ตัวบทไม่มีชื่อ — ประโยคแรก: སངས་རྒྱས་ཀྱི་མཛོད་ཀྱི་ཆོས་ཀྱི་ཡི་གེ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๕๔ · หน้า 182a

པ་ལ་དཔྱ་བར་སྲེད། སྦྱངས་པའི་ཡོན་ཏན་འཛིན་པ་ལ་ཡང་སྙན་པར་མི་བསྟོད། བར་བར་ངའི་དོན་ལ་དཔྱས་ཏེ་བཤད། བར་བར་ཁ་ངན་པས་མི་རིགས་པར་བསྐྱེད། བར་བར་དྲན་པའི་འདུ་ཤེས་ཀྱི་བརྫུན་པ་བཤད། རིགས་བཟང་པོ་རྟེན་པ་སྙེམས་ཏེ་ཕ་

ཚན་གྱི་གཉེན་ལ་བརྟུད་པར་དྲིས། རྒྱུ་རྐྱེན་ཆུང་ངུ་སྤྱད་དེ་དབུལ་པོ་ལ་ཆོས་བཤད་ན་རྟག་པར་སེམས་མི་དྲང་བས་དངངས་ཤིང་དོགས་པ་སྲེལ་ཏེ་ཕལ་ཀུན་སྡང་ཞིང་སྐྱོ་བས་ཡུན་དུ་བརྙས་སྨད་པ་ལ་ཕན་ནོ། །ཚུལ་ཁྲིམས་འཛིན་པ་ལ་ནི་རྟག་པར་དཔྱས་བཤད་པ་ལ་སྲེད་དོ། །གཏན་ལ་

བབ་པ་བདེན་པར་འཆད་པ་ལ་ནི་ཉེ་བསྙེན་པས་མི་འདོད་དེ་ཡིད་ལ་དེ་ལྟ་བུའི་ཆོས་ཀྱི་ཡི་གེ་ཐོས་པར་མི་དགའོ། །དེ་ལྟ་བུའི་ཆོས་ཀྱི་ཡི་གེ་གཟུངས་སུ་བཟུང་སྟེ་ཀློག་ཅིང་ཁ་ཏོན་ལ་སྲེད་པ་དང་། ཆོས་ཀྱི་ཡི་གེ་དེ་ལྟ་བུ་བཤད་པ་ཐོས་ན་སེམས་དགའ་གཞན་པ་དེ་ལྟ་བུ་ཡང་མཐོང་དུ་མི་དགའོ། །

གཅིག་ཏུ་ནི་ཚུལ་ཁྲིམས་འཛིན་པའི་ཆོས་ལ་བསྟོད་པ་ཐོས་སུ་མི་དགའ་སྟེ། དེ་ལྟ་བུ་ལ་སོགས་པའི་ཆོས་ཀྱི་ཡི་གེ་བཤད་ན་ཉན་ཅིང་ནོད་དུ་འོང་མི་འོང་ཉན་ཅིང་ནོད་དུ་ཟིན་ནའང་རིང་པོར་མ་ལོན་པར་སླར་སོང་སྟེ་གོས་སྐྱ་བོ་ཅན་དང་བཤེས་གཉེན་དུ་བྱས་པ་མང་ལ་རྟག་པར་ཁྲིམས་འཛིན་

པའི་དགེ་སློང་ལ་བརྗོད་ཅིང་བཤད་པ་ལ་སྲེད་དེ་རང་ཉམ་བྱེད་པས་བརྙས་པ་དང་། ཁ་མདའ་སྤྱོད་དོ། །ཤཱ་རིའི་བུ་དེའི་མིང་ཚུལ་ཁྲིམས་ཞིག་པའི་དགེ་སློང་གི་མྱ་ངན་འཁྲུག་པའི་མདའ་བཅུ་ཞེས་བྱ་སྟེ། ཡང་དག་པར་ལམ་ངན་པར་ལྟུང་ངོ་། །ཤཱ་རིའི་བུ་ང་མེད་པར་འདས་པའི་ཕྱི་

ན་དེ་ལྟ་བུ་ལ་སོགས་པའི་མིས་འཛམ་བུའི་གླིང་གང་སྟེ། ཁེ་ཚོལ་བ་འབའ་ཞིག་སྤྱོད་ཅིང་རང་འཚོ་གསོ་བྱེད་དོ།། །།སངས་རྒྱས་ཀྱི་མཛོད་བཤད་པ་ཆོས་ཀྱི་ཡི་གེ །བམ་པོ་གསུམ་པ། སངས་རྒྱས་ཀྱིས་སངས་རྒྱས་ཀྱི་མཛོད་བཤད་པའི་ཆོས་ཀྱི་ཡི་གེ་ལེའུ་

དྲུག་སྟེ། གཙང་མའི་ཆོས་ཀྱི་ལེའུའོ།། །།སངས་རྒྱས་ཀྱིས་ཤཱ་རིའི་བུ་ལ་བཀའ་སྩལ་པ། གནའ་སངས་རྒྱས་བསོད་སྐྱབས་ཀྱིས་སྔ་ནས་ང་ལ་ལུང་བསྟན་པ་སངས་རྒྱས་ཤཱཀྱ་ཐུབ་པ་ཡོན་མང་དུ་བླངས་ན་ཆོས་མྱུར་དུ་མེད་པར་འགྱུར་རོ་ཞེས་གསུངས་སོ། །ཤཱ་

เล่ม ๕๔ · หน้า 182b

རིའི་བུ་ངའི་ཆོས་ལ་བདེན་པར་ཡོན་འབུལ་བ་མང་བས་ཕྱིས་མྱུར་དུ་མེད་པར་འགྱུར་རོ། །ཤཱ་རིའི་བུ་དཔེར་མི་དབུལ་པོས་ནོར་བུ་རིན་པོ་ཆེའི་མཛོད་རྙེད་པ་དང་མཚུངས་ཏེ་སེམས་ཤིན་ཏུ་དགའོ། །འདི་ལྟ་སྟེ། ཤཱ་རིའི་བུ་མ་འོངས་པའི་དུས་ན་གོས་སྐྱ་བོ་ཅན་ལ་ཉེ་བསྙེན་ཅིང་ཡོན་ལེན་

པའི་དགེ་སློང་མང་དུ་ཡོད་དེ། ཁད་ཀྱིས་གཅིག་གིས་གཅིག་བསྟན་པ་བསླབས་ཏེ། གྲོགས་སུ་བྱས་ནས་སེམས་དགའ་ཞིང་དད་སྐྱིད་པར་འཛིན། དཔེར་མི་དབུལ་པོས་ནོར་བུ་རིན་པོ་ཆེའི་མཛོད་རྙེད་པ་དང་མཚུངས་ཏེ། དེ་ལྟ་བུའི་མི་གཏི་མུག་ནི་འཇིག་རྟེན་གྱི་ཁེ་རིན་ཆེ་ཞིང་འཇིག་རྟེན་གྱི་

བྲན་འཁོར་བ་ལ་སྲེད་དོ། །དགེ་སློང་གིས་ཡོན་མང་དུ་སྤྱད་པ་མཐོང་ན་སེམས་ལ་ཐལ་བྱུང་དུ་དགྲ་བཅོམ་པ་ཐོབ་ཅེས་ཟེར་རོ། །ཉུང་ངུའི་བཤེས་གཉེན་མཐོང་ན་མོད་བཞིན་མིང་ངན་པ་ཞེས་བྱའོ་ཞེས་ཟེར་རོ། །དེ་ལྟ་བུའི་དགེ་སློང་ནི་གསོ་བའི་ཁེའི་ཕྱིར། བླ་ན་མེད་པའི་སངས་རྒྱས་

ཀྱི་ལམ་བཏང་སྟེ། ཅི་ལ་སྲེད་པ་བཞིན་དུ་དེའི་དོན་གྲུབ་བོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པས་གཏི་མུག་དེའི་ཕྱིར་འདི་ལྟ་བུ་ལ་སོགས་པ་ཆོས་ཀྱི་ཡི་གེ་བཤད་དོ། །ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་ཞིག་པའི་དགེ་སློང་གིས་ཆོས་ཀྱི་ཡི་གེ་འདི་ལྟ་བུ་བཤད་པ་ཐོས་ན་འགྱོད་པའི་

སེམས་སྐྱེས་ཏེ། ཚུལ་ཁྲིམས་བཏང་བ་སླར་དྲན་ཏེ་དགྲ་ཆེན་པོ་མི་བྱེད་པ། གཞན་གྱི་ཡོན་མི་ལེན་ཏོ། །ཤཱ་རིའི་བུ་དགེ་སློང་ལ་ལ་ཆོས་ཀྱི་ཡི་གེ་འདི་ལྟ་བུ་ཐོས་ནས་སེམས་མི་གཙང་མི་གདང་སྟེ། མི་དགའ་མི་སྐྱིད་པ་དེ་ལྟ་བུའི་མིང་ནི་དགེ་སློང་ངན་པ་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། ཤཱ་

རིའི་བུ་ཚུལ་ཁྲིམས་གཙང་མའི་དགེ་སློང་ལ་ནི་ཆོས་ཀྱང་མེད། སྐྱིད་པ་ཡང་མེད། སྦྱིན་པ་བཤད་ཀྱང་རུང་། ཚུལ་ཁྲིམས་བཤད་ཀྱང་རུང་། བཟོད་པ་བཤད་ཀྱང་རུང་། བརྩོན་འགྲུས་བཤད་ཀྱང་རུང་། བསམ་གཏན་བཤད་ཀྱང་རུང་། ཤེས་རབ་བཤད་ཀྱང་རུང་སྟེ། དེ་ལྟ་

བུའི་སྐྱོ་ཞིང་འཇིགས་པའི་ཆོས་ཀྱི་ཡི་གེ་བཤད་ན་ཀུན་ལའང་སེམས་དགའ་སྲེད་དོ། །ཤཱ་རིའི་བུ་མི་རྣམ་གསུམ་ཞིག་ཡོད་པས་ཆོས་ཀྱི་ཡི་གེ་འདི་བཤད་པ་ཐོས་ན་སེམས་ལ་མྱ་ངན་འཁྲུག་གོ། །གསུམ་གང་ལ་སོགས་པ་ཞེས་བྱས་ན། གཅིག་ནི་ཚུལ་ཁྲིམས་ཞིག་པའི་དགེ་

เล่ม ๕๔ · หน้า 183a

སློང་ངོ་། །གཉིས་ནི་ལེ་ལོ་ཡར་སྐྱེ་བའི་མིའོ། །གསུམ་ནི་ཆོས་བཤད་པ་མི་གཙང་བའོ། །ཡང་མི་རྣམ་གསུམ་ཡོད་པས་ཆོས་ཀྱི་ཡི་གེ་འདི་ཐོས་ན་སེམས་ལ་མྱ་ངན་འཁྲུག་གོ། །གསུམ་གང་ལ་སོགས་པ་ཞེས་བྱས་ན། གཅིག་ནི་གང་ཟག་ཏུ་མཐོང་བའོ། །

གཉིས་ནི་སྲོག་ཏུ་མཐོང་བའོ། །གསུམ་ནི་བདག་ཏུ་མཐོང་བའོ། །ཤཱ་རིའི་བུ་ངས་ད་ཁྱོད་ལ་བྱེ་བྲག་ཕྱེད་པར་བསྒོའོ། །དགེ་བའི་བཤེས་གཉེན་དེས་པ་བྱམས་ཤིང་རྗེ་བའི་སེམས་ཀྱིས་མི་གཞན་གྱི་བསོད་ནམས་བཙལ་བདེ་བ་དང་མཚུངས་སོ། །ཁྱོད་ལ་སོགས་པ་ངའི་ཚིག་

གཅིག་ཏུ་ཉོན་ནོས་ལ། རྟག་པར་དགེ་བའི་བསོད་ནམས་ཚོལ་ལ། སེམས་ལ་རང་ཉམ་མ་བྱེད་ཅིག །ཤཱ་རིའི་བུ་ཆོས་འཆད་པ་མི་གཙང་བ་ལ་ནི་འཁྲུག་པ་ལྔ་ཡོད་དོ། །ལྔ་གང་ལ་སོགས་པ་ཞེས་བྱ་བ་བྱས་ན། གཅིག་ནི་རང་ན་རེ་སངས་རྒྱས་ཀྱི་ཆོས་ཟད་པར་ཤེས་ཤིང་ཟེར་རོ། །

གཉིས་ནི་སངས་རྒྱས་ཀྱི་ཆོས་ཡིག་བཤད་པའི་ཚེ། ཆོས་ཡིག་གཞན་གྱི་ནང་ནས་འབྱུང་བ་དང་འགལ་བའི་ཉེས་འཁྲུལ་པའོ། །གསུམ་ནི་ཆོས་གཞན་ལ་སེམས་དོགས་ཤིང་ཡིད་མི་ཆེས་པའོ། །བཞི་ནི་བདག་གིས་ཅི་ཤེས་པ་སྤྱད་དེ་ཆོས་ཡིག་གཞན་ལྟར་མ་བྱས་པའོ། །ལྔ་ནི་

གསོ་བའི་ཁེའི་ཕྱིར་མི་གཞན་ལ་ཆོས་བཤད་པའོ། །ཤཱ་རིའི་བུ་དེ་ལྟ་བུར་ཆོས་འཆད་པ་ནི་ངས་མི་དེ་མཐར་སེམས་ཅན་དམྱལ་བར་ལྟུང་སྟེ། མྱ་ངན་ལས་འདས་པར་མི་ཕྱིན་ཅེས་བཤད་དོ། །ཡང་ཤཱ་རིའི་བུ་ཆོས་འཆད་པའི་དགེ་སློང་ནི་ཕལ་མང་པོའི་ནང་དུ་གནས་ཏེ། ཆོས་ལ་

ཡིད་ཆེས་ཤིང་དད་པས་སྟན་མཐོན་པོ་བཏིང་ན་སངས་རྒྱས་ཀྱི་དྲང་པོའི་ཆོས་བཏང་སྟེ། མུར་འདུག་གི་ཡི་གེ་དང་ཚིག་གིས་བརྒྱན་པ་འཆད་དོ། །ངས་ཡུན་རིང་དུ་འགྲུས་ཤིང་ཉོན་མོངས་པར་ཆོས་དཀོན་མཆོག་དེ་བཙལ་ན། མི་ངན་པ་འདིས་བཏང་གཞག་ནས་མ་བཤད་དེ། ཆོས་

ཡིག་ནང་དང་འགལ་བའི་ཚིག་གི་གཞུང་འབའ་ཞིག་སྤྱད་དེ། གཅིག་ལ་གཅིག་ཡིན་མ་ཡིན་དང་། དྲང་པོའི་ཆོས་དང་འགལ་བ་འཕགས་པའི་ཆོས་ལ་སེམས་མཐོན་པོ་བདག་ཆེ་བའི་ཡིད་བཞིན་དུ་བཤད་དེ། གསོ་བའི་ཁེ་བཙལ་བའི་ཕྱིར་རོ། །ཤཱ་རིའི་བུ་དགེ་སློང་ལ་ལས་

เล่ม ๕๔ · หน้า 183b

ཆོས་མུར་འདུག་གི་གཞུང་དང་འདྲེས་པར་བཤད། དགེ་སློང་དགེ་བའི་ལམ་ཚོལ་བ་ལ་འགྲུས་པ་ཞིག་ཡོད་ན་འདུག་པ་ལས་ལངས་ཏེ་འགྲོ་བར་རིགས་སོ། །ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་གོས་སྐྱ་བོ་ཅན་ཡིད་ཆེས་པ་ཡོད་པས་སྟན་མཐོན་པོ་བཏིང་མུར་འདུག་གི་ཚིག་དྲང་ཞིང་བཤད་

པའི་མི་རིགས་སོ། །དེ་ལྟ་མ་ཡིན་དུ་ཟིན་ན་དགེ་སློང་དགེ་བ་མ་ཡིན་ནོ། །མིང་སངས་རྒྱས་བཤད་པ་བསྟན་པ་བཞིན་ནོ་ཞེས་ཀྱང་མི་བྱའོ། །ཤཱ་རིའི་བུ་ཆོས་བཤད་པའང་ཤིན་ཏུ་དཀའ་སྟེ། དེ་ལྟ་བུར་འཆད་པ་ནི་ངས་བཤད་པ་ལ་དེའི་མིང་མུར་འདུག་འཛི་གེན་གྱི་སློབ་མ་ཞེས་

བྱ་སྟེ། སངས་རྒྱས་ཀྱི་སློབ་མ་མ་ཡིན་ནོ། །དེ་ལྟར་ཆོས་འཆད་པ་ནི་ཚེ་ཟད་ཀྱི་འོག་ཏུ་འཛི་གེན་ཇིའི་ལམ་དུ་སྐྱེའོ། །གང་ལ་སོགས་པ་འཛི་གེན་ཇིའི་ལམ་ཡིན་ཞེས་བྱས་ན། ཡོན་པོ་མཐོང་བ་འཛི་གེན་ཇིའི་ལམ་ཡིན་ནོ། །གག་ལ་སོགས་པ་ཡོན་པོ་མཐོང་བ་ཞེས་བྱས་ན་དེ་ནི་

སེམས་ཅན་དམྱལ་བ་དང་། བྱོལ་སོང་དང་། ཡི་དགས་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ལུས་ཀྱིས་ཆོས་མ་གྲུབ་པར་སྟན་མཐོན་པོ་ལ་འདུག །རང་གི་ལུས་ཀྱིས་མི་ཤེས་པར་མི་གཞན་གྱི་ཆོས་སྟོན་པ་ནི་སེམས་ཅན་དམྱལ་བར་ལྟུང་ངོ་། །ཤཱ་རིའི་བུ་དེ་ལྟ་བུའི་རྒྱུ་རྐྱེན་ནི་དེ་

བཞིན་གཤེགས་པས་ཟད་པར་མཁྱེན་ཏེ། ངའི་སློབ་མ་རྣམས་ཀྱིས་སྒོ་མོ་རྣམ་པ་མང་པོ་དང་། རྒྱུ་རྐྱེན་རྣམ་པ་མང་པོ་དང་། མཐོང་བ་རྣམ་པ་མང་པོ་སྤྱོད་དེ། ངའི་དྲང་པོའི་ཆོས་མེད་པར་བྱས་སོ། །ཤཱ་རིའི་བུ་ལ་ལ་ཞིག་གིས་འདི་ལྟ་བུའི་ཆོས་ཀྱི་ཡི་གེའི་མཆོག་གི་གཞུང་སྟོང་

པ་ཅིའང་མེད་པའི་ཆོས་ཐོས་ན་སེམས་དགའ་གཞའ་བ་ཞིག་ཡོད་ན་དེ་ལྟ་བུའི་མི་ནི་ཡང་དག་པའི་ངའི་སློབ་མ་ཡིན་པར་མངོན་ནོ། །ཤཱ་རིའི་བུ་སྔ་མ་འདས་པའི་དུས་ན་དམུས་ལོང་ལྔ་བརྒྱ་ཞིག་ཡོད་པ་ལམ་དུ་དོང་བ་ལས་མཁར་ཆེན་པོ་ཞིག་ཏུ་ཕྱིན་ནས་ཤིན་ཏུ་བཀྲེས་སྐོམ་སྟེ། ལོང་བ་མི་

གཅིག་ཕྱི་ལོགས་ན་རྫས་སྲུང་དུ་བཅུག །གཞན་མཁར་གྱི་ནང་དུ་ཟན་གྱི་ལྷག་མ་སློང་དུ་དོང་ནས་རིང་པོར་མ་ལོན་པར་མི་བརྫུན་མ་གཅིག་ནོར་སྲུང་བའི་གན་དུ་འོངས་ཏེ། ཚིག་སྨྲས་པ། ཀྭའི་མི་འདི་ཅི་ཕྱི་ན་འབའ་ཞིག་འདུག །ལན་སྨྲས་པ། བདག་ལ་གྲོགས་མང་དུ་ཡོད་དེ་མཁར་དུ་ཟན་སློང་

เล่ม ๕๔ · หน้า 184a

དུ་དོང་ངོ་། །མི་བརྫུན་མས་སྨྲས་པ། ཁྱོད་ཀྱིས་ཤེས་སམ་མི་ཤེས། ཕ་བི་ན་སྦྱིན་པ་ཆེན་པོ་བྱེད་དོ། །གོས་དང་ཟས་དང་རྒྱན་གྱི་ནོར་བུ་དང་མེ་ཏོག་དང་སྤོས་དང་། ནོར་གོ་འདུན་ཡིད་བཞིན་དུ་ཐོབ་པར་རུང་ངོ་། །ཁྱོད་དགོས་ན་ཁྱོད་དེར་བཀྲི་བར་རུང་ངོ་། །ལན་སྨྲས་པ་དེ་རུང་ངོ་། །

དེ་ནས་མི་བརྫུན་མས་ལོང་བ་ཁྲིད་དེ་འདུག་པའི་གནས་ལས་ཅུང་ཟད་ཅིག་འཕགས་པ་དང་། ནོར་ཟད་པར་ཕྲོགས་ནས་ལོང་བ་གཞན་ཟས་སློང་བ་ཐོབ་སྟེ། སླར་འཁོར་བ་དང་མི་བརྫུན་མས་ལོང་བ་ཕལ་རྣམས་ལ་སྨྲས་པ། ཁྱེད་རྣམས་ཀྱིས་མང་པོ་བསོགས་ཏེ། སྦྱིན་པ་བྱེད་པ་དང་ཕྲད་

དམ་མ་ཕྲད། ལན་སྨྲས་པ་མ་ཕྲད་དོ། །མི་བརྫུན་མས་ཚིག་སྨྲས་པ། ཁྱེད་རྣམས་ཀྱིས་ཇི་སྙེད་པ་འདིར་ཞོག་ལ་ངས་ཁྱེད་རྣམས་ཁྲིད་དེ་སྦྱིན་པ་ཆེན་པོ་བྱེད་པར་འདོང་ངོ་། །དེ་ནས་ལོང་བ་རྣམས་ཀུན་གྱི་ནོར་བཞག་ནས་མི་བརྫུན་མའི་ཕྱིར་དོང་ངོ་། །དེ་ནས་མི་བརྫུན་མས་ལོང་བ་ལྔ་བརྒྱ་རྣམས་

ཟད་པར་ཁྲིད་དེ་ཁུང་ཟབ་མོ་ཞིག་གི་ནང་དུ་ཕྱིན་ནས་ཚིག་སྨྲས་པ། ས་འདི་ཐང་བཟང་སྟེ། སྦྱིན་པ་ཆེན་པོ་འདུས་པ་ཡོད་ཀྱིས། ཁྱེད་རྣམས་སོ་སོ་གདོང་ཤར་ཕྱོགས་སུ་ལྟས་ཏེ་དོང་ལ། ཁོང་གིས་ནོར་བྱིན་པ་ལོང་ཤིག་ཅེས་བསྒོ་ནས་མོད་བཞིན་ཅིག་ཅར་ཁུང་དུ་ལྷུང་སྟེ་དོག་གོ། །ཤཱ་

རིའི་བུ་མ་འོངས་པའི་དུས་ན་དགེ་སློང་མུར་འདུག་གི་ཆོས་ཡི་གེ་ཀློག་པ་ལ་སྲེད་པ་ཆོས་འཆད་པའི་ཚེ་ཚིག་བརྙན་མས་བརྒྱན་ཏེ། ཕལ་གཞན་དག་དད་པར་བྱས་ནས་བདུད་ངན་པས་དེའི་ཚེ་ཕལ་དངངས་བསླད་དེ་དགེ་བའི་ཆོས་བསྒྲིབས་གཅོད་དོ། །ལ་ལ་ཞིག་སྒྲ་སྐད་དང་སྨྲ་བའི་ཚིག་

དང་། བཟོ་བཅོས་པའི་སྙན་བསྔགས་པ་ལ་འདོད་ཆགས་ཤིག་ཡོད་དམ། ཡང་མི་ལ་ལ་ཞིག་མུར་འདུག་གི་ཆོས་ཀྱི་ཡི་གེ་ཀློག་པ་ལ་སྲེད་པ་ཞིག་ཡོད་ན། བདུད་ཀྱིས་ཀུན་བསླད་དཀྲུགས་ཏེ་སེམས་མི་བདེ་བར་བྱས་སོ། །དགེ་སློང་ལ་ལ་ཞིག་སངས་རྒྱས་ཀྱི་ཆོས་སྤྱོད་པ་ཞིག་ཡོད་

ན་ཐེ་ཙོམ་སྐྱེ་བར་བྱས་ཏེ་མི་ཕལ་གྱིས་ཡོན་མི་འབུལ་བྱས་སོ། །བར་དགེ་སློང་གཉིས་ཀྱང་རུང་། གསུམ་ཡང་རུང་སངས་རྒྱས་ཀྱི་ཆོས་ཀྱི་ཡི་གེ་བླགས་ཟིན་པ་ལས་མུར་འདུག་གི་ཆོས་ཀྱི་ཡི་གེ་ཚོལ་བར་བྱས་ཏེ། སྔོན་བདག་གིས་མཐོང་བ་ལ་དགེ་བཟང་པོ་ཞེས་ཟེར་ཏེ་བསྟོད་ནས་མི་དེ་དག་

เล่ม ๕๔ · หน้า 184b

ལ་སོགས་པ་བདུད་ཀྱིས་བསླད་པ་ཤེས་རབ་ཀྱི་མིག་བཀབ་བསྒྲིབས་ནས་གསོ་བའི་ཁེ་ལ་ཤིན་དུ་བརྐམ་སྟེ། མུར་འདུག་གི་ཆོས་ཡིག་རྣམས་ལ་ལྟ་བ་ནི་དཔེར་ལོང་བ་ཁྱུ་གཅིག་བརྫུན་མས་བསླུས་ཏེ་ཀུན་ཁུང་ཟབ་མོར་ལྟུང་ནས་ཤི་བར་བྱས་པ་དང་མཚུངས་སོ། །ཤཱ་རིའི་བུ་མི་དམུས་ལོང་

རྣམས་ནི་དགེ་སློང་ཡིན་ཏེ། སངས་རྒྱས་ཀྱི་བླ་ན་མེད་པའི་ལམ་བཏང་ལ་མུར་འདུག་གི་ཆོས་ཀྱི་ཡི་གེ་ཚོལ་བའོ། །མི་བརྫུན་མ་ནི་བདུད་ངན་པ་ཡིན་ནོ། །ཁུང་ཟབ་མོ་ནི་ཡོན་པོའི་ལམ་ཡིན་ནོ། །ཤཱ་རིའི་བུ་མི་ལོང་བ་ཁྱུ་གཅིག་དང་མཚུངས་ཏེ། ནོར་རྙེད་དོ་ཅོག་བོར་ལ་སྦྱིན་པ་ཆེན་པོ་བྱེད་པར་འགྲོ་ཞེས་

བྱས་པ་དང་ཁུང་ཟབ་མོར་ལྷུང་ངོ་། །ངའི་སློབ་མ་རྣམས་ཀྱང་དེ་དང་མཚུངས་ཏེ། གོས་སྦོམ་པོ་དང་ཟས་ངན་པ་བོར་ལ་སྦྱིན་པ་ཆེན་པོའི་ཕྱིར་འབྲངས་ཏེ། ཡོན་བཟང་པོ་ཚོལ་ཞིང་འཇིག་རྟེན་གྱི་ཁའི་ལན་བྱས་ན། ཤེས་རབ་ཆེན་པོ་སྟོར་ཏེ་ཁུང་ཟབ་མོ་མནར་མེད་པའི་དམྱལ་བར་ལྟུང་ངོ་། །ཡང་

ཤཱ་རིའི་བུ་ཆོས་འཆད་མི་གཙང་བས་ནི་དེ་བཞིན་གཤེགས་པའི་ཡིད་བཞིན་དུ་སྤྲོ་བར་ཕྱོགས་པ་མ་རིག་སྟེ། བདག་ཉིད་ཀྱང་མཁས་པར་མི་ཤེས་པར་མི་གཞན་ལ་ཆོས་བཤད་ན། མི་དེས་འཕྲལ་གྱི་ཚེ་ལ་ཉེས་འཁྲུལ་པ་ལྔ་ཐོབ་སྟེ་མི་གཞན་གྱིས་མི་ཤེས། ལྷའི་མིག་ཐོབ་པའི་དགེ་སློང་དང་ལྷ་

རྣམས་འབའ་ཞིག་གིས་ཤེས་སོ། །ལྔ་གང་ལ་སོགས་པ་ཞེས་བྱས་ན། གཅིག་ནི་ཆོས་འཆད་པའི་ཚེ་སེམས་ལ་འཇིགས་སྐྲག་པ་སྲེལ་ཏེ། མི་གཞན་གྱིས་བཀར་བཅག་གིས་དོགས་པའོ། །གཉིས་ནི་ཁོང་ན་འཇིགས་པའི་མྱ་ངན་སྲེལ་བཞིན་དུ་ཕྱི་རོལ་དུ་གཞན་ལ་ཆོས་བཤད་པའོ། །

གསུམ་ནི་ཕལ་ཐ་མལ་པ་སྟེ། ཡང་དག་པའི་ཤེས་རབ་མེད་པའོ། །བཞི་ནི་བཤད་དོ་ཅོག་མི་གཙང་སྟེ། ཚིག་འབྲུ་ཤ་སྟག་ཡོད་པའོ། །ལྔ་ནི་ཚིག་ལ་གོ་རིམས་མེད་དེ་སོ་སོ་ནས་མདོ་བསྡུས་པའོ། །དེ་ལྟ་བས་ན་ཕལ་གྱི་ནང་ན་འདུག་ལ་སེམས་ལ་འཇིགས་དོགས་པ་སྲེལ་ཏོ། །དེ་ལྟ་བུའི་

ཕལ་ཐ་མལ་པ་ནི་ཤེས་རབ་མེད། སེམས་ལ་ངེས་པ་མེད་དེ། དྲེགས་ཤིང་ལེ་ལོ་དང་། རྒྱུ་རྐྱེན་ཆུང་ངུ་སྤྱད་དེ། མིང་གྲགས་པར་བྱ་བ་བཙལ་ཏེ། དོགས་ཤིང་འགྱོད་པ་སེམས་ལ་འདུག་པས་མི་གཞན་ལ་ཆོས་བཤད་དོ། །མི་དེས་ཉིན་མཚན་དུ་རང་གིས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་

เล่ม ๕๔ · หน้า 185a

གི་དུག་མདའ་མནོས་སོ། །ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་མི་དེས་ཆོས་ཀྱི་རྣམ་གྲངས་ངེས་པར་ཤེས་པར་མི་ནུས་པར་གཞན་ལ་ཆོས་བཤད་དེ། སེམས་མི་དགའ་མི་སྐྱིད་དེ་སྐྱིད་དུ་ཟིན་ནའང་མྱུར་དུ་སྟོན་ཏོ། །ཤཱ་རིའི་བུ་ངས་བཤད་པ་མི་གཙང་བ་ལ་དེ་ལྟ་བུའི་ཉེས་སྡིག་ཡོད་དེ།

དྲང་པོའི་ལམ་ཐོབ་པར་མི་ཤེས་སོ། །དེ་ལྟ་བུའི་དོན་ནི་དགེ་སློང་ཐམས་ཅད་ཀྱིས་མི་ཤེས། ལྷ་རྣམས་ཀྱིས་ཀྱང་མི་ཤེས་ཏེ། ང་འབའ་ཞིག་གིས་གདོད་ཤེས་སོ། །ཡང་ཆོས་འཆད་པ་མི་གཙང་བའི་དགེ་སློང་གིས་དེ་བཞིན་གཤེགས་པས་སྤྲོས་པ་བཞིན་དུ་བཤད་པ་མ་ཤེས་ཏེ། མི་གཞན་

ལ་བཤད་པ་ཆོས་ཀྱི་ཡི་གེ་གཞན་གྱི་ནང་ན་བདག་ཏུ་ལྟ་བ་མེད། གང་ཟག་ཏུ་ལྟ་བ་མེད། སེམས་ཅན་མེད། ཚེ་སྲོག་མེད་ཅེས་བཤད་པ། མི་དེས་བདག་གིས་ཚིག་བརྗོད་པ་སྤྱད་དེ། བདག་ཏུ་ལྟ་བ་ཡོད། གང་ཟག་ཏུ་ལྟ་བ་ཡོད། སེམས་ཅན་ཡོད། ཚེ་སྲོག་ཡོད་ཅེས་བཤད་དེ། སངས་རྒྱས་

ལ་སྐུར། ཆོས་ལ་སྐུར། དགེ་འདུན་ལ་སྐུར་ཏེ། དཀོན་མཆོག་གསུམ་ལ་སྐུར་པའི་སྡིག་ནི་ལྷ་རྣམས་དང་། འཇིག་རྟེན་གྱི་མིས་ཤེས་པར་མི་ནུས་ཏེ། སངས་རྒྱས་ཉི་ཚེས་མཁྱེན་ཏོ། །ཤཱ་རིའི་བུ་མི་དེས་ཡང་མི་ཆོས་འཆད་པ་མི་གཙང་བ་ཞེས་བྱ་སྟེ། ངས་དེ་ཉེས་པ་ཤེས་སོ། །གཞན་རྫུ་འཕྲུལ་

ཅན་དང་ལྷ་རྣམས་ཀུན་གྱིས་ཤེས་པར་མི་ནུས་ཏེ། སངས་རྒྱས་ཉི་ཚེས་མཁྱེན་ཏོ། །ཤཱ་རིའི་བུ་ད་ངས་ཁྱོད་ལ་དཔེ་ཚུལ་གྱིས་དགྲོལ་བ་བཤད་དོ། །མི་ལ་ལ་ཞིག་གིས་སངས་རྒྱས་ཀྱི་ལམ་གྱི་གཞུང་གི་མཚན་མ་མི་ཤེས་པར་མི་གཞན་ལ་མི་གཙང་བར་ཆོས་འཆད་ན། མི་དེས་མི་དགེ་བའི་

དོན་ཅི་སྲིད་འབྱོར་འགྲུབ། ཤཱ་རིའི་བུ་ཁྱོད་ཀྱི་ཡིད་ལ་ཇི་སྙམ། འཛམ་བུའི་གླིང་གི་སེམས་ཅན་མང་ངམ་མི་མང་། བཅོམ་ལྡན་འདས་ཤིན་ཏུ་མང་ལགས་སོ། །ཤཱ་རིའི་བུ་མི་ངན་པ་ལ་ལ་ཞིག་གིས་དེ་ཟད་པར་གྱི་སྲོག་ཕྲོགས་ན་མི་དེས་སྡིག་ཐོབ་པ་མང་ངམ་ཉུང་། བཅོམ་ལྡན་

འདས་ཤིན་ཏུ་མང་ལགས་སོ། །དེ་ལྟ་བུའི་མི་གཏི་མུག་གིས་སངས་རྒྱས་ཀྱི་ལམ་མི་ཤེས་པར་མི་གཞན་ལ་ཆོས་འཆད་པ་མི་གཙང་བ་ནི་སྡིག་དེ་བས་མང་ངོ་། །ཅིའི་ཕྱིར་ཞེ་ན། མི་དེས་ཆོས་འཆད་པ་མི་གཙང་བས། བླ་ན་མེད་པའི་སངས་རྒྱས་ཀྱི་ལམ་བཤིག །སྔ་མ་འདས་པ་

เล่ม ๕๔ · หน้า 185b

དང་མ་འོངས་པ་དང་། ད་ལྟར་གྱི་སངས་རྒྱས་ལ་ཡང་སྐུར་ཏོ། །ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་མ་འོངས་པའི་སངས་རྒྱས་ཀྱིས་ཀྱང་ཆོས་སོ་ཅོག་ཐམས་ཅད་ཀུན་མཐའ་ཡུན་དུ་ཀུན་སྟོང་པ་སྟེ། བདག་ཏུ་ལྟ་བ་མེད། གང་ཟག་ཏུ་ལྟ་བ་མེད། སེམས་ཅན་མེད། ཚེ་སྲོག་མེད་ཅེས་བཤད་དོ། །

ཤཱ་རིའི་བུ་མ་འོངས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་ཆོས་སོ་ཅོག་མཐའ་ཡུན་དུ་སྟོང་པ་སྟེ། བདག་ཏུ་ལྟ་བ་མེད། གང་ཟག་ཏུ་ལྟ་བ་མེད། སེམས་ཅན་མེད། ཚེ་སྲོག་མེད་དོ། །ཤཱ་རིའི་བུ་ད་ལྟར་གྱི་ཕྱོགས་བཅུའི་ཆུ་བོ་གང་གཱའི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་རྣམས་ཀྱིས་

ཀྱང་ཆོས་སོ་ཅོག་མཐའ་ཡུན་དུ་སྟོང་སྟེ། བདག་ཏུ་ལྟ་བ་མེད། གང་ཟག་ཏུ་ལྟ་བ་མེད། སེམས་ཅན་མེད། ཚེ་སྲོག་མེད་ཅེས་བཤད་དོ། །ཤཱ་རིའི་བུ་དེའི་མིང་སངས་རྒྱས་སོ་ཅོག་གི་བླ་ན་མེད་པའི་ཆོས་ཞེས་བྱ་སྟེ། ཆོས་སོ་ཅོག་ལ་མཚན་ཉིད་མེད་དེ་སྟོང་པ་མེད་པས་ཐོབ་པ་མེད་

དོ། །ཕྱི་མོ་ངོ་ཉིད་སྟོང་པ་ཞི་བས་ན་སྐྱེ་བ་ཡང་མེད་དེ། འགོག་པ་ཡང་མེད། ཉིད་ཀྱི་མཚན་མ་དང་རང་བཞིན་གྱི་མཚན་མ་ཡང་མེད་དེ་ཀུན་སྟོང་པ་བས་ན་དེ་བཞིན་གཤེགས་པས་དྲན་པའི་འདུ་ཤེས་ཀྱིས་རྣམ་པར་རྟོག་པ་རྣམས་བཅད་པ་འབའ་ཞིག་གི་ཕྱིར། སངས་རྒྱས་རྣམས་ཀྱི་

བྱང་ཆུབ་ལ་རྣམ་པར་བརྟག་པ་མེད་ཅེས་བཤད་དོ། །ཤཱ་རིའི་བུ་གང་ལ་སོགས་པ་ལ་རྣམ་པར་རྟོག་ཅེས་བྱ་བ་རྣམ་པར་རྟོག་གོ་ཅོག་བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། ཚེ་སྲོག་ཏུ་ལྟ་བ་དང་། ཆད་པར་མཐོང་བ་དང་། རྟག་པར་མཐོང་བ་དང་།

ཕལ་ཐ་མལ་པས་དེ་ལྟ་བུར་རྣམ་པར་རྟོག་པར་འབྱོར་གྲུབ་བོ། །མི་ལ་ལ་ཞིག་ལ་དེ་ལྟ་བུའི་རྣམ་པར་རྟོག་པ་མེད་དེ། ཆོས་སོ་ཅོག་ཀུན་སྟོང་པ་དང་། བདག་ཏུ་ལྟ་བ་མེད། གང་ཟག་མེད། སེམས་ཅན་མེད། ཚེ་སྲོག་མེད་ཀུན་བྱེ་བྲག་ཕྱེད་པར་ཤེས་ནུས་ན། དེ་ལྟར་སེམས་

པའི་ཚེ་སེམས་དགའ་གཞའ་ཐོབ་སྟེ། མཆོག་གི་གཞུང་སྟོང་པ་ཐོབ་ནས་མི་དངངས་མི་སྐྲག་སྟེ། མི་དེས་ལྔ་ཕུང་སྒྱུ་མ་མི་བདེན་ཞིང་ཡང་དག་པའི་བདེན་པ་མེད་པར་རིག་གོ། །ཞུགས་པ་བཅུ་གཉིས་དང་ཁམས་བཅྭ་བརྒྱད་སྒྱུ་མ་མི་བདེན་པ་སྟེ། ཡང་དག་པའི་བདེན་

เล่ม ๕๔ · หน้า 186a

པ་མེད་པར་རིག་གོ། །མི་དེས་མྱ་ངན་ལས་འདས་པ་ལའང་རྣམ་པར་མི་རྟོག །མྱ་ངན་ལས་འདས་པ་མི་སེམས། ངས་མྱ་ངན་ལས་འདས་པ་བསམ་ནུས་ཏེ། ཆོས་སྤྱད་པས་སྟོང་པ་ཞི་བ་ཐོབ་ཅེས་ཀྱང་མི་ཟེར། ཆོས་དེའི་སྟོང་པ་ཞི་བའི་

གནས་ལ་ཡང་རྣམ་པར་མི་རྟོག །མི་ཐོབ་པར་ཡང་མི་རྟོག་སྟེ། ཤཱ་རིའི་བུ་དེའི་མིང་མི་འགལ་བའི་བཟོད་པ་ཞེས་བྱའོ། །མི་དེས་མི་འགལ་བའི་བཟོད་པའི་མཆོག་གི་གཞུང་འདིའི་ནང་ནའང་རང་གི་མཚན་ཐོབ་པ་མེད་དོ། །ཤཱ་རིའི་བུ་གང་ལ་སོགས་པ་བཟོད་པའི་

མཚན་མ་ཞེས་བྱ། དེ་ནི་མཚན་མ་མེད་ན་མི་འགལ་བའི་བཟོད་པའི་མཚན་མའི་བཟོད་པ་ཡིན་ནོ། །ཤཱ་རིའི་བུ་ཁྱོད་ཀྱི་ཡིད་ལ་ཇི་སྙམ། མི་ལ་ལ་ཞིག་གིས་འདི་ལྟ་བུའི་བཟོད་པ་ལའང་མཚན་མ་མི་ཐོབ་ན། མི་དེས་བདག་ཏུ་ལྟ་བའི་མཚན་མ་དང་། གང་ཟག་གི་

མཚན་མ་དང་། སེམས་ཅན་གྱི་མཚན་མ་དང་། ཚེའི་མཚན་མ་དང་། སྲོག་གི་མཚན་མ་ཐོབ་ཅེ་ན། བདེན་པ་ཡོང་མེད་དོ། །ལ་ལ་ཞིག་གིས་འདི་ལྟ་བུའི་ཤེས་རབ་འབྱོར་གྲུབ་ན་ཡོན་ལེན་པ་རིགས་ཏེ། དེའི་མིང་སངས་རྒྱས་ཀྱི་བུའོ། །དེའི་མིང་

མི་ཆགས་པའི་ཐུབ་པར་ཆུད་པའོ། །ཤཱ་རིའི་བུ་དེ་ལྟ་བུའི་མིང་སངས་རྒྱས་ཀྱི་ཆོས་སོ་ཅོག་གི་གཞུང་གི་སྒོ་མོ་སྟེ། དྲན་པའི་འདུ་ཤེས་ཀྱིས་རྣམ་པར་བརྟག་པ་མེད་དེ། འདི་ཞེས་བྱ་བ་མེད། ཕ་བི་ཞེས་བྱ་བ་མེད་པ་ནི་གཏི་མུག་གིས་ཕལ་མང་པོའི་ནང་དུ་

འདུག་སྟེ། ཡོན་པོ་མཐོང་བ་བཤད་ནས། རང་གི་དྲན་པའི་འདུ་ཤེས་ཀྱི་རྣམ་པར་རྟོག་པ་སྤྱད་དེ། འདི་ནི་སངས་རྒྱས་ཀྱི་ཆོས་ཡིན། འདི་ནི་འཕགས་པའི་ལམ་ཡིན་ཞེས་མི་ལ་བསྟན་ཏོ། །དེ་ལྟ་བུའི་གཏི་མུག་གིས་སྔ་མ་འདས་པ་དང་། མ་འོངས་

པ་དང་། ད་ལྟར་གྱི་སངས་རྒྱས་རྣམས་ལ་འཕྱ་ཞིང་སྐུར་ཏོ། །དེ་ལྟ་བུའི་མི་གཏི་མུག་ནི་མིང་ངན་པའི་བཤེས་གཉེན་ཞེས་བྱ་སྟེ་དགེ་བའི་བཤེས་གཉེན་ཞེས་མི་བྱའོ། །ཤཱ་རིའི་བུ་དགྲས་སྲོག་ཕྲོགས་མོད་ཀྱི་ལུས་གཅིག་ཏུ་སྟོར་དུ་ཟད་དོ། །དེ་ལྟ་

เล่ม ๕๔ · หน้า 186b

བུའི་མི་གཏི་མུག་གིས་ཆོས་བཤད་པ་མི་གཙང་བ་ནི། བསྐལ་པ་སྟོང་ཁྲི་འབུམ་གྱི་བར་དུ་སེམས་ཅན་རྣམས་ཀྱི་རྐུན་པོའི་མྱ་ངན་ཆེན་པོ་བྱས་སོ། །མི་དེ་གཏི་མུག་གི་མུན་གྱིས་སངས་རྒྱས་ཀྱི་བྱང་ཆུབ་བཀབ་པས་སེམས་ཀྱི་ཕྱི་མོ་འདོད་ཆགས་པ་ལ་སླར་ཡང་འདོད་

དངར་ནས། གཅིག་གིས་གཅིག་མཐུད་ཅིང་ཆགས་ཏེ། འདོད་ཆགས་སྤྱད་པས་ན་ལམ་རྒྱུད་ལྔར་སོང་ཞིང་འོང་སྟེ། ངོ་ཚ་བའི་ལམ་མེད་ཅིང་སྐྱེ་ཤི་མི་ཆད་དོ། །དེ་ལྟ་བས་ན་ཤཱ་རིའི་བུ་ཆོས་འཆད་པ་མི་གཙང་བ་ནི་སྡིག་ཤིན་ཏུ་མང་པོ་ཐོབ་བོ། །སེམས་ཅན་གྱི་ངན་པའི་བཤེས་

གཉེན་ཡང་བྱས་སོ། །སྔ་མ་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་སངས་རྒྱས་ལའང་སྐུར་ཏོ། །ཤཱ་རིའི་བུ་དེའི་འཛམ་བུའི་གླིང་གི་སེམས་ཅན་ཞོག་སྟེ། མི་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱི་སྲོག་ཕྲོགས་པ་བས།

ཆོས་འཆད་པ་མི་གཙང་བའི་སྡིག་དེ་མཐོའོ། །ཅིའི་ཕྱིར་ཞེ་ན། མི་དེས་སངས་རྒྱས་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀུན་བཤིག་སྟེ། བདུད་ཀྱི་དོན་ལ་བསྟངས་ཤིང་སེམས་ཅན་ཚེ་རབས་བརྒྱ་སྟོང་ཁྲིའི་བར་དུ་རྐུན་པོའི་མྱ་ངན་རྣམས་ནོད་པར་ཡང་བྱ་སྟེ།

བཅིང་བར་བྱ་བ་འབའ་ཞིག་ནུས་ཀྱི་དགྲོལ་བར་བྱ་མི་ནུས་ཏེ། དེ་ལྟ་བུའི་མི་སེམས་ཅན་རྣམས་ཀྱི་ངན་པའི་བཤེས་གཉེན་ཡིན་པར་མངོན་ནོ། །བརྫུན་གྱི་ཚིག་དེས་ཕལ་མང་པོའི་ནང་དུ་སངས་རྒྱས་རྣམས་ལ་སྐུར་ཅིང་གཞིགས་སོ། །རྒྱུ་རྐྱེན་དེ་ལྟ་བས་ན་སེམས་ཅན་དམྱལ་བ་

ཆེན་པོར་ལྟུང་ངོ་། །སེམས་ཅན་ཡོན་པོའི་དོན་མཐོང་བ་བསྟན་པ་མང་སྟེ། དེ་ལྟ་བས་ན་མིང་ངན་པ་ཡོན་པོ་མཐོང་བ་ཞེས་བྱའོ། །ཤཱ་རིའི་བུ་བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་ནི་ཡོན་པོར་ལྷུང་བ་མང་ངོ་། །ཞི་བ་མ་མཐོང་བ་ཡང་ཆོད་པ་ནི་མྱུར་ཏེ།

ལམ་ཐོབ་པ་མང་ངོ་། །ཅིའི་ཕྱིར་ཞེ་ན། དེས་མཐོང་སླ་བའི་ཕྱིར་རོ། །དེ་ལྟ་བས་ན་ཤེས་པར་བྱོས་ཤིག །མི་དེ་རང་གི་རལ་གྲི་རྣོན་པོ་བདར་ཏེ། ལྕེ་གཅོད་ན་ཕོད་ཀྱི་ཕལ་གྱི་ནང་དུ་མི་གཙང་བར་ཆོས་འཆད་པ་ནི་མི་རིགས་སོ། །ལེའུ་བདུན་ཏེ་གནའ་འདས་པའི་ལེའུའོ།། །།

เล่ม ๕๔ · หน้า 187a

སངས་རྒྱས་ཀྱིས་ཤཱ་རིའི་བུ་ལ་བཀའ་སྩལ་པ། གནའ་འདས་པའི་ཡུན་རིང་པོ་དཔག་ཏུ་མེད་མུ་མེད། བསམ་གྱིས་མི་ཁྱབ་པ་བསྐལ་པ་གྲངས་མེད་པའི་ཚེ་སངས་རྒྱས་ཤིག་ཡོད་པ་མཚན་བཟང་པོ་དེ་བཞིན་གཤེགས་པ་གསོལ་བ་ཞེས་རིགས་དྲང་ཁྱབ་མཁྱེན་

སྣང་མཛད་ཞབས་བདེ་གཤེགས་འཇིག་རྟེན་སྒྲོལ། བླ་ན་མེད་པའི་དྲ་མ་གདུལ་ཐུལ་སྐྱེས་བུ་ལྷ་དང་མིའི་མཁན་པོ་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་སྟེ་སངས་རྒྱས་དེ་འཇིག་རྟེན་ན་ཚེ་སྲོག་ལོ་འབུམ་ཁྲི་ཕྲག་བརྒྱད་བརྒྱ་དང་དྲུག་ཅུ་ལོན་ཏེ། སློབ་མ་ཆེན་པོ་ཕལ་འབུམ་ཁྲི་ཕྲག་བརྒྱད་

བརྒྱ་དྲུག་ཅུ་པ་ཡོད་དེ། སངས་རྒྱས་དེ་འདས་པའི་ཕྱི་ན་སྐུ་གདུང་ཁྱབ་པར་བཀྲམ་པ་ནི་ང་འདས་པའི་ཕྱི་ན་བ་དང་མཚུངས་ཏེ་ཐ་དད་པ་མེད་དོ། །དྲང་པོའི་ཆོས་འཇིག་རྟེན་ན་འདུག་པ་ཡང་ལོ་ལྔ་བརྒྱ་སྟེ་ང་འདས་པའི་ཕྱི་ན་བ་དང་མཚུངས་ཏེ་ཐ་དད་པ་མེད་དོ། །སངས་རྒྱས་

འདས་པའི་ཕྱི་ན་ཕལ་ཆེན་པོ་དེ་དག་གི་ནང་ནས་ཉི་མ་གཅིག་ལ་དགེ་སློང་བརྒྱ་མྱ་ངན་ལས་འདས་པར་ཞུགས་པ་ཡོད་དོ། །ཉིས་བརྒྱ་སུམ་བརྒྱ་བཞི་བརྒྱ་ལྔ་བརྒྱ་མྱ་ངན་ལས་འདས་པར་ཞུགས་པ་ཡོད་དོ། །ཉི་མ་གཅིག་ལ་བར་བར་དགེ་སློང་འབུམ་ཁྲི་ཕྲག་བཅུ་མྱ་ངན་ལས་འདས་

པར་ཞུགས་པ་ཡོད་དོ། །དེ་ལྟ་བུར་གཅིག་ནས་གཅིག་ཏུ་སངས་རྒྱས་དེ་ལ་ཤེས་པ་མང་པོ་དང་། རིམ་པ་མང་པོ་ཡོད་པའི་རྫུ་འཕྲུལ་ཆེན་པོ་རྣམས་ཟླ་བ་གསུམ་གྱི་ངོ་ལ་ཀུན་མྱ་ངན་ལས་འདས་པར་ཞུགས་སོ། །ཤཱ་རིའི་བུ་སངས་རྒྱས་བཟང་རྒྱན་ཆེན་པོས་དྲང་པོའི་ཆོས་ཁྱབ་པར་

བཀྲམ་པ་ལ། ལྷ་དང་མི་མང་པོ་ཀུན་གྱིས་ཡོན་ཕུལ་ལོ། །ཤཱ་རིའི་བུ་སངས་རྒྱས་བཟང་རྒྱན་ཆེན་པོ་དང་། སློབ་མ་ཆེན་པོ་རྣམས་མེད་པར་འདས་པའི་ཕྱི་ན་མི་ལ་ཁད་ཀྱིས་དགེ་སྦྱོང་གི་ཆོས་ཤེས་ཤིང་བདེ་སྐྱིད་པ་ལས་ཁྱིམ་ནས་འབྱུང་ཞིང་ལམ་སློབ་པའང་མང་དུ་ཡོད་ན། །སངས་རྒྱས་

ཀྱིས་ཆོས་ཀྱི་ཡི་གེ་ཤིན་ཏུ་ཟབ་མོ་བསྒྲུན་དུ་མེད་པའི་སྟོང་པའི་གཞུང་དྲངས་ཤིང་བཤད་པ་ཤེས་པར་མི་ནུས་ཏེ། བདུད་ངན་པས་བསླད་རྨོངས་པ་མང་བས། དེའི་ཚེ་ཆོས་འཆད་པ་ཡང་སེམས་གཅིག་ཏུ་མི་ཐུབ་པས་བཤད་པ་ཡང་མི་གཙང་མི་གདང་སྟེ། བདག་ཏུ་ལྟ་བ་དང་། གང་

เล่ม ๕๔ · หน้า 187b

ཟག་ཏུ་ལྟ་བ་དང་ཚེ་སྲོག་ཡོད་པར་བཤད་ཀྱི་ཆོས་སོ་ཅོག་ཀུན་སྟོང་པ་ཞི་བར་མ་བཤད་དོ། །སངས་རྒྱས་དེ་མེད་པར་འདས་པའི་ཕྱི་ན་ལོ་བརྒྱ་ལོན་ན་སློབ་མ་རྣམས་ཀྱི་སྡེ་ལྔར་བགོས་ཏེ། གཅིག་གི་མིང་ནི་ཁྱབ་དོན། གཉིས་ཀྱི་མིང་ནི་སྡུག་བསྔལ་བཀྲམ། གསུམ་གྱི་མིང་ནི་ཐམས་

ཅད་སྐྱོབ་བཞིའི་མིང་ནི་ཙང་ཀི། ལྔའི་མིང་ནི་བར་འདན་ཏ་ཞེས་བྱའོ། །ཤཱ་རིའི་བུ་དགེ་སློང་ཁྱབ་དོན་དང་། དགེ་སློང་སྡུག་བསྔལ་བཀྲམ་དང་། དགེ་སློང་རྩྭ་དྭཏ་དང་། དགེ་སློང་ཙང་ཀི་དང་། དགེ་སློང་བར་འདན་ཏ་དང་། དགེ་སློང་འདི་ལྔས་ཕལ་མང་པོའི་མཁན་པོ་བྱས་ན།

ཁྱབ་དོན་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་ཡང་དག་པའི་བདེན་པའི་སྟོང་པའི་གཞུང་ཅི་ཡང་མེད་པའི་ཆོས་བཤད་དོ་ཅོག་ཤེས་སོ། །དགེ་སློང་བཞི་པོ་གཞན་ནི་ཀུན་ཡོན་པོའི་ལམ་དུ་ལྟུང་ངོ་། །བདག་ཏུ་ལྟ་བ་ཡོད་པར་འཆད་པ་མང་། གང་ཟག་ཡོད་པར་འཆད་པ་མང་ངོ་། །ཤཱ་རིའི་བུ་

དགེ་སློང་ཁྱབ་དོན་ནི་སྡེ་བཞིས་བརྙས་ཏེ། དཔུང་དང་མཐུ་མེད་པས་མི་མང་པོས་སྨད་དོ། །དགེ་སློང་ངན་པ་བཞི་ནི་ཕལ་ནི་མང་དུ་ཡོན་པོའི་ལམ་དུ་ལྟ་བར་བསླབས་ཏེ། སངས་རྒྱས་ཀྱི་ཆོས་གཅིག་ལ་གཅིག་རི་མོ་གུས་པར་མི་བྱེད་དེ། གཅིག་ལ་གཅིག་གལ་བས་ན་སངས་རྒྱས་ཀྱི་

ཆོས་མང་བར་གྱུར་ཏོ། །ཤཱ་རིའི་བུ་མི་ལ་ལ་ཞིག་དགེ་སློང་ཁྱབ་དོན་གྱིས་སྟོང་པའི་ཆོས་བཤད་དོ་ཅོག་ཤེས་སླ་ཡིད་ཆེས་པར་མནོས་ཏེ། མ་འགལ་ན་ངས་དེ་ལྟ་བུའི་མི་ནི་ཚེ་དུས་སྔ་མ་ལ་སངས་རྒྱས་ལྔ་སྟོང་ལ་ཡོན་གསོལ་མྱོང་བར་མངོན་ཏེ། མི་གྲངས་འདའ་ཡུ་ཏ་འབུམ་ཕྲག་དྲུག་ཅུ་རྩ་

བརྒྱད་ཡོད་པ་དང་མྱ་ངན་ལས་འདས་པར་ཞུགས་ཟིན་པའོ། །ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་མི་དེས་འདས་པའི་དུས་ཀྱི་སངས་རྒྱས་རྣམས་ལ་དགེ་བའི་རྩ་བ་རྣམས་བསྐྱེད་དོ། །ཅི་ཡང་ཐོབ་པ་མེད་པའི་སྟོང་པའི་ཆོས་སྤྱད་སྦྱངས་མྱ་ངན་ལས་འདའ་བར་འཇུག་པའི་རིགས་སོ། །ཤཱ་རིའི་བུ་

དགེ་སློང་ཐམས་ཅད་ཡོད་དང་། དགེ་སློང་ཙང་ཀི་དང་། དགེ་སློང་བར་འདན་ཏ་དང་། དེ་ཀུན་ཐོབ་པ་ཡོད་པར་འཛིན་ཏེ། བདག་ཏུ་ལྟ་བ་དང་། གང་ཟག་དང་། སེམས་ཅན་དང་། ཚེ་སྲོག་ཡོད་པར་འཆད་དོ། །གྲོགས་མང་པོ་མདོ་དར་བས་མི་ངན་པ་དེ་བཞིས་ཁྱིམ་ན་འདུག་པ་

เล่ม ๕๔ · หน้า 188a

དང་། ཁྱིམ་ནས་བྱུང་བ་མང་དུ་ཡོན་པོ་མཐོང་བ་ལ་ཆགས་པར་བྱས་ཏེ། མཆོག་གི་གཞུང་ཅི་ཡང་མེད་པ་མཐའ་ཡུན་དུ་སྟོང་པའི་ཆོས་བཏང་ནས་མུར་འདུག་འཛི་གེན་གྱིས་ཆོས་བཤད་པ་ལ་དད་ཅིང་ཆགས་སོ། །ཤཱ་རིའི་བུ་མི་ངན་པ་དེ་བཞིས་ཁྱིམ་ན་འདུག་

པ་དང་། ཁྱིམ་ནས་བྱུང་བའི་སློབ་མའི་ཆོས་ཟད་ལ་ཐུག་གི་བར་དུ་རྟག་པར་ཕྱི་བཞིན་དུ་ཁྲིད་དོ། །ཤཱ་རིའི་བུ་དེའི་ནང་ན་མི་ལ་ལ་ཆོས་ཀྱི་དོན་མ་ཡིན་པར་ཤེས་ཏེ། མནོས་ནས་ཆོས་སུ་བྱས་ཏེ་སེམས་ལ་འགྲུས་པར་སྤྱད་ན། འོན་ཀྱང་མི་འགལ་བའི་བཟོད་པ་མ་ཐོབ་ན་རྒྱུན་དུ་

ཞུགས་པའི་འབྲས་བུ་མི་ཐོབ་པ་ལྟ་སྨོས་ཀྱང་ཅི་དགོས། མི་དེ་ལྟ་བུའང་ཡོན་ཕུལ་བའི་དོན་ཞུ་བར་མི་བྱེད་ན། མི་འགལ་བའི་བཟོད་པ་སྐྱེ་བར་མི་ནུས་པ་ལྟ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ་དེའི་ཚེ་ཁྱིམ་ན་འདུག་པ་དང་ཁྱིམ་ནས་བྱུང་བའི་སློབ་མ་ལམ་ངན་པར་ལྟུང་བ་སྟེ། དགེ་

བའི་ལམ་དུ་མ་ཕྱིན་ཏོ། །མི་ངན་པ་དེ་དག་གིས་སངས་རྒྱས་ཀྱི་ཆོས་དྲང་པོ་བགགས་ཏེ། མི་ལ་རྒུད་པའི་མྱ་ངན་གྱི་དོན་ཆེན་པོ་མི་མང་པོ་ལ་ཤིན་ཏུ་རྒུད་པའི་མྱ་ངན་ཀྱང་བྱིན་པའི་སྟེང་དུ་མི་ངན་པ་དེ་དག་ཚེ་ཟད་པའི་འོག་ཏུ་མནར་མེད་པའི་སེམས་ཅན་དམྱལ་བར་ལྟུང་སྟེ། ལོ་འབུམ་ཁྲི་

ཕྲག་བདུན་གྱི་བར་དུ་ནི་གན་རྐྱལ་དུ་ཉལ་ལོ། །འབུམ་ཁྲི་ཕྲག་དགུ་བརྒྱའི་བར་དུ་ནི་ཁ་སྤུབ་ཏུ་ཉལ་ལོ། །འབུམ་ཕྲག་དགུ་བརྒྱའི་བར་དུ་ནི་རྩིབ་ལོགས་གཡོན་པས་ཉལ་ལོ། །འབུམ་ཁྲི་ཕྲག་དགུ་བརྒྱའི་བར་དུ་ནི་རྩིབ་ལོགས་གཡས་པས་ཉལ་ལོ། །དེ་ལྕགས་ཚ་བའི་ནང་དུ་

བསྲེགས་ནས་ཚིག་ཞིག་སྟེ། དེའི་ནང་དུ་ཤི་བ་དང་། ཡང་ཐལ་བའི་སེམས་ཅན་དམྱལ་བ་དང་། ཐལ་བའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་སོ། །གསོད་པའི་སེམས་ཅན་དམྱལ་བ་དང་། ཐག་པ་ནག་པོའི་སེམས་ཅན་དམྱལ་བ་དང་། ཀུན་དུ་ཡང་ཡན་ཆད་ཀྱི་ལོ་གྲངས་

བཞིན་དུ་སྡུག་བསྔལ་ལོ་ཅོག་གིས་ཉོན་མོངས་ནས། ཐག་པ་ནག་པོའི་སེམས་ཅན་དམྱལ་བར་ཤི་ནས་སླར་མནར་མེད་པའི་སེམས་ཅན་དམྱལ་བའི་ནང་དུ་སྐྱེས་སོ། །ཤཱ་རིའི་བུ་རྒྱུ་རྐྱེན་དེ་ལྟ་བས་ན་ཁྱིམ་ན་འདུག་པ་དང་། ཁྱིམ་ནས་བྱུང་བ་ལ་མི་འདི་ལ་ཉེ་བསྙེན་པ་དང་། དགེ་བའི་བཤེས་

เล่ม ๕๔ · หน้า 188b

གཉེན་དང་། སྦྱིན་བདག་ཀུན་སྡོམ་དུ་ཡོངས་སུ་མི་འབུམ་ཁྲི་ཕྲག་དྲུག་བརྒྱ་རྩ་བཞི་ཡོད་དེ། མཁན་པོ་འདི་བཞི་དང་ལྷན་ཅིག་ཏུ་སྐྱེ། ལྷན་ཅིག་ཏུ་འཆི་སྟེ། སེམས་ཅན་དམྱལ་བ་ཆེན་པོ་ན་འཁོད་ཅིང་བསྲེགས་པའོ་ཅོག་གིས་ཉོན་མོངས་སོ། །ཤཱ་རིའི་བུ་མི་དེ་ལ་དགེ་བའི་བཤེས་

གཉེན་དང་། སྦྱིན་བདག་དང་། སློབ་མ་དང་། མཁན་པོ་བཞིན་དུ་བྱེད་དོ་ཅོག་ཀུན་གྲངས་དེའི་ནང་དུ་གཏོགས་ཏེ་ཟད་པར་སེམས་ཅན་དམྱལ་བར་སྐྱེའོ། །ཤཱ་རིའི་བུ་ཁྱོད་ལ་སོགས་པས་དེའི་མང་ཉུང་ཤེས་པར་མི་ནུས་སོ། །ཡང་དག་པར་གཤེགས་པ་ཉི་ཚེས་གདོད་མཁྱེན་པར་ནུས་སོ། །

མི་ངན་པ་དེ་དག་སེམས་ཅན་དམྱལ་བར་ལྟུང་སྟེ། ལྷན་ཅིག་ཏུ་སྐྱེས་སོ། །ལྷན་ཅིག་ཏུ་འཆི་བ་སྡོམ་དུ་མི་འབུམ་ཁྲི་ཕྲག་དྲུག་བརྒྱ་རྩ་བཞི་ཡོད་དེ། དེ་ལྟ་བུ་གཅིག་ནས་གཅིག་གི་བར་དུ་བསྐལ་པ་གཅིག་གི་བར་དུ་ཉོན་མོངས་ནས། བསྐལ་པ་ཆེན་པོ་བསྲེགས་ལ་ཐུག་གི་བར་དུ། འོན་ཀྱང་

སེམས་ཅན་དམྱལ་བ་ན་འཁོད་དོ། །ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཡང་དག་པར་གཤེགས་པའི་བླ་ན་མེད་པའི་གཡུང་དྲུང་རྫོགས་པའི་བྱང་ཆུབ་བཤིག་པ་དེའི་སྡིག་ཤིན་ཏུ་ལྕི་སྟེ། ཡང་བ་མ་ཡིན་ནོ། །བསྐལ་པ་ཆེན་པོས་བསྲེགས་སུ་ཟིན་ཀྱང་མི་ངན་པ་དེ་བཞི་དང་། མི་འབུམ་ཁྲི་ཕྲག་དྲུག་

བརྒྱ་རྩ་བཞི་ནི་བསྟིར་མེད་པའི་དམྱལ་བ་ཆེན་པོ་འདི་ནས་ཡང་སྐྱེས་ཏེ། ཕྱོགས་གཞན་གྱི་སེམས་ཅན་དམྱལ་བ་ཆེན་པོ་ན་འཁོད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་སྡིག་ལྕི་བ་ཆོ་ག་ཚང་སྟེ་དེའི་ལན་མི་ཉུང་བས་ཕྱོགས་གཞན་ལོ་གྲངས་མེད་པ་བརྒྱ་སྟོང་ཁྲི་འབུམ་འདའ་ཡུ་ཏའི་བར་དུ་སྡུག་

བསྔལ་ཆེན་པོས་ཉོན་མོངས་ཤིང་འཁོད་དོ། །འཇིག་རྟེན་གྱི་ཁམས་སུ་སླར་སྐྱེས་ཀྱང་སྡིག་གི་མི་དེ་བཞི་དང་། མི་ཕལ་འབུམ་ཁྲི་ཕྲག་དྲུག་བརྒྱ་རྩ་བཞི་པོ་དང་། མི་གཞན་སྡིག་མ་བྲལ་བ་རྣམས་ཕ་ཀིར་ཚེ་ཟད་ན། སླར་ཡང་སེམས་ཅན་དམྱལ་བ་ཆེན་པོའི་ནང་དུ་སྐྱེས་སོ། །ཤཱ་རིའི་བུ་སྡིག་

གི་མི་དེ་བཞི་དང་སེམས་ཅན་ཕལ་འབུམ་ཁྲི་ཕྲག་དྲུག་བརྒྱ་རྩ་བཞི་པོ་ཐ་མར་སེམས་ཅན་དམྱལ་བའི་ནང་དུ་སྡུག་བསྔལ་ལས་ཐར་མོད་ཀྱི། མིའི་ནང་དུ་སྐྱེ་བ་ཐོབ་ན་ཚེ་རབས་ལྔ་བརྒྱའི་བར་དུ་ཐོག་མ་བཙའ་བ་ནས་དམུས་ལོང་སྟེ། དེ་ནས་གདོད་སངས་རྒྱས་ཀུན་སྣང་ཡང་ཡང་དག་པར་གཤེགས་པ་གསོལ་

เล่ม ๕๔ · หน้า 189a

བཞེངས་རིགས་དྲང་ཁྱབ་མཁྱེན་སྣང་མཛད་ཞབས་བདེ་གཤེགས་འཇིག་རྟེན་བཀྲོལ། བླ་ན་མེད་པའི་དྲ་མ་གདུལ་ཐུལ་སྐྱེས་བུ་ལྷ་དང་མིའི་མཁན་པོ་སངས་རྒྱས་བཅོམ་ལྡན་འདས་དེ་དང་ཕྲད་དོ། །ཤཱ་རིའི་བུ་སངས་རྒྱས་ཐམས་ཅད་སྣང་གི་ཉན་ཐོས་ཀྱི་སློབ་མ་འདའ་

ཡུ་ཏ་འབུམ་ཡོད་དོ། །དེའི་ཚེ་མི་འོ་ཅོག་ལུས་ཁྲུ་སུམ་བརྒྱ་དགུ་བཅུ་རྩ་དྲུག་ཡོད་དོ། །སངས་རྒྱས་ཀྱི་སྐུ་ལུས་ནི་དེ་ལས་ཕྱེད་ཀྱིས་རིང་ངོ་། །འོད་རྟག་པ་ཟླུམ་པོས་དཔག་ཚད་འབུམ་ཁྲི་ཕྲག་བཅུ་ཚུན་ཆད་སྣང་ངོ་། །ཤཱ་རིའི་བུ་མི་དེ་སངས་རྒྱས་ཐམས་ཅད་སྣང་གི་ཆོས་ཀྱི་ནང་ནས་ཁྱིམ་ནས་

བྱུང་སྟེ། ལོ་འབུམ་ཁྲི་ཕྲག་བཅུའི་བར་དུ་བརྩོན་འགྲུས་སྤྱད་དེ། མགོ་མེས་ཚིག་པའི་ར་མདའ་བཞིན་དུ་བྱས་ཀྱང་མི་འགལ་བའི་བཟོད་པ་མ་ཐོབ་ན། ལམ་གྱི་འབྲས་བུ་མ་ཐོབ་པ་ལྟ་སྨོས་ཀྱང་ཅི་དགོས། ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་བླ་ན་མེད་པའི་གཡུང་དྲུང་རྫོགས་པའི་བྱང་ཆུབ་

བཤིག་པ་གཡོས་པའི་སྡིག་གི་ལས་ཀྱི་རྒྱུ་རྐྱེན་གྱི་ཆོས་དེ་ལྟ་བུ་རིགས་སོ། །དེ་ཟད་པའི་འོག་ཏུ་སླར་ཡང་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེའོ། །སྔར་མི་དགེ་བ་ལྕི་བའི་ལས་ཀྱི་རྐྱེན་གཡོས་པའི་ལན་ནི། ཤཱ་རིའི་བུ་མི་དེ་དག་ལ་སོགས་པ་དེ་བཞིན་དུ་གཅིག་ནས་

གཅིག་ཏུ་དང་ལ་ཐུག་གོ། །དེའི་ཕྲག་ན་སངས་རྒྱས་འབུམ་ཕྲག་དགུ་བཅུ་རྩ་དགུ་དང་ཕྲད་ནས། སངས་རྒྱས་དེ་དག་ལས་ཀྱང་མི་འགལ་བའི་བཟོད་པ་མ་ཐོབ་བོ། །ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཆོས་ཀྱི་ཡི་གེ་ཟབ་མོ་བཤད་ན་མི་དེ་དག་གིས་ཡིད་མ་ཆེས་ཏེ། བཤིག་དྲལ་

ལོག་གལ་ནས། མཛངས་ཤིང་འཕྲུལ་པ་ལ་ནི་འཕྱ་ཞིང་སྐུར། ཚུལ་ཁྲིམས་འཛིན་པའི་དགེ་སློང་ལ་ནི་ཉེས་པའི་ངན་པ་ཕྱུང་སྟེ། ཆོས་བཤིག་པའི་ལས་གཡོས་པའི་རྒྱུ་རྐྱེན་གྱི་ཆོས་ནི་དེ་ལྟ་བུའི་རིགས་སོ། །ཤཱ་རིའི་བུ་ཁྱོད་རེ་ཞིག་ལྟོས་ཤིག །འཕགས་པའི་མི་ལ་འཕྱ་ཞིང་སྐུར་

ཏེ། འཕགས་པའི་ཚིག་ལ་ཡིད་མི་ཆེས་ན་དེ་ལྟ་བུར་དཔག་ཏུ་མེད། མུ་མེད་པའི་སྡུག་བསྔལ་གྱིས་ཉོན་མོངས་ཏེ། གྲོལ་ཐར་པ་མ་ཐོབ་བོ། །ཤཱ་རིའི་བུ་སེམས་ཅན་གཞན་ཆོས་བཤིག་པའི་སྡིག་པའི་ལས་གཡོས་ཏེ་ལོག་གལ་ཞིང་ཡིད་མ་ཆེས་པ་དེ་གྲངས་མེད་དཔག་ཏུ་མེད་པ་ཡོད་

เล่ม ๕๔ · หน้า 189b

ན་སངས་རྒྱས་འབུམ་ཕྲག་དགུ་བཅུ་རྩ་དགུ་ལ་བསྐལ་པ་གྲངས་མེད་པའི་བར་དུ་མི་གཅིག་མྱ་ངན་ལས་འདས་པར་ཆུད་པ་ཡོང་མེད་དོ། །ཤཱ་རིའི་བུ་སངས་རྒྱས་རྣམས་ཀྱི་ཆོས་བཤིག་ཅིང་ཡིད་མི་ཆེས་ཤིང་ལོག་གལ་བར་ནུས། ཐ་མལ་པ་གླེན་པ་དང་ལེ་ལོ་ཡར་སྐྱེ་བའི་དགེ་

སློང་ངན་པ་རྣམས་དང་འཆད་པ་མི་གཙང་བའི་དགེ་སློང་རྣམས་སོ། །ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་མི་དེ་རྣམ་གསུམ་ནི་སྤྱོད་པ་ཞེས་ཀྱང་མི་བྱ། མིང་ཐོབ་པ་ཞེས་ཀྱང་མི་བྱ་སྟེ། མི་དེ་དག་གིས་ཡང་དག་པར་གཤེགས་པའི་ཆོས་ལ་ཡིད་མ་ཆེས་པས་ན་འཕྱ་ཞིང་སྐུར་ཏེ་ལོག་

གོ །ཤཱ་རིའི་བུ་ཁྱོད་ན་རེ་ཇི་ལྟ་བུར་དགེ་སློང་སྡུག་བསྔལ་བཀྲམ་དེས་ཆོས་བཤད་པ་དེ་མི་གཙང་ཞེས་ཟེར་བ་ཉིད་ནི་མི་གཏི་མུག་ལྷ་སྦྱིན་ཡིན་ནོ། །ཁྱོད་ན་རེ་ཇི་ལྟར་དགེ་སློང་ཐམས་ཅད་ཡོད་ཅེས་འཆད་པ་མི་གཙང་ཞེས་ཟེར་བ་ནི་ཉིད་དགེ་སློང་ཀུ་ཀ་ལི་ཡིན་ནོ། །ཤཱ་རིའི་བུ་ཁྱོད་

ན་རེ་ཇི་ལྟ་བུར་དགེ་སློང་ཙང་གི་དེས་ཆོས་བཤད་པ་མི་གཙང་ཞེས་ཟེར་བ་ནི་ཉིད་དགེ་སློང་ཀ་པི་ལ་ཡིན་ནོ། །ཁྱོད་ན་རེ་ཇི་ལྟ་བུར་ན་དགེ་སློང་བར་ཏ་ད་དེས་བཤད་པ་མི་གཙང་ཞེས་ཟེར་བ་ནི་ཉིད་དགེ་སློང་ལུས་སྒྲེ་བ་རི་མ་ད་ཡིན་ནོ། །ཤཱ་རིའི་བུ་ཁྱོད་ན་རེ་དེའི་གཙང་གདང་ཞིང་བདེན་པ་

བཞིན་དུ་སངས་རྒྱས་རྣམས་ཀྱི་བྱང་ཆུབ་བཤད་དེ་དཔག་ཏུ་མེད་པའི་སེམས་ཅན་ལ་ཕན་བསོད་དོ་ཞེས་ཟེར་བ་ནི་དེ་ཉིད་ཕུ་ལི་ཏ་འབྲི་ཏ་ར་འཛིན་འཛི་ཡིན་ཏེ། བཤད་དོ་ཅོག་གཙང་གདང་བས་གཞན་དེ་བཞིན་དུ་སློབ་མ་རྣམས་སངས་རྒྱས་ལྔ་སྟོང་དང་ཕྲད་དེ། མི་འདའ་ཡུ་ཏ་འབུམ་ཕྲག་དྲུག་ཅུ་རྩ་

བརྒྱད་ཡོད་པ་ཀུན་ཞི་སྟེ་ཐར་ཟིན་ཏོ། །ཤཱ་རིའི་བུ་མི་ལ་བདེན་པའི་ཚིག་གང་ཡིན་ཞེས་བྱས་ན། ནང་གི་བླ་མའི་ཆོས་ཀྱི་གཞུང་མངོན་པར་མཐོང་བར་རིགས་ཏེ། གཙང་གདང་བར་བཤད་པའོ། །བཤད་པ་ནི་ནམ་ཚིག་འཆད་པ་སྟེ། པུ་ལེའུ་འདའ་ཡིན་ནོ། །ཤཱ་རིའི་བུ་པུ་ལེའུ་འདའ་

ནི་སེམས་ཐུལ་ལ་མངོན་པར་རྟོགས་པར་བཤད་དོ་ཅོག་དགའ་བ་མེད་དེ་ཡིད་མི་ཆེས་པས་ན་བཤད་ཅིང་འགྲོལ་བར་སྐྱེའོ། །ཤཱ་རིའི་བུ་མི་ལ་བདེན་པའི་ཚིག་གང་ཡིན་ཞེ་ན། རྒྱུ་རྐྱེན་ཐམས་ཅད་ཆོས་ཀྱི་མཁན་པོས་ནམ་ཚིག་བཤད་པ་སྟེ་པུ་ལི་ཏ་ཡིན་ནོ། །ཤཱ་རིའི་བུ་པུ་ལི་ཏ་ནི་ཚེ་ཚེ་རབས་

เล่ม ๕๔ · หน้า 190a

རབས་གར་སྐྱེ་དགུར་རྟག་པར་སེམས་ཅན་གྱི་ཕྱིར་སངས་རྒྱས་ཀྱི་དོན་བྱེད་དོ། །སངས་རྒྱས་དགུ་བཅུ་ཐམས་ཅད་ཀྱི་ཆོས་ཀྱི་ནང་ན་ཡང་རྟག་པར་ཆོས་ཀྱི་མཁན་པོ་བྱེད་དོ། །ཆོས་གཙང་གདང་བར་བཤད་ནས་སངས་རྒྱས་དེ་ཀུན་ལ་ལུས་ཀྱི་ཚེ་ཟད་ཀྱི་བར་དུ་རྟག་པར་

ཚངས་པར་སྤྱོད་པ་སྤྱད་དེ། ཆོས་གཙང་གདང་བར་བཤད་དོ། །ཤཱ་རིའི་བུ་པུ་ལེའུ་ཏ་སངས་རྒྱས་དྲུག་གི་ཆོས་ཀྱི་ནང་ན་ཡང་ཆོས་ཀྱི་མཁན་པོ་བྱེད་དོ། །ངའི་ཆོས་ཀྱི་ནང་ན་ཡང་ཆོས་ཀྱི་མཁན་པོ་ཆེན་པོ་བྱེད་དེ། དགྲ་བཅོམ་པ་གྲུབ་ནས་སེམས་གྲོལ་ཐར་པ་ཐོབ་བོ། །མིས་བདེན་

པ་བཤད་ན་ཇི་ལྟ་བུའི་མིས་ཚེ་ཚེ་རབས་རབས་སུ་སངས་རྒྱས་རྣམས་ལ་ཡོན་གསོལ་ཞིང་དགེ་བའི་རྩ་བ་རྣམས་བསྐྲུན་པ་ནམ་ཚིག་བཤད་པ་པུ་ལེའུ་ཏ་ཡིན་ནོ། །ཤཱ་རིའི་བུ་པུ་ལེའུ་ཏས་སངས་རྒྱས་འབུམ་ཕྲག་དགུ་བཅུའི་ཆོས་ལ་སེམས་འགྲུས་པར་བཙལ་བསླབས་པས་འགྲོ་བ་བཤད་

པ་གཅིག་ཏུ་མི་འགྱུར་བས་ཤེས་རབ་ཟབ་མོ་ཡོད་དོ། །དེ་ལྟ་བས་ན་ཡང་དག་པར་གཤེགས་པས་ཆོས་ཀྱི་མཁན་པོ་རྣམས་ཀྱི་ནང་ན་རབ་ཅེས་བཤད་དོ། །ཤཱ་རིའི་བུ་ཉིན་གཅིག་མཚན་གཅིག་ཏུ་པུ་ལི་ཏ་འདི་ལེགས་པའི་དོན་བཤད་དུ་ཟིན་ཀྱང་མི་ཟད་དོ། །ཉིན་གཅིག་མཚན་གཅིག་

འདས་སུ་ཟིན་ཀྱང་མི་ཟད་དོ། །ཅིའི་ཕྱིར་ཞེ་ན། པུ་ལི་ཏའི་ཆོས་ཀྱི་སྦྱིན་པ་ནི་ཐ་མལ་པའི་རྒྱུ་རྐྱེན་མེད་ལ། གསོ་བའི་ཁེ་ལ་མི་ཆགས་པས་ཆོས་ཀྱི་མཁན་པོ་སྟེ། པུ་ལེའུ་ཏ་ལ་ཐོགས་པ་མེད་པ་བཞི་ཤེས་རབ་ཐོབ་སྟེ། ཡང་དག་པར་གཤེགས་པ་མ་གཏོགས་པར་འཇིག་རྟེན་ཀུན་གྱི་

ནང་ན་ཚིག་འབྲུ་དང་ཚུལ་གྱི་གཞུང་ཐོབ་པར་ནུས་པ་མེད་དོ། །ཤཱ་རིའི་བུ་ངས་ཁྱོད་ལ་བསྒོའོ། །མི་ལ་ལ་ཞིག་བླ་ན་མེད་པའི་གཡུང་དྲུང་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་ན། མི་གཞན་ལ་ཆོས་བཤད་ན་དཔག་ཏུ་མེད་མུ་མེད་པའི་ལེགས་པའི་ཡོན་ཐོབ་ཅིང་གྲངས་མེད་པའི་སེམས་ཅན་

ལའང་ཕན་བསོད་པར་ནུས་སོ། །ཤཱ་རིའི་བུ་མི་ལ་ལ་ཞིག་གིས་ཆོས་འདི་ལ་ཡིད་མ་ཆེས་ཏེ་བཤིག་དྲལ་ལོག་གལ་ན། དཔག་ཏུ་མེད་པའི་སྡིག་ལྕི་བའི་རྒྱུ་རྐྱེན་ལྡང་ངོ་། །ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ངན་པ་ལ་ངན་པའི་ལམ་ཡོད། དགེ་བ་ལ་དགེ་བའི་ལམ་ཡོད་དེ། དེ་ལྟ་བས་ན་ངས་ད་

เล่ม ๕๔ · หน้า 190b

ཆོས་ཀྱི་ཡི་གེ་འདི་ཁྱོད་ལ་གཏམས་བཅོལ་གྱིས་ཕལ་སྡེ་བཞི་ལ་བྱེ་བྲག་ཕྱེད་པར་རྒྱ་ཆེར་ཤོད་ཅིག །ཤཱ་རིའི་བུ་ཆོས་ཀྱི་ཡི་གེ་འདི་ཐོས་ཏེ་སེམས་ཡིད་ཆེས་ཤིང་སེམས་དགའ་གཞའ་ན་དཔག་ཏུ་མེད་པའི་དཔལ་ཡོན་ཐོབ་བོ། །ཐོས་ཏེ་ཡིད་མི་ཆེས་ཤིང་སེམས་མི་དགའ་མ་དད་ན་

དཔག་ཏུ་མེད་པའི་སྡིག་ལྕི་བ་ཐོབ་བོ། །ཤཱ་རིའི་བུ་ཤེས་པར་བྱོས་ཤིག །མི་དེ་ཚུལ་ཁྲིམས་ཞིག་པའི་དགེ་སློང་ཞེས་བྱ་སྟེ། ལེ་ལོ་ཡར་སྐྱེ་ཞིང་ཆོས་འཆད་པའང་མི་གཙང་བའོ། །ཤཱ་རིའི་བུ་མི་ལ་ལ་ཞིག་གིས་དེ་ལྟ་བུར་བསྟན་པ་ལས་ལོག་གལ་ན། ཚེ་ཚེ་རབས་རབས་གར་སྐྱེ་

དགུར་རྟག་པར་ལོང་སྟེ་མིག་མེད་དོ། །ཤཱ་རིའི་བུ་ད་ངས་ཁྱོད་ལ་བྱེ་བྲག་ཕྱེད་པར་བསྒོའོ། །ངས་ད་ལྟར་བཤད་དོ་ཅོག་ནི་རྫ་མཁན་སོ་མ་བཏང་བའི་རིམ་གྲོ་བྱེད་པ་དང་མི་མཚུངས་ཀྱི། ངས་ཕལ་སྡེ་བཞི་ལ་མཆོག་གི་གཞུང་མཐའ་ཡུན་དུ་སྟོང་པའི་ཆོས་བྱེ་བྲག་ཕྱེད་པར་རྒྱ་ཆེར་བཤད་

ན་སྲན་ཐུབ་པ་ནི་འདུག་གོ། །སྲན་མི་ཐུབ་པ་ནི་ཞིག་གོ། །ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་སངས་རྒྱས་ཀྱི་བླ་ན་མེད་པ་གཡུང་དྲུང་རྫོགས་པའི་བྱང་ཆུབ་ཐོབ་པ་ནི་ཡོན་པོ་མཐོང་བ་ལ་མི་ངན་པ་ལ་ཆོས་མི་བཤད། བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་

དང་། ཚེ་སྲོག་ཏུ་ལྟ་བ་ལ་ཆོས་མི་བཤད་དོ། །ཅིའི་ཕྱིར་ཞེ་ན། དེ་ལྟ་བུར་འདོད་ཆགས་པ་ཀུན་གྱི་མིང་འདོད་ཆགས་པ་ཡོན་པོར་མཐོང་བ་ཞེས་བྱའོ། །ཤཱ་རིའི་བུ་བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བས་མི་འགལ་བའི་བཟོད་པ་ཡང་མི་ཐོབ་ན། ལམ་གྱི་འབྲས་བུ་ཐོབ་པ་ལྟ་སྨོས་

ཀྱང་ཅི་དགོས། ཤཱ་རིའི་བུ་བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། ཚེ་སྲོག་ཏུ་ལྟ་བ་དང་། ཆད་པར་མཐོང་བ་དང་། རྟག་པར་མཐོང་བས་མི་འགལ་བའི་བཟོད་པ་རབ་ཏུ་ཐོབ་པར་མི་ནུས་ན་ལམ་གྱི་འབྲས་བུ་ཐོབ་པར་ནུས་ཞེས་ཟེར་ན་བདེན་པ་ཡོང་མེད་དོ། །

དེ་ལྟ་བས་ན་ཤཱ་རིའི་བུ་མི་ལ་ལ་ཞིག་གིས་དེ་ལྟ་བུ་མཐོང་བ་འབྱོར་གྲུབ་པ་ནི་ངའི་ཆོས་ཀྱི་ནང་ན་ངས་གཞན་གྱི་ཡོན་ལེན་དུ་མི་གནང་སྟེ། དེ་ནི་སྤྱོད་པ་ཡང་མ་ཡིན། ཐོབ་པ་ཡང་མ་ཡིན་གྱི་ངའི་ཆོས་ལ་རང་གི་སྲོག་གསོ་བར་ཚོར་བར་ཟད་དོ། །ཤཱ་རིའི་བུ་ངས་བཤད་པ་ལ་མུར་འདུག་སངས་

เล่ม ๕๔ · หน้า 191a

རྒྱས་ཀྱི་ཆོས་སུ་འཇུག་འདོད་ན། ཟླ་བ་བཞིའི་བར་དུ་སད་པའི་རིགས་སོ། །ཅིའི་ཕྱིར་ཞེ་ན། མུར་འདུག་གི་མི་རྣམས་ལ་ནི་བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། ཚེ་སྲོག་ཏུ་ལྟ་བ་དང་། རྟག་པར་མཐོང་བ་མང་དུ་ཡོད་དོ། །ཤཱ་

རིའི་བུ་ངའི་སློབ་མ་ལ་ནི་བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། ཚེ་སྲོག་ཏུ་ལྟ་བ་དང་། ཆད་པར་མཐོང་བ་དང་། རྟག་པར་མཐོང་བ་མེད་དེ། ངའི་སློབ་མ་རྣམས་ཀྱིས་སྟོང་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། ཅི་ཡང་ཐོབ་པ་

མེད་པ་འབའ་ཞིག་བཤད་དེ། སེམས་ལ་འཇུག་པའི་གནས་མེད་པར་འཆད་དོ། །ཤཱ་རིའི་བུ་ལ་ལ་ཞིག་དེ་ལྟ་བུའི་བཟོད་པ་འབྱོར་གྲུབ་པ་ཞིག་ཡོད་ན་ངས་མི་དེ་ལྟ་བུ་ཁྱིམ་ནས་བྱུང་ཞིང་ཚུལ་ཁྲིམས་ནོད་དུ་གནང་སྟེ། ཡོན་གོས་དང་། ཟས་དང་། མལ་ཆ་དང་། རྩི་སྨན་ཕུལ་བ་

བླང་དུ་རུང་ངོ་། །མི་དེ་ལྟ་བུ་བཟོད་པ་མེད་པ་ནི་སྔོན་དུ་སད་པའི་རིགས་ཏེ། སྔར་ཆོས་སོ་ཅོག་ལ་ང་མེད་པ་ལ་གནས་སུ་བཅུག་གོ། །ཤཱ་རིའི་བུ་ལ་ལ་ཞིག་དེ་ལྟ་བུའི་བཟོད་པ་ལ་སེམས་མི་དགའ་ཞིང་མཆོག་གི་གཞུང་སྟོང་པ་བཤད་པ་ཐོས་ན་དངངས་ཤིང་དོགས་ལ་ཟུར་ཐེལ་གྱིས་གཤེའོ། །

བདག་ཏུ་ལྟ་བ་འཆད་པ་ཐོས་ན་སེམས་དགའ་བར་འཛིན་ན་དེ་ལྟ་བུའི་མི་ནི་བདུད་ཀྱིས་བཀོལ་བར་མངོན་ཏེ། མུར་འདུག་ལས་ཀྱང་འདས་སོ། །ཤཱ་རིའི་བུ་ཤེས་རབ་ཅན་ནི་དེ་ལྟ་བུ་ལ་ཞེ་སྡང་སྐྱེ་བར་མི་རིགས་ཀྱི་དེ་ལྟ་བུ་ལ་སྙིང་རྗེའི་སེམས་སྐྱེ་བར་རིགས་སོ། །ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་མི་

ལ་ལ་ཞིག་གིས་དེ་ལྟ་བུའི་ངན་པ་འབྱོར་གྲུབ་པ་ནི་ངན་པའི་ལམ་ཐོབ་བོ། །ཆོས་བཤད་ཀྱིས་མི་ཟད་དེ་མི་དེ་ལ་བསོད་ནམས་ཀྱི་སེམས་བསྐྱེད་ཅིང་ཆོས་སོ་ཅོག་ལ་ཡང་ང་མེད་པ་དང་། ཆོས་སོ་ཅོག་སྟོང་པ་ཞི་བ་དང་། ཆོས་སོ་ཅོག་ལ་བྱ་བ་མེད་པ་དང་། ཐོབ་པ་མེད་པས་བསྟན་ཏོ། །མི་

དེས་སངས་རྒྱས་ཀྱི་ཆོས་མནོས་ལ་དོན་འདི་ཐོས་ཏེ། སེམས་དགའ་ཞིང་དད་ན་ནི་གཞན་སྟོང་པ་སྤྱད་པ་དགེ་སློང་གིས་ཅི་ཡང་ཐོབ་པ་མེད་པ་ཀུན་བསྟན་བསླབས་ཏེ་ཕན་ཞིང་དགའ་བར་སེམས་དགའ་བའི་རིགས་སོ། །ཆོས་སོ་ཅོག་ལ་ཅི་ཡང་མེད་པ་སྟོང་པ་བཤད་པ་ཐོས་ན་དངངས་སྐྲག་སྟེ།

เล่ม ๕๔ · หน้า 191b

ཕལ་མང་པོའི་ནང་ན་མཁན་པོ་བླ་མ་ཨཱ་ཙརྱ་ལ་ཆོས་ཀྱི་ཡི་གེའི་ནང་ན་སྟོང་པའི་ལས་སྤྱོད་བཞིན་དུ་བཤད་པའི་རིགས་ཞེས་ཟེར་རོ། །ཆོས་རྣམས་ཀྱི་མཚན་མ་ཐ་དད་པ་མངོན་པར་ཤེས་ནུས་ན་ངས་མཁན་པོ་བྱའོ། །བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། ཕྱིན་ཅི་ལོག་

ཡོན་པོར་ལྟ་བ་དང་། ཚུལ་ཁྲིམས་འཛིན་པ་ལ་འདོད་ཆགས་པའི་མཁན་པོ་ཞེས་ནི་མི་བྱའོ། །ཡང་དག་པས་དྲང་པོར་མཐོང་ལྡན་པ་དང་། ལྷན་ཅིག་ཏུ་གསོ་སྦྱོང་བྱེད་པར་གནང་ངོ་། །ཚུལ་ཁྲིམས་ཞིག་པའི་མི་ཆོ་ག་ཞིག་པ་དང་ལྷན་ཅིག་ཏུ་གསོ་སྦྱོང་བྱེད་དུ་མི་གནང་ངོ་། །

སློབ་མ་རྒན་ཞིང་བཙུན་པས་སྟོང་པ་ཞི་བ་ཅི་ཡང་ཐོབ་པ་མེད་པ་ཆོས་བཤད་པ་ཐོས་ཏེ། སེམས་ཡིད་མི་ཆེས་མ་དད་ལ་སེམས་མུར་འདུག་ལ་འདུག་ན་སངས་རྒྱས་ཀྱིས་མུར་འདུག་དང་གསོ་སྦྱོང་བྱེད་དུ་མི་གནང་ངོ་། །མི་དེ་དེ་ལྟ་བུའི་མཐོང་བ་མ་བཏང་ན་དགེ་འདུན་གྱི་ནང་དུ་འདུག་ཏུ་མི་

གནང་བའི་རིགས་སོ། །དེ་ལྟ་བུ་འདོད་པ་མ་བླངས་ཏེ། དེ་ལྟར་བྱས་ཟིན་ཏེ་འོན་ཀྱང་ཡང་མ་བཏང་ན་མི་དེ་ལམ་ལ་གནས་པར་མི་རུང་བར་མངོན་ཏེ་ཐལ་བྱུང་དུ་ཡོང་བོར་ནས་མཁན་པོ་བླ་མ་ཨཱ་ཙརྱས་ཀྱང་ཚིག་འཐུན་པར་སླར་བཅང་བའི་མི་རིགས་སོ། །ཤཱ་རིའི་བུ་དགེ་འདུན་ལ་དེ་

བཞིན་ངས་ཡོན་གསོལ་པ་དང་མུར་འདུག་གི་ཡོན་པོའི་ལམ་ལ་ལྟ་བ་འཇིག་པ་ལ་མཁས་ཏེ། དེའི་མིང་ཚུལ་ཁྲིམས་བཤད་པ་དང་གསོ་སྦྱོང་གཙང་གདང་ཞེས་བྱའོ། །ཤཱ་རའི་བུ་ངས་ད་ཁྱོད་ལ་ད་བྱེ་བྲག་ཕྱེད་པར་བསྒོའོ། །མི་ལ་ལ་ཞིག་དེ་ལྟ་བུའི་བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་

དང་། སེམས་ཅན་དུ་ལྟ་བ་དང་། ཡོད་མེད་དུ་ལྟ་བ་དང་། དེ་ལྟ་བུའི་མིའི་མིང་ང་ལ་ཡོན་ཕུལ་བ་ཞེས་ཀྱང་མི་བྱ། མིང་ངའི་ཕྱི་བཞིན་ཁྱིམ་ནས་བྱུང་སྟེ་ཚུལ་ཁྲིམས་མནོས་པ་ཞེས་ཀྱང་མི་བྱའོ། །དེའི་མིང་མཁན་པོ་དྲུག་གི་ཕྱིར་འབྲངས་ལ་ཁྱིམ་ནས་བྱུང་བ་སྟེ། མཁན་པོ་དྲུག་

གིས་མཁན་པོ་བྱས་པ་ཞེས་བྱའོ། །ཤཱ་རིའི་བུ་མི་ལ་ལ་ཞིག་གིས་དེ་ལྟ་བུའི་གཙང་གདང་བའི་བདེན་པའི་ཆོས་ལ་བཟོད་པ་ཐོབ་པར་མ་ནུས་ཏེ། ཡོན་བླངས་ན་མི་དེས་ཐོབ་བོ་ཅོག་ཡོན་པོའི་མནོས་ཞེས་བྱའོ། །ཤཱ་རིའི་བུ་མིས་ངའི་ཆོས་ཀྱི་ནང་ནས་ཁྱིམ་ནས་བྱུང་སྟེ། ཚུལ་ཁྲིམས་

เล่ม ๕๔ · หน้า 192a

གཙང་བ་གཟུང་བ་བསྲུངས་མོད་ཀྱི། མཆོག་གི་གཞུང་སྟོང་པ་ཅི་ཡང་ཐོབ་པ་མེད་པའི་ཆོས་ལ་ཡིད་མི་ཆེས་མི་ཤེས་ཏེ། དངངས་སྐྲག་ཅིང་དོགས་འགྱོད་པ་དེ་ལྟ་བུའི་མི་ནི་ཚུལ་ཁྲིམས་འཛིན་པ་དང་། མང་དུ་ཐོས་པ་དང་། བསམ་གཏན་ཐུབ་པ་ཆེད་ཆེར་འཛིན་པར་

མངོན་ནོ། །ཤཱ་རིའི་བུ་དེ་ལྟ་བུའི་མིའི་མིང་ང་ལ་བཙུན་ལྕི་བར་རི་མོ་གུས་ཤིང་ཡོན་དབུལ་བ་ཞེས་མི་བྱའོ། །ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཐོག་མ་ཞེས་བྱ་བ་མེད་པའི་ཚེ་རབས་ཚུན་ཆད་སེམས་ཅན་བསམ་གཏན་བཞི་ནི་མ་ཐོབ་ཀྱི། བསམ་གཏན་བཞི་ཐོབ་པ་འབའ་ཞིག་གིས་དགེ་

སློང་གི་བཟོད་པ་བྱ་བ་ནི་མེད་ན། དེ་ལྟ་བུ་ཇི་ལྟ་བུར་ན་མིང་ང་ལ་ཡོན་འབུལ་བ་ཞེས་བྱ། དེ་ལྟ་བས་ན་ཤཱ་རིའི་བུ་ངས་ཁྱོད་ལ་བྱེ་བྲག་ཕྱེད་པར་བསྒོའོ། །མ་འོངས་པའི་དུས་ཀྱི་མིས་ངའི་ཆོས་ལ་འདོད་ཆགས་རྣམ་པ་མང་པོ་དང་ཡོན་པོ་མཐོང་བ་རྣམ་པ་མང་པོས་ངའི་ཆོས་བཤིག་དྲལ་ལོ། །

ཤཱ་རིའི་བུ་མི་ལ་ལ་ཚུལ་ཁྲིམས་འཛིན་པ་དང་། མང་པོ་ཐོས་པ་དང་། བསམ་གཏན་ཐུབ་པ་འབའ་ཞིག་ཆེད་ཆེར་འཛིན་པ་དེ་ལྟ་བུའི་མི་ནི་དགེ་སྦྱོང་གི་ཆོས་རྣམས་གཙང་མར་སྤྱོད་མི་ནུས་པར་མངོན་ཏེ། ངས་མི་དེའི་མིང་དགེ་སྦྱོང་དང་། བྲམ་ཟེ་དང་། བྲམ་ཟེ་ཞེས་མ་བཤད་དོ། །ཤཱ་

རིའི་བུ་མི་ལ་ཆོས་སོ་ཅོག་ལ་ང་མེད་པ་བདེན་པ་བཞིན་དུ་ང་མེད་པར་ཤེས། ཆོས་སོ་ཅོག་ཕྱི་མོ་ནས་ཅི་ཡང་མེད་པའི་སྟོང་པ་སྟེ། བདེན་པ་བཞིན་དུ་ཅི་ཡང་མེད་པའི་སྟོང་པར་ཤེས་ནུས་ན། དེ་ནི་ཚུལ་ཁྲིམས་འཛིན་པ་རབ་ཡིན་པར་མི་འཛིན། མང་པོ་ཐོས་པ་རབ་ཅེས་བྱ་བར་མི་འཛིན།

བསམ་གཏན་ཐོབ་པ་རབ་ཅེས་མི་འཛིན་ཏོ། །ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཆོས་སོ་ཅོག་ལ་བདེན་པའི་མཚན་མ་ལ་སྐྱེ་བའང་མེད་དེ། ལྡན་པའང་མེད་དེ། དེའི་ནང་ན་རབ་ཅེས་བྱ་བའི་ཆོས་མེད་དོ། །ཤཱ་རིའི་བུ་ཆོས་སོ་ཅོག་གི་བདེན་པ་བཞིན་གྱི་ནང་ན་ཚུལ་ཁྲིམས་འཛིན་པ་མེད།

ཚུལ་ཁྲིམས་བཤིག་པ་མེད་ན་འདོད་ཆགས་ལ་རབ་ཅེས་བྱ་བ་མེད་པ་ལྟ་སྨོས་ཀྱང་ཅི་དགོས། །ཤཱ་རིའི་བུ་དེའི་མིང་སངས་རྒྱས་རྣམས་ཀྱི་བླ་ན་མེད་པ་གཡུང་དྲུང་རྫོགས་པའི་བྱང་ཆུབ་ཅེས་བྱ་སྟེ། ཆོས་སོ་ཅོག་གི་མཚན་མ་དང་རང་གི་མཚན་མ་མེད། སྟོང་པ་བདག་ཏུ་ལྟ་བ་དང་། གང་

เล่ม ๕๔ · หน้า 192b

ཟག་ཏུ་ལྟ་བ་མེད་དོ། །དེ་ལྟ་བུའི་བཟོད་པ་ཡོད་དུ་ཟིན་ན་དེའི་མིང་སྤྱོད་པ་ཞེས་བྱའོ། །དེའི་མིང་ཐོབ་པ་ཞེས་བྱ་སྟེ། མི་དེའི་མིང་ཡིད་ཆེས་པ་སྤྱད་པ་ཁྱིམ་ནས་བྱུང་བ་སྟེ། ཡོན་ལེན་པའི་རིགས་ཤིང་གཙང་བའི་གསོ་སྦྱོང་བྱེད་པ་སྟེ། མི་དེ་ནི་མིའི་ནང་ན་ལྷ་ཞེས་བྱའོ། །ཤཱ་རིའི་

བུ་སངས་རྒྱས་རྣམས་ཀྱི་བླ་ན་མེད་པ་གཡུང་དྲུང་རྫོགས་པའི་བྱང་ཆུབ་ནི་གཞུང་གཅིག་པ་འབའ་ཞིག་ཡིན་ཏེ་དེ་ནི་བྲལ་བ་ཞེས་བྱའོ། །གང་ལ་སོགས་པ་བྲལ་བ་ཞེས་བྱས་ན། འདོད་དོ་ཅོག་དང་མཐོང་ངོ་ཅོག་སྟེ། འདོད་པ་ནི་མ་རིག་པ་ཡིན་ནོ། །མཐོང་བ་ནི་དྲན་པ་དང་སེམས་པ་ཡིན་

ནོ། །ཅིའི་ཕྱིར་ཞེ་ན། ཆོས་སོ་ཅོག་ཐམས་ཅད་ནི་དྲན་པ་དང་སེམས་པས་ཕྱི་མོ་བྱས་ཏེ། སེམས་ཀྱི་འདུ་ཤེས་ཡོད་དོ་ཅོག་ནི་མཐོང་བ་ཡིན་ཞེས་བྱ་སྟེ། མཐོང་བ་ནི་ཡོན་པོ་ཡིན་ནོ། །ཤཱ་རིའི་བུ་དགེ་བའི་ཆོས་ཀྱི་ནང་ན་མཐོང་བ་ཡང་ཡོན་པོ་མཐོང་བ་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་

འདོད་པ་དང་བྲལ་བའི་སྟོང་པ་ཞི་བ་ཆོས་ཀྱི་ནང་ན་ཆོས་མེད། ཆོས་མེད་པ་ཡང་མེད། དགེ་བ་ཡང་མེད་དེ། ངན་པ་ཡང་མེད་དེ། དོན་ཏོ་ཅོག་ཀུན་སྟོང་ལ་ཆོས་ཀྱི་ཡི་གེ་རྣམས་དང་བྲལ་ཞིང་སེམས་ཅན་ཐམས་ཅད་དང་བྲལ་བས་ན། མིང་བྲལ་བ་ཞེས་བྱའོ། །ཤཱ་རིའི་བུ་བླ་ན་མེད་པའི་ནང་

ན་འདོད་པ་རྣམས་ཡོང་ཞིའོ། །གང་ལ་སོགས་པ་འདོད་པ་རྣམས་ཤེས་བྱས་ན། ང་ནི་ཡོན་པོ་མི་དགེ་བའི་སེམས་དང་། ང་དང་ངའི་གནས་དང་། བྱེད་པའི་མཚན་མ་དང་། དོན་གྱི་མཚན་མ་སྟེ། དེའི་མིང་བླ་ན་མེད་པ་གཡུང་དྲུང་རྫོགས་པའི་ནང་ན་འདོད་པའོ་ཅོག་ཡོང་ཞི་ཞེས་བྱའོ། །ལེའུ་

བརྒྱད་དེ་གཙང་མ་མཐོང་བའི་ལེའུ་འོ།། །།སངས་རྒྱས་ཀྱིས་ཤཱ་རིའི་བུ་ལ་བཀའ་སྩལ་པ། ངས་བསམས་པ་འདས་པའི་དུས་ན་བླ་ན་མེད་པ་གཡུང་དྲུང་རྫོགས་པའི་བྱང་ཆུབ་ཚོལ་བ་ན། སངས་རྒྱས་འབུམ་ཕྲག་སུམ་ཅུ་དང་ཕྲད་དེ། ཀུན་མཚན་ཤཱཀྱ་ཐུབ་པ་ཞེས་བྱའོ། །

ང་ནི་དེའི་ཚེ་ཀུན་གྱི་འཁོར་ལོ་འཕྲུལ་གྱི་རྒྱལ་པོ་བྱེད་དེ། ལུས་ཀྱི་ཚེ་ཟད་ཀྱི་བར་དུ་སློབ་མ་དང་། ཀུན་ལ་ཡོན་གོས་དང་། ཁ་ཟས་དང་། མལ་ཆ་དང་། རྩི་སྨན་ཕུལ་ཏེ། བླ་ན་མེད་པའི་གཡུང་དྲུང་རྫོགས་པའི་བྱང་ཆུབ་ཚོལ་བའི་ཕྱིར་ན་སངས་རྒྱས་དེ་རྣམས་ཀྱིས་ང་ལ་ཁྱོད་མ་འོངས་པའི་

เล่ม ๕๔ · หน้า 193a

དུས་ན་སངས་རྒྱས་བྱེད་པ་ཐོབ་བོ་ཞེས་ལུང་མ་བསྟན་ཏོ། །ཅིའི་ཕྱིར་ཞེ་ན། ངས་ཐོབ་པ་ཡོད་པ་སྤྱད་པའི་ཕྱིར་རོ། །ཤཱ་རིའི་བུ་ངས་བསམས་པ་འདས་པའི་དུས་ན་སངས་རྒྱས་བརྒྱད་སྟོང་དང་ཕྲད་དེ། ཀུན་མཚན་འོད་མི་འགྱུར་ཞེས་བྱའོ། །ངས་དེའི་ཚེ་ཀུན་གྱི་འཁོར་ལོ་

འཕྲུལ་གྱི་རྒྱལ་པོ་བྱས་ཏེ། ལུས་ཀྱི་ཚེ་ཟད་ཀྱི་བར་དུ་སློབ་མ་དང་ཀུན་ལ་ཡོན་གོས་དང་། ཟས་དང་། མལ་ཆ་དང་། རྩི་སྨན་ཕུལ་ཏེ། བླ་ན་མེད་པ་གཡུང་དྲུང་རྫོགས་པའི་བྱང་ཆུབ་ཚོལ་བའི་ཕྱིར་ན་སངས་རྒྱས་དེ་རྣམས་ཀྱིས་ང་ལ་ཁྱོད་ཀྱིས་མ་འོངས་པའི་དུས་ན་སངས་རྒྱས་བྱེད་པ་ཐོབ་

བོ་ཞེས་ལུང་མ་བསྟན་ཏོ། །ཅིའི་ཕྱིར་ཞེ་ན། ངས་ཐོབ་པ་ཡོད་པ་སྤྱད་པའི་ཕྱིར་རོ། །ཤཱ་རིའི་བུ་ངས་བསམས་པ་འདས་པའི་དུས་ན་སངས་རྒྱས་དྲུག་ཁྲི་དང་ཕྲད་དེ། ཀུན་མཚན་འོད་སྣང་བ་ཞེས་བྱའོ། །ངས་དེའི་ཚེ་ཀུན་གྱི་འཁོར་ལོའི་རྒྱལ་པོ་ཞེས་བྱ་སྟེ། ལུས་ཀྱི་ཚེ་ཟད་ཀྱི་བར་དུ་སློབ་མ་

དང་ཀུན་ལ་ཡོན་གོས་དང་། ཁ་ཟས་དང་། མལ་ཆ་དང་། རྩི་སྨན་ཕུལ་ཏེ། བླ་ན་མེད་པའི་གཡུང་དྲུང་རྫོགས་པའི་བྱང་ཆུབ་ཚོལ་བའི་ཕྱིར་ན་སངས་རྒྱས་དེ་རྣམས་ཀྱིས་ཀྱང་ང་ལ་ཁྱོད་ཀྱིས་མ་འོངས་པའི་དུས་ན། སངས་རྒྱས་ཐོབ་བོ་ཞེས་ལུང་མ་བསྟན་ཏོ། །ཅིའི་ཕྱིར་ཞེ་ན། ངས་ཐོབ་པ་

ཡོད་པ་སྤྱད་པའི་ཕྱིར་རོ། །ཤཱ་རིའི་བུ་ངས་བསམས་པ་འདས་པའི་དུས་ན་སངས་རྒྱས་སུམ་འབུམ་དང་ཕྲད་དེ། ཀུན་མཚན་པུ་ར་ཤ་ཞེས་བྱའོ། །ངས་དེའི་ཚེ་ཀུན་གྱི་འཁོར་ལོ་འཕྲུལ་གྱི་རྒྱལ་པོ་བྱས་ཏེ། རྣམ་བཞིས་ཡོན་གསོལ་ན་ཀུན་གྱིས་ང་ལ་ལུང་མ་བསྟན་ཏེ། ཐོབ་པ་ཡོད་པ་སྤྱད་

པའི་ཕྱིར་རོ། །ཤཱ་རིའི་བུ་ངས་བསམས་པ་འདས་པའི་དུས་ན་སངས་རྒྱས་བརྒྱད་ཁྲི་བརྒྱད་སྟོང་དང་ཕྲད་དེ། ཀུན་མཚན་རིའི་རྒྱལ་པོ་ཞེས་བྱའོ། །བསྐལ་པའི་མིང་ནི་བླ་ན་བརྒྱད་ཅེས་བྱ་སྟེ། སངས་རྒྱས་ཁྲི་བརྒྱད་སྟོང་དེ་ཀུན་གྱི་ཐད་དུ་སྐྲ་བྲེགས་ཆོས་གོས་གྱོན་ནས་བླ་ན་མེད་པ་གཡུང་དྲུང་

རྫོགས་པའི་བྱང་ཆུབ་སྤྱད་པ་སྦྱངས་ན་ཀུན་གྱིས་ང་ལ་ལུང་མ་བསྟན་ཏོ། །ཐོབ་པ་ཡོད་པ་སྤྱད་པའི་ཕྱིར་རོ། །ཤཱ་རིའི་བུ་ངས་བསམས་པ་འདས་པའི་དུས་ན་སངས་རྒྱས་ལྔ་བརྒྱ་དང་ཕྲད་དེ། ཀུན་མཚན་མེ་ཏོག་བླ་ཞེས་བྱའོ། །ངས་དེའི་ཚེ་ཀུན་གྱི་འཁོར་ལོ་འཕྲུལ་གྱི་རྒྱལ་པོ་བྱས་ཏེ། ཀུན་

เล่ม ๕๔ · หน้า 193b

ལ་ཡོད་དོ་ཅོག་ཕུལ་ན། སངས་རྒྱས་དེ་རྣམས་དང་སློབ་མ་རྣམས་ཀུན་གྱིས་ང་ལ་ལུང་མ་བསྟན་ཏེ། ཐོབ་པ་ཡོད་པ་སྤྱད་པའི་ཕྱིར་རོ། །ཤཱ་རིའི་བུ་ངས་བསམས་པ་འདས་པའི་དུས་ན་སངས་རྒྱས་ལྔ་བརྒྱ་དང་ཕྲད་དེ། ཀུན་མཚན་ལེགས་པའི་བརྗིད་ཅེས་བྱའོ། །ངས་ཟད་

པར་ལ་ཡོན་ཕུལ་ནས་ཀུན་གྱིས་ང་ལ་ལུང་མ་བསྟན་ཏེ། ཐོབ་པ་ཡོད་པ་སྤྱད་པའི་ཕྱིར་རོ། །ཤཱ་རིའི་བུ་ངས་བསམས་པ་འདས་པའི་དུས་ན་སངས་རྒྱས་ཉིས་སྟོང་དང་ཕྲད་དེ། ཀུན་མཚན་ཅིང་ཞུ་ཞེས་བྱའོ། །ངས་དེའི་ཚེ་ཀུན་གྱི་འཁོར་ལོ་འཕྲུལ་གྱི་རྒྱལ་པོ་བྱས་ཏེ། ཀུན་ལ་ཡོན་

ནོ་ཅོག་ཕུལ་ན་སངས་རྒྱས་དེ་ཀུན་གྱིས་ང་ལ་ལུང་མ་བསྟན་ཏེ། ཐོབ་པ་ཡོད་པ་སྤྱད་པའི་ཕྱིར་རོ། །ཤཱ་རིའི་བུ་ངས་བསམས་པ་འདས་པའི་དུས་ན་སངས་རྒྱས་དགུ་སྟོང་དང་ཕྲད་དེ། ཀུན་མཚན་བསོད་སྐྱབས་ཞེས་བྱའོ། །ངས་རྣམ་བཞི་སྤྱད་དེ་ཡོན་དུ་གསོལ་ན་སངས་རྒྱས་རྣམས་དང་།

སློབ་མ་རྣམས་ཀུན་གྱིས་ང་ལ་ལུང་མ་བསྟན་ཏེ། ཐོབ་པ་ཡོད་པ་སྤྱད་པའི་ཕྱིར་རོ། །ཤཱ་རིའི་བུ་ངས་བསམས་པ་འདས་པའི་དུས་ན་སྔ་མ་འདས་པ་བསྐལ་པ་ཁྲིའི་ཚེ་སངས་རྒྱས་བྱུང་བ་མེད་དེ། དེའི་ཐོག་མ་བསྐལ་པ་ལྔ་བརྒྱའི་ནང་ན་རང་སངས་རྒྱས་དགུ་ཁྲི་ཡོད་དེ། ངས་ལུས་ཀྱི་ཚེ་

ཟད་ཀྱི་བར་དུ་ཐམས་ཅད་ཀུན་ལ་ཡོན་གོས་དང་ཁ་ཟས་དང་། མལ་ཆ་དང་། རྩི་སྨན་ཕུལ་ཏེ། བཙུན་ཞིང་ལྕི་བར་བསྟོད་དོ། །དེའི་འོག་གི་བསྐལ་པ་ལྔ་བརྒྱ་ཡང་རྣམ་པ་བཞི་སྤྱད་དེ། རང་སངས་རྒྱས་བརྒྱད་ཁྲི་བཞི་སྟོང་ལ་ཡོན་ཕུལ་ཏེ། བཙུན་ཞིང་ལྕི་བར་བསྟོད་དོ། །ཤཱ་རིའི་བུ་

བསྐལ་པ་དེ་སྟོང་འདས་ནས་རང་སངས་རྒྱས་ཀྱང་མེད་དེ། ང་དེའི་ཚེ་འཛམ་བུའི་གླིང་དུ་ཤི་ནས་ཚངས་པའི་ཁམས་སུ་སྐྱེས་ཏེ། ཚངས་པའི་རྒྱལ་པོ་ཆེན་པོ་བྱས་སོ། །དེ་ལྟ་བུའི་གཅིག་ནས་གཅིག་ཏུ་བསྐལ་པ་ལྔ་བརྒྱའི་བར་དུ་རྟག་པར་ཚངས་པའི་ཁམས་སུ་སྐྱེས་ནས་ཚངས་པའི་རྒྱལ་པོ་ཆེན་

པོ་བྱས་ཏེ། འཛམ་བུའི་གླིང་དུ་མ་སྐྱེས་སོ། །བསྐལ་པ་ལྔ་བརྒྱ་དེ་འདས་ནས་མར་བབས་ཏེ་འཛམ་བུའི་གླིང་དུ་སྐྱེས་ནས་འཛམ་བུའི་གླིང་དུ་བསྟན་བཅོས་བསྟན་ཏེ། ཚེ་ཟད་ནས་གནམ་ངོས་བཞིའི་ལྷའི་རྒྱལ་པོར་སྐྱེས་སོ། །དེར་ཚེ་ཟད་ནས་སུམ་ཅུ་རྩ་གསུམ་གྱི་ལྷའི་ཁམས་སུ་

เล่ม ๕๔ · หน้า 194a

སྐྱེས་ཏེ་དབང་པོ་བྱས་སོ། །དེ་ལྟ་བུ་གཅིག་ནས་གཅིག་ཏུ་བསྐལ་པ་ལྔ་བརྒྱ་ཚང་ནས་འཛམ་བུའི་གླིང་དུ་སྐྱེས་སོ། །དེར་བསྐལ་པ་ལྔ་བརྒྱར་ཚང་ནས། ཚངས་པའི་ཁམས་སུ་སྐྱེས་ནས་ཚངས་པའི་རྒྱལ་པོ་ཆེན་པོ་བྱས་སོ། །ཤཱ་རིའི་བུ་ངས་བསྐལ་པ་

དགུ་སྟོང་གི་བར་དུ་རེ་ཞིག་འཛམ་བུའི་གླིང་དུ་མ་སྐྱེས་ཏེ། བསྐལ་པ་དགུ་སྟོང་གི་བར་དུ་ལྷའི་ཁམས་ཤ་སྟག་ཏུ་སྐྱེས་སོ། །བསྐལ་པ་ཟད་དེ་བསྲེགས་པའི་ཚེ་འོད་དབྱངས་ལྷའི་ཁམས་སུ་སྐྱེས་སོ། །འཇིག་རྟེན་གྱི་ཁམས་སླར་དེད་ཟིན་ནས། སླར་ཚངས་པའི་ཁམས་སུ་

སྐྱེས་ཏེ། བསྐལ་པ་དགུ་སྟོང་གི་བར་དུ་མིའི་ནང་ན་ངན་དུ་མ་སྐྱེས་ཏེ། ཤཱ་རིའི་བུ་བསྐལ་པ་དེ་དགུ་སྟོང་གི་བར་དུ་སངས་རྒྱས་དང་རང་སངས་རྒྱས་མེད་དེ། སེམས་ཅན་རྣམས་ལ་ལམ་ངན་པར་ལྟུང་ཞིང་འཁོད་པ་མང་ངོ་། །ཤཱ་རིའི་བུ་བསྐལ་པ་ཁྲི་དེ་འདས་ཟིན་ནས་སངས་

རྒྱས་ཞིག་འཇིག་རྟེན་དུ་བྱུང་བ་མཚན་ཁྱབ་སྲུང་ཡང་དག་པར་གཤེགས་པ་གསོལ་བཞེངས་རིགས་དྲང་ཁྱབ་མཁྱེན་སྣང་མཛད་ཞབས་བདེ་གཤེགས་འཇིག་རྟེན་བཀྲོལ། བླ་ན་མེད་པའི་དྲ་མ་གདུལ་ཐུལ་སྐྱེས་བུ་ལྷ་དང་མིའི་མཁན་པོ་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་སྟེ། ང་དེའི་

ཚེ་ཚངས་པའི་ཁམས་སུ་ཚེ་ཟད་ནས་འཛམ་བུའི་གླིང་དུ་སྐྱེས་ཏེ། འཁོར་ལོ་འཕྲུལ་གྱི་རྒྱལ་པོ་བྱས་ནས་མཁན་པོ་ནི་སྤྱི་ལྷ་ཞེས་བྱ། མིའི་ཚེ་ལོ་དགུ་ཁྲི་ཐུབ་སྟེ། ངས་ལུས་ཀྱི་ཚེ་ཟད་ཀྱི་བར་དུ་སྐྱིད་པའི་ཡོ་བྱད་དོ་ཅོག་གིས་སངས་རྒྱས་དེ་དང་། དགེ་སློང་འབུམ་ཕྲག་དགུ་བཅུ་ལ་ཡོན་

དུ་གསོལ་ཏེ། ལོ་དགུ་ཁྲིའི་བར་དུ་བླ་ན་མེད་པ་གཡུང་དྲུང་རྫོགས་པའི་བྱང་ཆུབ་བཙལ་ན། སངས་རྒྱས་ཁྱབ་སྲུང་དེས་ཀྱང་ང་ལ་ཁྱེད་མ་འོངས་པའི་དུས་ན་སངས་རྒྱས་བྱེད་པ་ཐོབ་བོ་ཞེས་ལུང་མ་བསྟན་ཏོ། །ཅིའི་ཕྱིར་ཞེ་ན། ངས་དེའི་ཚེ་ཆོས་སོ་ཅོག་གི་བདེན་པའི་མཚན་མ་ཁོང་

དུ་ཆུད་མ་ནུས་ཏེ། བདག་ཏུ་ལྟ་བར་འཛིན་པ་ལ་འདོད་ཆགས་ཏེ། ཐོབ་པ་ཡོད་པ་མཐོང་ངོ་། །ཤཱ་རིའི་བུ་བསྐལ་པ་དེའི་ཚེ་སངས་རྒྱས་བརྒྱ་བྱུང་སྟེ། མིང་མཚན་སོ་སོ་ཐ་དད་དོ། །ངས་དེའི་ཚེ་ཀུན་གྱི་འཁོར་ལོ་འཕྲུལ་གྱི་རྒྱལ་པོ་བྱས་ནས། ལུས་ཀྱི་ཚེ་ཟད་ཀྱི་བར་དུ་སློབ་

เล่ม ๕๔ · หน้า 194b

མ་རྣམས་དང་ཀུན་ལ་ཡོན་གསོལ་ཏེ། བླ་ན་མེད་པའི་གཡུང་དྲུང་རྫོགས་པའི་བྱང་ཆུབ་བཙལ་ནས། སངས་རྒྱས་དེ་རྣམས་ཀྱིས་ཀྱང་ང་ལ་ཁྱོད་མ་འོངས་པའི་དུས་ན། སངས་རྒྱས་བྱེད་པ་ཐོབ་བོ་ཞེས་ལུང་མ་བསྟན་ཏེ། ཐོབ་པ་ཡོད་པ་སྤྱད་པའི་ཕྱིར་རོ། །ཤཱ་རིའི་བུ་ངས་བསམས་པ་

འདས་པའི་དུས་ན། བསྐལ་པ་གྲངས་མེད་པ་བདུན་བརྒྱའི་ཚེ་སངས་རྒྱས་སྟོང་དང་ཕྲད་དེ། ཀུན་མཚན་འཛམ་བུ་ད་ན་ཞེས་བྱ་སྟེ། ངས་ལུས་ཀྱི་ཚེ་ཟད་ཀྱི་བར་དུ་རྣམ་པ་བཞིས་ཡོན་གསོལ་ན། ཡང་ལུང་བསྟན་པ་མེད་དེ། ཡང་ངས་ཐོབ་པ་ཡོད་པ་སྤྱད་པའི་ཕྱིར་རོ། །ཤཱ་རིའི་བུ་ངས་

བསམས་པ་འདས་པའི་དུས་ན་བསྐལ་པ་བདུན་བརྒྱའི་ཚེ་ན་ཡང་སངས་རྒྱས་ཁྲི་ཕྲག་དྲུག་བརྒྱ་ཉི་ཤུ་དང་ཕྲད་དེ། ཀུན་གྱི་མཚན་ཆོ་ག་ཐམས་ཅད་མཐོང་བ་ཞེས་བྱའོ། །ངས་དེའི་ཚེ་ཀུན་གྱི་འཁོར་ལོ་འཕྲུལ་གྱི་རྒྱལ་པོ་བྱས་ནས་སྐྱིད་པའི་ཡོ་བྱད་དོ་ཅོག་གི་ལུས་ཀྱི་ཚེ་ཟད་ཀྱི་བར་

དུ་སློབ་མ་དང་ཀུན་ལ་ཡོན་གསོལ་ན་ཡང་ང་ལ་ལུང་མ་བསྟན་ཏོ། །ཐོབ་པ་ཡོད་པ་སྤྱད་པའི་ཕྱིར་རོ། །ཤཱ་རིའི་བུ་ངས་བསམས་པ་འདས་པའི་དུས་ན་ཡང་བསྐལ་པ་བདུན་བརྒྱའི་ཚེ། སངས་རྒྱས་བརྒྱད་ཅུ་རྩ་བཞི་དང་ཕྲད་དེ། ཀུན་མཁན་པོ་རྒྱལ་པོ་མཚན་ཞེས་བྱའོ། །ངས་

དེའི་ཚེ་ཀུན་གྱི་འཁོར་ལོ་འཕྲུལ་གྱི་རྒྱལ་པོ་བྱས་ནས་སྐྱིད་པའི་ཡོ་བྱད་དོ་ཅོག་སྤྱད་དེ་ལུས་ཀྱི་ཚེ་ཟད་ཀྱི་བར་དུ་སློབ་མ་དང་ཀུན་ལ་ཡོན་གསོལ་ཀྱང་ང་ལ་ལུང་མ་བསྟན་ཏེ། ཐོབ་པ་ཡོད་པ་སྤྱད་པའི་ཕྱིར་རོ། །ཤཱ་རིའི་བུ་ངས་བསམས་པ་འདས་པའི་དུས་ན་ཡང་བསྐལ་པ་གྲངས་མེད་པ་

བདུན་བརྒྱའི་ཚེ་ན་སངས་རྒྱས་བཅོ་ལྔ་དང་ཕྲད་དེ། ཀུན་གྱི་མཚན་གཉི་སྣང་ཞེས་བྱའོ། །ངས་དེའི་ཚེ་ན་ཀུན་གྱི་འཁོར་ལོ་འཕྲུལ་གྱི་རྒྱལ་པོ་བྱས་ནས་སྐྱིད་པའི་ཡོ་བྱད་དོ་ཅོག་སྤྱད་དེ། ལུས་ཀྱི་ཚེ་ཟད་ཀྱི་བར་དུ་སློབ་མ་དང་ཀུན་ལ་ཡོན་གསོལ་ན་ཡང་ང་ལ་ལུང་མ་བསྟན་ཏོ། །ཐོབ་པ་

ཡོད་པ་སྤྱད་པའི་ཕྱིར་རོ། །ཤཱ་རིའི་བུ་ངས་བསམས་པ་འདས་པའི་དུས་ན་ཡང་བསྐལ་པ་གྲངས་མེད་པ་བདུན་བརྒྱའི་ཚེ་སངས་རྒྱས་དྲུག་ཅུ་རྩ་གཉིས་དང་ཕྲད་དེ། ཀུན་མཚན་དགེ་ཞེས་བྱའོ། །ངས་དེའི་ཚེ་འཁོར་ལོ་འཕྲུལ་གྱི་རྒྱལ་པོ་བྱས་ནས་སྐྱིད་པའི་ཡོ་བྱད་དོ་ཅོག་སྤྱད་དེ། ཚེ་

เล่ม ๕๔ · หน้า 195a

ཟད་ཀྱི་བར་དུ་ཡོན་གསོལ་ན་ཡང་ང་ལ་ལུང་མ་བསྟན་ཏེ། ཐོབ་པ་ཡོད་པ་སྤྱད་པའི་ཕྱིར་རོ། །དེ་ལྟ་བུར་གཅིག་ནས་གཅིག་ཏུ་སངས་རྒྱས་འོད་མི་འགྱུར་དང་ཕྲད་པ་ལ་ཐུག་ན། གདོད་སྐྱེ་བ་མེད་པའི་བཟོད་པ་ཐོབ་ནས་ང་ལ་ལུང་བསྟན་པ། ཁྱོད་མ་འོངས་པའི་

དུས་བསྐལ་པ་གྲངས་མེད་པ་འདས་པ་ན། སངས་རྒྱས་བྱེད་པ་ཐོབ་པ་སྟེ། མཚན་ཤཱཀྱ་ཐུབ་པ་ཡང་དག་པར་གཤེགས་པ་གསོལ་བཞེངས་རིགས་དྲང་ཁྱབ་མཁྱེན་སྣང་མཛད་ཞབས་བདེ་གཤེགས་འཇིག་རྟེན་བཀྲོལ། བླ་ན་མེད་པའི་དྲ་མ་གདུལ་ཐུལ་སྐྱེས་བུ་ལྷ་དང་མིའི་མཁན་པོ་སངས་

རྒྱས་བཅོམ་ལྡན་འདས་ཞེས་བསྒོའོ། །ཤཱ་རིའི་བུ་ངས་བསམས་པ་འདས་པའི་དུས་ན་འཁོར་ལོ་འཕྲུལ་གྱི་རྒྱལ་པོ་འབུམ་ཕྲག་བཅུ་གཉིས་ཡོད་དེ་ཀུན་གྱི་མིང་སྤྱི་བོ་སྐྱེས་ཞེས་བྱའོ། །ཡང་ཤཱ་རིའི་བུ་ངས་བསམས་པ་འདས་པའི་དུས་ན་འཁོར་ལོ་འཕྲུལ་གྱི་རྒྱལ་པོ་འབུམ་ཕྲག་སུམ་

ཅུ་ཡོད་དེ་ཀུན་གྱི་མིང་མང་ཐ་མ་ཞེས་བྱའོ། །ཤཱ་རིའི་བུ་ངས་བསམས་པ་འདས་པའི་དུས་ན་འཁོར་ལོ་འཕྲུལ་གྱི་རྒྱལ་པོ་འབུམ་ཕྲག་བཞི་བཅུ་ཡོད་དེ། ཀུན་གྱི་མིང་ཞིང་འབྱི་ཞེས་བྱའོ། །ཤཱ་རིའི་བུ་ངས་བསམས་པ་འདས་པའི་དུས་ན་འཁོར་ལོ་འཕྲུལ་གྱི་རྒྱལ་པོ་གཅིག་ཁྲི་ཞིག་ཡོད་པ་

ཀུན་གྱི་མིང་མངོན་སྣང་ཞེས་བྱའོ། །ཤཱ་རིའི་བུ་ངས་བསམས་པ་འདས་པའི་དུས་ན་འཁོར་ལོ་འཕྲུལ་གྱི་རྒྱལ་པོ་ཉི་ཁྲི་ཞིག་ཡོད་དེ་མིང་མཁན་སོ་སོ་ཐ་དད་དོ། །ཤཱ་རིའི་བུ་ངས་བསམས་པ་འདས་པའི་དུས་ན་འཁོར་ལོ་འཕྲུལ་གྱི་རྒྱལ་པོ་འབུམ་ཕྲག་བཅུ་དྲུག་ཡོད་པ་མིང་མཁན་ཀུན་སོ་

སོ་ཐ་དད་དོ། །རྒྱལ་པོ་དག་ལ་སོགས་པ་ངས་གུད་ན་དགའ་བོ་དག་ལ་བཤད་དོ། །ཤཱ་རིའི་བུ་ཁྱོད་ཀྱི་ཡིད་ལ་ཇི་སྙམ། རྒྱལ་པོ་འདི་རྣམས་མི་གཞན་གྱི་མ་ཡིན་གྱི་ང་ཉིད་ཀྱི་ལུས་ཡིན་ནོ། །ཤཱ་རིའི་བུ་ངས་བསམས་པ་སྔ་མ་འདས་པའི་ཚེ་དུས་ན་སངས་རྒྱས་ཞིག་ཡོད་པ་མཚན་དགེ་

སྣང་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་བྱམས་པའི་ཚེ་འཁོར་ལོ་འཕྲུལ་གྱི་རྒྱལ་པོ་བྱས་ནས། མིང་མངོན་སྣང་ཞེས་བྱ་སྟེ། ཐོག་མ་བླ་ན་མེད་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དེའི་ཚེ་སེམས་ཅན་ཚེ་ལོ་བརྒྱད་ཁྲི་བཞི་སྟོང་ཐུབ་སྟེ། སངས་རྒྱས་དགེ་སྣང་དེས་ལན་གསུམ་བསྡུས་ཏེ་

เล่ม ๕๔ · หน้า 195b

ཆོས་བཤད་ན། ཐོག་མ་བསྡུས་པ་ལ་མི་འབུམ་ཕྲག་དགུ་བཅུ་རྩ་དྲུག་ཅིག་ཅར་ལམ་ཐོབ་བོ། །དེའི་འོག་ཏུ་ཕལ་པོ་ཆེ་བསྡུས་པ་ལ་མི་འབུམ་ཕྲག་དགུ་བཅུ་རྩ་བཞི་ཅིག་ཅར་ལམ་ཐོབ་བོ། །གསུམ་གྱི་ཐ་མར་ཕལ་ཆེ་བསྡུས་པ་ལ་མི་འབུམ་ཕྲག་དགུ་བཅུ་རྩ་གཉིས་ཅིག་ཅར་ལམ་

ཐོབ་བོ། །དེའི་རྒྱལ་པོ་སངས་རྒྱས་ཀྱིས་ལན་གསུམ་བསྡུས་ཏེ་ཆོས་བཤད་ནས་དཔག་ཏུ་མེད་པའི་མི་བསྒྲལ་བ་མཐོང་ནས་སེམས་ལ་ཤིན་ཏུ་དགའ་གཞའ་སྟེ། ལོ་ཁྲིའི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་སངས་རྒྱས་དང་སློབ་མ་ལ་ཡོན་གསོལ་ཏེ། སེམས་བསྐྱེད་ནས་བླ་ན་མེད་པ་གཡུང་

དྲུང་རྫོགས་པའི་སངས་རྒྱས་བཙལ་ཏེ་མ་འོངས་པའི་དུས་ན་སེམས་ཅན་བསྒྲལ་བ་སླའོ། །ང་ནམ་ཞིག་སངས་རྒྱས་གྲུབ་པ་དང་། ཚེ་སྲོག་གི་དུས་དཔག་པ་དང་། དགེ་སློང་གི་དགེ་འདུན་གྱི་གྲངས་དང་། འཁོར་བའི་བསྐོར་བ་ནི་དེ་ལྟ་བུ་ཡིན་ནོ། །ཤཱ་རིའི་བུ་ངས་དོན་དེ་ཤེས་པ་ནི་

འདི་བས་འདས་ཏེ་དཔག་ཏུ་མེད་དོ། །ཤཱ་རིའི་བུ་སངས་རྒྱས་བྱམས་པས་སེམས་བསྐྱེད་དོ། །བསྐལ་པ་བཞི་བཅུ་ལོན་ཟིན་ནས་ངས་གདོད་སེམས་བསྐྱེད་དེ། སངས་རྒྱས་ཐུབ་མེད་ཀྱི་ཐད་དུ་ཐོག་མ་དགེ་བའི་རྩ་བ་བསྐྱེད་ནས། ངས་ལོ་སྟོང་གི་བར་དུ་སྐྱིད་པའི་ཡོ་བྱད་ཐམས་ཅད་ཀྱིས་སངས་

རྒྱས་དེ་ལ་ཡོན་གསོལ་ནས་རས་ཡུག་ལྔ་བརྒྱ་ཕུལ་ཏེ། སངས་རྒྱས་དེ་འདས་པའི་ཕྱི་ན་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་བརྩིགས་ནས་འཕང་ནི་དཔག་ཚད་གཅིག །ཆུ་ཞེང་ནི་དཔག་ཚད་ཕྱེད་དེ། ཀུན་གསེར་དངུལ་དང་། བཻ་དཱུརྱ་དང་། མ་རྒད་དང་། གཟི་དང་། སྤུག་དང་། མུ་ཏིག་

དམར་པོས་བྱས་སོ། །སེམས་ལ་རྟག་ཏུ་སྨོན་ལམ་སྐྱེད་པ་སེམས་ཅན་སྡུག་བསྔལ་ཏེ་བསྒྲལ་བའི་ར་མདའ་མེད་དེ། ཆོས་ངན་པ་དང་ཕྲད་ཅིང་ལམ་ངན་པར་ལྷུང་བ་མང་ན། ངས་དེའི་ཚེ་སངས་རྒྱས་གྲུབ་པར་ཤོག་ཤིག །ཤཱ་རིའི་བུ་ཁྱོད་ཀྱིས་རེ་ཞིག་ལྟོས་ཤིག །བླ་ན་མེད་པ་གཡུང་དྲུང་

རྫོགས་པའི་བྱང་ཆུབ་སྤྱད་སྦྱངས་པ་ཤིན་ཏུ་དཀའོ། །ཤཱ་རིའི་བུ་བླ་ན་མེད་པའི་གཡུང་དྲུང་རྫོགས་པའི་བྱང་ཆུབ་སྤྱད་སྦྱངས་ན་ཚེ་རབས་གྲངས་མེད་པའི་བར་དུ་སྡུག་བསྔལ་རྣམས་ཀྱིས་ཉོན་མོངས་ཏེ། ངས་བཤད་དུ་ཟིན་ན་ཁྱོད་ཀྱིས་ཐོས་པ་དང་ཡི་མུག་ཅིང་སྒྱིད་ལུག་ཏུ་རུང་ངོ་། །ངས་སྡུག་

เล่ม ๕๔ · หน้า 196a

བསྔལ་དང་མྱ་ངན་འཁྲུགས་པས་ཉོན་མོངས་སོ་ཅོག་ནི་བླ་ན་མེད་པ་གཡུང་དྲུང་རྫོགས་པའི་བྱང་ཆུབ་ཚོལ་བའི་ཕྱིར་རོ། །ཤཱ་རིའི་བུ་ཁྱོད་ལྟོས་ཤིག །བྱང་ཆུབ་སེམས་དཔའ་སར་སར་ཝ་དན་དང་། བྱང་ཆུབ་སེམས་དཔའ་ཆོས་ཚོལ་དང་། བྱང་ཆུབ་སེམས་དཔའ་རྟག་

སྙིང་རྗེ་དང་། བྱང་ཆུབ་སེམས་དཔའ་རང་མི་ཉེན་དང་། བྱང་ཆུབ་སེམས་དཔའ་རྟག་འགྲུས་ཀྱིས་ང་སྙེད་ཀྱི་སངས་རྒྱས་རྣམས་ལ་ཡོན་གསོལ་ཏེ། སྡུག་བསྔལ་ལོ་ཅོག་གི་ཉོན་མོངས་ན་འོན་ཀྱང་བླ་ན་མེད་པ་གཡུང་དྲུང་རྫོགས་པའི་བྱང་ཆུབ་ཐོབ་དཀའ་ན། མི་གཏི་མུག་གཞན་གྱིས་སྐད་

ཅིག་མྱ་ངན་ལས་འདས་པ་བཙལ་བ་མེད་པ་ལྟ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ་དེ་ལྟ་བུར་སྤྱད་ན་འོན་ཀྱང་ཤིན་ཏུ་དགའ་ན། མ་སྤྱད་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བས་ན་ཤཱ་རིའི་བུ་ངས་བྱེ་བྲག་ཕྱེད་པར་བསྒོའོ། །འོག་མའི་ཆོས་སྤྱད་པས་བླ་མའི་ཆོས་ཐོབ་པར་མི་རུང་སྟེ་བླ་མའི་ཆོས་

སྤྱད་ན། གདོད་བླ་མའི་ཆོས་ཐོབ་བོ། །གང་ལ་སོགས་པ་འོག་མའི་ཆོས་དེ་ནི་ལུས་ཀྱི་ངན་པའི་ལས་ཁའི་ངན་པའི་ལས་ཡིད་ཀྱི་ངན་པའི་ལས་སོ། །འོག་མའི་ཆོས་ནི་མིང་སེམས་ལ་དགེ་བའི་ཆོས་འགྲུབ་པར་སྤྱོད་སྦྱོང་མི་ནུས་པ་ཞེས་བྱའོ། །འོག་མའི་ཆོས་ནི་ལེ་ལོ་སྙོམ་ལས་

བྱེད་ཅིང་ཚུལ་ཁྲིམས་མནོས་སོ་ཅོག་བཤིག་པའོ་ཞེས་བྱའོ། །ཤཱ་རིའི་བུ་དེའི་མིང་འོག་མའི་ནང་ན་ཡང་འོག་མ་ཞེས་བྱའོ། །ཡང་འོག་མའི་ནང་ན་འོག་མ་ཞེས་བྱ་བ་ནི་ངའི་ཆོས་ལ་ཁྱིམ་ནས་བྱུང་སྟེ། ཐོབ་པ་མཐོང་བ་དང་། བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། སེམས་ཅན་དུ་

ལྟ་བ་ཡང་སྐྱེས་སོ། །ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཡང་དག་པར་གཤེགས་པས་དེ་ལ་མངོན་པར་སྣང་བ་མཁྱེན་ཏེ། ཐོབ་པ་ཡོད་པར་འཛིན་པས་ནི་མི་འགལ་བའི་བཟོད་པ་ཡང་མེད་ན་ལམ་གྱི་འབྲས་བུ་མི་ཐོབ་པ་ལྟ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ་ཐོབ་པ་ཡོད་པར་འཛིན་དུ་ཟིན་ན།

བརྒྱ་སྟོང་ཁྲི་འབུམ་གྱི་སངས་རྒྱས་ཀྱིས་འཁོར་ལོ་གསུམ་སྤྱད་དེ་མངོན་པར་བསྟན་དུ་ཟིན་ཀྱང་། མི་དེས་མཐོང་བ་མ་བཏང་ན་མི་གཞན་གྱི་ཁ་ཟས་ཁམ་གཅིག་ཀྱང་མི་ཞུ་ན། ལམ་གྱི་འབྲས་བུ་མི་ཐོབ་པ་ལྟ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ་བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བས་མྱ་

เล่ม ๕๔ · หน้า 196b

ངན་ལས་འདས་པ་ཐོབ་པ་ནི་ཕལ་ཐ་མལ་པ་ཐམས་ཅད་ཀུན་གྱིས་ཞི་བར་འདས་པའི་རིགས་སོ། །ཅིའི་ཕྱིར་ཞེ་ན། བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་ནི་ཀུན་ཡོན་པོ་མཐོང་བ་ཡིན་ནོ། །མི་ཕལ་ཐ་མལ་པ་རྣམས་དང་། བདག་ཏུ་ལྟ་བའི་གནས་དང་། གང་ཟག་ཏུ་ལྟ་བའི་

འདོད་ཆགས་མང་སྟེ། དེ་ལྟ་བས་ན་ཐ་མལ་པ་ཐམས་ཅད་ཀྱིས་མྱ་ངན་ལས་འདས་པ་ཐོབ་པའི་རིགས་སོ་ཞེས་བྱས་སོ། །ཤཱ་རིའི་བུ་མི་ལ་ལ་ཞིག་གིས་བསམས་པ་བྱས་ཏེ། བདག་ཡོད་གང་ཟག་ཡོད་ཅེས་མི་དེས་དེ་ལྟ་བུའི་མཐོང་བ་མ་བཏང་བར་མྱ་ངན་ལས་འདས་པ་ཆུད་དུ་ཟིན་

ན། ཕལ་ཐ་མལ་པ་ཐམས་ཅད་ཀྱིས་འཕགས་པའི་ལམ་ཐོབ་པའི་རིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཕལ་ཐ་མལ་པ་ཐམས་ཅད་ཀུན་ནི་བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་ཡིན་ཏེ། དེ་ལྟ་བས་ན་བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བས་མྱ་ངན་ལས་འདས་པར་ཆུད་ན་ནི་ཕལ་

ཐ་མལ་པ་ཀུན་གྱིས་འཕྲུལ་གྱི་ལམ་དུ་ཆུད་དེ། འཕགས་པའི་ནང་ན་ནི་ཇི་ཡང་ཉུང་བ་མེད་དོ། །ཤཱ་རིའི་བུ་མི་ལ་ལ་ཞིག་གིས་སེམས་བྱ་སྟེ། བདག་ཏུ་ལྟ་བ་ཡོད་པ་ལ་མྱ་ངན་ལས་འདས་པ་ཡོད་དུ་ཟིན་ན་མི་དེས་འཕགས་པའི་ལམ་ཐོབ་ཀྱིས་གཞན་བསམ་མི་དགོས་སོ། །ཅིའི་ཕྱིར་

ཞེ་ན། ཕལ་ཐ་མལ་པ་ཐམས་ཅད་ལ་བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་མི་ཉུང་བས་ན། དེ་ལྟ་བུའི་མི་གཏི་མུག་ལ་དེ་ལྟ་བུའི་ཉེས་འཁྲུལ་པ་ཡོད་དེ། ཕལ་ཐ་མལ་པ་རྣམས་ཀུན་གྱིས་འཕགས་པའི་ལམ་དུ་ཆུད་ཅེས་ཟེར་རོ། །འཕགས་པའི་འཕྲུལ་གྱི་ལམ་ལ་བཅིང་བ་མེད་དེ། མི་

དེས་སྤྱད་པའི་ཚེ་སྲོག་གཅོད་པ་ལྔ་མནོས། ལོག་པ་ལྔའི་སྡིག་བསྐྱོད་པ་རིགས་སོ། །དེ་ལྟ་བས་ན་མི་གཏི་མུག་གིས་འཕགས་པའི་ལམ་ལ་ལོག་པ་ལྔའི་སྡིག་ཡོད་དོ། །ཅིའི་ཕྱིར་ཞེ་ན། ཕལ་ཐ་མལ་པ་ཐམས་ཅད་ཀུན་ནི་བདག་ཏུ་ལྟ་བ་ཡོད། སེམས་ཅན་ཡོད་ཅེས་འཆད་དོ། །མི་ལ་ཚིག་

དེ་སྐད་ཟེར་ན་ལོག་པ་ལྔའི་སྡིག་འབྱོར་གྲུབ་སྟེ། མྱ་ངན་ལས་འདས་པར་མི་ཆུད་དོ། །བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བར་བཅད་པས་མྱ་ངན་ལས་འདས་པར་ཆུད་ཅེས་ཟེར་ན་བརྫུན་གྱི་ཚིག་ཡིན་ཏེ། སངས་རྒྱས་ལ་ཡང་སྐུར་པ་ཡིན་ནོ། །གཅིག་ཏུ་ན་ངའི་ཆོས་ཀྱི་ནང་ན་གཙང་གདང་

เล่ม ๕๔ · หน้า 197a

བར་ཁྱིམ་ནས་བྱུང་སྟེ་ཐོབ་པར་མ་ནུས་པ་ཞེས་ཀྱང་བྱའོ།། །།སངས་རྒྱས་ཀྱི་མཛོད་བཤད་པའི་ཆོས་ཀྱི་ཡི་གེ། བམ་པོ་བཞི་པ། སངས་རྒྱས་ཀྱི་མཛོད་བཤད་པའི་ཆོས་ཀྱི་ཡི་གེ་གཙང་མ་མཐོང་བའི་ལེའུ་འོག་མའོ།། །།ཤཱ་རིའི་བུ་ངས་ཁྱོད་

ལ་བྱེ་བྲག་ཕྱེད་པར་བསྒོའོ། །ཐོབ་པ་ཡོད་དོ་ཅོག་ལ་ནི་མྱ་ངན་ལས་འདས་པ་མེད་དོ། །ཐོབ་པ་ཡོད་དོ་ཅོག་ལ་ནི་མྱ་ངན་ལས་འདས་པ་ཡོད་དུ་མ་ཡིན་ན་དེ་ནི་སངས་རྒྱས་རྣམས་འཇིག་རྟེན་དུ་ཡང་མི་འབྱུང་ངོ་། །ཕལ་ཐ་མལ་པ་ཐམས་ཅད་ཀྱིས་ཀྱང་མྱ་ངན་ལས་འདས་པར་ཆུད་དོ། །ཅིའི་ཕྱིར་

ཞེ་ན། ཕལ་ཐ་མལ་པ་ཐམས་ཅད་ཀུན་ལ་བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་ཡོད་དོ། །ཀུན་ལ་ཐོབ་པ་འཛིན་པ་མེད་དེ་དེ་ཀུན་ཡོན་པོ་མཐོང་བ་ཡིན་ནོ། །ཤཱ་རིའི་བུ་ཁྱོད་ཀྱིས་རེ་ཞིག་ངས་ཅི་སྲིད་ལོན་ན་འབྱོར་པ་ལྟོས་ཤིག །ཐོབ་པ་དང་། མཐོང་བ་ཡོད་དོ་ཅོག་ནི་མཛངས་ཤིང་འཕྲུལ་

པའི་སྤྱོད་པ་མ་ཡིན་ཏེ། སངས་རྒྱས་རྣམས་ཀྱིས་ང་ལ་ཁྱོད་མ་འོངས་པའི་དུས་ན་སངས་རྒྱས་བྱེད་པ་ཐོབ་བོ་ཞེས་ལུང་མ་བསྟན་ཏོ། །ཤཱ་རིའི་བུ་ངས་དེ་ལྟ་བུ་སྤྱད་ན་འོན་ཀྱང་ལུང་བསྟན་པ་མ་ཐོབ་ན། དེ་ལྟ་བུ་མི་གཏི་མུག་གིས་ཚུལ་ཁྲིམས་འཛིན་པ་དང་། མང་པོ་ཐོས་པ་དང་། བསམ་

གཏན་དུ་ཐུབ་པ་ལ་སོགས་པ་འབའ་ཞིག་སྤྱད་དེ། བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་སྐྱེས་པས་མི་ཐོབ་པ་ལྟ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ་ངས་བཤད་པ་དེ་ལྟ་བུའི་མིང་ནི་མིང་སྤྱོད་པ་ཞེས་ཀྱང་མི་བྱ། མིང་ཐོབ་པ་ཞེས་ཀྱང་མི་བྱའོ། །དེ་ཅིའི་ཕྱིར་

ཞེ་ན། ཤཱ་རིའི་བུ་ཉིན་མཚན་དེ་ལྟ་བུའི་ཡོན་པོ་མཐོང་བ་ལ་འདོད་ཆགས་དེ་ཞི་བར་འདས་པར་མ་ཐོབ་བོ། །དེ་ལྟ་བུའི་མི་གཏི་མུག་གིས་འདི་སྙམ་དུ་བདག་ལ་སོགས་པ་ཅིའི་ཕྱི་ནས་བདག་དང་གང་ཟག་གིས་ཆོས་མེད་པ་སྤྱོད་པ་སྦྱངས་ཏེ། མི་དེས་བདག་ལ་སོགས་པ་སྡུག་བསྔལ་མང་པོ་

ཕུང་ཆོད་ཀྱང་རུང་སྲིད་ན། འདི་སྙམ་སེམས་བྱས་སོ། །ཤཱ་རིའི་བུ་ཐོག་མ་སྐྱེས་པ་ནས་ལོང་བའི་མི་ཁྱི་ཟ་བ་ལས་བྲོས་ཏེ་བྱོལ་ནས་མེ་དོང་ཟབ་མོར་ལྷུང་བ་དང་མཚུངས་སོ། །ཤཱ་རིའི་བུ་ངས་སྨྲས་པ། མི་གཏི་མུག་གིས་དེ་ལྟ་བུར་བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། ཐོབ་པ་ཡོད་

เล่ม ๕๔ · หน้า 197b

པར་མཐོང་བ་སྤྱད་སྦྱངས་ཏེ། དེ་ལྟ་བུའི་མཐོང་བ་རྣམས་སྤྱད་དེ། གཙང་གདང་ན་འདོད་ཅིང་རེ་བ་ནི་མི་དེ་འདོད་ཅིང་ཆགས་ལ་འབྲེངས་ཏེ། དེ་ལྟ་བུའི་དོན་སྤྱད་པས་མྱ་ངན་ལས་འདས་པ་ཐོབ་པར་འདོད་ན་ངས་མིང་མཐར་ལམ་ངན་པར་ལྷུང་ཞེས་བཤད་དོ། །ཤཱ་རིའི་བུ་དཔེར་མི་ལོང་བ་

མེ་དོང་ཟབ་མོ་བདེ་སྐྱིད་པའི་སེམས་སྐྱེས་པ་དང་མཚུངས་སོ། །དེ་ལྟ་བུའི་མི་གཏི་མུག་ཀྱང་བདག་དང་། གང་ཟག་ཏུ་ལྟ་བ་དང་། ཐོབ་པ་ཡོད་པར་མཐོང་བ་ལ། བདེ་སྐྱིད་པའི་སེམས་སྐྱེས་ཏེ། མི་དེ་ཉིན་མཚན་དུ་ཆགས་པ་ལ་འབྲེངས་པས་བརྙས་བསླུས་ནས་སླར་

དོན་དེ་ལ་ཆགས་ཏེ། ངའི་ཆོས་ཀྱི་ནང་དུ་ཡོན་བླངས་ནས་དེ་ལྟ་བུའི་མི་གཏི་མུག་ཉིན་མཚན་དུ་རྒུད་པའི་མྱ་ངན་གྱིས་ལམ་ངན་པའི་ནང་དུ་ལྷུང་ངོ་། །ཤཱ་རིའི་བུ་དཔེར་མི་སྤྱིའི་ལུགས་ཀྱི་རྒྱལ་པོ་ཆེན་པོ་དང་མཚུངས་ཏེ། བདག་གི་ཁམས་ཀྱི་ཡུལ་གྱི་ནང་ན་བརྗིད་ཀྱི་སྟོབས་རང་དབང་

སྟེ། མི་དེ་ལྟ་བུ་ཞིག་ཕྲོག་པའི་རིགས། མི་དེ་ལྟ་ཞིག་བཀོལ་བའི་རིགས་ཞེས་ཟེར་ཏེ། མི་ཕལ་གཞན་རྒྱལ་པོའི་ཡིད་དང་འགལ་ཏེ། རྒྱལ་པོ་ཉེས་པ་ངན་པ་བརྗོད་ནས་མིའི་སེམས་གྱེས་ཤིང་ཞིག་པས་མཁར་གྱི་རིམ་གྲོ་མ་ནུས་ཏེ། ལོག་པར་བགྲོས་པ་རྒྱལ་པོས་མི་དེ་དག་

དགྲ་ཆེན་པོ་ཡིན་པར་རིག་ནས་ཕལ་མང་པོའི་ནང་དུ་རྔ་སྒྲ་ངན་པ་བརྡུངས་ཏེ། དེའི་ཉེས་པ་ཤིན་ཏུ་བཅོམ་ནས་བསྐྲད་དེ། འགོང་ཐོན་དུ་བྱུང་ངོ་། །དེའི་སྙིང་ཉེ་བ་ཟད་ཀྱིས་བཙལ་ན་མཁར་གྱི་རིམ་གྲོ་བྱ་མ་ནུས་པས་ན་དེ་ལྟ་བུའི་སྡུག་བསྔལ་ཐོབ་བོ། །ཤཱ་རིའི་བུ་སངས་རྒྱས་ཀྱང་དེ་དང་

མཚུངས་ཏེ། བསྐལ་པ་གྲངས་མེད་པའི་བར་དུ་བླ་ན་མེད་པའི་གཡུང་དྲུང་རྫོགས་པའི་བྱང་ཆུབ་སྤྱད་སྦྱངས་ཏེ། ཆོས་ཀྱི་རྒྱལ་པོ་ཆེན་པོ་བྱས་སོ། །ཆོས་ཀྱི་ཡུལ་ས་བཟུང་གཟི་བརྗིད་ཀྱི་མཐུ་ཆེན་པོ་ཡོད། སློབ་མ་རྣམས་ཀྱི་ནང་ན་ཆོས་ཀྱི་རོ་ཤེས་པ་ཡོད་དེ་སྲོག་སྟོར་ལ་ཐུག་ཀྱང་ངས་

བསྟན་པ་མ་ཉམས། ལྷ་དང་འཇིག་རྟེན་མི་རྣམས་ཀྱིས་གཞིག་ནུས་པ་མེད་དེ། བསྟན་པ་མནོས་པའི་ནང་ན་བདག་ལ་ངན་ཅིང་བདག་ལོག་པ་ཡང་མེད། གཞན་ལ་ཡང་མི་སྟོན་ཏོ། །དཔལ་གྱི་ནང་ན་གཟི་བརྗིད་ཀྱི་མཐུ་ཆེན་པོ་ཡོད་པས་རང་དབང་གིས་ཆོས་བཙུགས་ཏེ། ཆོས་ཀྱི་

เล่ม ๕๔ · หน้า 198a

མཁར་རིམ་གྲོ་བསྲུངས་ནས་དགྲ་ངན་པས་བཤིག་དྲལ་ཅིང་མི་ཆུད་པར་བྱས་སོ། །ཡང་དག་པར་གཤེགས་པའི་གསང་བའི་ཆོས་བཤད་པ་སེམས་ཐག་པ་ནས་མནོས་ཏེ། ཁོན་མི་དགྲ་ཆེན་པོ་མཐོང་བ་རྣམས་ལ་བཤད་དོ། །ཤཱ་རིའི་བུ་ཡང་དག་

པར་གཤེགས་པ་དེ་ལྟར་བཞུགས་པས་ཆོས་ཀྱི་མཁར་རིམ་གྲོ་མཁས་ལ་སློབ་མ་ཆེན་པོ་དེ་བཞི་ཤེས་རབ་ཟབ་ཅིང་རྒྱང་རིང་བ་ད་ལྟར་དེའི་ཆོས་ཀྱི་མཁར་ཞིག་རལ་མི་དོགས་སོ། །ལ་ལ་ཞིག་ཆོས་ཀྱི་མཁར་ལ་བསྒྲིབས་ཤིང་བགེགས་བྱེད་ན་དགྲ་ཆེན་པོ་ཡིན་ཏེ། ཆོས་ཀྱི་མཁར་

བཤིག་དྲལ་ལ་ངའི་ཆོས་གསང་བསྒུས་ཏེ། མུར་འདུག་ལ་འཆད་དོ། །མི་རྟག་པར་ངའི་ཐད་དུ་འོངས་ཏེ་ང་དང་གཏམ་བྱས་ནས་དེ་ལ་ཆོས་བསྟན་ན་གཙང་ཞིང་གཅེས་པ་མ་བཤད་ན་མི་དེས་ཆོས་བསྟན་པ་བཙལ་བའི་ཕྱིར་ཁྱིམ་ནས་བྱུང་སྟེ། ཚུལ་ཁྲིམས་མནོས་པས་ན། ངས་མི་དེས་

ཕྱིས་ལམ་ཐོབ་པར་རིག་པར་ཤེས་པས་ཁྱིམ་ནས་བྱུང་བར་གནང་སྟེ་ཟླ་བ་བཞིའི་བར་དུ་སད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་མཁར་གྱི་རིམ་གྲོ་བྱ་བའི་ཕྱིར་རོ། །གཅིག་ཏུ་ན་མ་འོངས་པའི་དུས་ཀྱི་དགྲ་སླར་མི་ལྡང་བ་བྱ་བའི་ཕྱིར་རོ། །དེ་ལྟ་བུར་ཡང་དག་པར་གཤེགས་པར་ཆོས་ཀྱི་

མཁར་བསྲུང་བ་མཁས་པས་གླགས་མི་རྙེད་པར་བྱས་ཏེ། དེ་ནི་སངས་རྒྱས་ཀྱིས་བསྟན་པ་མནོད་ཅིང་སྔོན་གྱི་ངན་པ་ཡོན་པོ་མཐོང་བར་བྱས་སོ། །དགེ་སློང་ཕལ་མང་པོ་རྣམས་ཀུན་དགའ་གཞའ་སྟེ་ཁྱིམ་ནས་བྱུང་བར་གནང་སྟེ། ཚུལ་ཁྲིམས་ནོད་པ་ཐོབ་ཟིན་ནས་ལྷ་དང་མི་དང་འཇིག་རྟེན་

གྱིས་བསྐྱོད་ཅིང་བསྒྱུར་མི་ནུས་སོ། །ཤཱ་རིའི་བུ་གང་ལ་སོགས་པ་སད་དུ་རུང་བ་ཞེས་བྱས་ན་དེ་ནི་མུར་འདུག་གི་མིང་དང་། མུར་འདུག་གི་ཆོས་ལ་སྲེད་པའོ། །ཤཱ་རིའི་བུ་གང་ལ་སོགས་པ་མུར་འདུག་གི་ཆོས་ལ་སྲེད་པ་ཡིན། དེ་ནི་ཐོབ་པ་ཡོད་དུ་འཛིན་པ་དང་། བདག་ཏུ་ལྟ་བ་དང་། གང་

ཟག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། ཡོན་པོ་ལ་འདོད་ཆགས་པ་དང་། ཉིད་ཀྱི་མཚན་མ་སྟོང་པའི་ཆོས་ལ་ཐེ་ཚོམ་གྱི་སེམས་སྐྱེ་བ་དང་། ཡོན་པོ་སྒྱུ་མ་མི་བདེན་པའི་སེམས་སྒྱུ་མའི་ཆོས་རྣམ་པ་མང་པོ་མནོས་པ་སྤྱད་དེ། མཆོག་གི་གཞུང་སྟོང་པར་འཇུག་མི་ཕོད་ཅིང་ཡོན་

เล่ม ๕๔ · หน้า 198b

པོའི་ལམ་རྣམས་སྤྱོད་པ་སྟེ། མི་དེའི་མིང་མུར་འདུག་གི་ཆོས་ལ་སྲེད་པ་ཞེས་བྱའོ། །ཤཱ་རིའི་བུ་སད་དུ་མི་རུང་བ་ནི་ཁ་དོག་རྣམ་པ་མང་པོ་སྤྱོད་པ་མི་གོས་སྐྱ་བོ་ཅན་ཡང་རུང་། ཆོས་གོས་བགོས་པ་ཡང་རུང་། དེ་ལྟ་བུ་མི་བདེན་པ་ཐོབ་བོ། །ཡོད་པར་མཐོང་བ་ཀུན་གྱི་མིང་

མུར་འདུག་ཅེས་བྱའོ། །ངའི་ཆོས་ཀྱི་ནང་ནས་བྱུང་ལ་ཚུལ་ཁྲིམས་མནོས་པ་དེ་ལྟ་བུའི་མི་ནི་སད་པའི་རིགས་སོ། །ཅིའི་ཕྱིར་ཞེ་ན། ཐོབ་པ་ཡོད་པར་འཛིན་པ་ནི་ངའི་ཆོས་ཀྱི་ནང་ན་ཡོན་པོ་ལ་ལྟ་བ་ཡིན་ཏེ་དེའི་མིང་དགྲ་ཆེན་པོ་ཞེས་བྱའོ། །འཇིག་རྟེན་ཐམས་ཅད་ཀྱི་ནང་ན་ལྷ་

དང་མིའི་དགྲའོ། །དེའི་མིང་འཇིག་རྟེན་ཐམས་ཅད་ཀྱི་དགྲ་སྡང་བ་སྟེ། སངས་རྒྱས་རྣམས་ཀྱི་དགྲ་ཆེན་པོའོ། །ཤཱ་རིའི་བུ་ཡོན་པོ་ལྟ་བུའི་མི་དེ་ངས་ཀྱང་ཁྱིམ་ནས་བྱུང་ཞིང་ཚུལ་ཁྲིམས་མནོད་དུ་མ་གནང་ངོ་། །ཤཱ་རིའི་བུ་ཆོས་སོ་ཅོག་ཐམས་ཅད་ལ་བདག་ཏུ་ལྟ་བ་མེད་དོ། །མི་

ལ་ལ་ཞིག་གིས་དེ་ལ་བཟོད་པ་སྐྱེ་བ་དང་། ཆོས་སོ་ཅོག་སྟོང་པ་དང་བདག་ཏུ་ལྟ་བ་མེད། གང་ཟག་ཏུ་ལྟ་བ་མེད། སེམས་ཅན་མེད། ཚེ་སྲོག་མེད་པར་མི་ནུས་ཤིང་ཡིད་ཆེས་ཤིང་ཤེས་པར་མ་ནུས་པའི་ཆོས་ཀྱི་ནང་དུ་ཡོན་ལེན་ན་མིང་མི་གཙང་བ་ཞེས་བྱ་སྟེ། མི་དེས་སངས་རྒྱས་ལ་

ཡོན་མི་འབུལ་ཆོས་ལ་ཡོན་མི་འབུལ། དགེ་འདུན་ལ་ཡོན་མི་འབུལ་བར་ནན་གྱིས་ངའི་ཆོས་སུ་ཞུགས་ཏེ་ལུས་ནི་དགེ་སྦྱོང་ཡིན་ལ་སེམས་ནི་མུར་འདུག་ཡིན་ཏེ། ཆོས་རྐུ་བའི་མི་ཞེས་བྱའོ། །ཤཱ་རིའི་བུ་མ་འོངས་པའི་དུས་ན་དགེ་སྦྱོང་ཞིག་ཡོད་པ་ལུས་མི་འཆོས། ཚུལ་ཁྲིམས་མི་སྤྱོད།

སེམས་མི་འཆོས། ཤེས་རབ་མི་སྤྱོད་དེ་ཡང་དག་པར་གཤེགས་པས་བཤད་དོ་ཅོག་དང་ཡང་དག་པར་གཤེགས་པས་སྤྱད་དོ་ཅོག་ལ་ཡང་བྲུན་ཏོ་བརྙས་སོ། །ཡང་དག་པར་གཤེགས་པས་ནི་རྟག་པར་མཆོག་གི་གཞུང་གི་སྟོང་པ་ལ་རི་མོ་གུས་ཤིང་ཡོན་གསོལ་ཏེ་རྟག་པར་སྤྱོད་པ་ལ་

སྲེད་ན། དགེ་སློང་དེ་རྣམས་ཀྱིས་ཡང་དག་པར་གཤེགས་པས་ཡང་དག་པའི་དབྱིངས་མཐའ་ཡུན་དུ་སྟོང་པའི་ཆོས་སྤྱོད་པ་ལ་ཡང་ཞིང་བྲུན་ཏོ། །ཤཱ་རིའི་བུ་དེའི་ཚེ་དགེ་སློང་ལ་ལ་ཉོན་མོངས་པའི་ལས་སྤྱོད་པ་ཡོད་ན་ཡང་ཀུན་གྱིས་བརྙས་ཏེ་བྲུན་ཏོ། །ད་ངའི་སློབ་མ་སྟོང་པ་སྤྱོད་པ་ཡོད་ན་

เล่ม ๕๔ · หน้า 199a

ངས་དགའོ་ཞེས་བསྟོད་དེ། སེམས་བདེ་བར་བབ་པ། དེའི་ཚེ་མི་དེས་སྟོང་པ་སྤྱོད་པ་ཡང་བརྙས་ཏེ། མི་སྲ་མི་མཁྲངས་འབའ་ཞིག་གིས་དོན་ཚོལ་ལོ། །བདག་ཏུ་ལྟ་བ་ཡོད་པ་དང་། ཆོས་སོ་ཅོག་ཡོད་པ་སྤྱད་དེ། དེ་ལྟ་བུ་ལ་སོགས་པའི་དོན་གྱིས་ཕལ་

གྱི་སེམས་དགའ་བར་བྱས་སོ། །ལ་ལ་ཞིག་གིས་ཆོས་སོ་ཅོག་སྟོང་པར་བཤད་ན་མི་དེ་ལ་ཡང་བརྙས་སོ། །ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཆོས་ནི་དེ་བཞིན་པའི་རིགས་ཏེ། སེམས་ཀྱི་དགེ་བའི་རྩ་བ་ཆད་དུ་བྱེད་ན་ཕྱི་མོ་གཟུགས་མངོན་པར་བྱུང་ངོ་། །ཡང་དག་པའི་བདེན་པ་དམ་

པའི་ཆོས་འཇིག་རྟེན་ན་འདུག་ན་གནོད་པ་མེད་དེ། དཔེར་མི་གཏི་མུག་གིས་སྤོས་ཙན་དན་དང་ཤིང་ངན་པ་གཉིས་འདྲ་བར་འཛིན་པ་དང་མཚུངས་སོ། །ཤཱ་རིའི་བུ་སངས་རྒྱས་བསོད་སྐྱབས་ཀྱིས་བཤད་པ། མ་འོངས་པའི་དུས་ན་སངས་རྒྱས་ཤཱཀྱ་ཐུབ་པའི་སློབ་མ་རྣམས་ཀྱིས་

གསོ་བའི་ཁེའི་ཕྱིར་གོས་སྐྱ་བོ་ཅན་རྣམས་ལ་མཆོག་གི་གཞུང་སྟོང་པ་བཤད་ན། དེའི་ཚེ་ཁྱིམ་ན་འདུག་པ་དང་། ཁྱིམ་ནས་བྱུང་བ་གཏི་མུག་མང་པོས་མ་མནོས་སོ། །ལོག་གལ་ནས་ཡིད་མི་ཆེས་ཤིང་སླར་འཕྱ་སྐུར་ནས་བསོད་ནམས་ཆེན་པོ་སྟོར་ཏོ། །རྒྱུ་རྐྱེན་འདི་ལྟ་བུ་སྤྱད་

པས་ན་མཐར་ལམ་ངན་པར་ལྟུང་ངོ་། །ཤཱ་རིའི་བུ་དེའི་ཚེ་འགལ་བ་མང་པོ་ཡོད་དོ། །རྩོད་པ་འཆང་། བདག་ཏུ་ལྟ་བ་འཆང་། གང་ཟག་འཆང་། སེམས་ཅན་འཆང་། ཚེར་འཛིན་པ་འཆང་། སྲོག་ཏུ་འཛིན་པ་འཆང་ངོ་། །དགེ་བའི་ཆོས་ཉུང་ངུ་བྱེད་པས་གསོ་བའི་ཁེ་

འབའ་ཞིག་ལ་སྲེད་དེ། བདེན་པར་གཏི་མུག་ཡིན་ན་རང་ན་རེ་ཤེས་རབ་ཡོད་ཅེས་ཟེར་རོ། །གཅིག་ལ་གཅིག་ལོག་གལ་དེ་རྟག་པར་འཐབ་རྩོད་ཅིང་དོན་ཡོད་པ་ལ་གཅོད་པ་སྲེད་དེ། ཁོན་དང་ཕྲག་དོག་གི་སེམས་སྐྱེས་ནས་མི་དེས་དགེ་སྦྱོང་གི་སེམས་བཏང་སྟེ་གསོ་བའི་ཁེ་འབའ་

ཞིག་ཚོལ་ལོ། །འཚོ་ནམ་གྱི་དོན་མང་པོ་ལ་སྲེད་དེ་སྦྱར་བ་གཅིག་པུ་མ་ཡིན་ནོ། །རྟག་པར་མི་གཞན་གྱི་གཡོ་འཚང་ཚོལ་བ་ལ་སྲེད་དེ། རང་གི་ཉེས་པ་སྦས་ནས་ལེགས་པའི་དོན་བརྗོད་ཅིང་བཤད་དོ། །ད་ལྟར་གྱི་དགེ་སློང་ནི་ལེགས་པའི་དོན་སྦས་བཅབས་ཏེ་རང་གི་ཉེས་

เล่ม ๕๔ · หน้า 199b

པ་ངན་པ་ཕྱུང་ངོ་། །དེ་ཙམ་གྱི་ཚེ་ཀུན་གྱིས་ཚུལ་ཁྲིམས་ལྕི་བས་བསྲུང་ཞིང་གཟུང་མི་ནུས་ཏེ་ཁོང་དུ་ཆུད་པ་མེད་དོ། །གཞུང་གི་བསོད་ནམས་བཤིག་སྟེ་ཆོས་སོ་ཅོག་མི་འགྱུར་ཞིང་ཉིད་ཀྱི་མཚན་སྟོང་པ་ལ་ཇི་ལྟ་བུར་བྱ་མི་ནུས་ཞེས་འཛེར་ཏོ། །རྩེད་མོ་བྱེད་པའི་མི་འདའ་རས་པ་བསྒྱུར་

ཅིང་བསྟན་པ་མང་པོ་བྱས་ནས་ཅི་ཡང་ཤེས་པ་མེད་པར་མཐོང་ན་ཤིན་ཏུ་བགད་དོ། །ཅིའི་ཕྱིར་ཞེ་ན། རྩེད་མོའི་ཆོས་མི་ཤེས་པས་འཐབ་སྟེ་ངོ་མཚར་སྙམ་སྟེ། ཡོད་དཀོན་པའི་སེམས་སྐྱེས་ནས་དངངས་དོགས་ཏེ་ཆེར་བགད་དོ། །དེ་ལྟ་སྟེ་ཤཱ་རིའི་བུ་དེའི་ཚེ་ཡང་དག་པའི་བདེན་པའི་

དགེ་སློང་གིས་སྟོང་པ་ཞི་བའི་ཆོས་འཆད་ན་སྲོག་གསོ་བའི་ཁེ་ཚོལ་བ་ཀུན་གྱིས་ཁྲེལ་ཏེ་བགད་དོ། །ཅིའི་ཕྱིར་ཞེ་ན། མི་དེས་སངས་རྒྱས་ཀྱི་ཆོས་ཀྱི་གཞུང་མ་རིག་པས་སྟོང་པའི་ཆོས་བཤད་པ་ཐོས་ནས་དངངས་དོགས་ཤིང་འཇིགས་སྐྲག་གོ། ཤཱ་རིའི་བུ་ཁྱོད་ཀྱིས་མི་འདི་ལ་ལྟོས་

དང་། བདེ་སྐྱིད་པའི་གནས་ལ་རྒུད་པའི་མྱ་ངན་སྐྱེས་སོ། །རྒུད་པའི་མྱ་ངན་གྱི་གནས་ལ་ནི་བདེ་སྐྱིད་པའི་སེམས་སྐྱེས་ཏེ། མི་དེ་ཕྱིན་ཅི་ལོག་པས་དགེ་བའི་ཆོས་ནི་ལོག་པར་སྤྱད། ངན་པའི་ཆོས་ནི་མ་ལོག་པར་སྤྱད་དོ། །ཤཱ་རིའི་བུ་དེ་ལྟ་བུའི་མི་གཏི་མུག་ལ་སེར་སྣ་དང་། འདོད་

ཆགས་དང་། ཞེ་སྡང་དང་། གཏི་མུག་མང་དུ་སྲེལ་ཏེ། ཆོ་ག་ཚང་ནས་མི་དགེ་བ་གསུམ་གྱི་རྩ་བ་སྤྱད་དོ། །ཤཱ་རིའི་བུ་ངས་ཚུལ་ཁྲིམས་འཛིན་པའི་དགེ་སློང་ལ་ཕན་བསོད་པ་བྱ་བའི་ཕྱིར་ཚུལ་ཁྲིམས་ཉིས་བརྒྱ་ལྔ་བཅུའི་ཆོས་ཡིག་བཤད་དོ། །དེ་ལྟ་བུའི་མི་གཏི་མུག་གིས་

འཇིག་རྟེན་གྱི་རྒྱུ་རྐྱེན་ཆུང་ངུ་སྤྱད་དེ། ཁྱིམ་ན་འདུག་པ་ལ་བཤད་དེ་ཡི་གེར་ཡང་བྲིས་ནས་གོས་སྐྱ་བོ་ཅན་ལ་ཡང་བསྟན་ཏོ། །ཤཱ་རིའི་བུ་དེ་ལྟ་བུའི་མི་གཏི་མུག་གིས་བཤད་པ་ཆོས་སོ་ཅོག་སྟོང་པ་དང་། རང་གི་མཚན་མ་བྱ་ག་ལ་ནུས་ཞེས་འཛེར་ཏོ། །ཅིའི་ཕྱིར་ཞེ་ན། དེ་ལྟ་བུའི་མི་གཏི་

མུག་གིས་འཇུག་པ་དང་། བརྐམ་པ་དང་། མྱ་ངན་འཁྲུག་ཡང་བསལ་མི་ནུས་ན། མ་རིག་པའོ་ཅོག་ཆོ་ག་མ་ནུས་པ་ལྟ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ་དེའི་ཚེ་ཚུལ་ཁྲིམས་ལུགས་འཛིན་པའི་དགེ་སློང་དགེ་བ་སློབ་མི་ནུས་སོ། །ཆོས་སོ་ཅོག་སྟོང་པར་ཡང་ལེགས་པར་མི་སློབ་བོ། །མདོ་

เล่ม ๕๔ · หน้า 200a

སྡེ་ཁ་ཏོན་དང་ལེགས་པར་མི་སློབ་བོ། །ཤཱ་རིའི་བུ་ཚུལ་ཁྲིམས་ལུགས་འཛིན་པའི་དགེ་སློང་གིས་ལེགས་པར་སློབ་མི་ནུས་ཞེས་བྱ། ཡང་དག་གཤེགས་པས་ཆོས་ཡི་གེ་ནང་ན་བསླབས་བཤད་པ་གསུམ་ཡོད་དེ། དགེ་བའི་ཚུལ་ཁྲིམས་བསླབ། དགེ་བའི་

སེམས་བསླབ། དགེ་བའི་ཤེས་རབ་བསླབས་ཏེ། མི་དེས་བསླབ་པ་གསུམ་ལ་དགེ་བའི་བསླབ་མ་ནུས་ཏེ། མང་པོ་ཐོས་པ་རྒྱུ་རྐྱེན་འབའ་ཞིག་སྤྱད་ནས་མི་གཞན་ལ་ཡང་བརྙས་ཏེ། མི་དེ་ནི་དགེ་བའི་ཆོས་སྒྲིབ་ཅིང་གཅོད་པ་ཡིན་ཏེ། དེ་ལྟ་བུའི་མི་གཏི་མུག་གིས་ཆོས་བཞིན་དུ་ལན་གློན་

ཞིང་འདྲི་བར་ཡང་མི་ནུས་ན། མཐའ་ཡུན་དུ་ཅི་ཡང་མེད་པ་ལ་བརྩོན་འགྲུས་སྤྱོད་མི་ནུས་པ་ལྟ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ་དེ་ཙམ་གྱི་ཚེ་ཚུལ་ཁྲིམས་ཞིག་པའི་དགེ་སློང་ནི་གོས་སྐྱ་བོ་ཅན་གྱི་གཡོག་བྱེད་ཅིང་། ཕོ་ཉར་མངགས་ཤིང་གདུལ་བ་དང་། སྨན་གྱི་ཆོས་ཀྱིས་བདག་རང་གསོ་

བར་བྱེད་དོ། །ཤཱ་རིའི་བུ་ད་ཁྱོད་ལྟོས་ཤིག་དང་། མི་ངན་པ་དེས་ངའི་ཆོས་ལས་ཁྱིམ་ནས་བྱུང་ནས། ཚུལ་ཁྲིམས་མནོས་ནས་ཡོན་མནོད་པ་ཐོབ་ནས་སླར་ང་ལ་དགྲར་འཛིན་ཏོ། །ཤཱ་རིའི་བུ་དེའི་ཚེ་གནམ་ངོས་བཞིའི་ལྷའི་རྒྱལ་པོ་དང་དབང་པོ་དང་། ཚངས་པའི་རྒྱལ་པོ་ཆེན་པོ་དང་། བརྒྱ་

སྟོང་ཁྲི་འབུམ་གྱི་ལྷ་གཞན་ཀུན་ཀྱང་ངའི་ཆོས་ཀྱི་ནང་ན་དེ་ལྟ་བུ་ཞིག་ཉམས་པ་མཐོང་ནས་ཀུན་ཤིན་ཏུ་མྱ་ངན་བྱེད་ཅིང་མི་དགའ་སྟེ། ངུས་ནས་མཆི་མ་བབ་བོ། །ཤཱ་རིའི་བུ་དེ་བདེན་པར་ན་ང་ལ་རྟེན་ཅིང་གོས་སྐྱ་བོ་ཅན་གྱི་མཚན་མ་སྦྱོར་ཞིང་བྱེད་པའི་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། སངས་རྒྱས་

ཤཱཀྱ་ཐུབ་པའི་སློབ་མ་རྣམས་དང་། ལྷ་དང་། ཀླུ་དང་། ལྷ་མ་ཡིན་གྱིས་བཀོལ་ཞིང་བདག་པོ་ཡང་བྱ་བ་རིགས་ན། ཀླུ་དང་ལྷ་མ་ཡིན་གྱིས་ངའི་སློབ་མ་ལ་བཀོལ་ཞིང་བདག་པོ་མ་བྱས་ན་དེ་ལྟ་བུའི་མི་གཏི་མུག་གོས་སྐྱ་བོ་ཅན་ལ་ཉེ་བསྙེན་པས་ཆོས་སོ་ཅོག་གི་གཞུང་སྟོང་པ་བཤད་སྦྱངས་ཏེ་

ཁོང་དུ་ཆུད་པར་ནུས་ཞེས་ཟེར་ན་བདེན་པ་ཡོང་མེད་དོ། །ཤཱ་རིའི་བུ་དེའི་ཚེ་ཚུལ་ཁྲིམས་ཞིག་པའི་དགེ་སློང་གིས་ཆང་ཕོར་བུ་གང་ཞིག་ཐོབ་ནའང་གོས་སྐྱ་བོ་རྣམས་ལ་སངས་རྒྱས་ཀྱིས་དྲངས་བཤད་དོ། །ཁྱོད་ཀྱི་ཡིད་ལ་ཇི་སྙམ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་མང་པོ་དང་

เล่ม ๕๔ · หน้า 200b

ཆོས་ཡིག་ཀློག་པ་ལ་སྲེད་པ་མང་བ་དང་། ཐ་མལ་པའི་ཡི་གེའི་ཁེ་ལ་བརྐམ་ཞིང་སྤྱོད་པ་མི་གཙང་མི་གདང་བའི་མི་དེ་ལྟ་བུའི་མིས་ཅི་ཡང་མེད་པ་ཡུན་དུ་སྟོང་པའི་ཆོས་ཡིད་ཆེས་པར་ནུས་ཤིང་། དགེ་སྦྱོང་གི་འབྲས་བུ་ཆོ་ག་ཚང་བ་ཐོབ་པར་ནུས་སམ་མི་ནུས། བཅོམ་ལྡན་འདས་མི་

ནུས་ལགས་སོ། །ཤཱ་རིའི་བུ་དགེ་སློང་ལ་ལ་ཞིག་གིས་གོས་དང་ཁ་ཟས་དང་མལ་ཆ་དང་། རྩི་སྨན་ཐོབ་པ་ལ་ཕྱོགས་ན་ཚུལ་ཁྲིམས་འཛིན་པ་གཙང་གདང་སྟེ། མང་པོ་འཛིས་པ་དང་། ཅལ་ཅོལ་གྱི་ཚིག་ལ་མི་སྲེད། ཕྱི་ལོགས་ཀྱི་གཞུང་ལ་མ་ཆགས་ཏེ། ཉིན་མཚན་དུ་བརྩོན་

འགྲུས་པ་ནི་མགོ་ཚིག་པའི་ར་མདའ་བྱེད་པ་བཞིན་ཏེ། སེམས་གཅིག་ཏུ་དྲང་པོའི་འཕྲུལ་གྱི་ལམ་བརྒྱད་འགྲུས་པར་སྤྱད་ན་མི་དེས་འོན་ཀྱང་སྟོང་པའི་ཆོས་ཅི་ཡང་ཐོབ་པ་མེད་པའི་ཁོང་དུ་ཆུད་པར་དཀའ་ན། དེ་ལྟ་བུའི་མི་གཏི་མུག་ཟབ་མོ་འདོད་པ་མེད་པ་ཡིད་ཆེས་ཤིང་ཤེས་པ་

མེད་པ་ལྟ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ་ཁྱོད་ལྟོས་ཤིག་དང་། མི་དེ་ཡང་དག་པར་གཤེགས་པའི་བླ་ན་མེད་པའི་གཞུང་མ་ཤེས་པས་ན། ངའི་དྲང་པོའི་ཆོས་བཤིག་སྟེ་བདག་རང་གི་ལུས་དང་མི་གཞན་གྱི་རྒུད་པའི་མྱ་ངན་ཆེན་པོ་བྱས་སོ། །དེ་ལྟ་བུའི་དགྲ་ཆེན་པོ་ནི་འཇིག་རྟེན་

གྱི་དགྲ་ཆེན་པོ་ཡིན་ཏེ། ཆོས་ཀྱི་ཡི་གེ་འདིའི་ནང་ན་ཡང་ཡོང་བྲལ་བའི་རིགས་ཞེས་བཤད་དོ། །དེ་ལྟ་བུས་མིས་ནི་སངས་རྒྱས་ཀྱི་དྲིན་ཀྱང་མི་ཤེས་ཏེ་རང་གི་བསམས་པ་བདག་ལ་སོགས་པ་ཁྱིམ་ནས་བྱུང་སྟེ། ཆོས་འདིའི་ནང་ན་སྤྱད་པའི་མི་རིགས་པ་རྣམས་ནི་སྤྱད་པ་མི་རིགས་སོ་སྙམ་དུ་

སེམས་སོ། །དེ་ལྟ་བས་ན་ཤཱ་རིའི་བུ་ཡང་དག་པར་གཤེགས་པས་མ་འོངས་པའི་དུས་ལ་ཇི་ལྟ་བུ་ངན་པ་གཅད་པའི་ཕྱིར་ཆོས་འདི་ལྟ་བུ་བཤད་དོ། །དགེ་སློང་ལ་ལ་ཞིག་ཚུལ་ཁྲིམས་མནོས་སོ་ཅོག་ཞིག་ཅིང་། ཆོས་བཤིག་དྲལ་ལ་དྲང་པོའི་མཐོང་བ་བཤིག་པ་ཞིག་གིས་ཆོས་

ཡིག་འདི་ཐོས་ན་འཇིགས་སྐྲག་སྟེ། ཚུལ་ཁྲིམས་སླར་ཟློག་གོ། །ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་ཞིག་པའི་མི་ནི་སེ་གོལ་གཅིག་གཏོགས་པ་ཙམ་གྱི་བར་དུ་འཕགས་པའི་མི་གཟུགས་དང་། ཆོས་གོས་ཅན་འདུག་པའི་ནང་ན་འདུག་པ་མི་རིགས། ལ་ལ་ཞིག་གིས་ཆོས་ཡིག་འདི་ཐོས་

เล่ม ๕๔ · หน้า 201a

ཏེ་སེམས་དགའ་གཞའ་ན། མི་དེའི་མིང་སངས་རྒྱས་རྣམས་ཡོན་གསོལ། སངས་རྒྱས་ཀྱི་ལམ་སྲུང་ཞིང་རིམ་གྲོ་བྱེད་པ་ཞེས་བྱ་བ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེའི་མིང་སངས་རྒྱས་ལམ་ཡང་དག་པའི་དབྱིངས་ཞེས་བྱའོ། །ཕོ་དག་པ་མོ་དགེ་བ་ལ་ལ་ཞིག་དགེ་སྦྱོང་གི་ཆོས་

ཐོས་པར་འདོད་ན། ཆོས་ཡིག་འདི་ཉོན་ཅིག་དང་། བརྒྱ་སྟོང་ཁྲི་འབུམ་གྱི་དཔག་ཚད་འདས་པ་རིགས་སོ། །ཅིའི་ཕྱིར་ཞེ་ན། ཡང་དག་པར་གཤེགས་པ་སངས་རྒྱས་རྣམས་ཡུན་རིང་པོ་ཞིག་ལོན་ན། གདོད་འཇིག་རྟེན་དུ་འབྱུང་ངོ་། །འཇིག་རྟེན་དུ་འབྱུང་མོད་ཀྱི་བར་བར་དུ་ཟད་དོ། །

ལེའུ་དགུ་སྟེ་དོགས་པ་བྱེ་བྲག་ཕྱེད་པའི་ལེའུའོ།། །།སངས་རྒྱས་ཀྱིས་ཤཱ་རིའི་བུ་ལ་བཀའ་སྩལ་པ། མི་རྣམ་གསུམ་ཞིག་ཡོད་པས་ཆོས་ཡིག་བཤད་པ་འདི་ཐོས་ན་སེམས་ལ་མི་དགའ་མི་དད་དོ། །གསུམ་གང་ལ་སོགས་པ་ཞེས་བྱས་ན། གཅིག་ནི་ཚུལ་ཁྲིམས་

ཞིག་པའི་དགེ་སློང་ངོ་། །གཉིས་ནི་དགེ་སློང་ཡར་སྐྱེ་བའི་མིའོ། །གསུམ་ནི་ཆོས་འཆད་པ་མི་གཙང་བ་དང་། བདག་ཏུ་ལྟ་བ་ལ་འདོད་ཆགས་ཏེ། །མི་དེས་འདི་ལྟ་བུ་བདེན་པའི་མཚན་མ་ཟབ་མོ་ཆོས་ཡིག་བཞིན་དུ་མི་འགལ་བ་ཡོང་སྤངས་ནས། དམུས་ལོང་གི་སྡེ་དང་གྲོགས་ཀྱི་ཚང་

བར་གང་རྒྱས་སོ། །དེ་ལྟ་བས་ན་ཤཱ་རིའི་བུ་ངའི་ཆོས་ཡིག་འདི་བསླབས་ཏེ་ཁྱོད་ལ་གཏམས་བཅོལ་ཏོ། །ཅིའི་ཕྱིར་ནས་ཤེས་བྱས་ན། ཆོས་ཀྱི་ཡི་གེ་འདི་ཡང་དག་པར་གཤེགས་པའི་ཕྱི་ན། གཙང་གདང་བར་ཚུལ་ཁྲིམས་འཛིན་པའི་དགེ་སློང་སེམས་ལ་འདི་ལྟ་བུ་ཆོས་ཡི་གེ་ཟབ་མོ་

ལ་དགའ་ཞིང་དད་པ་སྐྱེ་བར་ནུས་པ་ཚུལ་ཁྲིམས་གཙང་གདང་བས་རྟག་པར་བསྡུ་ཞིང་འཛིན་པར་བྱའོ། །ཚུལ་ཁྲིམས་ཞིག་པ་ནི་རྟག་པར་བསྲིངས་སྤང་ངོ་། །ཅིའི་ཕྱིར་ཞེ་ན། གཏི་མུག་གིས་ཡང་དག་པའི་བདེན་པའི་དྲང་པོའི་ཚིག་བཤད་པ་ཐོས་ན་སྡུག་བསྔལ་ཡིན་པར་འཛིན་ཏོ། །ཤཱ་

རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་གིས་བྱད་གཟུགས་ཅིར་གྲུབ་པ་ཡང་དག་པར་གཤེགས་པས་ཞིབ་ཏུ་རྒྱ་ཆེར་བཤད་ཟིན་ཏོ། །ཤཱ་རིའི་བུ་ཚུལ་ཁྲིམས་བཤིག་པའི་དགེ་སློང་ནི་ཆོས་ཀྱི་ཚུལ་ཁྲིམས་འཛིན་པའི་ཆོ་ག་ལ་མ་དད་དོ། །གཏི་མུག་གི་མི་ནི་ཤེས་རབ་ལ་མི་དགའོ། །སེར་སྣ་ཅན་གྱི་མི་

เล่ม ๕๔ · หน้า 201b

ནི་སྦྱིན་པ་བཤད་པ་ལ་ཐོས་པར་མི་དགའོ། །ལེ་ལོ་ཡར་སྐྱེ་བ་ནི་དྲེགས་ཤིང་ལེ་ལོ་མེད་པའི་ཆོས་འདི་ཐོས་སུ་མི་དགའ་སྟེ། ཐོས་སུ་ཟིན་ནའང་དངངས་སྐྲག་པ་ནི་ཁུང་ཟབ་མོར་ལྷུང་བ་དང་མཚུངས་སོ། །འཇིག་རྟེན་གྱི་ཁེ་ལ་སྲེད་པ་ནི་ཞིམ་པོའི་རོ་ལ་འདོད་ཆགས་ཏེ། ཟས་ལ་

ཞེ་བསྐྲད་པ་ཐོས་ན། སེམས་ལ་མྱ་ངན་འཁྲུག་གོ། །མི་ལ་ལ་ཞིག་ཐ་མལ་པའི་ཡི་གེ་ཀློག་པ་ལ་སྲེད་ན། དེ་ལས་ན་ཐུབ་ཅིང་བདེན་དུ་ཟིན་པའི་འདུ་ཤེས་སྐྱེའོ། །ཚིག་ལ་འདོད་ཆགས་པ་ནི་ཅལ་ཅོལ་འཆད་པ་ལ་སྲེད་པའོ། །རང་བཟོའི་ཚིག་གི་སྙན་དངགས་འཆད་པ་ལ་

སྲེད་པ་ནི་སངས་རྒྱས་མཆོག་གི་གཞུང་ལ་གཙང་མའི་སེམས་མེད་པའི་སྟེང་དུ་ཆོས་འདི་ལ་ཡིད་མི་ཆེས་མི་གུས་སོ། །ཤཱ་རིའི་བུ་དཔེར་མི་མ་ནིང་དང་མཚུངས་སོ། །སྐྱེས་པའི་སྤྱད་པ་མེད་ན། སྐྱེས་པའི་ནང་དུ་ཕྱིན་པ་དང་མ་ནིང་གི་འདུ་ཤེས་སྐྱེད་དེ། སེམས་འདི་སྙམ་དུ་བྱེད་དོ། །

མི་འདི་གཞན་ལ་སོགས་པ་ཡང་བདག་དང་མི་མཚུངས་པ་མེད་སྙམ་བྱེད་དོ། །དེ་ལྟ་སྟེ་ཐ་མལ་པའི་ཡི་གེ་ལ་སྲེད་ཆགས་པ་ནི་རྟག་པར་ཚིག་རང་བཟོའི་སྙན་དངགས་པ་བརྒྱན་པ་ལ་སྲེད་དེ། སངས་རྒྱས་ཀྱི་མཆོག་གི་གཞུང་ལ་སེམས་ཀྱིས་རི་མོ་མི་གུས་སོ། །ཤཱ་རིའི་བུ་དེའི་ནང་ན་མི་ལ་

ལ་གཙང་གདང་བའི་ཆོས་ཡིག་འཆང་བ་ཡོད་ན་མི་དེ་ལ་ཡང་རི་མོ་མི་གུས་ཏེ། གཙང་གདང་བའི་ཚུལ་ཁྲིམས་འཛིན་པའི་དགེ་སློང་ལའང་ཡང་ཞིང་བཏུས་ཏེ། ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་མུར་འདུག་གི་ཆོས་ཡི་གེ་ལ་ནི་ཡང་དག་པའི་ཚིག་བདེན་པ་མེད་དོ། །ཆོས་ཀྱིས་དྲེགས་ཤིང་ལེ་ལོ་

དང་མཐོང་ཞིང་རང་ཆེ་འདོད་པའི་རིགས་སོ། །ཅིའི་ཕྱིར་ཞེ་ན། དོན་དེ་ནི་སྐྱོ་བྲལ་བའི་མིའི་ཕྱིར་མ་ཡིན་ནོ། །མྱ་ངན་ལས་འདས་པ་མིའི་ཕྱིར་མ་ཡིན་ཏེ། མི་དེས་ཡིད་ཆེས་པ་ལ་སོགས་པ་རྩ་བ་བཞི་ཉམས་པས་ན། གནས་སོ་ཅོག་ལེགས་པའི་དོན་ཡོད་པར་ཡིད་མི་ཆེས་པ་ནི་མ་ནིང་

དང་མཚུངས་ཏེ། མི་གཞན་ཀུན་ལ་བདག་དང་མཚུངས་ཞེས་ཟེར་རོ། །ཤཱ་རིའི་བུ་དམུས་ལོང་གིས་ཁ་དོག་རྣམས་མི་མཐོང་བ་དང་མཚུངས་སོ། །དེ་ནི་ནག་པོའི་ཁ་དོག་དཀར་པོའི་ཁ་དོག་སྟེ། དཀར་ནག་གི་ཁ་དོག་མཐོང་བ་མ་མཐོང་ངོ་། །བཟང་པོའི་ཁ་དོག་མ་མཐོང་ངོ་། །མི་

เล่ม ๕๔ · หน้า 202a

སྡུག་པའི་ཁ་དོག་ཀྱང་མི་མཐོང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེ་བརྒན་རྨ་མཐིང་གའི་ཁ་དོག་ཀྱང་མི་མཐོང་། རིང་ཐུང་སྦོམ་ཕྲ་ལ་སོགས་པའི་གཟུགས་མི་མཐོང་། སྐར་མ་ཉི་ཟླ་མ་མཐོང་སྟེ། ཉི་ཟླ་དང་སྐར་མ་མཐོང་

བ་དེ་ལྟ་བུའི་མི་ལོང་བས་ཐལ་བྱུང་སེམས་འདི་སྙམ་བྱས་སོ། །དཀར་གནག་གི་ཁ་དོག་མེད། དཀར་གནག་གི་ཁ་དོག་མཐོང་བ་མེད། བཟང་པོ་དང་མི་སྡུག་པའི་ཁ་དོག་བྱས་པ་མེད། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། མཐིང་ག་དང་། རིང་ཐུང་དང་། ཕྲ་སྦོམ་དང་།

ཟབ་མི་ཟབ་དང་། ཉི་ཟླ་དང་། སྐར་མའི་ཁ་དོག་མེད། ཉི་ཟླ་སྐར་མ་མཐོང་བ་མེད་པས་ན་གཞན་ཀུན་ཀྱང་བདག་དང་མཚུངས་སྙམ་དུ་འཛིན་ཏོ། །མི་དམུས་ལོང་གི་སེམས་ཕྱིན་ཅི་ལོག་པས་གནས་སོ་ཅོག་ཐམས་ཅད་ཀུན་ལ་མུན་གནག་ཆེ་ཟེར་རོ། །ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་

སློང་ལེ་ལོ་ཡར་སྐྱེ་བའི་མི་མུར་འདུག་གི་བཤད་པར་ལྟུང་ངོ་། །དགེ་སློང་ཡང་དེ་དང་མཚུངས་ཏེ། སངས་རྒྱས་ཀྱི་ཟབ་མོ་ཆོས་ལ་ཡིད་མ་ཆེས་མ་དད་དེ། ཁོང་དུ་ཆུད་པར་མ་ནུས་སོ། །ཆོས་སོ་ཅོག་སྟོང་ཞིང་ཅིའང་མེད་པ་ཐོས་ན་ཡིད་མི་ཆེས་མ་དད་དོ། །ཁོང་དུ་ཆུད་པར་མ་

ནུས་སོ། །ཤཱ་རིའི་བུ་མི་གཞན་བཞིན་དུ་ཁྱོད་ལ་སོགས་པའང་ཡོན་པོའི་དབྱིངས་སུ་ལྟུང་ཞིང་དྲང་པོའི་ཆོས་མི་ཐོབ་ཀྱིས་དོགས་སོ། །དྲང་པོའི་ཆོས་འདི་སྤྱོད་པ་ནི་མིང་ཡང་དག་པའི་བདེན་པའི་དགེ་སྦྱོང་ཞེས་བྱའོ། །ཁྱོད་ཀྱིས་ཐོབ་བོ་ཅོག་ལ་མི་དེས་ཡིད་མི་ཆེས་པ་དཔེར་མི་

དམུས་ལོང་ན་རེ་དཀར་གནག་ལ་སོགས་པའི་ཁ་དོག་མེད་ཅེས་ཟེར་བ་དང་མཚུངས་སོ། །ཤཱ་རིའི་བུ་མི་དེས་དེ་ལྟ་བུའི་ཡོན་པོའི་དབྱིངས་སུ་བཞུགས་ཏེ་མུར་འདུག་གི་བཤད་པ་བཙལ་ནས་མང་པོའི་འཇིགས་པའི་ཚིག་ལ་སྲེད་དེ། མྱ་ངན་འཁྲུག་པའི་རང་བཞིན་ངན་པ་དང་། ཆོས་ངན་པ་

སྐྱེས་ཤིང་འཕེལ་ཏོ། །མི་དེས་ཆོས་སོ་ཅོག་སྟོང་ཡང་ཡིད་ཆེས་པར་མི་འགྱུར་ན་ཁོང་དུ་མི་ཆུད་པ་ལྟ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ་ཁྱོད་ཀྱི་ཡིད་ལ་ཇི་སྙམ་ཝས་སེང་གེ་ལྟར་བྱས་ན་བསྒྲགས་ཟིན་ཏམ། ད་བསྒྲག་གམ། ཕྱིས་བསྒྲག །སེང་གེའི་འགྲོས་བྱས་ན་ད་འགྲོ་བ་དང་། ཕྱིས་

เล่ม ๕๔ · หน้า 202b

འགྲོ་བ་དང་། འགྲོས་ཟིན་པ་ནུས་སམ་མི་ནུས། བཅོམ་ལྡན་འདས་མི་ནུས་ལགས་སོ། །ཅིའི་ཕྱིར་ཞེས་བགྱིས་ན་ཝའི་ཁ་དོག་དང་སྟོབས་དང་། སྒྲ་སྐད་སེང་གེ་ཙམ་མི་ཕོད་དོ། །ཝས་ནི་ཝའི་སྒྲ་འབའ་ཞིག་བགྱི་ནུས་སོ། །སྒྲ་ཞིག་བགྱིར་བཏབ་ན་ཝའི་སྒྲ་འབའ་ཞིག་འབྱུང་སྟེ་

སེང་གེའི་སྒྲ་མ་ལགས་སོ། །དེ་ཡིན་ནོ། །ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་ལེ་ལོ་ཡར་སྐྱེ་བའི་དགེ་སློང་རང་དོན་དམ་པ་ཡིན་སྙམ་འཛིན་ཏོ། །ཆོས་འཆད་མི་གཙང་བ་ནི་འཛི་གེན་ཇིའི་བཤད་པ་མནོས་ཏེ། དོན་གཅིག་ལ་ཆགས་ཏེ་དམ་དུ་བཟུང་སྟེ་མ་བཏང་ངོ་། །འཇིག་རྟེན་གྱི་

ཁེ་ལ་བརྐམ་ཞིང་རིན་ཆེ་སྟེ་ཐ་མལ་པའི་ཡི་གེ་ཀློག་པ་ལ་སྲེད་པས་ཆོས་སོ་ཅོག་གི་བདེན་པ་ཁོང་དུ་ཆུད་པར་མ་ནུས་སོ། །མཚན་མ་མེད་པའི་ཆོས་ལ་ཡིད་ཆེས་ཤིང་མནོད་ནུས་ཞེ་ན། བདེན་པ་ཡོང་མེད་དོ། །ཤཱ་རིའི་བུ་དགེ་སློང་ལ་ལ་ཞིག་ལོ་གྲངས་ཀྱིས་རྒན་ཞིང་ལེགས་པ་ཡོད་ལ་

དགེ་སློང་གི་ནང་ན་ཀླུ་སྟེ། ཤེས་རབ་ཟབ་མོ་ཡོད་པ་དེ་ལྟ་བུའི་མིས་ཅིའང་མེད་པ་ཉིད་ཀྱི་མཚན་མ་སྟོང་པའི་ཆོས་དང་། བདག་ཏུ་ལྟ་བ་མེད་པ་དང་། གང་ཟག་མེད་པའི་ཆོས་ལ་ཡིད་ཆེས་པར་ནུས་སོ། །ཇི་ལྟ་ཞེ་ན། མི་དེ་མང་པོ་འཛིས་པའི་ཚིག་གོ་ཅོག་དང་དགེ་འདུན་ལ་མི་སྲེད་དོ། །

ཆོས་ཡིག་ཀློག་པ་དང་། གཉིད་ཀྱིས་ལོག་པ་དང་། དོན་མང་པོ་ལ་མི་སྲེད། གོས་སྐྱ་བོ་ཅན་གྱི་འཚོ་ནམ་དང་དོན་མི་བྱེད། ཕོ་ཉར་མངག་ཅིང་ཡི་གེ་ཁྱེར་ཞིང་སྐྱེལ་བ་མི་བྱེད། སྨན་གྱི་ཆོས་མི་བྱེད། སྨན་དཔྱད་མི་ཀློག །ཚོང་སྤོགས་མི་བྱེད། འཇིག་རྟེན་གྱི་ཚིག་བརྗོད་ཅིང་སྨྲ་བ་

ལ་མི་སྲེད་དོ། །འཇིག་རྟེན་ལས་འབྱུང་བ་བཤད་པ་འབའ་ཞིག་ལ་དད་ཅིང་དགའོ། །མི་ཆོས་སོ་ཅོག་སྟོང་པར་ཡིད་ཆེས་པར་ནུས་ཏེ། ཆོས་སོ་ཅོག་མེད་ཅིང་མི་ལྡན་མི་འཇུག་གོ། །མི་དེ་ལྟ་བས་ན་གདོད་ཡང་དག་པའི་བདེན་པའི་དབྱིངས་སུ་གྲུབ་པར་ནུས་ཏེ། བདེན་པ་བཞིན་གྱི་ཡང་

དག་པའི་སེང་གེའི་སྒྲ་ནུས་ཏེ། ཝའི་སྒྲ་མ་ཡིན་ནོ། །ཤཱ་རིའི་བུ་དགེ་སློང་ལ་ལ་ཞིག་ཐ་མལ་པའི་ཡི་གེའི་གཞུང་ལ་ཆགས་པའི་ཞིག་ཡོད་ན་མི་དེས་སངས་རྒྱས་ཀྱི་ཟབ་མོ་དམ་པའི་མཆོག་བཏང་སྟེ། མུར་འདུག་གི་ཆོས་ཁ་ཏོན་དང་། གཟུགས་སུ་འཛིན་པ་ཞེས་བྱའོ། །ཕལ་

เล่ม ๕๔ · หน้า 203a

མང་པོའི་ཕྱིར་བཤད་ནའང་ཝའི་སྒྲ་འབའ་ཞིག་ཟེར་རོ། །ཤཱ་རིའི་བུ་དེ་ལྟ་བུའི་མི་ངན་པ་ནི་མིང་རུལ་པའི་དགེ་སྦྱོང་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། མུར་འདུག་གི་གཞུང་ཡིན་གྱི། སངས་རྒྱས་ཀྱི་ཆོས་མ་ཡིན་པའི་ཕྱིར་རོ། །ཤཱ་རིའི་བུ་མུར་འདུག་གི་ཆོས་ལ་

ཆགས་པའི་དགེ་སློང་ནི་བདག་རང་སངས་རྒྱས་ཀྱི་སློབ་མ་ཡིན་ཞེས་བརྗོད་པར་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། དགེ་སློང་ཤཱཀྱའི་བུ་ནི་འཛི་གེན་ཇིའི་ཆོས་མི་འཆད་དེ། ཕལ་མང་པོའི་ནང་ན་སངས་རྒྱས་ཀྱི་ཆོས་འབའ་ཞིག་འཆད་དོ། །མི་ལ་ལ་ཞིག་མི་གཙང་བའི་ཚིག་ལ་

ཆགས་ན་སེང་གེའི་སྒྲ་དབྱངས་ཀྱང་ཝའི་སྒྲ་སྐད་དུ་གྲགས་ཏེ། མི་དེ་སངས་རྒྱས་ཀྱི་ཆོས་ཀྱི་མཆོག་གི་གཞུང་ཤེས་པར་མི་ནུས་སོ། །ཤཱ་རིའི་བུ་ངས་ཁྱོད་ལ་བྱེ་བྲག་ཕྱེད་པར་བསྒོའོ། །མི་ལ་ལ་ཞིག་ཚུལ་ཁྲིམས་འཛིན་པ་དང་། བསམ་གཏན་ཐུབ་པ་དང་། ཤེས་རབ་ཆོ་ག་ཚང་

སྟེ། མི་འཇུང་། མི་བརྐམ། ཞེ་སྡང་གཏི་མུག་གིས་མ་ཞེན། གཙང་སྒྱུ་མི་སྲེལ། ངན་པས་སྐྱེས་པའི་སེམས་ཡོད། ཡང་དག་པའི་བདེན་པའི་ཚིག་སྨྲ་ཞིང་རྟག་པར་འབའ་ཞིག་གནས་ལ་སྲེད། ཉལ་ཞིང་གཉིད་ལོག་པ་ལ་མི་སྲེད། སྟོང་པ་མཚན་མ་མེད་པ་དང་། སྨོན་པ་

མེད་པ་དང་། འགོག་པ་མེད་པའི་སྤྱོད་པ་ལ་སྲེད་དོ། །ཟབ་མོ་འདོད་པའི་སེམས་སྐྱེས་ཏེ། སངས་རྒྱས་ཀྱི་ཆོས་ཀྱི་མཆོག་གི་གཞུང་ཤེས་པ་བཙལ་ནས། འཇིག་རྟེན་གྱི་ཚིག་ལ་ནི་མི་དགའ་འཇིག་རྟེན་ལས་འབྱུང་བའི་ཚིག་ལ་དད་དེ། ཚུལ་ཁྲིམས་རྣམས་རྫོགས་པར་བཟུང་

ནས། དོན་ངན་པ་ཐམས་ཅད་དང་། ངན་པའི་བཤེས་གཉེན་ཀུན་བསྲིངས་སྤངས་ཏེ། དེ་ལྟ་བུའི་ཆོས་ལ་གནས་པས་སྟོང་པ་ཅི་ཡང་མེད་པའི་ཆོས་ཤེས་པར་ནུས་སོ། །ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་སྤྱད་པ་དེའི་མིང་ནི་མི་ཆེན་པོའི་སྤྱོད་པ་ཞེས་བྱ་སྟེ། གསོ་བའི་ཁེ་ལ་བརྐམ་

ཞིང་སྲེད་པའི་ཁེ་མ་ཡིན་ཏེ། གཏི་མུག་བླུན་པོའི་ཐ་མལ་པའི་སྤྱོད་པ་མ་ཡིན་ནོ། །སུན་བྱུང་ཞིང་ཞིགས་པའི་དགེ་སྦྱོང་གི་སྤྱོད་པ་མ་ཡིན་ནོ། །སྤང་ཕུབ་ཀྱི་དགེ་སྦྱོང་གི་སྤྱོད་པ་མ་ཡིན་ནོ། །སྒྱུ་མ་མིང་གི་དགེ་སྦྱོང་གི་སྤྱོད་པ་མ་ཡིན་ནོ། །ཤཱ་རིའི་བུ་ཆོས་སོ་ཅོག་གི་བདེན་པའི་མཚན་མའི་

เล่ม ๕๔ · หน้า 203b

མཐའ་ཡུན་དུ་སྟོང་པ་ཉིད་སངས་རྒྱས་ཀྱི་ལམ་ཡིན་ཏེ། འཇིག་རྟེན་གྱི་ནོར་ཁེ་ལ་སྲེད་པ་དང་། ཆོས་མི་གཙང་བ་ཐོབ་པར་མི་ནུས་སོ། །ཤཱ་རིའི་བུ་དེའི་མིང་ནི་ཤེས་རབ་ཆེན་པོའི་ས་ཞེས་བྱ་སྟེ། མུར་འདུག་ལ་བརྐམ་སྲེད་པའི་ཆོས་མ་ཡིན་ནོ། །བདག་ཏུ་ལྟ་བ་དང་། གང་ཟག་

ཏུ་འཆད་པའི་ས་ཡིན་ནོ། །ཤཱ་རིའི་བུ་བདེན་པར་བདག་ཏུ་ལྟ་བ་ཡིན། གང་ཟག་ཏུ་ལྟ་བ་ཡོད་དུ་ཟིན་ན་བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་འཆད་པ་ལ་བདེན་པའི་མཚན་མ་ཡོད་པའི་རིགས་ཀྱིས་བདེན་པ་བཞིན་དུ་འདྲི་བ་རིགས་སོ། །བདག་ཏུ་ལྟ་བ་ཡོད་དུ་ཟིན་ན། ཁ་དོག་ཇི་

ལྟ་བུ་ཡིན། སྔོན་པོ། སེར་པོ། དམར་པོ། དཀར་པོའམ། ལུས་ཀྱི་ནང་དུ་འདུག་གམ། ལུས་ཀྱི་ཕྱི་རོལ་དུ་འདུག་གམ། ལུས་ཆུབ་པར་འདུག་གམ། མར་གསོ་མ་ལ་འདུག་པ་དང་མཚུངས་སམ། ཤཱ་རིའི་བུ་གསོ་མའི་ནང་ན་མར་ཡོད་པ་ནི་འབྱུང་དུ་ཡང་རུང་། བསྟན་དུ་

ཡང་རུང་། བདག་ཏུ་ལྟ་བ་ནང་ལོགས་ན་འདུག་ཏུ་ཟིན་ན། བདག་ཏུ་ལྟ་བ་ཡོད་པར་འཆད་པས་བཤད་པ་རིགས། བསྟན་པ་རིགས་ཏེ། གསོ་མའི་ནང་ནས་མར་འབྱུང་ཞིང་མར་བསྟན་པ་དང་མཚུངས་སོ། །མཆོག་གི་གཞུང་གི་ནང་ནས་ནི་བདག་ཏུ་ལྟ་བ་བཙལ་ཀྱང་རྙེད་པར་མི་རུང་

ངོ་། །དེ་ལྟ་བས་ན་ཤེས་པར་བྱོས་ཤིག །བདག་ཏུ་ལྟ་བ་དང་། གང་ཟག་ཡོད་པར་འཆད་པའི་མི་དེ་ལ་དགེ་སྦྱོང་གི་ཁྲིམས་ཀྱང་མེད་ན། དགེ་སློང་གི་མེད་པ་ལྟ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ་ཤེས་པར་བྱོས་ཤིག །ཡོན་པོ་ལ་འདོད་ཆགས་པ་ནི་བདག་ཏུ་ལྟ་བ་ལ་ཆགས།

སེམས་ཅན་ལ་ཆགས། ཚེ་སྲོག་ལ་ཆགས་ཏེ། སྤྱི་བོའི་ཆོས་སུ་ལྷུང་ངོ་། །མི་དེ་དེ་ལྟ་བུར་ཡོན་པོ་ལ་འདོད་ཆགས་པས་ན། གསོ་བའི་ཁེ་ལ་བརྐམ་པའི་སེམས་ཀྱང་བསམ་མི་ནུས་ན་མྱ་ངན་འཁྲུག་པའི་ཞིབ་མོ་ལྟ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ་སྟོང་པ་ཁོང་དུ་ཆུད་པ་ལ་

འདོད་ཆགས་དང་། ཞེ་སྡང་དང་གཏི་མུག་དང་གསོ་བའི་ཁེ་བཀབ་ཅེས་ཟེར་ན་བདེན་པ་ཡོང་མེད་དོ། །སྤྱི་བོ་ཆོས་སུ་ཡོང་མི་ལྟུང་ངོ་། །ཤཱ་རིའི་བུ་བདག་ཏུ་ལྟ་བའི་སེམས་ལ་ཆགས་པ་ནི་ཚེ་སྲོག་ཡོད་ཅེས་ཟེར་བ་སྟེ། ཚེ་སྲོག་གི་རྒྱུ་རྐྱེན་གྱིས་ན་གསོ་བའི་ཁེས་དཀྲིས་ཏེ་ལམ་བསྒྲིབས་

เล่ม ๕๔ · หน้า 204a

བཅད་དོ། །ཤཱ་རིའི་བུ་བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་ནི་ངའི་ཆོས་ལ་ཁྱིམ་ནས་བྱུང་བ་སྟེ། ཆོས་བྱེད་མོད་ཀྱི་དེ་ལྟ་བུའི་མི་གཏི་མུག་གཙང་གདང་བའི་ནང་ནས་ནི་ཁྱིམ་ནས་བྱུང་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འཛི་གེན་ཇིའི་ཁྱིམ་ནས་བྱུང་

བ་ནི་ཀུན་ངའི་སེམས་ལ་ཆགས་ཏེ་ཐོབ་པ་ཡོད་པར་འཛིན་ཏོ། །ཤཱ་རིའི་བུ་ཐོབ་པ་ཡོད་པར་འཛིན་པ་ནི་ཐོག་མ་ཞེས་བྱ་བ་མེད་པའི་ཚེ་རབས་ཚུན་ཆད་རྟག་པར་དེ་ལྟ་མཐོང་བ་ཡོད་དེ། ཁྱིམ་ནས་བྱུང་དུ་ཟིན་ཀྱང་ཡོད་དེ་ཅི་མི་འཆད་དོ། །དེའི་མིང་མུར་འདུག་གི་ཞར་ལས་ཁྱིམ་

ནས་བྱུང་ཞེས་བྱའི། མིང་འཕགས་པའི་ཞར་ལས་ཁྱིམ་ནས་བྱུང་བ་ཞེས་མི་བྱའོ། །ཅིའི་ཕྱིར་ཞེ་ན། བཀབ་པའི་མིས་ཆོས་ཆེན་པོ་ལ་ཡིད་ཆེས་ཤིང་དད་པར་མི་ནུས་ཏེ། གཙང་གདང་བའི་ཆོས་ཆེན་པོ་ཡང་དག་པའི་བདེན་པའི་འདུ་ཤེས་མེད་དོ། །ཤཱ་རིའི་བུ་དེ་ལྟ་བུའི་

ཆོས་བཤིག་པའི་སྡིག་ལྕི་བ་རྒྱུ་རྐྱེན་གྱིས་ཁ་ན་མ་ཐོ་བའི་ལྷག་མ་མ་ཟད་པས་ཆོས་སོ་ཅོག་བདེན་པའི་མཚན་མ་ཡིད་ཆེས་ཤིང་ཤེས་པར་མི་ནུས་ཏེ། མི་དགེ་བའི་ལས་གཡོས་ནས་བར་བར་ནི་དྲང་པོའི་འཕྲུལ་གྱི་ལམ་བརྒྱད་ལ་སྐུར། བར་བར་ནི་དགེ་སློང་ལ་ངན་པའི་སེམས་

བསྐྱེད་དེ། དེའི་མི་བདེན་པའི་ཉེས་པ་བྱུང་སྟེ། བར་བར་ནི་ཚུལ་ཁྲིམས་བཤིག་མཐོང་བ་བཤིག །སྲོག་བཤིག །ཆོ་ག་བཤིག་ཅེས་ཟེར། བར་བར་ནི་གཞན་གྱི་ཉེས་པ་མ་མཐོང་བར་མི་བདེན་པའི་ཡིད་མ་ཡིན་མ་སྐྱེས། བར་བར་ཞེ་སྡང་ཕྲག་དོག་གི་སེམས་རྟོག་པ་སྤྱད་དེ་གཞན་

གྱི་ངན་པ་བཤད། བར་བར་ནི་སངས་རྒྱས་ཀྱི་ཆོས་ཡི་གེ་གཞུང་ཚུལ་ཤེས་ཟེར་མ་ནུས་པས་སངས་རྒྱས་ཀྱི་ཆོས་མ་ཡིན་ཞེས་ཟེར་རོ། །དེ་ལྟ་བུའི་མིས་ཆོས་བཤིག་པའི་ངན་པའི་ལམ་འབྱོར་གྲུབ་པས་སངས་རྒྱས་ཀྱི་མཆོག་གི་གཞུང་ལ་སེམས་ཐོགས་པ་མེད་པར་མི་ནུས་ཏེ། མི་འཇུག་

མི་དགའོ། །དེ་ལྟ་བུའི་སྡིག་ལྕི་བའི་ལན་གྱི་ལྷག་མའི་རྒྱུ་རྐྱེན་གྱིས་བརྩོན་འགྲུས་སྤྱད་མོད་ཀྱི། འོན་ཀྱང་རྐྱེན་ཏོ་ཅོག་གི་མཚན་མ་ལེན་མི་ནུས་ན་སེམས་ལ་བཏགས་པའི་མལ་གྱི་འབྲས་བུ་ཐོབ་པར་མི་ནུས་པ་ལྟ་སྨོས་ཀྱང་ཅི་དགོས། གཅིག་ཏུ་ན་བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་ལ་

เล่ม ๕๔ · หน้า 204b

གནས་བརྟེན་ཏེ། དེ་ལྟ་བུའི་ལྟ་བ་ནི་སངས་རྒྱས་མན་ཆད་ཀྱིས་ཀྱང་དེའི་རྩ་བའི་ཕྱི་མོ་ཕྱིན་པར་སེམས་མི་ནུས་ན་བུ་ཐོབ་པར་མི་ནུས་པ་ལྟ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ་དེ་ལྟ་བུའི་བརྐམ་ཆགས་པའི་མི་དགེ་བ་ཡོན་པོ་མཐོང་བ་ཡོད་ན་དེ་ནི་བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་།

སེམས་ཅན་དུ་ལྟ་བ་དང་། ཚེ་སྲོག་ཏུ་ལྟ་བའོ། །གཅིག་ཏུ་ན་མཆོག་གི་གཞུང་སྟོང་པ་ལ་དངངས་སྐྲག་ཅིང་དོགས་པ་སྟེ། མི་དེས་སྔོན་ཆད་ཀྱི་ཚེ་ལ་ཆོས་བཤིག་པའི་སྡིག་རྐྱེན་འབྱོར་པར་མངོན་ནོ། །ཤཱ་རིའི་བུ་མི་ལ་ལ་ཞིག་དེ་ལྟ་བུར་ངན་པ་ཡོན་པོ་མི་དགེ་བའི་འདོད་ཆགས་ན། དེ་ནི་བདག་

ཏུ་ལྟ་བ་ལ་ཆགས། གང་ཟག་ལ་ཆགས། ཚེ་སྲོག་ལ་ཆགས་ཏེ། མི་དེ་ལྟ་བུ་ནི་བརྒྱ་སྟོང་འབུམ་གྱི་སངས་རྒྱས་ཀྱིས་འཁོར་ལོ་གསུམ་སྤྱད་དེ། མངོན་པར་བསྟན་ཀྱང་གོ་བར་བྱ་བ་དང་། ལམ་གྱི་འབྲས་བུ་ཐོབ་པར་བྱ་མི་ནུས་སོ། །ཤཱ་རིའི་བུ་གཉིས་ན་རལ་གྲི་རྣོན་པོས་ལྕེ་བཅད་

ཀྱང་སླའོ། །གཞན་གྱི་དོན་མཐོང་བ་མི་རིགས་ཏེ། དེའི་ཉེས་པ་ཚུལ་ཁྲིམས་བཤིག་པ། མཐོང་བ་བཤིག་པ། སྲོག་བཤིག་པ། ཆོ་ག་བཤིག་པ་མི་བརྗོད་དོ། །ཤཱ་རིའི་བུ་མ་འོངས་པའི་དུས་ན། དགེ་སློང་དག་ཅིག་ཡོད་པས་ཚུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་དགེ་བར་བསྲུངས་

ན། མི་དེས་ལེ་ལོའི་སེམས་བསྐྱེད་དེ་འདི་སྙམ་དུ་བསམ་པ་བྱས་སོ། །བདག་ནི་ཚུལ་ཁྲིམས་འཛིན་པ་ཡིན། མི་གཞན་ནི་དེ་ལྟ་མ་ཡིན་གྱིས་གཞན་ལ་བརྙས་སོ་ཞེས་སེམས་ལ་རི་མོ་གུས་པ་མེད་དོ། །བདག་ནི་མང་པོ་ཐོས་པ་ཡིན་ཕ་བི་ནི་མང་པོ་ཐོས་པ་མ་ཡིན་སྙམ་དུ་སེམས་སོ། །ཤཱ་

རིའི་བུ་དེའི་ཚེ་ན་དགེ་སློང་ཚུལ་ཁྲིམས་འཛིན་པ་ཆེད་ཆེར་སེམས་པ་མང་སྟེ། ཨ་ལན་ཞའི་ལས་སྤྱོད་པ་མང་ངོ་། །ཚུལ་ཁྲིམས་དགེ་བར་སྲུང་ནུས་ཏེ་བཤད་པ་བཞིན་དུའང་སྤྱོད་དེ། སེམས་འགྲུས་པར་ཆོས་ཡིག་བཀླགས་ནས་སངས་རྒྱས་ཀྱི་ཆོས་ལ་ཕྱག་འཚལ་ལོ། །དེ་ལྟ་བུའི་

མི་ལ་སོགས་པ་མང་པོ་ཐོས་པ་སྐྱེས་པས། ཨ་ལན་ཞ་ལ་ལྟོས་པས་ཞེ་སྡང་ལ་སྲེད་དེ། སེམས་རྟག་པར་དྲི་མ་རྟོག་པས་ཟབ་ཏུ་འཇུག་བརྐམ་པ་དང་། ཞེ་སྡང་གདུག་པའི་སེམས་སྲེལ་ཏོ། །ཐེག་ཆེ་ཞིང་བླུན་པས་ཅི་ཡང་ཤེས་པ་མེད་དེ། རྒྱུ་རྐྱེན་ཆུང་ངུ་སྤྱད་པས་དོན་ཆེན་པོ་

เล่ม ๕๔ · หน้า 205a

གཡོས་ཏེ། དེའི་ཞེ་སྡང་གིས་སེམས་བཀབ་ནས་གཅིག་གི་ཉེས་པ་གཅིག་བྱུང་སྟེ། དེ་ནི་ཚུལ་ཁྲིམས་བཤིག་པ་དང་། མཐོང་བ་བཤིག་པ་དང་། སྲོག་བཤིག་པ་དང་། ཆོ་ག་བཤིག་པའོ། །ཤཱ་རིའི་བུ་དེ་ལྟ་བུའི་དགེ་འདུན་གྱི་ནང་ན་དགེ་སློང་ངེས་

པ་ཡོད་པས་སེམས་ལ་ཡོན་པོ་མེད་དེ་བར་ན་གནས་ཤིང་འདུག་ན། དེ་ཡང་ངན་པ་དེ་དག་གི་ནང་ན་འདུག་པས་གཅིག་ལ་གཅིག་སྐུར་བརྗོད་པས་འཐབ་རྩོད་མི་ཆད་དེ་བསམ་གཏན་ན་འདུག་པ་དང་། ཆོས་ཡིག་ཀློག་པ་ཡང་བདེན་པ་མ་ཐོས་ནས་ཁྱིམ་ན་འདུག་པ་དང་། ཁྱིམ་ནས་

བྱུང་བ་ཀུན་ཀྱང་དཀྲུགས་བསྐྱོད་དོ། །དེ་ལྟ་སྟེ། ཤཱ་རིའི་བུ་དགེ་སློང་ལོ་གཅིག་ལོ་གཉིས་ལོ་གསུམ་ལོ་དགུ་ལ་ཐུག་པ་མང་དུ་ཡོད་ན། སྟེང་ན་འདུག་པ་ཡང་ཞིང་བརྙས་ཏེ་རི་མོ་གུས་པ་མེད་དོ། །མི་དེ་ཚུལ་ཁྲིམས་མནོས་ན་དགེ་སྦྱོང་སློབ་མ་ཡང་ཆོས་བཞིན་མི་བྱེད་པ་མང་། མཁན་

པོ་དང་ཨཱ་ཙརྱ་ལ་རི་མོ་གུས་པ་མི་བྱེད་དོ། །ཤཱ་རིའི་བུ་དེའི་ཚེ་དགེ་སློང་གཞོན་ནུ་དང་སྔར་ཁྱིམ་ནས་བྱུང་བ་ལ་གནས་རྟེན་མེད་པ་གཅིག་གིས་གཅིག་བརྙས་ཏེ། ལོ་བཅུ་ལོན་པའི་དགེ་སློང་ལ་སློབ་མ་ཕལ་བཅད་པ་རྣམས་གཞན་གྱི་སློབ་མ་ཀུན་གྱིས་རི་མོ་གུས་པ་མེད་དོ། །ཆོ་གའི་ཆོས་

ཀྱང་ཆོས་བཞིན་མི་བྱེད་དོ། །ཤཱ་རིའི་བུ་དེའི་ཚེ་མི་ངན་པ་རྣམས་ཀྱིས་འདོད་ཆགས་ཞེ་སྡང་ཆོ་ག་གཙང་བས་གཅིག་ལ་གཅིག་བརྙས་ཡང་སྟེ། རི་མོ་གུས་པ་མེད་ཅིང་གཅིག་ལ་གཅིག་ལོག་གལ་བས་ན་ངའི་ཆོས་དེངས་སོ། །ཤཱ་རིའི་བུ་དེའི་ཚེ་མི་གཏི་མུག་རྣམས་ཀྱིས་ཆོས་བཤིག་

པའི་སྡིག་ལས་བསྐྱོད་པ་མང་པོ་སྡིག་བསྐྱོད་པས་མཐར་ལམ་ངན་པར་ལྟུང་ངོ་། །ཤཱ་རིའི་བུ་ཁྱོད་ལ་ངས་བྱེ་བྲག་ཕྱེད་པར་བསྒོའོ། །རང་གི་བསོད་ནམས་བཙལ་དུ་ཟིན་ན། དགེ་སློང་དགེ་བ་ནི་དེའི་ཚེ་ཕལ་གྱི་ནང་དུ་ཞག་གཅིག་ཀྱང་འཇུག་པ་མི་རིགས་སོ། །དགྲ་བཅོམ་པ་མྱ་

ངན་ཚོད་ཟིན་པ་དང་། དགེ་སློང་ངན་པའི་དེར་དོན་ཡོད་པ་ནི་མ་གཏོགས་སོ། །ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་ཙམ་གྱི་ཚེའི་མི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གདུག་པ་བདོ་སྟེ། མི་གསོན་པས་འཇིགས་སྐྲག་ཕོངས་གཏིང་ལ་ཐུག་པས་དགེ་བ་མི་བཙལ་ཏེ། རང་སོ་སོར་རི་

เล่ม ๕๔ · หน้า 205b

དང་ཚལ་སྟོང་དབེན་པར་གནས་ཏེ། ཚེ་ཟད་ན་གཅན་གཟན་བཞིན་ཤིའོ། །ཤཱ་རིའི་བུ་ཁྱོད་ལ་ངས་བྱེ་བྲག་ཕྱེད་པར་བསྒོའོ། །ངའི་ཡང་དག་པའི་ཆོས་འདི་འཇིག་རྟེན་ན་འདུག་པ་རིང་པོ་མི་ཐོགས་སོ། །ཅིའི་ཕྱིར་ཞེ་ན། སེམས་ཅན་གྱི་ལེགས་པའི་དཔལ་གྱི་དགེ་བའི་རྩ་

བ་ཟད་ཟིན་ཏེ། རྙོག་པའི་དུས་ཉེ་བ་ན་འདུག་གོ། །བདག་གིས་བསོད་ནམས་བཙལ་དུ་ཟིན་ན་དགེ་སློང་དགེ་བས་འདི་ལྟ་བུའི་སྐྱོ་བའི་སེམས་བསྐྱེད་པའི་རིགས་སོ། །བདག་ནམ་ཞིག་ཇི་ལྟ་བུར་ཆོས་ཞིག་འཁྲུགས་པ་མཐོང་། འདི་ལྟ་བུའི་དགེ་སྦྱོང་གི་ཚེ་དུས་ངན་པའི་བགེགས་

ལ་བབ་པ་མཐོང་ན་བདག་གིས་བརྩོན་འགྲུས་པའི་སེམས་བསྐྱེད་དེ། མྱུར་དུ་ལམ་གྱི་འབྲས་བུ་ཐོབ་པར་བྱའོ། །ཤཱ་རིའི་བུ་ངའི་ཆོས་ལ་དོན་དཀའ་བ་གཞན་མེད་དེ། གོས་དང་། ཁ་ཟས་དང་། མལ་ཆ་དང་། རྩི་སྨན་མི་བསམ་མོ། །ཁྱེད་ལ་སོགས་པ་ཇི་ནས་ཀྱང་

སངས་རྒྱས་ཀྱི་ལམ་གྲུབ་པར་སྤྱོད་པ། འཇིག་རྟེན་གྱི་ནོར་གྱི་ཁེ་དང་ཡོན་རིན་ཆེར་མ་འཛིན་ཅིག །ཤཱ་རིའི་བུ་ད་ཁྱོད་ལེགས་པར་ཉོན་ཅིག་དང་ངས་ཁྱོད་ལ་བསྒོའོ། །དགེ་སློང་ལ་ལ་ཞིག་གི་སེམས་གཅིག་ཏུ་ལམ་སྤྱོད་ན་སྟོང་གསུམ་གྱི་གནམ་གྱི་ལྷ་ཀུན་སེམས་འཐུན་པར་

སྐྱིད་པའི་ཡོ་བྱད་དོ་ཅོག་སྦྱར་ཏེ་སྤྱིས་ཡོན་གསོལ་ལོ། །ཤཱ་རིའི་བུ་མི་གཞན་གྱིས་བསམ་གཏན་ན་འདུག་པའི་དགེ་སློང་ལ་ཡོན་ཕུལ་བས་ནི་གནམ་གྱི་ལྷས་ཡོན་ཕུལ་བ་ཙམ་མི་ཕོད་དོ། །དེ་ལྟ་བས་ན་ཤཱ་རིའི་བུ་ཁྱོད་རང་ཡོན་མི་ཐོབ་པའི་མྱ་ངན་སེམས་པར་ཡང་དག་པར་བསླབས་པ་

བཞིན་དུ་མ་གལ་བར་སྤྱད་དེ། མཆོག་གི་གཞུང་སྟོང་པ་སྤྱད་པ་ལ་མིའི་ཉེས་པ་མྱ་ངན་མ་འབྱུང་ཤིག །ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་བག་ཚ་བའི་བགེགས་ཆེན་པོ་ནི་སྟོང་པ་ཐོབ་པ་སྟེ། དགེ་སློང་ལ་ལ་ནི་ངའི་ཆོས་སྤྱོད་པའི་ཞར་ལས་ཁྱིམ་ནས་བྱུང་སྟེ། ཚུལ་ཁྲིམས་མནོས་ཤིང་ཆོས་

འདི་ལ་བརྩོན་འགྲུས་སྤྱོད་ན། ལྷ་དང་ལྷ་མ་ཡིན་རྣམས་དང་། མི་རྣམས་ཀྱིས་མི་དྲན་མོད་ཀྱི་སེམས་གཅིག་ཏུ་འགྲུས་པར་ལམ་སྤྱོད་ནུས། མཐར་ཡང་གོས་དང་། ཟས་ཅི་དགོས་པ་མི་སེམས་སོ། །ཅིའི་ཕྱིར་ཞེ་ན། ཡང་དག་པར་གཤེགས་པའི་དཔལ་གྱི་མཛོད་དཔག་ཏུ་མེད་དེ་ཟད་དཀའོ། །

เล่ม ๕๔ · หน้า 206a

ཤཱ་རིའི་བུ་ཡང་དག་པར་གཤེགས་པ་འདས་པའི་ཕྱི་ན་སྤུ་དཀར་པོའི་མཚན་གྱི་ནང་ན་བརྒྱ་སྟོང་འབུམ་གྱི་ཆ་ལས། དེའི་ཆ་གཅིག་གིས་སྐུ་གདུང་དང་སློབ་མ་རྣམས་ལ་ཡོན་འབུལ་ལོ། །ཤཱ་རིའི་བུ་འཇིག་རྟེན་ཐམས་ཅད་ཀྱི་མི་ཀུན་ཁྱིམ་ནས་བྱུང་སྟེ། ཆོས་བཞིན་དུ་

སྤྱད་དུ་ཟིན་ཀྱང་སྤུ་དཀར་པོ་མཚན་གྱི་བརྒྱ་སྟོང་འབུམ་གྱི་ཆ་དེ་གཅིག་ཀྱང་མི་ཟད་དོ། །ཤཱ་རིའི་བུ་ཡང་དག་པར་གཤེགས་པ་ནི་དེ་ལྟ་བུའི་དཔལ་ཡོན་དཔག་ཏུ་མེད་དེ། དགེ་སློང་རྣམས་ཀྱིས་ཁ་ཟས་དང་རྫས་ཅི་དགོས་པ་རྣམས་ཐོབ་ན་ཕྱོགས་པས་ཀུན་ཆོ་ག་ཚང་བར་རུང་ངོ་། །ཤཱ་རིའི་

བུ་དགེ་སློང་དེ་དག་གི་རྣམས་འདི་སྙམ་དུ་བསམ་པ་རིགས་སོ། །རྫས་ཅི་དགོས་པ་དང་ཡོན་པོའི་སྲོག་རྣམས་ཀྱི་ཆོས་ངན་པ་སྤྱད་པའི་མི་རིགས་སོ། །ཤཱ་རིའི་བུ་གོས་ལྷན་པ་ཅན་གྱི་དགེ་སློང་ལུད་དང་ཕྱག་དར་གྱི་ནང་ནས་ངན་པ་རྙིང་པ་བསྡུས་ཏེ་བླངས་ན་སེམས་འདི་སྙམ་བགྱིད་པར་རིགས་སོ། །

འདི་སྤྱད་དེ་ལྷག་པའི་བསྒྲིབས་པ་དང་། འཕགས་པའི་ལམ་སྤྱད་ན་བདག་གི་ད་ངན་པ་རྙིང་པ་འདི་སྤྱད་དེ། དྲུབས་ལ་ཆོས་གོས་སུ་བྱས་ཏེ། བརྩོན་འགྲུས་སུ་སྤྱད་དེ། ཕལ་ཐ་མལ་པ་ནི་ནུབ་གཅིག་ཀྱང་འདི་གྱོན་པའི་མི་རིགས་སོ། །དགེ་སློང་དེས་དག་པར་བཀྲུས་ནས་རིང་དུ་གྱོན་ནས།

དགེ་སློང་གོས་ལྷན་པ་ཅན་དེ་ལ་འདོད་ཆགས་པའི་སེམས་སྐྱེས་ན་མོད་བཞིན་དོར་བའི་རིགས་ཏེ། ངས་གྱོན་དུ་མི་གནང་ན་གོས་གཞན་ལྟ་སྨོས་ཀྱང་ཅི་དགོས། ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དགེ་སློང་དེས་གོས་དེ་ལ་དགེ་སློང་གི་ཆོས་མ་ཡིན་པ་སྐྱེད་དེ། དགེ་སློང་དེ་ཡང་འགྲོ་བའི་མི་

རིགས་པར་འཛིན་ན། རྫས་གཞན་ལྟ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ་དེའི་ཚེ་དགེ་སློང་དེ་ནི་ལྕགས་དམར་པོ་ཚ་བའི་ཞགས་མས་ལུས་བཅིངས་ཀྱང་སླའི། གོས་ལྷན་པ་ཅན་འདི་བགོ་བ་མི་རིགས་པར་འཛིན་ཏོ། །ཇི་ལྟ་ཞེ་ན། གོས་འདི་ལ་སེམས་སྲེད་ཅིང་ཞེན་པའི་ཕྱིར་རོ། །ཤཱ་རིའི་བུ་

གོས་ལྷན་པ་ཅན་གྱི་དགེ་སློང་ནི་སེམས་འདི་སྙམ་བྱ་བའི་རིགས་སོ། །གོས་ལྷན་པ་ཅན་འདི་བགོས་ཏེ། གྲང་བ་དང་ཚ་བ་བསྒྲིབས་པ་ལམ་སྤྱོད་པ་ལ་བཏང་ན། བདག་སླར་གོས་མ་བགོས་ན། མཐའ་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་པའི་

เล่ม ๕๔ · หน้า 206b

འབྲས་བུ་དང་། དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། །ཤཱ་རིའི་བུ་དེ་ལྟ་བུའི་གོས་ལྷན་པ་ཅན་གྱི་དགེ་སློང་གཅིག་ཏུ་ལམ་ཚོལ་བ་ངས་ཀྱང་གྱོན་དུ་གནང་ངོ་། །ཤཱ་རིའི་བུ་ཟན་སློང་བའི་དགེ་སློང་ནི་ཆོས་སོ་ཅོག་ལ་རྣམ་པར་བརྟག་པ་མེད་དོ། །རྟག་པར་སེམས་བསྡུས་ཏེ། འགྱོད་ཅིང་འཁྲུག་ཏུ་

མི་གཞུག་གོ། །གྲོང་ཁྱིམ་དུ་འཇུག་ན་བསམ་གཏན་གྲུབ་པ་རྣམས་སྤྱད་དེ། རང་བརྒྱན་ལ་ཟན་བསླངས་ཏེ། ཐོབ་ཟིན་པ་དང་སེམས་མི་ཞེན་མི་བསྒོ་བར་ཟན་ཅི་ཐོབ་པ་ཁྱེར་ཏེ་གྲོང་ཁྱིམ་ནས་བྱུང་ལ་ཆུ་གཙང་མའི་འགྲམ་ལམ་སྤྱད་དུ་རུང་བའི་གནས་སུ་འདུག་ལ། ཟས་ངོས་ཅིག་ཏུ་བཞག་སྟེ།

རྐང་པ་བཀྲུས་ཏེ་འདུག་ནས་ཟས་མདུན་དུ་བཞག་སྟེ། སྐྱོ་ཞིང་བྲལ་བའི་འདུ་ཤེས་དང་། མི་གཙང་བའི་འདུ་ཤེས་དང་། རྐྱག་་རྫབ་ཀྱི་འདུ་ཤེས་དང་། མནམ་རུལ་བའི་འདུ་ཤེས་དང་། སྐྱུགས་པའི་འདུ་ཤེས་དང་། རྨ་བསྐུས་པའི་འདུ་ཤེས་དང་། ཐོབ་པས་སྐྱོབ་པའི་འདུ་ཤེས་དང་། བུའི་

ཤ་སྙམ་གྱི་འདུ་ཤེས་དང་། ཤིང་ཏོག་རུལ་བའི་འདུ་ཤེས་དང་། ཕྱིར་ཞིང་ལྕི་བའི་འདུ་ཤེས་བསྐྱེད་པ་རིགས་སོ། །གཅིག་ཏུ་ན་ལུས་ལ་འཆི་བའི་འདུ་ཤེས་དང་། སྔོ་བའི་འདུ་ཤེས་དང་། རྣགས་པའི་འདུ་ཤེས་དང་། རུལ་ཞིགས་པའི་འདུ་ཤེས་བསྐྱེད་པའི་རིགས་སོ། །ཤཱ་རིའི་བུ་དགེ་སློང་

གིས་འདི་ལྟ་བུའི་འདུ་ཤེས་བསྐྱེད་པའི་རིགས་སོ། །འདོད་ཆགས་ཀྱི་སེམས་མེད་པ་ལ་སྤྱད་ལ་དེ་ནས་གདོད་པ་ཟས་ཏེ། ལུས་བརྟན་ཞིང་བཀྲེས་སྐོམ་པའི་ནན་བསླད་དུ་ཟད་དོ། །ལམ་སྤྱད་པར་ཐོབ་པར་བྱའོ། །སེམས་འདི་སྙམ་དུ་བྱ་བའི་རིགས་སོ། །ངས་ཟས་འདི་ཐོབ་པ་ནི་སྔོན་ཆད་

ཀྱི་སྡུག་བསྔལ་བཤིག་ལ་ཕྱིན་ཆད་ཀྱི་སྡུག་བསྔལ་མི་སྐྱེ་ཞིང་། སེམས་དགའ་སྐྱིད་པ་ཐོབ་ལ་ནད་མེད་པ་སྤྱད་དེ། ལུས་ཉམས་ཀྱང་གཞོར་ཞིང་འགྲོ་བ་སྟབས་བདེ་བརྟན་པའི་ཕྱིར་རོ། །ང་ཟན་འདི་ཐོབ་ན་བདག་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་།

ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པའི་འབྲས་བུ་དང་། སྐྱེ་བ་མེད་པའི་ཆོས་ཀྱི་བཟོད་པ་ཐོབ་པའི་རིགས་སོ། །ཤཱ་རིའི་བུ་དགེ་སློང་དེ་ལྟ་བུར་ཟ་བའི་ངས་ཟས་སློང་དུ་གནང་ངོ་། །ཤཱ་རིའི་བུ་སློང་བའི་དགེ་སློང་ཟན་ཐོབ་བོ་ཅོག་གི་རོ་ལ་ཆགས་པ་ནི་སེམས་སྐྱེས་ཏེ། ཞིམ་མངར་རོ་སྙམ་དུ་དེ་

เล่ม ๕๔ · หน้า 207a

སྙམ་གྱི་སེམས་བྱེད་ཅིང་། བདག་ཟས་འདི་ཟོས་པས་མདངས་བཟང་པོ་དང་། ཉམས་སྟོབས་དར་བ་ཐོབ་སྙམ་དུ་སེམས་ཏེ། བདག་གི་ཟན་འདི་ཟོས་ལ་འཕགས་པའི་ལམ་འགྲུས་པར་སྤྱོད་དོ་ཞེས་དེ་སྙམ་གྱི་སེམས་མི་བྱེད་པ་ལྟ་བུའི་དགེ་སློང་ནི་ངས་ཆུ་རྔུབ་ཅིང་ལེན་དུ་མི་གནང་

ན། ཁ་ཟས་ལྟ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ་ཟས་ལ་ཉེས་པ་དང་། ངན་པ་ཡང་མི་མཐོང་བར་ཐལ་བྱུང་ཟ་བས་ནི་གཉིས་ན་རང་གི་ལག་པས་བརླ་ཤ་ལས་བཅད་དེ་ཟ་ཡང་སླའོ། །ཅིའི་ཕྱིར་ཞེ་ན། ངས་སྤྱོད་པ་དང་ཐོབ་པས་གཞན་གྱི་ཡོན་ལེན་པ་གནང་གི །མི་གཞན་ལེན་དུ་མ་གནང་ངོ་། །

ཤཱ་རིའི་བུ་ཇི་ལྟ་བུར་མིང་སྤྱོད་པ་ཞེས་བྱ། དགེ་སློང་ལ་ལ་ཞིག་མི་འགྱུར་བར་བརྟན་ཏེ། སེམས་གཅིག་པ་ལ་ངས་ད་ལྟར་གྱི་དུས་ལ་བདུད་ངན་པས་མངག་པ་རྣམས་བཅད་དེ། ལྷག་མ་མེད་པར་མྱ་ངན་ལས་འདས་པར་འཇུག་པའི་འཕྲུལ་གྱི་ལམ་སྤྱད་པ་ནི་མགོ་མེས་ཚིག་པའི་ར་མདའ་བྱ་བ་

བཞིན་ནོ། །གཅིག་ཏུ་ན་མི་དགེ་བ་ངན་པའི་ཆོས་བཅད་བསལ་བ་དེའི་མིང་སྤྱོད་པ་ཞེས་བྱའོ། །ཡང་གཅིག་ཏུ་ན་སེམས་གཅིག་ཏུ་སྟོང་པ་མཚན་མ་མེད་པ་སྨོན་པ་མེད་པར་ཡིད་ཆེས་ཤིང་ཤེས་པར་ནུས་ཏེ། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་

འོང་བའི་འབྲས་བུ་དང་། དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་ཕྱིར། མྱ་ངན་འཁྲུག་པའི་མི་རྣམས་ཆད་པ་དེའི་མིང་སྤྱོད་པ་ཞེས་བྱའོ། །དགེ་བའི་ཆོས་རྣམས་ཚོལ་ཞིང་རྟག་པར་གསོལ་འདྲི་དེའི་མིང་སྤྱོད་པ་ཞེས་བྱའོ། །ཡང་གཅིག་ཏུ་ན་ཐམས་ཅད་གྲོལ་ཐར་པར་སེམས་བསྐྱོད་ནུས་པའི་

མིང་སྤྱོད་པ་ཞེས་བྱའོ། །སེམས་འཁྲུག་པར་ལམ་ལ་བཏང་བའི་ཆོས་རྣམས་སྤྱད་སྦྱངས་ཏེ། ཆོས་སོ་ཅོག་གི་བཤད་པ་བཞིན་དུ་སྤྱོད་ཅིང་སྤྱད་པ་གཅིག་ཏུ་སངས་རྒྱས་ཀྱི་ལམ་ཚོལ་བ་ཡོད་དོ། །ཤཱ་རིའི་བུ་ཡང་སངས་རྒྱས་ཀྱི་ཆོས་ཀྱི་ནང་ན་དེ་ལྟ་བུའི་མིང་སྤྱོད་པ་ཞེས་བྱའོ། །ཇི་ལྟ་བུར་ཐོབ་ཅེས་

བྱ་བ་དེ་ནི་རྒྱུན་དུ་ཞུགས་པ་ཐོབ་སྟེ། ལམ་ངན་པ་གསུམ་ལས་ཐར་བའི་མིང་ཐོབ་པ་ཞེས་བྱའོ། །ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་མྱ་ངན་འཁྲུག་པ་རྣམས་ཆོད་དེ་ལམ་ཚོལ་བ་ཞི་ཟིན་ཅེས་བྱའོ་ཅོག་འབྱོར་ཟིན་ན། བསླབ་པ་གསུམ་དགེ་བར་ལོབས་པ་དེའི་མིང་སློབ་

เล่ม ๕๔ · หน้า 207b

པ་སྟེ། ངས་མི་དེ་ཡོན་ལེན་དུ་གནང་ངོ་། །མི་དེ་ལྟ་བུས་ཡོན་བླངས་པ་དེའི་དགེ་བར་ཡོན་བླངས་པ་ཞེས་བྱའོ། །ཤཱ་རིའི་བུ་གཙང་གདང་བར་ཚུལ་ཁྲིམས་བསྲུངས་པ་དང་། ཡོན་བདག་ཕྱེ་བསྟན་པ་དང་། མདོ་སྡེའི་ཡི་གེ་ཁ་ཏོན་དང་ཀློག་པ་ཐོས་ཏེ་དེ་ནི་མདོའི་སྡེ། དབྱངས་ཀྱིས་བསྙད་

པའི་སྡེ། ལུང་དུ་བསྟན་པའི་སྡེ། ཚིགས་སུ་བཅད་པའི་སྡེ། ཆེད་དུ་བརྗོད་པའི་སྡེ། གླེང་གཞིའི་སྡེ། དེ་ལྟ་བུའི་ཚིག་གི་ཆོས་ཡིན་ནོ། །སྐྱེས་པ་རབས་ཀྱི་སྡེ། ཤིན་ཏུ་རྒྱས་པའི་སྡེ། རྨད་དུ་བྱུང་བའི་སྡེ། རྟོགས་པ་བརྗོད་པའི་སྡེའོ། །མི་དེས་ཡང་གཅིག་ཏུ་ན་ཚུལ་ཁྲིམས་གཙང་གདང་

བར་གཟུང་ནུས་ཏེ། སྐྱོན་མེད་ཅིང་མི་སྨེ་མི་རྙོག །མི་ཆགས་པ་ལ་རང་དབང་བས་མཛངས་པས་བསྔགས་པ་རང་གིས་ཆོ་ག་ཚང་བར་ནུས་ཏེ། བསམ་གཏན་ཐུབ་པ་བཞིན་དུ་མི་འགལ་ལ། དུས་དུས་སུ་བསམ་གཏན་ན་འདུག་པ་སྲེད་པ་དེ་ལྟ་བུའི་དགེ་སློང་ནི་ངས་ཀྱང་ཡོན་དུ་གནང་ངོ་། །ཤཱ་རིའི་

བུ་ལུས་ཀྱིས་ཆོས་རིག་ན་དོགས་ཤིང་འགྱོད་པ་མེད་པ་ངས་དེ་ལྟ་བུའི་མི་སྟན་མཐོན་པོར་འདུག་ཅིང་ཆོས་བཤད་དུ་གནང་ངོ་། །ཐ་མལ་པ་ཕལ་ཡིན་མོད་ཀྱི་ཚུལ་ཁྲིམས་གཙང་གདང་བ་གཟུང་ལ་སེམས་མུར་འདུག་གི་ཆོས་ཀྱི་གཞུང་ལ་མ་ཆགས་ཏེ། སེམས་གཅིག་ཏུ་འགྲུས་པར་དགེ་བར་དགེ་སྦྱོང་

གི་རབ་ནི་འབྲས་བུ་བཅད་དེ་གསོ་བའི་ཁེ་ལ་མ་ཆགས། ངེས་པར་བཤད་པ་ལ་བཟའ་མཁས་ཏེ། མང་དུ་ཐོས་པའི་དཔེ་རྒྱ་ཡངས་པ་ནི་དཔེ་རྒྱ་མཚོ་ཆེན་པོ་དང་མཚུངས། སྲོག་སྟོར་ལ་ཐུག་ཀྱང་བརྫུན་ཚིག་མི་ཟེར། འཐབ་ཅིང་རྩོད་པ་ལ་མི་སྲེད་དེ་རང་ལ་ཡང་ཕན། གཞན་ལ་ཡང་ཕན།

གཙང་གདང་བའི་མཆོག་གི་གཞུང་འབའ་ཞིག་འཆད་ཅིང་བཤད་དོ། །མཆོག་དེ་བཞིན་ལ་དེ་བཞིན་དུ་སྤྱོད་པའོ། །ཤཱ་རིའི་བུ་དེ་ལྟ་བུར་འཆད་པ་ནི་ངས་ཆོས་འཆད་དུ་གནང་ངོ་། །ཡང་དག་པར་གཤེགས་པས་ཅི་བཤད་པ་ཆོས་སོ་ཅོག་དང་མི་འགལ་མི་ལྡོག་པར་བྱ་ནུས་པ་སྟེ། དེ་ཚུལ་

ཁྲིམས་དང་། བསམ་གཏན་དང་། ཤེས་རབ་དང་། གྲོལ་ཐར་དང་། ཤེས་མཐོང་བ་ལས་ཀྱང་གྲོལ་ཐར་ཏོ། །ཤཱ་རིའི་བུ་ཁེ་ཚོལ་བའི་དགེ་སློང་ནི་སངས་རྒྱས་ཀྱི་ཕྱིར་ཁྱིམ་ནས་ཚུལ་ཁྲིམས་ཀྱི་ལེའུ་བཤིག་ན་ཆོས་བཤད་པ་ཅི་དགོས། ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ངའི་ཆོས་ཀྱི་ཡི་གེའི་ནང་ན་བཤད་

เล่ม ๕๔ · หน้า 208a

པ་མི་ལ་ལ་ཞིག་བདག་དགེ་བར་མ་ཞི་ལ་བདག་གི་བག་བྱ་མི་ནུས་པར་མི་གཞན་དགེ་བར་ཞི་བ་དང་བདག་གི་བྱ་ནུས་ཞེ་ན། བདེན་པ་ཡང་མེད་དོ། །དཔེར་ན་མི་ཞིག་བདག་རང་འདམ་རྫབ་ཏུ་ནུབ་ལ། མི་གཞན་དབྱུང་བར་བྱ་བ་དང་མཚུངས་ཏེ། བདེན་པ་ཡང་མེད་དོ། །

མི་ལ་ལ་ཞིག་བདག་གི་དགེ་བར་ཞི་བར་ནུས་ཤིང་འདམ་རྫབ་ན་ཕྱིན་ནུས་པས་མི་གཞན་དབྱུང་བར་བྱ་བ་ནི་བདེན་པ་ཡོད་དོ། །དེ་ལྟ་བས་ན་ཤཱ་རིའི་བུ་ངས་ཁྱོད་ལ་བྱེ་བྲག་ཕྱེད་པར་བསྒོའོ། །ཡང་དག་པར་གཤེགས་པ་ལ་འཕྱ་ཞིང་སྐུར་ན་དེའི་སྡིག་མི་ཡང་ངོ་། །བདེན་པར་སྨྲ་བའི་

དགེ་སློང་ནི་ཆོས་འཆད་དུ་གནང་བའི་རིགས་སོ། །བརྫུན་མི་ཟེར་བའི་ཚུལ་ཁྲིམས་འཛིན་པའི་དགེ་སློང་གིས་ནི་ཆོས་ཀྱི་སྦྱིན་པ་ནུས་སོ། །ཤཱ་རིའི་བུ་ཁྲི་སྟན་མཐོན་པོ་ལས་ཆོས་འཆད་ཅིང་ཡང་དག་པར་ངེས་པར་ཐེ་ཙོམ་གཅོད་པ་ནི་ནང་གི་བླ་མའི་དོན་ཡིན་ནོ། །ལ་ལ་ཞིག་ཚུལ་ཁྲིམས་

འཛིན་པ་མི་གཙང་ལ། མུར་འདུག་གི་གཞུང་ལ་ཆགས་པ་ནི་ངས་མ་གནང་ངོ་། །བརྫུན་ཟེར་བ་དང་འཇིག་རྟེན་གྱི་སྐྱིད་པ་རིན་ཆེར་འཛིན་པ་དང་། ཡོན་གྱི་ཁེ་ཚོལ་བ་དང་། འཐབ་རྩོད་པ་ལ་སྲེད་པ་ནི་ངས་ཀྱང་མ་གནང་ངོ་། །ངས་གཙང་གདང་བར་ཚུལ་ཁྲིམས་འཛིན་པ་དང་། སེམས་དྲང་

དཀན་པ་དང་། ཆོས་སོ་ཅོག་གི་བདེན་པའི་མཚན་མ་ཁོང་དུ་ཆུད་པ་ནི་ཁྲི་སྟན་མཐོན་པོར་ཆོས་འཆད་དུ་གནང་ངོ་། །ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་ཉིས་ན་ཁྲིམས་གཏང་སླའི། འཕགས་པའི་མཚན་མ་དང་ཆོས་གོས་སུ་སྡིག་གི་དྲི་མ་སྦས་བཅབས་ལ་གསང་སྟེ། ངན་པ་མང་པོ་བྱ་

ཞིང་མི་གཞན་གྱི་ཡིད་ཆེས་པའི་སྦྱིན་པ་ལ་མ་ཆགས་ཤིག །ཤཱ་རིའི་བུ་རྒྱུ་རྐྱེན་ཆུང་ངུའི་ཕྱིར་ཡུན་རིང་དུ་སེམས་ཅན་དམྱལ་བའི་ལུས་མནོས་པར་འགྱུར་རོ། །ལེའུ་བཅུ་སྟེ་ཐབས་བཅོལ་བའི་ལེའུའོ།། །།དེའི་ཚེ་དགའ་བོས་སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས་

དེ་ཙམ་གྱི་དུས་ན་དགེ་སློང་རྣམས་ཀྱི་དགེ་བའི་ཆོས་ལ་ཇི་ལྟ་བུར་བརྩོན་འགྲུས་དང་། སངས་རྒྱས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། རེ་ཞིག་ཞོག་ལ་མ་འདྲི་ཤིག །ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱིས་དཔག་ཏུ་མེད་པའི་ཡེ་ཤེས་ཀྱི་ཆོས་ཡིག་བཤད་དོ་ཅོག་དེ་ཙམ་གྱི་ཚེའི་དགེ་

เล่ม ๕๔ · หน้า 208b

སློང་གིས་ཡིད་ཆེས་པར་མི་ནུས་ན་འགྲུས་པར་སྤྱོད་མི་ནུས་པ་ལྟ་སྨོས་ཀྱང་ཅི་དགོས། དགའ་བོ་ཡང་དག་པར་གཤེགས་པའི་བྱ་བ་ཡོད་པའི་ཆོས་ཀྱི་ཤེས་རབ་ཡོད་དོ་ཅོག་རང་སངས་རྒྱས་དང་། དགྲ་བཅོམ་པ་ཐམས་ཅད་ལ་སོགས་པ་གོ་ཞིང་ཤེས་པར་མི་ནུས་སོ། །དགའ་བོ་ཡང་དག་

པར་གཤེགས་པས་མཁྱེན་ཏོ་ཅོག་གི་ཆོས་ཁྱོད་ལ་བཤད་དུ་ཟིན་ན་ཁྱོད་བསླད་ཅིང་རྨོངས་སུ་རུང་ན་ཡིད་ཆེས་པར་མི་རུང་བ་ལྟ་སྨོས་ཀྱང་ཅི་དགོས། ཡང་དག་པར་གཤེགས་པས་དེ་ལྟར་དེ་ལྟ་བུའི་ཆོས་ཡིག་བཤད་པ་ནི། དེའི་ཚེ་མི་གཏི་མུག་གིས་ཡིད་ཀྱང་མི་ཆེས་ན་ཡིད་ཆེས་ཤིང་གཏི་མུག་གི་ལན་

བཤད་མི་ནུས་པ་ལྟ་སྨོས་ཀྱང་ཅི་དགོས། དགའ་བོ་ཆོས་ཀྱིས་དེ་བཞིན་པའི་རིགས་ཏེ། བདག་གི་ལུས་དང་བ་ཡིན་ན་གཞན་ལ་ཡང་ངན་ཅེས་ཟེར་རོ། །ད་ལྟར་གྱི་བར་དུ་ལེ་ལོའི་དགེ་སློང་ལ་དེ་ཙམ་གྱི་ཚེ་རབས་ཀྱི་བར་དུ་བརྩོན་འགྲུས་པའི་དགེ་སློང་གིས་ཐུབ་པར་མི་ནུས་སོ། །ཚུལ་ཁྲིམས་

འཛིན་ཏོ་ཅོག་དང་། ཤེས་རབ་བསྐྲུན་དུ་མི་རུང་ངོ་། །ཡང་དག་པར་གཤེགས་པས་མི་དེ་ཉེས་པ་ངན་པ་བྱས་སོ་ཅོག་བཤད་དུ་ཟིན་ན་ལུས་གྱུར་ཅིང་མནོས་སོ་ཅོག་མི་དེས་ཡིད་མི་ཆེས་ཏེ། སྡིག་ལྕི་བ་གཡོ་བར་འགྱུར་རོ། །ཁྱོད་ལ་སོགས་ཡང་འཇིགས་སྐྲག་སྟེ། དེས་ངན་པ་མནོས་སོ་ཅོག་ནི་

དཔག་ཏུ་མི་ནུས་སོ། །དགའ་བོ་ཡང་དག་པར་གཤེགས་པས་ཟབ་མོའི་ཆོས་ནོད་པ་ནི་དཀའོ། །ཁྱོད་ཀྱི་ཡིད་ལ་ཇི་སྙམ། ཁྲི་སྟན་བཟང་པོ་ལ་ཕག་གུ་སྲེད་དམ་མི་སྲེད། བཅོམ་ལྡན་འདས་མི་སྲེད་ལེགས་སོ། །དགའ་བོ་ངའི་བླ་ན་མེད་པ་གཡུང་དྲུང་རྫོགས་པའི་བྱང་ཆུབ་ཀྱི་ཆོས་འདི་ཟབ་མོ་དམ་པ་སྟེ།

ཤེས་རབ་ཅན་སྲེད་པ་ནི་མི་དེས་ཡིད་ཆེས་ཤིང་ཤེས་ལ་ཁོང་དུ་ཆུབ་པ་མ་ནུས་པས། ཁྱིམ་ནས་བྱུང་ཟིན་པ་དང་། རང་ན་རེ་དགེ་སྦྱོང་ཞེས་ཟེར་ཏེ། བདེན་པ་བཞིན་དུ་བསྟན་བསླབས་པ་མནོད་མ་ནུས་སོ། །ཆོས་འདི་ལ་སེམས་བཅོས་མ་ནུས་སོ། །ཞིམ་པོའི་རོ་མ་ཐོབ་སྟེ། ལག་པ་བརྡབས་ནས་སོང་སྟེ།

ལམ་ངན་པར་ལྷུང་ཞིང་འདུག་པ་ནི་དཔེར་ཕག་གུས་ཁྲི་སྟན་བཟང་པོ་བཏང་བ་དང་མཚུངས་སོ། །ཅིའི་ཕྱིར་ཞེ་ན། དགའ་བོ་ངའི་བླ་ན་མེད་པ་གཡུང་དྲུང་རྫོགས་པའི་བྱང་ཆུབ་ཤིན་ཏུ་གཙང་གདང་བ་བསྟན་དཀའ་བས་ཡིད་ཆེས་ཤིང་ཤེས་པར་ནུས་པ་མ་ཡིན་ཏེ། གདུལ་བ་གདབ་དཀའ་བ་དང་། ཤེས་རབ་

เล่ม ๕๔ · หน้า 209a

མེད་པ་དང་། དགང་བར་དཀའ་བ་དང་། གསོ་བར་དཀའ་བ་དང་། ཚུལ་ཁྲིམས་ཞིག་པ་དང་། གདམས་དཀའ་བ་དང་། ཡོན་པོའི་ཆོས་ལ་ཆགས་པ་དང་། ཡོན་པོའི་སྤྱད་པ་སྤྱོད་པ་དང་། ནོར་གྱི་ཁེ་ཆེད་ཆེར་འཛིན་པ་དང་། གོས་དང་ཟས་རབ་པོ་སྙམ་དུ་འཛིན་པ་དང་།

ཆོ་ག་ཞིག་པ་དང་། ཚུལ་ཁྲིམས་ཞིག་པ་དང་། སྐྱེ་བོའི་ཆོས་སུ་ལྟུང་བ་དང་། ངན་པ་ཞིག་པ་དང་། ལེ་ལོ་ཅན་དང་། འདོད་རྒྱུ་ཆུང་ངུ་དང་། ཁྲེལ་མེད་པ་ངོ་ཚ་བའི་ཁ་ན་བརྗོད་པ་དང་། མཚོན་ནམ་ལས་ཀྱི་དོན་ལས་འབྲེལ་བ་དང་། དགེ་སྦྱོང་གི་ནང་ན་གོས་སྐྱ་བོ་ཅན་དང་། དགེ་སྦྱོང་གི་ནང་ན་

སུན་བྱུང་བ་དང་། དགེ་སྦྱོང་གི་ནང་ན་ཡོན་པོའི་ལམ་སྤྱོད་པ་དང་། དགེ་སྦྱོང་མ་ཡིན་པར་རང་ན་རེ་དགེ་སྦྱོང་ཡིན་ཞེས་ཟེར་བ་དང་། བདུད་ཀྱིས་བསླུས་པ་དང་། མུར་འདུག་གི་གཞུང་དང་འཐུན་པ་དང་། བཤད་པ་བཞིན་དུ་མི་སྤྱོད་པ་དང་། མང་པོ་འཛིན་པ་ལ་སྲེད་པ་དང་། ཚིག་ཅལ་ཅོལ་ལ་སྲེད་

པ་དང་། བདུད་ཀྱི་དོན་དང་ལྡན་པར་སྤྱོད་པ་དང་། བདུད་ཀྱི་རྒྱུད་དཀྲུགས་པ་དང་། མྱ་ངན་འཁྲུག་པ་མདོ་རལ་བ་དང་། བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། ཕྱིན་ཅི་ལོག་ཅན་གྱིས་ངའི་ཆོས་འདི་ལ་ཡིད་ཆེས་ཤིང་ཤེས་ལ་ཁོང་དུ་ཆུད་པར་ནུས་ཞེ་ན། བདེན་པ་ཡོང་

མེད་དོ། །ཅིའི་ཕྱིར་ཞེ་ན། དགའ་བོ་ངའི་བླ་ན་མེད་པ་གཡུང་དྲུང་རྫོགས་པའི་བྱང་ཆུབ་གཙང་གདང་བ་སྙིང་ཚིམ་པར་རྒྱ་ཆེ་བས་མི་ངན་པ་འདི་དང་འཚབ་པར་མི་རུང་ངོ་། །དགའ་བོ་དཔེར་ན་བརྒྱ་སྟོང་འབུམ་གྱི་སྟོང་གསུམ་གྱི་སྟོང་ཆེན་པོའི་ཁམས་བར་ཡངས་ཤིང་རིང་བ་དང་མཚུངས་སོ། །ངན་བཞིན་

པའི་མི་འདིས་དགེ་སློང་གི་ཆོས་བསྲིངས་པ་ཡང་དེ་བཞིན་ནོ། །མི་འགལ་བའི་བཟོད་པ་དང་མྱ་ངན་ལས་འདས་པ་མི་ཐོབ་པ་ལྟ་སྨོས་ཀྱང་ཅི་དགོས། དགའ་བོ་དེ་ལྟ་བུའི་དོན་འདི་ནི་བཤད་ཀྱིས་མི་ཟད་དོ། །མ་འོངས་པའི་དུས་ཀྱི་དགེ་སྦྱོང་ངན་བཞིན་པ་ཐ་མ་ཤིན་ཏུ་འཇུང་བརྐམ་སྲེལ་ཏོ། །ཤིན་

ཏུ་ཞེ་སྡང་སྲེལ་ཏོ། །ཤིན་ཏུ་ཡིད་མི་ཆེས་པ་སྲེལ་ཏོ། །གདུག་པ་གསུམ་བདོ་བར་སེམས་ལ་སྤྱོད་པ་རྩིང་ཞིང་ཞེ་གནག་པས་བཅོས་གདུལ་དཀའ་སྟེ། དགའ་བོ་དཔེར་ན་ཞིང་གཤིན་པ་ལེགས་པར་སྨིན་པ་ལ་རང་གི་མེས་བསྲེགས་པ་དང་མཚུངས། ཁ་ཟས་ཞིམ་དཀར་ལ་རང་གིས་དུག་བླུགས་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด