འཕགས་པ་ཕྱིར་མི་ལྡོག་པའི་འཁོར་ལོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ
ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱཱ་བཻ་བརྟ་ཙཀྲ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๖๕ · หน้า 271a
པ་རྗེས་སུ་ཐོབ། །རང་རྒྱལ་བ་ཞེས་བརྗོད་པ་ཡིན། །ལེན་པ་ལེན་པ་མ་ཡིན་ཏེ། །སྟོང་པར་དེ་ཡི་རྣམ་པར་བཤིག །དེ་ནི་དངོས་པོར་གྲུབ་མེད་དེ། །སྨིག་རྒྱུ་ལ་ནི་ཆུ་བཞིན་ནོ། །དེ་ཡི་སྲིད་པར་འདུ་ཤེས་གང་། །དེའི་གཉེན་འདུ་ཤེས་སྡིག་པ་ཅན། །དེ་ཡི་དེ་ནི་རང་
བཞིན་གྱིས། །རྟག་པར་ཤིན་ཏུ་དངོས་མེད་ཤེས། །དེ་ལ་སྐྱེ་བ་ཐམས་ཅད་མེད། །དེ་ལ་འཆི་བ་ཡོད་མ་ཡིན། །དེ་ནི་ནམ་ཡང་གང་ཞིག་ཏུ། །སྐྱེ་བར་འགྱུར་བ་གང་ཡང་མེད། །རྐྱེན་རྣམས་འདི་དག་ཤེས་ནས་ནི། །དེ་ནི་གང་ལའང་མི་གནས་ཏེ། །རང་སངས་རྒྱས་ཞེས་བྱ་བའི་
སྒྲར། །བྱང་ཆུབ་སེམས་དཔའ་རབ་ཏུ་བསྟན། །ཀུན་དགའ་བོ་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་སངས་རྒྱས་སུ་ཡོངས་སུ་བསྟན་ཏོ།། །།བམ་པོ་བཞི་པ། དེ་ནས་
ཚེ་དང་ལྡན་པ་ཀུན་དགའ་བོས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །མྱ་ངན་འདས་མེད་འདས་པ་ཞེས། །འཇིག་རྟེན་མགོན་པོས་བརྗོད་པ་མཛད། །ནམ་མཁའ་མདུད་པ་བོར་ནས་ནི། །ནམ་མཁའ་ཉིད་ཀྱིས་བཀྲོལ་བར་གྱུར། །ཆགས་པ་མི་མངའ་ཆོས་སྟོན་པ། །
སངས་རྒྱས་ཐབས་ལ་མཁས་པ་པོ། །འདིར་གསུང་ཅི་ཡང་མ་མཆིས་ལ། །འོན་ཀྱང་གསུང་བ་བརྗོད་པ་མཛད། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཚིགས་སུ་བཅད་པ་འདི་དག་སྨྲས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལྡེམ་པོ་ངག་མ་འཚལ་བའི་འཇིག་རྟེན་གནས་པ་དག་འདིར་རྨོངས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཅི་ལ་དགོངས་ཏེ། དད་པས་རྗེས་སུ་འབྲང་བ་ཡོངས་སུ་བསྟན་པ་དང་། ཆོས་
ཀྱི་རྗེས་སུ་འབྲང་བ་དང་། དེ་བཞིན་དུ་བརྒྱད་པ་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཡོངས་སུ་བསྟན་པར་འཚལ་བར་མི་འགྱུར་རོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་
เล่ม ๖๕ · หน้า 271b
ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་གང་དག་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ་དེ་དག་འདི་ལ་རྨོངས་པར་མི་འགྱུར་རོ། །ཀུན་དགའ་བོ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བདག་གིས་དེ་
བཞིན་གཤེགས་པའི་ལྡེམ་པོ་ངག་འདི་ཤེས་པར་བྱའོ་སྙམ་དུ་གོ་ཆ་དེ་ལྟ་བུར་བགོས་པ་དེ་དག་གནས་འདི་ལ་རྨོངས་པར་མི་འགྱུར་རོ། །གང་དག་བརྩོན་འགྲུས་མི་དམིགས་པར་བརྩོན་འགྲུས་དང་ལྡན་པར་འགྱུར་བ་དེ་དག་འདི་ལ་རྨོངས་པར་མི་འགྱུར་རོ། །གང་དག་གཞན་གྱི་དྲིང་མི་འཇོག་པའི་
ཤེས་པ་དང་ལྡན་པར་གྱུར་པ་དེ་དག་འདི་ལ་རྨོངས་པར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །འཇིག་རྟེན་མགོན་པོ་སྐྱོབ་རྣམས་ཀྱིས། །ལྡེམ་ངག་ཤིན་ཏུ་ཤེས་དཀའ་སྟེ། །བྱང་ཆུབ་སེམས་དཔའ་འཇིགས་མེད་པ། །དེ་ཡི་
ཆེད་དུ་གོ་ཆ་བགོས། །ལེ་ལོ་ཅན་དང་བློ་ཆུང་བས། །དགོངས་པ་ཀུན་དུ་ཤེས་མི་ནུས། །ལྡེམ་པོ་ངག་གི་ཆེད་དུ་ནི། །དེ་ཕྱིར་བརྩོན་འགྲུས་བརྩམ་པར་གྱིས། །འཇིག་རྟེན་མགོན་པོ་སྐྱོབ་རྣམས་ཀྱི། །དགོངས་པ་གང་ཚེ་ཤེས་གྱུར་པ། །དེ་ཚེ་དེ་ཡི་ཤེས་པ་ནི། །ལྡེམ་ངག་
རྣམ་པར་སྦྱོང་བར་འཇུག །དེ་ལྟར་དེ་རྟོགས་བྱང་ཆུབ་སྟེ། །བྱང་ཆུབ་སེམས་དཔས་ཐོབ་པ་ཡིན། །བརྗོད་པས་བྱང་ཆུབ་སྟོང་པ་སྟེ། །བྱང་ཆུབ་ཀྱིས་ཀྱང་བརྗོད་པ་སྟོང་། །སྟོང་པ་སྟོང་པ་མི་ཤེས་ལ། །སྟོང་པ་སྟོང་པ་ཞེས་ཀྱང་བརྗོད། །བརྗོད་པ་ཐམས་ཅད་ཆད་པ་ནི། །སྟོང་པ་ཉིད་
ཅེས་རབ་ཏུ་བསྟན། །ནམ་མཁའ་རྟག་ཏུ་གཟུང་མེད་དེ། །འདི་ལ་གཟུང་བ་ཡོད་མ་ཡིན། །གང་ལ་གཟུང་བ་ཡོད་མིན་པ། །དེ་ནི་སྟོང་ཉིད་ཤེས་པར་གྱིས། །གང་དག་བག་ཡོད་གནས་འགྱུར་ཞིང་། །དེ་ལྟར་སྟོང་ཉིད་ཤེས་འགྱུར་བ། །མཁས་པ་དེ་དག་གནས་འདིར་ནི། །ཀུན་དུ་རྨོངས་
པར་མི་འགྱུར་རོ། །དེ་ནས་འཁོར་དེའི་དགེ་སློང་དད་པས་རྗེས་སུ་འབྲང་བར་འདུ་ཤེས་པ་བྱེ་བ་ཕྲག་ལྔ་སྟན་ལས་ལངས་ཏེ་འདུས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚིགས་སུ་བཅད་པ་འདི་སྨྲས་སོ། །འཇིག་རྟེན་མགོན་པོ་བླ་ན་མེད། །སངས་རྒྱས་བདག་ཅག་དོགས་མ་མཆིས། །
เล่ม ๖๕ · หน้า 272a
དགོངས་ཏེ་བསྟན་པ་གང་ལགས་པ། །བྱང་ཆུབ་མཆོག་ལ་གནས་པར་བགྱི། །དེ་ནས་དགེ་སློང་དེ་དག་གི་ཚིགས་སུ་བཅད་པ་དེ་ཐོས་ནས། དེ་དག་མ་ཡིན་པ་གཞན་དགེ་སློང་ཆོས་ཀྱི་རྗེས་སུ་འབྲང་བར་འདུ་ཤེས་པ་བྱེ་བ་ཕྲག་ལྔ་སྟན་ལས་ལངས་ཏེ་འདུས་ནས།
བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དེ་ཚིགས་སུ་བཅད་པ་འདི་སྨྲས་སོ། །ཁྱོད་ཀྱིས་ཆོས་རྗེས་འབྲང་བ་ཞེས། །དགོངས་ཏེ་ཡོངས་སུ་ཞིང་བསྟན་པ། །ཐེ་ཙོམ་དེ་ནི་མ་མཆིས་ཏེ། །བདག་ཅག་བྱང་ཆུབ་སྣང་བ་ཐོབ། །དེ་ནས་དགེ་སློང་དེ་དག་གི་ཚིགས་སུ་བཅད་པ་དེ་ཐོས་ནས།
དེ་དག་མ་ཡིན་པ་གཞན་དགེ་སློང་བརྒྱད་པར་འདུ་ཤེས་པ་བྱེ་བ་ཕྲག་བཅུ་སྟན་ལས་ལངས་ཏེ་འདུས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དེ་ཚིགས་སུ་བཅད་པ་འདི་སྨྲས་སོ། །བརྒྱད་པའི་འདུ་ཤེས་གང་གྱུར་པ། །བདག་ཅག་འདུ་ཤེས་དེ་རྣམས་བཤིག །གང་
གིས་བརྒྱད་པར་བརྗོད་པ་ཡི། །དགོངས་པ་དེ་ནི་བདག་ཅག་རྟོགས། །དེ་ནས་དགེ་སློང་དེ་དག་གི་ཚིགས་སུ་བཅད་པ་དེ་ཐོས་ནས། དགེ་སློང་གཞན་རྒྱུན་དུ་ཞུགས་པར་འདུ་ཤེས་པ་བྱེ་བ་ཕྲག་བཅུ་གཅིག་སྟན་ལས་ལངས་ཏེ་འདུས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་
དེ་ཚིགས་སུ་བཅད་པ་འདི་སྨྲས་སོ། །སངས་རྒྱས་ཆོས་ལ་རྣམ་ཀུན་དུ། །སྣང་བ་བདག་ཅག་དེ་རིང་ཐོབ། །གང་ཕྱིར་རྒྱུན་དུ་ཞུགས་བསྟེན་པ། །དགོངས་པ་དེ་ནི་བདག་ཅག་འཚལ། །དེ་ནས་དགེ་སློང་དེ་དག་གི་ཚིགས་སུ་བཅད་པ་དེ་ཐོས་ནས། དགེ་སློང་གཞན་ལན་ཅིག་ཕྱིར་
འོང་བར་འདུ་ཤེས་པ་བརྒྱ་སྟོང་དག་སྟན་ལས་ལངས་ཏེ་འདུས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དེ་ཚིགས་སུ་བཅད་པ་འདི་སྨྲས་སོ། །བདག་ཅག་ལན་ཅིག་ཕྱིར་འོང་བར། །བདག་ཅག་མངོན་པར་ཞེན་གྱུར་པ། །དེ་རིང་ཞེན་པ་མ་མཆིས་གྱུར། །དམ་པ་བདག་ཅག་
སྤྲོས་མ་མཆིས། །དེ་ནས་དགེ་སློང་དེ་དག་གི་ཚིགས་སུ་བཅད་པ་དེ་ཐོས་ནས། དགེ་སློང་ཕྱིར་མི་འོང་བའི་འབྲས་བུར་འདུ་ཤེས་པ་བྱེ་བ་ཕྲག་བརྒྱད་ཅུ་རྩ་ལྔ་སྟན་ལས་ལངས་ཏེ་འདུས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དེ་ཚིགས་སུ་བཅད་པ་འདི་སྨྲས་སོ། །མི་ཡི་དམ་
เล่ม ๖๕ · หน้า 272b
པ་འཇིག་རྟེན་མགོན། །བདག་ཅག་སྤྲོས་པ་མ་མཆིས་གྱུར། །འོབས་ལས་རྒལ་ན་ས་དེ་རིང་ནི། །བྱང་ཆུབ་ལ་ཡང་སྣང་བ་ཐོབ། །དེ་ནས་དགེ་སློང་དེ་དག་གི་ཚིགས་སུ་བཅད་པ་དེ་ཐོས་ནས་དགེ་སློང་བསམ་གཏན་བཞི་པ་ལ་བསམ་གཏན་པ་བྱེ་བ་ཕྲག་ལྔ་བཅུ་སྟན་ལས་ལངས་ཏེ་
འདུས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དེ་ཚིགས་སུ་བཅད་པ་འདི་སྨྲས་སོ། །དེ་རིང་ཅི་ཡང་མ་མཆིས་གྱུར། །ཆོས་ཉིད་མ་ལུས་པར་ཡང་རྟོགས། །སྒྱུ་མའི་ཆོས་ཉིད་མཉམ་པར་ནི། །ཐེག་པ་ཐམས་ཅད་མཉམ་པར་འཚལ། །དེ་ནས་དགེ་སློང་དེ་དག་གི་ཚིགས་
སུ་བཅད་པ་དེ་ཐོས་ནས། དགེ་སློང་ཐེག་པ་ལ་གསར་དུ་ཡང་དག་པར་ཞུགས་པ་ཉི་ཁྲི་སྟན་ལས་ལངས་ཏེ་འདུས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དེ་ཚིགས་སུ་བཅད་པ་འདི་སྨྲས་སོ། །ལུས་ཅན་རྣམས་ནི་དགྲོལ་སླད་དུ། །དགོངས་པ་གང་གིས་ཉན་ཐོས་གསུངས། །
དགོངས་པ་དེ་ནི་བདག་ཅག་རྟོགས། །དེ་ནི་བདེན་པའམ་བརྫུན་མ་ལགས། །དེ་ནས་དགེ་སློང་དེ་དག་གི་ཚིགས་སུ་བཅད་པ་དེ་ཐོས་ནས། །དགེ་སློང་རང་སངས་རྒྱས་སུ་འདུ་ཤེས་པ་ལྔ་སྟོང་སྟན་ལས་ལངས་ཏེ་འདུས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དེ་ཚིགས་
སུ་བཅད་པ་འདི་སྨྲས་སོ། །རང་སངས་རྒྱས་ཉིད་བསམ་ཡས་པ། །རྒྱལ་བས་དགོངས་ཏེ་གང་གསུངས་པ། །རང་རྒྱལ་བྱང་ཆུབ་བདག་ཅག་ལ། །དེ་རིང་མངོན་སུམ་ཉིད་དུ་གྱུར། །དེ་ནས་དགེ་སློང་དེ་དག་གི་ཚིགས་སུ་བཅད་པ་དེ་ཐོས་ནས། དགེ་སློང་མ་རྒྱུན་དུ་ཞུགས་པའི་
འབྲས་བུར་འདུ་ཤེས་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུར་འདུ་ཤེས་པ་དང་། ཕྱིར་མི་འོང་བའི་འབྲས་བུར་འདུ་ཤེས་པ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུར་འདུ་ཤེས་པ་འབུམ་ཕྲག་བཅུ་སྟན་ལས་ལངས་ཏེ་འདུས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དེ་
ཚིགས་སུ་བཅད་པ་འདི་སྨྲས་སོ། །བུད་མེད་དངོས་པོར་འགྱུར་བ་ཡི། །མཉམ་པའི་ཆོས་རྣམས་ཡང་དག་འཚལ། །གཞན་མི་གསུང་བའི་སངས་རྒྱས་སུ། །འཇིག་རྟེན་མཆོག་ཏུ་བདག་ཅག་འགྱུར། །དེ་ནས་དགེ་སློང་མ་དེ་དག་གི་ཚིགས་སུ་བཅད་པ་དེ་ཐོས་ནས། དགེ་
เล่ม ๖๕ · หน้า 273a
བསྙེན་རྒྱུན་དུ་ཞུགས་པའི་འབྲས་བུར་འདུ་ཤེས་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུར་འདུ་ཤེས་པ་དང་། ཕྱིར་མི་འོང་བའི་འབྲས་བུར་འདུ་ཤེས་པ་འབུམ་ཕྲག་ཉི་ཤུ་རྩ་བརྒྱད་སྟན་ལས་ལངས་ཏེ་འདུས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དེ་ཚིགས་སུ་བཅད་
པ་འདི་སྨྲས་སོ། །བདག་ཅག་སེམས་དེང་དྲི་མ་མེད། །བཻ་དཱུརྱ་ལྟར་རྣམ་པར་དག །སངས་རྒྱས་ཆོས་ཐོབ་བགྱི་སླད་དུ། །དེ་རིང་རབ་ཏུ་འབྱུང་བར་བགྱི། །དེ་ནས་བར་སྣང་ལ་འཁོད་པའི་ལྷ་བྱེ་བ་ཁྲག་ཁྲིག་ཕྲག་དྲུག་ཅུས་བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་གིས་གཏོར་ནས་འདུས་
ཏེ་ཚིགས་སུ་བཅད་པ་འདི་སྨྲས་སོ། །ཐེག་པར་འདུ་ཤེས་སྔོན་གང་གྱུར། །དེ་བཞིན་འབྲས་བུར་འདུ་ཤེས་པ། །འདུ་ཤེས་དེ་དང་བདག་ཅག་བྲལ། །སངས་རྒྱས་བྱང་ཆུབ་ཡང་དག་གཏད། །དེ་ནས་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་དང་། རབ་འབྱོར་དང་། མ་འགགས་
པ་དང་། ནམ་གྲུ་དང་། ཀ་པི་ན་ལ་སོགས་པ་དགྲ་བཅོམ་པ་སྟོང་ཕྲག་མང་པོ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེང་བདག་ཅག་བརྣག་པ་ཡོངས་སུ་རྫོགས་
ལགས་སོ། །བསམ་པ་ཡོངས་སུ་རྫོགས་ལགས་སོ། །བདུད་ཕྱིར་རྒོལ་བ་བཅོམ་ལགས་སོ། །མཚམས་མེད་པ་ལྔ་ཡོངས་སུ་རྫོགས་པ་དང་ལྡན་ལགས་སོ། །བཅོམ་ལྡན་འདས་དེང་བདག་ཅག་འདོད་པའི་ཡོན་ཏན་ལྔ་ཡོངས་སུ་རྫོགས་པ་དང་ལྡན་ལགས་སོ། །བཅོམ་
ལྡན་འདས་དེང་བདག་ཅག་ལོག་པར་ལྟ་བ་ཡོངས་སུ་རྫོགས་པ་དང་ལྡན་ལགས་སོ། །བཅོམ་ལྡན་འདས་དེང་བདག་ཅག་ཡང་དག་པའི་ལྟ་བ་དང་བྲལ་ལགས་སོ། །བཅོམ་ལྡན་འདས་དེང་བདག་ཅག་གིས་སྲོག་ཆགས་བརྒྱ་སྟོང་མང་པོའི་སྲོག་བཀུམ་ལགས་སོ། །བཅོམ་ལྡན་འདས་
དེང་བདག་ཅག་གིས་བྱང་ཆུབ་ཐོབ་ལགས་སོ། །དེང་བདག་ཅག་ཕུང་པོའི་ལྷག་མ་མ་མཆིས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཅང་མི་གསུང་བས་བཏང་སྙོམས་སུ་མཛད་དོ། །དེ་ནས་འཁོར་དེའི་སྲོག་ཆགས་
เล่ม ๖๕ · หน้า 273b
བརྒྱ་སྟོང་མང་པོ་དག་ཐེ་ཙོམ་དུ་གྱུར་ཏེ། འདི་ཅི་ཞིག་བདག་ཅག་མུན་པར་གྱུར་པ་འདི་ཇི་ལྟ་བུ་ཞིག །དགྲ་བཅོམ་པ་དག་ཀྱང་ཚིག་འདི་སྐད་ཅེས་འཛེར་ན། སོ་སོའི་སྐྱེ་བོ་ལྟ་སྨོས་ཀྱང་ཅི་དགོས་སོ་ཞེས་འཛེར་རོ། །ཐེ་ཙོམ་དུ་གྱུར་པ་དེ་དག་སྟན་ལས་བསྐྱོད་པར་མ་ནུས་ཏེ། གང་དག་
འདུག་པ་དེ་དག་ནི་ལྡང་མི་ནུས། གང་དག་ལངས་པ་དེ་དག་ནི་འདུག་མི་ནུས་ནས་དེ་དག་ཐེ་ཙོམ་དུ་གྱུར་ཏེ་རབ་ཏུ་སེམས་ཤིང་འདུག་གོ །དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཀུན་དགའ་བོས་སྲོག་ཆགས་བརྒྱ་སྟོང་མང་པོ་དེ་དག་གི་སེམས་ཀྱི་ཡོངས་སུ་རྟོག་པ་སེམས་ཀྱིས་ཤེས་ནས་
འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་གནས་བརྟན་དེ་དག་གིས་སྨྲས་པ་ཐོས་ནས་སྲོག་ཆགས་བརྒྱ་སྟོང་མང་པོ་འདི་དག་ཐེ་ཙོམ་དུ་གྱུར་ཏེ། འདི་དག་གིས་གང་ལ་བསམས་ཏེ་སྨྲས་པ་ལ། བཅོམ་ལྡན་འདས་འདི་ཡང་ཅང་མི་གསུང་བར་
བཞུགས་ནས། འཇམ་དཔལ་གཞོན་ནུར་གྱུར་པ་གསུངས་ཤིག །དེ་སྐད་ཅེས་སྨྲས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཀུན་དགའ་བོ་འདི་ནི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་རྣམས་ཀྱིས་ཡིན་ཏེ། གནས་
བརྟན་འདི་དག་གིས་གང་ལ་བསམས་ཏེ། ཚིག་སྨྲས་པ་འདི་ནི་ཕྱིར་མི་ལྡོག་པ་རྣམས་ལ་མངོན་སུམ་མོ། །སྨྲས་པ། འཇམ་དཔལ་ཅི་གནས་བརྟན་འདི་དག་ཀྱང་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་ནམ། སྨྲས་པ། ཀུན་དགའ་བོ་དེ་དེ་བཞིན་ནོ། །ཀུན་དགའ་བོས་སྨྲས་པ།
འཇམ་དཔལ་གནས་བརྟན་འདི་དག་གིས་གང་ལ་བསམས་ཏེ་ཚིག་སྨྲས་པ་ལ། བཅོམ་ལྡན་འདས་འདི་ཡང་ཅང་མི་གསུང་བར་བཞུགས་ན། དེའི་ཕྱིར་གསུངས་ཤིག །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཀུན་དགའ་བོ་མ་ནི་འཁོར་བའི་སྐྱེད་པའི་མ་རིག་པ་ལ་བྱ་སྟེ། འདི་དག་
གིས་མ་རིག་པ་དེ་ཤིན་ཏུ་བཅོམ་མོ། །བཙུན་པ་ཀུན་དགའ་བོ་ཕ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དགའ་བའི་འདོད་ཆགས་དང་ལྡན་པ་ལ་བྱ་སྟེ། འདི་དག་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དེ་དང་བྲལ་ལོ། །དགའ་བའི་འདོད་ཆགས་ཀྱང་ཤིན་ཏུ་བཅོམ་བཏགས་སོ། །
เล่ม ๖๕ · หน้า 274a
དགྲ་བཅོམ་པ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའི་ཆོས་རྣམས་ཏེ། འདི་དག་གིས་དེ་དག་རྣམ་པར་མི་གཞིག་པའི་ཚུལ་གྱིས་རྣམ་པར་གཞིག་སྟེ་བཅོམ་མོ། །འདི་དག་ལ་སོ་སོའི་སྐྱེ་བོའི་ཆོས་ཀྱི་འདུ་ཤེས་གང་ཡོད་པ་དེ་ཡང་འདི་དག་གིས་ཆོས་ཐམས་ཅད་མི་དབྱེ་བའི་ཚུལ་གྱིས་ཕྱེའོ། །
འདི་དག་ལ་དེ་བཞིན་གཤེགས་པའི་འདུ་ཤེས་སུ་གྱུར་པ་གང་ཡོད་པའི་འདུ་ཤེས་དེ་ཡང་མི་སྐྱེ་བའི་ཚུལ་གྱིས་འདི་དག་དང་བྲལ་ལོ། །བཙུན་པ་ཀུན་དགའ་བོ་འདི་དག་གིས་ནི་འདི་ལ་བསམས་ནས་དེང་བདག་ཅག་མཚམས་མེད་པ་ལྔ་ཡོངས་སུ་རྫོགས་པ་དང་ལྡན་པ་ལགས་སོ་ཞེས་སྨྲས་
སོ། །དེ་ཅིའི་ཕྱིར་ཞེ་ན། ཁྱེར་བ་ཡང་མེད། བླངས་པ་ཡང་མེད་དེ། དེའི་ཕྱིར་མཚམས་མེད་པ་ལྔ་དང་ལྡན་པ་ཞེས་བྱའོ། །འདི་དག་གིས་ཅི་ལ་བསམས་ཏེ་དེང་བདག་ཅག་གིས་འདོད་པའི་ཡོན་ཏན་ལྔ་ཡོངས་སུ་རྫོགས་པ་དང་ལྡན་པ་ལགས་སོ། །ཞེས་དེ་སྐད་སྨྲས་ཞེ་ན། བཙུན་
པ་ཀུན་དགའ་བོ་འདི་དག་འདོད་པའི་ཡོན་ཏན་ལྔ་པོ་འདི་དག་རྨི་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། མིག་ཡོར་ལྟ་བུར་ཤེས་ཏེ། འདི་དག་ལ་ཤེས་པ་དེ་ཡོངས་སུ་རྫོགས་ཤིང་འདི་དག་གིས་འདོད་པའི་ཡོན་ཏན་ལྔ་མ་ཚང་བ་མེད་པ་དང་ཡོངས་སུ་རྫོགས་པ་མེད་པར་བྱས་སོ། །དེ་ཅིའི་
ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་ཤིན་ཏུ་མེད་པ་སྟེ། དེ་ལྟར་འདི་དག་གིས་དེ་དག་ཡོངས་སུ་ཤེས་སོ། །དེ་ལྟར་དེ་དག་དང་ལྡན་ནོ། །དེ་ལྟར་དེ་དག་གིས་ཤེས་པ་ཡོངས་སུ་རྫོགས་ཏེ་དེའི་ཕྱིར་འདོད་པའི་ཡོན་ཏན་ལྔ་ཡོངས་སུ་རྫོགས་པ་དང་ལྡན་པ་ཞེས་བྱའོ། །ཀུན་དགའ་བོ་འདི་དག་
གིས་ནི་འདི་ལ་བསམས་ནས་དེང་བདག་ཅག་འདོད་པའི་ཡོན་ཏན་ལྔ་ཡོངས་སུ་རྫོགས་པ་དང་ལྡན་པ་ལགས་སོ་ཞེས་སྨྲས་སོ། །བཙུན་པ་ཀུན་དགའ་བོ་འདི་དག་གིས་དེང་བདག་ཅག་ལོག་པར་ལྟ་བ་ཡོངས་སུ་རྫོགས་པ་དང་ལྡན་ལགས་སོ། །ཡང་དག་པའི་ལྟ་བ་དང་བྲལ་ལགས་སོ་
ཞེས་དེ་སྐད་གང་སྨྲས་པ་ནི། བཙུན་པ་ཀུན་དགའ་བོ་འདི་དག་གིས་ཆོས་ཐམས་ཅད་ནི་ལོག་པ་ཡིན་པར་མཐོང་ངོ་། །བཙུན་པ་ཀུན་དགའ་བོ་ལོག་པ་ཞེས་བྱ་བ་ནི་བརྫུན་པ་སྟེ། ཆོས་ཐམས་ཅད་ནི་བརྫུན་པའོ། །གང་དུ་ཡང་སྦྱོར་བ་མེད་ཅིང་ནམ་མཁའ་དང་འདྲ་སྟེ་ཞུམ་པ་མེད་པ།
เล่ม ๖๕ · หน้า 274b
ཞེན་པ་མེད་པ། རྟོན་པ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དེ། འདི་དག་གིས་དེ་དག་དེ་ལྟར་ཤེས་སོ། །ཡང་དག་པར་ན་ཆོས་ཐམས་ཅད་ནི་མཉམ་པ་སྟེ། མཉམ་པ་དེ་ནི་ཡང་དག་པའི་ལྟ་བའོ། །འདི་དག་ནི་མཉམ་པའི་འདུ་ཤེས་
དེ་དང་བྲལ་ལོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་འདུ་ཤེས་ཐམས་ཅད་དང་བྲལ་བ་སྟེ། འདི་དག་གིས་ཆོས་ཕྲ་རབ་ཙམ་ཡང་མི་དམིགས་པར་སངས་རྒྱས་ཀྱི་ཆོས་དེ་དག་རྗེས་སུ་ཐོབ་བོ། །རྟོགས་སོ། །བཙུན་པ་ཀུན་དགའ་བོ་འདི་དག་གིས་ནི་འདི་ལ་བསམས་ཏེ་དེང་བདག་ཅག་ལོག་
པར་ལྟ་བ་ཡོངས་སུ་རྫོགས་པ་དང་ལྡན་ལགས་སོ། །ཡང་དག་པའི་ལྟ་བ་དང་བྲལ་ལགས་སོ་ཞེས་སྨྲས་སོ། །བཙུན་པ་ཀུན་དགའ་བོ་འདི་དག་གིས་གང་ལ་བསམས་ཏེ། དེང་བདག་ཅག་གིས་སྲོག་ཆགས་བརྒྱ་སྟོང་མང་པོའི་སྲོག་བཀུམ་ལགས་སོ་ཞེས་ཚིག་སྨྲས་པ་ལ། བཙུན་
པ་ཀུན་དགའ་བོ་འདི་དག་གི་ལྡེམ་པོ་ངག་འདི་ཐོས་ནས་སྲོག་ཆགས་བརྒྱ་སྟོང་མང་པོ་དང་། ལྷ་བརྒྱ་སྟོང་མང་པོས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུ་དང་། བྲག་ཅ་ལྟ་བུར་ཤེས་ཤིང་རྟོགས་ཏེ། དེས་འདི་དག་སེམས་ཅན་གྱི་འདུ་ཤེས་དང་། སྲོག་གི་འདུ་ཤེས་དང་བྲལ་
ནས་ཆོས་ཐམས་ཅད་བསྐྲུན་པ་མེད་པའི་ཚུལ་དུ་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྐྲུན་ཏོ། །འདི་ཐོས་ནས་དེ་དག་མ་ཡིན་པ་གཞན་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་ཀྱང་སེམས་ཅན་གྱི་འདུ་ཤེས་དང་། སྲོག་གི་འདུ་ཤེས་དང་བྲལ་བར་གྱུར་
ཏེ་དེའི་ཕྱིར་དེ་དག་ཡང་འཆི་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གྱི་འདུ་ཤེས་དང་། སྲོག་གི་འདུ་ཤེས་ཡོད་ན་འཆི་བར་འགྱུར་ན་དེ་དག་ཤིན་ཏུ་མི་སྐྱེ་བའི་ཆོས་ཉིད་ཀྱིས་འདུ་ཤེས་དེ་དང་བྲལ་བར་འགྱུར་རོ། །བཙུན་པ་ཀུན་དགའ་བོ་འདི་དག་གིས་ནི་འདི་ལ་བསམས་
ཏེ། དེང་བདག་ཅག་གིས་སྲོག་ཆགས་བརྒྱ་སྟོང་མང་པོའི་སྲོག་བཀུམ་ལགས་སོ་ཞེས་ཚིག་དེ་སྐད་སྨྲས་སོ། །བཙུན་པ་ཀུན་དགའ་བོ་འདི་དག་གིས་གང་ལ་བསམས་ཏེ། དེང་བདག་ཅག་གིས་བྱང་ཆུབ་ཐོབ་ལགས་སོ། །དེང་བདག་ཅག་ཕུང་པོའི་ལྷག་མ་མ་མཆིས་པའི་
เล่ม ๖๕ · หน้า 275a
མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ལགས་སོ་ཞེས་ཚིག་དེ་སྐད་སྨྲས་པ་ལ། བཙུན་པ་ཀུན་དགའ་བོ་འཁོར་འདིའི་ནང་ནས་སྲོག་ཆགས་བརྒྱ་ཕྲག་མང་པོ་དང་། སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོས་དེང་ཉོན་མོངས་པ་རྣམས་སངས་
རྒྱས་ཀྱི་བྱང་ཆུབ་དང་མཚུངས་པར་རིག་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེད་དེ། དེའི་ཕྱིར་དེ་དག་དེང་བྱང་ཆུབ་ཀྱི་ཕྱིར་ཉོན་མོངས་པ་རྣམས་ལས་རྣམ་པར་རྒྱལ་ནས་འདི་སྐད་དུ་དེང་བདག་ཅག་གིས་བྱང་ཆུབ་ཐོབ་ལགས་སོ་ཞེས་སྨྲས་སོ། །ཉོན་མོངས་པ་རྣམས་སྤངས་པ་ཡང་མེད། སངས་རྒྱས་
ཀྱི་ཆོས་རྣམས་བསྟན་པ་ཡང་མེད་དོ། །འདི་དག་ལ་ཉོན་མོངས་པ་ཆུང་རབ་ཙམ་ཡང་མེད་དོ། །བཙུན་པ་ཀུན་དགའ་བོ་འདི་དག་གིས་ནི་འདི་ལ་བསམས་ཏེ། དེང་བདག་ཅག་གིས་བྱང་ཆུབ་ཐོབ་ལགས་སོ། །དེང་བདག་ཅག་ཕུང་པོའི་ལྷག་མ་མ་མཆིས་པའི་མྱ་ངན་ལས་འདས་
པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ལགས་སོ་ཞེས་ཚིག་དེ་སྐད་སྨྲས་སོ། །དེང་ཞེས་བྱ་བ་ནི་ཉི་མ་འདི་གང་ཡིན་པ་ལ་དེང་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བཙུན་པ་ཀུན་དགའ་བོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེས་ཆོས་ཐམས་
ཅད་སྣང་བ་བྱས་ཏེ། དེས་སེམས་ཅན་གང་མ་ཐོབ་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་གང་ཡིན་པ་འདི་ནི་ཆོས་ཐམས་ཅད་དང་འཆར་བའོ། །གང་གི་ཚེ་དེ་བྱང་ཆུབ་ཀྱི་འདུ་ཤེས་དང་བྲལ་བ་དེའི་ཚེ་དེ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཆོས་ཐམས་ཅད་དང་ནུབ་བོ། །བཙུན་
པ་ཀུན་དགའ་བོ་བྱང་ཆུབ་སེམས་དཔའི་ཐེག་པ་པ་ལ་ནི་འཕགས་པའི་འདུ་ཤེས་ཀྱིས་འདི་ཉིན་མོའོ། །བྱིས་པ་རྣམས་ལ་ནི་ཉ་མའི་འདུ་ཤེས་ཀྱིས་ཉིན་མོའོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ཡང་དག་པར་སྙིང་པོར་ཉིན་མོར་གྱུར་ན་ནི། དེའི་ཕྱིར་ཉིན་མོ་རྣམས་ཕུང་པོར་འགྱུར་རོ། །གལ་
ཏེ་ཡང་དག་པར་སྙིང་པོར་ཕུང་པོར་གྱུར་ན་ནི་དེའི་ཕྱིར་མཚན་མོ་རྣམས་ཀྱང་ཕུང་པོར་འགྱུར་ཏེ། འདས་པའི་ཉིན་མཚན་རྣམས་འདྲེས་པར་འགྱུར་རོ། །ཉིན་མོ་ཡང་མཚན་མོར་འགྱུར་རོ། །མཚན་མོ་ཡང་ཉིན་མོར་འགྱུར་རོ། །བཙུན་པ་ཀུན་དགའ་བོ་བྱིས་པ་རྣམས་ཀྱི་ཉིན་མོའི་འདུ་
เล่ม ๖๕ · หน้า 275b
ཤེས་ཀྱིས་ཉིན་མོའོ། །མཚན་མོའི་འདུ་ཤེས་ཀྱིས་མཚན་མོའོ། །བྱང་ཆུབ་སེམས་དཔའི་ཐེག་པ་པ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་ལ་ནི་ཉིན་མོ་ལ་ཉིན་མོའི་འདུ་ཤེས་དང་། མཚན་མོ་ལ་མཚན་མོའི་འདུ་ཤེས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཡེ་ཤེས་ནི་འདུ་ཤེས་
ཐམས་ཅད་དང་བྲལ་བ་སྟེ་དེའི་ཕྱིར་མངོན་སུམ་དུ་སྨོན་པ་མེད་དོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །འཁོར་བ་སྐྱེད་པར་བྱེད་པ་ཡི། །མ་རིག་པ་ལ་མ་ཞེས་བརྗོད། །དེ་དག་དེ་ནི་རྩར་བཅས་བཏོན། །དེ་ཕྱིར་མ་བསད་ཅེས་བརྗོད་དོ། །ཚུལ་བཞིན་མ་ཡིན་
ཡིད་ལ་བྱེད། །དགའ་བའི་འདོད་ཆགས་ཕ་ཞེས་བརྗོད། །དེ་དག་ཡང་དག་ཇི་བཞིན་དུ། །དེ་ནི་རྟག་ཏུ་དངོས་མེད་ཤེས། །འདི་ནི་ཡང་དག་དངོས་མེད་པར། །རྩ་ནས་བཏོན་ལ་མི་སྐྱེད་དེ། །དམིགས་པ་མེད་ཅིང་གནས་མེད་པ། །དེས་ན་བསད་པ་ཞེས་བརྗོད་དོ། །དགྲ་བཅོམ་
ཆོས་སུ་གང་བརྗོད་དང་། །བྱིས་པའི་ཆོས་གང་ཐ་དད་པ། །སྲེད་པ་རྣམ་པར་བཤིག་པས་ན། །དེ་ཕྱིར་དགྲ་བཅོམ་བསད་ཅེས་བརྗོད། །དགེ་འདུན་འདུ་ཤེས་གང་གྱུར་པ། །དེ་དག་དེ་ཡི་རང་བཞིན་ཤེས། །ཆོས་རྣམས་ཐམས་ཅད་དབྱེ་མེད་པར། །དབྱེ་བའི་སྒྲར་ནི་ངེས་
པར་བསྟན། །རྫོགས་སངས་རྒྱས་ཞེས་འདུ་ཤེས་གང་། །སྔོན་ཆད་རྣམ་པར་བརྟག་གྱུར་པ། །སྐྱེ་བ་མེད་དང་འགག་མེད་པར། །དེ་དག་དེ་ནི་རྩར་བཅས་བཏོན། །རྒྱུན་མི་འཆད་པར་འདུ་ཤེས་འདི། །སྟོང་ཞིང་དབུས་དང་མཐའ་སྟོང་པར། །འདི་དག་གིས་ནི་ཚིག་ཏུ་བརྗོད། །
དེ་ནི་མཉམ་ཉིད་རིག་པར་བྱས། །འདོད་པའི་ཡོན་ཏན་ལྔ་བརྗོད་པ། །མིང་གང་གིས་ནི་ཡོངས་བརྗོད་པ། །འདུ་ཤེས་སྒྱུ་མར་རྟོགས་པས་ན། །དེ་ཕྱིར་དེ་དག་འདུ་ཤེས་བྲལ། །དགེ་སློང་དག་གིས་འདོད་འདི་རྣམས། །སྔོན་ཅད་ཇི་བཞིན་མི་ཉུང་བྱས། །འཇིག་རྟེན་མགོན་གྱི་
སྤྱན་སྔར་ནི། །དེ་དག་དེས་ན་ཚིག་ཏུ་བརྗོད། །འདོད་པའི་ཆོས་རྣམས་རྨི་ལམ་འདྲར། །འདི་དག་གིས་ནི་སྟོང་དུ་ཤེས། །དེ་ལ་ཤིན་ཏུ་སྐྱེ་མེད་པར། །དེ་དག་ཤེས་པ་རབ་ཏུ་རྫོགས། །གསོབ་སྟོང་སྙིང་པོ་མེད་པར་ནི། །ལོག་པར་ཆོས་རྣམས་ཡོངས་སུ་ཤེས། །
เล่ม ๖๕ · หน้า 276a
ལོག་ཅེས་བྱ་བའང་བརྫུན་དུ་བརྗོད། །དེ་དག་འདུ་ཤེས་འདིར་རབ་རྫོགས། །ཆོས་རྣམས་ཐམས་ཅད་བརྫུན་པ་སྟེ། །གང་དུའང་ཡང་དག་འདྲེ་བ་མེད། །ནམ་མཁའ་སོར་མོ་ལྔ་ལྟ་བུར། །མེད་པས་ཡང་དག་འདྲེ་བ་མེད། །ཡང་དག་ཅེས་ནི་གང་བརྗོད་པ། །ལྟ་བ་དེ་དག་
རྣམས་ཀྱིས་ཤེས། །ཆོས་ཀྱི་མཉམ་ཉིད་གང་དང་མཉམ། །ལྟ་བ་ཤེས་པའང་དེ་དང་མཉམ། །སེམས་ཅན་འདུ་ཤེས་པས་ན་འཆི། །བྱིས་པའི་བློ་ཅན་རྣམས་ཀྱིས་བརྟགས། །སེམས་ཅན་རྣམས་ནི་མི་དམིགས་ན། །འཆི་བ་སྲིད་པར་མི་འགྱུར་རོ། །གང་གིས་སྐྱེ་བོ་རབ་མང་དག །
སྡུག་བསྔལ་བླངས་པ་མི་འདོར་བ། །སྲོག་ཏུ་འདུ་ཤེས་རབ་སྡིག་ཅན། །འདུ་ཤེས་དེ་དེ་རྣམས་ཀྱིས་བསལ། །དེ་དག་སེམས་ཅན་འདུ་ཤེས་བྲལ། །སྲོག་ཏུ་འདུ་ཤེས་རྣམ་པར་བཤིག །དེས་ན་སེམས་ཅན་མང་པོ་ཡི། །སྲོག་བཅད་ཅེས་ནི་བརྗོད་པ་ཡིན། །དེ་དག་ཉོན་མོངས་ཀུན་
ལས་རྒྱལ། །ཉོན་མོངས་མེད་པའི་ཆོས་ཉིད་རྟོགས། །བྱང་ཆུབ་སྒྲོ་བཏགས་མེད་པ་དང་། །འགྱུར་མེད་རབ་ཏུ་དྲི་མེད་ཤེས། །བདུད་རྣམས་མཐའ་དག་ཕམ་པར་བྱས། །སངས་རྒྱས་ཆོས་རྣམས་རྣམ་པར་སྦྱངས། །ཆོས་ཀུན་མི་མཐུན་མེད་པའི་ཕྱིར། །སྐྱེ་བ་མེད་པས་མྱ་ངན་འདས། །
འཇམ་དཔལ་གཞོན་ནུར་གྱུར་པས་ཚིགས་སུ་བཅད་པ་འདི་དག་སྨྲས་མ་ཐག་ཏུ་དེ་ནས་སྲོག་ཆགས་བརྒྱ་སྟོང་རབ་ཏུ་མང་པོ་དེ་དག་ཐེ་ཙོམ་དང་སོམ་ཉི་དང་བྲལ་ཏེ། ཆོས་ཐམས་ཅད་ལ་སྣང་བ་ཡང་ཐོབ་པར་གྱུར་ནས། དེ་དག་ཐམས་ཅད་ཀྱིས་སོ་སོ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་དགའ་བ་ཕུལ་
ཏེ་ཚིག་འདི་སྐད་དུ་ཇི་ལྟར་ད་ལྟར་འཇམ་དཔལ་གཞོན་ནུར་གྱུར་པས་བསྟན་པ་དེ་བཞིན་དུ་བདག་ཅག་གིས་ཀྱང་ཆོས་བརྗོད་པར་བགྱིའོ། །སེམས་ཅན་ལ་ཡང་བསྟན་པར་བགྱིའོ་ཞེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་
དཔལ་ལྡེམ་པོ་ངག་ཏུ་སྨྲས་པ་དེ་དག་ལེགས་པར་བཤད་པ་ནི་ལེགས་སོ་ལེགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སྲོག་ཆགས་བརྒྱ་སྟོང་མང་པོ་ཐེ་ཙོམ་དང་སོམ་ཉི་ཟ་བར་གྱུར་པ་གང་དག་ཐེ་ཙོམ་དང་སོམ་ཉི་ལས་རྣམ་པར་
เล่ม ๖๕ · หน้า 276b
བཀྲོལ་བའི་སྲོག་ཆགས་བརྒྱ་སྟོང་མང་པོ་དེ་དག་ནི། ཀུན་དགའ་བོ་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་པས་ཡོངས་སུ་སྨིན་པར་བྱས་པ་དག་སྟེ། དེ་དག་ནི་འདིས་ཆོས་བསྟན་པ་ཀུན་དུ་ཤེས་སོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། འདི་དག་བྱང་ཆུབ་
ལས་སླར་མི་ལྡོག་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ཏེ། འདི་དག་ནི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དགེ་བའི་བཤེས་གཉེན་འཇམ་དཔལ་གཞོན་ནུར་གྱུར་པས་ཡོངས་སུ་བཟུང་བའི་ཕྱིར་རོ། །གསོལ་པ། བཅོམ་
ལྡན་འདས་ཅི་ལགས། དགེ་སློང་གང་དག་དད་པས་རྗེས་སུ་འབྲང་བའི་འདུ་ཤེས་དང་། ཆོས་ཀྱི་རྗེས་སུ་འབྲང་བའི་འདུ་ཤེས་དང་། དེ་བཞིན་དུ་བརྒྱད་པ་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། ཉན་ཐོས་དང་། རང་སངས་རྒྱས་
ཀྱི་འདུ་ཤེས་རྣམས་ལས་ལངས་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ལས་སླར་མི་ལྡོག་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འདི་ནི་ཡིད་ཆེས་པར་དཀའ་བ་སྟེ། དམན་པ་ལ་མོས་པ་དང་། ལེ་ལོ་ཅན་དང་། འདོད་པའི་ཆོས་བསྟེན་པ་དང་། འདུ་འཛི་ལ་དགའ་བ་
དང་། དྲན་པ་བརྗེད་ངས་པ་དང་། ཤེས་བཞིན་མེད་པ་དང་། མཉམ་པར་མ་བཞག་པ་དང་། སེམས་རྣམ་པར་འཁྲུལ་པ་དང་། མངོན་པའི་ང་རྒྱལ་གྱིས་ཡོངས་སུ་ཟིན་པ་དང་། ལུས་རྗེས་སུ་སྲུང་བ་དང་། སྲོག་རྗེས་སུ་སྲུང་བ་དང་། ལུས་དང་སྲོག་ལ་ལྟ་བ་དང་བཅས་པ་དང་། སེར་སྣ་
ཅན་དང་། ངང་ཚུལ་ངན་པ་ཅན་དང་། གནོད་སེམས་ཅན་དང་། སངས་རྒྱས་ཀྱི་ཆོས་ལ་མི་མོས་པ་དང་། འཆལ་བའི་ཤེས་རབ་ཅན་དང་། སྡིག་པའི་བཤེས་གཉེན་གྱི་ལག་ཏུ་སོང་བ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་མ་ཟིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་
སུ་སྤངས་པ་དང་། དམིགས་པར་ལྟ་བ་དང་ལྡན་པ་དང་། འཐོབ་པ་ལྷུར་ལེན་པ་དང་། བཀུར་སྟི་ལྷུར་ལེན་པ་དང་། ལྷུང་བཟེད་དང་ཆོས་གོས་ལ་ཆགས་པ་དང་། ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་དུ་བྱ་བ་ལ་མི་བརྩོན་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མའི་ཚིག་
เล่ม ๖๕ · หน้า 277a
ཅན་དང་། ངག་རྩུབ་པོའི་ཚིག་ཅན་དང་། ཚིག་ཀྱལ་པ་སྨྲ་བ་དང་། བརྣབ་སེམས་ཅན་དང་། གནོད་སེམས་མང་བ་དང་། ལོག་པར་ལྟ་བ་དང་། འབྲེལ་པ་གང་ཡང་རུང་བས་བྲེལ་བ་དང་། ཕོ་ཉའི་ལས་ཀྱི་སྤྱོད་ཡུལ་པ་དང་མཚན་མ་ལ་སྤྱོད་པ་དང་། སྟོང་པ་ཉིད་དང་། མཚན་
མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཆུད་ཟ་བ་མེད་པའི་ཆོས་ཐམས་ཅད་ལ་མ་དད་པ་དང་། མི་མོས་པ་དང་། ཆོས་དེ་ལྟ་བུ་དང་ལྡན་པས་ནི་ཀུན་དགའ་བོ་གནས་འདི་ལ་མོས་པར་དཀའོ། །དེ་ནས་བཅོམ་
ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཅང་མི་གསུང་བར་གྱུར་ཏོ། །དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཀུན་དགའ་བོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཅིའི་ཕྱིར་བཅོམ་ལྡན་འདས་ཅང་མི་གསུང་བས་འདའ་བར་མཛད། འཇམ་དཔལ་གྱིས་
སྨྲས་པ། བཙུན་པ་ཀུན་དགའ་བོ་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ལ་ཆོས་འདི་ལྟ་བུ་དང་ལྡན་པའི་སེམས་ཅན་ཕལ་ཆེར་འབྱུང་སྟེ། དེ་དག་མི་མོས་པས་དེའི་ཕྱིར་བཅོམ་ལྡན་འདས་ཅང་མི་གསུང་བས་འདའ་བར་མཛད་དོ། །སྨྲས་པ། འཇམ་དཔལ་གང་དག་འདིར་མོས་པར་འགྱུར་བ་
གང་ཡིན། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཀུན་དགའ་བོ་གང་དག་མོས་པར་འགྱུར་བ་ནི་ཉུང་སྟེ། བཙུན་པ་ཀུན་དགའ་བོ་འདི་ལྟ་སྟེ། དཔེར་ན་སེམས་ཅན་གང་དག་དོན་ལ་མཁས་པ་དེ་དག་ནི་ཉུང་ཟད་ཅིག་གོ། །གང་དག་མི་མཁས་པ་ནི་རབ་ཏུ་མང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེ་དག་དེ་ལ་
མི་སྤྱོད་དེ། དེའི་ཕྱིར་དེ་ལ་མི་མཁས་སོ། །བཙུན་པ་ཀུན་དགའ་བོ་དེ་བཞིན་དུ་གང་དག་ཆོས་བསྟན་པ་འདི་ལ་མོས་པའི་སེམས་ཅན་ནི་ཉུང་ཟད་ཅིག་གོ། །གང་དག་མོས་པར་འགྱུར་བ་དེ་དག་ནི་རྟག་ཏུ་བཀུར་སྟིར་བྱ་བར་མི་འགྱུར་གྱི། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་
འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་ནས་ཡོངས་སུ་སྤང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་རང་གི་ལས་ཀྱི་སྒྲིབ་པ་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་སྔོན་བྱས་པས་སོ། །སྨྲས་པ། འཇམ་དཔལ་གང་དག་མོས་པ་ཉུང་བར་འགྱུར་བ་དེ་དག་ཉིད་ཀྱི་ཆེད་དུ་
เล่ม ๖๕ · หน้า 277b
གསུངས་ཤིག །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ལ་ཞུས་ཤིག་དང་། བཅོམ་ལྡན་འདས་ཁྱོད་ལ་ལན་འདེབས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་དག་
མོས་པ་ཉུང་བར་འགྱུར་བའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ཉིད་ཀྱི་ཆེད་དུ་བཤད་དུ་གསོལ། དེ་དག་གིས་ཐོས་ནས་ཀྱང་དགའ་བར་འགྱུར་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱོགས་བཞིར་རྣམ་པར་གཟིགས་ནས། ལྗགས་ཀྱི་དབང་པོས་སྟོང་གསུམ་གྱི་སྟོང་ཆེན་པོའི་
འཇིག་རྟེན་གྱི་ཁམས་མངོན་པར་བཀབ་སྟེ། ལྗགས་ཀྱི་དབང་པོ་དེ་ལས་འོད་ཕྱུང་ནས་འོད་དེས་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཁྱབ་པར་བྱས་ཏེ། སྣང་བ་ཆེན་པོས་སྣང་བར་བྱས་སོ། །དེ་ནས་སངས་རྒྱས་ཀྱི་མཐུས་འཁོར་བཞི་པོ་དེས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་
ཀླུང་གི་བྱེ་མ་སྙེད་དག་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་བསྟན་པ་འདི་ཉིད་སྟོན་པར་མཐོང་ཞིང་དེ་དག་གིས་ཆོས་བསྟན་པ་དེ་ཡང་ཐོས་སོ། །དེ་བཞིན་དུ་སྦྱར་ཏེ། ཕྱོགས་བཅུ་ཀུན་དུ་ཆོས་བསྟན་པ་འདི་ཉིད་ལྷག་ཆད་མེད་པར་ཐོས་སོ། །ཐོས་ནས་ཀྱང་འདུས་ཏེ། བཅོམ་ལྡན་
འདས་ལ་གསོལ་བ་བཏབ་པ། ཇི་ལྟར་བཅོམ་ལྡན་འདས་ཀྱི་བསྟན་པ་ལྟར་སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མ་མཆིས་པར་མང་བ་འདི་དག་ཀྱང་ཆོས་བསྟན་པ་འདི་ཉིད་ལྷག་ཆད་མ་མཆིས་པར་སྟོན་པར་མཐོང་ལགས་ན། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་འདི་ཉིད་དང་། ཆོས་ཀྱི་བཀའ་
མཆིད་འདི་ཉིད་རྒྱུན་མི་གཅད་པར་བཤད་དུ་གསོལ་ཞེས་གསོལ་བ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྗགས་ཀྱི་དབང་པོ་དེ་བསྡུས་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ལྕེའི་དབང་པོ་འདི་ལྟ་བུ་བརྫུན་སྨྲ་བ་ཡིན་ནམ། གསོལ་པ། བཅོམ་
ལྡན་འདས་དེ་ནི་མ་ལགས་ཏེ། དེའི་སླད་དུ་གང་དག་མོས་པ་ཉུང་བར་འགྱུར་བའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ཉིད་ཀྱི་ཆེད་དུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། གང་དག་མ་མོས་པ་དེ་དག་ཀྱང་དབང་དུ་གྱུར་པ་དེ་དག་གིས་མོས་པར་བགྱིད་པར་འགྱུར་རོ། །བཅོམ་
เล่ม ๖๕ · หน้า 278a
ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འཁོར་བཞི་པོ་གང་ད་ལྟར་འདུས་པ་དེ་ཐམས་ཅད་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་གང་དག་ཆོས་བསྟན་པ་འདི་ཐོས་པ་དེ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དག་སྟེ། དེ་
དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་། ཇི་ལྟར་ད་ལྟ་ར་ང་སྟོན་པ་བཞིན་དུ་ཆོས་ཀྱི་རྣམ་གྲངས་འདི་ལྷག་ཆད་མེད་པར་ས་ཕྱོགས་འདི་ཉིད་དུ་སྟོན་པར་འགྱུར་རོ། །དེ་ནས་འཁོར་བཞི་པོ་དེ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་
རྣམས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ནས་དགའ་བ་དང་། ཡིད་བདེ་བ་སྐྱེས་ཏེ། ཁ་ཅིག་གིས་ནི་གོས་རྣམས། ཁ་ཅིག་གིས་ནི་མེ་ཏོག་དང་། ཕྲེང་བ་དང་། བྱུག་པ་རྣམས་ཀྱིས་དེ་བཞིན་གཤེགས་པ་ལ་གཏོར་ཏོ། །བུད་མེད་རྣམས་ཀྱིས་ནི་རྒྱན་ཐམས་ཅད་ལུས་ལས་ཕོག་
སྟེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་གཏོར་ཏོ། །གཏོར་ནས་ཀྱང་ཐམས་ཅད་འདུས་ཏེ་ཚིག་འདི་སྐད་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་གཉིས་སུ་མ་མཆིས་པ་གསུང་བ་ལགས་སོ་ཞེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་
ཀྱིས་ཡང་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་བུད་མེད་འདི་དག་གིས་ཇི་སྐད་སྨྲས་པ་དེ་བཞིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་གཉིས་སུ་མེད་པ་གསུང་བ། ཆགས་པ་མི་མངའ་བ། ཞེ་སྡང་མི་མངའ་
བ། གཏི་མུག་མི་མངའ་བ། དྲི་མ་མི་མངའ་བ་སྟེ། དེས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཐོས་པ་དོན་ཡོད་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཐོས་ཞེས་བགྱི་བ་འདི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
ཀུན་དགའ་བོ་མི་ཤེས་སམ། གསོལ་པ། བཅོམ་ལྡན་འདས་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཉོན་ཅིག་དང་བཤད་དོ། །གསོལ་པ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་
เล่ม ๖๕ · หน้า 278b
གང་དག་གིས་ཤཱཀྱ་ཐུབ་པ་ཞེས་ངའི་མིང་ཐོས་པར་འགྱུར་བ་དེ་དག་ཐམས་ཅད་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་བྱང་ཆུབ་ནི་ཆགས་པ་མེད་པ། ཞེ་སྡང་མེད་པ། གཏི་མུག་མེད་པ་སྟེ་དོན་ཡོད་པ་ཡིན་ན། གང་དག་དེ་བཞིན་གཤེགས་པ་ལ་མེ་ཏོག་ཅིག་
འབུལ་བ་དང་། གང་དག་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་གྱི་མཆོད་རྟེན་རྣམས་ལ་མེ་ཏོག་ཅིག་འཐོར་བ་དག་ལྟ་སྨོས་ཀྱང་ཅི་དགོས། གསོལ་པ། བཅོམ་ལྡན་འདས་དུད་འགྲོའི་སྐྱེ་གནས་སུ་གྱུར་པའི་སེམས་ཅན་གང་དག་གིས་ཐོས་པ་དེ་དག་ཀྱང་བྱང་ཆུབ་
ལས་སླར་མི་ལྡོག་པར་འགྱུར་བ་ལགས་སམ། བཀའ་སྩལ་པ། ཀུན་དགའ་བོ་གང་ལ་ལ་དག་ཤཱཀྱ་ཐུབ་པ་ཞེས་བྱ་བ་ཐོས་པ་དེ་ཉིད་དེ་དག་གི་བྱང་ཆུབ་ཀྱི་ས་བོན་དུ་འགྱུར་རོ། །ཀུན་དགའ་བོ་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཐོས་
པ་དོན་ཡོད་པ་མ་ཡིན་ཏེ། དེ་ལྟར་གྱུར་ན་ནི་དེ་བཞིན་གཤེགས་པ་གཉིས་སུ་མེད་པ་གསུང་བར་མི་འགྱུར་རོ། །ཀུན་དགའ་བོ་ཁྱོད་འདི་ལ་ཇི་སྙམ་དུ་སེམས། ཤིང་ནྱ་གྲོ་དྷ་གང་གི་གྲིབ་མ་ལ་སྲོག་ཆགས་བརྒྱའམ། ཉིས་བརྒྱའམ། སུམ་བརྒྱའམ། བཞི་བརྒྱའམ། ལྔ་བརྒྱ་འཁོད་
པའི་ཤིང་ནྱ་གྲོ་དྷའི་ས་བོན་ཇི་ཙམ་ཞིག་ཡིན། གསོལ་པ། བཅོམ་ལྡན་འདས་དེའི་ས་བོན་ཆུང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ས་བོན་དེ་ཙམ་དུ་ཆུང་བ་དེ་ལས་ཤིང་ནྱ་གྲོ་དྷ་དེ་སྐྱེས་ནས་རིམ་གྱིས་འཕེལ་ཞིང་བདོ་སྟེ་རྒྱས་པ་དང་ཡངས་པར་
འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། །བཀའ་སྩལ་པ། ཀུན་དགའ་བོ་ཤིང་ནྱ་གྲོ་དྷ་དེ་ས་བོན་ཆུང་ངུ་ལས་སྐྱེས་ནས་རིམ་གྱིས་འཕེལ་ཞིང་བདོ་སྟེ་རྒྱས་པ་དང་ཡངས་པར་འགྱུར་བ་དེ་བཞིན་དུ། ཀུན་དགའ་བོ་ཤཱཀྱ་ཐུབ་པའི་སྒྲ་ཐོས་པའི་ས་བོན་དེ་ཡང་
རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པར་འགྱུར་ཏེ། ཆུད་ཟ་བར་མི་འགྱུར། རབ་ཏུ་ཆུད་ཟ་བར་མི་འགྱུར་རུལ་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཆོས་ཐམས་ཅད་ཀྱི་ས་བོན་འདི་ནི་གནས་པ་མེད་པ་སྟེ། དེའི་ཕྱིར་རབ་ཏུ་ཆུད་ཟ་བར་མི་
เล่ม ๖๕ · หน้า 279a
འགྱུར་རོ། །ཀུན་དགའ་བོ་ཆོས་ཐམས་ཅད་ཀྱི་ས་བོན་འདི་ནི་ཆུད་མི་ཟ་བ་སྟེ། དེའི་ཕྱིར་ཆུད་མི་ཟ་བར་འགྱུར་རོ། །ཀུན་དགའ་བོ་ཆོས་ཐམས་ཅད་ཀྱི་ས་བོན་འདི་ནི་མངོན་པར་ཞེན་པ་མེད་པ་སྟེ། དེས་ན་རུལ་བར་མི་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་
དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ལགས། འདི་བཅོམ་ལྡན་འདས་ཀྱི་སྔོན་གྱི་སྨོན་ལམ་ལགས་སམ། འོན་ཏེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཐོས་པ་དོན་མཆིས་པ་འདི་ཆོས་ཉིད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་
དགའ་བོ་ངས་གང་ངའི་མིང་ཐོས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཅིག་ཅེས་སྨོན་ལམ་འདི་ཡང་བཏབ་པར་གྱུར་ལ། ཡང་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་ཀྱང་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་སངས་རྒྱས་
བཅོམ་ལྡན་འདས་ཐམས་ཅད་ནི་ཆོས་ཐམས་ཅད་ཀྱིས་མཚུངས་མཉམ་མོ། །གསོལ་པ། བཅོམ་ལྡན་འདས་གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་ཉིད་ཀྱིས་མཚུངས་མཉམ་པ་དེའི་ཚེ་ཅིའི་སླད་དུ་སྨོན་ལམ་མཛད། བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཆོས་དམ་པ་
འདི་མ་ཐོས་པ་རྣམས་སྨོན་ལམ་འདེབས་ཏེ། སྨོན་ལམ་དེས་མྱུར་དུ་ཆོས་བསྟན་པ་འདི་ཐོས་པ་ཐོབ་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་གང་དག་རྣམ་པ་དེ་ལྟ་བུའི་ཆོས་རྣམས་དང་ལྡན་ཞིང་སེམས་ཅན་མང་པོའི་དོན་མཛད་དེ། ཅི་ཙམ་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་
ཆོས་རྒྱ་ཆེན་པོ་དང་ལྡན་པ་འདི་ནི་ངོ་མཚར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ཏེ། འདི་ལྟ་སྟེ། སངས་རྒྱས་ཀྱི་དོན་དུ་ངས་སེམས་ཅན་མང་པོའི་དོན་བྱས་སོ། །ཀུན་དགའ་བོ་ངའི་སངས་རྒྱས་ཀྱི་ཞིང་ནི་སྙིགས་མ་ལྔ་དང་ལྡན་པ་མ་ཡིན་ཏེ། ཀུན་དགའ་བོ་
ངས་སྔོན་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱས་པ་དང་། རིམ་གྲོ་བྱས་པ་དང་། ལུས་དང་། སྲོག་ལ་མ་བལྟས་པ་དང་། བདོག་པ་ཐམས་ཅད་ཡོངས་སུ་བཏང་བ་དང་། སེར་སྣ་དང་བྲལ་བ་དང་། བརྩོན་འགྲུས་ཆེན་པོ་བརྩམས་ནས་ཆོས་ཐམས་ཅད་ལ་མི་གནས་
เล่ม ๖๕ · หน้า 279b
པར་སེམས་ཅན་ཐམས་ཅད་ལ་ཕན་བཏགས་པ་དང་། ཆོས་ཐམས་ཅད་མི་གསུང་བའི་ཕྱིར་བྱང་ཆུབ་ཡང་དག་པར་བསྒྲུབས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་བསྟན་པ་འདི་ལ་བདུད་
སྡིག་ཅན་བར་ཆད་མི་བགྱིད་པ་ནི་ངོ་མཚར་ཏོ། །བཀའ་སྩལ་པ། ཀུན་དགའ་བོ་མ་ཐོས་སོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་གཞོན་ནུར་གྱུར་པས་སྔར་བྱིན་གྱིས་བརླབས་པས་དེའི་ཕྱིར་བར་ཆད་མི་བྱེད་དོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱིན་གྱི་རླབས་དེ་བསྡུས་སོ། །འཇམ་
དཔལ་གཞོན་ནུར་གྱུར་པས་བདུད་སྡིག་ཅན་གྱི་ཕྱིར་བྱིན་གྱི་རླབས་བསྡུས་མ་ཐག་ཏུ་དེ་ནས་རྨི་ལམ་ཙམ་གྱི་ཚོད་དུ་བདུད་སྡིག་ཅན་གྱིས་ཕྱིར་མི་ལྡོག་པའི་འཁོར་ལོའི་སྒྲ་ཐོས་ཤིང་ཤཱཀྱ་ཐུབ་པའི་མཚན་ཀྱང་ཐོས་སོ། །དེ་ནས་བདུད་སྡིག་ཅན་འཇིགས་སྐྲག་དངངས་ཏེ་སྤུ་ཟིང་ཞེས་བྱེད་པར་གྱུར་ནས་བདག་
གི་རྣམ་པར་རྒྱལ་བ་ཐམས་ཅད་ནི་རྣམ་པར་རྒྱལ་བ་མ་ཡིན་པར་འགྱུར། བདག་གི་ཡུལ་ཐམས་ཅད་ནི་ཡུལ་མ་ཡིན་པར་འགྱུར་ཞེས་ཚིག་ཏུ་སྨྲ་ཞིང་དེ་མྱ་ངན་བྱེད་ཅིང་སྨྲེ་སྔགས་འདོན་ཏོ། །དེ་མྱ་ངན་བྱེད་ཅིང་སྨྲེ་སྔགས་འདོན་པས་རྒས་འཁོགས་པའི་གཟུགས་སུ་གྱུར་ཏེ། འདི་ལྟ་སྟེ། དཔེར་
ན་མི་ལོ་བརྒྱ་ལོན་པ་རྒས་འཁོགས་པར་གྱུར་པ་དེ་བཞིན་དུ་གཟུགས་རྒས་པར་གྱུར་ཏོ། །དེ་ནས་བདུད་སྡིག་ཅན་ཡན་ལག་བཞི་པའི་དཔུང་གི་ཚོགས་དང་ལྷན་ཅིག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་བདུད་ཀྱི་རིས་ཀྱི་ལྷ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་དང་ལྷན་ཅིག་ཏུ་འདི་ལྟ་སྟེ།
དཔེར་ན་བྱང་ཆུབ་ཐོབ་པའི་བཅོམ་ལྡན་འདས་ཀྱི་བཀོད་པ་དེ་ལྟ་བུས་བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ་། །དེ་ནས་བདུད་སྡིག་ཅན་བཅོམ་ལྡན་འདས་ཀྱི་གན་དུ་སོན་པ་དང་། རྒས་འཁོགས་གཏུགས་པར་སྣང་སྟེ། འདི་ལྟ་སྟེ། དཔེར་ན་མི་ལོ་བརྒྱ་ལོན་པ་ལུས་མདུན་དུ་རྒུ་སྟེ། ཁར་བ་ལ་
བརྟེན་ནས་འགྲོ་བ་ལྟར་བདུད་སྡིག་ཅན་བཅོམ་ལྡན་འདས་ཀྱི་དྲུང་དུ་སོན་པ་ཡང་དེ་བཞིན་ནོ། །སོན་ནས་དེའི་དཔུང་ཡན་ལག་བཞི་པ་དེ་ལ་བར་སྣང་ལ་འཁོད་པའི་ལྷ་རྣམས་ཀྱིས་ཕྱིར་མི་ལྡོག་པའི་འཁོར་ལོའི་སྒྲ་དང་། ཤཱཀྱ་ཐུབ་པའི་མཚན་ཐོས་པས་ཕྱིར་མི་ལྡོག་པ་ཉིད་ཐོབ་པའི་སྒྲ་རྣམ་པ་
เล่ม ๖๕ · หน้า 280a
དེ་ལྟ་བུ་འདི་བསྒྲགས་ཏེ། ཐོས་ནས་ཀྱང་ཡན་ལག་བཞི་པའི་དཔུང་གི་ཚོགས་དེ་དག་ཐམས་ཅད་ཐོགས་ཤིང་ཐེ་ཙོམ་དུ་གྱུར་ཏེ། ཡང་བདུད་སྡིག་ཅན་གྱི་རྗེས་སུ་མི་འགྲོའོ། །དེ་ནས་བདུད་སྡིག་ཅན་གཅིག་པུ་གཉིས་སུ་མེད་པར་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ། བཅོམ་ལྡན་
འདས་ལ་འདི་སྐད་ཅེས་གསོལ་ཏེ། བཅོམ་ལྡན་འདས་བདག་ནི་གཅིག་པུ་སྟེ། གཉིས་སུ་མ་མཆིས་ལ་རྒས་འཁོགས་གཏུགས་ཏེ། ལག་པ་ནས་འདེགས་པ་ཡང་མ་མཆིས་པར་གྱུར་ཅིང་བདག་གི་རྣམ་པར་རྒྱལ་བ་ཐམས་ཅད་ཀྱང་རྣམ་པར་རྒྱལ་བ་མ་ལགས་པར་གྱུར། བདག་གི་ཡུལ་ཐམས་
ཅད་ཀྱང་ཡུལ་མ་ལགས་པར་གྱུར་ཏོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་ཅན་ལགས་ན། བཅོམ་ལྡན་འདས་ཀྱིས་བདག་ལ་ཐུགས་བརྩེ་བ་མཛད་དུ་གསོལ། བཅོམ་ལྡན་འདས་ཉིད་མ་གཏོགས་པར་
བདག་ལ་ཆབ་སྩོལ་བ་འགའ་ཡང་མ་མཆིས་ན། ཁྱོད་བདག་ལ་ཐུགས་རྗེ་བར་མཛད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བདུད་སྡིག་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བདུད་སྡིག་ཅན་སེམས་ཅན་གྱི་ཁམས་མང་སྟེ། སྡིག་ཅན་གལ་ཏེ་སངས་
རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཉིན་གཅིག་བཞིན་འཇིག་རྟེན་དུ་བྱུང་དུ་ཟིན་ཀྱང་སྡིག་ཅན་སེམས་ཅན་གྱི་ཁམས་ཟད་པར་བྱེད་པར་མི་ནུས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བདུད་སྡིག་ཅན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་
སེམས་ཅན་གྱི་ཁམས་མང་དུ་ལགས་ཀྱང་། བདག་ནི་གཅིག་པུ་སྟེ་གཉིས་སུ་མ་མཆིས་པར་གྱུར་ལ། བདག་གི་ལག་པ་ནས་འདེགས་པར་བགྱིད་པ་འགའ་ཡང་མ་མཆིས་ཏེ། བཅོམ་ལྡན་འདས་བདག་ཤུལ་དུ་རྡེག་འཆའ་ལ་འཁོར་ཞིང་མཆི་ན། བཅོམ་ལྡན་འདས་བདག་ལ་
དབུགས་དབྱུང་དུ་གསོལ། བཅོམ་ལྡན་འདས་ཅི་ནས་བདག་དགའ་བར་འགྱུར་བ་དང་། ཇི་ནས་ཀྱང་མྱུར་དུ་ཡོངས་སུ་དགའ་བར་འགྱུར་བ་དང་། ཅི་ནས་བདག་འཁོར་མང་བར་འགྱུར་བ་དེ་ལྟར་བདག་ལ་དབུགས་དབྱུང་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་
เล่ม ๖๕ · หน้า 280b
ཀྱིས་བདུད་སྡིག་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྡིག་ཅན་ཁྱོད་སྙིང་ལས་ཆུང་ངུར་སོང་ཤིག་དང་། སྡིག་ཅན་གང་ཆོས་ཀྱི་རྣམ་གྲངས་འདི་ལ་ཡིད་ཆེས་པར་མི་འགྱུར་བ་ཇི་སྙེད་པ་དེ་དག་ཐམས་ཅད་ཁྱོད་ཀྱི་ལག་ནས་བརྟེན་པ་དང་གྲོགས་སུ་འགྱུར་རོ། །དེ་ནས་བདུད་སྡིག་ཅན་ཚིམ་ཞིང་མགུ་
ལ་ཡི་རངས་ཏེ་རབ་ཏུ་དགའ་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ་ཚིག་འདི་སྐད་ཅེས་སྨྲས་སོ། །བདག་གིས་སེམས་ཅན་རྣམས་ཅི་ནས་ཆོས་ཀྱི་རྣམ་གྲངས་འདི་ལ་མི་མོས་པ་དང་ཐེ་ཙོམ་དུ་འགྱུར་བ་དེ་ལྟར་ཡོངས་སུ་བྱིན་གྱིས་བརླབ་བོ། །དེ་དག་ཐེ་ཙོམ་ཟ་བར་གྱུར་ན་བདག་གི་དབང་དུ་འགྲོ་
བར་འགྱུར་རོ། །དེ་ནས་བདུད་སྡིག་ཅན་གྱིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཡང་བདག་དེ་བས་ཀྱང་དགའ་བར་འགྱུར་བར་བདག་དབུགས་དབྱུང་དུ་གསོལ། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་ཤཱཀྱ་ཐུབ་པ་ཞེས་ངའི་མིང་ཐོས་པར་འགྱུར་བ་
ཇི་སྙེད་པ་དེ་དག་ཐམས་ཅད་ཕྱིར་མི་ལྡོག་པར་འགྱུར་རོ་ཞེས་བཀའ་སྩལ་པ་ཡང་ཇི་སྐད་སྒྲ་མི་བསྒྲགས་ཤིང་། བཅོམ་ལྡན་འདས་ཅང་མི་གསུང་བར་བཞུགས་སུ་གསོལ། སེམས་ཅན་རྣམས་སངས་རྒྱས་ཀྱི་ཐེག་པ་ཡོངས་སུ་སྒྲུབ་པར་བརྩོན་འགྲུས་རྩོམ་པར་མི་འགྱུར་བ་དང་། བྱང་
ཆུབ་ལ་གནས་པར་མི་འགྱུར་བ་དེ་ལྟར་བདག་དབུགས་དབྱུང་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བདུད་སྡིག་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྡིག་ཅན་ཁྱོད་སྙིང་ལས་ཆུང་ངུར་སོང་ཤིག་དང་། ཅི་ནས་སེམས་ཅན་གང་ཡང་བྱང་ཆུབ་ལ་དགོད་
པར་མི་བྱ་བ་དེ་ལྟར་བྱའོ། །གང་གིས་སེམས་ཅན་གང་ཡང་སེམས་ཅན་གྱི་ཁམས་ལས་བསྐྱོད་པར་མི་བྱ་སྟེ། ཅི་ནས་སེམས་ཅན་གང་ཡང་གཟུགས་ལས་བསྐྱོད་པར་མི་བྱ་བ་དང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལས་བསྐྱོད་པར་མི་
བྱ་བ་དེ་ལྟར་བྱའོ། །སྡིག་ཅན་ཁྱོད་སྙིང་ལས་ཆུང་ངུར་སོང་ཤིག་དང་། ཅི་ནས་སེམས་ཅན་གང་ཡང་འཇིག་ཚོགས་ལ་ལྟ་བ་ལས་མི་བསྐྱོད་པ་དང་། སེམས་ཅན་གང་ཡང་གཟུགས་སུ་དམིགས་པ་ལས་མི་བསྐྱོད་པ་དང་། སེམས་ཅན་གང་ཡང་ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་ལས་མི་བསྐྱོད་པ་
เล่ม ๖๕ · หน้า 281a
དང་། སེམས་ཅན་གང་ཡང་འདས་པར་འདུ་ཤེས་པ་ལས་མི་བསྐྱོད་པ་དང་། མ་འོངས་པར་འདུ་ཤེས་པ་དང་། ད་ལྟར་འདུ་ཤེས་པ་ལས་མི་བསྐྱོད་པ་དང་། སེམས་ཅན་གང་ཡང་སྲོག་གཅོད་པ་ལས་མི་བསྐྱོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་
གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མའི་ཚིག་དང་། ངག་རྩུབ་པོ་དང་། ཚིག་ཀྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་ལས་མི་བསྐྱོད་པ་དེ་ལྟར་བྱའོ། །སྡིག་ཅན་ཁྱོད་སྙིང་ལས་ཆུང་ངུར་སོང་ཤིག་དང་། སེམས་ཅན་གང་ཡང་སྦྱིན་པ་
ཡང་དག་པར་འཛིན་དུ་མི་གཞུག་གོ། །ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཡང་དག་པར་འཛིན་དུ་མི་གཞུག་གོ། །སྡིག་ཅན་ཁྱོད་སྙིང་ལས་ཆུང་ངུར་སོང་ཤིག་དང་། སེམས་ཅན་གང་ཡང་སེམས་ཅན་དུ་འཛིན་པ་དང་།
སེམས་ཅན་དུ་མངོན་པར་ཞེན་པ་ལས་བསྐྱོད་པར་མི་བྱའོ། །ཕར་འདུ་ཤེས་པ་དང་། མར་འདུ་ཤེས་པ་དང་། སྤུན་དུ་འདུ་ཤེས་པ་དང་། སྲིང་མོར་འདུ་ཤེས་པ་དང་། ཆུང་མར་འདུ་ཤེས་པ་དང་། བུར་འདུ་ཤེས་པ་དང་། བུ་མོར་འདུ་ཤེས་པ་དང་། ཉིན་མོར་འདུ་ཤེས་པ་དང་།
མཚན་མོར་འདུ་ཤེས་པ་དང་། ཟླ་བ་གཅིག་ཏུ་འདུ་ཤེས་པ་དང་། ཟླ་བ་ཕྱེད་དུ་འདུ་ཤེས་པ་ལས་བསྐྱོད་པར་མི་བྱའོ། །སྡིག་ཅན་ཁྱོད་སྙིང་ལས་ཆུང་ངུར་སོང་ཤིག་དང་། སེམས་ཅན་གང་ཡང་སྦྱིན་པའི་འདུ་ཤེས་དང་། ཚུལ་ཁྲིམས་ཀྱི་འདུ་ཤེས་དང་། བཟོད་པའི་འདུ་ཤེས་
དང་། བརྩོན་འགྲུས་ཀྱི་འདུ་ཤེས་དང་། བསམ་གཏན་གྱི་འདུ་ཤེས་དང་། ཤེས་རབ་ཀྱི་འདུ་ཤེས་དང་། བྱང་ཆུབ་ཀྱི་སེམས་ཀྱི་འདུ་ཤེས་དང་། སྟོབས་དང་མི་འཇིགས་པའི་འདུ་ཤེས་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་གི་འདུ་ཤེས་དང་། ལམ་གྱི་
འདུ་ཤེས་དང་། སངས་རྒྱས་ཀྱི་འདུ་ཤེས་དང་། ཆོས་ཀྱི་འདུ་ཤེས་དང་། དགེ་འདུན་གྱི་འདུ་ཤེས་དང་། སངས་རྒྱས་ཀྱི་དགེ་འདུན་གྱི་འདུ་ཤེས་དང་། སངས་རྒྱས་ཐམས་ཅད་མཁྱེན་པར་འདུ་ཤེས་པ་ལས་བསྐྱོད་པར་མི་བྱའོ། །སྡིག་ཅན་ཁྱོད་སྙིང་ལས་ཆུང་ངུར་སོང་ཤིག་དང་།
เล่ม ๖๕ · หน้า 281b
ཅི་ནས་སེམས་ཅན་གང་ཡང་ཆོས་ཐམས་ཅད་ལས་བསྐྱོད་པར་མི་བྱ་བ་དང་། སེམས་ཅན་གང་ཡང་ཆོས་ཐམས་ཅད་ཡང་དག་པར་འཛིན་དུ་མི་གཞུག་པ་དེ་ལྟར་བྱའོ། །དེ་ནས་བདུད་སྡིག་ཅན་མགུ་ཞིང་ཡི་རངས་ཏེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས་མྱ་ངན་གྱི་ཟུག་རྔུ་དང་བྲལ་ཏེ། ས་
ཕྱོགས་དེ་ཉིད་དུ་གཞོན་ནུར་གྱུར་ནས། དེ་ནས་བཅོམ་ལྡན་འདས་ལ་མེ་ཏོག་རྣམས་ཀྱིས་གཏོར་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཚིགས་སུ་བཅད་པ་འདི་སྨྲས་སོ། །དེ་བཞིན་གཤེགས་པ་འཇིག་རྟེན་མཆོག །གཞན་དུ་མི་གསུང་རྫོགས་སངས་རྒྱས། །
གཞན་དུ་འགྱུར་བའི་ཚིག་མི་གསུང་། །དེ་རིང་བདག་ནི་དགའ་བ་སྐྱེས། །དེ་ནས་བདུད་སྡིག་ཅན་གྱིས་ཚིགས་སུ་བཅད་པ་འདི་སྨྲས་ནས་སྙིང་ལས་ཆུང་ངུར་བཅོམ་ལྡན་འདས་ཀྱི་གན་ནས་སོང་ངོ་། །དེ་ནས་བདུད་སྡིག་ཅན་རང་གི་གནས་སུ་སོན་ནས་ལྷའི་འདོད་པ་ལྔའི་ཡོན་ཏན་རྣམས་དང་ལྡན་ཞིང་
དབང་ཐོབ་པར་གྱུར་ཏེ། རྩེ་དགའ་མགུར་ཡོངས་སུ་སྤྱོད་ཅིང་ཡང་རྣམ་པར་གཙེ་བའི་སེམས་མི་སྐྱེད་དོ། །བདུད་སླར་བཏང་བ་བསྟན་པ་འདི་བཤད་པ་ན་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏོ།། །།བམ་པོ་ལྔ་པ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་
ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་སླད་དུ་ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་བདུད་སླར་བཏང་བ་བསྟན་པ་འདི་བཤད་པ་ན་སྲོག་ཆགས་འབུམ་ཕྲག་དྲུག་ཅུ་རྩ་བཞིས་མི་སྐྱེ་བའི་
ཆོས་ལ་བཟོད་པ་ཐོབ་པའི་ཕྱིར་རོ། །གསོལ་པ་བཅོམ་ལྡན་འདས་འདི་ལ་ཁ་ཅིག་ཐེ་ཙོམ་དུ་གྱུར་ལྟ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་སྲོག་ཆགས་བྱེ་བ་ཕྲག་བཅུ་ནི་འདི་ཅི་ཞིག་འདི་ཇི་ལྟ་བུ་ཞིག་བདག་ཅག་གིས་གཞན་དུ་ཐོས་པར་མ་གྱུར་ཏམ་
ཞེས་ཐེ་ཙོམ་དང་ཡིད་གཉིས་ཟ་བར་གྱུར་ཏེ། དེ་དག་བདག་ཅག་བདེ་བར་ག་ལ་འགྱུར། དེ་དག་བདག་ཅག་ཇི་ལྟ་བུ་ཞིག་ཏུ་གནས། བདག་ཅག་གང་ནས་འོངས་ཞེས་ཕྱོགས་ཀྱང་མི་ཤེས་ཤིང་གཅིག་ལ་གཅིག་བལྟའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ། ཀུན་དགའ་
เล่ม ๖๕ · หน้า 282a
བོས་འདི་སྐད་ཅེས་གསོལ་ཏོ། །ཅི་ལ་དགོངས་ཏེ་གསུང་བ་ལ་སོ་མ་ཉི་མ་མཆིས་པར་འགྱུར་བར་བཅོམ་ལྡན་འདས་ཀྱིས་འདི་དག་ལ་མྱུར་དུ་སྣང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་སྡིག་ཅན་ཁྱོད་སྙིང་ལས་ཆུང་ངུར་སོང་ཤིག་དང་། ཅི་ནས་སེམས་ཅན་གང་ཡང་བྱང་
ཆུབ་ལ་དགོད་པར་མི་བྱ་བ་དེ་ལྟར་བྱའོ། །ཅི་ནས་སེམས་ཅན་གང་ཡང་སེམས་ཅན་གྱི་ཁམས་ལས་བསྐྱོད་པར་མི་བྱ་བ་དེ་ལྟར་བྱའོ། །ཞེས་བགྱི་བ་ནས་སྔ་མ་བཞིན་དུ་རྒྱས་པར་སྦྱར་ཏེ། སྡིག་ཅན་ཁྱོད་སྙིང་ལས་ཆུང་ངུར་སོང་ཤིག་དང་། ཅི་ནས་སེམས་ཅན་གང་ཡང་ཆོས་
ཐམས་ཅད་ལས་བསྐྱོད་པར་མི་བྱ་བ་དང་། །སེམས་ཅན་གང་ཡང་ཆོས་ཐམས་ཅད་ཡང་དག་པར་འཛིན་དུ་མི་གཞུག་པ་དེ་ལྟར་བྱའོ་ཞེས་བཀའ་སྩལ་པ། བཅོམ་ལྡན་འདས་ཀྱིས་ཅི་ལ་དགོངས་ཏེ། དེ་སྐད་གསུངས་བཅོམ་ལྡན་འདས་སེམས་ཅན་འདི་དག་ལ་མྱུར་དུ་སྣང་བ་མཛད་དུ་
གསོལ། །བཅོམ་ལྡན་འདས་གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། འདོན་པ་དང་། འཆང་བ་དེ་དག་གི་ཆེད་དུ་སླད་མའི་སྐྱེ་བོ་ལ་སྣང་བ་བགྱིས་པར་འགྱུར་བར། བཅོམ་ལྡན་འདས་ཀྱིས་ཅི་ལ་དགོངས་ཏེ་དེ་སྐད་ཅེས་བཀའ་སྩལ་པ་
བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །བྱང་ཆུབ་དེ་ནི་གནས་པ་མེད། །བྱང་ཆུབ་གང་དུའང་རྒྱུན་ཆད་མེད། །དེས་ན་ངས་ནི་བྱང་ཆུབ་ལ། །སེམས་ཅན་དགོད་པར་མི་བྱ་སྨྲས། །སེམས་ཅན་ཀུན་དང་བྱང་ཆུབ་
དང་། །དེ་བཞིན་བདག་ནི་གནས་པ་མེད། །འདི་ལ་དགོངས་ནས་སེམས་ཅན་ནི། །བྱང་ཆུབ་གནས་པ་མེད་ཅེས་སྨྲས། །སེམས་ཅན་ཁམས་ལས་རྣམ་ཀུན་དུ། །སེམས་ཅན་བསྐྱོད་པར་མི་བྱ་སྟེ། །དེ་ལ་དངོས་པོ་གྲུབ་པ་ནི། །ཤིན་ཏུ་དམིགས་པར་མི་འགྱུར་རོ། །སེམས་
ཅན་ཁམས་འདིར་རང་བཞིན་གྱིས། །སྟོང་སྟེ་བསམ་གྱིས་མི་ཁྱབ་བོ། །ཐམས་ཅད་མཁྱེན་ལྡན་རྣམས་ཀྱིས་ཀྱང་། །འདི་ལས་དེ་ནི་བསྐྱོད་མི་ནུས། །སེམས་ཅན་དེ་ནི་ཕུང་པོ་ཉིད། །ཕུང་པོ་མྱ་ངན་འདས་གཉིས་མེད། །ང་ཡིས་འདི་ལ་དགོངས་ནས་ནི། །སེམས་ཅན་
เล่ม ๖๕ · หน้า 282b
གང་ཡང་མི་བསྐྱོད་སྨྲས། །གང་ལ་བཟུང་ནས་རབ་གཡོ་བ། །དེ་ལ་གཟུང་བ་གྲུབ་པ་མེད། །ངོ་བོ་ཉིད་ཀྱིས་མི་གཡོ་སྟེ། །ཕུང་པོ་རྣམ་པར་ཤེས་པར་གྱིས། །ཕུང་པོ་མི་གཡོ་གཅིག་པུ་དང་། །སེམས་ཅན་མེད་ཅིང་རང་བཞིན་མེད། །རྟག་པར་ཤིན་ཏུ་རྟེན་མེད་ཅིང་། །གནས་པ་
མེད་པར་ཤེས་པར་གྱིས། །ཕུང་པོ་ནམ་མཁའ་ཇི་བཞིན་ཏེ། །ཕུང་པོ་རྣམས་ཀྱི་སྤྱོད་ཡུལ་འདི། །སྤྱོད་ཡུལ་མེད་ན་སྤྱོད་ཡུལ་དུ། །ཕུང་པོ་ནམ་མཁའ་འདྲ་ཞེས་བསྟན། །ནམ་མཁའི་ཁམས་སུ་གང་བརྗོད་པ། །དེ་ནི་མ་སྐྱེས་སྐྱེ་མ་ཡིན། །བདེན་པར་ཕུང་པོ་དེ་དང་མཉམ། །
དེ་དག་བསྐྱོད་པར་མི་ནུས་སོ། །འཇིག་ཚོགས་ཤེས་བྱའི་ཆོས་གང་ཡང་། །ཡང་དག་ཏུ་ནི་མི་དམིགས་ཏེ། །ནམ་མཁའ་མ་ཡིན་མི་བསྐྱོད་ཅེས། །ང་ཡིས་ཚིག་ཏུ་དེ་སྐད་སྨྲས། །སེམས་ཅན་སེམས་ནི་རབ་གནས་པར། །རྟག་པར་ཤིན་ཏུ་མི་དམིགས་ཏེ། །དམིགས་པ་དང་ནི་སེམས་
རྣམས་ཀྱང་། །ངོ་བོ་ཉིད་ཀྱིས་གཡོ་བ་མེད། །ལྟ་བ་དྲུག་ཅུ་རྩ་གཉིས་གང་། །གང་ཡང་ཆོས་རྣམས་ཐ་དད་པ། །དེ་ལྟར་དེ་དག་ཆུ་ནང་གི། །གཟུགས་བརྙན་དེ་དང་འདྲ་བ་ཉིད། །ལྟ་བ་དྲུག་ཅུ་གཉིས་རྟག་ཏུ། །མིག་ཡོར་འདྲ་བར་ཤེས་པར་གྱིས། །བདག་མེད་ཕྱིར་དང་དངོས་མེད་
ཕྱིར། །ངོ་བོ་ཉིད་ཀྱིས་གཡོ་བ་མེད། །འདས་དང་མ་འོངས་འདུ་ཤེས་དང་། །དེ་བཞིན་ད་ལྟར་བྱུང་བ་ཡི། །འདུ་ཤེས་འདི་ནི་དངོས་མེད་དེ། །དཔེར་ན་སྨིག་རྒྱུའི་ཆུ་འདྲའོ། །འདུ་ཤེས་འདི་ནི་བདག་མེད་དེ། །འདི་ལ་སེམས་ཅན་ཡོད་མ་ཡིན། །གང་ལ་སེམས་ཅན་ཡོད་མིན་པ། །
དེ་ནི་བསྐྱོད་པར་མི་ནུས་སོ། །སེམས་ཅན་སྲོག་གཅོད་བྱེད་གྱུར་པ། །དགོན་པ་ཆེན་པོར་ཞུགས་པ་རྣམས། །གཅིག་ཏུ་མྱ་ངན་འདའ་བྱ་བར། །འདི་ལས་བསྐྱོད་པའི་ནུས་པ་མེད། །གལ་ཏེ་འགར་ནི་དེས་དམིགས་ན། །དེ་ལྟར་དེ་དག་བསྐྱོད་པར་བྱ། །སེམས་ཅན་མེད་ཕྱིར་
དེ་དག་ནི། །བསྐྱོད་པར་མི་བྱ་ཞེས་བརྗོད་དོ། །བྱང་ཆུབ་མ་ཡིན་བརྗོད་པ་སྟེ། །ནམ་ཡང་སུ་ལའང་བྱིན་པ་མེད། །དེ་ཕྱིར་འདིར་ནི་གང་བརྩོན་པ། །དེ་ནི་བསྐྱོད་པར་མི་ནུས་སོ། །ལུས་ཅན་རྣམས་ཀྱིས་མ་བྱིན་པ། །སྦྱིན་པ་ཆོས་སྦྱིན་བསམ་མི་ཁྱབ། །དེ་ཡི་ཕྱིར་ན་གང་བརྩོན་
เล่ม ๖๕ · หน้า 283a
པ། །དེ་ནི་བསྐྱོད་པར་མི་ནུས་སོ། །འདོད་ལ་ལོག་པར་གཡེམ་བརྗོད་པ། །འདི་ལ་ལོག་པར་ཡོད་མིན་པར། །དེ་ལྟར་ཤེས་ནས་གང་བརྩོན་པ། །དེ་ནི་བསྐྱོད་པར་མི་ནུས་སོ། །བརྟེན་ནས་བརྫུན་གྱི་ཚིག་སྨྲ་བར། །གནས་པའི་སྐྱེ་བོ་རྣམ་གྲོལ་བར། །གཙོ་བོ་བརྩོན་འགྲུས་
རྩོམ་བྱེད་པ། །དེ་ནི་བསྐྱོད་པར་མི་ནུས་སོ། །ཕྲ་མའི་ཚིག་རྩུབ་གང་ཡིན་དང་། །ཀྱལ་པར་སྨྲ་བ་གང་ཡིན་པ། །དེ་དག་ཐམས་ཅད་སྒྱུ་མ་འདྲ། །གསོག་སྟེ་རྟག་ཏུ་དངོས་པོ་མེད། །དེ་ཡི་གནས་སམ་གནས་པ་ནི། །ནམ་ཡང་ཡོད་པ་མ་ཡིན་ནོ། །སྒྲ་ནི་བྲག་ཅ་མཚུངས་རིག་བྱ། །
དེ་ཡང་གནས་པ་ཡོད་མ་ཡིན། །དེ་ཡི་ཆགས་སེམས་གང་བྱུང་བ། །བདག་ལ་ཆགས་པའི་ཁྱད་པར་ཅན། །བདག་དེ་དེ་ཡིས་ཡོངས་ཤེས་པ། །དེས་ན་དེ་ནི་བསྐྱོད་མི་ནུས། །གང་གིས་གནོད་སེམས་རང་བཞིན་གྱིས། །མཚན་ཉིད་མེད་ལ་བྱང་ཆུབ་དེའང་། །དེ་ཡི་མཚན་
ཉིད་ཡིན་ཤེས་པ། །དེ་ནི་བསྐྱོད་པར་མི་ནུས་སོ། །ལོག་པར་ལྟ་བ་ཡོངས་ཤེས་པས། །ཡང་དག་ལྟ་བས་རབ་ཕྱེ་ལ། །གྲངས་ཀུན་ལས་ནི་རྣམ་འདས་གང་། །དེ་ནི་བསྐྱོད་པར་མི་ནུས་སོ། །ཤེས་རབ་ཅན་དག་གཞོན་ནུ་མ། །སྦྱིན་དུ་འཇུག་པར་མི་བྱེད་དེ། །གཞོན་ནུ་སྦྱིན་པ་
རབ་སྡིག་པ། །འདི་ནི་སྣང་བ་མ་ཡིན་ནོ། །ལོག་པར་ལྟ་བས་ཚུལ་ཁྲིམས་གང་། །འཕགས་པའི་ལམ་ནི་འདོར་བྱེད་པ། །འདི་ལ་འཕགས་པའི་ལམ་ཚོལ་བ། །འཛུད་པར་བྱེད་པ་མ་ཡིན་ནོ། །འདི་ལས་ཕྱི་རོལ་མུ་སྟེགས་ཀྱི། །བཟོད་པ་རྣམ་མང་གང་ཡོད་པ། །དེ་ནི་
ལམ་རྗེས་འགྲོ་བཟོད་དང་། །མྱ་ངན་འདས་སྦྱོར་མ་ཡིན་འདོད། །གཞན་གྱུར་མུ་སྟེགས་གདུང་བ་ལྔ། །དེ་ལ་སོགས་ལ་བརྩོན་བཟོད་གང་། །དེ་ནི་བྱང་ཆུབ་ཐོབ་བྱེད་མིན། །དེ་ཕྱིར་མཁས་པ་དེར་མི་བརྩོན། །འདི་ལ་ཕྱི་རོལ་མཚན་མ་ཅན། །དེ་དག་ཏིང་འཛིན་སྤྱོད་ཡུལ་ཀུན། །
སངས་རྒྱས་རྣམས་ཀྱིས་སྨད་པ་སྟེ། །དེ་ལ་དེ་ནི་འཛུད་མི་བྱེད། །འདོད་ལྡན་ཤེས་རབ་གང་ཡིན་པ། །དེ་ལ་འཛུད་པར་མི་བྱེད་དེ། །ཤེས་པ་དེ་ནི་སངས་རྒྱས་ཀྱི། །ཡེ་ཤེས་བསམ་ཡས་འགྲུབ་བྱེད་མིན། །བྱང་ཆུབ་སེམས་དཔའ་འཇིགས་མེད་པ། །གང་ཞིག་སེམས་ཅན་སྡུད་བྱེད་
เล่ม ๖๕ · หน้า 283b
པ། །བློ་ལྡན་དེ་ནི་སེམས་ཅན་རྣམས། །སྡུད་པ་དེ་ལས་བསྐྱོད་མི་ནུས། །སེམས་ཅན་འདུ་ཤེས་ཞེན་པས་ན། །འདིར་ནི་བྱང་ཆུབ་སེམས་བརྗོད་དོ། །བྱང་ཆུབ་དེ་ནི་ཞེན་པ་མེད། །དེ་ནི་བསྐྱོད་པར་ནུས་མ་ཡིན། །ཕ་དང་མ་དང་སྤུན་རྣམས་དང་། །སྲིང་མོ་བུ་དང་རྩ་ལག་རྣམས། །ཐམས་
ཅད་སྒྱུ་མ་ལྟ་བུར་བརྗོད། །དེ་དག་བསྐྱོད་པར་མི་ནུས་སོ། །དངོས་པོ་སྣ་ཚོགས་དེ་དག་རྣམས། །ཀུན་ལ་འདུ་ཤེས་དེ་དངོས་མེད། །ཆོས་གང་དངོས་པོ་ཡོད་མིན་པ། །དེ་ནི་བསྐྱོད་པར་མི་ནུས་སོ། །ཉིན་མཚན་འདུ་ཤེས་གང་ཡིན་དང་། །ཟླ་གཅིག་ཟླ་ཕྱེད་གང་ཡིན་པ། །འདུ་ཤེས་དེ་ཀུན་
ཆགས་མེད་དེ། །དཔེར་ན་སྨིག་རྒྱུའི་ཆུ་བཞིན་ནོ། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་བྱང་ཆུབ་སེམས། །སྟོབས་དང་མི་འཇིགས་རྣམས་ལ་ཡང་། །འདུ་ཤེས་གྱུར་པ་གང་ཡིན་དང་། །དབང་པོ་བྱང་ཆུབ་ཡན་ལག་དང་། །ལམ་རྣམས་ལ་ཡང་གང་
སྐྱེས་པ། །དེ་ནི་མི་ཤེས་བྱུང་ཤེས་ནས། །མཁས་པ་གཡོ་བར་མི་བྱེད་དོ། །སངས་རྒྱས་འདུ་ཤེས་ཆོས་འདུ་ཤེས། །དགེ་འདུན་འདུ་ཤེས་གང་གྱུར་པ། །སྣ་ཚོགས་བྲལ་ལ་རབ་གནས་པ། །དེ་ལས་བསྐྱོད་པར་མི་བྱའོ། །སངས་རྒྱས་དགེ་འདུན་འདུ་ཤེས་མེད། །གང་
དག་ཀུན་མཁྱེན་འདུ་ཤེས་མེད། །དེ་དག་སངས་རྒྱས་བྱང་ཆུབ་ནི། །བསམ་ཡས་བྱང་ཆུབ་རྒྱང་རིང་བྱེད། །བྱང་ཆུབ་རིང་བར་མི་འགྱུར་ཞེས། །དེ་ཕྱིར་སྡིག་ཅན་མདུན་དུ་འདིར། །དེ་དག་འདི་ལས་མི་བསྐྱོད་ཅེས། །ངས་ནི་ཚིག་ཏུ་བརྗོད་པ་བྱས། །ཆོས་རྣམས་ཀུན་དང་
སེམས་ཅན་རྣམས། །དེ་ཀུན་ཇི་བཞིན་དེ་བཞིན་དུ། །རྣམ་པར་བཀྲོལ་ནས་སྡིག་པ་ཅན། །བློ་གྲོས་ངན་པས་དེ་མ་རྟོགས། །བཅོམ་ལྡན་འདས་ཀྱིས་བདུད་སླར་བཏང་བ་བསྟན་པ་འདི་བཤད་མ་ཐག་ཏུ་དེ་ནས་སྲོག་ཆགས་བྱེ་བ་ཕྲག་བཅུ་པོ་དེ་དག་ཐེ་ཙོམ་དང་བྲལ་ཞིང་སོམ་ཉི་སྤངས་ཏེ་
ཆོས་ཐམས་ཅད་ལ་སྣང་བ་ཐོབ་པར་གྱུར་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །བཟོད་པ་ཐོབ་མ་ཐག་ཏུ་ཐམས་ཅད་འདུས་ཏེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སངས་རྒྱས་ལམ་ནི་བསམ་ཡས་པ། །ལམ་གྱི་དམ་པ་མངོན་པར་འཚལ། །སོམ་ཉི་གཅོད་པ་
เล่ม ๖๕ · หน้า 284a
རྣམ་འདྲེན་པ། །བཅོམ་ལྡན་བདག་ཅག་སྟོན་པ་ལགས། །བདག་ཅག་ཀུན་དུ་སྣང་བ་ཐོབ། །སངས་རྒྱས་ལམ་ལ་ལེགས་པར་གནས། །ཕྱོགས་རྣམས་ཐམས་ཅད་སྣང་གྱུར་ཅིང་། །སངས་རྒྱས་བྱེ་བ་རྣམས་ཀྱང་མཐོང་། །རྟག་ཏུ་གཟུགས་ལ་མི་གནས་
པའི། །ཆོས་ཉིད་ཀྱང་ནི་མཐོང་འགྱུར་བ། །དེ་ལྟར་བདག་ཅག་རྣམས་ཀྱི་མིག །འདྲེན་པ་འཇིག་རྟེན་མགོན་གྱིས་སྦྱངས། །དེ་ནས་སྲོག་ཆགས་བྱེ་བ་ཕྲག་བཅུ་པོ་དེ་དག་གིས་ཚིགས་སུ་བཅད་པ་འདི་དག་སྨྲས་ནས། ཐམས་ཅད་ཀྱིས་སོ་སོ་ནས་གོས་རྣམས་བཅོམ་ལྡན་འདས་དང་། ཆོས་
ཀྱི་རྣམ་གྲངས་འདི་ལ་མཆོད་པའི་ལས་ཀྱི་ཕྱིར་གཏོར་ནས། ཚིག་འདི་སྐད་དུ་ཆོས་ཀྱི་རྣམ་གྲངས་འདི་སེམས་ཅན་ཐམས་ཅད་ཀྱི་རྣ་ལམ་དུ་གྲག་པར་གྱུར་ཅིག་ཅེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་
གང་དག་བདུད་སླར་བཏང་བ་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་མ་ཐག་ཏུ་མོས་ཤིང་ཡིད་ཆེས་ཏེ་ཐེ་ཙོམ་མི་སྐྱེད་ན། བཅོམ་ལྡན་འདས་དེ་དག་བསོད་ནམས་ཅི་ཙམ་ཞིག་སྐྱེད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་
ཞིག་སྔ་དྲོའི་དུས་ན་སངས་རྒྱས་བརྒྱ་དང་། ཉི་མ་གུང་གི་དུས་ན་སངས་རྒྱས་བརྒྱ་དང་། ཕྱེམ་རེད་ཀྱི་དུས་ན་སངས་རྒྱས་བརྒྱ་དང་། ནམ་གྱི་ཆ་སྟོད་ལ་སངས་རྒྱས་བརྒྱ་དང་། ནམ་གྱི་གུང་ལ་སངས་རྒྱས་བརྒྱ་དང་། ནམ་གྱི་ཆ་སྨད་ལ་སངས་རྒྱས་བརྒྱལ་བསྟི་སྟང་དུ་བྱེད་བླ་མར་བྱེད་རིམ་
གྲོར་བྱེད་ལ་མཆོད་པར་བྱེད་ཅིང་བདེ་བར་སྦྱར་བ་ཐམས་ཅད་དང་། བདེ་བ་ལ་རེག་པར་གནས་པར་བྱ་བ་ཐམས་ཅད་ཀྱིས་བསྙེན་བཀུར་བྱེད་ལ་ཚུལ་འདིས་ལོ་ཉི་ཁྲིར་བསྙེན་བཀུར་བྱེད་ན། ཀུན་དགའ་བོ་འདི་ལ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་གཞི་དེ་ལས་
བསོད་ནམས་མང་དུ་སྐྱེད་དམ། གསོལ་པ་བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་ཏེ། བཅོམ་ལྡན་འདས་དཔེ་བགྱི་བར་སླ་བ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་
เล่ม ๖๕ · หน้า 284b
བདུད་སླར་བཏང་བ་བསྟན་པ་འདི་ཐོས་མ་ཐག་ཏུ་མོས་ཤིང་ཡིད་ཆེས་ཏེ། ཐེ་ཙོམ་སྐྱེད་པར་མི་འགྱུར་བ་དེ་བསོད་ནམས་མང་དུ་སྐྱེད་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་གསུམ་མེ་ཏོག་མན་དཱ་ར་བ་རི་བོ་རི་རབ་ལྟར་མངོན་པར་འཕགས་པ་བྱེ་བ་བརྒྱ་སྟོང་དུ་མ་ཐོགས་ནས་
ནམ་མཁའ་བར་སྣང་ལས་འོངས་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཐམས་ཅད་དང་ལྡན་པའི་འཁོར་གྱིས་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དེ་དག་རྒྱང་རིང་པོ་ནས་འོང་བར་མཐོང་ངོ་། །མཐོང་ནས་ཀྱང་ངོ་མཚར་གྱི་འདུ་ཤེས་སུ་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་
ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འདི་དག་གང་ནས་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་པ་
ན། འཇིག་རྟེན་གྱི་ཁམས་རི་རབ་ལྟར་པད་མ་མངོན་འཕགས་ཞེས་བྱ་བ་ཡོད་དེ། དེར་འདི་དག་གི་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་དེའི་ཕྱིར་དེ་དག་འཇིག་རྟེན་གྱི་ཁམས་དེ་ནས་ལྷགས་སོ། །དེ་ནས་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་གསུམ་པོ་དེ་དག་བཅོམ་ལྡན་འདས་ཀྱི་
སྤྱན་སྔར་འཁོད་དེ། མེ་ཏོག་མན་དཱ་ར་བ་དེ་དག་བཅོམ་ལྡན་འདས་ལ་གཏོར། རབ་ཏུ་གཏོར་ཏོ། །གཏོར་རབ་ཏུ་གཏོར་ནས་ཀྱང་ཚིག་འདི་སྐད་དུ། བཅོམ་ལྡན་འདས་བདག་ཅག་ནི་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་ཤིང་ཡིད་ཆེས་ཏེ་ཐེ་ཙོམ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་
ལྟ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྟར་བདག་ཅག་ལ་ཡང་སོམ་ཉི་ཅི་ཡང་མ་མཆིས་སོ། །ཞེས་སྨྲས་སོ། །དེ་ནས་དེ་དག་གི་ནང་ནས་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་གཅིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་
ཏོ། །བཅོམ་ལྡན་འདས་གང་དག་དེ་བཞིན་གཤེགས་པ་ཞེས་ཡང་དག་པའི་སྨྲ་བས་སྨྲ་ན། དེ་བཞིན་གཤེགས་པ་དེ་ནི་བདག་ལགས་ཏེ། བདག་ནི་ཆོས་ཀྱི་རྣམ་གྲངས་འདི་ལ་སོ་མ་ཉི་མ་མཆིས་ཐེ་ཙོམ་མི་འཚལ་ལོ། །བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་གཉིས་
เล่ม ๖๕ · หน้า 285a
པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་དག་བཅོམ་ལྡན་འདས་ཞེས་ཡང་དག་པའི་སྨྲ་བས་སྨྲ་ན། བཅོམ་ལྡན་འདས་དེ་ནི་བདག་ལགས་ཏེ། བདག་ནི་ཆོས་ཀྱི་རྣམ་གྲངས་འདི་ལ་སོམ་ཉི་མ་མཆིས་ཐེ་ཙོམ་མི་འཚལ་ལོ། །བྱང་ཆུབ་
སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་གསུམ་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་དག་སངས་རྒྱས་ཞེས་ཡང་དག་པའི་སྨྲ་བས་སྨྲ་ན། བཅོམ་ལྡན་འདས་སངས་རྒྱས་དེ་ནི་བདག་ལགས་ཏེ། བདག་ནི་ཆོས་ཀྱི་རྣམ་གྲངས་འདི་ལ་སོམ་ཉི་མ་མཆིས། ཐེ་
ཙོམ་མི་འཚལ་ལོ། །དེ་ནས་འཁོར་དེའི་ནང་ནས་སྲོག་ཆགས་བརྒྱ་སྟོང་མང་པོ་དག་འདི་སྙམ་དུ་སེམས་ཏེ། ཇི་ལྟར་ཡང་སངས་རྒྱས་གཉིས་འཇིག་རྟེན་དུ་ཅིག་ཅར་འབྱུང་མི་སྲིད་ན་ཅིའི་ཕྱིར་འདི་དག་འདི་སྐད་སྨྲ་སྙམ་སྟེ། དེ་དག་ཡེང་ཡེང་པོར་གྱུར་ནས་རང་རང་གི་སྟན་ལ་མི་དགའ་བར་གྱུར་
ཏོ། །དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཀུན་དགའ་བོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ལགས་འདི་དག་འདི་ལྟར་སེང་གེའི་སྒྲ་སྒྲོགས་པ་ལྟར་མིང་དེ་དག་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་
བོ་འདི་ལ་གཅིག་གི་མིང་ནི་དེ་བཞིན་གཤེགས་པའི་སྒྲ་བརྗོད་པས་ཡང་དག་པར་ཞུགས་པ་ཞེས་བྱའོ། །གཉིས་པའི་མིང་ནི་བཅོམ་ལྡན་འདས་ཀྱི་སྒྲ་བརྗོད་པས་ཡང་དག་པར་ཞུགས་པ་ཞེས་བྱའོ། །གསུམ་པའི་མིང་ནི་སངས་རྒྱས་ཀྱི་སྒྲ་བརྗོད་པས་ཡང་དག་པར་ཞུགས་པ་ཞེས་བྱའོ། །
ཀུན་དགའ་བོ་དེ་ནི་དེ་བཞིན་ནོ། །གང་གི་ཕྱིར་འདི་དག་འདི་སྐད་དུ་སྨྲ་བའི་རྣམ་གྲངས་འདི་ཡོད་དེ། ཡང་འདི་དག་གི་མིང་ནི་དེ་དག་ཡིན་ནོ། །གསོལ་པ་བཅོམ་ལྡན་འདས་གང་དག་ཡེང་ཡེང་པོར་གྱུར་པ་དེ་དག་འདི་དག་གིས་འདི་ལ་བསམས་ཏེ། འདི་དག་གིས་འདི་སྐད་སྨྲས་ས་ཞེས་
འཚལ་བར་འགྱུར་བ་དང་། དེ་དག་གི་དགེ་བའི་རྩ་བ་རྣམས་དེ་བས་ཀྱང་ཆེས་འོད་གསལ་བར་འགྱུར་བ་འདི་ལྟ་སྟེ། དཔེར་ན་བཅོམ་ལྡན་འདས་ཁྱེའུ་གཞོན་ནུ་ཐོར་བུ་ཤ་མདོག་ཡོངས་སུ་དག་པ་དེས་ཙན་དན་དམར་པོའི་ཆུས་ཀྱང་བཀྲུས་ན་དེའི་ལུས་དེ་བས་ཀྱང་དྲི་དང་ལྡན་ཞིང་ཤ་མདོག་ཡོངས་སུ་དག་ལ་འོད་
เล่ม ๖๕ · หน้า 285b
གསལ་བར་འགྱུར་བ་དེ་བཞིན་དུ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་དག་ལྡེམ་པོ་ངག་ལ་མཁས་པ་དེ་དག་གི་དགེ་བའི་རྩ་བ་དེ་བས་ཀྱང་ཆེས་འོད་གསལ་བར་འགྱུར་བར་བཅོམ་ལྡན་འདས་ཀྱིས་འདི་དག་གིས་ལྡེམ་པོ་ངག་ཏུ་སྨྲས་པ། སྲོག་ཆགས་བརྒྱ་སྟོང་མང་པོ་ཡེང་ཡེང་པོར་གྱུར་
པ་རྣམས་ལ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །འདས་དང་ད་ལྟར་བྱུང་བ་དང་། །མ་འོངས་དེ་བཞིན་ཉིད་ལྟ་བུར། །ཆོས་ཀུན་དེ་ལྟར་མཐོང་དེའི་ཕྱིར། །དེ་ནི་དེ་བཞིན་གཤེགས་ཞེས་བརྗོད། །ད་ལྟར་བྱུང་དང་འདས་པ་
དང་། །མ་འོངས་ཆོས་རྣམས་གང་ཡིན་པ། །དེ་དག་གཉིས་མིན་གཉིས་དབྱེར་མེད། །རྟག་པར་ཤིན་ཏུ་མཚན་ཉིད་མེད། །ཇི་ལྟར་སྔོན་གྱི་སངས་རྒྱས་ཀྱིས། །སྦྱིན་པ་བསམ་ཡས་བྱིན་པ་ལྟར། །འདི་དག་དེ་ལྟར་སྦྱིན་སྦྱིན་ཏེ། །དེ་ལ་བསམས་ནས་འདི་སྨྲའོ། །བྱང་ཆུབ་ཆགས་མེད་ཞུགས་
པ་སྟེ། །ཇི་ལྟར་འདས་པའི་དེ་བཞིན་གཤེགས། །དེ་ལྟར་བྱང་ཆུབ་ཞུགས་པ་སྟེ། །དེས་ན་དེ་བཞིན་གཤེགས་ཞེས་བརྗོད། །ཆོས་རྣམས་ཀུན་ལ་ཞུགས་ནས་ནི། །བྱང་ཆུབ་ཞི་བ་ཚོལ་བར་བྱེད། །བྱང་ཆུབ་དེ་ཡང་མི་དམིགས་ཏེ། །དེ་ཕྱིར་དེ་བཞིན་གཤེགས་ཞེས་བརྗོད། །
ཇི་ལྟར་འདས་པའི་ཚུལ་བཞིན་བརྗོད། །མ་འོངས་པ་ཡང་དེ་བཞིན་ཏེ། །ད་ལྟར་བྱུང་བའང་དེ་བཞིན་ཐོབ། །དེས་ན་དེ་བཞིན་གཤེགས་ཞེས་བརྗོད། །ཇི་ལྟར་སྲོག་ཆགས་སྙིང་རྗེའི་བདག །བརྟན་པ་རྣམས་ཀྱི་སྔོན་བཟོད་ལྟར། །དེ་ལྟར་བརྟན་པར་དེ་བཟོད་དེ། །བཟོད་པའི་ཕ་རོལ་
མཐའ་མར་གནས། །སྔོན་ཆད་བྱང་ཆུབ་ཚོལ་བ་ན། །ང་ཡིས་བརྩོན་བརྩམས་ཇི་བཞིན་དུ། །དེ་ལྟར་དེ་ནི་བརྩོན་འགྲུས་གྱུར། །དེས་ན་དེ་བཞིན་གཤེགས་ཞེས་བརྗོད། །ཆོས་ཀུན་གང་མཉམ་ངས་རེག་པ། །མཉམ་པ་དེ་ལ་འདིས་རེག་སྟེ། །འདི་ལ་རློམ་སེམས་གང་ཡང་མེད། །
དེས་ན་དེ་བཞིན་གཤེགས་ཞེས་བརྗོད། །ཆོས་ཀུན་རློམ་སེམས་མེད་པ་སྟེ། །ངོ་བོ་ཉིད་ཀྱིས་རྟག་ཏུ་མཉམ། །རྣམ་པར་རྟོག་མེད་ཅི་ཡང་མེད། །འདིས་ནི་མཉམ་ཉིད་དེ་ཤེས་སོ། །སྔོན་གྱི་དེ་བཞིན་གཤེགས་པ་ལྟར། །འདིས་ཀྱང་དེ་བཞིན་ཏིང་ངེ་འཛིན། །རྣམ་པར་མི་རྟོག་ཞི་
เล่ม ๖๕ · หน้า 286a
བ་རྟོགས། །དེས་ན་དེ་བཞིན་གཤེགས་ཞེས་བརྗོད། །ཆོས་རྣམས་ཀུན་གྱི་རང་བཞིན་གང་། །ང་ཡིས་ཡོངས་སུ་བརྗོད་བྱས་པ། །རྟག་པར་ཤིན་ཏུ་དངོས་མེད་པ། །རང་བཞིན་དེ་ནི་དེ་ཡིས་ཤེས། །ཤེས་རབ་ཀྱིས་ནི་མཚན་ཉིད་ཐོབ། །ཆོས་ཀྱི་སྟོང་ཉིད་རབ་ཤེས་
པས། །ཆོས་རྣམས་ཐམས་ཅད་རབ་ཤེས་ཏེ། །ཤེས་རབ་ཀྱི་ནི་ཕ་རོལ་སོན། །སྔོན་གྱི་མཁས་པ་བསམ་ཡས་ཀྱིས། །ཇི་ལྟར་ཤེས་རབ་ཕ་རོལ་སོན། །དེ་དག་དེ་མཐར་སོན་པའང་མེད། །མ་ཕྱིན་མྱ་ངན་འདས་མ་ཡིན། །དེ་བཞིན་ཉིད་མཐར་སོན་རྣམས་ཀྱིས། །ཇི་ལྟར་འདི་
མཐར་མ་ཕྱིན་པ། །དེ་ལྟར་འདིས་ཀྱང་མ་རྙེད་དེ། །དེས་ན་དེ་བཞིན་གཤེགས་ཞེས་བརྗོད། །ཇི་ལྟར་གཞན་གྱིས་དེ་བསམས་པ། །དེ་ལྟར་བྱང་ཆུབ་མི་དམིགས་ཏེ། །ཆོས་རྣམས་ཐམས་ཅད་མི་དམིགས་པས། །དེ་ནི་དེ་བཞིན་གཤེགས་ཞེས་བརྗོད། །ཇི་ལྟར་བྱང་ཆུབ་མི་ཆགས་
པ། །དེ་ལྟར་དེ་ཡིས་ཆགས་མེད་ཐོབ། །ཆོས་རྣམས་ཀུན་ལ་མི་ཆགས་པས། །ཆགས་པ་མེད་པའི་བྱང་ཆུབ་རྟོགས། །བྱིས་པ་ཀུན་གྱིས་མ་སྤྱད་ཅིང་། །ངོ་བོ་ཉིད་ཀྱང་མ་ཤེས་ལམ། །འཇིག་རྟེན་མགོན་པོ་སྐྱོབ་རྣམས་ཀྱིས། །སྔོན་ཆད་ཇི་ལྟར་བསྒོམས་པ་བཞིན། །ཟག་པ་མེད་པ་
ལམ་གྱི་མཆོག །དེ་ནི་དེ་ལྟར་སྒོམ་པར་བྱེད། །ཐོག་མ་མེད་པའི་ལམ་དེ་ནི། །སྟོང་པར་དེ་ཡིས་རྣམ་པར་ཤེས། །འཕགས་པའི་ལམ་གྱི་ཆོས་ཉིད་གང་། །མཉམ་པར་གྱུར་པ་ཐོག་མ་མེད། །དེ་ནི་དེ་དང་མཉམ་པར་བྱེད། །དེས་ན་དེ་བཞིན་གཤེགས་ཞེས་བརྗོད། །ལམ་ཅི་འདྲ་བར་
བྱང་ཆུབ་སྟེ། །བྱང་ཆུབ་ཅི་འདྲ་དེ་བཞིན་དུ། །ལུས་གནས་པར་ནི་རབ་ཤེས་ཏེ། །དེས་དེ་དེ་བཞིན་གཤེགས་ཞེས་བརྗོད། །དེ་བཞིན་གཤེགས་པ་ཉིད་ཀྱི་སྒྲ། །མདོར་ན་ཆོས་ཞེས་བརྗོད་པ་སྟེ། །གང་དག་འདི་ལ་སོམ་ཉི་མེད། །མཁས་པ་དེ་དག་བྱང་ཆུབ་ཞུགས། །ཀུན་
དགའ་འདི་ལ་བསམས་ནས་ནི། །འདི་ཡིས་ཚིག་ཏུ་རབ་ཏུ་བརྗོད། །ཇི་སྐད་སྨྲས་པ་དེ་དེ་བཞིན། །འདི་ནི་མཁས་པའི་སྤྱོད་ཡུལ་ཡིན། །མཁས་ཞེས་བརྗོད་པའི་མི་ལྡོག་པའི། །བྱང་ཆུབ་སེམས་དཔའ་འཇིགས་མེད་དེ། །གང་དག་ཡོངས་སུ་བརྗོད་པ་དེ། །ཐམས་ཅད་དེ་ཡི་སྤྱོད་
เล่ม ๖๕ · หน้า 286b
ཡུལ་ཡིན། །གང་གིས་འཇིགས་མེད་བློ་ལྡན་དེ། །དེ་བཞིན་གཤེགས་ཞེས་བརྗོད་པ་ཡི། །རྣམ་གྲངས་འདི་ནི་ཀུན་དགའ་བོ། །བྱང་ཆུབ་སེམས་དཔའ་རྣམས་ལ་བཤད། །གསོལ་པ། གང་གིས་བློ་ལྡན་བཅོམ་ལྡན་འདས། །འཇིགས་པ་མེད་ཅེས་ཁྱོད་གསུངས་པ། །རྣམ་གྲངས་
དེ་ནི་ཅི་འདྲ་ལགས། །ཆོས་དེ་རྣམས་ཀྱང་ཅི་འདྲ་ཞིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སངས་རྒྱས་བྱང་ཆུབ་བསམ་ཡས་པ། །གང་གིས་བྱང་ཆུབ་བསྒྲུབས་པ་ནི། །བསྐལ་པ་བྱེ་བ་བརྒྱ་རྣམས་དང་། །བསྐལ་པ་བྱེ་བ་མང་པོས་ཏེ། །དེ་ལྟར་སེམས་ཅན་ཆེད་ཀྱི་ཕྱིར། །
བྱང་ཆུབ་སྒྲུབ་ཅིང་ལེགས་པར་གནས། །དེ་ལ་དེ་ནི་འཇིགས་པ་མེད། །དེ་ཕྱིར་བཅོམ་ལྡན་འདས་ཞེས་བྱ། །འཁོར་བ་ལ་ནི་དེ་མི་འཇིགས། །འཁོར་བ་ན་ཡང་ཤིན་ཏུ་གནས། །དེ་ལས་སེམས་ཅན་སད་པར་བྱེད། །དེ་ཕྱིར་བཅོམ་ལྡན་འདས་ཞེས་བྱ། །དེ་དེར་མི་འཇིགས་
ཇི་ལྟ་བུ། །འཁོར་བར་རབ་གནས་ཇི་འདྲ་ཞིག །འཇིག་རྟེན་མགོན་པོ་བླ་ན་མེད། །སེམས་ཅན་འགྲེལ་པ་ཇི་ལྟ་བུ། །དེ་ཆོས་འཕེལ་བར་མི་བྱེད་ཅིང་། །ཅུང་ཟད་ཙམ་ཡང་འཇིག་མི་བྱེད། །འཕེལ་བ་མེད་ཅིང་འཇིག་མེད་ཕྱིར། །སྡུག་བསྔལ་ལས་ནི་སེམས་ཅན་འགྲེལ། །
དེ་ལྟར་འཁོར་བར་མི་འཇིགས་ཤིང་། །དེ་ལྟར་སྲིད་པར་ཤིན་ཏུ་གནས། །དེ་ལྟར་སེམས་ཅན་ཐར་བར་བྱེད། །དེས་ན་བཅོམ་ལྡན་འདས་ཞེས་བྱ། །སངས་རྒྱས་ཆོས་རྣམས་གང་ཡིན་པ། །མ་ལུས་པ་ལ་དེ་མི་འཇིགས། །ཆོས་རྣམས་མཐའ་ཡས་མུ་མེད་པ། །སེམས་ཅན་
རྣམས་ལ་དེ་སྒྲོགས་སོ། །སངས་རྒྱས་ཆོས་རྣམས་མ་ལུས་པར། །ངོ་བོ་ཉིད་ཀྱིས་ཆོས་སྟོང་པར། །ཤེས་ནས་ཆོས་རྣམས་དེ་དག་ནི། །སྒྲུབ་ཅིང་དེ་ལ་མཐོང་བ་མེད། །ཆོས་རྣམས་ངོ་བོ་ཉིད་སྟོང་པར། །དེ་ལྟར་བསྟི་སྟང་བྱས་ཏེ་སྒོམ། །རྣམ་པ་ཀུན་དུ་སྟོང་ཤེས་ནས། །
འཇིགས་པ་མེད་པར་སྒྲུབ་པར་བྱེད། །ཆོས་རྣམས་ཐམས་ཅད་བརྫུན་པར་ནི། །རབ་ཏུ་ཤེས་ནས་ཞུམ་པ་མེད། །འཇིགས་མེད་གྱུར་ནས་ཆོས་རྣམས་ཀྱི། །ཡང་དག་མཚན་ཉིད་རབ་ཏུ་སྟོན། །འཇིགས་པ་ཀུན་ལས་ཤིན་ཏུ་འདས། །ངན་སོང་ཐམས་ཅད་རྣམ་པར་སྤངས། །
เล่ม ๖๕ · หน้า 287a
འཇིགས་སྐྲག་མེད་པར་ངན་སོང་ལས། །ལུས་ཅན་རྣམས་ནི་ཀུན་དུ་འདོན། །འཁོར་བ་འཇིགས་ཆེན་བཅས་པ་ལས། །སེམས་ཅན་དཔག་ཏུ་མེད་པ་སྒྲོལ། །དེ་ལས་སེམས་ཅན་མི་བསྐྱོད་ལ། །དེ་ལས་སྒྲོལ་བར་བྱེད་པའང་ཡིན། །བསྒྲལ་ནས་མྱ་ངན་འདས་པའི་ཐང་། །
ཞི་བ་མཆོག་ལ་རབ་དགོད་ཀྱང་། །སེམས་ཅན་དེ་དག་མི་དམིགས་ཏེ། །དེ་ཕྱིར་བཅོམ་ལྡན་འདས་ཞེས་བྱ། །ནམ་མཁའ་འདྲ་བའི་ཆོས་ཀྱི་རྣམས། །ལུས་ཅན་རྣམས་ལ་རབ་སྟོན་ཀྱང་། །དེ་ནི་དེ་ལ་འཇིགས་པ་མེད། །དེས་ན་བཅོམ་ལྡན་འདས་ཞེས་བྱ། །རྣམ་པ་མང་པོའི་ཆོས་
རྣམས་ཀུན། །བྱེ་བྲག་མེད་པར་རབ་བརྗོད་དེ། །དེ་དག་བྱང་ཆུབ་མཉམ་པས་མཉམ། །བྱང་ཆུབ་དེ་ཡང་མི་དམིགས་སོ། །སྐྱེ་བོ་བྱང་ཆུབ་སྒྲུབ་པའི་ཕྱིར། །གཞན་དག་འདི་ལ་འཛུད་པར་བྱེད། །དེ་ལྟར་ཆོས་རྣམས་སྟོན་བྱེད་ཀྱང་། །གང་ལའང་འཇིགས་པ་ཡོད་མ་ཡིན། །བསྟན་
པ་རྣམ་པ་སྣ་ཚོགས་ཀྱིས། །ལུས་ཅན་འདི་ནི་རྣམ་པར་འགྲེལ། །འཇིགས་དང་བྲལ་ཞིང་ཀུན་འཛིན་མེད། །དེས་ན་བཅོམ་ལྡན་འདས་ཞེས་བྱ། །འདུ་ཤེས་འགོག་པ་ཡང་དག་ཐོབ། །བྱང་ཆུབ་སེམས་དཔའ་ཉོན་མོངས་མེད། །དེས་ན་མིང་འདི་ཐོབ་གྱུར་ཏེ། །བཅོམ་ལྡན་
འདས་ཞེས་རྣམ་པར་གྲགས། །མ་སྨད་གང་ཞིག་ཚོལ་བྱེད་པར། །ཆོས་རྣམས་འགོག་དང་མཉམ་པར་ནི། །སྔ་ནས་རབ་ཏུ་ཤེས་པས་ན། །དེ་ཡང་བཅོམ་ལྡན་འདས་ཞེས་བརྗོད། །བློ་ལྡན་མིང་ནི་ལྷུར་མི་ལེན། །དེ་ནི་མིང་ལ་ཆགས་པ་མེད། །མིང་ལ་ཆགས་ལས་རབ་དགྲོལ་ཕྱིར། །
ལུས་ཅན་རྣམས་ལ་ཆོས་སྟོན་ཏོ། །གང་ལ་མཁས་རྣམས་ཞུགས་པ་ཡི། །བྱང་ཆུབ་དེ་ནི་མིང་དང་བྲལ། །མིང་ལྷུར་ལེན་པའི་སེམས་ཅན་གང་། །དེ་ནི་བྱང་ཆུབ་ཤིན་ཏུ་རིང་། །སྒྲ་རྣམས་བྲག་ཅ་ལྟ་བུར་ནི། །རྣམ་པ་ཀུན་དུ་རྣམ་པར་འཇིག །སྒྲ་རྣམས་མེད་པར་ཤེས་ནས་ནི། །
མཉམ་མོ་ཞེས་ཀྱང་ཆགས་པ་མེད། །སྒྲ་རྣམས་ཀུན་ལ་ཆགས་མེད་ཅིང་། །བརྗོད་པ་རྣམས་ལ་གནས་པ་མེད། །བྱང་ཆུབ་ཕྱིར་ནི་སྤྲོས་མེད་པས། །བཅོམ་ལྡན་འདས་ཞེས་བརྗོད་པ་ཡིན། །བཅོམ་ལྡན་འདས་ཀྱི་སྒྲ་བརྗོད་པའི། །འདི་འདྲའི་ཆོས་རྣམས་དེ་དག་ནི། །བྱང་ཆུབ་
เล่ม ๖๕ · หน้า 287b
སེམས་དཔས་མ་རྙེད་དེ། །དེས་ན་བཅོམ་ལྡན་འདས་ཞེས་བྱ། །བརྟན་པ་བྱང་ཆུབ་རབ་ཞུགས་པ། །ཆགས་བྲལ་ཟག་པ་མེད་པ་དེ། །རྣམ་གྲངས་འདི་ནི་རབ་ཤེས་ཤིང་། །འདི་ལ་གང་དུའང་ཆགས་པ་མེད། །བཅོམ་ལྡན་འདས་ཀྱི་སྒྲར་བརྗོད་པ། །རྣམ་གྲངས་འདི་དང་གཞན་གྱི་
རྣམས། །དེ་དག་ཤེས་ནས་ང་སངས་རྒྱས། །བཅོམ་ལྡན་འདས་ཞེས་སྨྲ་བར་བྱེད། །ཀུན་དགའ་འདི་ལ་བསམས་ནས་ནི། །བཅོམ་ལྡན་ཡང་དག་གང་སྨྲ་བར། །བདག་ལ་སྨྲ་བས་སྨྲ་བྱེད་ཅེས། །དེས་ནི་དེ་སྐད་བརྗོད་པ་ཡིན། །གསོལ་པ། བཅོམ་ལྡན་བྱང་ཆུབ་སེམས་
དཔའ་ལ། །བསྟན་པ་གང་དག་རབ་འཚལ་ནས། །བརྟན་འདི་བདག་ནི་སངས་རྒྱས་ཞེས། །སྨྲ་བའི་རྣམ་གྲངས་དེ་གང་ལགས། །བཀའ་སྩལ་པ། གང་གིས་ཆོས་རྣམས་མ་ལུས་པར། །ཤིན་ཏུ་མེད་པར་རྟོགས་གྱུར་ཅིང་། །ཆོས་རྣམས་གཙང་བར་རྟོགས་པའི་ཕྱིར། །
སངས་རྒྱས་ཞེས་ནི་བརྗོད་པ་ཡིན། །གང་ཞིག་ཉོན་མོངས་བརྫུན་ཤེས་ནས། །དེ་དག་དབང་དུ་མི་འགྲོ་ཞིང་། །ཉོན་མོངས་ཀུན་ལ་མི་ཆགས་པ། །དེ་ནི་སངས་རྒྱས་ཞེས་བརྗོད་དོ། །ལུས་ནི་སྟོང་པར་ཤེས་གྱུར་ན། །འདི་ནི་ངའི་མིན་སུའི་འང་མིན། །ཡང་དག་ཏུ་ན་ལུས་འདི་
ལ། །སྙིང་པོ་དམིགས་པ་ཡོད་མ་ཡིན། །བྱིས་པ་ལུས་ལ་མི་མཁས་པ། །སྙིང་པོ་མེད་ལ་སྙིང་པོར་ཤེས། །དེ་ནི་ཡང་དག་ཇི་བཞིན་རྟོགས། །དེས་ན་སངས་རྒྱས་ཞེས་བརྗོད་དོ། །གང་ཞིག་ང་སྙམ་འདུ་ཤེས་སུ། །གྱུར་པ་ཤིན་ཏུ་མཚན་ཉིད་མེད། །མཚན་ཉིད་མེད་པར་
དེ་ཤེས་ནས། །དེ་ཡི་དབང་དུ་མི་འགྲོའོ། །གཟུགས་ནི་སྔོན་མཐར་མ་སྐྱེས་ཤིང་། །ཡང་དག་བྱུང་བ་མེད་པར་ཤེས། །འདི་ནི་བྱིས་པས་བརྟགས་པ་སྟེ། །འདི་ལ་གྲུབ་པ་ཡོད་མ་ཡིན། །ཚོར་བ་རྩ་བ་མེད་པར་རྟོགས། །འདི་ལ་རྩ་བ་མི་དམིགས་ཏེ། །ཆོས་རྣམས་ཀུན་ལ་མི་
གནས་པས། །དེས་ན་འདི་ལ་ཚོར་བ་མེད། །འདུ་ཤེས་སྨིག་རྒྱུ་འདྲ་བ་དང་། །རྫས་མེད་དངོས་པོ་མེད་རྟོགས་ནས། །དེ་ཕྱིར་དེ་ནི་ཆོས་ཀུན་ལ། །རྣམ་པ་ཀུན་དུ་མི་འཇུག་གོ། །ལུས་ཀུན་སྙིང་པོ་མེད་པ་སྟེ། །འདུ་བྱེད་རྣམས་ཀྱིས་གཟུང་བ་མེད། །འདུ་བྱེད་རྣམས་ཀྱིས་
เล่ม ๖๕ · หน้า 288a
ལུས་སྟོང་པར། །རྟོགས་ནས་ལུས་ལ་མི་ཆགས་སོ། །འདུ་བྱེད་རྣམས་དང་ལུས་ཀྱང་ནི། །ཆུ་ཤིང་ཕུང་པོའི་སྙིང་པོ་འདྲ། །དེ་ཡིས་ཡང་དག་ཇི་བཞིན་རྟོགས། །དེས་དེ་སངས་རྒྱས་ཞེས་བརྗོད་དོ། །ཡང་དག་ཏུ་ན་རྣམ་ཤེས་ནི། །ལུས་ཀྱི་ནང་ན་མི་གནས་ཏེ། །
ལུས་འདི་ཡི་ནི་ཕྱི་རོལ་ནའང་། །རྣམ་པར་ཤེས་པ་མི་སྲིད་དོ། །ཆོས་རྣམས་ཀུན་ལ་རྣམ་ཀུན་དུ། །རྣམ་པར་ཤེས་པ་མི་སྲིད་དེ། །འདི་ཡི་གནས་དང་གནས་མེད་དང་། །འཕོ་བ་ཡང་ནི་མི་དམིགས་སོ། །རྟག་པར་ཤིན་ཏུ་དངོས་མེད་པར། །དེ་ལྟར་རྣམ་ཤེས་ཁོང་དུ་ཆུད། །དཔེར་
ན་སྤྲུལ་པ་སྒྱུ་མ་ལྟར། །སུས་ཀྱང་ནམ་ཡང་མི་ཤེས་སོ། །སེམས་ཅན་ཀུན་གྱིས་ཇི་ལྟར་ཡང་། །རྣམ་ཤེས་དེ་ལྟར་མཐོང་བ་མེད། །ཡང་དག་ཏུ་ན་སུས་ཀྱང་ནི། །ཐམས་ཅད་ཤེས་པར་གྱུར་པ་མེད། །ཆོས་རྣམས་ཐམས་ཅད་དངོས་མེད་དེ། །ཡང་དག་ཏུ་ན་ཤེས་
པ་མེད། །འདི་ལ་ཆོས་སམ་སེམས་ཅན་དུ། །བརྟགས་པ་ནང་ནའང་ཡོད་མ་ཡིན། །ཆོས་རྣམས་ཐམས་ཅད་དངོས་མེད་དེ། །འགྱུར་བ་མེད་ཅིང་སྤྲོས་མེད་ལ། །སྤྲུལ་པ་འདྲ་བར་དེ་ཡིས་རྟོགས། །དེས་ན་སངས་རྒྱས་ཞེས་བརྗོད་དོ། །ཆོས་འདི་ཐམས་ཅད་རྟོགས་གྱུར་
ནས། །ཇི་ལྟར་སངས་རྒྱས་དེ་ལྟར་གནས། །ཆོས་རྣམས་ཀུན་ལ་གནས་པ་མེད། །དེས་ན་སངས་རྒྱས་ཞེས་བརྗོད་དོ། །ཇི་ལྟར་ཆོས་རྣམས་གནས་པ་བཞིན། །དེ་བཞིན་ཉིད་ལྟར་ཁོང་དུ་ཆུད། །སངས་རྒྱས་དང་ནི་བྱང་ཆུབ་འདྲ། །དམིགས་སུ་མེད་ཅིང་འདུས་མ་བྱས། །གང་
གིས་བྱང་ཆུབ་ཕྱིར་ཞུགས་པའི། །སེམས་བསྐྱེད་པ་ནི་གང་ཡིན་པ། །ཕྲ་རབ་ཆོས་ཀྱི་མི་དམིགས་པས། །སེམས་དེ་དམིགས་པར་མི་འགྱུར་རོ། །གང་ཕྱིར་བྱང་ཆུབ་ཆེད་ཀྱི་ཕྱིར། །སེམས་དེ་བསྐྱེད་པར་གྱུར་པ་དེས། །བྱང་ཆུབ་དེ་དང་སེམས་མཉམ་ཞིང་། །སྒྱུ་མ་བྱས་པ་
འདྲ་བར་རྟོགས། །ཀུན་དགའ་འདི་ལ་བསམས་ནས་ནི། །སངས་རྒྱས་ཞེས་ནི་གང་བརྗོད་པ། །སངས་རྒྱས་འདྲེན་པ་དེ་བདག་ཅེས། །འདི་ནི་ཚིག་ཏུ་རབ་ཏུ་སྨྲ། །སངས་རྒྱས་སྒྲར་ནི་བསྟན་པ་ཡི། །ཆོས་རྣམས་འདི་དག་འདི་འདྲ་བར། །གང་དག་ཆོས་འདིར་གནས་པ་ནི། །
เล่ม ๖๕ · หน้า 288b
དེ་དག་བྱང་ཆུབ་མཆོག་ཕྱིར་ཞུགས། །གང་དག་ཆོས་རྣམས་དེ་ལྟར་ཤེས། །དེ་དག་བྱང་ཆུབ་མཆོག་ལ་ཉེ། །དེ་དག་ཆོས་རྣམས་ཐམས་ཅད་ལ། །ཡིད་གཉིས་ཅི་ཡང་ཡོད་མ་ཡིན། །དེ་ལྟར་བསམས་ཏེ་སྨྲས་པ་ཡི། །ཆོས་འདི་གང་དག་ཤེས་འགྱུར་བ། །དེ་དག་ཐེ་ཙོམ་སྤངས་པའི་ཕྱིར། །
འཇིག་རྟེན་གྱི་ནི་མཆོག་ཏུ་འགྱུར། །བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་དང་བཅོམ་ལྡན་འདས་དང་། སངས་རྒྱས་ཞེས་བྱ་བ་གསུམ་པོ་འདི་དག་བསྟན་པའི་ལན་བཏབ་མ་ཐག་ཏུ་དེ་ནས་སྲོག་ཆགས་བརྒྱ་སྟོང་མང་པོ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་
འདས་ཀྱིས་གང་ལ་དགོངས་ནས་བྱང་ཆུབ་སེམས་དཔའ་ལ་དེ་བཞིན་གཤེགས་པ་ཞེས་གསུངས་པ་དང་། བཅོམ་ལྡན་འདས་ཞེས་གསུངས་པ་དང་། སངས་རྒྱས་ཞེས་གསུངས་པ་ལ། བཅོམ་ལྡན་འདས་བདག་ཅག་སོམ་ཉི་མ་མཆིས་ཤིང་ཐེ་ཙོམ་མི་འཚལ་བར་གྱུར་ཏོ། །བཅོམ་ལྡན་འདས་
བདག་ཅག་གིས་ཆོས་དེ་དག་ཀུན་དུ་འཚལ་ཏོ། །ཆོས་ཐམས་ཅད་མི་དམིགས་པའི་ཚུལ་གྱིས་བདག་ཅག་གིས་འདིར་དྲན་པ་ཐོབ་ལགས་སོ། །ཕ་མའི་བགྱི་བ་འདི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བདག་ཅག་ལ་མཛད་དོ། །བཅོམ་
ལྡན་འདས་ཀྱིས་བདག་ཅག་ལ་ཕྱག་བརྐྱང་བ་སྩལ་ཏོ། །བདག་ཅག་སླར་ཞིང་གཡོ་བའི་སེམས་མི་སྐྱེད་དེ། །བདག་ཅག་གིས་གཡོ་བ་མ་མཆིས་པའི་ཆོས་རྗེས་སུ་ཐོབ་བོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་ནམ་མཁའ་གཡོ་བ་མ་མཆིས་པ་ལ་སུས་ཀྱང་གཡོ་བར་བགྱིད་
པར་མི་ནུས་པ་དེ་བཞིན་དུ། བཅོམ་ལྡན་འདས་བདག་ཅག་ཀྱང་ཆོས་ཐམས་ཅད་ལ་གཡོ་བ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བདག་ཅག་གིས་ཆོས་ཐམས་ཅད་ནི་གཡོ་བ་མ་མཆིས་ཏེ་ནམ་མཁའ་དང་མཚུངས་ཤིང་འདྲ་ལ་མ་སྐྱེས་པར་རྟོགས་སོ། །དེ་ནས་སྲོག་ཆགས་བརྒྱ་སྟོང་
མང་པོ་དེ་དག་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་དང་མི་རིང་བར་འཁོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགོད་པ་དང་བཅས་པར་དབང་པོ་དང་བས་དེའི་
เล่ม ๖๕ · หน้า 289a
ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །འབྲས་བུར་འདུ་ཤེས་མང་པོ་དག །འབྲས་བུར་འདུ་ཤེས་པ་ལས་བཀྲོལ། །འབྲས་བུར་བརྙེས་པ་ཕུན་ཚོགས་པ། །འཇིག་མགོན་ཁྱོད་ལ་ཕྱག་འཚལ་ལོ། །འབྲས་བུ་རྣམས་ཀྱང་བརྗོད་མཛད་ལ། །མཉམ་པ་
ཉིད་ཀྱང་རབ་ཏུ་གསུང་། །སངས་རྒྱས་འབྲས་བུ་ཕུན་ཚོགས་པ། །ཕྱག་འཚལ་འཇིག་རྟེན་མཁས་ཁྱོད་ལ། །འབྲས་བུ་འདོད་པའི་སེམས་ཅན་མེད། །འབྲས་བུ་སྣ་ཚོགས་སྤྱོད་ཡུལ་བ། །རྣམ་པར་འགྲེལ་པའི་རྫོགས་སངས་རྒྱས། །ཕྱག་འཚལ་འཇིག་རྟེན་ཁ་སྒྱུར་
ཁྱོད། །མཉམ་པ་ཉིད་ལ་རབ་ཞུགས་ཤིང་། །ཆོས་རྣམས་ཐམས་ཅད་སྟོན་པའང་མཛད། །སེམས་ཅན་ཐམས་ཅད་མཉམ་མཁྱེན་པ། །མཉམ་པས་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་འབྲས་བུར་དམིགས་པ་ཅན། །དམིགས་པ་ལས་ནི་རབ་ཏུ་བཀྲོལ། །དམིགས་
པ་ཐམས་ཅད་འགྲེལ་པ་པོ། །ཕྱག་འཚལ་འཇིག་རྟེན་གྲགས་ཁྱོད་ལ། །འབྲས་བུ་ཉེར་ཞི་ཕུན་སུམ་ཚོགས། །འབྲས་བུ་སྣ་ཚོགས་ཡོངས་སུ་སྤངས། །དགེ་བ་མ་ལུས་རྣམས་ལྡན་པ། །འཇིག་མཁྱེན་ཁྱོད་ལ་ཕྱག་འཚལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
དགོད་པ་དང་བཅས་པར་དབང་པོ་དང་བས་ཚིགས་སུ་བཅད་པ་འདི་དག་གིས། བཅོམ་ལྡན་འདས་ལ་མངོན་པར་བསྟོད་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་ཐད་ནས་སོང་སྟེ་མི་རིང་བ་
ཞིག་ཏུ་འདུག་ནས། བཅོམ་ལྡན་འདས་ལ་མིག་མི་འཛུམས་པར་བལྟ་ཞིང་དགའ་བ་དང་། མཆོག་ཏུ་དགའ་བས་འདུག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པད་མའི་དཔལ་གྱི་སྙིང་པོ་ཞེས་བྱ་བ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་པད་མ་དག་གིས་གཏོར་ནས་བཅོམ་
ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །སེམས་ཅན་དངོས་པོའི་འདུ་ཤེས་གནས། །མང་པོ་ཁྱོད་ཀྱིས་རྣམ་པར་བཀྲོལ། །བསྙེངས་བྲལ་ལེན་པ་མི་མངའ་བ། །ཐུབ་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །སྲིད་པ་ཉེར་ཞི་སྲིད་བྲལ་བའི། །ཆོས་ནི་
เล่ม ๖๕ · หน้า 289b
རབ་ཏུ་སྟོན་པར་མཛད། །དཔའ་བོ་སྲིད་པ་བྲལ་བ་པོ། །ཐུབ་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ཀྱིས་དངོས་པོ་སྟོང་པར་མཁྱེན། །རྟག་ཏུ་ངོ་བོ་ཉིད་མ་མཆིས། །སྲིད་པ་སྤངས་པ་རྫོགས་སངས་རྒྱས། །ཐུབ་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །སྲིད་པ་འདྲེན་པ་ཡང་དག་བཅད། །
ཉོན་མོངས་མི་མངའ་གར་མི་གནས། །འཇིགས་དང་སྐྲག་ལས་རྣམ་གྲོལ་བ། །ཐུབ་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །བསྙེངས་པ་མི་མངའ་བག་མི་ཚ། །གསུང་གི་དམ་པ་སྒྲོགས་པ་མཛད། །སྒྲ་ཀུན་ལས་ནི་རྣམ་འདས་པ། །ཐུབ་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །མྱ་ངན་
མི་མངའ་མི་བསྙེངས་བརྙེས། །མྱ་ངན་ཟུག་རྔུ་རབ་ཏུ་འགྲོལ། །བདུད་སྤངས་སྐྱོན་རྣམས་མི་མངའ་བ། །ཐུབ་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པད་མའི་དཔལ་གྱི་སྙིང་པོས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་
མངོན་པར་བསྟོད་ནས་འདི་སྐད་ཅེས་གསོལ་ཏོ། །ཕྱི་དུས་ཕྱི་མའི་དུས་ཀྱི་ཚེ། །གང་དག་འདི་འདྲའི་མདོ་འདི་ལ། །མཁས་པ་སྐྲག་པར་མི་འགྱུར་བ། །སེམས་ཅན་དེ་དག་ཕྱག་བགྱི་འོས། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡུལ་མེད་བློ་གྲོས་ཞེས་བྱ་བས་བཅོམ་
ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་རྣམས་ཀྱི་རྒྱ་ཆེན་ཆོས། །མདོ་སྡེ་འདི་ནི་ངེས་པར་བསྟན། །གང་དག་འདི་ལ་སོམ་ཉི་སེམས། །མ་མཆིས་དེ་དག་ཉུང་བར་འགྱུར། །འཇིག་ཚོགས་ལ་ནི་མངོན་ཞེན་པས། །ལུས་མིན་ལུས་སུ་འདུ་ཤེས་པས། །བྱིས་པ་
འདུ་ཤེས་ཡོངས་ལྡན་རྣམས། །འཆད་པ་ན་ནི་མི་སྙན་བརྗོད། །སེམས་ཅན་གང་དག་བདུད་ཀྱིས་ནི། མོས་བཟློག་བདུད་ཀྱི་བྱིན་བརླབས་དང་། །གང་དག་འདི་འདྲའི་མདོ་འདི་ལ། །མ་མོས་པ་དག་མི་མཁས་ལགས། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཨུད་
པ་ལའི་མིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དེས་པ་གང་དག་འདི་འདྲ་བའི། །མདོ་འདིར་སོམ་ཉི་མི་འཚལ་བ། །དེ་དག་འཇིག་རྟེན་མིག་དང་མཚུངས། །མིག་སྩོལ་པ་ཡང་བགྱིད་པ་ལགས། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཆོད་རྟེན་
เล่ม ๖๕ · หน้า 290a
ལ་མོས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དེས་པ་གང་དག་འདི་འདྲ་བའི། །མདོ་སྡེ་ལ་ནི་མོས་འགྱུར་བ། །དེ་དག་འཇིག་རྟེན་མཆོད་རྟེན་འདྲ། །མི་ཡི་མཆོག་ཏུ་འགྱུར་བ་ལགས། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་འདོད་
ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གང་དག་འདི་འཛིན་དེ་དག་ནི། །ལུས་འདི་ལ་ནི་ཕྱི་ཕྱིར་ཞིང་། །འདོད་པ་མི་སྐྱེས་ཆོས་ཀུན་ལ། །ཆགས་པ་མ་མཆིས་སོམ་ཉི་བྲལ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོས་ལ་མོས་པས་བཅོམ་ལྡན་འདས་ལ་
འདི་སྐད་ཅེས་གསོལ་ཏོ། །གང་དག་ཚུལ་འདིར་སོམ་ཉི་བྲལ། །སེམས་ཅན་དེ་དག་སྤོས་རྣམས་དང་། །གོས་མང་བྱེ་བ་རྣམས་དང་ནི། །མེ་ཏོག་རྣམས་ཀྱིས་རབ་ཏུ་དཀྲིས། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁ་ཟས་གཏོང་གིས་བཅོམ་ལྡན་འདས་ལ་འདི་སྐད་
ཅེས་གསོལ་ཏོ། །གང་དག་ཚུལ་འདིར་སོམ་ཉི་བྲལ། །དེ་དག་རྣམས་ལ་ལྷ་ཡི་ཟས། །རོ་བརྒྱ་ལྡན་པ་ཇི་སྙེད་མཆོག །དེ་དག་མ་ལུས་སྩལ་བར་བགྱི། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་མཐོང་ན་སྙིང་རྗེ་ལ་ཡང་དག་པར་ཞུགས་པས། བཅོམ་ལྡན་
འདས་ལ་འདི་སྐད་ཅེས་གསོལ་ཏོ། །མདོ་སྡེ་བླ་ན་མེད་འདི་ལ། །བླ་ངན་གང་དག་སོམ་ཉི་འཚལ། །སེམས་ཅན་དེ་དག་སྙིང་རྗེའི་གནས། །ཕྱི་ཕྱིར་འདི་ནི་བདུད་ཀྱི་འོས། །གང་དག་འདི་འདྲའི་མདོ་སྡེ་ལ། །ཡུད་ཙམ་ཞིག་ནི་སོམ་ཉི་འཚལ། །དེ་དག་སེམས་ཅན་དམྱལ་གནས་
མཆིས། །སེམས་ཅན་དམྱལ་ནའང་རབ་ཏུ་གནས། །གང་དག་ཚུལ་འདི་མི་རྟོགས་པ། །དེ་དག་སྡིག་པའི་བཤེས་གཉེན་གྲོགས། །ཟབ་མོ་འདི་ལ་མཁས་མ་ལགས། །གཏི་མུག་དྲ་བས་རབ་ཏུ་ཁེབས། །བློ་གྲོས་ངན་པས་སྐྱོན་ལྟའམ། །འཐོབ་དང་བཀུར་སྟི་ཆགས་པ་ཡིས། །
གང་དག་འདི་ནི་སྤོང་བགྱིད་པ། །དེ་དག་ངང་ཚུལ་ངན་པས་འགྱུར། །གང་དག་བྱང་ཆུབ་མ་མོས་ཤིང་། །ལེ་ལོ་ཅན་ལ་བརྩོན་འགྲུས་སྤངས། །དམན་ལ་མོས་ཤིང་ཤེས་རབ་འཆལ། །དེ་དག་འདི་ལ་མོས་མི་འགྱུར། །གང་དག་འཁོར་བར་རྟག་ཏུ་དགའ། །རྟག་ཏུ་ལྟ་བའི་
เล่ม ๖๕ · หน้า 290b
དབང་འགྲོ་ཞིང་། །འཇིག་རྟེན་གསུམ་ལ་མངོན་ཞེན་པ། །དེ་དག་འདི་ལ་མོས་མི་འགྱུར། །མུ་ཅོར་སྨྲ་ཞིང་བློ་ངན་རྨོངས། །འདོད་ལ་བརྐམ་ཞིང་མི་མཁས་ལ། །རྟག་ཏུ་འདུ་འཛི་དགའ་བ་རྣམས། །རབ་ཏུ་སྤོང་བར་བགྱིད་པ་ལགས། །ཆོས་གོས་ལྷུང་བཟེད་རྣམས་ལ་ཆགས། །
རྟག་ཏུ་ཟས་ལ་བརྐམ་གྱུར་ཅིང་། །དཀར་པོའི་ཆོས་ཀྱི་ཤས་ཆུང་བ། །རབ་ཏུ་སྤང་བར་བགྱིད་པ་ལགས། །སེམས་ཅན་འབྲས་བུར་འདོད་པ་དང་། །འབྲས་བུ་རྣམས་ལ་མངོན་ཞེན་པ། །དེ་དག་རྣམས་ཀྱིས་འཇིག་རྟེན་མགོན། །སྐྱོབ་པའི་དགོངས་པ་འདིར་རྟོགས་དཀའ། །དེ་
ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྡིག་པའི་བཤེས་གཉེན་ཡོངས་སུ་སྤངས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །འབྲས་བུའི་འདུ་ཤེས་རྣམ་འགྲེལ་བའི། །མདོ་འདི་གང་ཞིག་སྤོང་བགྱིད་པ། །སེམས་ཅན་དེ་དག་བཤང་གཅི་དང་། །ཤིན་ཏུ་རུལ་
བ་བཞིན་དུ་སྤངས། །གང་དག་ཆོས་འདི་སྤོང་བགྱིད་པ། །དེ་དག་འདི་ལྟར་རྣམ་སྤངས་ཏེ། །དྲི་ང་བ་ཡི་རོ་བཞིན་དུ། །ཀུན་ནས་ཡོངས་སུ་སྤང་བར་བགྱི། །དཔེར་ན་ཆོམ་རྐུན་གྲོང་འཇོམས་དང་། །དགོན་པ་དག་ལ་གནས་འཆས་པ། །ཐོས་ནས་བློ་གྲོས་ངན་པ་དེ། །མཐོང་
དུ་འོང་ཞེས་འབྲོས་པར་བགྱིད། །དེ་ལྟར་གང་དག་མདོ་སྡེ་འདི། །སྤོང་བར་བགྱིད་པ་གཏི་མུག་རྨོངས། །ཤིན་ཏུ་སྡིག་ཅན་བློ་ངན་པ། །ཐོས་ནས་དེ་མཐོང་འགྱུར་ཞེས་འབྲོས། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་
འདས་རིགས་ཀྱི་བུ་འདི་དག་ཇི་ཙམ་དུ་བློ་ཤིན་ཏུ་རྣམ་པར་དེས་པ་འདི་ནི་ངོ་མཚར་ཏོ། །བཅོམ་ལྡན་འདས་ཅི་ལགས། འདི་དག་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པས་ཚིག་འདི་སྐད་མཆིའམ། འོན་ཏེ་སངས་རྒྱས་ཀྱི་མཐུས་འདི་སྐད་ཅེས་མཆི། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། ཀུན་དགའ་བོ་འདི་དག་ནི་སངས་རྒྱས་ཀྱི་མཐུས་དེ་སྐད་དུ་སྨྲ་སྟེ། རིགས་ཀྱི་བུ་འདི་དག་ནི་ཆོས་ཀྱི་རྣམ་གྲངས་འདི་ལ་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པ་ཐོབ་པ་ཡང་ཡིན། ཆགས་པ་མེད་པ་ཐོབ་པ་ཡང་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་རིགས་ཀྱི་བུ་
เล่ม ๖๕ · หน้า 291a
འདི་དག་གིས་ཇི་ལྟར་ད་ལྟར་ང་ལས་ཐོས་པ་བཞིན་དུ་སངས་རྒྱས་བྱེ་བ་ཕྲག་དྲུག་ཅུ་ལས་ཆོས་ཀྱི་རྣམ་གྲངས་འདི་འདི་ཙམ་དུ་ལྷག་ཆད་མེད་པར་ཐོས་ཏེ། འདི་དག་གིས་དེ་རྗེས་སུ་དྲན་ནས་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པ་དང་། སངས་རྒྱས་ཀྱི་མཐུས་འདི་སྐད་ཅེས་སྨྲའོ། །དེ་ཅིའི་ཕྱིར་
ཞེ་ན། ཀུན་དགའ་བོ་འདི་དག་གིས་ཇི་སྐད་སྨྲས་པ་དེ་དེ་བཞིན་ཏེ། འདི་དག་ལ་དེ་མངོན་སུམ་མོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་ཆོས་ཀྱི་རྣམ་གྲངས་འདི་ཐོས་མ་ཐག་ཏུ་
མོས་ཤིང་ཐེ་ཙོམ་འཚལ་བར་མི་འགྱུར་ན། བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་བསོད་ནམས་ཇི་ཙམ་ཞིག་སྐྱེད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
ཏུ་ཡང་དག་པར་ཞུགས་པ་གང་གིས་འཛམ་བུའི་གླིང་འདི་རིན་པོ་ཆེས་ཡོངས་སུ་བཀང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་དབུལ་བ་ཕུལ་བ་བབས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་མ་ཐག་ཏུ་མོས་ཤིང་དད་དེ་ཡིད་ཆེས་ལ་
ཐེ་ཙོམ་མི་ཟ་བ་དེ་དེ་བས་བསོད་ནམས་ཆེས་མང་དུ་སྐྱོད་པར་འགྱུར་རོ། །ཀུན་དགའ་བོ་འཛམ་བུའི་གླིང་རིན་པོ་ཆེས་བཀང་བ་ལྟ་ཞོག་སྟེ། །ཀུན་དགའ་བོ་གང་གིས་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་རིན་པོ་ཆེས་བཀང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་
དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་དབུལ་བ་ཕུལ་བ་བབས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ལ། ཐོས་ནས་ཀྱང་ཐོས་མ་ཐག་ཏུ་མོས་ཤིང་དད་དེ་ཡིད་ཆེས་ལ་ཐེ་ཙོམ་མི་ཟ་བ་དེ་དེ་བས་བསོད་ནམས་ཆེས་མང་དུ་སྐྱེད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་
ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །གང་གིས་འཛམ་བུའི་གླིང་འདི་ནི། །རིན་ཆེན་བཀང་སྟེ་དེ་བཞིན་གཤེགས། །སྐྱོབ་པ་སངས་རྒྱས་འཇིག་རྟེན་མགོན། །རྣམས་ལ་དབུལ་བ་བྱས་པ་བས། །མཁས་པ་གང་གིས་མདོ་སྡེ་འདི། །ཐོས་ནས་ལྷག་པར་མོས་བྱེད་པ།།
เล่ม ๖๕ · หน้า 291b
མོས་དང་ལྡན་དེ་བསོད་ནམས་ནི། །དེ་བས་མང་དུ་སྐྱེད་པར་འགྱུར། །གང་གིས་གང་གཱའི་བྱེ་སྙེད་ཀྱི། །ཞིང་དག་རིན་ཆེན་རྣམས་བཀང་སྟེ། །སངས་རྒྱས་རྣམས་ལ་ཕུལ་བ་བས། །འདི་ནི་དེ་བས་ཁྱད་པར་འཕགས།། །།བམ་པོ་དྲུག་པ་སྟེ་ཐ་མ། དེ་སྐད་ཅེས་
བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་ནས་རྟོགས་ཏེ་འཛིན་ཏམ། འཆང་ངམ། ཀློག་གམ། ཀུན་ཆུབ་པར་བགྱིད་
དམ། འདོན་ན་བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་བསོད་ནམས་ཇི་ཙམ་ཞིག་སྐྱེད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་
ཞུགས་པ་གང་གིས་ཆོས་ཀྱི་རྣམ་གྲངས་འདི་དང་བྲལ་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་བསྐལ་པ་བརྒྱར་སྦྱིན་པ་སྦྱིན་པ་དང་། ཆོས་ཀྱི་རྣམ་གྲངས་འདི་དང་བྲལ་བར་བསྐལ་པ་བརྒྱར་ཚུལ་ཁྲིམས་སྲུང་བ་དང་། ཆོས་ཀྱི་རྣམ་
གྲངས་འདི་དང་བྲལ་བར་བསྐལ་པ་བརྒྱར་བཟོད་པ་སྒྲུབ་པ་དང་། ཆོས་ཀྱི་རྣམ་གྲངས་འདི་དང་བྲལ་བར་བསྐལ་པ་བརྒྱར་བརྩོན་འགྲུས་རྩོམ་པ་དང་། ཆོས་ཀྱི་རྣམ་གྲངས་འདི་དང་བྲལ་བར་བསྐལ་པ་བརྒྱར་བསམ་གཏན་རྣམས་ལ་སྙོམས་པར་འཇུག་པ་དང་། ཆོས་ཀྱི་རྣམ་གྲངས་
འདི་དང་བྲལ་བར་བསྐལ་པ་བརྒྱར་ཤེས་རབ་སྒོམ་ཞིང་འཇིག་རྟེན་གྱི་གནས་རྣམས་ལ་མཁས་པར་གྱུར་ན། ཀུན་དགའ་བོ་དེས་ནི་དེ་བཞིན་གཤེགས་པ་ལ་བཀུར་སྟི་བྱས་པར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །
གང་གིས་བསྐལ་པ་བརྒྱ་ཚང་བར། །བཟའ་བ་ལ་སོགས་ཐམས་ཅད་ཀྱིས། །དེ་བཞིན་གཤེགས་ལ་བསྙེན་བཀུར་བ། །དེས་ནི་བསྟི་སྟང་བྱས་མི་འགྱུར། །འབྲས་བུར་དམིགས་པ་འཇོམས་བྱེད་པའི། །མདོ་སྡེ་འདི་ནི་གང་འཛིན་པ། །དེ་ནི་སངས་རྒྱས་བཀུར་
เล่ม ๖๕ · หน้า 292a
སྟི་བྱས། །ཆོས་ཀྱི་བཀུར་སྟི་བྱས་པ་ཡིན། །རྫོགས་པའི་སངས་རྒྱས་ཆོས་ཀྱི་སྐུ། །ཆོས་སྐྱེས་ཆོས་ཀྱི་ཏོག་ལྡན་པས། །སངས་རྒྱས་རྣམས་ལ་བཀུར་སྟི་འདི། །དེས་ན་སངས་རྒྱས་བཀུར་སྟི་བྱས། །གང་གིས་བསྐལ་པ་བརྒྱ་ཚང་བར། །གོས་ལ་སོགས་
པས་དེ་བཞིན་གཤེགས། །སངས་རྒྱས་རྣམས་ལ་མཆོད་བྱེད་པ། །དེ་དག་དེས་ནི་བཀུར་བྱས་མིན། །ཚུལ་འདི་འཛིན་པར་བྱེད་ན་ནི། །དེ་ལྟས་སངས་རྒྱས་བཀུར་བར་འགྱུར། །འདི་ནི་བཀུར་སྟི་རྣམས་ཀྱི་མཆོག །གོས་མང་བྱིན་པ་དེ་ལྟར་མིན། །གང་གིས་བསྐལ་པ་
བརྒྱ་ཚང་བར། །འཇིག་རྟེན་མགོན་པོ་སངས་རྒྱས་ལ། །སྤོས་དང་མེ་ཏོག་གཏོར་བྱེད་པ། །དེ་དག་དེས་ནི་བཀུར་བྱས་མིན། །གང་ཞིག་ཚུལ་མཆོག་ཟབ་མོ་ཡི། །མདོ་སྡེ་འདི་ནི་འཛིན་བྱེད་པ། །འདི་ནི་འཇིག་མགོན་སྐྱོབ་རྣམས་ལ། །བཀུར་སྟི་བྱེད་པ་དམ་པ་ཡིན། །
གང་གིས་འཇིག་རྟེན་མགོན་པོ་ཡི། །མཆོད་རྟེན་རིན་ཆེན་རྒྱུ་ལས་བསྒྲུབས། །རི་རབ་འདྲ་བ་བྱས་ཀྱང་ནི། །དེས་ནི་སངས་རྒྱས་བཀུར་བྱས་མིན། །གང་ཞིག་མདོ་སྡེ་འདི་འཛིན་ཅིང་། །འཛིན་པར་ཡང་ནི་མི་བལྟ་ན། །དེ་ནི་བསྙེན་བཀུར་མཆོག་ཡིན་ཏེ། །མཆོད་པ་ཀུན་
གྱི་ནང་ན་མཆོག །གང་ཟག་གང་ཞིག་བསྐལ་པ་བརྒྱ། །ཚང་བར་ཚུལ་ཁྲིམས་སྲུང་བྱེད་ལ། །མདོ་སྡེ་འདི་ནི་མི་འཛིན་ན། །ཚུལ་ཁྲིམས་དེ་ནི་མཆོག་མ་ཡིན། །གང་ཞིག་མདོ་སྡེ་འདི་འཛིན་ཅིང་། །འཛིན་པར་རློམ་སེམས་མེད་ན་ནི། །
ཚུལ་ཁྲིམས་དེ་ནི་བསྔགས་པ་སྟེ། །ཚུལ་ཁྲིམས་དེ་ནི་བླ་ན་མེད། །ཚུལ་འདི་ཀུན་དུ་བཟུང་བའི་ཕྱིར། །མཁས་པ་ཚུལ་ཁྲིམས་ཆེན་པོ་དང་། །བསམ་གྱིས་མི་ཁྱབ་དཔག་མེད་པ། །ཚུལ་ཁྲིམས་གང་ཡིན་དེ་དེ་ཚོལ། །ང་ཡིས་ཇི་སྐད་བཤད་པ་ཡི། །མདོ་འདི་ལ་ནི་གང་སློབ་པ། །མཉམ་མཐོང་དེ་
ལ་ཚུལ་ཁྲིམས་དང་། །ངང་ཚུལ་ངན་པ་ཡོད་མ་ཡིན། །གང་ཞིག་མདོ་འདིར་མི་སློབ་པ། །དེ་ནི་བྱང་ཆུབ་ཕྱིར་མི་སློབ། །བྱང་ཆུབ་དེ་དང་བསླབ་པ་མཉམ། །དེ་ནི་སུས་ཀྱང་བསླབས་པ་མེད། །གང་ཞིག་མདོ་སྡེ་འདི་འཛིན་པ། །དེ་ནི་མདོ་འདིར་བཤད་པ་ཡི། །ཚུལ་
เล่ม ๖๕ · หน้า 292b
ཁྲིམས་དེ་འདྲ་དེ་དག་གི། །ཚུལ་ཁྲིམས་ཕུན་སུམ་ཚོགས་པར་འགྱུར། །བཟོད་དང་ལྡན་པའི་མི་གང་ཞིག །འདིར་ནི་བསྐལ་པ་བརྒྱར་ཚང་བར། །སེམས་ཅན་དག་ནི་ཐམས་ཅད་ཀྱིས། །མི་སྙན་བརྗོད་དང་སྤྱོས་བཟོད་ཅིང་། །རྐང་ལག་དག་ཀྱང་གཏུབས་པ་ན། །དེ་ཡི་སེམས་ནི་
འགྱུར་མེད་ཅིང་། །དེ་ནི་གང་དུའང་ཐ་བ་དང་། རབ་ཏུ་ཞེ་སྡང་མི་སྐྱེད་ལ། །བཟོད་པ་སྨྲ་བའི་མི་གང་ཞིག །བཟོད་པ་རྣམ་པ་དེ་ལྟ་བུས། །བསྐལ་པ་བྱེ་བ་ཟད་བྱེད་ཀྱང་། །བཟོད་པ་དེ་ནི་བསྔགས་མ་ཡིན། །གང་ཞིག་མདོ་འདི་ཐོས་ནས་ནི། །མོས་པས་འདི་ནི་འཛིན་བྱེད་པ། །དེ་ནི་བཟོད་པ་རྣམས་ཀྱི་མཆོག །
དེ་ནི་བཟོད་པ་ཤིན་ཏུ་བཟང་། །གང་ཞིག་མདོ་སྡེ་འདི་འཛིན་ཅིང་། །གང་དུའང་ཆགས་པར་མི་བྱེད་པ། །བཟོད་པ་དེ་ནི་ཁྱད་པར་འཕགས། །བཟོད་པ་དེ་ནི་བླ་ན་མེད། །གང་ཞིག་སངས་རྒྱས་ཡེ་ཤེས་མཆོག །ཆགས་མེད་ཡེ་ཤེས་འདོད་པ་དེས། །
མདོ་སྡེ་འདི་ལ་མི་ཆགས་པར། །མྱུར་དུ་འདི་ནི་གཟུང་བར་བྱ། །གང་ཞིག་བསྐལ་པ་བརྒྱ་ཚང་བར། །བརྩོན་འགྲུས་ལྡན་པ་མི་འདུག་ཅིང་། །གཉིད་ཀྱིས་མ་ནོན་བདག་ཉིད་ཅན། །རྟག་ཏུ་འདའ་བར་བྱེད་པ་བས། །མཁས་པ་གང་ཞིག་ལུང་མནོད་ཕྱིར། །མདོ་སྡེ་འདི་ལ་
སྦྱོར་བྱེད་ན། །བརྩོན་འགྲུས་དེ་ནི་དེ་བས་མཆོག །བརྩོན་འགྲུས་འདི་ནི་ཁྱད་པར་འཕགས། །གང་ཞིག་བསྐལ་པ་བརྒྱ་ཚང་བར། །དྲང་སྲོང་མངོན་ཤེས་ལྔ་ལྡན་གྱུར། །མདོ་སྡེ་འདི་ནི་མི་ཉན་ན། །མངོན་ཤེས་མཆོག་ཅེས་མི་བྱའོ། །གང་ཞིག་དོན་ཤེས་མི་གནས་པར། །
མདོ་སྡེ་འདི་ནི་འཛིན་བྱེད་པ། །དེ་ནི་མངོན་ཤེས་ཐམས་ཅད་ཀྱི། །མངོན་པར་ཤེས་པའི་མཆོག་ཡིན་ནོ། །མི་གང་བསྐལ་པ་བརྒྱ་ཚང་བར། །ཤེས་རབ་དང་ནི་ལྡན་གྱུར་ལ། །འཇིག་རྟེན་པ་ཡི་ཤེས་རབ་ལྡན། །འཇིག་རྟེན་བྱ་བ་རྣམས་ལ་ངེས། །གང་ཞིག་ཚུལ་འདི་མི་
སློབ་ན། །དེ་ནི་ཤེས་རབ་ཚུལ་ཤེས་མིན། །གང་ཞིག་ཚུལ་འདི་འཛིན་བྱེད་པ། །དཔའ་བོ་དེ་ཉིད་ཤེས་རབ་ལྡན། །གང་ཞིག་མདོ་སྡེ་དམ་པ་འདི། །ཐོས་ནས་མོས་ཤིང་རྟོགས་བྱེད་པ། །བརྟན་པ་དེ་ནི་ཤེས་རབ་ལྡན། །དེ་ནི་ཤེས་རབ་མཁས་པ་ཡིན། །གང་ཞིག་
เล่ม ๖๕ · หน้า 293a
ཆོས་ཀུན་ཤེས་རབ་ཀྱིས། །ཤེས་པར་འདོད་པ་ཇི་ལྟས་ཀྱང་། །མདོ་སྡེ་འདི་ནི་ལུང་ནོད་ལ། །དེ་ནི་ཤེས་རབ་འདི་འཐོབ་འགྱུར། །མདོ་སྡེ་འདིར་ནི་རབ་བཤད་པ། །དེ་ནི་ཤེས་རབ་སྤྱོད་ཡུལ་ཡིན། །དེ་ཡི་ཕྱིར་ན་མདོ་སྡེ་འདི། །གཟུང་བར་བརྩོན་འགྲུས་
བརྩམ་པར་གྱིས། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །དཔག་ཚད་རངས་པའམ་འོན་ཏམ་ནི། །དཔག་ཚད་བརྒྱར་ཡང་བརྒྱུགས་ནས་ནི། །འབྲས་བུ་སྣ་ཚོགས་སེལ་བ་ཡི། །མདོ་སྡེ་འདི་ནི་མཉན་པར་བགྱི། །ཁ་ཚོན་
དཔག་ཚད་རངས་པ་ཡི། །མེ་མདག་ག་གང་བ་རྒལ་ནས་ནི། །གང་ན་མདོ་སྡེ་འདི་གནས་པར། །མཁས་པས་མྱུར་དུ་མཆི་བར་བགྱི། །བསམ་གཏན་ཀུན་གྱི་དམ་པ་ལ། །བསམ་གཏན་པ་གང་བསམ་གཏན་འཚལ། །དེས་ནི་ཉོན་མོངས་ཀུན་སེལ་བ། །མདོ་སྡེ་འདི་
ནི་ལུང་མནོད་བགྱི། །གང་ཞིག་འདི་ནི་འཇིག་རྟེན་ཁམས། །གྲགས་པ་མངོན་དགའ་ཞེས་བགྱི་བ། །ཤིན་ཏུ་མཛེས་དེར་མཆི་འཚལ་བ། །དེས་ནི་མདོ་སྡེ་འདི་བཤད་བགྱི། །གང་ཞིག་སངས་རྒྱས་མི་འཁྲུགས་པ། །ཐུབ་པ་བླ་མེད་མཐོང་འཚལ་བ། །དེས་ནི་
མདོ་འདི་ལུང་མནོད་ཅིང་། །མང་དུ་བཀླག་ཅིང་གཟུང་བར་བགྱི། །གང་ཞིག་བྱང་ཆུབ་སེམས་དཔའི་གནས། །བདེ་བ་ཅན་དུ་མཆི་འཚལ་བ། །དེས་ནི་མདོ་འདི་ལུང་མནོས་ན། །མྱུར་བ་ཉིད་དུ་མཆི་བར་འགྱུར། །སངས་རྒྱས་ཀུན་གྱིས་གསུངས་པ་ཡི། །མདོ་སྡེ་འདི་ནི་བཏོན་བགྱིས་
ནས། །རྫོགས་པའི་སངས་རྒྱས་འོད་དཔག་མེད། །བསམ་གྱིས་མི་ཁྱབ་དེ་མཐོང་འགྱུར། །བྱང་ཆུབ་སེམས་དཔའ་མ་སྨད་པ། །ཡོན་ཏན་འདི་དག་མངོན་འཚལ་བས། །སངས་རྒྱས་ཀུན་གྱིས་གསུངས་པ་ཡི། །མདོ་སྡེ་འདི་ནི་གཟུང་བར་བགྱི། །དེ་སྐད་ཅེས་གསོལ་པ་དང་། བཅོམ་
ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ལེགས་ས་ལེགས་སོ། །ཀུན་དགའ་བོ་ཇི་སྐད་སྨྲས་པ་དེ་དེ་བཞིན་ཏེ། །ཀུན་དགའ་བོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཞིག་གང་གི་ཚེ་སེམས་ཀྱི་གཡེང་བ་དང་མཚན་མ་ཐམས་ཅད་དང་བྲལ་
เล่ม ๖๕ · หน้า 293b
བའི་ཡིད་ཀྱིས་མདོ་འདི་ཀློག་གམ་ཁ་ཏོན་བྱེད་ན་དེ་དེའི་ཚེ། སངས་རྒྱས་གང་དང་གང་མཐོང་བར་འདོད་པ་དེ་དང་དེ་མཐོང་བར་འགྱུར་རོ། །ཇི་སྟེ་སེམས་གཡེངས་ནས་མི་ཀློག་གམ། ཁ་ཏོན་མི་བྱེད་ན་འཆི་བའི་དུས་ཀྱི་ཚེ། སངས་རྒྱས་བཅོམ་ལྡན་འདས་རྣམས་མིག་ལམ་དུ་མཐོང་བར་མི་འགྱུར་རོ། །དེ་
ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་ལུང་ནོད་དམ། འཛིན་ཏམ། འདོན་ཏམ། ཀློག་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བར་འགྱུར་རོ། །དེ་ནས་གཞོན་ནུར་གྱུར་མ་སེང་གེས་གཞོན་ནུ་མ་ལྔ་བརྒྱ་དང་ལྷན་
ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བུད་མེད་དུ་གྱུར་པས་མདོ་འདི་ལུང་མནོས་སམ། བཟུང་ངམ། བཏོན་ཏམ་བཀླགས་ན་ཡོན་ཏན་ཅི་ཞིག་ཏུ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། སེང་གེ་གལ་ཏེ་བུད་མེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པས་ཆོས་ཀྱི་རྣམ་གྲངས་འདི་ལུང་ནོད་ཏམ། འཛིན་ཏམ། འདོན་ཏམ། ཀློག་གམ། འཆང་ན་དེའི་བུད་མེད་ཀྱི་དངོས་པོ་དེ་ཉིད་ཐ་མར་གྱུར་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་རྣམ་
གྲངས་འདི་ལུང་མནོས་པ་དང་། བཟུང་བ་དང་། བཏོན་པ་དང་། བཅངས་པ་དང་། བཀླགས་པས་ཉོན་མོངས་པ་གང་དག་གིས་བུད་མེད་བུད་མེད་ཀྱི་དངོས་པོ་ཡོངས་སུ་འཛིན་པའི་བུད་མེད་ཀྱི་ཉོན་མོངས་པ་རྣམས་བུད་མེད་ལ་འབྱུང་བར་མི་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། གཞོན་ནུར་གྱུར་མ་
སེང་གེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཉོན་མོངས་པ་གང་དག་དང་ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ཡོངས་སུ་འཛིན་པའི་བུད་མེད་ཀྱི་ཉོན་མོངས་པ་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེང་གེ་འདི་ལ་བུད་མེད་ཀྱིས་བུད་མེད་གཟུགས་
བཟང་བ། མཛེས་པ་བལྟ་ན་སྡུག་པ། རྒྱན་གྱིས་བརྒྱན་པ། བདེ་བ་དང་ལྡན་པ། གཞན་མཐོང་ན་དེ་དེ་ལ་འདོད་པ་སྐྱེད་དེ། འདི་ནི་ངན་སྐྱུགས་ཀྱི་གོང་བུ་ལ་ཚོན་གྱིས་བྲིས་པ། བྱིས་པ་འདྲིད་པ། དྲི་ང་བ། ངན་སྐྱུགས་ཀྱིས་སྦགས་པ་ཡིན་པ་དེ་ལྟར་མི་རྟོག་ན། དེ་དེ་ལ་དེ་ལྟར་མི་རྟོག་ཅིང་
เล่ม ๖๕ · หน้า 294a
སྡུག་པར་མཐོང་སྟེ། དེ་ལ་འདོད་པ་སྐྱེད་པས་བུད་མེད་བུད་མེད་ཀྱི་དངོས་པོ་ཡོངས་སུ་འཛིན་ཏོ། །སེང་གེ་གཞན་ཡང་འདི་ལ་བུད་མེད་ཕྲག་དོག་ཅན་དང་། སེར་སྣ་ཅན་དང་། གཡོ་དང་ལྡན་པར་གྱུར་ལ། དེ་བཞིན་དུ་ཚིག་ཏུ་སྨྲ་ཞིང་གཞན་དུ་སེམས་ཀྱིས་འཕྲོག་པ་དང་། གཞན་དུ་ཚིག་
ཏུ་མངོན་སུམ་དུ་སྨ་ཞིང་གཞན་དུ་གསང་བར་སེམས་པ་དང་། ཉམས་སུ་མྱོང་བར་བྱ་བའི་ཕྱིར་དགེ་སློང་གི་གན་དུ་འགྲོ་བའི་ཆོས་ཀྱི་ཕྱིར་མ་ཡིན་པ་དང་། ཁྲོ་བས་ཟིལ་གྱིས་ནོན་པ་དང་། རྨུགས་པ་དང་། གཉིད་ཆེ་བ་དང་། འདུ་འཛི་ལ་མངོན་པར་དགའ་བ་དང་། ཆོས་ཀྱི་རྣམ་གྲངས་འདི་ལྟ་
བུའི་ལུང་མནོད་པ་དོན་དུ་མི་གཉེར་བ་དང་། ཀུན་ནས་ཉོན་མོངས་པའི་སེམས་ཀྱིས་ཉིན་མཚན་ཟད་པར་བྱེད་ཀྱང་རྣམ་པར་བྱང་བའི་སེམས་ཀྱིས་མ་ཡིན་ན། ཉོན་མོངས་པ་དེ་དག་གིས་བུད་མེད་དེ་བུད་མེད་ཀྱི་དངོས་པོ་ཡོངས་སུ་འཛིན་ཏེ་ཟད་པར་མི་བྱེད་དོ། །དེ་བས་ན་སེང་གེ་མདོར་ན་བུད་མེད་ཀྱིས་བདག་གི་ཉོན་
མོངས་པ་ཐམས་ཅད་མི་སྐྱེ་བ་དང་མི་འབྱུང་བར་བྱ་བའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ལུང་ནོད་པར་བྱ། གདོན་པར་བྱ། ཀུན་ཆུབ་པར་བྱ། གཟུང་བར་བྱ། བཀླག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་རྣམ་གྲངས་འདི་ནི་བུད་མེད་ཀྱི་ཉོན་མོངས་པ་དང་བྲལ་བའོ། །གཞོན་ནུར་གྱུར་མ་སེང་གེས་གསོལ་
པ། བཅོམ་ལྡན་འདས་གལ་ཏེ་བུད་མེད་བུད་མེད་ཀྱི་དངོས་པོ་ལས་བསྒྱུར་བར་མི་འཚལ་ལ་ཆོས་ཀྱི་རྣམ་གྲངས་འདི་ནི་ལུང་ནོད་ཅིང་འཛིན། འདོན། འཆང་། ཀློག །ཀུན་ཆུབ་པར་བགྱིད་ན། དེ་ཇི་ལྟར་ལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེང་གེ་བུད་མེད་ཀྱི་དངོས་པོ་ལས་བསྒྱུར་
བར་མི་འདོད་དུ་ཟིན་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ནི་ལུང་ནོད་དམ་སེམས་ན། དེ་ཉིད་བུད་མེད་ཀྱི་དངོས་པོའི་ཐ་མ་ཡིན་པར་ཤེས་པར་བྱ་སྟེ། རྫུ་འཕྲུལ་གྱི་སྟོན་པ་ནི་མ་གཏོགས་སོ། །སེང་གེ་འདི་ལྟ་སྟེ་དཔེར་ན་སྐྱེས་པའམ། བུད་མེད་ལ་ལ་ཞིག་མེའི་ཕུང་པོ་ཆེན་པོ་ཀུན་དུ་རབ་ཏུ་མཆེད་ཅིང་འབར་
བ་མེ་ལྕེ་དང་བཅས་པར་བདག་ཉིད་ཀྱི་ལུས་མཆོངས་ཏེ་ཚིག་འདི་སྐད་དུ་བདག་གི་ལུས་འཚིག་པར་མ་གྱུར་ཅིག །བདག་གི་པགས་པའི་མདོག་མ་གྱུར་ཅིག་ཅེས་སྨྲས་ན། སེང་གེ་འདི་ལ་ཇི་སྙམ་དུ་སེམས། སྐྱེས་པའམ། བུད་མེད་དེ་ཚིག་དེ་སྐད་སྨྲས་པས་བསམ་པ་དེ་འཐོབ་པར་འགྱུར་རམ། གསོལ་
เล่ม ๖๕ · หน้า 294b
པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཞུགས་ཀྱི་ཕུང་པོ་ཆེན་པོ་ནི་སྲེག་པའི་བདག་ཉིད་ལགས་ཏེ། པགས་པའི་མདོག་མ་མཆིས་པར་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེང་གེ་དེ་བཞིན་དུ་ཆོས་ཀྱི་རྣམ་གྲངས་འདི་ཡང་ཉོན་མོངས་པ་ཐམས་ཅད་སེལ་
བའོ། །སེང་གེ་དེ་བས་ན་བུད་མེད་བུད་མེད་ཀྱི་དངོས་པོ་མི་འདོད་པ་དང་། སངས་རྒྱས་ཀྱི་ཆོས་རྣམས་མྱུར་དུ་སྒྲུབ་པར་འདོད་པ་དང་། སངས་རྒྱས་གྲངས་མེད་པ་མཐོང་བར་འདོད་པ་དང་། སྤོབས་པ་ཆགས་པ་མེད་པ་ཐོབ་པར་འདོད་པས་ཆོས་ཀྱི་རྣམ་གྲངས་འདི་ཉིད་གཟུང་བར་བྱ། ཀུན་ཆུབ་པར་བྱ།
གདོན་པར་བྱ། བཀླག་པར་བྱ། བཅང་བར་བྱ། ཁ་ཏོན་དུ་བྱའོ། །དེ་ནས་གཞོན་ནུར་གྱུར་མ་སེང་གེ་གཞོན་ནུ་མ་ལྔ་བརྒྱ་དང་ལྷན་ཅིག་ཏུ་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ལས་མནོས་ཏེ། དེ་སླན་ཆད་འདི་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་འཛིན་དུ་སྩལ་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ལགས། གཞོན་ནུར་
གྱུར་མ་སེང་གེས་བུད་མེད་ཀྱི་དངོས་པོ་མ་བསྒྱུར་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཅི་གཞོན་ནུར་གྱུར་མ་སེང་གེ་བུད་མེད་ཡིན་སྙམ་དུ་སེམས་སམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་
སྐད་མ་སྨྲ་ཤིག །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ནི་གཞོན་ནུར་གྱུར་མ་སེང་གེ་དང་། གཞོན་ནུ་མ་ལྔ་བརྒྱ་པོ་འདི་དག་གི་ཆོ་འཕྲུལ་ཡིན་ཏེ། ཕྱི་མའི་སྐྱེ་བོ་མཐོང་ནས་བུད་མེད་ལ་སྙིང་བརྩེ་བ་དང་། བུད་མེད་བུད་མེད་ཀྱི་དངོས་པོ་ལས་རྣམ་པར་དགྲོལ་བའི་ཕྱིར་གཞོན་ནུར་གྱུར་མ་སེང་གེས་ཆོ་འཕྲུལ་འདི་
བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་དག་ནི་སྐྱེས་པ་མི་འཇུག་ཅིང་འཇུག་ཏུ་མི་དབང་བའི་ཁྱིམ་ཐམས་ཅད་དུ་ཞུགས་ནས་ཆོ་འཕྲུལ་གྱིས་བུད་མེད་འདུལ་ལོ། །ཀུན་དགའ་བོ་གཞོན་ནུར་གྱུར་མ་སེང་གེ་ལ་ནི་བུད་མེད་ཀྱི་ཆོས་མེད་སྐྱེས་པའི་ཆོས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་
เล่ม ๖๕ · หน้า 295a
མི་དམིགས་པའི་ཕྱིར་འདིས་བུད་མེད་མི་དམིགས་སྐྱེས་པ་མི་དམིགས་སོ། །གཞོན་ནུར་གྱུར་མ་སེང་གེས་ཆོས་ཀྱི་རྣམ་གྲངས་འདི་རྟོགས་པར་ཁོང་དུ་ཆུད་དོ། །སྣང་བ་ཐོབ་བོ། །ཀུན་དགའ་བོ་དེ་ལྟ་བས་ན་གཞོན་ནུར་གྱུར་མ་སེང་གེའི་རྗེས་སུ་སློབ་པར་འདོད་པའི་བུད་མེད་ཀྱིས་ཆོས་ཀྱི་རྣམ་
གྲངས་འདི་གཟུང་བར་བྱ། ཀུན་ཆུབ་པར་བྱ། གདོན་པར་བྱ། བཅང་བར་བྱ། བཀླག་པར་བྱ། ཁ་ཏོན་དུ་བྱའོ། །དེ་ནས་དགེ་སློང་མ་ལྔ་སྟོང་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་
འདས་བདག་ཅག་དེང་སླན་ཆད་ཆོས་ཀྱི་རྣམ་གྲངས་འདི་གཟུང་བར་བགྱིད། ཀུན་ཆུབ་པར་བགྱིད། འདོན་པར་བགྱིད། འཆང་བར་བགྱིད། ཀློག་པར་བགྱིད། ཁ་ཏོན་དུ་བགྱིད་དོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་ཅག་ནི་བུད་མེད་ཀྱི་དངོས་པོ་དོན་དུ་གཉེར་བ་མ་ལགས་སོ། །བཅོམ་ལྡན་
འདས་བདག་ཅག་ནི་བུད་མེད་ཀྱི་དངོས་པོ་ལ་སྨོད་ལགས་སོ། །བཅོམ་ལྡན་འདས་བདག་ཅག་དེང་སླན་ཅད་ཆོས་ཀྱི་རྣམ་གྲངས་འདི་ཀུན་ཆུབ་པར་མ་གྱུར་གྱི་བར་དུ་མཆིས་པར་མི་བགྱིད་དོ། །རྨུགས་པ་དང་གཉིད་ཀྱིས་ནོན་པར་མི་བགྱིད་དོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་
ཀྱིས་དགེ་སློང་མ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཆེ་ཞེ་དག་ཁྱེད་ཀྱིས་ཚིག་འདི་ལ་ལེགས་པར་སྨྲས་ཏེ། གོ་ཆ་ཆེན་པོ་བགོས་ཤིང་ཁྱེད་ཅི་ནས་ཀྱང་བུད་མེད་ཀྱི་དངོས་པོ་ནི་དོན་དུ་མི་གཉེར་ལ། སངས་རྒྱས་ཀྱི་ཆོས་རྣམས་ནི་དོན་དུ་གཉེར་བའི་ཕྱིར་བརྩོན་འགྲུས་ཆེན་པོ་འདི་བརྩམས་པ་ལེགས་
སོ་ལེགས་སོ། །དེ་བས་ན་ཁྱོད་ཆོས་ཀྱི་རྣམ་གྲངས་འདི་གཟུང་བའི་ཕྱིར་བརྩོན་འགྲུས་དེ་བས་ཀྱང་རྩོམས་ཤིག །དེ་ནས་དགེ་སློང་མ་དེ་དག་གིས་འདི་ཐོས་ནས་ཚིམ་ཞིང་མགུ་ནས་ཡི་རངས་ཏེ་རབ་ཏུ་དགའ་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། སོ་ས་ནས་བླ་གོས་བཅོམ་ལྡན་འདས་ཀྱི་ཞབས་ལ་
བཀབ་བོ། །བཀབ་ནས་ཀྱང་ཚིགས་སུ་བཅད་པ་འདི་སྨྲས་སོ། །སྐྱེས་པའི་དངོས་པོའི་ཆེད་དུ་ནི། །དེ་རིང་བདག་ཅག་དབུགས་རྙེད་དོ། །རྒྱལ་བ་གཞན་དུ་མི་གསུང་བས། །བདག་ཅག་འཇིག་རྟེན་མཆོག་ཏུ་འགྱུར། དེ་ནས་ཁྱིམ་བདག་གི་ཆུང་མ་ལྔ་བརྒྱས་དགེ་སློང་མ་དེ་དག་གི་
เล่ม ๖๕ · หน้า 295b
ཚིགས་སུ་བཅད་པ་འདི་ཐོས་ནས་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ཀྱང་དེང་སླན་ཅད་ཆོས་ཀྱི་རྣམ་གྲངས་འདི་འཛིན་པར་བགྱིད། ཀུན་ཆུབ་པར་བགྱིད། འདོན་པར་
བགྱིད། འཆང་བར་བགྱིད། ཀློག་པར་བགྱིད། ཁ་ཏོན་དུ་བགྱིད་དོ། །བདག་ཅག་སླན་ཅད་གཞན་གྱི་དབང་དུ་འགྱུར་བ་དང་། གཞན་གྱི་གདོང་དུ་བལྟ་བར་འགྱུར་བ་དང་། མཇལ་བར་མ་གྱུར་ཅིག །དགུང་ཟླ་དགུའམ་བཅུར་མངལ་ན་འཛིན་པར་མ་གྱུར་ཅིག །དེ་ཅིའི་སླད་དུ་ཞེ་ན། བཅོམ་
ལྡན་འདས་བུད་མེད་དུ་གྱུར་པ་སླན་ཅད་རྒྱལ་པོའི་ཁྱིམ་དུ་སྐྱེས་ཀྱང་། གཞན་གྱི་དབང་དུ་འགྱུར་ཏེ། ཇི་སྲིད་འཚོའི་བར་དུ་ཁྱིམ་ཐབ་ལ་བསྙེན་བཀུར་བགྱི་འཚལ་ལོ། །བཅོམ་ལྡན་འདས་བདག་ཅག་དེང་སླན་ཅད་མ་གུམ་གྱི་བར་དུ་བརྩོན་འགྲུས་བརྩམ་པར་བགྱིའོ། །ཟ་གཅིག་ཏུ་
འཚལ་བར་ཡང་དག་པ་བླང་བར་བགྱིའོ། །བློས་དབབ་པར་མི་བགྱིའོ། །ཆོས་ཀྱི་རྣམ་གྲངས་འདི་ལུས་ལ་གནས་པར་བགྱིས་པར་མ་གྱུར་གྱི་བར་དུ་ཁྱིམ་ཐབ་ཀྱང་སུག་པ་ནས་འཛིན་དུ་མི་སྩལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་མོ་ཁྱེད་ཀྱིས་ཚིག་འདི་ལེགས་
པར་སྨྲ་བ་ལེགས་སོ་ལེགས་སོ། །ད་ནི་ཁྱེད་གཞན་གྱི་དབང་དུ་མི་འགྱུར་རོ། །གཞན་གྱི་ངོར་བལྟ་བར་མི་འགྱུར་རོ། །ཟླ་བ་དགུའམ་བཅུར་མངལ་ན་འཛིན་པར་མི་འགྱུར་རོ། །སངས་རྒྱས་ཀྱི་ཞིང་བུད་མེད་མེད་པར་སྐྱེ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་
འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྲིང་མོ་འདི་དག་གང་དུ་སྐྱེ་བར་འགྱུར་བའི་འཇིག་རྟེན་གྱི་ཁམས་དེའི་མིང་ཅི་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འདི་དག་གང་དུ་སྐྱེ་བར་འགྱུར་བའི་འཇིག་རྟེན་གྱི་ཁམས་དེའི་མིང་ནི་རིན་པོ་ཆེའི་པད་མ་ལྟ་བུར་སྣང་བ་ཞེས་བྱའོ། །དེ་
ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་དེ་ན་དེ་བཞིན་གཤེགས་པ་མཚན་ཇི་སྐད་ཅེས་བགྱི་བ་ཞིག་བཞུགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་ན་དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་ལ་
เล่ม ๖๕ · หน้า 296a
ནོར་བུ་རིན་པོ་ཆེ་རྣམ་པར་འཐོར་བར་སྣང་བ་ཞེས་བྱ་བ་བཞུགས་ཤིང་ཆོས་ཀྱང་སྟོན་ཏེ། ཁྱིམ་བདག་གི་ཆུང་མ་འདི་དག་གིས་ཆོས་ཀྱི་རྣམ་གྲངས་འདི་འདོན་བཞིན་དུ་དེ་མཐོང་བར་འགྱུར་རོ། །དེ་ནས་ཁྱིམ་བདག་གི་ཆུང་མ་དགེ་བསྙེན་མ་དེ་དག་གིས་འདི་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ།
རབ་ཏུ་དགའ་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། མུ་ཏིག་གི་དོ་ཤལ་ནོར་བུ་རིན་པོ་ཆེས་སྤྲས་པ་ཁྲི་མགུལ་ནས་བཀྲོལ་ཏེ། དེ་བཞིན་གཤེགས་པ་ལ་གཏོར། མངོན་པར་གཏོར་ཏོ། །གཏོར་ནས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བུ་མེད་དངོས་པོ་བསྒྱུར་བ་ལ། །དེ་རིང་བདག་ཅག་
དབུགས་རྙེད་དོ། །སངས་རྒྱས་གཞན་དུ་མི་གསུང་སྟེ། །བདེན་པའི་གསུང་དུ་བཀའ་སྩལ་པ། །ཉོན་མོངས་ཤིན་ཏུ་སྡིག་པའི་ལུས། །བུད་མེད་ལུས་ནི་སྤང་བར་བགྱི། །ཡང་དག་ཇི་བཞིན་མ་འཚལ་བས། །བྱིས་པ་དག་ནི་མཁས་ལ་རྨོངས། །བདག་ཅག་སླན་ཆད་མངལ་གྱི་གནས། །འཇིགས་པ་ཆེན་
པོར་མི་འགྱུར་རོ། །དགེ་བ་དམ་པ་ཐོབ་པས་ན། །བདག་ཅག་མངལ་གྱི་གནས་དང་བྲལ། །དེ་ནས་ཁྱིམ་བདག་གི་ཆུང་མ་དེ་དག་གིས་ཚིགས་སུ་བཅད་པ་འདི་དག་སྨྲས་ནས་མིག་མི་འཛུམས་པར་བཅོམ་ལྡན་འདས་ལ་ལྟ་ཞིང་ཕྱག་འཚལ་ལོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་
ཀྱི་འཁོར་གྱི་དཀྱིལ་འཁོར་དུ་ལྷའི་མེ་ཏོག་རྣམས་ཀྱིས་གཏོར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་གཟུང་ལགས་སོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ཀུན་ཆུབ་པར་བགྱིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། ཀཽ་ཤི་ཀ་དེའི་ཕྱིར་ཁྱོད་ད་ཕྱིན་ཆད་ལྷ་དང་ལྷ་མ་ཡིན་གྱི་གཡུལ་ངོར་འཇུག་པར་མི་འགྱུར་རོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་སྲོག་ཆགས་བརྒྱ་སྟོང་མང་པོའི་དགེ་བའི་རྩ་བ་ཡང་དག་པར་བསྒྲུབ་པའི་ཕྱིར་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་ཚུན་ཆད་བདག་
གིས་ཆོས་ཀྱི་རྣམ་གྲངས་འདི་མ་བསྐོར་བ་དེ་སྲིད་དུ། དེ་བཞིན་གཤེགས་པས་བྱང་ཆུབ་ཏུ་ཐུགས་མ་བསྐྱེད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་དེའི་ཕྱིར་ཕྱོགས་བཅུར་སྣང་བས་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་མང་པོ་རྣམས་ཀྱི་མཆོག་ཏུ་གྱུར་ཏེ། འདི་ལྟ་སྟེ། དཔེར་ན་ཉི་
เล่ม ๖๕ · หน้า 296b
མའི་དཀྱིལ་འཁོར་བཞིན་ནོ། །དེ་ནས་དེའི་ཚེ་ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་ཏེ་ལྷའི་མེ་ཏོག་རྣམས་ཀྱིས་འཁོར་གྱི་དཀྱིལ་འཁོར་ཀུན་དུ་པུས་མོ་ནུབ་ཙམ་དུ་ཁྱབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ས་ཆེན་པོ་གཡོས་
པ་འཇིག་རྟེན་དུ་བྱུང་བའི་རྒྱུ་གང་ལགས། རྐྱེན་གང་ལགས། མེ་ཏོག་འདི་དག་ནི་སུས་གཏོར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ལྷ་བྱེ་བ་ཁྲག་ཁྲིག་ཕྲག་མང་པོས་འཇམ་དཔལ་གཞོན་ནུར་གྱུར་པས་བཤད་པ་ཐོས་ནས་དགའ་བའི་སེམས་ཀྱིས་མེ་ཏོག་འདི་དག་གཏོར་ཏེ། གཏོར་
ནས་ཀྱང་ཚིག་འདི་སྐད་དུ་བདག་ཅག་ཀྱང་ཆོས་ཀྱི་རྣམ་གྲངས་འདི་འཛིན་ཏོ། །ཀུན་ཆུབ་པར་བྱེད་དོ། །འདོན་ཏོ། །བཅང་ངོ་། །བདག་ཅག་ཀྱང་འཇམ་དཔལ་གཞོན་ནུར་གྱུར་པ་ཅི་འདྲ་བ་དེ་འདྲ་བར་གྱུར་ཅིག་ཅེས་སྨྲས་ཏེ། ཚིག་འདི་སྨྲས་མ་ཐག་ཏུ་དེ་དག་ལ་ཆོས་ཀྱི་རྣམ་གྲངས་འདི་མངོན་དུ་གྱུར་ནས་དེ་དག་
ཐམས་ཅད་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། ང་དང་འཇམ་དཔལ་གཞོན་ནུར་གྱུར་པའི་རྐང་པ་ལ་ཕྱག་འཚལ་ཏོ། །དེ་ནས་ས་གཡོས་པ་འདི་ལྟ་བུ་འདི་བྱུང་ངོ་། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་
གྲངས་འདི་ནི་ཡོན་ཏན་ཆེན་པོ་དང་ལྡན་པ་ལགས་སོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ནི་ངོ་མཚར་རྨད་དུ་བྱུང་བའི་ཡོན་ཏན་དང་ལྡན་པ་ལགས་སོ། །བཅོམ་ལྡན་འདས་སེམས་ཅན་གང་དག་གི་རྣ་ལམ་དུ་ཆོས་ཀྱི་རྣམ་གྲངས་འདི་གྲགས་པར་འགྱུར་བ་དེ་དགེ་བའི་རྩ་བ་ངན་ངོན་དང་ལྡན་པ་མ་
ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། གང་དག་ཆོས་ཀྱི་རྣམ་གྲངས་འདི་ཉན་ལ་ཐོས་ནས་ཀྱང་མོས་པ་དང་། ཡིད་ཆེས་པ་དང་། འཛིན་པ་དང་། ཀུན་ཆུབ་པར་བྱེད་པ་དང་། འདོན་པ་དང་། འཆང་བའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ནི་
སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་ཡིན་ནོ། །དེ་དག་ནི་ངན་སོང་ངན་འགྲོར་རྣམ་པར་ལྟུང་བ་ཐམས་ཅད་དང་། མི་ཁོམ་པར་སྐྱེ་བ་ཐམས་ཅད་ལས་གྲོལ་བའོ། །དེ་དག་གིས་བདུད་སྡིག་ཅན་བཅོམ་མོ། །དེ་དག་གིས་ཆོས་ཀྱི་ཏོག་བསྒྲེང་ངོ་། །དེ་དག་གིས་ཆོས་ཀྱི་སྒྲོན་མ་རབ་ཏུ་འབར་བར་བྱས་སོ། །དེ་དག་
เล่ม ๖๕ · หน้า 297a
གིས་མུན་པ་མུན་ནག་བསལ་ཏོ། །དེ་དག་གིས་བྱང་ཆུབ་ཀྱི་སྙིང་པོར་ཕྱིན་ཏོ། །ཀུན་དགའ་བོ་གང་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་མ་ཐག་ཏུ་མོས་པ་དང་། འཛིན་པ་དང་། ཀུན་ཆུབ་པར་བྱེད་པ་དང་། འདོན་པ་དང་། འཆང་བ་དེ་དག་ང་དང་ཉེ་བ་ཡིན་ནོ། །ཀུན་དགའ་བོ་གང་དག་ཆོས་ཀྱི་རྣམ་
གྲངས་འདི་འཛིན་པ་དང་། ཀུན་ཆུབ་པར་བྱེད་པ་དང་། འདོན་པ་དང་། འཆང་བ་དང་། ཀློག་པ་དེ་དག་ནི་ངའི་བུ་ཆོས་ཀྱི་སྐུ་ལས་སྐྱེས་པ་དག་གོ། །དེ་དང་དེ་དག་ནི་དེ་བཞིན་གཤེགས་པའི་ཞལ་ཟས་ཟ་བར་འདོད་པ་དག་གོ། །དེ་དང་དེ་དག་ནི་ཇི་ལྟར་ད་ལྟ་ནང་འདུག་པ་བཞིན་དུ་བྱང་ཆུབ་ཀྱི་ཤིང་དྲུང་དུ་འདུག་
པར་འདོད་པ་དག་གོ། །དེ་དང་དེ་དག་ནི་ཇི་ལྟར་ད་ལྟ་ན་ང་སྟོན་པ་དེ་བཞིན་དུ་ཆོས་སྟོན་པར་འདོད་པ་དག་གོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ན་ཁ་ཅིག་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་
པར་འགྱུར་བ་དང་། འཛིན་པར་འགྱུར་བ་དང་། ཀུན་ཆུབ་པར་བགྱིད་པར་འགྱུར་བ་དང་། འདོན་པར་འགྱུར་བ་དང་། འཆང་བར་འགྱུར་བ་དང་། འཛིན་པར་འགྱུར་བ་དང་། ཀློག་པར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གང་དག་ད་ལྟ་ན་མོས་པ་དེ་དག་ཕྱི་མའི་དུས་
ན་མོས་པར་འགྱུར་རོ། །གང་དག་ད་ལྟ་ན་འཛིན་པ་དེ་དག་ཕྱི་མའི་དུས་ན་འཛིན་པར་འགྱུར་རོ། །གང་དག་ད་ལྟ་ན་ཀློག་པ་དེ་དག་ཕྱི་མའི་དུས་ན་ཀློག་པར་འགྱུར་རོ། །ཀུན་དགའ་བོ་གང་གིས་ད་ལྟར་ཆོས་ཀྱི་རྣམ་གྲངས་འདི་མ་ཐོས་པ་དེ་ཕྱི་མའི་དུས་ན་འདི་ཐོས་པར་འགྱུར་བ་དེ་ནི་ངས་ལྷ་དང་བཅས་པ་དང་། བདུད་དང་
བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་འཇིག་རྟེན་ན་མ་མཐོང་སྟེ་དེ་ནི་གནས་མ་ཡིན་ནོ། །ཀུན་དགའ་བོ་འདི་ད་ལྟར་གང་དག་གི་ནོར་ཡིན་པ་ཕྱི་མའི་དུས་ན་ཡང་དེ་དག་གི་ནོར་དུ་འགྱུར་རོ། །ཀུན་དགའ་བོ་འདི་ལྟ་སྟེ་དཔེར་ན་འདིར་ཁྱིམ་བདག་གམ་ཁྱིམ་བདག་གི་བུ་
འགའ་ཞིག་ཕྱུག་ཅིང་ནོར་ཆེ་ལ་ལོངས་སྤྱོད་ཆེ་ཞིང་ནོར་དང་ཡོ་བྱད་མང་བར་གྱུར་ལ། དེས་གཏེར་དག་གཏེར་དུ་བཅུག་ནས་ཡུལ་གཞན་དུ་སོང་ན་ཀུན་དགའ་བོ་དེ་ལ་ཇི་སྙམ་དུ་སེམས། དེ་སླར་འོངས་མ་ཐག་ཏུ་དེས་གང་གཏེར་དུ་བཅུག་པ་དེ་རྙེད་པར་འགྱུར་རམ། གསོལ་པ་བཅོམ་ལྡན་འདས་རྙེད་ལགས་སོ། །དེ་ཅིའི་
เล่ม ๖๕ · หน้า 297b
སླད་དུ་ཞེ་ན། ནོར་དེ་དེ་ཉིད་ཀྱི་ལགས་པའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་བཞིན་དུ་འདི་ད་ལྟར་གང་དག་གི་ནོར་ཡིན་པ་མ་འོངས་པའི་དུས་ན་ཡང་དེ་དག་གི་ནོར་དུ་འགྱུར་ཏེ། དེ་དག་ཇི་ལྟར་ད་ལྟ་ནང་ཡང་དག་པར་བགེད་པ་བཞིན་དུ་ཆོས་ཀྱི་ནོར་བླ་ན་མེད་པ་འདི་གཞན་དག་
དང་ཡང་དག་པར་བགེད་པར་འགྱུར་རོ། །ཀུན་དགའ་བོ་གང་དག་ཕྱི་མའི་དུས་ན་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པར་འགྱུར་བ་དང་། འཛིན་པར་འགྱུར་བ་དང་། ཀུན་ཆུབ་པར་བྱེད་པར་འགྱུར་བ་དང་། འདོན་པར་འགྱུར་བ་དང་། འཆང་བར་འགྱུར་བ་དང་། ཀློག་པར་འགྱུར་བ་རྣམས་ཀྱང་ངས་སངས་རྒྱས་ཀྱི་སྤྱན་
གྱིས་དཔེར་ན་ད་ལྟར་དེ་བཞིན་དུ་མཐོང་ངོ་། །གང་དག་སྤོང་བར་འགྱུར་བ་དེ་དག་ཀྱང་མཐོང་ངོ་། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་དག་མོས་པར་མི་འགྱུར་བ་དང་། སྤོང་བ་དང་། མི་སྙན་པ་བརྗོད་
པ་དང་། སུན་འབྱིན་པ་དེ་དག་གི་འགྲོ་བ་ཅི་ལྟ་བུ་ཞིག་ཏུ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་འདི་དྲིས་པས་ཅི་ཞིག་བྱ་ཁ་རོག་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་བཤད་དུ་གསོལ། གང་དག་མོས་པར་མི་འགྱུར་བ་དང་། ཡིད་ཆེས་པར་
མི་འགྱུར་བ་དེ་དག་ཀྱང་མོས་པར་འགྱུར་ཞིང་རྟོགས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་མཚམས་མེད་པ་ལྔ་དང་ལྡན་པའི་འགྲོ་བ་གང་ཡིན་པ་དེ་དེ་དག་གི་འགྲོ་བར་འགྱུར་རོ། །ཀུན་དགའ་བོ་འདི་ལ་ཇི་སྙམ་དུ་སེམས། གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་
ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱི་སྲོག་བཅད་ན་དེའི་འགྲོ་བ་ཅི་འདྲ་བ་ཞིག་ཏུ་འགྱུར། གསོལ་པ། བཅོམ་ལྡན་འདས་སྡིག་པ་ཅན་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་དེའི་འགྲོ་བ་ཡིན་པར་ཤེས་པར་བྱའོ། །ཀུན་དགའ་བོ་གང་ཞིག་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་
ལས་འདས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་མཆོད་རྟེན་བཤིག་སྟེ་མེས་ཀྱང་བཏང་ན། ཅི་དེ་གཞི་དེ་ལས་བསོད་ནམས་མ་ཡིན་པ་མང་དུ་སྐྱེད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །དེ་གཞི་དེ་ལས་བསོད་ནམས་མ་ལགས་པ་མང་
เล่ม ๖๕ · หน้า 298a
དུ་སྐྱེད་པར་འགྱུར་ཏེ། དེ་ནི་མཉམ་པར་མི་བགྱིའོ། །བལྟ་བར་མི་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་དེའི་འགྲོ་བ་ཡིན་པར་ཤེས་པར་བྱའོ། །ཀུན་དགའ་བོ་གང་ཞིག་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་ཚུལ་
འགག་པར་བྱེད་ན་དེའི་འགྲོ་བ་ཇི་ལྟ་བུ་ཞིག་ཏུ་འགྱུར། གསོལ་པ། བཅོམ་ལྡན་འདས་སྡིག་པ་ཅན་ལགས་ཏེ། །དེ་ནི་ཚིག་ཏུ་བརྗོད་པར་སླ་བ་མ་ལགས་སོ། །བཀའ་སྩལ་པ། དེ་ནི་དེའི་འགྲོ་བ་ཡིན་པར་ཤེས་པར་བྱའོ། །ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་ཡང་གང་ཞིག་
སེམས་ཅན་གཞན་ཡང་ཟློག་པར་བགྱིད་ན། དེའི་འགྲོ་བ་ཇི་ལྟ་བུ་ཞིག་ཏུ་འཚལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་མིག་ཕྱུང་ན་དེའི་འགྲོ་བ་ཅི་འདྲ་བ་ཞིག་ཏུ་འགྱུར། གསོལ་པ། བསྐལ་པ་མང་པོར་དམུས་ལོང་དུ་འགྱུར་ཞིང་སེམས་ཅན་དམྱལ་བ་པའི་ཞུགས་ཀྱིས་སྲེག་པའི་སྡུག་བསྔལ་གྱི་ཚོར་བ་ཡང་མྱོང་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
ཀུན་དགའ་བོ་ངས་ཁྱོད་ལ་བསྒོའོ་ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ། །གང་གིས་སེམས་ཅན་གཅིག་ཅིག་ཆོས་ཀྱི་རྣམ་གྲངས་འདི་ལས་བཟློག་ན་དེའི་འགྲོ་བ་ནི་དེ་ཡིན་པར་ཤེས་པར་བྱའོ། །ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ལ་ཞུགས་པ་གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་ལ་ཐེ་ཙོམ་ནི་འཚལ་ལ་མི་སྤོང་ན་དེ་ཇི་ལྟ་བུ་ཞིག་ཏུ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཇི་སྙེད་དུ་ཐེ་ཙོམ་གྱི་སེམས་བསྐྱེད་པ་དེ་ཙམ་དུ་སངས་རྒྱས་མཉེས་པར་བྱེད་པར་མི་འགྱུར་རོ། །དེ་བསྐལ་པ་དེ་སྙེད་དུ་བྱང་ཆུབ་རིང་དུ་བྱེད་དོ། །
གསོལ་པ། བཅོམ་ལྡན་འདས་ཡང་གང་ཞིག་མོས་ཤིང་རྟོགས་ལ་ཐེ་ཙོམ་འཚལ་བར་གྱུར་ན་དེའི་ལུས་གང་གིས་སྡུག་བསྔལ་མྱོང་བར་འགྱུར་བ་ཅི་ཙམ་ཞིག་ཏུ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་དེའི་ལུས་དྲིས་པས་ཅི་ཞིག་བྱ་ཁ་རོག་ཤིག །གསོལ་པ། བཅོམ་
เล่ม ๖๕ · หน้า 298b
ལྡན་འདས་འཁོར་བཞི་པོ་འདི་དག་ཀྱང་སྐྲག་པར་འགྱུར། སླད་མའི་སྐྱེ་བོ་རྣམས་ཀྱིས་ཐོས་ན་ཡང་སྐྲག་པར་འགྱུར་ལགས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ལུས་གང་གིས་སྡུག་བསྔལ་མྱོང་བར་འགྱུར་བ་ནི་དཔག་ཚད་ཁྲིར་འགྱུར་རོ། །ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་
པ། གང་དེས་ཚིག་མ་བསྲུངས་པའི་དེའི་ལྕེ་ཅི་འདྲ་བ་ཞིག་ཏུ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ལྕེ་ནི་དཔག་ཚད་སྟོང་ཡོད་པར་འགྱུར་ཏེ། དེ་ལ་ཐོང་གཤོལ་ས་ཡ་ཕྲག་བརྒྱས་རྨོད་པར་འགྱུར། ལྕགས་ཀྱི་ཐུ་ལུམ་འབར་བ་རབ་ཏུ་འབར་བ་ས་ཡ་ཕྲག་བརྒྱ་འབར་
བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཅི་ནས་ཚིག་འདི་མ་བསྲུངས་པའི་ཕྱིར་རོ། །དེ་ནས་འཁོར་བཞི་པོ་དེ་དག་དངངས་ཤིང་སྤུ་ཟིང་ཞེས་བྱེད་པར་གྱུར་ནས། གདོང་ནས་མཆི་མ་ཟག་པར་ངུ་བའི་བཞིན་གྱིས་དེའི་ཚེ་ས་ལ་འགྱེལ་ཏེ། འགྱེལ་ནས་ཀྱང་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ཚིག་ཏུ་སྨྲས་
པ། བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་དེ་འདྲ་བའི་ཚིག་སྨྲས་པས་ལུས་དེ་འདྲ་བའི་རྣམ་པ་དེ་ལྟ་བུ་མྱོང་བར་འགྱུར་བ་དེའི་ཆེད་དུ་བདག་ཅག་འགྱོད་ཚངས་འཚལ་ལོ། །དེ་ནས་དེར་སེམས་ཅན་གཞན་དག་གཅིག་གདོང་ལས་མཆི་མ་ཟག་པར་ངུ་ཞིང་ཚིག་འདི་སྐད་ཅེས་སྨྲས་
སོ། །བཅོམ་ལྡན་འདས་བདག་ཅག་གིས་ཚེ་འདི་དང་སྐྱེ་བ་གཞན་དག་ཏུ་ཐེ་ཙོམ་གང་བསྐྱེད་པར་འགྱུར་བ་དེ་དག་བཅོམ་ལྡན་འདས་བདག་ཅག་གིས་དེ་བཞིན་གཤེགས་པ་གཞན་གང་དག་མཐོང་བ་དེ་དག་ཀྱང་དཔང་དུ་གསོལ་ཏེ། བདག་ཅག་གིས་ལས་ཀྱི་སྒྲིབ་པ་དེ་དེ་བཞིན་གཤེགས་པའི་སྤྱན་
སྔར་སོ་སོར་བཤགས་པར་འཚལ་ལོ། །སོ་སོར་དོར་བར་འཚལ་ལོ། །ནོངས་པ་ལ་ནོངས་པར་སོ་སོར་བཤགས་ཤིང་ནོངས་པ་ལ་ནོངས་པར་མཐོང་བས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བདག་ཅག་གི་ནོངས་པ་ཡོངས་སུ་གཟུང་དུ་གསོལ། །
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་ཁྱེད་གང་གི་ཕྱིར་ཉེས་པ་ལ་ཉེས་པར་མཐོང་སྟེ། ས་སོར་འཆགས་པ་དང་། སོ་སོར་འདོར་བ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་དག་གང་ཉེས་པ་ལ་ཉེས་པར་མཐོང་ནས་སོ་སོར་འཆགས་པ་འདི་ནི་འཕགས་པའི་ཆོས་འདུལ་བ་ལ་ནི་འཕེལ་བར་འགྱུར་
ที่มาและสัญญาอนุญาต
ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด