྐྱ་བོ་ཅན་ཁ་དོག་ཡོད་པ་དེའི་གན་དུ་དོང་སྟེ། དེ་ལྟ་བུའི་མི་ངན་པས་དེ་དག་ལ་ཆོས་བཤད་དེ་གསོ་བའི་ཁེའི་ཕྱིར། སངས་རྒྱས་དང་
ཆོས་དང་དགེ་འདུན་ལ་སྙན་པར་བསྟོད་དེ། སྲོག་གསོ་བའི་ནོར་དང་གཡོག་དང་བྲན་བཙལ་བ་འབའ་ཞིག་གི་ཕྱིར་རོ། །གོས་དང་ཟས་ལ་འདོད་ཅིང་ལྕི་བས་བདག་ཇི་ལ་སྲེད་པ་བཞིན་དུ་བསྟོད་དེ་སྦྱིན་པ་བྱས་པས་ནི་གནམ་གྱི་སྟེང་དུ་སྐྱེ་བ་ཐོབ་བོ་ཞེས་ཟེར། སངས་རྒྱས་ཀྱི་ཆོས་
ཀྱི་ནང་ན་ནི་སྦྱིན་པ་སྨད་རིམས་ཀྱི་ཆོས་ནི་བསྟོད། ཕལ་ནི་ནང་གི་མཆོག་གོ་ཞེས་བྱ་སྟེ། ཚིག་དེ་སྐད་དུ་སྦྱིན་པ་ཆེན་པོའི་རྒྱུ་རྐྱེན་གྱིས་གནམ་གྱི་སྟེང་དུ་སྐྱེ་བ་ཐོབ་བོ་ཞེས་བྱ་སྟེ་ཚིག་འབྲུ་མ་རིག །གཞུང་ཕྱོགས་པ་མི་ཤེས་ཐོག་མ་ཉེ་ཞིང་མི་ཟབ་པའི་ཆོས་ཐ་མལ་ཞུགས་པ་
འབའ་ཞིག་ཤེས་པས་བདག་ཏུ་ལྟ་བ་དང་། གང་ཟག་ཏུ་འདོད་ཆགས་ཏེ། མཆོག་གི་གཞུང་བཏང་ངོ་། །ཤཱ་རིའི་བུ་དེ་ལྟ་བུའི་ཆོས་བཤད་པས་བར་བར་ནི་མི་ལ་ལ་ཡིད་ཆེས་པ་སྐྱེས་ཏེ། ཁྱིམ་ནས་བྱུང་ནས་མི་ངན་པ་རྣམས་དང་འདུས་ཚོགས་ཏེ། མཆོག་གི་ཟབ་མོའི་
གཞུང་ནི་འགྲུས་པར་ཚོལ་མི་ནུས་སོ། །ཐོབ་པར་ཡོད་པ་དང་། བདག་ཏུ་ལྟ་བ་དང་། གང་ཟག་དང་ཚེ་དང་སྲོག་ཡོད་པར་བཤད་དོ། །དྲན་པ་དང་འདུ་ཤེས་ཀྱིས་ཅི་ཡང་མེད་པའི་ཆོས་ལ་རྣམ་པར་བརྟགས་ཏེ། རྨད་དུ་བྱུང་བའི་སྡེ་དང་། མདོའི་སྡེ་རང་གིས་འགྲོས་བཤད་དེ་བར་
เล่ม ๕๔ · หน้า 167b
བར་ནི་རྟག་པ་དང་ཆད་པ་བཤད། བར་བར་ནི་བྱ་བ་མེད་པ་བཤད། ཤཱ་རིའི་བུ་ངའི་ཆོས་དེའི་ཚེ་མུར་འདུག་གི་ཆོས་མང་སྟེ། སེམས་ཅན་རྣམས་དྲང་པོ་མཐོང་བའི་སེམས་ཞིག་པར་བྱས་སོ། །དེ་ལྟ་སྟེ། ཤཱ་རིའི་བུ་ང་ཆོས་གཙང་དག་པའི་ཆོས་དེ་ལྟ་བུའི་རྒྱུ་རྐྱེན་གྱིས་ཁད་ཀྱིས་
ཞི་ཞིང་ཟད་དོ། །ཤཱ་རིའི་བུ་ང་ཡུན་རིང་དུ་སྐྱེ་ཤིའི་ནང་དུ་འདུག་ཅིང་སྡུག་བསྔལ་རྣམས་ཀྱིས་ཉོན་མོངས་ནས་བྱང་ཆུབ་གྲུབ་ན་གང་ཟག་མནོས་པ་དེའི་ཚེ་དེངས་ཤིང་ཞིགས་སོ། །ཤཱ་རིའི་བུ་དགེ་སློང་ལ་ལ་ཞིག་ཐོབ་པ་ཡོད་པ་མཐོང་བ་དང་བདག་ཏུ་ལྟ་བ་མཐོང་བ་དང་། གང་
ཟག་མཐོང་བ་པ་དེ། གཏོང་མ་ནུས་ན་ཡང་དག་པར་གཤེགས་པས་སྤྱོད་པ་བཞིན་དུ་བཤད་པ་མི་ཤེས་སོ། །ཡང་དག་པར་བདག་ཏུ་ལྟ་བ་དང་། གང་ཟག་དང་ཆོས་ཡོད་ཅེས་ཟེར་ན། དེ་ལྟ་བུའི་མི་ནི་ཆུ་རྔུབ་གཅིག་ལེན་དུའང་མི་གནང་ངོ་། །གལ་ཏེ་མི་དེས་སྟོང་པའི་ཆོས་
ཐོས་ལ་ཡིད་ཆེས་ཤིང་སེམས་གཙང་དག་སྟེ། མི་དངང་མི་དོགས་ན་མོད་བཞིན་སླར་མི་ཕལ་བཀྲིས་དྲངས་ཏེ། བདེན་པའི་མཚན་མའི་གཞུང་དུ་འཇུག་པ་རིགས་སོ། །ཡང་ཁྱིམ་ནས་བྱུང་སྟེ། ཚུལ་ཁྲིམས་ཆོ་ག་ཚང་བར་མནོས་པའོ། །ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་མི་ལ་ལ་
ཞིག་དེ་ལྟ་བུའི་མཐོང་བ་མ་བཏང་ན། དེའི་མིང་མུར་འདུག་ཅེས་བྱའོ། །ཤཱ་རིའི་བུ་ངས་འཇིག་རྟེན་གྱི་ཐ་མལ་པའི་རྒྱུ་རྐྱེན་སྤྱད་ནས་སྒྱུ་མར་ང་ཡོད་པར་བཤད་པ་ནི་མཆོག་གི་གཞུང་མ་ཡིན་ནོ། །ཡང་མི་ལ་ལ་ཞིག་ན་རེ། ངས་ཀྱང་འཇིག་རྟེན་གྱི་ཐ་མལ་པའི་རྒྱུ་རྐྱེན་སྤྱད་
དེ་ང་ཡོད་པར་བཤད་དོ་ཞེས་ཟེར་ན། མི་དེས་སྐྱེ་བ་མེད་པ་དང་། འགོག་པ་མེད་པ་དང་། མཚན་མ་མེད་པའི་ཆོས་ཁོང་དུ་ཆུད་མ་ནུས་ཏེ། ཡང་བཤད་དོ་ཅོག་དང་འགལ་ན་ངའི་སློབ་མ་མ་ཡིན་ནོ། །ཤཱ་རིའི་བུ་མི་ལ་ལ་ཞིག་ན་རེ། ཡང་དག་པར་གཤེགས་པས་ཅིའི་
ཕྱིར་འཇིག་རྟེན་གྱི་རྒྱུ་རྐྱེན་བཞིན་དུ་མེད་པའི་ཆོས་ལ་ཟག་པ་མེད་པར་བཤད། ཡང་དག་པར་གཤེགས་པས་ནི་འཇིག་རྟེན་གྱི་ཕྱིར་མི་བདེན་པའི་ཚིག་གིས་བཤད་པའི་མི་རིགས་ཀྱི་སྟེང་དུ་ཆོས་ཀྱི་ཡི་གེ་གཞན་གྱི་ནང་ན་ཡང་གང་ཟག་ཡོད་ཅེས་བཤད་པ་མང་སྟེ། སངས་རྒྱས་
เล่ม ๕๔ · หน้า 168a
ཀྱིས་བཤད་པ་ནི་བརྫུན་པ་མི་རིགས་སོ་ཞེས་ཟེར་བ་ཞིག་ཡོད་ན། ཤཱ་རིའི་བུ་དེ་ལ་ལན་གླན་པ་སངས་རྒྱས་ཀྱི་ཆོས་སོ་ཅོག་སྟོང་པ་སྟེ། བདག་པོ་ཡང་མེད། རང་བཞིན་ཡང་མེད་དོ། །ཐ་མལ་པ་ནི་སྒྱུ་མ་མི་བདེན་པ་སྟེ། མཆོག་གི་གཞུང་མ་ཡིན་ནོ། །
ཡང་དག་པར་གཤེགས་པས་མཆོག་གི་གཞུང་དེ་བཤད་བདག་ཏུ་ལྟ་བ་དང་། གང་ཟག་ཡོད་པར་མ་བཤད་དོ། །འཕྲུལ་གྱི་མིས་ཚིག་བཤད་པ་ལ་འདོད་ཅིང་ཆགས་པ་མེད་དོ། །ཤེས་རབ་མེད་པའི་མི་ནི་སངས་རྒྱས་དང་མཚུངས་པ་མེད་དེ་འདས་པ་ཡང་མེད་དོ། །ཤཱ་རིའི་བུ་
ཡང་དག་པར་གཤེགས་པའི་ཤེས་རབ་ནི་བསམ་གྱིས་མི་ཁྱབ་བོ། །ཤེས་རབ་དེ་སྤྱད་པས་ན་སེམས་ཀྱིས་སེམས་རིག་སྟེ། ཉིས་ན་མི་ལ་ལ་ཞིག་སངས་རྒྱས་དང་མཉམ་ཞེས་ཟེར་བ་ནི་བླའི་སངས་རྒྱས་ཀླུ་ཆེན་པོ་ཆོས་ཆེན་པོའི་རྒྱལ་པོ་ལ། སངས་རྒྱས་ཀྱིས་གང་ཟག་ཡོད་
པར་བཤད་དོ་ཞེས་བཟློག་པ་མི་རིགས་སོ། །འཇིག་རྟེན་ཐམས་ཅད་ནི་རྟག་པར་ང་དང་རྩོད་དོ། །ང་ནི་རྟག་པར་འཇིག་རྟེན་དང་མི་རྩོད་དོ། །ཤཱ་རིའི་བུ་ང་ཡོད་པར་བཤད་ན་ནི་ཤིན་ཏུ་སྙིང་རྗེར་རུང་ངོ་། །འདིའི་ནང་ན་ཆོས་ཀྱང་མེད། ང་ཡང་མེད་ན་སེམས་ཅན་གྱིས་ཡང་
དག་པར་གཤེགས་པས། སྤྲོས་པ་བཞིན་དུ་བཤད་པ་མི་ཤེས་པ་མང་སྟེ། ཆོས་ཀྱི་དཀོན་མཆོག་དང་ལོག་གལ་བས་ངན་པའི་ལམ་དུ་ལྷུང་བ་མང་ངོ་། །ཤཱ་རིའི་བུ་ངས་ཡོན་པོ་མཐོང་བར་ཤེས་པ་ནི་ཡོན་པོ་མཐོང་བ་ཞེས་བྱའོ། །ཡོན་པོ་མཐོང་བར་ཤེས་པ་དེ་ནི་དྲང་
པོ་མཐོང་བ་ཡིན་ནོ། །ཤཱ་རིའི་བུ་ཡོན་པོ་མཐོང་བ་མཐར་དྲང་པོ་མཐོང་བར་གྱུར་ན། མཐོང་བ་མི་ཤེས་སོ། །ཤཱ་རིའི་བུ་ཡང་དག་པར་གཤེགས་པ་སངས་རྒྱས་རྣམས་ཀྱི་བླ་ན་མེད་པའི་གཡུང་དྲུང་རྫོགས་པའི་བྱང་ཆུབ་ནི་འཇིག་རྟེན་ཐམས་ཅད་ཀྱིས་ཡིད་ཆེས་དཀའོ། །ང་ནི་
ལྷ་རྣམས་དང་འཇིག་རྟེན་ཐམས་ཅད་ལ་ནང་ན་ཡིད་ཆེས་པ་ཡིན་ཏེ། ཡིད་མ་ཆེས་པ་མ་ཡིན་ཏེ། ཤཱ་རིའི་བུ་ངས་ཆོས་བཤད་དོ་ཅོག་ནི་ཕ་ལོགས་ཀྱི་འགྲམ་དུ་ཕྱིན་པའི་ཕྱི་ན་དེའི་ནང་ན་ཕ་ལོགས་ཀྱི་འགྲམ་དུ་ཕྱིན་པ་ཡང་མེད་དོ། །ངས་ཆོས་བཤད་དོ་ཅོག་ནི་སྤྱད་པ་རྣམས་ཟད་
เล่ม ๕๔ · หน้า 168b
པའི་ཕྱིར་ན། དེའི་ནང་ན་སྤྱད་པ་རྣམས་ཟད་པའང་མེད་དོ། །ངས་ཆོས་བཤད་དོ་ཅོག་ནི་སྟོང་པ་ཞི་བའི་ཕྱིར་ན། དེའི་ནང་ན་སྟོང་པ་ཞི་བའང་མེད་དོ། །ངས་ཆོས་བཤད་དོ་ཅོག་ནི་མེད་པར་བསྒྲལ་བའི་ཕྱིར་ན། དེའི་ནང་ན་མེད་པར་བསྒྲལ་བའང་མེད་དོ། །ངས་ཆོས་བཤད་དོ་
ཅོག་ནི་གྲོལ་ཐར་པའི་ཕྱིར་ན། དེའི་ནང་ན་གྲོལ་ཐར་པའང་མེད་དོ། །ངས་ཆོས་བཤད་དོ་ཅོག་ནི་ཤེས་རབ་ཅན་རྣམས་ཀྱི་ཕྱིར་ན། དེའི་ནང་ན་ཤེས་རབ་ཅན་རྣམས་ཀྱང་མེད་དོ། །ངས་ཆོས་བཤད་དོ་ཅོག་ནི་དྲི་མ་དག་པའི་ཕྱིར་ན། དེའི་ནང་ན་དྲི་མ་དག་པ་ཡང་མེད་དོ། །ཤཱ་རིའི་
བུ་ཡང་དག་པར་གཤེགས་པས་ལྷའི་ཕྱིར་ཆོས་བཤད་ན་ལྷ་ཡང་མེད་དོ། །མིའི་ཕྱིར་ཆོས་བཤད་ན་མི་ཡང་མེད་དོ། །སེམས་ཅན་གྱི་ཕྱིར་ཆོས་བཤད་ན་སེམས་ཅན་ཡང་མེད་དོ། །ཤཱ་རིའི་བུ་ཡང་དག་པར་གཤེགས་པས་རིག་པ་དང་གྲོལ་ཐར་པར་བཤད་ན། དེའི་ནང་ན་རིག་པ་
དང་གྲོལ་ཐར་པ་ཡང་མེད་དོ། །ངས་སངས་རྒྱས་བསམ་པ་བཤད་དེ་སངས་རྒྱས་བསམ་དུ་མི་རུང་ངོ་། །ངས་སྟོང་པ་སྤྱོད་པ་བཤད་དེ་སྟོང་པ་བཤད་དུ་མི་རུང་ངོ་། །བསམ་དུ་ཡང་མི་རུང་ངོ་། །ཤཱ་རིའི་བུ་དེའི་མིང་ཡང་དག་པར་གཤེགས་པས་ཆོས་ཀྱི་ཡི་གེ་བཤད་དོ་ཅོག་
གི་ལེའུ་དང་ཚིག་གི་ནང་ན་བཤད་པ་མེད་ཅེས་བྱ་བ་ཡིན་ན། མི་ངན་པ་རྣམས་ཀྱིས་ལེའུ་དང་ཚིག་འདི་ཐོབ་ནས་མི་གཞན་ལ་བཤད་པ་ལ་ཡང་ཁོའི་མཁན་པོ་ཡིན་ནོ། །ཡང་དག་པར་གཤེགས་པ་དང་། འཕྲུལ་གྱི་དགེ་འདུན་གྱི་ལེགས་དོན་ཀྱང་མེད་ཅེས་ཟེར་ཏེ། རང་གིས་
དགེ་འདུན་གྱི་གྲངས་སུ་བཅུག་གོ། །ཤཱ་རིའི་བུ་དཔེར་ན་སྤྲེའུ་འདུས་པའི་ཁྱུ་ནི་སུམ་ཅུ་རྩ་གསུམ་གྱི་ལྷ་དང་མི་འདྲའོ། །དེ་ལྟ་བུའི་མི་ཕལ་ངན་པ་ནི་དེའི་འཕྲུལ་གྱི་དགེ་འདུན་དང་མི་འདྲའོ། །ཤཱ་རིའི་བུ་དེ་ལྟ་བུའི་མི་ངན་པ་རྣམས་ནི་སྒྲ་སྐད་དང་སྨྲ་བའི་ཚིག་འབའ་ཞིག་
གིས་བདག་དགེ་སྦྱོང་ཡིན་ཟེར་ཏེ། དཔེར་ན་མི་གཏི་མུག་གིས་སྤྲེའུ་ཁྱུ་མཐོང་ན། སུམ་ཅུ་རྩ་གསུམ་གྱི་ལྷ་ཡིན་ཞེས་ཟེར་བ་དང་མཚུངས་སོ། །ཤཱ་རིའི་བུ་དེའི་ནང་ན་ཁྱིམ་ནས་བྱུང་བའི་མི་ཀླན་ཀ་ཚོལ་བ་དང་། དགའ་སྲེད་པ་ཞིག་ཡོད་དེ། མཁན་པོ་མཁས་པ་དང་
เล่ม ๕๔ · หน้า 169a
ཕྲད་ལ་དེ་ལ་མིང་དང་ཁ་དོག་སྟོང་པར་ཞི་སྟེ། སྨྲ་བའི་ཚིག་གི་ལམ་བཤད་སྡང་བ་ཡང་མེད། སྟོང་པ་ཡང་མེད། ཆོས་བཤད་དེ། མཚན་མ་མེད་པ་ཁོང་དུ་ཆུད་དེ། དེ་ལྟ་བུའི་སྐྱེ་བ་མེད། འགག་པ་མེད། མཚན་མ་མེད་པའི་ཆོས་ཐོས་ན།
མི་དངངས་མི་འཇིགས་ན། དེ་ལྟ་བུའི་མི་ནི་དཔག་ཏུ་མེད་པའི་སངས་རྒྱས་ལ་ཡོན་གསོལ་མྱོང་ཟིན་པར་མངོན་ཏེ་ངའི་ཆོས་ཤེས་པར་ནུས་པས། དེའི་མིང་ནི་འཕྲུལ་གྱི་དགེ་འདུན་ཞེས་བྱའོ། །སངས་རྒྱས་ཀྱི་མཛོད་ཀྱི་ལེའུ་སྟེ་གཙང་མའི་ལེའུའོ།། །།
སངས་རྒྱས་ཀྱི་མཛོད་ཀྱི་ཆོས་ཀྱི་ཡི་གེ། །བམ་པོ་གཉིས་པ། སངས་རྒྱས་ཀྱི་མཛོད་ཀྱི་ཡི་གེ་ལེའུ་ལྔ་སྟེ། ཚུལ་ཁྲིམས་གཙང་མའི་ལེའུའོ། །སངས་རྒྱས་ཀྱིས་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཚུལ་ཁྲིམས་ཞིག་པའི་དགེ་སློང་ལ། མྱ་ངན་འཁྲུག་པའི་མདའ་བཅུ་ཡོད་དེ།
བཟོད་པར་མནགས་པར་དཀའོ། །དགེ་སློང་གིས་མྱ་ངན་འཁྲུག་པའི་མདའ་བཅུ་འབྱོར་གྲུབ་ན། སངས་རྒྱས་ཀྱི་ཆོས་ཞིམ་པོའི་རོ་མི་ཐོབ་སྟེ། ཆོས་འཆད་པ་ལ་སྡང་ཞིང་ཉེ་བསྙེན་པ་ལ་མི་སྲེད་དོ། །བཅུ་གང་ལ་སོགས་པ་ཞེས་བྱས་ན། ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་
པའི་དགེ་སློང་གིས་དགེ་འདུན་འབྱོར་འདུམ་པ་མཐོང་ན། དགའ་བའི་སེམས་མི་སྐྱེའོ། །ཅིའི་ཕྱིར་ཞེ་ན། འདུས་ཚོགས་ཏེ་གསོ་སྦྱིན་བྱས་ན། བདག་ནི་བསྐྲད་དེ་ཕྱུང་། ཡང་དག་ཆེས་དགེ་སློང་ངན་པ་དེ་བདག་ལ་ཉེས་པ་ཡོད་པར་ཤེས་པས་རྟག་པར་མྱ་ངན་འཁྲུག་པ་སྲེལ་
ཏེ། ཚུལ་ཁྲིམས་འཛིན་པ་ལ་གཤེ་འཁོན་ཅིང་མི་དགའོ། །ཤཱ་རིའི་བུ་དེའི་མིང་མྱ་ངན་འཁྲུག་པའི་དགེ་སློང་གི་ཐོག་མའི་མྱ་ངན་འཁྲུག་པའི་མདའ་ཞེས་བྱ་སྟེ། ཡང་དག་པར་ལམ་ངན་པར་ལྟུང་ངོ་། །ཡང་དག་པའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་ནི་ཕལ་ཀུན་ཀྱང་སྡང་
ཞིང་མི་འདོད་པས་ཉེ་བསྙེན་པར་མི་དགའ་སྟེ། ཕྱུགས་ངན་པ་རྡུང་ཁུས་རྭ་རྣོན་པོ་མིའོ་ཅོག་གིས་བཏང་བ་བསྲིངས་པ་དང་མཚུངས་སོ། །དགེ་སློང་ངན་པ་དེ་རང་ལ་ཉེས་པ་ཡོད་པར་ཤེས་པས་རྟག་པར་དོགས་པ་དང་མྱ་ངན་འཁྲུག་པ་སྲེལ་ཏོ། །ཤཱ་རིའི་བུ་དེའི་མིང་ཚུལ་ཁྲིམས་ཞིག་
เล่ม ๕๔ · หน้า 169b
པའི་དགེ་སློང་གི་མྱ་ངན་འཁྲུག་པའི་མདའ་གཉིས་ཞེས་བྱ་སྟེ། ཡང་དག་པར་ལམ་ངན་པར་ལྟུང་ངོ་། །ཡང་ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་ཕལ་དང་ཕྲད་ན། སེམས་ངན་པ་མི་འཐུན་ཞིང་བཏང་སྤངས་པར་རང་ཤེས་ཏེ། ངོ་ཚ་ཞིང་གནོད་སྲེལ་བས་ཕལ་གྱི་ནང་དུ་
འཇུག་མི་ཕོད་དོ། །ཤཱ་རིའི་བུ་དེ་ལྟ་བུའི་མིང་ཚུལ་ཁྲིམས་ཞིག་པའི་དགེ་སློང་གི་མྱ་ངན་འཁྲུག་པའི་མདའ་གསུམ་ཞེས་བྱ་སྟེ། ཡང་དག་པར་ལམ་ངན་པར་ལྟུང་ངོ་། །ཡང་ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་མྱ་ངན་འཁྲུག་པའི་སེམས་བདོ་བས་བསྟན་བཅོས་སུ་མི་རུང་
སྟེ། མུར་འདུག་གི་ཆོས་ཀྱི་ཁྲིམས་ཀྱི་ཆོས་ཀྱང་མེད་ན། གཙང་མའི་ཚུལ་ཁྲིམས་མེད་པ་ལྟ་སྨོས་ཀྱང་ཅི་དགོས། ཚུལ་ཁྲིམས་ཞིག་པའི་རྒྱུ་རྐྱེན་ལྟ་བུ་སྤྱད་པས་མིས་མི་ཉེ་མི་བསྙེན། ཤཱ་རིའི་བུ་དེའི་མིང་ཚུལ་ཁྲིམས་ཞིག་པའི་དགེ་སློང་གི་མྱ་ངན་འཁྲུག་པའི་མདའ་བཞི་ཞེས་
བྱ་སྟེ། ཡང་དག་པར་ལམ་ངན་པར་ལྟུང་ངོ་། །ཡང་ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་གིས་གཞན་གྱི་ནོར་རྫས་སྤྱོད་དེ་རང་གི་ལུས་གསོས་ན། ངས་བཤད་པ་ལ་མེད་དེ་ཁུར་ལྕི་བ་ཁྱེར་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། སྤྱོད་པའང་ཐོབ་པ་ནི་ཡོན་ལེན་པ་རིག་ཞེས་བྱ་ན།
ཚུལ་ཁྲིམས་ཞིག་པའི་དགེ་སློང་སྤྱོད་པ་ཡང་མ་ཡིན། ཐོབ་པ་ཡང་མ་ཡིན་པས་ན། ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་བསྐལ་པ་གྲངས་བརྒྱ་སྟོང་ཁྲི་འབུམ་གྱི་བར་དུ་ལུས་ཀྱི་ཤ་བཅད་གཏུབས་ཏེ་སྦྱིན་བདག་ལ་འཇལ་ལོ། །ཕྱུགས་ཀྱི་ལུས་སུ་སྐྱེས་ན་ཡང་རྟག་ཏུ་ཁལ་
ལྕི་བ་ཁྱེར་བར་འོང་ངོ་། །ཇི་ལྟ་ཞེས་བྱས་ན་སྐྲའི་ཉག་མ་གཅིག་གི་ཆུ་ཚལ་གཅིག་གི་སྟོང་གསུམ་གྱི་སྟོང་འབུམ་གྱི་ཤས་གཅིག་ཙམ་གྱི་ཡོན་ཡང་ཚུལ་ཁྲིམས་ཞིག་པའི་དགེ་སློང་གིས་ཞུ་བར་མི་ནུས་ན་གཞན་གྱི་གོས་དང་། ཁ་ཟས་དང་། མལ་ཆ་དང་། རྩི་སྨན་ཞུ་བར་མི་ནུས་པ་
ལྟ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་འཕྲུལ་གྱི་ཆོས་གོས་གྱོན་ཀྱང་གཙུག་ལག་ཁང་གི་ནང་དུ་གོམ་པ་གཅིག་ཀྱང་འགྲོ་བ་མི་རིགས་ན། ཆུ་རྔུབ་གཅིག་དང་ཁྲི་སྟན་ཡན་ཆད་ལ་འདུག་ཏུ་མི་དབང་བ་ལྟ་སྨོས་ཀྱང་ཅི་དགོས། ཅིའི་ཕྱིར་ཞེ་ན། ཤཱ་རིའི་
เล่ม ๕๔ · หน้า 170a
བུ་དེ་ལྟ་བུའི་མི་ངན་པ་ནི་ལྷའི་ནང་ན་ཡང་དགྲ་ཆེན་པོ་ཡིན་ཞེས་བྱ་སྟེ། འཇིག་རྟེན་ཐམས་ཅད་ཀུན་གྱིས་ཀྱང་བསྲིངས་སྤང་བའི་རིགས་སོ། །དེ་ལྟ་བུར་སུན་བྱུང་བའི་མི་ནི་ཀུན་གྱི་དགྲ་ཡིན་ནོ། །ཡང་དག་པར་གཤེགས་པས་འཇིག་རྟེན་ཐམས་ཅད་ངའི་
ཐད་དུ་འོང་བར་གནང་ན། ཚུལ་ཁྲིམས་ཞིག་པའི་མི་ནི་ཡང་དག་པར་གཤེགས་པས་ཕྱག་གིས་བཀབ་སྟེ། ངའི་སློབ་མ་ཡིན་ན་ཉིན་གཅིག་ངའི་ཆོས་ཀྱི་ནང་ན་མི་འཇུག་པ་ལྟ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ་དཔེར་ན་མི་ཤི་བ་དང་། སྦྲུལ་ཤི་བ་དང་། ཁྱི་ཤི་བ་ནི་ནང་ན་མནམ་སྨེ་
བ་སྟེ། གཙང་གདང་བའི་ལྷ་རྣམས་རྩེན་ཅིང་དགོད་པའི་ཚེ་མཐོང་དུ་མི་རུང་ངོ་། །མཐོང་དུ་ཟིན་ཀྱང་བསྲིང་ངོ་། །འདི་ལྟ་སྟེ། ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་ནི་རོ་དེ་གསུམ་མནམ་སྨེ་བ་དང་མཚུངས་ཏེ་མི་གཙང་བས་ཤེས་རབ་ཅན་གྱིས་བསྲིངས་སྤངས་ཏེ། ལྷན་ཅིག་
ཏུ་གསོ་སྦྱིན་རང་གསང་བ་མི་བྱེད་དོ། །ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་ནི་ངའི་ཆོས་ཀྱི་ནང་ན་མི་ཤེས་པ་མ་ཡིན་ཞེས་བྱ་སྟེ། ཚུལ་ཁྲིམས་འཛིན་པའི་དགེ་སློང་གིས་ཚུལ་ཁྲིམས་བཤིག་པ་འདི་ལྟ་བུ་མཐོང་ན་མོད་བཞིན་རིང་དུ་སྤངས་སོ། །ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་
ཞིག་པའི་དགེ་སློང་གིས་ལག་གིས་རེག་པའི་རྫས་བླངས་སོ་ཅོག་ཚུལ་ཁྲིམས་འཛིན་པའི་ངན་དུག་པར་གྱུར་ཏེ། ཤཱ་རིའི་བུ་རོ་གསུམ་མནམ་སྨེ་བས་གང་བ་དེའི་ནང་ན་ངའི་ཆོ་ག་བཞིན་སྤྱོད་པ་ནི་ཕོད་ཀྱི། ཚུལ་ཁྲིམས་ཞིག་པའི་དགེ་སློང་འདི་དང་སྐད་ཅིག་ལྷན་ཅིག་འདུག་ན་ནི་
མི་ཕོད་དོ། །ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་ནི་དགེ་སྦྱོང་གི་ནང་ན་ངན་པ་ཐ་མ་སྟེ། དགེ་སྦྱོང་གི་ནང་ན་རུལ་ཞིགས་ལ་ངན་པ་ཐ་མའོ། །དགེ་སྦྱོང་གི་ནང་ན་ཕུབ་མ་ཤིན་པའོ། །དགེ་སྦྱོང་གི་ནང་ན་དྲི་མའོ། །དགེ་སྦྱོང་གི་ནང་ན་རྙོག་པའོ། །དགེ་སྦྱོང་གི་ནང་ན་གོས་པའོ། །
དགེ་སྦྱོང་གི་ནང་ན་འཁོར་བའོ། །དགེ་སྦྱོང་གི་ནང་ན་རྫིང་བའོ། །དགེ་སྦྱོང་གི་ནང་ན་འཕྲུལ་གྱི་ལམ་སྟོར་བ་སྟེ། དེ་ལྟ་བུ་ལ་སོགས་པའི་མིས་ངའི་ཆོས་ཀྱི་ནང་དུ་ཁྱིམ་ནས་བྱུང་སྟེ་ལམ་བཙལ་ན་སྡིག་ལྕི་བ་ཐོབ་བོ། །ཤཱ་རིའི་བུ་དེ་ལྟ་བུའི་མི་ནི་ངའི་ཆོས་ཀྱི་ནང་ན་ལོག་པའི་དགྲ་ཞེས་
เล่ม ๕๔ · หน้า 170b
བྱའོ། །ཆོས་ཀྱི་དགྲ་ཡིན་ཞེས་བྱའོ། །བརྙས་བསླུ་ཞིང་གཡོ་སྒྱུ་བྱེད་པའི་མི་ཡིན་ཞེས་བྱའོ། །སྲོག་གསོ་བའི་ཕྱིར་གོས་དང་། ཟས་ལ་སྐོམ་ལྕི་སྟེ། དེའི་མིང་ཡང་འཇིག་རྟེན་གྱི་བྲན་གཡོག་ལ་སྲེད་པ་ཞེས་བྱའོ། །ཤཱ་རིའི་བུ་དཔེ་ཉུང་རུམ་སྐྱེས་པ་ཡང་མ་ཡིན། བུད་
མེད་ཀྱང་མ་ཡིན་པ་དང་འདྲ་སྟེ། ཚུལ་ཁྲིམས་ཞིག་པའི་དགེ་སློང་དེ་ཡང་དེ་དང་མཚུངས་པས་མིང་ཁྱིམ་ན་འདུག་པ་ཞེས་ཀྱང་མི་བྱ། མིང་ཁྱིམ་ནས་བྱུང་བ་ཞེས་མི་བྱ་སྟེ། ཚེ་ཟད་ཕྱིན་ཆད་ཐལ་བྱུང་སེམས་ཅན་དམྱལ་བར་འགྲོའོ། །ཤཱ་རིའི་བུ་དཔེར་ན་ཕ་ཝང་དང་མཚུངས་ཏེ་བྱས་
གཟུང་ཞེས་བྱས་ན་ནི་བྱི་བ་བཞིན་དུ་ཁུང་བུར་སོང་། བྱི་བས་གཟུང་ཞེས་བྱས་ན་ནི་ནམ་མཁའ་ལ་འཕུར་ཏེ་བྱར་བྱེད་དོ། །བདེན་པར་བྱ་ན་བྱ་ཆེན་པོར་སྤྱོད་པ་མེད་པ་དེ་ནི་ལུས་རྣམས་མནམ་སྨེ་སྟེ། མུན་པ་མི་སྣང་བ་འབའ་ཞིག་ལ་སྲེད་དོ། །ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་
སློང་ཡང་དེ་དང་མཚུངས་ཏེ། གསོ་སྦྱིན་རང་གསང་བར་ཡང་མི་འཇུག །རྒྱལ་པོས་བཀོལ་བའི་གྲལ་དུ་ཡང་མི་འཇུག་སྟེ་མིང་གོས་སྐྱ་བོ་ཅན་ཞེས་ཀྱང་མི་བྱ་མིང་ཁྱིམ་ནས་བྱུང་ཞེས་ཀྱང་མི་བྱའོ། །དཔེར་རོ་བསྲེགས་པའི་ཤིང་གི་ལྷག་མ་དང་མཚུངས་ཏེ། ཕྱིས་ཅིར་ཡང་སྤྱད་དུ་མི་
རུང་ངོ་། །དེ་ལྟ་བུའི་དགེ་སློང་ཚུལ་ཁྲིམས་ཀྱི་རིམ་པ་ཡང་མེད་ཐུབ་པའི་རིམ་པ་ཡང་མེད། ཤེས་རབ་ཀྱི་རིམ་པ་ཡང་མེད། གྲོལ་ཐར་གྱི་རིམ་པ་ཡང་མེད། གྲོལ་ཐར་ཤེས་མཐོང་བའི་རིམ་པ་ཡང་མེད་དེ། ཚུལ་ཁྲིམས་གཙང་མ་བཤིག་པ། ཆོ་ག་འཚང་བ་འབའ་ཞིག་གི་རིམ་
པ་ཡོད་དོ། །ཤིན་ཏུ་ཟབ་མོ་དམ་པའི་སྒྲ་སྐད་དང་། ཚུལ་ཁྲིམས་ཀྱི་སྒྲ་དང་། ཐུབ་པའི་སྒྲ་དང་། ཤེས་རབ་ཀྱི་སྒྲ་དང་། གྲོལ་ཐར་གྱི་སྒྲ་དང་། ཤར་མཐོང་བ་ལ་གྲོལ་ཐར་པའི་སྒྲ་ནི་མི་ནུས་ཀྱི། ཚུལ་ཁྲིམས་ཞིག་པའི་ངན་པའི་སྒྲ་སྐད་འབའ་ཞིག་འབྱིན་ཏེ། ངན་པ་འཐུན་གཞན་
དང་ལྷན་ཅིག་ཏུ་ངན་པའི་སྒྲ་འབྱིན་ཅིང་གོས་དང་། ཁ་ཟས་དང་། ཉལ་བའི་ཁྲི་དང་། སྦྱིན་པ་མནོད་བླང་བ་དང་། ཤིང་དང་། མེ་ཏོག་དང་། འབྲས་བུ་ཆེད་ཆེར་བྱ་བ་འབའ་ཞིག་བརྗོད་ཅིང་མི་མངག་པ་དང་། ལུས་ཀྱི་ནང་གི་དགེ་མི་དགེ་དང་། བདེ་མི་བདེ་དང་རྩེད་མོ་རྒོད་པའི་
เล่ม ๕๔ · หน้า 171a
དོན་དང་མི་དགེ་བའི་ཚིག་རྣམས་བརྗོད་དོ། །རྟག་པར་ཉིན་མཚན་དུ་དགེ་སློང་ལུས་ཀྱི་ལས་མི་གཙང་། ཁའི་ལས་མི་གཙང་། ཡིད་ཀྱི་ལས་མི་གཙང་ན། སེམས་ཅན་དམྱལ་བར་ལྟུང་ངོ་། །ཤཱ་རིའི་བུ་སེམས་ཉམས་པའི་དགེ་སློང་དེ་མུན་པ་མི་སྣང་བ་ལ་སྨྲ་བ་
ནི་ད་ཅིའི་ཕ་ཝང་དང་མཚུངས་ཏེ་དྲང་པོའི་ཆོས་ཡི་གེ་བཤད་པ་ཐོས་ན། མྱ་ངན་འཁྲུག་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བདེན་བཞིན་དུ་བཤད་པའི་ཕྱིར་རོ། །འཇིག་རྟེན་གྱི་མི་ནི་བདེན་པར་བཤད་པ་ལ་མི་དགའ་སྟེ། བདག་གི་ཡིད་དང་མི་འགལ་བ་འབའ་ཞིག་ལ་སྲེད་དོ། །
དེ་ལྟ་བུའི་དགེ་སློང་ནི་ཆོས་འཆད་པ་ལ་སེམས་མི་གཙང་མི་གདང་སྟེ། སྡིག་ཇེ་ལྕི་བར་གྱུར་ཅིང་སེམས་ཅན་དམྱལ་བར་སྐྱེ་བ་ཕན་ནོ། །ཤཱ་རིའི་བུ་དེའི་མིང་ཚུལ་ཁྲིམས་ཞིག་པའི་དགེ་སློང་མྱ་ངན་འཁྲུག་པའི་མདའ་ལྔ་ཞེས་བྱ་སྟེ། ཡང་དག་པར་སེམས་ཅན་དམྱལ་བར་ལྟུང་ངོ་། །ཡང་
ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་ལ་ཁྲེལ་ཞིང་ངོ་ཚ་མེད་དེ་དབང་པོའི་རྣམས་ཀྱིས་འཁྲུག་ནས་མི་གཙང་བའི་ལུས་དང་ཁ་དང་། ཡིད་ཀྱི་ལས་དང་། མི་གཙང་བའི་ཆོ་ག་འབྱོར་གྲུབ་བོ། །གོས་གྱོན་ཏོ་ཅོག་ཀྱང་ཀུན་ཆོས་དང་མི་འཐུན་བརྫུན་གྱི་ཚིག་ལ་དགའ་སྲེད་དེ། ཁའི་བག་
བྱ་མི་ནུས་སེམས་རྟག་པར་རྒྱུད་རྒོད་པས་དྲི་མ་སྨེ་བ་ཞེན་ཏོ། །ཤཱ་རིའི་བུ་གྱོ་མོའི་སྣོད་སར་པའི་ནང་དུརྐྱག་་རྫབ་དང་། རྣག་ཁྲག་རུལ་པ་མནམ་པ་བླུགས་པ་དང་མཚུངས་ཏེ་ཕྱིར་མི་གཙང་བ་བོར་ལ་སྤོས་ཙན་དན་བླུགས། ཕྱིས་ཡང་སྤོས་ཙན་དན་བོར་ན། དེ་ལྟ་བུའི་གྱོ་མོའི་སྣོད་ལ་
སོགས་པ་དྲི་བྲོ། །བཅོམ་ལྡན་འདས་དེ་ལྟ་བུའི་གྱོ་མོའི་སྣོད་སར་པར་རྐྱག་་རྫབ་མནམ་པོ་བླུགས་ཏེ། སྲ་བར་ཆགས་ན་མནམ་པོའི་དྲི་འབའ་ཞིག་མཆིས་ཀྱི། ཙན་དན་གྱི་བསུང་མ་མཆིས་སོ། །ཤཱ་རིའི་བུ་མིས་གཙང་དག་པའི་ཡིད་ཆེས་པ་ལ་སོགས་པའི་དབང་པོ་རྣམས་སྤྱད་དེ་ཁྱིམ་ནས་
བྱུང་ལ་ཆོས་ལ་མ་བསླབས་པ་ལས་ངན་པའི་བཤེས་གཉེན་དང་ཕྲད་ན་དེས་བསྟན་པ་བཞིན་དུ་འབྲང་ངོ་། །ཤཱ་རིའི་བུ་གང་ལ་སོགས་པ་ངན་པའི་བཤེས་གཉེན་ཞེས་བྱས་ན། ངན་པའི་བཤེས་གཉེན་ནི་རྟག་པར་རྩེད་མོ་འདྲན་ཏོར་ལ་སྲེད་ཅིང་ཡང་རྒོད་ལ་ཁྲེལ་མེད། སྨྲ་བའི་ཚིག་
เล่ม ๕๔ · หน้า 171b
གིས་འཁྲུག །དབང་པོ་རྣམས་མི་སྡུད། སེམས་རྩེ་གཅིག་ཏུ་མི་འཐུན་ཞིང་། གཏི་མུག་ལུག་བཞིན་པ་དེ་ལྟ་བུའི་ངན་པའི་བཤེས་གཉེན་ལ་ཉེ་བསྙེན་ན་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་
པའི་འབྲས་བུ་དང་། ལྷར་སྐྱེ་བ་ལ་ཐུག་པ་ཡན་ཆད་ཀྱང་སྟོར་ན། མྱ་ངན་ལས་འདས་པའི་ལམ་ལྟ་སྨོས་ཀྱང་ཅི་དགོས། ཆོས་བཤིག་པའི་སྡིག་གི་ལས་སྤྱོད་སྦྱོང་འབའ་ཞིག་ལ་མཁས་ཏེ་ཆོས་འཇིག་པ་དང་འགྲོགས་ཤིང་སྡོད་དོ། །མི་དེས་ལུས་ཀྱི་ལས་མི་གཙང་བ། ཁའི་
ལས་མི་གཙང་བ། ཡིད་ཀྱི་ལས་མི་གཙང་བ། ཚུལ་ཁྲིམས་འཛིན་པའི་མི་གཙང་བ་འབྱོར་གྲུབ་པས་ལུས་ཤི་ན་ལམ་ངན་པར་ཞུགས་སོ། །ལམ་ངན་པ་ཇི་ལྟ་བ་ཞེས་བྱས་ན། ལམ་ངན་པ་ནི་མིང་སེམས་ཅན་དམྱལ་བ་དང་། ཡི་དགས་དང་། བྱོལ་སོང་དང་། ལྷ་མ་ཡིན་གྱི་ལམ་
མོ། །ཡང་ལམ་ངན་པ་ཡོད་དེ། སྲིན་བུ་ཨ་སུ་ལིང་ག །སྲིན་བུ་བག་ལ་འབོ་ཀ །སྲིན་བུ་འབྱིན་རྩེའུ་ཛ་ཀ །སྲིན་བུ་ཇི་འགོག་ཀ་དང་། མི་དེ་སྲིན་བུ་དེ་རྣམས་ཀྱི་ནང་དུ་ལན་མང་དུ་སྐྱེའོ། །ཤཱ་རིའི་བུ་མི་དེ་ངན་པའི་བཤེས་གཉེན་གྱི་ཕྱིར་འབྲང་བས་མིའི་ནང་དུ་སྐྱེས་སུ་ཟིན་ཀྱང་
ཕ་མ་དང་གསོན་པོར་བྲལ་ལ་ཤི་བརླག་སྟེ། ཁྱིམ་ཚེས་ཉེ་བ་ལ་གནོད་ཅིང་ཡུལ་ས་ཞིག་རལ་ཏེ། བགེགས་བརྒྱད་ཀྱི་ནང་དུ་སྐྱེ་བར་འོང་ངོ་། །སྐྱིད་པ་བརྒྱད་ཀྱི་གནས་གཏང་ལ་འདོད་པ་མང་དུ་ཁྲོ་བླུན་ལ་རྟག་པར་རྩེད་མོ་འདྲན་ཏོར་ལ་སྲེད། ཁོང་ཡང་རྒོད་ཅིང་ངོ་ཚ་བ་ཡང་མེད། ཚིག་
ཆོལ་པར་སྨྲ། སེམས་བསྡུ་མི་ནུས་ཏེ། གཏི་མུག་ལུག་བཞིན་འདོད་ཆགས་ཞེ་སྡང་གཏི་མུག་གིས་འོན་ལྐུགས་ལོང་ཞར་རྐང་ལག་འཇས་འགྲུམས་ནས་ངན་པའི་བཤེས་གཉེན་དེས་སངས་རྒྱས་མེད་པའི་གནས་སུ་སྐྱེའོ། །སངས་རྒྱས་ཀྱི་དུས་དང་ཕྲད་དུ་ཟིན་ནའང་བདག་རང་མཐོང་བར་མི་
དགའ། ཆོས་ཐོས་པར་མི་དགའ། སངས་རྒྱས་དང་དགེ་འདུན་དང་ལྷན་ཅིག་ཏུ་མི་འདུག་སྟེ། དེ་ལྟ་བུའི་ངན་པའི་ཡོངས་ནས་མི་ངན་པ་དང་བསྡོངས་ཏེ་མི་ཐ་མ་ངན་པ་ལ་སྲེད་པ་སྐྱེས་ནས། དྲང་པོར་མཐོང་བ་ལ་ཡོན་པོར་མཐོང་བའི་འདུ་ཤེས་སྐྱེས། ཡོན་པོར་མཐོང་བ་ལ་དྲང་པོ་མཐོང་
เล่ม ๕๔ · หน้า 172a
བའི་འདུ་ཤེས་སྐྱེས་ཏེ། དེའི་མིང་འདོད་པ་ཐ་མ་ཞེས་བྱའོ། །ཤཱ་རིའི་བུ་ཤེས་རབ་ཐ་མའི་མཐར་འགོག་པ་དང་། ལམ་དང་མྱ་ངན་ལས་འདས་པ་སྐྱོ་བྲལ་བའི་སེམས་སྐྱོ་བར་མི་ནུས་སོ། །ཤཱ་རིའི་བུ་ངན་པའི་བཤེས་གཉེན་དང་ཕྲད་དེ། དེ་ལྟ་བུའི་རྒུད་པའི་མྱ་
ངན་གྱི་ནད་རྣམས་ཐོབ་པ་དེ་ལྟ་བུའི་ལྟས་མཚན་ཡོད་པའི་མི་དེས་ཆོས་ཀྱི་ཡི་གེ་ཟབ་མོ་འདི་ཐོས་ན། དངངས་དོགས་ཤིང་འཇིགས་སྐྲག་པ་ནི་ཁུང་ཟབ་མོར་ལྷུང་བ་དང་མཚུངས་པས། སྡིག་ཆེན་པོའི་དོང་ཁུང་ཟབ་མོའི་ནང་དུ་ལྟུང་ངོ་། །ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཆོས་ཀྱི་ཡི་གེ་ལ་བཤད་
པ་ཡིན་ཏེ། ཚུལ་ཁྲིམས་ཞིག་པའི་དགེ་སློང་སྡིག་ལྕི་བ་ཆེན་པོ་ཡོད་དོ། །ཅིའི་རྒྱུ་རྐྱེན་གྱིས་ནི་མིང་ཚུལ་ཁྲིམས་ཞིག་པ་ཞེས་བྱ། ཚུལ་ཁྲིམས་མནོས་སོ་ཅོག་ཞིག་ཅིང་ཚིག་གིས་བསྟན་པ་བཀའ་ལ་བྱེད་དོ་ཅོག་ལ་བརྟག་བསྟན་པ་མེད་དེ་གཞལ་ཞིང་ལྡོག་པ་མང་། ཁོར་མོར་འདོད་
ཆགས་སྤྱོད་ལ་སྤྱོད་པ་གོ་འདུན་མང་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་སྤྱོད་ཅིང་ཚིག་གཞན་གོ་འདུན་ལ་སྲེད་པས་ན། མིང་ཚུལ་ཁྲིམས་ཞིག་པ་ཞེས་བྱའོ། །ཡང་གཅིག་ཏུ་ན་འཚོ་ནམ་གྱི་འདོད་པ་མང་པོ་ལ་སྲེད། ལྕེ་རྐྱང་གི་ཁ་ཏོན་ལ་སྲེད་གཉིད་ཆེན་པོ་ལ་སྲེད། ཟེར་རོ་ཅོག་
འགལ་ལ་གོ་རིམས་མེད། མི་གཙང་བར་འཆད་དེ་བདག་ཏུ་ལྟ་བ་དང་། གང་ཟག་དང་ཚེ་སྲོག་ལ་འདོད་ཆགས་པས་ན། མིང་དགེ་སློང་ངན་པ་ཞེས་བྱའོ། །ཚིག་དང་དཔག་པ་མི་ཤེས་དགེ་སྦྱོང་གི་ཆོས་མི་ཤེས། བྲམ་ཟེའི་ཆོས་མི་ཤེས། སྨན་གྱི་དཔྱད་བྱེད་པ་དང་། ཚོང་སྤོགས་
བྱེད་ཅིང་ཁེ་ཚོལ་བ་ལ་སྲེད། ཡུལ་གྱི་ཕོ་ཉ་བྱེད་པ་དང་། གཞན་ལ་གོས་ཞིང་ཞེན་པར་བྱ་བ་ལ་སྲེད། གོས་སྐྱ་བོ་ཅན་གྱི་འཚོ་ནམ་བྱ་བའི་མངག་གཞུག་དང་། ཤིང་རྣམས་ཀྱི་འདབ་མ་དང་། མེ་ཏོག་དང་། རྡོ་གུ་འཕྲུལ་པ་ལ་སྲེད། གོས་སྐྱ་བོ་ཅན་ལ་མུར་འདུག་གི་ཆོས་བཤད་
པ་ལ་སྲེད་དེ། སེམས་ལ་རྟག་པར་འཇིག་རྟེན་ལས་བྱུང་བའི་ཆོས་བཏང་སྤངས་ཏེ། ལོ་ཉི་ཤུ་མ་ལོན་པར་ཚུལ་ཁྲིམས་རྫོགས་པར་མནོས་ནས། ཚུལ་ཁྲིམས་མནོས་པའི་ནང་ན་ཞན་པ་མ་ལྡན་པ་ཡོད་དེ་ལུས་ཉམས་བྱད་ཉམས་ཞིང་མ་ཚང་མི་རིགས་མི་ཆོས་ཏེ། ཁྲེ་འབྲས་རྗེན་པ་དང་།
เล่ม ๕๔ · หน้า 172b
དོང་ཙེ་དང་། དར་དང་། གསེར་དངུལ་ལེན། བསྟན་བཅོས་པ་བཞིན་དུ་མི་བྱེད། མཁན་པོའི་ཚིག་ལ་སླར་སྡོ་ལ་ཟློག་བདག་གི་ལུས་ཀྱང་མི་ཤེས་གཞན་ཡང་མི་ཤེས། ཆེ་ཆུང་ཐ་དད་པའི་རིམ་པར་བྱེད་མི་ནུས། བརྫུན་ཚིག་ལ་དགའ་སྲེད། ཚུལ་ཁྲིམས་ལེན་པ་ལ་འདོད་ཆགས་སྤྱོད་
པའི་དོན་ཀུན་གྱིས་འཁྲུགས་ཏེ། སེམས་གཅིག་ཏུ་མ་འཐུན། གདོང་ལ་ཁྲོ་བའི་གཟུགས་ཡོད་ཅིང་འཇུངས་ཤིང་བརྐམ་པ་ཡིད་མི་ཆེས་གཞུང་བས་བསམ་པ་མི་ཤེས། བརྐམ་འདོད་མང་དུ་སྲེལ་གཉིད་ཆེ་ཞིང་རྩེད་མོ་འདྲན་ཏོར་སྲེད། དོགས་འགྱོད་གཤེ་འཁོན་ཏེ། སྡིག་ངན་པ་སྦས་བཅབས་
ནས་རང་དུས་ཆེ་བ་ལ་སྲེད། ཕྲག་དོག་དང་གཅམ་རྒྱུ་ཆེ། ཁྲེལ་དྲིན་མེད་རང་ཉམས་ཆེ་དྲེགས་པའི་ལེ་ལོ་དང་། ངའི་ལེ་ལོ་དང་། ལེ་ལོ་ཆེན་པོ་དང་། ཡོན་པོའི་ལེ་ལོ་བྱེད། བརྙས་སླུ་བ་ལ་སྲེད། བདག་གི་ལུས་ལ་ལེགས་ཞེས་བསྟོད། ཐབས་མང་དུ་བྱས་ཏེ་གསོ་བའི་ཁེའི་སྒོ་མོ་
ཕྱེ། གོས་སྐྱ་བོ་ཅན་བརྙས་སྨས་ཏེ། སྒྱུ་མའི་མི་གཉེན་པ་བྱས་ན་བསྙེན་པ་ཞར་གྱིས་ནོར་འཐོབ་སྟེ། མི་ཕལ་ལ་ངོམ་ཞིང་ཚུལ་ཁྲིམས་ཀྱི་རིམ་པ་དང་། ཐུབ་པ་དང་། ཤེས་རབ་དང་གྲོལ་བའི་རིམ་པ་དང་། ཤེས་མཐོང་བ་ལས་གྲོལ་ཐར་པ་རིམ་པ་ཉམས་ཞིག་པ་སྟེ། སངས་རྒྱས་
དང་ཆོས་དང་དགེ་འདུན་ལ་སེམས་ངེས་པར་ཡིད་མི་སེམས་སོ། །ལས་ཀྱི་ལན་ལ་ཡིད་མི་ཆེས་ཏེ། འཕྲལ་ཁེ་རིན་ཆེར་འཛིན་ལ་དུས་ཕྱི་མ་མེད་ཅེས་ཟེར་ཞིང་དོགས་འགྱོད་པ་རྣམ་པ་མང་ལ་སེམས་ཀྱི་རང་བཞིན་སྲབ་ཞན་པས་རྟག་པར་དངངས་སྐྲག་པ་ལ་སྲེད་དོ། །ཤཱ་རིའི་བུ་དེའི་མིང་
དགེ་སློང་ངན་པ་ཞེས་བྱ་སྟེ། དེ་ལྟ་བུའི་མི་གཏི་མུག་ནི་ངའི་ཆོས་ཀྱི་ནང་ནརྐྱག་་རྫབ་མནམ་སྨེ་ཞིང་མི་གཙང་བ་ཡིན་ནོ། །མི་དེས་ལུས་དང་ཁ་དང་ཡིད་ཀྱི་ངན་པའི་ལས་འབྱོར་འགྲུབ་སྟེ། མི་གཙང་མི་གདང་བས་ན། ཚེ་ཟད་ཀྱི་འོག་ཏུ་ལམ་ངན་པར་ལྟུང་སྟེ། དམྱལ་བ་ཆེན་པོར་སོང་
ངོ་། །དེ་ལྟ་བུའི་དགེ་སློང་ནི་ཡང་དག་པར་གཤེགས་པ་སངས་རྒྱས་རྣམས་དང་། སློབ་མ་རྣམས་ཀྱིས་རྟག་པར་བསྲིངས་སྤངས་སོ། །གཞན་ཆོས་ལམ་ལ་སྲེད་པ་དང་། ཞི་བ་འདས་པར་ཚོར་བ་ཡང་ཀུན་གྱིས་མི་བསྙེན་ཏོ། །ཤཱ་རིའི་བུ་དཔེར་སྤོས་ཙན་དན་སྣོད་གཙང་མའི་ནང་དུ་མི་གཙང་
เล่ม ๕๔ · หน้า 173a
བ་དང་ལྷན་ཅིག་གཞག་པ་དང་མཚུངས་ཏེ་ཕྱིས་ཅིར་ཡང་སྤྱད་དུ་མི་རུང་བའོ། །དེ་སྟེ་ཤཱ་རིའི་བུ་ཁྱིམ་ན་འདུག་པ་དང་། ཁྱིམ་ནས་བྱུང་བ་ལ་ལ་ཞིག་གིས་མི་དེ་ལ་ཉེ་བསྙེན་ཏེ་ཅི་བྱེད་པ་བསླབས་སྦྱངས་ན། ཚུལ་ཁྲིམས་ཞིག་པའི་ལེའུ་དང་ཡང་རིང་པོ་མི་ཐོགས་པར་
ངན་པ་མཐུད་དེ། ཁ་དོག་གི་མདངས་ཉམས་ཤིང་གྲམ་ལ་ཆོས་གཞིག་སྟོར་ཏེ། ཚེ་ཟད་ཀྱི་འོག་ཏུ་སེམས་ཅན་དམྱལ་བའི་ནང་དུ་སྐྱེའོ། །ཤཱ་རིའི་བུ་དེ་ལྟ་བུའི་མི་ངན་པ་ནི་ཡང་དག་པར་གཤེགས་པས་སངས་རྒྱས་སོ་ཅོག་དང་། སློབ་མ་རྣམས་གཞན་ཆོས་ལ་མ་འཚལ་བ་དང་། ཞི་བར་
ཐར་པའི་སྲེད་པ་ཀུན་གྱིས་བསྲིངས་སྤངས་པའོ། །ཤཱ་རིའི་བུ་དཔེར་སྤོས་ཙན་དན་གྱི་སྣོད་མི་གཙང་བའི་ནང་དུ་བླུགས་པ་དང་མཚུངས་ཏེ་ཕྱིས་ཅིར་ཡང་སྤྱད་དུ་མི་རུང་ངོ་། །དེ་ལྟ་སྟེ། ཤཱ་རིའི་བུ་ཁྱིམ་ན་འདུག་ཀྱང་རུང་། ཁྱིམ་ནས་བྱུང་ཡང་རུང་སྟེ། ལུས་ལ་བསྐུས་མོད་ཀྱི་འོན་ཀྱང་མི་གཙང་བ་
དང་འདྲེས་སོ། །ཤཱ་རིའི་བུ་དགེ་སློང་ངན་པ་ཡང་དེ་དང་མཚུངས་ཏེ། དགེ་འདུན་ཕལ་གྱི་ནང་ན་འདུག་ཅིང་འཕྲུལ་གྱི་ཆོས་གོས་གྱོན་མོད་ཀྱི། འོན་ཀྱང་དགེ་སློང་ངན་པའི་གཟུགས་མངོན་ནོ། །ཚངས་པར་སྤྱོད་པའི་དགེ་སློང་དེས་མི་གཙང་བ་འདི་མཐོང་ན་བསྲིངས་ཏེ་མི་བསྙེན་ཏོ། །གཞན་
གྱིས་བསྲིངས་སྤངས་པ་མཐོང་ནས་སེམས་ལ་གཤེ་འཁོན་ཏེ། དེའི་རྒྱུ་རྐྱེན་གྱིས་ཤི་ན་དམྱལ་བར་སོང་ངོ་། །ཤཱ་རིའི་བུ་དེ་ལྟ་བུའི་མི་ཚུལ་ཁྲིམས་ཞིག་པའི་དགེ་སློང་མྱ་ངན་འཁྲུག་པའི་མདའ་དྲུག་ཅེས་བྱ་སྟེ། ཡང་དག་པར་སེམས་ཅན་དམྱལ་བར་ལྟུང་ངོ་། །ཚུལ་ཁྲིམས་གཙང་མའི་
ལེའུ་འོག་མའོ།། །།ཡང་ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་གིས་དེ་ལྟ་བུ་ལ་སོགས་པའི་ཆོས་ཡིག་སངས་རྒྱས་ཀྱིས་བཤད་དོ་ཅོག་ཐོས་ན། སེམས་མི་གཙང་མི་གདང་སྟེ། མི་དགའ་ཞིང་ཡིད་མི་ཆེས་མ་དད་དེ། བདག་ལ་ཉེས་ཡོད་པར་ཤེས་པས་
ཆོས་ཀྱི་ཡི་གེ་འདི་ལ་ཡིད་མི་ཆེས་ནས་བདག་ལ་སོགས་པའི་ཕྱིར་བཤད་ཀྱི། མི་གཞན་གྱི་ཕྱིར་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བདག་ལ་སོགས་པ་སྔོན་ཆད་དོན་དེ་ལ་འདུག་པའི་ཕྱིར་རོ། །ཤཱ་རིའི་བུ་དེ་ལྟ་བུའི་དམ་པའི་མཆོག་བསྐྲུན་དུ་མེད་པའི་ཆོས་ལ་ཚུལ་ཁྲིམས་ཞིག་པའི་
เล่ม ๕๔ · หน้า 173b
དགེ་སློང་གཤེ་འཁོན་ཏེ། ཆོས་འཆད་པ་ལ་ཡང་དག་པར་ཡིད་མི་ཆེས་པ་མང་ན། དེ་ལྟ་བུའི་སངས་རྒྱས་ཀྱིས་བཤད་དོ་ཅོག་ཐོས་ནས། ལོག་འགལ་ཞིང་མི་ནོད་ཅིང་ཚིག་མ་ཡིན་ནོ། །འདི་ནི་སངས་རྒྱས་ཀྱིས་བཤད་དེ་མི་གཞན་བསྟན་པའི་ཚིག་མ་ཡིན་ཞེས་ཟེར་རོ། །ཅིའི་ཕྱིར་ཞེ་ན།
ཚུལ་ཁྲིམས་ཞིག་པའི་དགེ་སློང་གི་ལམ་སྤྱོད་པ་ལ་མི་སྲིད། ལམ་སྤྱོད་པའི་དགེ་སློང་ནི་སངས་རྒྱས་ཀྱི་ཚིག་དང་མི་འགལ་ལོ། །དེ་ཀུན་ནི་ཚུལ་ཁྲིམས་ཞིག་པ་བླུན་གླེན་ཞིང་ཆོས་ངན་པ་བྱེད་པ་སེམས་ཡིད་མི་ཆེས་ཏེ། སངས་རྒྱས་ཀྱི་ཚིག་དང་ལོག་འགལ་བ་དེ་ལྟ་བུའི་དགེ་སློང་ཉེས་ཡོད་པར་
བདག་རང་ཤེས་པས་གཤེ་འཁོན་དང་། དྲེགས་ཤིང་ལེ་ལོ་དང་གཏུམ་ཞིང་དུས་ཆེ་བ་དང་། ངན་པ་ཡོན་པོ་དང་། ལེ་ལོ་དང་སེམས་སྐྱེས་ཏེ། སངས་རྒྱས་དང་ཆོས་དང་། དགེ་འདུན་ལ་འཕྱ་ཞིང་སྐུར་ཏོ། །ཤཱ་རིའི་བུ་དེ་ན་དགེ་སློང་དེས་ཆོས་ཀྱི་ཡི་གེ་དེ་ཀུན་ཐོས་ན། ལོག་འགལ་བ་
ཡིད་མི་ཆེས་ནས་སེམས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཁོང་དུ་མ་ཆུད་པས་མི་གཞན་ལ་སངས་རྒྱས་བཤད་པ་མ་ཡིན་ཞེས་སྟོན་ཏོ། །ཤཱ་རིའི་བུ་སངས་རྒྱས་ཀྱིས་བཤད་པ་ལ་མི་དེ་ལྟ་བུའི་ཆོས་ལ་སྐུར་པ་ཞེས་བྱའོ། །དགེ་སྦྱོང་མ་ཡིན་ཤཱཀྱའི་རིགས་ཀྱི་བུ་མ་ཡིན་ཏེ། མེད་པར་འགོད་
ཏོར་བྱུང་བའི་རིགས་སོ། །དེ་ལྟ་བུ་ལ་སོགས་པའི་དགེ་སློང་ནི་བརྒྱ་སྟོང་ཁྲི་འབུམ་གྱི་སངས་རྒྱས་རྣམས་ཀྱིས་ལན་གསུམ་དུ་བསྒྱུར་ཏེ། མངོན་པར་བསྟན་དུ་ཟིན་ཀྱང་གོ་བར་བྱ་བ་དང་། ལམ་གྱི་འབྲས་བུ་ཐོབ་པར་མི་ནུས་སོ། །ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་མི་ངན་པ་ནི་ཆོས་འདི་
ལ་རང་གི་ལམ་བསྒྲིབས་པ་ཞེས་བྱ་སྟེ། སྐྱེ་བའི་སྐལ་བའང་མེད། ཡིད་ཆེས་པའི་སེམས་ཀྱང་མེད་ལ་གོས་དང་ཟས་འབའ་ཞིག་ལ་སྲེད་ཅིང་འཇིག་རྟེན་གྱི་ཁེ་ལ་བརྐམ་དད་པས་ངས་མི་འདི་ཡང་དག་པར་གཤེགས་པས་སེམས་ཅན་དམྱལ་བར་ལྟུང་ཞེས་བཤད་དོ། །ཤཱ་རིའི་བུ་ད་ངས་
མངོན་ཞིང་བྱེ་བྲག་ཕྱེད་པར་སྒོའོ་བར་ཁྱེད་ལ་བསྒོའོ། །མི་ལ་ལ་ཞིག་འདི་ལྟ་བུའི་ཆོས་ཀྱི་དཀོན་མཆོག་ལ་ལོག་ཅིང་འགལ་ན་ལེགས་པར་སྐྱེ་བའི་གནས་ལ་གཞར་སྐལ་བ་ཡོད་མེད་དེ། ངན་པའི་གནས་འབའ་ཞིག་ཏུ་སྐྱེ་ལ་རྟག་པར་ལོང་སྟེ་མིག་མེད་དོ། །ཤཱ་རིའི་བུ་དགེ་སློང་དེ་དག་
เล่ม ๕๔ · หน้า 174a
དྲེགས་ཤིང་ལེ་ལོ་བདོའོ། །དར་ཏེ་ངེས་པར་འཆད་མི་ནུས་པས་ངའི་དྲང་པོའི་ཆོས་བཤིག་གོ། །མི་ཕལ་གཞན་འཚེ་བ་མི་ནུས་ཏེ། གསོ་བ་ཁེའི་ཕྱིར་ངའི་ཆོས་བཤིག་གོ། །ཤཱ་རིའི་བུ་འདི་ལྟ་བུའི་ཆོས་ཀྱི་དཀོན་མཆོག་ནི་དེའི་ཚེ་མེད་པར་བཤིག་གོ། །ཅིའི་ཕྱིར་ཞེ་ན། དེ་
ལྟ་བུའི་ཆོས་ཀྱི་དཀོན་མཆོག་ནི་སངས་རྒྱས་ཐམས་ཅད་ཀུན་གྱིས་རི་མོ་གུས་པ་སྟེ། རང་སངས་རྒྱས་དང་དགྲ་བཅོམ་པ་ལ་སོགས་པ་ཀུན་གྱིས་རི་མོ་གུས་པར་བྱ་བ་ནི་ཚུལ་ཁྲིམས་ཞིག་པའི་དགེ་སློང་ལེ་ལོ་ཡར་སྐྱེ་བས་ཆོས་ངེས་པར་མ་བཤད་དེ། །དགེ་སློང་གཞན་ལ་སོགས་པས་དེའི་ཚེ། ཀུན་གྱིས་
ངའི་ཆོས་ལ་བརྙས་ཤིང་ལེ་ལོ་བྱས་ནས། ཀུན་གྱིས་བསྲིངས་སྤངས་ཏེ་འཇུངས་བརྐམ་ཆེར་སྲེད་ཅིང་། འཚོ་ནམ་གྱི་ལས་ལ་གཅིག་ཏུ་སེམས་ཤིང་ནོར་ཁེ་རིན་ཆེར་འཛིན། ཕྲག་དོག་གིས་བཅིངས་པས་རྟག་པར་འཐབ་རྩོད་ལ་སྲེད་ཅིང་རེས་ཀྱིས་ཤ་ཁོན་སྐྱེས་ལ་གཅིག་ལ་གཅིག་གུས་པའི་བག་མི་བྱེད་དོ། །ཆོག་མེད་དོ། །
སེམས་ཀྱི་རང་བཞིན་ཡང་རྒོད་པ་སྤྲེའུ་དང་མཚུངས་ཏེ། ཆོ་ག་བསྒྱུར་བཅོས་ནས་ངན་པའི་ལས་རྣམས་སྤྱོད་དེ། དགེ་སློང་གི་ཆོས་ལས་ནི་ཕྱིར་ནུར། མཛངས་ཤིང་འཕྲུལ་པ་ནི་བསྲིངས་སོ། །ཤཱ་རིའི་བུ་འདི་ལྟ་བུའི་མི་ངན་པས་དེ་ལྟ་བུའི་ཉེས་པ་སྦས་བཅབས་ཏེ་འདོད་པ་མང་བཙལ་
བ་མང་བས་ནོར་སྤྱོད་དེ། དེ་རང་གསོས་པས་བདུད་ངན་པས་དེའི་སེམས་རིག་སྟེ། ཐབས་སྤྱད་པས་ཐ་དད་པར་བྱས་ཏེ་སོ་སོར་གྱེས་བཤིག་ནས་རོ་གཅིག་པའི་དགེ་འདུན་དཀོན་མཆོག་ལ་སྡེ་ལྔར་བགོས་ཏེ། སྡེ་ལྔར་ཡོད་པས་འཐབ་རྩོད་པ་སྐྱེས་ཤིང་གཅིག་ལ་གཅིག་ཡིན་མ་ཡིན་པ་དང་ཉེས་པ་འཁྲུལ་
བ་སྨོས་བརྗོད་དོ། །ཤཱ་རིའི་བུ་ད་ལྟར་གྱི་དགེ་སློང་གཅིག་གིས་གཅིག་བསྟན་བསླབས་ཏེ། གཅིག་ལ་གཅིག་གི་རི་མོ་གུས་ཤིང་སེམས་གཅིག་ཏུ་འཐུན་པར་སྤྱོད་དེ། སངས་རྒྱས་ཀྱིས་བཤད་པ་བཞིན་དུ་མི་འགལ་ལོ། །དེ་ཙམ་གྱི་ཚེའི་དགེ་སློང་ནི་གཅིག་ལ་གཅིག་མི་སྟོན་མི་སློབ། གཅིག་ལ་
གཅིག་རི་མོ་མི་གུས། ངན་པ་བྱེད་པ་མཐོང་ན་དེས་འཇིགས་ཏེ་བཏང་ནས་ཆོས་སུ་སྤྱད་དེ། གཅིག་ལ་གཅིག་བསྟན་བསླབ་པར་མི་ནུས་སོ། །ལ་ལ་མང་པོ་ཐོས་པ་དང་ཤེས་རབ་ཟབ་མོ་ཡོད་མོད་ཀྱི་འོན་ཀྱང་དྲེགས་ཤིང་ལེ་ལོ་སྲེད་དོ། །མི་གཞན་ལ་བརྙས་སྨད་ནས་སོ་སོའི་སྤྱོད་ཅིང་
เล่ม ๕๔ · หน้า 174b
རང་གིས་བརྗོད་པ་བཙུགས་ཏེ་གཅིག་གིས་གཅིག་མཐོང་བར་མི་དགའ་ན། བསྟན་པ་མནོད་མི་ནུས་པ་ལྟ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ་ཡང་དག་པར་གཤེགས་པ་འཇིག་རྟེན་ན་བཞུགས་པའི་ཚེ་ན་དཀོན་མཆོག་གསུམ་རོ་གཅིག་ན། ང་མེད་པར་འདས་པའི་ཕྱི་ན་བགོས་ཏེ་སྡེ་ལྔར་བྱས་
སོ། །ཤཱ་རིའི་བུ་བདུད་ངན་པ་ད་རུང་ལུས་སྦས་ཏེ། ལྷ་སྦྱིན་ལ་བསྒྲོགས་བསྟངས་ནས། ངའི་ཆོས་དང་དགེ་འདུན་བཤིག་གོ། །ཡང་དག་པར་གཤེགས་པ་ཡེ་ཤེས་ཆེན་པོ་ད་ལྟར་འཇིག་རྟེན་ན་བཞུགས་བཞིན་པས་ན། བདུད་ངན་པ་ཆེན་པོས་འབྱོར་བར་མི་ནུས་སོ། །མ་འོངས་པའི་
དུས་ན་བདུད་ངན་པས་ལུས་བསྒྱུར་ལ་དགེ་སྦྱོང་གི་གཟུགས་སུ་བྱས་ཏེ། དགེ་འདུན་གྱི་ནང་དུ་ཞུགས་ནས་ཡོན་པོ་རྣམ་པ་མང་པོ་བཤད་དེ། སེམས་ཅན་མང་དུ་ཡོན་པོ་མཐོང་བར་འཇུག་པར་བྱས་ནས། དེ་ལ་ཡོན་པོའི་ཆོས་བཤད་དེ་འབྱི་ལེའུ་དཔལ་ག་པ་ལ་དོན་གྱིས་འདྲན་ཏོ་ཞེས་ཟེར་
ཏེ། ཤེས་ལྔའི་དོན་བསམས་བཞིན་དུ་ཞི་བའི་དོན་ཡོད་པ་ཐམས་ཅད་ཀྱི་དོན་ཡང་ཡོད་པའི་དོན་ཐོབ་པར་ཡོད་དོ་ཅོག་གི་དོན་ཏོ། །དེའི་ཚེ་བདུད་ངན་པས་འདི་ལྟ་བུ་ལ་སོགས་པ་ཡོན་པོ་འདོད་ཆགས་པའི་དོན་བཤད་དེ། དེ་ལྟ་བུའི་དོན་ནི་སངས་རྒྱས་རྣམས་དང་སངས་རྒྱས་ཀྱི་སློབ་མས་བཤད་པ་མ་ཡིན་ནོ། །དེའི་
ཚེ་མི་ངན་པ་རྣམས་བདུད་ཀྱིས་བསླད་པས་སོ་སོར་ཇི་མཐོང་བ་ལ་ཆགས་ཏེ། བདག་གི་ཡིན། ཕའི་བུ་མ་ཡིན་ཞེས་ཟེར་རོ། །ཤཱ་རིའི་བུ་ཡང་དག་པར་གཤེགས་པས་སྔ་ནས་ད་དུང་མ་འོངས་པའི་དུས་ཀྱི་ནང་ན་དེ་ལྟ་བུ་ལ་སོགས་པ། ཆོས་འཇིག་པའི་དོན་ཡོད་པ་མཐོང་བས་ན་ཆེད་ཀར་
ཆོས་ཟབ་མོ་འདི་བཤད་དེ། བདུད་ངན་པར་ཆགས་པར་བྱས་པའི་དོན་རྣམས་ཀུན་བཅད་དོ། །ཤཱ་རིའི་བུ་དེ་ཙམ་གྱི་ཚེ་ན་ཡང་འཛམ་བུའི་གླིང་གི་ནང་ན་ལེ་ལོ་ཡར་སྐྱེ་བའི་མི་དེ་མང་སྟེ། དགེ་བ་ལེགས་པ་ཆུང་ཞིག་བྱས་པས་ཀྱང་ཐལ་བྱུང་ཆོས་ལམ་ཐོབ་བོ་ཞེས་ཟེར་ཏེ། ཚེ་ཟད་པའི་འོག་
ཏུ་ལམ་ངན་པར་ལྟུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། མི་དེ་ཉིད་མཚན་དུ་བདག་གིས་ཀྱང་ལམ་ཐོབ་ཅེས་ཟེར། མི་གཞན་གྱིས་ཀྱང་ལམ་ཐོབ་བོ་ཞེས་ཟེར་བ་བརྗོད་ཅིང་བཤད་དེ། འཕྲུལ་གྱི་མིས་ཡོན་ཕུལ་བ་ཐུགས་ཐུབ་པར་ལེན་ཏེ། དེ་ལྟ་བུའི་མི་ནི་ལྷ་དང་མི་དང་འཇིག་རྟེན་ཐམས་ཅད་ཀྱི་དགྲ་
เล่ม ๕๔ · หน้า 175a
ངན་པ་ཆེན་པོ་ཞེས་བྱའོ། །དེ་ལྟ་བུའི་མི་གཏི་མུག་གིས་མཆོག་གི་བདེན་པའི་གཞུང་བཤད་པ་ཐོས་ན། དངངས་དོགས་ཤིང་འཇིགས་སྐྲག་པ་ནི་ཁུང་ཟབ་མོར་ལྟུང་བ་དང་མཚུངས་སོ། །ཤཱ་རིའི་བུ་དགེ་སློང་གཞན་དོན་འདི་ལྟ་བུ་ལ་སྲེད་པ་ཡོད་དེ། ལྷན་ཅིག་ཏུ་
འདུས་ཚོགས་ནས་སངས་རྒྱས་རྣམས་ཀྱི་བླ་ན་མེད་པའི་བྱང་ཆུབ་དྲལ་བཤིག་གོ། །དེའི་ཚེ་ལེ་ལོ་ཡར་སྐྱེ་བའི་མི་ཡོན་པོར་ཆགས་པ་མང་སྟེ། བདུད་ངན་པས་ཀྱང་ཁྱིམ་ན་འདུག་པ་དང་། ཁྱིམ་ནས་བྱུང་བའི་སེམས་བསླད་དཀྲུགས་ཏེ། ཆོས་མ་ཡིན་པ་ལ་ཆགས་པར་བྱས་སོ། །དྲང་
པོའི་ཆོས་འཆད་པ་ལ་ནི་ར་མདའ་གཏོང་བ་ཉུང་བས་ཐལ་བྱུང་གྱེས་ཞིག་སྟེ་སླར་ཚུགས་པར་མི་རུང་ངོ་། །ཤཱ་རིའི་བུ་དེའི་ཚེ་འཇིག་རྟེན་ན་དགེ་སློང་གཞོན་ནུ་མང་དུ་ཡོད་དེ་དབང་པོ་རྣོ་བ་ཡོད་དོ། །ཇི་ལྟ་ཞེས་བྱས་ན། ཁྱིམ་ནས་བྱུང་ངོ་གཞན་ནི་ངན་འཁྲུག་པའི་ལྷག་མ་ཡོད་པས་སླར་མིའི་ནང་དུ་
སྐྱེས་ནས། གདོད་ཡང་སླར་ཁྱིམ་ནས་བྱུང་སྟེ། དགེ་སློང་དེ་དག་རྟོག་ཅིང་འདྲི་བ་ལ་དགའ་ཞིང་མོས་པས་སངས་རྒྱས་ཀྱི་ཆོས་མཆོག་གི་བདེན་པའི་གཞུང་རྗེས་གཅོད་ཅིང་ཚོལ་ལོ། །ཤཱ་རིའི་བུ་ལེ་ལོ་ཡར་སྐྱེ་བ་རྣམས་ནི་བདུད་ཀྱིས་བསླད་དཀྲུགས་པས་སྲོག་གསོ་བ་འབའ་ཞིག་ཚོལ་ཏེ།
བདེན་པར་མི་ཐ་མལ་པ་ཡིན་ན། བདག་ན་རེ་དགྲ་བཅོམ་པའོ་ཞེས་ཟེར་ཏེ། དགེ་སློང་གཞོན་ནུ་རྣམས་ལ་སོགས་པ་ལ་ཟེར་བ། ལུས་དང་ཁ་དང་ཡིད་དགེ་ན་དེ་ནི་སངས་རྒྱས་ཀྱི་ཆོས་ཀྱི་མཆོག་གི་བདེན་པའི་གཞུང་ཡིན་ནོ། །ཚུལ་ཁྲིམས་གཙང་མ་ལེགས་པར་བསྲུངས་ལ་ཆོས་ཀྱི་ཡི་
གེ་ཁ་དོན་དང་བཀླགས་ཏེ་མང་པོ་ཐོས་པ་འགྲུས་པར་སྤྱད་ན་དེའི་མིང་མི་འགལ་བར་བརྗོད་པའི་རྒྱུ་ཞེས་བྱ་སྟེ། དེ་ནི་སེམས་གཙང་ཞིང་སངས་རྒྱས་ལ་ཡིད་ཆེས་པའོ། །གཅིག་ཏུ་ན་མཆོག་གི་བདེན་པའི་གཞུང་ཡོད་ཀྱིས་སེམས་ཀྱི་ནང་དུ་བརྟགས་པ་བཞིན། གཅིག་ཏུ་ན་མྱ་ངན་ལས་འདས་
པ་བསམས་ན་སྡུག་བསྔལ་རྣམ་གསུམ་འགགས་ཏེ། ལྔ་ཕུང་དང་ཞུགས་པ་བཅུ་གཉིས། ཁམས་བཅྭ་བརྒྱད་སྐྱོ་བྲལ་བར་ནུས་སོ། །ཁྱེད་ལ་སོགས་པ་གནས་དབེན་པ་ན་ཕུང་པོ་དང་ཁམས་དང་ཞུགས་པའི་ཆོས་འདི་ལ་རྟོགས་ཤིག་དང་། ཀུན་རྟོགས་པ་མེད་པའོ། །བདག་གི་
เล่ม ๕๔ · หน้า 175b
ལུས་ལ་བརྟགས་ན་མི་གཙང་བ་རྣམ་པ་མང་པོ་སྟེ། ཁྱེད་ལ་སོགས་པས་དེ་ལྟ་བུར་བརྟག་ནུས་ན། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། །ཡང་གཅིག་ཏུ་ན་ལྔ་ཕུང་ལ་སོགས་པའི་ཆོས་འདི་ལ་རྟག་པ་མེད། སྡུག་བསྔལ་སྟོང་པ་སྟེ། ཡང་དག་པའི་ང་མེད་སྲ་མཁྲང་པ་མེད་པར་
ཟབ་ཏུ་རྟོགས་ན་གདོད་ལན་ཅིག་ཕྱིར་འོང་བ་ཐོབ་བོ། །བསྒྱུར་ཏེ་ཡང་ཟབ་ཏུ་རྟོགས་ན། ཕྱིར་མི་འོང་བ་དང་དགྲ་བཅོམ་པ་ཐོབ་སྟེ། དེ་ནི་མཆོག་གི་བདེན་པ་གཞུང་ཡིན་ཞེས་ཟེར་རོ། །དེའི་ནང་ན་དགེ་སློང་གཞོན་ནུས་སླར་དྲིས་ན། སངས་རྒྱས་ཀྱི་ཆོས་ཀྱི་ན་དགྲ་བཅོམ་པའི་འབྲས་བུ་ཐལ་
འབྱུང་དུ་མཆོག་གི་གཞུང་ཞེས་བྱའམ། ངེད་ལ་སོགས་པའང་དེའི་དོན་ཤེས་ཏེ། དགྲ་བཅོམ་པ་ནི་མཆོག་གི་གཞུང་མ་ཡིན་ནོ། །ད་ལྟར་གྱི་ལྔ་ཕུང་འདི་དྲན་ཞིང་བསམས་པས་སྐྱེས་སམ། མི་དྲན་པ་བསམས་པས་སྐྱེས། ལན་བླན་པ་ལྔ་ཕུང་གིས་དྲན་པ་བསམས་པས་
སྐྱེས་སོ། །མི་དྲན་མ་བསམས་པའི་མི་སྐྱེའོ། །ཡང་དྲིས་པ་དྲན་པ་བསམས་པ་དང་ལྔ་ཕུང་ཐ་དད་དམ་ཐ་མི་དད། ལན་སྨྲས་པ། ལྔ་ཕུང་དང་མཚུངས་ཏེ། དྲན་པ་བསམས་པ་ཡང་དེ་བཞིན་ནོ། །ཡང་དྲིས་པ་ལྔ་ཕུང་དང་མཚུངས་ཏེ། དྲན་པ་བསམས་པ་ཡང་དེ་བཞིན་
དུ་ཟིན་ན་ལྔ་ཕུང་སེམས་པ་སུ་ཡིན། ལན་སྨྲས་པ། ལྔ་ཕུང་སེམས་པ་མེད་དུ་ཟིན་ན། མྱ་ངན་ལས་འདས་པ་ཡང་མེད་དོ། །བདེན་པར་ན་ལྔ་ཕུང་སེམས་པ་མེད་དོ། །དེ་ལྟ་བས་ན་དྲང་པོའི་འཕགས་པའི་ལམ་བརྒྱད་སྤྱད་དེ། མྱ་ངན་ལས་འདས་པར་ཆུད་པ་ཡོད་དོ་ཞེས་ཟེར་རོ། །
ཤཱ་རིའི་བུ་མ་འོངས་པའི་དུས་ན། དགེ་སློང་འདི་ལྟ་བུའི་བཟོད་པ་འབྱོར་གྲུབ་པ་མང་ངོ་། །ཤཱ་རིའི་བུ་དེའི་ཚེ་ཚོགས་པའི་ནང་ན་ལྷ་ཕལ་མང་དུ་ཡོད་དེ། །སངས་རྒྱས་ཀྱི་ཆོས་མཆོག་གི་བདེན་པའི་གཞུང་ཐོས་པར་དགའ་ན། ལེ་ལོ་ཡར་སྐྱེ་བ་དེས་བཤད་པ་ཐོས་པ་དང་། སེམས་ལ་
དོགས་ཤིང་འགྱོད་པ་སྐྱེས་ཏེ། ཁུང་ཟབ་མོར་ལྟུང་བ་དང་མཚུངས་ནས་ཀུན་འདི་སྐད་ཟེར་རོ། །ཀྭའི་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ནི་ད་མྱུར་དུ་མེད་ལ་ཐུག་གོ་ཞེས་ཟེར་རོ། །ཤཱ་རིའི་བུ་དེའི་ནང་ན་དགེ་བ་འབྱོར་གྲུབ་པའི་དགེ་སློང་ཡོད་པས། དགེ་སློང་འདི་ལ་འདི་སྐད་བྱས་སོ། །མི་
เล่ม ๕๔ · หน้า 176a
གཏི་མུག་སྟོང་པར་རྒས་པ་ལེ་ལོ་ཡར་སྐྱེ་བ་ལྔའི་མཚན་མ་དང་། ལྔ་ཕུང་གི་མཚན་མ་དང་། ཞུགས་པ་བཅུ་གཉིས་དང་། ཁམས་བཅྭ་བརྒྱད་ཀྱི་མཚན་མ་ཡོད་དུ་ཟིན་ན་ཚིག་དེ་ཉན་ཏོ་ཞེས་ཟེར་ཏེ། མི་དགའ་ནས་རང་སྟན་ལ་འདུག་པ་ལངས་ཏེ་སོང་ངོ་། །ཤཱ་རིའི་བུ་
དེའི་ཚེ་ན་ལྷ་རྣམས་སེམས་ཤིན་ཏུ་དགའ་ཞིང་གཞའ་སྟེ། ཕྱོགས་བཞིར་སྐད་ཕྱུང་སྨྲས་པ། སངས་རྒྱས་ཤཱཀྱ་ཐུབ་པའི་སློབ་མ་མཁས་པ་ད་དུང་ཡོད་དོ་ཞེས་ཟེར་ཏོ། །དེའི་ཚེ་མི་གཞན་ལ་སོགས་པ་ཡང་དགེ་བའི་རྩ་བ་མི་ཉུང་བས། མི་གཙང་བ་དེ་བཤད་པ་ཐོས་པར་མི་དགའ་སྟེ།
དེ་ནི་བདག་ཏུ་ལྟ་བ་དང་གང་ཟག་ཏུ་ལྟ་བའོ། །ལྷ་རྣམས་ཀྱིས་འདི་ཐོས་པ་དང་། ཀུན་ཤིན་ཏུ་དགའ་སྟེ། དབང་པོ་རྣོ་བ་དེ་སྙན་པར་བསྟོད་བསྔགས་ཏེ་འདྲི་ཞིང་ལན་ལྡོན་པ་ལ་དགའ་སྲེད་པས། ཀུན་གྱིས་སྐྱེ་བ་མེད་པའི་ཆོས་ཀྱི་བཟོད་པ་ཐོབ་པ་ཡང་དག་ཆེས་ཟེར་ཏོ། །དེ་ལྟ་བུ་ལ་སོགས་པ་
མི་གནས་གཅིག་ཏུ་འདུག་སྟེ། ལྷན་ཅིག་ཏུ་བསྡོངས་ཏེ་འགྲོགས་ལ་མི་ཕལ་ཉུང་ལ་དཔུང་བསྡོངས་ཀྱང་ཞན་ཏོ། །ཤཱ་རིའི་བུ་དེའི་ཚེ་ངའི་བུ་ཡང་དག་པ་རྣམས་ཀྱང་རིགས་ཀྱི་རྒྱུད་ལ་ཚིག་ནོར་བ་མེད་ན། ཡོན་མི་ཐོབ་པ་དང་མཆོད་རྟེན་དང་གཙུག་ལག་ཁང་དུ་མི་གནས་པ་ལྟ་སྨོས་ཀྱང་ཅི་དགོས། ཤཱ་
རིའི་བུ་ཁྱོད་རེ་ཞིག་ལྟོས་ཤིག །དེ་ནས་ཡང་དག་པར་གཤེགས་པས་ཐལ་བྱུང་བརྙས་བཤུང་བ་བྱས་ཏེ། ང་མེད་པར་འདས་པའི་ཕྱི་ན་ངའི་བུ་རྣམས་ལ་སོགས་པ་ཅི་ཡང་ཐོབ་པ་མེད་པའི་བཟོད་པ་ཞི་བ་ལ་མཁས་པས་ཀྱང་དེའི་ཚེ་ང་ལ་བརྙས་སྨད་དོ། །དེ་ལྟ་བས་ན་བསྐལ་པ་གྲངས་མེད་པའི་བར་དུ་དགྲ་
རྣམས་ཕུལ་ནས་ལྷའི་རྒྱལ་པོ་དང་མིའི་རྒྱལ་པོ་རྣམས་ཐམས་ཅད་བསྟན་ཏེ་སེམས་གཙང་དག་པར་བྱས་སོ། །དེ་ནས་གདོད་ངའི་བུ་རྣམས་ཀྱིས་ཕའི་གྲལ་བདེ་བར་ཐོབ་པར་བྱས་སོ། །ཤཱ་རིའི་བུ་ཡང་དག་པར་གཤེགས་པས་འཇིག་རྟེན་གྱི་མི་དང་ལྷ་ཐམས་ཅད་དབང་དུ་བྱས་ཏེ། ཡང་དག་པར་
གཤེགས་པས་ཆོས་བཞིན་དུ་བླ་ན་མེད་པ་གཡུང་དྲུང་རྫོགས་པའི་བྱང་ཆུབ་ཐོབ་སྟེ། བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཏོ། །དགེ་སྦྱོང་དང་བྲམ་ཟེ་དང་ལྷ་དང་། བདུད་དང་ཚངས་པས་ནི་བསྐོར་མི་ནུས་སོ། །ཤཱ་རིའི་བུ་དེ་ལྟར་མངོན་པར་བསྟན་པ་ཡང་དག་པར་གཤེགས་པ་འདས་པའི་
เล่ม ๕๔ · หน้า 176b
ཕྱི་ན་ངའི་བླ་ན་མེད་པ་གཡུང་དྲུང་རྫོགས་པའི་བྱང་ཆུབ་འདི་ངའི་སློབ་མ་རྣམས་ལ་སོགས་པས་རྒྱ་ཆེར་བཀྲམ་ཞིང་ཁྱབ་པར་བྱས་ན། མི་ངན་པ་གཞན་རྣམས་ཀྱིས་མངོན་པའི་དབང་བྱ་ནི་ནུས། འཇིགས་པ་མེད་པའི་སྦྱིན་པ་ཡང་མི་ནུས་སོ། །ཤཱ་རིའི་བུ་དཔེར་ན་སྦྲང་རྩི་བུམ་པ་ལམ་གྱི་བཞི་
མདོར་བཞག་སྟེ། ཚིག་འདི་སྐད་བྱས་པ་དང་མཚུངས་སོ། །མི་ལ་ལ་ཞིག་གིས་སྤུ་ཉག་མ་གཅིག་གི་ཐོག་མ་ཙམ་ཞིག་ཟ་ཕོད་ན། རྟག་པར་མི་རྒ་མི་འཆིའོ། །དེ་ནས་ལྷ་དང་འཇིག་རྟེན་གྱི་མི་རྣམས་སོ་སོར་རལ་གྱི་མཚོན་ཆ་ཐོགས་ཏེ་བུམ་པའི་དྲུང་ན་དེའི་ཚེ་སྲུང་བ་རྣམས་སོ་སོ་ནས་ཚིག་འདི་སྐད་
འཛེར་ཏོ། །མི་ལ་ལ་སྤུ་ཉག་མ་གཅིག་ཟ་བ་ཡོད་ན་བདག་ཅག་གིས་གསད་དོ་ཞེས་འཛེར་ཏོ། །ཤཱ་རིའི་བུ་དེའི་ནང་ན་མི་གཅིག་མཁྱུང་བུར་འདི་སྙམ་དུ་སེམས་སོ། །བུམ་པ་འདིའི་ནང་གི་སྦྲང་རྩི་ལ་སྤུ་ཉག་མ་གཅིག་གི་ཐོག་མ་ཙམ་ཞིག་ཟོས་ན། མི་རྒ་མི་ཤི་ན་བདག་ཅིའི་ཕྱིར་ནས་ཤི་བས་
མི་འཇིགས་ཤིང་མི་ཟ། ཐོབ་ཏུ་ཟིན་ཏེ་མི་ཟོས་ན་མོད་བཞིན་སྲུངས་མ་རྣམས་ཀྱིས་འཇིག་པ་མེད་པ་ལ་བརྟགས་ཏེ། རྒ་བ་དང་ན་བ་འཆི་བ་མེད་པར་ཡང་ཐོབ་པར་རུང་ན། དེ་བཞིན་དུ་སེམས་བཏུལ་ཏེ་ཚེ་སྲོག་མི་ཕངས་པར་ཐལ་བྱུང་བུམ་པའི་ནང་དུ་སོང་ན། སྲུངས་མ་རྣམས་སོ་སོར་རལ་གྲི་
དང་མཚོན་ཆ་ཁྱེར་ཏེ་བརྟོད་ནས་གསད་པར་བྱས་སོ། །ཤཱ་རིའི་བུ་མི་དེས་རལ་གྲི་མཚོན་ཆས་མ་ཕོག་པར་རྡུལ་ནུས་ཏེ་ཐིགས་པ་གཅིག་ཟོས་སུ་ཟིན་ན། རྒུད་པའི་ནད་ལས་ཐར་ཏེ། རྒ་ཤི་ཡང་མེད་དོ། །དེ་ལྟ་སྟེ་ཤཱ་རིའི་བུ་མི་ངན་པ་མང་དུ་ཡོད་པས། བདུད་དང་བདུད་ཕལ་རྣམས་ཀྱིས་ངའི་ཆོས་
མེད་པར་བྱ་བར་བྱས་སོ། །ཡང་དག་པར་གཤེགས་པ་འདས་པའི་ཕྱི་ནས་མི་ལ་ལ་ཞིག་སྟོང་པ་ཉིད་ཆོས་བཞིན་དུ་ནུས་ཏེ། ཁོང་དུ་ཆུད་ལ་ཐེ་ཙོམ་མེད་ན། གདོད་ཆོས་སོ་ཅོག་ལ་སེམས་ཀྱིས་ཅི་ཡང་ཐོགས་པ་མེད་དོ། །བླ་མའི་བཟོད་པ་འབྱོར་གྲུབ་བོ། །དེའི་ཚེ་མི་ངན་པས་བརྙས་ཏེ་ཆོས་
ལམ་དེ་དྲལ་བཤིག་པར་བྱས་མོད་ཀྱི། མི་དེས་ལུས་དང་སྲོག་མི་ཕངས་པར་ནུས་ན་བརྩོན་འགྲུས་རྟག་ཏུ་སྤྱོད་ན་ཆོས་སོ་ཅོག་ཀུན་ཆུད་ལ་སྐྱེ་བ་ཡང་མེད་བྱ་བའང་མེད་དེ། སྐྱེ་རྒན་འཆི་ལས་གྲོལ་ཐར་པ་ཐོབ་བོ། །ཤཱ་རིའི་བུ་སྦྲང་རྩི་བུམ་པ་ནི་སངས་རྒྱས་ཀྱི་ཆོས་ཀྱི་གཞུང་ཡིན་ནོ། །ལྷ་དང་
เล่ม ๕๔ · หน้า 177a
འཇིག་རྟེན་གྱི་མི་རྣམས་ཀྱིས་བུམ་པ་བསྲུངས་པ་ནི་མི་ངན་བདུད་ཀྱི་དོན་ལ་སྲེད་པ་ཡིན་ཏེ་བདག་གི་བསོད་ནམས་ཆེན་པོ་ཡང་སྟོར། མི་གཞན་ཡང་དག་པའི་མཚན་མ་སྤྱད་པའང་བཀབ་སྟེ། བསོད་ནམས་ཆེན་པོ་སྟོར་བར་བྱས་སོ། །ཤཱ་རིའི་བུ་ལེ་ལོ་ཡར་སྐྱེ་བ་ནི་ཀུན་བདུད་ཀྱི་
གྲོགས་པོ་ཡིན་ཏེ། བདུད་ཀྱི་དོན་གྲུབ་པར་སྟོན་ཅིང་ཀུན་སྐྱེ་བ་མེད་པའི་ཆོས་ལ་འཕྱ་ཞིང་གཤེའོ། །ཡང་ཤཱ་རིའི་བུ་མི་གཙང་བ་འཆད་པ་ནི་བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། ལྔ་ཕུང་དང་། ཞུགས་པ་བཅུ་གཉིས་དང་། ཁམས་བཅྭ་བརྒྱད་དུ་ལྟ་བ་
སྟེ། མཐོང་བར་ཐོབ་ཅེས་ཟེར་ཞིང་སེམས་ལ་ལམ་ཐོབ་པར་འཛིན། མྱ་ངན་ལས་འདས་པ་ཐོབ་པར་འཛིན་ཏེ། ཀུན་གྱིས་ཀྱང་འདི་ལྟ་བུ་དྲང་པོའི་ཆོས་ལ་འཕྱ་ཞིང་སྐྲོད་དོ། །ཅིའི་ཕྱིར་ཞེ་ན། མི་དེ་དག་ཁང་སྟོང་པ་ལ་འདོད་ཆགས་པའི་ཕྱིར་བདུད་རྣམས་ཀྱང་མ་ཡིན་ལ། བདུད་ཀྱིས་ཀྱང་
བསླད་དཀྲུགས་པས་ངའི་དྲང་པོའི་ཆོས་ནི་བདུད་ཀྱི་དོན་དུ་བྱས་སོ། །ཤཱ་རིའི་བུ་ཁྱིམ་ན་འདུག་པ་ཡང་རུང་། ཁྱིམ་ནས་བྱུང་བ་ཡང་རུང་སྟེ། བདག་ཏུ་ལྟ་བ་མེད། གང་ཟག་ཏུ་ལྟ་བ་མེད། སེམས་ཅན་མེད་དེ་མཐའ་ཡུན་དུ་སྟོང་པའི་ཆོས་ཐོས་ལ་དངངས་དོགས་ཤིང་སྐྲག་ན། དེ་ལྟ་བུའི་
མི་ནི་བདུད་ཀྱིས་བསྟན་བསླབས་པར་མངོན་ཏེ། རི་མོའི་དགེ་སློང་ཡིན། ཆོས་རྐུ་བའི་ཆོ་ག་ངན་པ་ཡིན་ནོ། །ཤཱ་རིའི་བུ་དེ་ལྟ་བུའི་མི་ནི་བདག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། ཡོད་པར་མཐོང་བ་དང་། མེད་པར་མཐོང་བ་དང་། རྟག་པར་མཐོང་བ་དང་། ཆད་པར་མཐོང་བ་ཡིན།
ཀུན་བདུད་ཀྱི་མི་སྡེ་སངས་རྒྱས་ཀྱི་སློབ་མ་མ་ཡིན་ནོ། །ཇི་ལྟ་ཞེ་ན། ངའི་ཆོས་ཀྱི་ཡི་གེའི་ནང་ནས་བཤད་པ་འཇིག་རྟེན་ཐམས་ཅད་ཀུན་ནི་སྟོང་པ་སྟེ། ངའི་མེད་པའི་གནས་ཀྱང་མེད། གང་ཟག་མེད། སེམས་ཅན་མེད། རྟག་པ་མེད། མི་འགྱུར་བ་མེད། མི་འཇིགས་པའི་ཆོས་མེད་ན།
དེ་ལྟ་བུའི་མི་ངན་པས་ཀྱང་ཀུན་གྱིས་ཆོས་ཀྱི་ཡི་གེ་དང་། ཁ་ཏོན་དུ་བཀླགས་ཏེ་མི་གཞན་ལ་བཤད་ན། སེམས་ཅན་ནི་བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་ལ་ཆགས་པ་དེ་ལྟ་བུའི་མི་གཏི་མུག་ནི་སྡུག་བསྔལ་གྱི་རྒྱུ་བྱེད་པ་ཞེས་བྱའོ། །མིང་མགོ་གཉིས་བསྒྱུར་བ་ལ་བཟློག་པ་ཞེས་
เล่ม ๕๔ · หน้า 177b
བྱའོ། །མིང་འཐབ་འཁྲུག་ཅིང་དགེ་འདུན་འཇིག་པ་ཞེས་བྱའོ། །མིང་ལམ་གྱི་ཆོས་བསྒོམ་པ་སྔགས་པ་ཞེས་བྱའོ། །མིང་དགེ་སྦྱོང་ནང་གི་རྟོག་པ་ཞེས་བྱའོ། །མིང་སྡིག་པ་ངན་པ་སྨེ་བཙོག་པ་ཞེས་བྱའོ། །མིང་ཚིག་གི་བཤད་པ་འབའ་ཞིག་ཡོད་ཅེས་བྱའོ། །མིང་སྒྱུ་མའི་དགེ་
སྦྱོང་ཞེས་བྱའོ། །མིང་དགེ་སྦྱོང་གི་ནང་གི་དབུལ་པོ་ཞེས་བྱའོ། །མིང་ཁུར་ལྕི་བ་ཁྱེར་ཞེས་བྱའོ། །མིང་སངས་རྒྱས་རྣམས་ལ་བརྙས་བསླུས་པ་ཞེས་བྱའོ། །མིང་ལོག་པའི་སྡིག་མཐོང་བ་ཞེས་བྱའོ། །ཤཱ་རིའི་བུ་དེ་ལྟ་བུའི་མི་མིང་ལོག་པའི་དགྲ་ངན་པ་ཆེན་པོ་ཞེས་བྱའོ། །མིང་ངན་
པའི་བཤེས་གཉེན་ཞེས་བྱའོ། །མིང་ཚུལ་ཁྲིམས་ཞིག་པ་ཞེས་བྱའོ། །མིང་ཡོན་པོ་འཐོབ་པ་ཞེས་བྱའོ། །མིང་མུར་འདུག་ཅེས་བྱའོ། །མིང་བདེན་པ་སྤྱད་པ་མེད་པ་ཞེས་བྱའོ། །མིང་གྲོགས་ངན་པ་ཞེས་བྱའོ། །མིང་གསོད་པའི་འདྲེ་ཞེས་བྱའོ། །མིང་མཛེ་རྨ་ཞེས་བྱའོ། །
མིང་མནམ་སྨེ་ཞེས་བྱའོ། །མིང་ཚ་བས་སྲེག་ཞེས་བྱའོ། །མིང་གཅམ་སྒྱུ་ཞེས་བྱའོ། །མིང་མུན་གནག་ལྟུང་ཞིང་འདུག་ཅེས་བྱའོ། །མིང་ཚལ་ནགས་སྟུག་པོར་ཞུགས་ཞེས་བྱའོ། །མིང་སྐྱེ་ཤི་བཞིན་དུ་འབབ་ཅེས་བྱའོ། །མིང་ངན་པ་རིས་ཀྱིས་འབྱུང་ཞེས་བྱའོ། །མིང་སེམས་
ཅན་དམྱལ་བ་ཞེས་བྱའོ། །མིང་བྱོལ་སོང་ཞེས་བྱའོ། །མིང་ཡི་དགས་ཞེས་བྱའོ། །མིང་ལྷ་མ་ཡིན་ཞེས་བྱའོ། །མིང་ལམ་དུ་མི་འཇུག་པ་ཞེས་བྱའོ། །མིང་མི་ལ་བརྙས་བསླུས་ཞེས་བྱའོ། །མིང་རང་གི་ལུས་ལ་སྟོང་པ་ཞེས་བྱའོ། །མིང་མོ་དང་མཚན་མ་སྤྱོད་པ་ཞེས་བྱའོ། །མིང་
སྒྲ་ཆེན་པོ་འབོད་འགྲོགས་ཞེས་བྱའོ། །མིང་ཁེའི་ཞར་ལ་ཁེ་ཚོལ་བ་ཞེས་བྱའོ། །མིང་གཞན་ལ་འགོ་ཞིང་ཞེན་པ་ཞེས་བྱའོ། །མིང་རྟག་པར་འདྲན་ཏོར་བྱེད་པ་ཞེས་བྱའོ། །མིང་སེམས་འཁྲག་འཁྲུགས་པ་ཞེས་བྱའོ། །མིང་གནོད་དོ་ཅོག་ལ་བརྐམ་པ་ཞེས་བྱའོ། །མིང་གཤེ་ཞིང་
གནོད་པ་ཞེས་བྱའོ། །མིང་གཏི་མུག་སྣོད་པ་ཞེས་བྱའོ། །མིང་ནོར་བརྙས་པ་ལ་སྲེད་པ་ཞེས་བྱའོ། །མིང་རྒུད་པའི་མི་ངན་གྱི་གནས་ཞེས་བྱའོ། །མིང་གྲོལ་ཐར་མེད་པ་ཞེས་བྱའོ། །མིང་མྱ་ངན་འཁྲུགས་པས་བཅིངས་པ་ཞེས་བྱའོ། །མིང་དགེ་སྦྱོང་གི་ལུས་མ་ཡིན་ཏེ་རི་མོའི་
เล่ม ๕๔ · หน้า 178a
དགེ་སྦྱོང་ཞེས་བྱའོ། །དགེ་སྦྱོང་དགྲ། དགེ་སྦྱོང་མནམ་སྨེ་བ། དགེ་སྦྱོང་སྦང་རྣ་ཞེས་བྱའོ། །མིང་དགང་བར་དཀའ་ཞེས་བྱའོ། །མིང་གསོ་དཀའ་བ་ཞེས་བྱའོ། །མིང་ཆོ་ག་ཞིག་པ་ཞེས་བྱའོ། །མིང་ཁྲེལ་བསལ་མེད་པ་ཞེས་བྱའོ། །མིང་མགོ་གཏུབས་
བཅད་པ་ཞེས་བྱའོ། །མིང་ལུས་གཟུགས་ཞིག་པ་ཞེས་བྱའོ། །མིང་ཆོས་གོས་མགུལ་པར་བཏགས་པ་ཞེས་བྱའོ། །མིང་རང་མུན་ནག་ཏུ་ཞུགས་པ་ཞེས་བྱའོ། །མིང་འདོད་ཆགས་མང་པོ་ཞེས་བྱའོ། །མིང་ཞེ་སྡང་མང་པོ་ཞེས་བྱའོ། །མིང་གཏི་མུག་ཆེན་པོ་ཞེས་བྱའོ། །མིང་
བཀབ་པ་ལྔས་བསྒྲིབས་གཡོགས་པ་ཞེས་བྱའོ། །མིང་ནུབ་པ་ཞེས་བྱའོ། །མིང་སྒྱུ་མ་ཞེས་བྱའོ། །མིང་སྟོང་པ་ཞེས་བྱའོ། །མིང་མུགས་པ་ཞེས་བྱའོ། །ཤཱ་རིའི་བུ་དེ་ལྟ་བུའི་མིང་སྟོང་པ་ཞེས་བྱ་བ་སངས་རྒྱས་ཆོས་སོ་ཅོག་གིས་དགེ་བར་བསྟོད་པའི་མིའི་མཚན་ལས་ལོག་སྟོར་
བས་ན་མིང་སྟོར་བ་ཞེས་བྱའོ། །དགེ་སྦྱོང་ངོ་ཅོག་གི་ལེགས་པའི་དོན་དང་། དགེ་སྦྱོང་གི་ཆོས་ཀྱི་དོན་ལ་ལོག་སྟོར་བས་ན་མིང་སྟོར་བ་ཞེས་བྱའོ། །ཇི་ལྟ་བུར་ན་སྒྱུ་མ་ཞེས་བྱ་འཕགས་པ་ཆོས་ཀྱི་ཕྱི་ལོགས་ན་འདུག་པས་ན། མིང་སྒྱུ་མ་ཞེས་བྱའོ། །སྟོང་པ་དང་མཚན་མ་མེད་པ་དང་སྨོན་པ་
མེད་པའི་ཆོས་བསྲིངས་སྤངས་པས་ན་མིང་སྒྱུ་མ་ཞེས་བྱའོ། །ཤཱ་རིའི་བུ་དེ་ལྟ་བུའི་མི་ངན་པ་ནི་བདུད་དགའ་བར་བྱ་ནུས་ཏེ། སྒྱུ་མ་མི་བདེན་པའི་ཆོས་ལ་སྲན་ཐུབ་པར་འདོད་ཆགས་ནུས་པས་ན་ཐ་མལ་པ་དང་མཚུངས་ཏེ། སྡིག་ངན་པའི་མིའི་མཚན་ནོ་ཅོག་ཚང་སྟེ་ལྡན་པར་ཡོད་
པས་ཆོས་ཀྱི་བཟོད་པ་ཐོབ་པ་མི་འདྲའོ། །དགེ་སྦྱོང་གི་ཆོས་ཀྱི་དོན་དང་། དགེ་སྦྱོང་གི་ལེགས་པའི་དོན་དང་བརྒྱ་སྟོང་ཁྲི་དེའི་ཆ་གཅིག་ཀྱང་མེད་དོ། །ཤཱ་རིའི་བུ་དེ་ལྟ་བས་ན་མིང་སྟོང་པ་ཞེས་བྱའོ། །སྒྱུ་མ་ཞེས་བྱའོ། །འཇིག་རྟེན་གྱི་ཁེ་སྲེད་པ་འབའ་ཞིག་ལ་འདོད་ཆགས་
ཏེ། དགེ་སྦྱོང་མ་ཡིན་པར་ནི་བདག་རང་དགེ་སྦྱོང་ཞེས་ཟེར། ཡོན་མི་བླང་བའི་རིགས་པ་ནི་ཡོན་བླངས་ཏེ། མི་རྟག་པའི་དགྲས་དགྲའི་མཚན་མའི་རྒྱལ་མཚན་བཙུགས་ཞེས་བྱའོ། །ཡང་མིང་རང་དབང་གིས་མི་ལ་གསོད་ཅིང་གནོད་པའི་དགྲ་ཞེས་བྱའོ། །མི་དེས་ཟས་
เล่ม ๕๔ · หน้า 178b
ཁམ་གཅིག་ཟོས་པ་ཀུན་གཙང་གདང་བ་མེད་དོ། །ལམ་ལ་ཕྱོགས་པ་དང་ལམ་གྱི་འབྲས་བུ་ཐོབ་པ་འབའ་ཞིག་གིས་ཡོན་ཕུལ་བ་ཞུ་བར་ནུས་ན་མི་དེ་ལ་དེ་ལྟ་བུ་མེད་པས་ན་མིང་ཟོས་པ་མི་གཙང་བ་ཞེས་བྱའོ། །ཤཱ་རིའི་བུ་དེ་ལྟ་བས་ན་མིང་སྟོང་པ་ཞེས་བྱའོ། །སྒྱུ་མ་ཞེས་བྱའོ། །
ཤཱ་རིའི་བུ་ཁྱོད་ཀྱི་ཡིད་ལ་ཇི་སྙམ། མི་ལ་ལ་ཞིག་གིས་སྲོག་གཅོད་རྐུ་འཕྲོག་ན་ཡོན་པོར་གཡེམ་བརྫུན་ཟེར་ལྕེ་གཉིས་བྱེད་ཁ་ངན་ཁྱལ་པ་ཟེར་འདོད་ཅིང་། ཕྲག་དོག་ཞེ་སྡང་ཡོན་པོ་ལ་ལྟ་ན། མི་དེ་རྟག་པར་སྲོག་གཅོད་དམ། རྟག་པར་ཚེ་སྲོག་མི་འཕྲོག །བཅོམ་ལྡན་འདས་
མི་འཕྲོག་གོ། །ཁྱིམ་ན་འདུག་ན་སྲོག་གཅོད་དེ། རྟག་པར་སྲོག་མི་འཕྲོག་པས་སྲོག་གཅོད་པའི་དུས་ནི་ཉུང་། སྲོག་མི་གཅོད་པའི་དུས་ནི་མང་ངོ་། །ཤཱ་རིའི་བུ་ཁྱོད་ཀྱི་ཡིད་ལ་ཇི་སྙམ། མི་ལ་ལ་ཞིག་རྐུ་འཕྲོག་ན་འཕྲོག་པའི་དུས་མང་ངམ། བཅོམ་ལྡན་འདས་མི་རྐུ་བའི་
དུས་མང་ངོ་། །ཤཱ་རིའི་བུ་ཁྱོད་ཀྱི་ཡིད་ལ་ཇི་སྙམ། མི་ལ་ལ་ཞིག་ཡོན་པོར་གཡེམ་ན་ཡོན་པོར་གཡེམ་པའི་དུས་མང་ངམ། ཡོན་པོར་མི་གཡེམ་པའི་དུས་མང་ངོ་། །བརྫུན་ཟེར་བ་དང་། ཁ་ངན་དང་། ལྕེ་གཉིས་དང་། ཚིག་ཁྱལ་པར་ཟེར་བ་དང་། འདོད་ཅིང་ཕྲག་དོག་
དང་། ཞེ་སྡང་གི་དུས་མང་ངམ། བཅོམ་ལྡན་འདས་ཞེ་སྡང་བའི་དུས་མང་ངོ་། །ཤཱ་རིའི་བུ་མི་དགེ་བ་ལམ་འདི་བཅུའི་ནང་ན་གང་སྡིག་ལྕི། བཅོམ་ལྡན་འདས་མི་དགེ་བ་བཅུའི་ནང་ན་ཡོན་པོ་མཐོང་བ་ནི་སྡིག་ལྕིའོ། །ཅིའི་ཕྱིར་ཞེས་བགྱིས་ན། བཅོམ་ལྡན་འདས་ཡོན་པོ་
མཐོང་བ་ནི་རྟག་པར་སེམས་ལ་དྲི་མ་ཆགས་ཏེ། སེམས་མི་གཙང་མི་གདང་ངོ་། །ཤཱ་རིའི་བུ་ངས་ད་ཁྱོད་ལ་བསྒོའོ། །མི་ལ་ལ་ཞིག་གིས་ཉི་མ་གཅིག་ལ་སེམས་ཅན་བརྒྱ་སྟོང་ཁྲི་འབུམ་བསད། ཉི་མ་གཅིག་ལ་གསེར་དངུལ་དང་། ནོར་རིན་པོ་ཆེ་རྣམ་པ་བརྒྱ་སྟོང་ཁྲི་བརྐུས།
ཡོན་པོར་གཡེམ་པ་ནི་ཉིན་མཚན་དུ་མི་གཏོང་། བརྫུན་ཟེར་བ་ནི་རྟག་པར་མི་ལ་བརྙས་བསླུས་ཏེ། ཁའི་ལས་མི་གཙང་བས་ཚིག་བདེན་པ་མེད། ལྕེ་གཉིས་རྟག་པར་འབྱོར་འདུམ་པ་འཇིག་ཅིང་འཇིག་པའི་སྟོངས་མོ་ཡང་བྱེད། ཁ་ངན་པ་ནི་ཁར་རྟག་པར་ངན་པའི་ལོག་པ་
เล่ม ๕๔ · หน้า 179a
ཟེར་ཏེ། མཉེན་དེས་པ་ཚིག་གཅིག་མི་སྨྲ། ཚིག་ཁྱལ་པ་ཟེར་བ་ནི་རྩ་བའི་ཕྱི་མོ་བྱེད་དེ། མིས་དོན་དེ་ཐོས་ན་གྲངས་མེད་པའི་ཚིག་སྨྲས་ཏེ། འཆལ་འཁྲུངས་སོ། །འདོད་ཅིང་ཕྲག་དོག་ནི་ཁོང་གཞན་ནོར་ལ་ཆོས་མ་ཡིན་པའི་སེམས་སྐྱེས་སོ། །ཞེ་སྡང་ནི་རྒྱུ་
རྐྱེན་མེད་པ་ལས་གློ་བུར་དུ་ཞེ་སྡང་ལངས་ཏེ། འཁོན་པ་བསྲེལ་བ་ལས་སེམས་གང་ངོ་། །ཡོན་པོ་མཐོང་བ་ནི་ལམ་མ་ཡིན་པས་སྦྱང་བ་ལ་སྲེད་དོ། །ཤཱ་རིའི་བུ་ཁྱོད་ཀྱི་ཡིད་ལ་ཇི་སྙམ། མི་ལ་ལ་ཞིག་གིས་དེ་ལྟ་བུའི་མི་དགེ་བའི་ཆོས་འབྱོར་གྲུབ་ན་སྡིག་མང་ངམ་མི་མང་། བཅོམ་
ལྡན་འདས་ཤིན་ཏུ་མང་ངོ་། །ཤཱ་རིའི་བུ་ངས་ཁྱོད་ལ་བསྒོའོ། །མི་ལ་ལ་ཞིག་གིས་ལོ་བརྒྱའི་བར་དུ་འདི་ལྟ་བུ་མི་དགེ་བ་བཅུའི་སྡིག་འབྱོར་གྲུབ་པས་ནི། ཚུལ་ཁྲིམས་ཞིག་པའི་དགེ་སློང་གིས་ན་ཉིན་གཅིག་མཚན་གཅིག་གི་བར་དུ་ཁོང་གཞན་གྱི་ཡོན་བླངས་པ་སྡིག་པ་དེ་བས་
ཆེའོ། །ཅིའི་ཕྱིར་ཞེ་ན། སྲོག་གཅོད་པ་དེ་ནི་མི་གཞན་གྱིས་རིག་པ་མང་། མི་གཞན་གྱིས་ཤེས་པ་མང་། མིའོ་ཅོག་གི་མི་སྡུག་པའི་དགྲ་སྟེ། མི་ཀུན་གྱིས་གསོད་ཅིང་སྲོག་འཕྲོག་པ་ཡིན་པར་ཤེས་ཏེ། སྡིག་མི་སྨྲ། རྙོག་ཅིང་བསྒོམས་ཞེན་པ་ཡིན་ཏེ། མི་དགེ་མི་དེས་པས་
མིའོ་ཅོག་གིས་སྤངས་སོ། །ཡང་ཤཱ་རིའི་བུ་སྲོག་གཅོད་པའི་མི་གཞན་གྱིས་སྲོག་འཕྲོག་པ་མང་བས་བར་བར་སྐྱེ་བའི་སེམས་སྐྱེས་ཏེ། མི་རིགས་པ་དང་མཐར་སྡིག་གི་ལམ་ཐོབ་པར་རང་གིས་ཤེས་སོ། །མི་ཀུན་གྱིས་ཀྱང་ངན་ཅིང་ཚུལ་ཁྲིམས་མེད། སྨེ་བར་ཤེས་སོ། །མི་དེ་
ལ་ལེགས་པའི་སྤུའི་ཉག་མ་བཅུ་ཚལ་གྱི་བརྒྱ་ཆ་གཅིག་ཙམ་ཡང་མི་རེག་ན། དཔལ་ཞིང་གི་ཡོན་མི་ཐོབ་པ་ལྟ་སྨོས་ཀྱང་ཅི་དགོས། ཡང་ཤཱ་རིའི་བུ་སྲོག་གཅོད་པ་མི་དེའི་བུ་སྨད་ནི། མི་ཀུན་གྱིས་ཤེས་རིག་སྟེ། བཀུར་སྟི་མི་བྱ། འདུག་ཏུའང་མི་སྟེར་ན། ཡོན་མི་སྦྱིན་པ་ལྟ་
སྨོས་ཀྱང་ཅི་དགོས། སྲོག་གཅོད་པའི་མི་ནི་ནོར་གྱིས་རང་འཚོ་ཞིང་བུ་སྨད་གསོ་སྐྱེད་དོ། །བར་བར་དགེ་སྦྱོང་དང་བྲམ་ཟེ་ལ་ཡོན་ཕུལ་ཏེ། དེའི་ལན་གྱིས་མཛངས་ཤིང་འཁྲུལ་པའི་དགེ་སྦྱོང་དང་ཕྲད་ནས། དེ་ལ་ལམ་གྱི་ཆོས་བཤད་ནས། སྲོག་གཅོད་པ་སྤངས་པར་བསྟན་
เล่ม ๕๔ · หน้า 179b
ནས་སྲོག་གཅོད་པའི་ལས་དེ་བཏང་སྟེ། སངས་རྒྱས་ཀྱི་ཆོས་ལ་ཁྱིམ་ནས་བྱུང་ནས་བསྒྲིབས་ཤིང་ཐོགས་པ་མེད། ཁྱིམ་ནས་བྱུང་ཟིན་པ་དང་། དགེ་བའི་བཤེས་གཉེན་ལ་ཉེ་བར་བསྙེན་ཏེ། དགེ་སྦྱོང་གི་འབྲས་བུ་ཐོབ་ནས། མི་དེས་འཕྲུལ་གྱི་ཚེ་ལ་སྡིག་ཡང་བའི་ལམ་
ཐོབ་སྟེ། འཕྲུལ་གྱི་ལམ་བསྒྲུབས་པས་ལམ་ངན་པ་གསུམ་ལས་ཐར་ཏོ། །ཤཱ་རིའི་བུ་ངའི་ཆོས་ཀྱི་ནང་ན་དགེ་སློང་དག་ཅིག་ཡོད་པ། དགེ་སློང་མ་ཡིན་པར་རང་དགེ་སྦྱོང་ཞེས་ཟེར། ཚངས་པར་སྤྱད་པ་མ་ཡིན་པར་ཚངས་པར་སྤྱད་པ་ཡིན་ཞེས་ཟེར་ཏེ། དགེ་བའི་རྩ་བ་རྣམས་
བཅད་ལ་མྱ་ངན་ལས་འདས་པ་འཇུག་པ་བསྒྲིབས་ཏེ་སླད་རྨོངས་པས་ལམ་སྟོར་ཏོ། །ལམ་ཞིག་པའི་རྒྱུ་རྐྱེན་གྱིས་དགེ་བའི་ཆོས་རྣམས་བཤིག་སྟེ། མུར་འདུག་གི་དོན་སྤྱོད་ཅིང་ལམ་ངན་པར་ཞུགས་པས་དགྲ་ངན་པ་རྣམས་མང་སྟེ། སྐྱེ་བ་སྟོང་པར་ནོས་ནས་དཔེར་མི་ཤི་བ་དང་
མཚུངས་ཏེ། ལུས་ཀྱི་ཁ་དོག་ཉམས་གྲང་ལ་དྲང་པོའི་ཆོས་སྟོར་ཏེ། ངའི་ཆོས་ཀྱི་ནང་ན་བསྒོས་པ་སྤགས་པ་ཞེས་བྱའོ། །མིང་ཆོས་ཀྱི་དགྲ་ཞེས་བྱའོ། །མིང་ལོག་པའི་མི་ཞེས་བྱའོ། །མིང་བདུད་ཀྱིས་བཀོལ་བ་ཞེས་བྱའོ། །དཔེར་ན་མི་ཕྱི་ས་ཁུང་དང་མཚུངས། མི་རོ་དང་
མཚུངས། ཁྱི་རོ་དང་མཚུངས། རི་མོའི་དགེ་སྦྱོང་དང་མཚུངས་ཏེ། གོས་དགེ་སྦྱོང་དང་མཚུངས། འཐུན་ཀྱང་དགེ་སྦྱོང་གི་དོན་མེད་དོ། །ཤཱ་རིའི་བུ་དཔེར་ཝ་སེང་གེའི་ཁྱུ་ན་འདུག་པ་དང་མཚུངས། གཅིག་ཏུ་ན་ཉུང་རུམ་འཕྲུལ་གྱི་འཁོར་ལོ་རྒྱལ་པོའི་ནང་ན་འདུག་པ་དང་མཚུངས།
སྤྲེའུ་ལྷ་རྣམས་ཀྱི་ནང་ན་འདུག་པ་དང་མཚུངས། ཡང་གཅིག་ཏུ་ན་བོང་བུ་བ་གླང་གི་རྒྱལ་པོ་མང་པོའི་ནང་དུ་འདུག་པ་དང་མཚུངས། མི་ལོང་བ་ལྷའི་མིག་ཅན་གྱི་ནང་ན་འདུག་པ་དང་མཚུངས། གཅིག་ཏུ་ན་ཕ་ཝང་ནམ་མཁའ་ལྡིང་གི་ནང་ན་འདུག་པ་དང་མཚུངས། ཤཱ་རིའི་
བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་དགེ་འདུན་གྱི་ནང་ན་འདུག་ན་བརྒྱ་སྟོང་ཁྲི་འབུམ་གྱི་ལྷ་རྣམས་ཕལ་མང་པོས་དགེ་སློང་དེ་དགེ་འདུན་གྱི་ནང་ན་འདུག་པ་མཐོང་ན་ཀུན་ཀྱང་ཤིན་ཏུ་མྱ་ངན་འཁྲུགས་ཏེ་ཚིག་འདི་སྐད་འཛེར་ཏོ། །འདི་ལྟ་བུའི་མི་ངན་པ་གསོ་སྦྱིན་པ་ཅི་དགོས། བདུད་
เล่ม ๕๔ · หน้า 180a
ཀྱི་གྲོགས་དང་། ཁམས་ཏེ་དེ་ལྟ་བུའི་བླ་ན་མེད་པ་སངས་རྒྱས་ལམ་མཐོང་བར་འདོད་པ་དེ་གོས་སྐྱ་བོ་ཅན་ལ་བཤད་ན། ལ་ལ་སངས་རྒྱས་ཀྱི་ཆོས་ལ་ཡིད་ཆེས་ཤིང་དད་པ་ཞིག་ཡོད་ན་ཀླུ་དང་ལྷ་མ་སྲིན་ལ་སོགས་པ་རྣམས་ཀྱིས་སྐད་ཆེན་པོས་བོས་ཏེ་ཤིན་ཏུ་བསྟོད་དེ་
དགེ་སློང་ངན་པ་དེ་ཅིའི་ཕྱིར་དེས་ལུས་གབ་སྟེ། དཔེར་རྟ་ངན་པ་དུལ་བ་གཡུང་པོའི་ནང་ན་འདུག་པ་དང་མཚུངས་ཏེ། དེ་ལྟ་བུའི་མི་གཏི་མུག་བདག་རང་ན་རེ་ཅིའང་མཐོང་ཞིང་ཤེས་པ་དང་། བདག་ཏུ་ལྟ་བ་ངན་པ་མེད་ཅེས་ཟེར་ཏེ། རང་གིས་དེར་སྦས་བཅབས་ནས། ལྷ་དང་མི་ལ་བརྙས་
བསླུས་པ་ནི་མི་དང་ལྷ་ཐམས་ཅད་ཀྱི་ནང་གི་དགྲ་ཡིན་ན། ཕལ་གྱིས་མཐོང་བ་དང་། ཀུན་གྱིས་ཀྱང་མི་བསྔགས་སོ། །ཤཱ་རིའི་བུ་དེ་ལྟ་བུའི་ངན་སྡིག་པའི་དགེ་སློང་ནི་དགྲ་ཡིན་པར་ལྷ་རྣམས་ཀྱིས་ཀྱང་རིག་སྟེ། གོས་སྐྱ་བོ་ཅན་དང་མཚུངས་པ་མེད་ན་ཡོན་ལེན་ཅིང་ཕས་བསུ་བསྐྱལ་
དང་ཕྱག་འཚལ་ཏེ་ཐལ་མོ་སྦྱར་ནས་རི་མོ་གུས་པར་བྱས་སོ། །མི་ངན་པ་གཏི་མུག་ཤི་བའི་རོ་དང་མཚུངས་པ་གོས་གྱོན་ཏོ་ཅོག་ནི་ཀུན་བརྐུས་ཏེ་ཐོབ་པ་ཡིན། ལྷུང་བཟེད་ཀྱི་ནང་གི་ཟས་ནི་ཀུན་བརྐུས་ཏེ་བླངས་པ་ཡིན། མིས་བྱིན་པ་མེད་དོ། །ཆུ་ཉུང་ངུ་ཡན་ཆད་ཀྱང་བརྐུས་ཏེ་ཐོབ་པ་
ཡིན་ནོ། །ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་གིས་གར་ཕྱིན་པའི་ཕྱོགས་ཤར་ཕྱོགས་སུ་ཕྱིན་ནས། ལྷོ་དང་ནུབ་དང་བྱང་ཕྱོགས་གར་ཕྱིན་ཀྱང་རུང་སྟེ། ཀུན་བརྐུས་ཏེ་འགྲོ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མི་དེ་ལ་ཆོ་ག་དང་ཆོས་སྤྱད་པ་ཡོད་དོ་ཅོག་ཀུན་རྐུ་བ་སྒྱུ་མ་ཡིན་ནོ། །
འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་དང་། སོང་བ་དང་། འོངས་པ་དང་། ལྟ་བ་དང་། སྨྱང་བསྐུམ་དང་། དགྱེ་སྒུ་དང་། གོས་གྱོན་པ་དང་། ལྷུང་བཟེད་ཁྱེར་བ་དང་། བྱེད་དོ་ཅོག་ད་མདོ་ཙམ་ཞིག་བཤད་དེ། ལུས་དང་ཁ་དང་ཡིད་ཀྱི་ལས་སྤྱད་ཅིང་བྱེད་པ་ཡོད་དོ་ཅོག་
ཀུན་རྐུན་པོའི་དགྲ་ཡིན་ནོ། །ལ་ལ་ཞིག་གིས་མི་དེ་ལྟ་བུ་སྐྲ་བྲེགས་ན་དགྲའི་སྐྲ་བྲེགས་པ་ཡིན་ནོ། །གཅིག་གི་མདོ་གཙེས་པ་ཙམ་ཞིག་སྐྱེད་དོ། །ཚུལ་ཁྲིམས་ཞིག་པའི་དགེ་སློང་གིས་བྱས་པ་ཡོད་དོ་ཅོག་ནི་ཀུན་དགྲས་བྱས་པ་ཡིན་ནོ། །ཤཱ་རིའི་བུ་དགེ་སློང་ངན་པས་ཕྱི་ས་ཆེ་ཆུང་དང་ལག་བརྙལ་
เล่ม ๕๔ · หน้า 180b
བ་ཡན་ཆད་དགྲའི་ཆོས་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འཛམ་བུའི་གླིང་གི་ནང་ན་རྒྱལ་པོ་ཆེན་པོ་དང་། བློན་པོ་ཆེན་པོ་དང་། མི་ཕལ་དང་། མི་མ་ཡིན་པའི་ཁམས་དང་། ཡོད་དོ་ཅོག་ཐམས་ཅད་ལ་དགེ་སློང་ངན་པ་དེས་དགྲ་བྱས་སོ། །ཤཱ་རིའི་བུ་རྒྱལ་པོ་དང་། བློན་པོ་དགྲ་ངན་
པ་ལ་ལེགས་པའི་དོན་མི་རེའོ། །བདག་དང་མཚུངས་ཞེས་མི་ཟེར་རོ། །བདག་པས་ལྷག་ཅེས་མི་ཟེར་རོ། །ཚུལ་ཁྲིམས་ཞིག་པའི་དགེ་སློང་འཕགས་པའི་ཆོས་གོས་གྱོན་པས་མི་དེ་ལ་ལེགས་པའི་དོན་ཐོབ་ཏུ་རེ་བས་ན་ཡུལ་ས་ན་གནས་ཤིང་འདུག་ཏུ་གནང་བར་བྱས་སོ། །དེས་ངན་
པར་ཤེས་སུ་ཟིན་ན་མཆིལ་མ་ས་ལ་དོར་བ་ཡན་ཆད་ཀྱང་མི་གནང་ངོ་། །དེ་ལྟ་བས་ན་ཤཱ་རིའི་བུ་དགེ་སློང་ངན་པས་ལུས་གཡོས་ཏེ་བྱས་སོ་ཅོག་ཀུན་དགྲས་བྱས་པ་ཡིན་ཏེ་མིང་དགྲ་རྟག་པ་མིང་དགྲ་ཆེན་པོའོ། །དགྲའི་རྒྱལ་མཚན་བཙུགས་པ་འཇིག་རྟེན་གྱི་མིའོ་ཅོག་ཐམས་ཅད་ལ་
བཙོག་ཅིང་གནོད་པ་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། ངན་པ་མ་བྱས་པ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་ཤཱ་རིའི་བུ་དགེ་སློང་ངན་པ་དེ་འཇིག་རྟེན་གྱི་ལྷ་དང་མི་ཐམས་ཅད་ཀུན་གྱི་དགྲ་ཆེན་པོ་ཡིན་ཞེས་ཤཱ་རིའི་བུ་མི་དང་ལྷ་དང་འཇིག་རྟེན་ཐམས་ཅད་ཀྱི་མི་དགྲ་ཆེན་པོ་ཡིན་ན། དེ་ལྟ་
བུའི་མིས་ཡོན་ཆུ་རྔུབ་གཅིག་ཞུ་བར་ནུས་སམ་མི་ནུས། བཅོམ་ལྡན་འདས་མི་ནུས་ལགས་སོ། །ཤཱ་རིའི་བུ་ཁྱོད་ཀྱི་ཡིད་ལ་ཇི་སྙམ། དེ་ལྟ་བུའི་མི་ངན་པ་ཆེན་པོ་མ་ཡིན་ནམ། བཅོམ་ལྡན་འདས་དེ་ལགས་སོ། །ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་གིས་ལྷ་དང་མིའི་
འཇིག་རྟེན་ཐམས་ཅད་ལ་ངན་པའི་སྡིག་ཆེན་པོ་ཡོད་དེ། གཞུང་དེ་ལྟ་བས་ན་ངས་ཚིགས་སུ་བཅད་པ་འདི་བཤད་དོ། །ཉིས་ན་རྡོ་བསྲེགས་ཟ་བ་དང་། ཟངས་བཞུན་ཁུ་བ་འཐུང་ཡང་རུང་། བདག་ལ་ཚུལ་ཁྲིམས་མེད་པ་རུ། ཡིད་ཆེས་མི་ཟས་བཟའ་མི་ཕོད། ཤཱ་རིའི་བུ་ཚུལ་
ཁྲིམས་ཞིག་པའི་དགེ་སློང་དེ་ལ་ཁ་དོག་མེད། ལེགས་པ་མེད། སེམས་དག་པའི་སྨོན་ལམ་ཡང་མེད་དེ། ལུས་དང་སེམས་གདུག་པས་རྨི་ལམ་ངན་པ་མཐོང་བར་དགའ་བཞིན་གནས་ལ་མི་སྲིད་པར་འགའ་ཞིག་འགྲོ་ན་ལུས་འཇིགས་ཤིང་འདར། ཚུལ་ཁྲིམས་གཙང་མ་
เล่ม ๕๔ · หน้า 181a
མཐོང་ན་གོལ་བར་གབ་ལ་རྒྱུ་ཞིང་བྱོལ། རང་གནོང་བས་སེམས་འདར་ཏེ་དེ་ཕྲད་དུ་མི་དགའ། ཡོན་ལེན་པའི་ཚེ་དངངས་དོགས་འཇིགས་སྐྲག་སྟེ། སེམས་རྟག་པར་རྒྱུག་འབྲོས་ཤིང་འདུ་ཤེས་ཀྱིས་བསམ་པ་རྣམ་པར་མང་། ནོར་གྱི་ཁེ་ལ་རབ་ཏུ་བརྐམ་ཞིང་
ཟས་ཞིམ་པོ་ལ་དགའ་སྲེད་དོ། །དེ་ལྟ་བུའི་དགེ་སློང་ནི་ཚེ་ཟད་པའི་འོག་ཏུ་ཡང་དག་པར་སེམས་ཅན་དམྱལ་བར་འགྲོའོ། །ཤཱ་རིའི་བུ་དེའི་མིང་ཚུལ་ཁྲིམས་ཞིག་པའི་དགེ་སློང་གི་མྱ་ངན་འཁྲུག་པའི་མདའ་བདུན་ཞེས་བྱ་སྟེ། ཡང་དག་པར་སེམས་ཅན་དམྱལ་བར་ལྟུང་ངོ་། །ཡང་ཤཱ་
རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་ཕལ་གྱི་ནང་ན་འདུག་ཅིང་གྱེས་འཁྲུགས་པའི་ཚིག་མང་པོ་ལ་སྲེད། རང་བཞིན་ནས་ཕྲག་དོག་ལ་དགའ་བས། ཚུལ་ཁྲིམས་ཞིག་པ་དང་གྲོགས་པོ་མཛའ་བོར་བྱས་ནས། རྟག་པར་ཚུལ་ཁྲིམས་ཞིག་པའི་ངན་པའི་དོན་བརྗོད་ཅིང་བཤད་
པ་ལ་སྲེད་དེ། བདག་སྐྱིད་པར་འཛིན་ཅིང་ངོ་ཚ་མི་ཤེས་ཆོས་ཡིག་ཟབ་མོ་ལས་ལོག །གལ་ཏེ་སེམས་ལ་དོགས་ཤིང་ཡིད་མི་ཤེས། བར་བར་དེ་ལྟ་བུ་ལ་སོགས་པའི་ཆོས་ཡིག་བཤད་པ་ཐོས་ན་ལོག་པར་ཡིད་ཆེས་ཤིང་། འཐབ་རྩོད་པ་ལ་ཉན་ཅིང་ནོད་པ་ལ་མི་སྲེད་དེ། ཤར་ནུབ་
ཏུ་ཕྱོགས་ཤིང་ལྟ་ལ་སེམས་གཅིག་ཏུ་མི་འཐུན་ཏེ། ཁ་ལག་པས་བཀབ་སྟེ་ཡར་ནམ་མཁའ་ལ་བལྟས་ཤིང་འདུག་པ་ལས་ལངས་ཏེ་སངས་རྒྱས་ཀྱིས་བསྟན་པའི་ཆོས་ལ་སྐུར་གཤེ་ཞིང་འཁོན་ལ་སྲེལ་ཏེ། ཆོས་འཆད་པ་ལ་རྒྱ་བ་དེ་ལྟ་བུ་ལ་སོགས་པའི་བླུན་ངན་པའི་རྒྱུ་རྐྱེན་
སྤྱད་པས་ཚེ་ཟད་པའི་འོག་ཏུ་ཤིན་ཏུ་ཟབ་པའི་སེམས་ཅན་དམྱལ་བར་ལྟུང་ངོ་། །ཤཱ་རིའི་བུ་དེའི་མིང་ཚུལ་ཁྲིམས་ཞིག་པའི་དགེ་སློང་མྱ་ངན་འཁྲུག་པའི་མདའ་བརྒྱད་ཅེས་བྱ་སྟེ། ཡང་དག་པར་སེམས་ཅན་དམྱལ་བར་ལྟུང་ངོ་། །ཡང་ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་
སློང་ནི་མཁན་པོ་དང་བླ་མ་ཨཱ་ཙརྱར་བཀུར་བསྟོད་པ་ལ་དགའ་སྟེ། དེའི་ལེགས་པའི་དོན་ལ་བསྟན་པར་བསྟོད་དེ། མིང་གི་ཁེ་བཙལ་ན་ཚུལ་ཁྲིམས་འཛིན་པ་ཞེས་ཟེར་ཅིང་དེའི་རྒྱུས་རང་གསོས་ཏེ། ནོར་ལ་ཆགས་པ་སྤྲོས་པ་བཞིན་བཟོ་ལ་མཁས་ཏེ་ཁྲེལ་སླ་བ་མེད་པ་ནི་
เล่ม ๕๔ · หน้า 181b
དཔེར་བྱ་རོག་དང་མཚུངས་སོ། །དགེ་འདུན་གྱི་རྒྱུ་རྐྱེན་གྱིས་གོས་མང་དུ་བཙལ་ཏེ། ཁ་ཟས་རང་ཉམ་དུ་ཟོས་པས་ལུས་ཀྱི་སྟོབས་བདོ་སྟེ། ཁྲེལ་དྲིན་མི་ཤེས་ཤིང་ཚིག་གོ། །གོ་རིམས་ཀྱང་མེད་དོ། །རྐང་ལག་སྦོམ་རྩུབ་ལ་མདངས་ཀྱི་ཁ་དོག་ཉམས་གྱུར་ཏེ། བུད་མེད་ལ་ལྟ་
བར་སྲེད། སྐྱེས་པ་ལ་མི་བསྙེན་ཏེ། དེ་ལྟ་བུའི་མི་ངན་པ་ནི་ཕལ་ཀུན་གྱིས་ཀྱང་བརྙས་སྨད་དོ། །ལྷ་དང་ཀླུ་དང་ལྷ་མ་ཡིན་གྱིས་ཀྱང་མི་བསྟོད་དོ། །སངས་རྒྱས་རྣམས་ཀྱིས་ཀྱང་སྙན་པར་ཡང་མི་བཤད་དོ། །སེམས་ཀྱི་བཞིན་རིངས་བརྟགས་ལ་རྟག་པར་ཞེ་སྡང་ལ་སྲེད་དོ། །དགེ་
འདུན་གྱིས་དོན་གཅོད་ན་དཔུང་གི་མཐུ་བསྙེམས་སོ། །ཤཱ་རིའི་བུ་དེ་ལྟ་བུའི་ཚུལ་ཁྲིམས་ཞིག་པའི་དགེ་སློང་ནི་དགེ་འདུན་གྱི་ནང་མཆོད་ཀྱི་མཐུ་ཡོད་པ་ཚོལ་བ་མང་སྟེ། མ་དྲིས་པར་ལན་གློན་ཞིང་རྟག་པར་གཞན་གྱི་ཉེས་པ་ཚོལ་ལོ། །ཚུལ་ཁྲིམས་གཙང་མ་པ་མཐོང་ན་བསྙེམས་ཤིང་སླུ་བ་
ཡིན་ཞེས་ཟེར། འགྲུས་པར་ལམ་ཚོལ་བ་མཐོང་ན་དེའི་ཆོས་མི་འདྲ་བར་ཐ་དད་པ་གཞན་ལ་དགའ་ཞིང་དད། རྩོད་པ་མཐོང་ན་དགའ་བས་བསྟངས་སོ། །ཤཱ་རིའི་བུ་དེའི་མིང་ནི་ཚུལ་ཁྲིམས་ཞིག་པའི་དགེ་སློང་གི་མྱ་ངན་འཁྲུག་པའི་མདའ་དགུ་ཞེས་བྱ་སྟེ་ཡང་དག་པར་སེམས་ཅན་
དམྱལ་བར་ལྟུང་ངོ་། །ཡང་ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་གཞན་གྱི་དོན་ལ་སྲེད་མོས་ཏེ། དེའི་གཞུང་ཅི་དགར་བཟུང་ནས་འཐབ་རྩོད་པ་ཡོད་ན་དགའ་སྐྱིད་པར་འཛིན་ཏོ། །གོས་ཟས་ཀྱིས་ལུས་བརྒྱན་ལ་གཞན་གྱི་ཆོ་ག་སློབ་ཅིང་མལ་ཆ་བཟང་པོ་བཙལ་ཏེ། ཁེས་
གསོ་ཞིང་ལུས་བདེ་བར་བྱས་མི་གཞན་གྱིས་བསྟོད་པ་ལ་སྲེད། སྦྱིན་བདག་ལ་མཁྲེན་ཅིང་འདུག་པའི་གནས་ལ་ཕངས་པར་འཛིན་ཏེ། དགེ་སློང་མཁན་པོ་འོངས་ན་བདག་གི་ཉེས་པ་མཐོང་གིས་དོགས་ཏེ། ཚུལ་ཁྲིམས་འཛིན་པ་ལ་སྡང་། ཚུལ་ཁྲིམས་ཞིག་པ་ལ་ནི་ཉེ་བསྙེན། སྦྱིན་
པ་བྱེད་པ་ལ་རྟག་པར་བསྟོད། ཚུལ་ཁྲིམས་འཛིན་པ་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ལ་ནི་མི་བསྟོད། སྟོང་པ་ཞི་བ་ལའང་མི་བསྟོད། འབའ་ཞིག་གནས་པ་ནི་བསྲིངས་སྤངས་ཏེ་རྟག་པར་ཚུལ་ཁྲིམས་འཛིན་པ་ལ་ཉེས་པར་བརྗོད་
ที่มาและสัญญาอนุญาต
ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด