འཕགས་པ་ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པ་འགྱོད་ཚངས་ཀྱིས་སྡིག་སྦྱངས་ཏེ་སངས་རྒྱས་སུ་གྲུབ་པར་རྣམ་པར་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๖๗ · หน้า 238a

གང་མདོ་སྡེ་འདི་མཐོང་བ་ནི་སངས་རྒྱས་ཀྱི་ཞལ་མཐོང་བའོ། །གང་མདོ་སྡེ་འདི་འཛིན་པ་ནི་སངས་རྒྱས་ཀྱི་སྐུ་འཛིན་པའོ། །གང་མདོ་སྡེ་འདི་སྤྱོད་པ་ནི་སངས་རྒྱས་ཀྱི་མཛད་པ་སྤྱོད་པའོ། །གང་མདོ་སྡེ་འདི་བཤད་པ་ནི་སངས་རྒྱས་ཀྱི་མཛད་པ་བཤད་པའོ། །གང་མདོ་སྡེ་འདིའི་དོན་

ཤེས་པ་ནི་སངས་རྒྱས་ཀྱི་དོན་ཤེས་པའོ། །གང་སངས་རྒྱས་ཀྱི་མཛད་པ་སྤྱོད་པ་དང་། སངས་རྒྱས་ཀྱི་དོན་ལེགས་པར་ཁྲོལ་བ་དེ་ནི་ཉོན་མོངས་པ་གཏན་མེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། མདོ་སྡེ་འདི་ལག་ཏུ་འོངས་པའི་ཕྱིར་ཉོན་མོངས་པ་ཡོངས་སུ་སྤང་བར་འགྱུར་བའོ། །རིགས་ཀྱི་བུ་བསྐལ་

པ་བརྒྱད་ཁྲི་ལ་ཉིན་ཞག་གཅིག་ཏུ་བརྩི་བ། ཞག་སུམ་ཅུ་ལ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བསྒྲེས་པའི་བསྐལ་པ་བརྒྱ་སྟོང་བྱེ་བ་ཁྲག་ཁྲིག་འདས་པ་ལ་སངས་རྒྱས་གཅིག་འབྱུང་བ་དང་ཕྲད་དོ། །ཡང་བསྐལ་པ་གྲངས་དེ་དང་འདྲ་བ་འདས་ནས་སངས་རྒྱས་གཅིག་འབྱུང་བ་དང་

ཕྲད་པ་བས་ཀྱང་མདོ་སྡེ་འདི་དང་ཕྲད་པ་ཤིན་ཏུ་དཀོན་ནོ། །གང་མདོ་སྡེ་འདི་དང་ཕྲད་པ་ནི་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་ཕྲད་པ་དང་འདྲའོ། །དེའི་ཕྱིར་བློ་དང་ལྡན་པས་མདོ་སྡེ་འདི་བླང་བ་དང་། འཆང་བ་དང་། ཀློག་པ་དང་། ཁ་ཏོན་དུ་འདོན་པ་དང་། ཡི་གེར་

འདྲི་བ་དང་། འདྲིར་འཇུག་པ་དང་། གཞན་ལ་ཡང་བསྟན་ན་ལོག་པར་ལྟ་བ་དང་། མ་རིག་པའི་ཉོན་མོངས་པ་དང་། ཟག་པ་དང་བཅས་པའི་སྡིག་པ་ཡོངས་སུ་འབྱང་བར་འགྱུར། བསོད་ནམས་ཀྱི་ཞིང་ལ་གནས་པར་འགྱུར། འཇིག་རྟེན་གྱི་མཆོད་ཡོན་དཔག་ཏུ་མེད་པ་ཡང་འཇུ་བར་

འགྱུར་རོ། །ཞེས་བཀའ་སྩལ་པ་དང་། ནམ་མཁའི་སྙིང་པོས་གསོལ་པ། བཅོམ་ལྡན་འདས་རང་སངས་རྒྱས་ཀྱང་འཇིག་རྟེན་གྱི་ཡོན་འཇུ་བ་སྐད་མི་གདའ་ན་སོ་སོའི་སྐྱེ་བོ་ལྟ་ཞིག་ཡོན་འཇུ་བར་འགྱུར་རམ། ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རང་སངས་རྒྱས་

ཡོན་མི་འཇུ་མི་སྲིད་དེ། སེམས་ཅན་ལ་ཆོས་བཤད་ཅིང་བསྒྲལ་མི་ནུས་ན་ཡང་བསམ་གཏན་དང་ཏིང་ངེ་འཛིན་ལ་འཇུག་པས་ཏིང་ངེ་འཛིན་ལས་ལངས་ཏེ། རྫུ་འཕྲུལ་ཆེན་པོ་རྣམ་པར་སྤྲུལ་ཅིང་སེམས་ཅན་རྣམས་སྒྲོལ་བར་བྱེད་པས་མཆོད་ཡོན་འཇུ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་

เล่ม ๖๗ · หน้า 238b

སེམས་དཔའ་ནམ་མཁའི་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མདོ་སྡེ་ཁ་ཅིག་ལས་འབྱུང་བ་ལྟ་བ་ལོག་པ་དང་། ཚུལ་ཁྲིམས་ཞིག་པ་རྣམས་དང་། ཁམས་གཅིག་ཏུ་ལྷན་ཅིག་གནས་སུ་ཡང་མི་རུང་བ་དང་། ཆུ་ཀླུང་གཅིག་ལ་ཆབ་འཚལ་དུ་ཡང་མི་རུང་ངོ་ཞེས་འབྱུང་ལ་

གསོ་སྦྱོང་གི་ཚེ་གང་ཟག་དེ་འཕགས་པའི་ལམ་སྟོར་བ་ལགས་ཏེ། དགེ་འདུན་གྱི་ནང་དུའང་མི་ཆུད་ཅེས་འབྱུང་ན་ཅིའི་སླད་དུ་དེང་འདིར་ཚུལ་ཁྲིམས་ཞིག་པ་རྣམས་ཀྱང་མཆོད་ཡོན་འཇུ་བར་འགྱུར་ཞེས་གསུངས། གལ་ཏེ་དེ་དག་མཆོད་ཡོན་འཇུ་བར་འགྱུར་ན་ནི་དེ་བཞིན་གཤེགས་པ་དང་ཡང་ཐ་མི་དད་

ལ། འཕགས་པ་དགྲ་བཅོམ་པ་དང་། རང་སངས་རྒྱས་དང་འདྲ་ན། བཅོམ་ལྡན་འདས་དེ་ཙམ་ཞིག་བྱེ་བྲག་ཕྱེད་པར་བཤད་པར་སྨོན། བདག་ཀྱང་དེ་ཐོས་ནས་དེ་བཞིན་དུ་སེམས་ཅན་རྣམས་ལ་བསྟན་པར་བགྱིའོ། །རྣམ་པར་དགྲོལ་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་

དཔའ་ནམ་མཁའི་སྙིང་པོ་ལ་བཀའ་སྩལ་པ། ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁྱེད་ལ་སོགས་པ་དེང་འདིར་བྱམས་པ་དང་། སྙིང་རྗེ་ཕུན་སུམ་ཚོགས་པར་ལྡན་པས་སེམས་ཅན་རྣམས་ལ་སྙིང་བརྩེ་བར་བསམས་ཏེ། དོན་དེ་ཞུ་བ་ནི་རབ་ཏུའང་ལེགས་ཏེ་ངས་ཀྱང་བྱེ་བྲག་ཕྱེད་པར་བཤད་ཀྱིས་

ལེགས་པར་སོམས་ལ་ཉོན་ཅིག །ཆོས་ཀྱི་རྣམ་གྲངས་འདིའི་སྤྱོད་ཡུལ་ནི་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་རིག་པར་ཡང་མི་འགྱུར་ལ། བདུད་དང་། མུ་སྟེགས་དང་། སོ་སོའི་སྐྱེ་བོ་རྣམས་ཀྱི་བསམ་པའི་གནས་ཀྱང་མ་ཡིན་ཏེ། དེ་ནི་སངས་རྒྱས་མཁྱེན་པ་དང་ཁྱོད་ཀྱི་ཁོང་དུ་ཆུད་པར་

ཟད་དོ། །རིགས་ཀྱི་བུ་ངས་རྟག་ཏུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ལ་བསྟན་པ། སེམས་ཅན་བཟང་ངན་རྣམ་པར་མི་རྟོག་པར་སྦྱིན་པ་བྱས་ན་བསོད་ནམས་ཀྱི་ཚོགས་ཡོངས་སུ་འགྲུབ་པོ་ཞེས་བཤད་དེ། བྱོལ་སོང་ལ་སྦྱིན་པ་བྱིན་པས་ནི་བསོད་ནམས་ཀྱི་ཡོན་ཏན་ཐོབ་པར་འགྱུར་རོ། །

ལོག་སྤྱོད་ལ་སྦྱིན་པ་བྱིན་པས་ནི་བསོད་ནམས་ཀྱི་ཡོན་ཏན་ལན་སྟོང་ཐོབ་པར་འགྱུར་རོ། །རིགས་ཀྱི་བུ་དགེ་བའི་རྩ་བ་རྒྱུན་ཆད་པ་ནི་འཆི་འཕོས་ནས་ལོག་སྤྱོད་ཀྱི་རྒྱུད་དུ་འགྲོའོ། །དྲིན་གཟོ་བ་དང་ཁྲེལ་མེད་པ་ནི་བྱོལ་སོང་གི་བརྒྱུད་དུ་འགྲོའོ། ལོག་སྤྱོད་ཀྱི་འབྲས་བུ་རྣམ་པར་སྨིན་

เล่ม ๖๗ · หน้า 239a

པ་ཡང་བསོད་ནམས་ཅན་གྱི་ཡོན་འཇུ་ན་མདོ་སྡེ་འདི་ཀློག་པ་དང་། འཆང་བའི་གང་ཟག་ལྟ་ཞིག་ཅི་སྨོས། དེ་བས་ན་ཐེག་པ་ཆེན་པོའི་མདོ་སྡེ་ཐར་པ་ཆེན་པོའི་ཕྱོགས་སུ་རྒྱས་པའི་མཐུ་དང་བྱིན་ནི་བསམ་གྱི་མི་ཁྱབ་བོ། །ཚུལ་ཁྲིམས་འཇིག་པ་དང་། མཚམས་མེད་པར་འགྲོ་བ་

དང་། དམ་པའི་ཆོས་ལ་བཀུར་བ་དང་། ལོག་པར་བལྟ་བ་དང་། ཉོན་མོངས་པ་ཅན་གྱི་སྡིག་པ་ཡོངས་སུ་འབྱང་བར་བྱེད་པས་ན་མཆོད་ཡོན་ཡང་འཇུ་བར་ནུས་སོ། །བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་པ་ནམ་མཁའི་སྙིང་པོས་གསོལ་བ། བཅོམ་ལྡན་འདས་བདེ་བཞིན་

གཤེགས་པ་ཡང་བསམ་གྱིས་མི་ཁྱབ། ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པའི་མཐུ་དང་བྱིན་ཡང་བསམ་གྱི་མི་ཁྱབ། མདོ་སྡེ་འདི་འཛིན་པ་དང་། ཀློག་པའི་གང་ཟག་དེའི་ཡོན་ཏན་ཡང་བསམ་གྱིས་མི་ཁྱབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ། །རིགས་ཀྱི་

བུ་དེ་དེ་བཞིན་ནོ། །ཁྱེད་ཀྱི་བཤད་པ་བཞིན་ཏེ། ཡོན་ཏན་བསམ་གྱིས་མི་ཁྱབ་པ་མཐའ་ཡས་པ་ཐོབ་པར་འགྱུར་རོ་ཞེས་གསོལ་བ་དང་། དེ་ནས་བཅོམ་ལྡན་འདས་ཀྱི་བྱང་ཆུབ་སེམས་པ་ནམ་མཁའི་སྙིང་པོ་ལ་དེ་སྐད་ཅེས་བཀའ་སྩལ་ཏོ། །ངས་དྲན་པ་སྔོན་འདས་པའི་བསྐལ་པ་རྣམ་

པར་དག་པ་ཞེས་བྱ་བ་ན་ང་དེའི་ཚེ་སངས་རྒྱས་བྱེ་བ་ཁྲག་ཁྲིག་དགུ་བཅུ་རྩ་གཉིས་ལ་མཆོད་པ་ཕུལ་ཏེ། བསྙེན་བཀུར་བྱས་ན་ཡང་ཉན་ཐོས་ཀྱི་ཚུལ་དུ་སྤྱད་པས་ཉེས་སྐྱོན་མང་དུ་བྱུང་བ་དང་། ཚུལ་ཁྲིམས་ཉམས་པ་དཔག་ཏུ་མེད་པ་དག་བྱུང་བའི་ཕྱིར་དེ་བཞིན་གཤེགས་པ་དེ་དག་གིས་ཀྱང་ང་ལ་

ལུང་བསྟན་པར་མ་གྱུར་ཏོ། །བསྐལ་པ་དེ་འདས་ནས་བསྐལ་པ་མཐོང་བར་མོས་པ་ཞེས་བྱ་བ་ན་ང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་བཞི་བཅུ་ལ་མཆོད་པ་ཕུལ་ཏེ། བསྙེན་བཀུར་བྱས་ན་ཡང་སངས་རྒྱས་དེ་དག་གིས་ང་ལ་ལུང་མ་བསྟན་ཏོ། །བསྐལ་པ་དེ་འདས་ནས་ཀྱང་བསྐལ་པ་ཚངས་པའི་དབྱངས་ཞེས་

བྱ་བ་ན་ང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་ཉི་ཤུ་རྩ་གཉིས་ལ་མཆོད་པ་ཕུལ་ཏེ། བསྙེན་བཀུར་བྱས་ན་ཡང་སངས་རྒྱས་དེ་དག་གིས་ང་ལ་ལུང་མ་བསྟན་ཏོ། །བསྐལ་པ་དེ་འདས་ནས་ཡང་བསྐལ་པ་སེམས་དགའ་ཞེས་བྱ་བ་ན་ང་དེའི་ཚེ་སངས་རྒྱས་བརྒྱད་ཁྲི་བཞི་སྟོང་ལ་མཆོད་པ་ཕུལ་ཏེ། བསྙེན་

เล่ม ๖๗ · หน้า 239b

བཀུར་བྱས་ན་ཡང་སངས་རྒྱས་དེ་དག་གིས་ང་ལ་ལུང་མ་བསྟན་ཏོ། །བསྐལ་པ་དེ་འདས་ནས་ཡང་བསྐལ་པ་སྡུག་བསྔལ་སྐྱབས་ཞེས་བྱ་བ་དང་། འཇིག་རྟེན་རྣམ་པར་བརྒྱན་པ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་

གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སྦྱིན་པ་ཆེན་པོ་ཞེས་བྱ་བ་བྱུང་སྟེ། ང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་བཞི་བཅུ་ལ་མཆོད་པ་ཕུལ་ཏེ། བསྙེན་བཀུར་བྱས་ནས་གདོད་མདོ་སྡེ་འདིའི་མིང་

ཐོས་ཏེ། ཉོན་མོངས་པ་ཡོངས་སུ་སྤངས་ཀྱིས་ཀྱང་མདོ་སྡེ་འདི་ད་དུང་མ་མཐོང་སྟེ། ང་དེའི་ཚེ་དེའི་དུས་ན་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་རྣམ་པ་སྣ་ཚོགས་བསྩགས་ཏེ། མཆོད་པ་ཕུལ་ན་ཡང་དེ་བཞིན་གཤེགས་པ་དེ་དག་གིས་ཀྱང་ང་ལ་ལུང་བསྟན་པར་མ་གྱུར་ཏོ། །རིགས་ཀྱི་བུ་ང་སྔོན་བསྐལ་

པ་དེ་སྙེད་དུ་སངས་རྒྱས་དེ་སྙེད་ལ་མཆོད་པ་དེ་སྙེད་ཅིག་ཕུལ་བ་དང་། བསྙེན་བཀུར་དང་བསྟོད་པ་བྱས་ནས་ཉོན་མོངས་པ་རྣམ་པར་སྤངས་ཏེ། ཉན་ཐོས་ཀྱི་སྡོམ་པ་དང་། ཚུལ་ཕུན་སུམ་ཚོགས་པ་ཚངས་པར་སྤྱད་ཅིང་སྦྱིན་པ་བྱིན་པ་དང་། ཚུལ་ཁྲིམས་བསླབ་པ་དང་ང་རྒྱལ་དང་། ཞེ་སྡང་དང་། གཏི་

མུག་སྤངས་ཏེ། སྦྱངས་པའི་ཡོན་ཏན་སྤྱད་པ་དང་། བཟོད་པ་དང་། བྱམས་པའི་སེམས་དང་། ཇི་ལྟར་ཐོས་པ་བཞིན་བརྩོན་འགྲུས་སུ་བཤད་པ་དང་། ཐོས་སོ་ཅོག་ཐམས་ཅད་མི་བརྗེད་པ་དང་། འདུ་འཛི་སྤངས་ཏེ་དབེན་པ་ལ་གནས་པ་དང་། བསམ་གཏན་དང་ཏིང་ངེ་འཛིན་ལ་འཇུག་པ་དང་།

བསམ་གཏན་ལས་བྱུང་ནས་ཆོས་ཉན་པ་དང་། ཀློག་པ་དང་། ཁ་ཏོན་དུ་འདོན་པ་དང་། བསམ་པ་ལ་སོགས་པ་བྱས་ཀྱང་རྒྱལ་བ་དེ་དག་གིས་ང་ལ་ལུང་མ་བསྟན་སྟེ། དེ་ཅིའི་ཕྱིར་ཞེ་ན། སྡོམ་པ་མནོས་སོ་ཅོག་འཇིག་པ་དང་། ཉམས་པ་མང་དུ་བྱུང་བའི་ཕྱིར་རོ། །ཉན་ཐོས་དང་། རང་སངས་རྒྱས་

ཀྱི་ཐེག་པ་ལ་ཆགས་པའི་ཕྱིར་རོ། །ཐེག་པ་ཆེན་པོའི་མདོ་སྡེ་ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པ་འདི་མ་ཐོས་པའི་ཕྱིར་རོ། །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སྤྱོད་ལམ་སྤང་བར་བྱ། ཐེག་པ་ཆེན་པོའི་མདོ་སྡེ་ཐར་པ་ཆེན་པོ་ཕྱོགས་སུ་

เล่ม ๖๗ · หน้า 240a

རྒྱས་པ་བསྒོམ་པར་བྱས་ན་ལུང་བསྟན་པ་ཐོབ་པར་འགྱུར་རོ། །གལ་ཏེ་ངས་བསྐལ་པ་གཅིག་ནས་བསྐལ་པ་གཅིག་གི་བར་དུ་སངས་རྒྱས་ཀྱི་མཚན་བཤད་ན་ཡང་རྫོགས་པར་མི་ནུས་ཏེ། རིགས་ཀྱི་བུ་ང་བསྐལ་པ་དེ་དག་འདས་པའི་འོག་ཏུ་དེ་བཞིན་གཤེགས་པ་འོད་མི་འགྱུར་གྱིས་ཚོགས་ཆེན་པོ་

དཔག་ཏུ་མེད་པ་ལ་ཐེག་པ་ཆེན་པོའི་མདོ་སྡེ་ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པའི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་དེར་མཐོང་ནས་ང་དེའི་ཚེ་དེའི་དུས་ན་གདོད་ཐོས་པ་དང་མཐོང་བར་གྱུར་ཏོ། །རྒྱལ་བ་དེ་ལས་བླངས་ཏེ་འཛིན་པ་དང་། ཀློག་པ་དང་། ཁ་ཏོན་དུ་བྱ་བ་དང་། དོན་བསམ་པ་ལ་སོགས་པ་བྱས་ནས་

དེ་མ་ཐག་ཏུ་ཆོས་ལ་མི་སྐྱེ་བའི་བཟོད་པ་ཐོབ་བོ། །དེ་བཞིན་གཤེགས་པ་འོད་མི་འགྱུར་གྱིས་ང་ལ་ལུང་བསྟན་པ། ཁྱོད་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེ་བས་ན་རིགས་ཀྱི་བུ་ཆོས་

ཀྱི་རྣམ་གྲངས་འདི་བླངས་ཏེ། འཆང་བ་དང་། ཀློག་པ་ལ་སོགས་པ་བྱས་ན་སངས་རྒྱས་ཀྱིས་ཡང་མྱུར་དུ་ཐོབ་པར་འགྱུར་ན། འཇིག་རྟེན་ན་ལྷ་དང་མིར་བཅས་པའི་མཆོད་ཡོན་འཇུ་བར་འགྱུར་བ་ལྟ་ཅི་སྨོས། རིགས་ཀྱི་བུ་དེའི་ཕྱིར་ངས་ཐེག་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ཀྱི་མཐུ་སྟོབས་རིན་

པོ་ཆེའི་སྙིང་པོ་དང་འདྲ་བ་བསམ་གྱིས་མི་ཁྱབ་པ་ཚུལ་ཁྲིམས་འཇིག་པ་དང་། དབུལ་ཕོངས་པ་རྣམས་ཀྱི་ཚུལ་དང་རིན་པོ་ཆེའི་ནོར་བུ་སྦྱིན་པར་བྱེད་པ་ལ་བསྟོད་པའི་ཚིགས་སུ་བཅད་པ་བརྗོད་པར་བྱའོ། །ཐེག་ཆེན་དཔེ་ཚད་རྒྱ་མཚོ་བཞིན། །ཐེག་པ་ཆུང་ངུ་བ་རྗེས་ཆུ། །ཐེག་ཆེན་དཔེ་ཚད་རི་རབ་ལྷུན། །

ཐེག་པ་ཆུང་ངུ་གྲོག་མའི་མཁར། །ཐེག་ཆེན་དཔེ་ཚད་ཉི་ཟླ་བཞིན། །ཐེག་པ་ཆུང་ངུ་མེ་སྟག་ཙམ། །ཐེག་པ་འདི་ནི་ཐེག་ཆེན་ཡིན། །བསམ་གྱིས་མི་ཁྱབ་ཐེག་པའོ། །དཔེར་ན་ནམ་མཁའ་དང་འདྲ་བ། །སེམས་ཅན་ཐམས་ཅད་གོ་འབྱེད་དོ། །ཐེག་པ་ཐམས་ཅད་ཀུན་གྱི་ནང་། །ཐེག་པ་འདི་ལས་འདའ་བ་

མེད། །ཐེག་པ་ཆེན་པོ་འདི་ནང་ནས། །ཐེག་པ་རྣམ་པ་སྣ་ཚོགས་འབྱུང་། །དཔག་པའི་གྲངས་ཤིག་ཡོད་ན་ནི། །ཐམས་ཅད་བསྒྲལ་བར་མི་ནུས་སོ། །ཐེག་པ་བླ་ན་མེད་པ་འདི། །སེམས་ཅན་ཡོངས་སུ་བསྒྲལ་ནུས་པ། །ནམ་མཁའ་འདྲ་བའི་ཐེག་ཆེན་ལ། །གང་གིས་དཔག་མེད་འདི་སྤྱད་

เล่ม ๖๗ · หน้า 240b

པ། །ནམ་མཁའ་དཔག་ཏུ་མེད་པ་བཞིན། །གཟུགས་དང་དབྱིབས་ཀྱང་ཡོང་མེད་དོ། །ཐེག་པ་ཆེན་པོའང་དེ་བཞིན་ཏེ། །ཐོགས་པ་མེད་ཅིང་དཔག་ཏུ་མེད། །སེམས་ཅན་ཐམས་ཅད་དེ་དག་ཀུན། །ཐེག་པ་ཆེན་པོ་འདི་ཞོན་ལ། །ཐེག་པའི་མཚན་ལ་རྣམ་རྟོག་ན། །གཏོས་རྒྱ་ཆེ་

ཞིང་མང་དུ་ཤོང་། །གལ་ཏེ་ཐེག་ཆེན་ཡོན་ཏན་དང་། །ཐེག་པ་གཅིག་ཏུ་སྤྱོད་པ་ནི། །བསྐལ་པ་དཔག་མེད་རབ་བཤད་ཀྱང་། །མཐའ་རུ་རྫོགས་པར་ཡང་མི་ནུས། །ཐེག་པ་ཐམས་ཅད་ཀུན་གྱི་ནང་། །ཐེག་པ་ཆེན་པོ་དམ་པ་མཆོག །སེམས་ཐག་ཐེག་ཆེན་འདི་བླངས་ན། །བྱང་ཆུབ་

ཤིང་དྲུང་མངོན་པར་འགྲོ། །འཆིང་བ་མེད་ཅིང་ཐོགས་མེད་པ། །བླ་ན་མེད་པའི་ཐེག་པ་འདི། །ཐེག་པ་དམན་པའི་མཆོག་འགྱུར་བས། །བྱང་ཆུབ་དཀྱིལ་དུ་འདུག་པར་འོང་། །རྟེན་འབྲེལ་བཅུ་གཉིས་རྣམ་རྟག་སྟེ། །སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། །ཕྱོགས་བཅུའི་སེམས་ཅན་

ཐམས་ཅད་ལ། །ཐེག་ཆེན་མདོ་སྡེ་བཤད་པར་བྱ། །གང་ཞིག་ཐེག་ཆེན་ཐེག་པ་ནི། །འཕེལ་བའམ་འགྲིབ་པ་ཡོང་མེད་དེ། །ནམ་མཁའ་བཞིན་དུ་ཀུན་ཤོང་བས། །ཐེག་པ་ཆེན་པོ་བསམ་མི་ཁྱབ། །དེ་ཕྱིར་སེམས་ཅན་ཐམས་ཅད་ཀྱིས། །བརྩོན་འགྲུས་སུ་ནི་བསྒོམ་བྱ་སྟེ། །མངོན་པར་

ཤེས་པ་རྣམས་དང་ནི། །ཡེ་ཤེས་ཆེན་པོ་ཐོབ་པར་བྱ། །ལྷ་ཡི་ཚོགས་དང་ལྷ་ཡི་བདུད། །མུ་སྟེགས་ཉོན་མོངས་སེལ་འདོད་ན། །ཐེག་པ་ཆེན་པོའི་སྐྱབས་སོང་ལ། །མངོན་ཤེས་དྲུག་དང་ལྡན་པར་བྱོས། །རིག་པ་གསུམ་དང་རྣམ་ཐར་གསུམ། །དེས་ནི་བདུད་དང་མུ་སྟེགས་འཇོམས། །ལོག་

པར་ལྟ་བའང་འཇིལ་བས་ན། །ཐེག་པ་ཆེན་པོ་མཆོག་ཏུ་དགོས། །ཉོན་མོངས་ཐམས་ཅད་འཇིག་པ་དང་། །དགེ་རྩ་ཕུན་སུམ་ཚོགས་འགྱུར་བས། །ཐེག་ཆེན་མཐུ་ནི་བསམ་མི་ཁྱབ། །དེ་བས་དཔག་པའང་རབ་ཏུ་དཀའ། །འཇིག་རྟེན་པ་ཡི་ཆོས་རྣམས་དང་། །འཇིག་རྟེན་འདས་པའི་

ཆོས་ཐམས་ཅད། །སློབ་དང་མི་སློབ་དེ་དག་ཀུན། །ཐེག་པ་ཆེན་པོར་ཀུན་འདུས་སོ། །སེམས་ཅན་གང་ཞིག་ངན་འགྲོར་སྤྱོད་པ་ནི། །ལོག་པར་ལྟ་བ་དང་ནི་སྡིག་གྲོགས་བསྟེན། །གང་ཞིག་ཐེག་པ་ཆེན་པོར་མ་དད་པ། །དེས་ནི་ཉོན་མོངས་བདུད་རྣམས་འཇོམས་མི་ནུས། །དེ་རྣམས་

เล่ม ๖๗ · หน้า 241a

སྤངས་ཏེ་ཐེག་ཆེན་སྐྱབས་སོང་བ། །གྲོལ་ཐར་འདོད་པས་ཐེག་པ་ཆེན་པོ་སློབ། །སྐྱེས་བུ་གང་ཞིག་དོན་ཆེན་ཤེས་འདོད་པ། །ཐེག་ཆེན་བཤད་པ་ཐོས་ན་དགའ་བ་སྐྱེ། །དེ་ནི་ཐེག་ཆེན་མི་ནི་ཡིན་པར་མངོན། །ཞི་གནས་སེམས་ནི་མངོན་པར་ཤེས་དང་ལྡན། །དེ་ཡང་ཐེག་ཆེན་

དབང་གིས་རྣམ་པར་བརྒྱན། །གང་ཞིག་ཐེག་པ་ཆེན་པོར་སྤྱོད་ནུས་པ། །དེ་ནི་དཀོན་མཆོག་གསུམ་གྱི་རིགས་མི་འཆད། །གང་ཞིག་དཀོན་མཆོག་གསུམ་ལ་ཕྱོགས་པ་ནི། །དེ་ནི་བསོད་ནམས་དཔག་མེད་ཐོབ་པའོ། །ཕྱོགས་བཅུའི་འཇིག་རྟེན་ཁམས་སུ་ཕྱིན་པ་དང་། །ཕྱོགས་བཅུའི་རྒྱལ་བ་

དཔག་མེད་མཆོད་པ་དང་། །དེ་བཞིན་ཐེག་ཆེན་ཕྱོགས་སུ་རྒྱས་པའི་མདོ། །མཆོད་ན་འཇིག་རྟེན་ཐེག་པས་ཐུབ་པ་མེད། །དཔལ་དང་གཟི་བརྗིད་ལྡན་ཞིང་འཁོར་བ་འཇོམས། །དེ་ཕྱིར་ཐེག་པ་ཆེན་པོ་བསམ་ཁྱབ་དཀའ། །བྱད་གཟུགས་སྟོབས་དང་དབང་ཕྱུག་ཐོབ་པར་འགྱུར། །ཕུན་སུམ་ཚོགས་

ལྡན་ཆོས་སྐུ་མངོན་པར་འགྲུབ། །གང་ཞིག་ཐེག་ཆེན་འདི་ལ་ཞོན་པ་ནི། །བླ་ན་མེད་པའི་དགའ་བ་མྱོང་བ་ཡིན། །ལུས་ཀྱི་སྦྱིན་པས་སྙིང་རྗེ་བྱམས་བསྒོམས་ན། །དེ་ཕྱིར་ཐེག་པ་བླ་མེད་ཐོབ་པར་འགྱུར། །ཚུལ་ཁྲིམས་བརྩོན་འགྲུས་ཚངས་པར་སྤྱོད་པ་ནི། །རྫུ་འཕྲུལ་མངོན་དུ་ཉི་ཟླ་སྒྲིབ་ཀྱང་

ནུས། །དེ་ཡང་ཐེག་ཆེན་སྤྱོད་པའི་དབང་གིས་སོ། །རང་གི་སེམས་ཀྱིས་བརྩོན་འགྲུས་རྒྱུན་སྤྱོད་པ། །དེས་ནི་ཐེག་པ་ཆེན་པོ་ཐོབ་པའོ། །སྡུག་བསྔལ་ནོན་པའི་སྒྲིབ་པ་ཡོད་ན་ཡང་། །ཐེག་ཆེན་བསྒོམས་པས་དེ་དག་ཀུན་ཀྱང་འབྱང་། །གང་ཞིག་ཐེག་ཆེན་ཆོས་ལ་བདེ་གནས་པ། །དེ་ནི་

ཚེ་དང་ལོངས་སྤྱོད་སངས་རྒྱས་བཞིན། །ཡང་དག་དྲན་པ་བརྩོན་པར་ལྡན་པ་ནི། །རྫུ་འཕྲུལ་རྐང་པ་བཞི་ཡི་སྟོབས་ཀྱང་རྙེད། །དམ་ཆོས་ཡང་དག་དོན་ལ་བརྟེན་པ་ཡང་། །ཐེག་པ་ཆེན་པོ་བསྒོམས་པའི་དབང་གིས་སོ། །མི་འཇིགས་དང་ནི་སྟོབས་བཅུ་ལྡན་པ་དང་། །མཚན་བཟང་

སུམ་ཅུ་རྩ་གཉིས་བརྒྱན་པ་དང་། །རྡོ་རྗེ་ཏིང་འཛིན་ཡེ་ཤེས་ཐམས་ཅད་ཀྱང་། །ཐེག་པ་ཆེན་པོ་བསྒོམ་པའི་དབང་གིས་སོ། །རིགས་ཀྱི་བུ་གང་ལ་ལས་ཐེག་པ་ཆེན་པོ་ཆོས་ཀྱི་རྣམ་གྲངས་འདི་བཟུང་སྟེ། འབྲུ་གཅིག་གམ། ཚིག་གཅིག་གམ། ཚིགས་བཅད་གཅིག་འཆང་ངམ་ཀློག་

เล่ม ๖๗ · หน้า 241b

ན་བསོད་ནམས་འདི་ལྟ་བུ་དང་ལྡན་པར་འགྱུར་རོ། །གང་ཞེ་ན། འདི་ལྟ་སྟེ། གང་གིས་མདོ་སྡེ་འདི་འཛིན་པ། །སྡུག་བསྔལ་ཀུན་དང་ཡོང་འབྲལ་ལོ། །ནམ་དུའང་ངན་འགྲོར་མི་ལྟུང་སྟེ། །བདེ་བའི་གནས་སུ་ཕྱིན་པར་འགྱུར། །གང་གིས་མདོ་སྡེ་འདི་ཐོས་པ། །ཕྱི་མ་མ་འོངས་

དུས་ངན་ཚེ། །མཐའ་རུ་སངས་རྒྱས་འགྲུབ་པར་ཡང་། །ངས་ནི་ལུང་དུ་བསྟན་པར་བྱ། །གང་གིས་རྒྱལ་ལ་རྟག་གཞོལ་བ། །རྒྱལ་བའང་རྟག་ཏུ་དེ་ལ་གཞོལ། །གང་གིས་རྒྱལ་བའི་ཆོས་བསྲུངས་ན། །རྒྱལ་བའང་དེ་ལ་བསྲུང་བར་འགྱུར། །རྫུ་འཕྲུལ་ཆེན་པོ་ཐོབ་པ་དང་། །

ཆོས་ཀྱི་འཁོར་ལོ་བསྐོར་བར་ནུས། །འཁོར་བའི་རྒྱུད་ལས་བསྒྲལ་བ་དང་། །བདུད་ཀྱི་དཔུང་བཅས་འཇིལ་ཡང་ནུས། །རྒྱལ་བ་འོད་མི་འགྱུར་དེ་ལས། །ངས་ནི་མདོ་སྡེ་འདི་ཐོས་ནས། །བཟོད་པར་གནས་ཏེ་ལུང་བསྟན་པ། །ཤཱཀྱ་ཐུབ་ཅེས་བྱ་བར་གྲུབ། །ང་ནི་མྱ་ངན་འདས་འོག་ན། །

གང་ཞིག་མདོ་སྡེ་འདི་འཆང་བ། །མངོན་པར་རྫོགས་པར་འཚང་རྒྱ་བར། །ངས་ཀྱང་ལུང་དུ་བསྟན་པར་བྱ། །གང་གིས་མ་འོངས་དུས་ཀྱི་ཚེ། །མདོ་སྡེ་འདི་ཡི་དོན་ཤེས་ཏེ། །བླུན་པོ་རྣམས་ལ་རབ་བཤད་པ། །དཀོན་མཆོག་གསུམ་གྱི་རིགས་མི་འཆད། །སངས་རྒྱས་འཇིག་རྟེན་

མི་བཞུགས་ཀྱང་། །མདོ་འདི་འཇིག་རྟེན་གང་ན་བར། །གནས་པའི་མཆོད་གནས་དེ་དག་ཏུ། །སངས་རྒྱས་མངོན་སུམ་བཞུགས་པ་བཞིན། །དེ་ཅིའི་ཕྱིར་ཞེ་ན། ངས་སྔོན་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་ལས་མདོ་སྡེ་འདི་མནོས་ཏེ་འཆང་བ་དང་། བསྐལ་པ་འཇིག་པའི་

ཚེ་གཞན་ལ་རྒྱ་ཆེར་བཤད་པས་ན་མཚན་སུམ་ཅུ་རྩ་གཉིས་ཀྱང་དེ་ལྟར་ཐོབ་བོ་ཞེས་བཀའ་སྩལ་པ་དང་། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་སྐྱེས་བུ་ཆེན་

པོའི་མཚན་སུམ་ཅུ་རྩ་གཉིས་བཤད། དེང་འདིར་ཡང་བཅོམ་ལྡན་འདས་ཀྱིས་མཚན་སུམ་ཅུ་རྩ་གཉིས་བཤད་ན། ལས་ཀྱི་རྒྱུ་གང་དང་གང་གི་དབང་གིས་དེ་དག་འགྲུབ་པར་འགྱུར་བ་བཅོམ་ལྡན་འདས་ཀྱིས་སྐབས་དབྱེ་ཞིང་བསྟན་དུ་གསོལ་ཞེས་བགྱིས་པ་དང་། བཅོམ་ལྡན་འདས་ཀྱིས་

เล่ม ๖๗ · หน้า 242a

བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་ཡོན་ཏན་དཔག་ཏུ་མེད་པ་བསྒྲུབས་པས་མཚན་སུམ་ཅུ་རྩ་གཉིས་འགྲུབ་པ་ཡིན་ཏེ། གལ་ཏེ་ངས་རྒྱ་ཆེར་བཤད་དུ་བསྐལ་པའི་བར་དུ་ཡང་བཤད་པ་མི་རྫོགས་པས་དེང་མདོ་ཙམ་ཞིག་ཁྱོད་ལ་བཤད་དོ། །དེ་དག་གང་ཞེ་ན།

འདི་ལྟ་སྟེ་སེམས་ཐག་པ་ནས་ཚུལ་ཁྲིམས་དག་པར་བསྲུང་བ་དང་། ཡི་དམ་ལ་བརྟན་པས་ཞབས་ཤིན་ཏུ་གནས་པའི་མཚན་དང་ལྡན་པར་འགྱུར་བ་དང་། བླ་མ་ལ་བསུ་སྐྱལ་དང་། ཆོས་ཉན་པ་དང་། གཙུག་ལག་ཁང་དང་། མཆོད་རྟེན་བསྒྲུབ་པ་ལ་ཕུ་དུད་དུ་བྱས་པས་ཕྱག་དང་

ཞབས་འཁོར་ལོའི་མཚན་རྩིབས་སྟོང་དང་ལྡན་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ལ་མ་བརྙས་པས་རྟིང་པ་ཡངས་པའི་མཚན་དང་ལྡན་པར་འགྱུར་བ་དང་། དམ་པའི་ཆོས་ཡོངས་སུ་བསྲུངས་པས་སོར་མོ་རིང་བའི་མཚན་དང་ལྡན་པར་འགྱུར་བ་དང་། བསྡུ་བ་རྣམ་བཞི་གོམས་

པར་བྱས་པས་ཕྱག་དང་ཞབས་དྲ་བས་སོར་མོ་བར་འབྲེལ་བའི་མཚན་དང་ལྡན་པར་འགྱུར་བ་དང་། གོས་བཟང་པོ་སྦྱིན་པ་བྱིན་པས། ཕྱག་དང་ཞབས་གཞོན་ཞིང་འཇམ་པའི་མཚན་དང་ལྡན་པར་འགྱུར་བ་དང་། བཟའ་བ་དང་། བཏུང་བ་ཞིམ་པོ་དང་། གཙང་མ་དང་། ཉམས་སུ་བདེ་བ་བྱིན་

པས། བདུན་ཤིན་ཏུ་མཐོ་བའི་མཚན་དང་ལྡན་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་ལ་ཐོས་པར་དགའ་བས་རི་དགས་ཨེ་ན་ཡའི་བྱིན་པ་ལྟ་བུའི་མཚན་དང་ལྡན་པར་འགྱུར་བ་དང་། གཞན་གྱི་གཡོ་དང་མཚང་སྦེད་ཅིང་བཅབས་པས་གསང་བའི་གནས་སྦུབས་སུ་ནུབ་པའི་མཚན་དང་ལྡན་པར་

འགྱུར་བ་དང་། དགེ་བ་བཅུ་བསྒོམས་པས་སེང་གེའི་རོ་སྟོད་ལྟ་བུའི་མཚན་དང་ལྡན་པར་འགྱུར་བ་དང་། དགེ་བའི་ཆོས་ཡང་དག་པར་བླངས་ཏེ་སེམས་ཅན་ལ་རྟག་ཏུ་སྟོན་པས་ཕྲག་སོ་ཤིན་ཏུ་རྒྱས་པའི་མཚན་དང་ལྡན་པར་འགྱུར་བ་དང་། འཇིགས་པ་རྣམས་ཀྱི་མགོན་དང་སྐྱབས་བྱས་པས་ཕྲག་པའི་

ལྷུན་མཛེས་པར་གྲུབ་པའི་མཚན་དང་ལྡན་པར་འགྱུར་བ་དང་། གཞན་གྱི་གཙུག་ལག་ཁང་ངམ། མཆོད་རྟེན་བསྒྲུབ་པའི་གྲོགས་བྱེད་པར་མོས་པ་དང་། སློང་བ་རྣམས་ལ་བདོག་པ་མེད་ཅེས་མ་བྱས་པས་ཕྱག་བརླ་དྲང་པོར་པུས་མོའི་ལྷ་ང་ལ་སླེབ་པའི་མཚན་དང་ལྡན་པར་འགྱུར་བ་དང་། རྟག་ཏུ་དགེ་

เล่ม ๖๗ · หน้า 242b

བའི་ཆོས་ཐམས་ཅད་བསྒྲུབ་པ་དང་། སྲོག་གི་རིམ་གྲོ་བྱས་པས་སྐུ་ཆེ་ཞིང་དྲང་བའི་མཚན་དང་ལྡན་པར་འགྱུར་བ་དང་། ན་བ་རྣམས་ཀྱི་རྩི་སྨན་དང་། རིམ་གྲོ་དང་། ཉམས་སུ་ཕན་པའི་ཟས་བྱིན་པས་རོ་བྲོ་བའི་མཆོག་ཐོབ་པའི་མཚན་དང་ལྡན་པར་འགྱུར་བ་དང་། ཡུན་རིང་པོ་ནས་ཚིག་ཀྱལ་པ་སྤངས་ཤིང་

དུས་སུ་སྨྲ་བས་སེང་གེའི་འགྲམ་པ་ལྟ་བུའི་མཚན་དང་ལྡན་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པར་སྙོམས་པས་ཚེམས་མཉམ་ཞིང་བཞི་བཅུ་ཚང་བའི་མཚན་དང་ལྡན་པར་འགྱུར་བ་དང་། རྩོད་པ་རྣམས་སྡུམ་པ་ལ་དགའ་བས་ཚེམས་ཐགས་བཟང་བའི་མཚན་དང་ལྡན་པར་

འགྱུར་བ་དང་། རིན་པོ་ཆེའི་སྦྱིན་པ་བྱས་པས་ཚེམས་མཉམ་པའི་མཚན་དང་ལྡན་པར་འགྱུར་བ་དང་། ལུས་དང་ངག་ཡིད་ཡོངས་སུ་དག་པས་ཚེམས་ཤིན་ཏུ་དཀར་བའི་མཚན་དང་ལྡན་པར་འགྱུར་བ་དང་། ངག་གི་ཉེས་པ་བསྡམས་པས་ལྗགས་ཤིན་ཏུ་ཡངས་ཤིང་སྲབ་པའི་མཚན་དང་ལྡན་པར་འགྱུར་བ་དང་

སེམས་ཅན་རྣམས་ལ་རྟག་ཏུ་ཚིག་འཇམ་པོ་སྨྲ་བས་ཚངས་པའི་དབྱངས་ཀྱི་མཚན་དང་ལྡན་པར་འགྱུར་བ་དང་། བྱམས་པའི་སེམས་བསྒོམས་ཏེ་རྨོངས་པ་མེད་པའི་མིག་གིས་ལྟ་ལྟ་བས་སྤྱན་དཀར་ནག་འབྱེས་པའི་མཚན་དང་ལྡན་པར་འགྱུར་བ་དང་། སེམས་ཐག་པ་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་

བསྒྲུབས་པས་བའི་རྫི་མ་ལྟ་བུའི་མཚན་དང་ལྡན་པར་འགྱུར་བ་དང་། གཞན་ལ་བསོད་ནམས་དང་ཡོན་ཏན་ཡོད་པ་རྗེས་སུ་ཡི་རང་ཞིང་བསྔགས་པས་ཞལ་མཛོད་སྤུས་བརྒྱན་པའི་མཚན་དང་ལྡན་པར་འགྱུར་བ་དང་། ཕ་དང་། མ་དང་། མཁན་པོ་དང་། སློབ་དཔོན་ལ་སོགས་པ་བླ་མ་རྣམས་ལ་ཚུལ་བཞིན་

དུ་རིམ་གྲོ་དང་། བཙུན་པར་བྱས་པས་དབུ་སྤྱི་གཙུག་དང་ལྡན་པའི་མཚན་དང་ལྡན་པར་འགྱུར་བ་དང་། ཐེག་པ་ཆེན་པོའི་ཆོས་བསྟན་པ་ལ་མོས་པས་མདོག་ཤིན་ཏུ་འཇམ་པའི་མཚན་དང་ལྡན་པར་འགྱུར་བ་དང་། སྟན་དང་། གོས་དང་། ཁང་པ་དང་། གནས་བཟང་པོ་བྱིན་པས་གསེར་གྱི་ཁ་

དོག་དང་ལྡན་པའི་མཚན་དང་ལྡན་པར་འགྱུར་བ་དང་། འཇིག་རྟེན་གྱི་གཏམ་སྣ་ཚོགས་ཏེ་སྨྲ་བ་སྤངས་པས་བ་སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་པའི་མཚན་དང་ལྡན་པར་འགྱུར་བ་དང་། དགེ་བའི་བཤེས་གཉེན་དང་། མཁན་པོ་དང་། བླ་མ་རྣམས་ཀྱིས་བསྟན་པའི་ཚིག་ཡང་དག་

เล่ม ๖๗ · หน้า 243a

པར་བླངས་པ་དང་། བཟུང་བ་མངོན་དུ་སྤེལ་ཞིང་འགྲིབ་པར་མ་བྱས་པས་ཡན་ལག་གི་སྤུ་གྱེན་དུ་འཁྱིལ་པའི་མཚན་དང་ལྡན་པར་འགྱུར་བ་དང་། ཡོན་ཏན་དཔག་ཏུ་མེད་པར་བསྒྲུབས་པས་ཞབས་ལེགས་པར་མཐོ་བའི་མཚན་དང་ལྡན་པར་འགྱུར་བ་དང་། སེམས་ཅན་

རྣམས་ཏིང་ངེ་འཛིན་བསྒོམ་པར་བསྐུལ་བས་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པའི་མཚན་དང་ལྡན་པར་འགྱུར་བ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་དཔག་ཏུ་མེད་པའི་ཡོན་ཏན་བསྒྲུབས་ན་མཚན་སུམ་ཅུ་རྩ་གཉིས་དེ་ལྟ་བུ་དག་དང་ལྡན་པར་འགྱུར་རོ་ཞེས་དེ་སྐད་

ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ལ་བདག་གིས་བརྟགས་ན་གང་ཡང་དངོས་པོ་དང་མཚན་མར་མ་གྲུབ་སྟེ་མ་མཆིས་ལ། དེ་བཞིན་གཤེགས་པ་ལ་བརྟགས་ན་ཡང་དེ་བཞིན་

གཤེགས་པའི་སྤྱོད་ལམ་དེ་མ་ལགས་ན་ཅིའི་སླད་དུ་སྤྱོད་ལམ་རྒྱ་ཆེར་བསྒྲུབ་ཅེས་གསུངས། དཀོན་མཆོག་གསུམ་དང་། བདེན་པ་བཞི་དང་། ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་དང་། རྟེན་འབྲེལ་བཅུ་གཉིས་དང་། ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་ལ་བདག་གིས་བརྟགས་ན་ཡང་

ཕྱི་ནང་གི་རྒྱུ་འབྲས་ཀུན་སྟོང་པ་ཉིད་དེ། མཚན་མ་མ་མཆིས། སྨོན་པ་མ་མཆིས། སྐྱེ་ཞིང་འབྱུང་བ་ཡང་མ་མཐོང་། འགག་ཅིང་ནུབ་པ་ཡང་མ་མཐོང་། སྒྱུ་མ་དང་འདྲ་བ། སྤྲུལ་པ་དང་འདྲ་བ། འབར་བ་དང་འདྲ་བ། བྲག་ཅ་དང་འདྲ་བ། ཆབ་ཀྱི་ཟླ་བ་དང་འདྲ་བ། རུས་སྦལ་

གྱི་སྤུ་དང་འདྲ་བ། རི་བོང་གི་རྭ་དང་འདྲ་བ། ནམ་མཁའི་མེ་ཏོག་དང་འདྲ་བ། མོ་གཤམ་གྱི་བུ་དང་འདྲ་བ། གཟུགས་བརྙན་གྱི་གོས་གྱོན་ཞིང་སྒྱུ་མའི་གླང་པོ་ཆེ་ལ་འཚལ་བ་དང་འདྲ་བ། མཆིས་པ་ཡང་འདྲ་བ། མ་མཆིས་པ་ཡང་འདྲ་བ། དེ་དག་ནི་མཆིས་པ་དང་མ་མཆིས་པ། མཆིས་པ་ཡང་མ་

ལགས། མ་མཆིས་པ་ཡང་མ་ལགས། རྟག་པ་མ་ལགས། ཆད་པ་མ་ལགས། སྐྱེ་བ་མ་ལགས། འགག་པ་མ་ལགས། ནང་དུ་མ་ལགས། སླད་རོལ་མ་ལགས། མཐོང་བ་མ་ལགས། ཤེས་པ་མ་ལགས། དཔེར་ན་ནམ་མཁའ་དང་འདྲ་བ་ལ་བཅོམ་ལྡན་འདས་ཅིའི་སླད་དུ་ངས་ནི་

เล่ม ๖๗ · หน้า 243b

སྤྱོད་ལམ་དེ་དག་སྤྱད་ཅེས་གསུངས། དེ་བཞིན་གཤེགས་པ་ལ་བདག་གིས་བརྟགས་ན་བདག་མ་ལགས། སེམས་ཅན་མ་ལགས། སྲོག་མ་ལགས། གསོ་བ་མ་ལགས། སྐྱེས་བུ་མ་ལགས། གང་ཟག་མ་ལགས། ཤེད་ཅན་མ་ལགས། ཤེད་བདག་མ་ལགས། བྱེད་པ་པོ་ལ་

སོགས་པ་མ་ལགས། མིག་མ་ལགས། གཟུགས་མ་ལགས། མིག་དང་གཟུགས་ཀྱི་མཚན་ཉིད་ཀྱི་སྤྱོད་ཡུལ་མ་ལགས། རྣ་བ་མ་ལགས། སྒྲ་མ་ལགས། རྣ་བ་དང་སྒྲའི་མཚན་ཉིད་ཀྱི་སྤྱོད་ཡུལ་མ་ལགས། སྣ་མ་ལགས། དྲི་མ་ལགས། སྣ་དང་དྲིའི་མཚན་ཉིད་ཀྱི་སྤྱོད་ཡུལ་མ་ལགས། ལྕེ་

མ་ལགས། རོ་མ་ལགས། ལྕེ་དང་རོའི་མཚན་ཉིད་ཀྱི་སྤྱོད་ཡུལ་མ་ལགས། ལུས་མ་ལགས། རེག་བྱ་མ་ལགས། ལུས་དང་རེག་བྱའི་མཚན་ཉིད་ཀྱི་སྤྱོད་ཡུལ་མ་ལགས། ཡིད་མ་ལགས། ཆོས་མ་ལགས། ཡིད་དང་ཆོས་ཀྱི་མཚན་ཉིད་ཀྱི་སྤྱོད་ཡུལ་ཡང་མ་ལགས། རྣམ་པར་ཤེས་པ་མ་ལགས།

གཟུགས་མ་ལགས། རྣམ་པར་ཤེས་པ་དང་གཟུགས་ཀྱི་མཚན་ཉིད་ཀྱི་སྤྱོད་ཡུལ་ཡང་མ་ལགས། གཟུགས་མ་ལགས། སྡུག་བསྔལ་མ་ལགས། གཟུགས་དང་སྡུག་བསྔལ་གྱི་མཚན་ཉིད་ཀྱི་སྤྱོད་ཡུལ་ཡང་མ་ལགས། བདག་མ་ལགས། བདག་གི་མ་ལགས། འགྲོ་བ་མ་ལགས། གཟུགས་ཅན་མ་ལགས། ཕུང་པོ་མ་

ལགས། བདེན་པ་མ་ལགས། བརྫུན་པ་མ་ལགས། བསྡུས་པ་མ་ལགས། གཏོར་བ་མ་ལགས། འབྱུང་བ་མ་ལགས། འཇུག་པ་མ་ལགས་ཏེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ཀྱང་དེ་བཞིན་ནོ། །ཕར་བཞུད་པ་མ་ལགས། ཚུར་བྱོན་པ་མ་

ལགས། བཞུགས་པའི་གནས་ཀྱང་མི་མངའ། སེམས་དང་ཡིད་དང་རྣམ་པར་ཤེས་པ་ཡང་མི་མངའ། ལུས་དང་ངག་དང་ཡིད་ཀྱི་ལས་ཀྱང་མི་མངའ། གཅིག་པ་ཡང་མ་ལགས། ཐ་དད་པའང་མ་ལགས། འདས་པ་ཡང་མ་ལགས། མ་བྱོན་པ་ཡང་མ་ལགས། ད་ལྟར་བྱུང་བ་ཡང་མ་

ལགས། དྲི་མ་ཅན་མ་ལགས། ཡོངས་སུ་དག་པ་མ་ལགས། བདག་མ་ལགས། སེམས་ཅན་མ་ལགས། སྲོག་དང་། སྐྱེས་བུ་དང་། གང་ཟག་ལ་སོགས་པ་ཡང་མ་ལགས། རྟག་པ་མ་ལགས། ཆད་པ་མ་ལགས། སྐྱེ་བ་མ་མཆིས། འགག་པ་མ་མཆིས། སྒོམ་དུ་མ་མཆིས། སྤྱོད་དུ་མ་

เล่ม ๖๗ · หน้า 244a

མཆིས། དོར་དུ་མ་མཆིས། བླང་དུ་མ་མཆིས། མཐའ་ལས་འདས་པ། ཡུན་དུ་བཞུགས་པ་ལ་གང་གི་སླད་དུ་སྤྱོད་ལམ་རྒྱ་ཆེར་བསྒྲུབས་ཞེས་གསུངས་ཞེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ལ་

ལེགས་སོ་ཞེས་བྱ་བ་བྱིན་ནས་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁྱོད་སྔོན་འདས་པའི་དུས་ན་སངས་རྒྱས་གྲངས་མེད་དཔག་ཏུ་མེད་པ་རྣམས་ལ་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྲུན་པ། ཡུན་རིང་པོ་ནས་ཐེག་པ་ཆེན་པོ་བླ་ན་མེད་པའི་དོན་ཆུབ་པར་ཆུད་དེ། ཆོས་སོ་ཅོག་ཀུན་ཀྱང་སྟོང་པ་ཉིད་དུ་མངོན་པར་

ཤེས་པ་དང་། དེ་བཞིན་གཤེགས་པ་ཡང་དག་པའི་མཐའ་ལས་འདས་ཏེ། ཡུན་དུ་གནས་པར་ཡང་ཤེས་པས་རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན། ནོར་བུ་རིན་པོ་ཆེ་བཻ་དཱུརྱ་ཤིན་ཏུ་དང་བ་གསལ་བ། འདམ་རྫབ་ཀྱི་ནང་དུ་ལོ་སྟོང་གི་བར་དུ་བཞག་ཀྱང་། རང་བཞིན་ཡོང་གིས་དག་པས་ཕྱིར་ཕྱུང་

ན་ཡང་སྔ་མ་ཁོ་བཞིན་ཏེ། ཁྱོད་ཀྱང་དེ་དང་འདྲ་བར་ཆོས་ཀྱི་མཚན་ཉིད་མངོན་པར་རྟོགས་ལ། རང་བཞིན་རྣམ་པར་དག་པས། ཁྱེད་རྣམས་ད་ལྟར་ཁམས་གསུམ་ན་སྙིགས་མ་ཅན་རྣམ་ལྔའི་འདམ་རྫབ་ཏུ་གནས་ཏེ། དེ་བཞིན་གཤེགས་པ་དང་། སེམས་ཅན་གྱི་དོན་བྱས་ཀྱིས་ཀྱང་འདམ་

རྫབ་ཀྱིས་མ་གོས་པས་ན་དོན་འདི་ལྟ་བུ་དག་འདྲི་ནུས་པ་ཡིན་ནོ། །རིགས་ཀྱི་བུ་ཁྱོད་ཡང་ཉོན་ཅིག །འདི་ལྟ་སྟེ། ཆོས་སོ་ཅོག་ཐམས་ཅད་ཡང་དག་པར་ན་དངོས་པོ་མེད་དེ། ཡི་གེ་ཡོད་པའི་ཕྱིར་ཆོས་ཡོད་ཅེས་བཤད། ཆོས་ཀྱི་ནང་དུ་ཡི་གེ་མེད་ལ་ཡི་གེའི་ནང་དུ་ཡང་ཆོས་མེད་དོ། །

ཀུན་ཏུ་སྤེལ་བའི་ཕྱིར་ཡི་གེ་བསྟན་ཏོ། །ཡི་གེའི་ནང་དུ་ནི་བྱང་ཆུབ་ཀྱང་མེད། བྱང་ཆུབ་ཀྱི་ནང་དུ་ནི་ཡི་གེ་ཡང་མེད་མོད་ཀྱི། དོན་དམ་པར་ནི་ཡི་གེ་མེད་ཀྱང་ཀུན་རྫོབ་ཏུ་ཡི་གེ་ཡོད་པར་བཤད་པས་སེམས་ཅན་ལ་སངས་རྒྱས་ཀྱི་ངོ་བོ་ཉིད་དང་། བླ་ན་མེད་པའི་བྱང་ཆུབ་ཀྱང་ཡི་གེ་ལས་གུད་ན་མི་རྙེད་དོ། །

རིགས་ཀྱི་བུ་ཁྱོད་ཟེར་བའང་བདེན་ཏེ། དེ་བཞིན་གཤེགས་པ་ལ་ཟད་པ་མེད། སྐྱེ་བ་མེད། མི་བསྒོམ་མི་སྤྱོད། བསྒོམ་སྤྱོད་རྣམས་དང་བྲལ་བ། ཡང་དག་པའི་ཆོས་ལ་མི་འཇུག །དེ་ལས་ལྡོག་ཅིང་འགྱུར་བའང་མ་ཡིན། སྐྱེ་བ་གཅིག་གིས་དགའ་ལྡན་གྱི་གནས་སུ་ཡང་མ་སྐྱེས།

เล่ม ๖๗ · หน้า 244b

དེ་ལས་བབས་ཏེ་ཡུམ་གྱི་ལྷུམས་སུ་ཡང་མ་གནས། ཆོས་ཐམས་ཅད་ལ་སེམས་མི་གནས་པས་ང་ནི་སྐྱེ་རྒན་འཆི་ལས་འདས་སོ་ཞེས་ཀྱང་མ་བྱས། ཕྱོགས་བཞིར་གོམ་པ་བདུན་བདུན་ཡང་མ་བོར། ང་ནི་འཇིག་རྟེན་ན་བླ་ན་མེད་པའི་བཙུན་པ་ཡིན་ནོ་ཞེས་ཀྱང་མ་བརྗོད། གྲོང་ཁྱེར་མཆོག་ཏུ་ན་ཅུང་བཟང་མོ་དང་

ཡང་མ་རྩེ་ན། འཇིག་རྟེན་གྱི་བྱ་བ་ཡིག་རྩིས་ལ་སོགས་པ་ཡང་མ་བསླབས། སྟོབས་དང་འཕོང་རྩོལ་ཡང་མ་བསྒྲུན། སེམས་ཅན་ཡངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་རྒན་པོ་མངོན་སུམ་དུ་བསྟན་པ་ནི་ལུས་ལ་ཆགས་པ་རྣམས་བཀག་པའོ། །ནད་པ་མངོན་སུམ་དུ་བསྟན་པ་ནི་ཚེ་ལ་ཆགས་

པ་རྣམས་བཀག་པའོ། །ཤི་བའི་མཚན་མ་མངོན་སུམ་དུ་བསྟན་པ་ནི་འདོད་ཆགས་དང་ང་དང་ངར་འཛིན་པ་རྣམས་བཀག་པའོ། །དགེ་སློང་མངོན་སུམ་དུ་བསྟན་པ་ནི་སེམས་ཅན་རྣམས་ཚངས་པ་དང་བརྒྱ་བྱིན་གྱི་ལུས་སུ་མི་སྨོན་པར་འཇིག་རྟེན་ལས་འདས་པ་བླ་ན་མེད་པའི་ཆོས་བརྩོན་པར་བསྒྲུབ་

པར་བྱ་བའོ། །གྲོང་ཁྱེར་མཆོག་ནས་བྱུང་སྟེ་གཤེགས་པ་ནི་ཁམས་གསུམ་གྱི་བཙོན་ར་ནས་ཐར་པ་དང་འབྲས་བུ་མ་ཡིན་པ་རྣམས་བསྟན་པའོ། །སླར་གཟིགས་པ་ནི་བྱམས་སྡང་མི་མངའ་བར་བསྟན་པའོ། །དེའི་ཕྱིར་མཚན་སུམ་ཅུ་རྩ་གཉིས་ཀྱིས་སྐུ་རྣམ་པར་བརྒྱན་ཅིང་སེམས་ཅན་གྱི་

བསོད་ནམས་ཀྱི་ཞིང་དུ་བྱ་བའོ། །དབུ་སྐྲ་བྲེགས་པ་དང་། རྒྱན་རྣམས་སྤངས་པ་དང་། རྟ་ཙན་ཏ་ཀ་ཞབས་རིང་དད་པ་ཅན་ལ་སླར་བསྐུར་བ་ནི་ཉོན་མོངས་པ་ཐམས་ཅད་དང་དབྲལ་བར་བསྟན་པའོ། །ཁ་སྤུ་བྲེགས་པ་ནི་ཆོས་ཐམས་ཅད་ལ་མི་ཆགས་པར་བསྟན་པའོ། །ཀཤ་ངུར་སྨྲིག་གྱོན་པ་ནི་

སེམས་ཅན་འདུལ་བར་བསྟན་པའོ། །དྲང་སྲོང་ཨུ་ཏ་ཀ་དང་། ཨ་རན་ཏ་ལ་ཆོས་འདྲི་རྟོག་བྱ་བ་ནི་རང་གི་ང་རྒྱལ་གྱི་སེམས་འཇོམས་པར་བསྟན་པའོ། །ལོ་དྲུག་གི་བར་དུ་དཀའ་ཐུབ་སྤྱད་པ་ནི་མུ་སྟེགས་འདུལ་བའོ། །ཞལ་ཟས་བླངས་པ་ནི་འཇིག་རྟེན་པའི་ཆོས་ཀྱི་རྗེས་སུ་འབྲང་བའོ། །

རྩྭ་སྭ་སྟི་ཀ་བླངས་པ་ནི་ཆོག་ཤེས་པར་བསྟན་པའོ། །རྩྭ་བཏིང་བའི་སྟེང་དུ་བཞུགས་པ་ནི་ཉམ་རངས་དང་གཡེལ་བ་རྣམས་འཇོམས་པར་བསྟན་པའོ། །ལྷ་ཀླུ་ཀུན་གྱིས་བསྟོད་ཅིང་བསྔགས་པ་དང་བསྙེན་བཀུར་བྱས་པ་ནི་ཡོན་ཏན་གྱི་འབྲས་བུ་ལ་བཀོད་པར་བསྟན་པའོ། །བདུད་རྣམས་བཏུལ་བ་

เล่ม ๖๗ · หน้า 245a

ནི་དཔའ་བའི་མཐུ་བསྟན་པའོ། །ཕྱག་གཡས་པ་ས་ལ་བསྟན་པ་ནི་བསོད་ནམས་ཀྱི་མཐུ་བསྟན་པའོ། །ས་ཆེན་པོ་ཀུན་ཏུ་གཡོ་བ་ནི་དྲིན་གྱི་ལན་ལྡོན་པར་བསྟན་པའོ། །དེ་ལྟར་མཚན་མ་མེད་པར་བསྒོམས་པའི་ཕྱིར་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ཐོབ་པ་ཡིན་ནོ། །འདི་ལྟར་

ཆོས་ཐམས་ཅད་ཀྱི་མཚན་ཉིད་མངོན་སུམ་དུ་མཁྱེན་ནས། ཆོས་ཀུན་མཉམ་པ་ཉིད་དུ་བསྟན་པས་ནི་སངས་རྒྱས་ཞེས་བྱའོ། །སངས་རྒྱས་ཀྱི་ཡེ་ཤེས་ལ་ཐུབ་པ་མེད་དེ། ཆོས་བསྟན་ཏོ་ཅོག་ལ་སངས་རྒྱས་སུ་འགྲུབ་པའི་དོན་བསྟན་པས་ནི་དེ་བཞིན་གཤེགས་པ་ཞེས་བྱའོ། །དུས་

གསུམ་གྱི་བྱ་བ་དགེ་བ་དང་མི་དགེ་བའི་ཆོས་མངོན་དུ་གསལ་བར་གཟིགས་ཤིང་མཁྱེན་པས་ན་ཐམས་ཅད་མཁྱེན་པ་ཞེས་བྱའོ། །བདེན་པ་དང་ཡང་དག་པར་གསུངས་པའི་ཕྱིར་ལྷ་དང་མིའི་མཁན་པོ་ཞེས་བྱའོ། །གང་ཞིག་དེ་ལྟར་བསླབ་ཅིང་རྟོག་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེ་ལ་

ལོག་པར་རྟོག་པ་ནི་བྱང་ཆུབ་སེམས་དཔའ་ཞེས་མི་བྱ་སྟེ། སངས་རྒྱས་ཐམས་ཅད་ལ་བསླུ་བ་ཅན་ཞེས་བྱའོ། །རིགས་ཀྱི་བུ་སངས་རྒྱས་ཐམས་ཅད་ནི་མི་འབྱུང་མི་འཇུག་མི་སྐྱེ་མི་འགོག་སྟེ། སེམས་ཅན་ཐམས་ཅད་མྱ་ངན་ལས་བཟླ་བའི་ཕྱིར་འཇིག་རྟེན་དུ་འབྱུང་ངོ་ཞེས་བརྗོད་པ་དང་།

སངས་རྒྱས་མྱ་ངན་ལས་འདའོ་ཞེས་བརྗོད་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཀྱང་ཡང་དག་པར་ན་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ནི་སྟོང་པ་ཉིད་དུ་རྟོགས་ཏེ། དེ་བཞིན་གཤེགས་པ་ལ་འབྱུང་བའམ་ནུབ་

པ་མི་མངའ་བས་རྒྱལ་པོའི་ཕོ་བྲང་དུ་ཡང་མ་བལྟམ། བྱང་ཆུབ་ཀྱི་ཤིང་དྲུང་དུ་ཡང་མྱ་ངན་ལས་མ་འདས། མཐའ་ལས་འདས་ཏེ་ཡུན་དུ་གནས་པ། སེམས་ཅན་ཡོངས་སུ་བསྒྲལ་པར་མཛད་པའི་སླད་དུ་དཀའ་ཐུབ་སྤྱད་ཅིང་མྱ་ངན་ལས་འདའ་བར་བསྟན་ཀྱང་ཡང་དག་པར་ན་

འགྱུར་བའམ་སྤྲོས་པ་མི་མངའ་ཞིང་དེ་བཞིན་གཤེགས་པའི་སྤྱོད་ཡུལ་དུ་གནས་ཏེ། ཁམས་གསུམ་ན་སྐུ་འབྱུང་བ་ཡང་ཆོས་ཀྱི་སྐུ་རྣམ་པ་ལྔ་འབྱུང་ངོ་། །ལྔ་པོ་གང་ཞེ་ན། འདི་ལྟ་སྟེ། སྐུ་ཡང་དག་པའི་ངོ་བོ་ཉིད་དང་། སྐུ་ཡོན་ཏན་ཅན་དང་། སྐུ་ཆོས་ཀྱི་ངོ་བོ་ཉིད་ལས་སྐྱེས་པ་

เล่ม ๖๗ · หน้า 245b

དང་། སྐུ་སྤྲུལ་ཅིང་འབྱུང་བ་དང་། སྐུ་ནམ་མཁའ་ལྟ་བུ་དང་ལྔ་སྟེ། དེ་ལ་སྐུ་ཡང་དག་པའི་ངོ་བོ་ཉིད་ཅེས་བགྱི་བ་ནི་ཡང་དག་པའི་འབྲས་བུའི་མཆོག་མཚན་མ་ཐམས་ཅད་ལས་འདས་པ་རང་གི་དབྱིངས་ལ་ཡུན་དུ་གནས་པས་ན་སྐུ་ཡང་དག་པའི་ངོ་བོ་ཉིད་ཅེས་བགྱིའོ། །སྐུ་ཡོན་ཏན་ཅན་ཞེས་བགྱི་བ་ནི་སེམས་ཅན་

མྱ་ངན་ལས་བཟླ་བའི་སླད་དུ་སྤྱོད་པ་རྣམ་པ་སྣ་ཚོགས་མཛད་ཅིང་དགེ་བ་ཐམས་ཅད་ཕུན་སུམ་ཚོགས་པར་མཛད་པས་ན་སྐུ་ཡོན་ཏན་ཅན་ཞེས་བགྱིའོ། །སྐུ་ཆོས་ཀྱི་ངོ་བོ་ཉིད་ལས་སྐྱེས་ཞེས་བགྱི་བ་ནི་ཆོས་ཀྱི་མཚན་ཉིད་ཐམས་ཅད་ཐུགས་སུ་ཆུད་དེ་མི་མཁྱེན་པ་མི་མངའ། སྤྱོད་ཡུལ་དེ་ལ་ཡང་དག་པར་

མཁྱེན་པའི་སྟོང་པ་ཉིད་ལས་སྐྱེས་ཏེ། ཡང་དག་པར་རྫོགས་པས་ན་སྐུ་ཆོས་ཀྱི་ངོ་བོ་ཉིད་ལས་སྐྱེས་ཞེས་བགྱིའོ། །སྐུ་སྤྲུལ་ཅིང་འབྱུང་བ་ཞེས་བགྱི་བ་ནི་དེ་བཞིན་གཤེགས་པ་འཇིག་རྟེན་དུ་འབྱུང་ཡང་ལམ་རྒྱུད་ལྔར་དགེ་སྡིག་ཀུན་ལ་མངོན་པར་བསྟན་ཅིང་སྐྱབས་སུ་མི་མཛད་པ་མ་མཆིས་ཏེ།

སྤྲུལ་པའི་རྫས་ལས་མཚན་དུ་འགྱུར་བས་ན་སྐུ་སྤྲུལ་ཅིང་འབྱུང་བ་ཞེས་བགྱིའོ། །སྐུ་ནམ་མཁའ་ལྟ་བུ་ཞེས་བགྱི་བ་ནི་ནམ་མཁའ་མཐའ་ཡས་པས་ན་ཆོས་ཀྱི་སྐུ་ཡང་མཐའ་ཡས་སོ། །ནམ་མཁའ་ལ་དཔག་པ་དང་གཞལ་དུ་མ་མཆིས་པས་ན་ཆོས་ཀྱི་སྐུ་ཡང་དཔག་ཅིང་གཞལ་དུ་མ་མཆིས་ཏེ།

དེ་བཞིན་གཤེགས་པའི་སྐུ་ཡང་ནམ་མཁའ་ཆེན་པོ་དང་འདྲ་བ་སེམས་ཅན་ཡོངས་སུ་མྱ་ངན་ལས་འདའ་བའི་སླད་དུ་སྐུ་རྣམ་པ་ལྔར་སྟོན་པས་ན་དེ་བཞིན་གཤེགས་པ་ལ་སྐྱེ་བ་མི་མངའ། འགག་པ་མི་མངའ་བར་མངོན་ནོ། ཆོས་ཐམས་ཅད་ཀྱང་དེ་བཞིན་ཏེ་སེམས་ཅན་ཡོངས་སུ་མྱ་ངན་ལས་བཟླ་

བའི་སླད་དུ་སངས་རྒྱས་མངོན་དུ་སྤྲུལ་ཅིང་ཆོས་རྣམ་པར་སྤེལ་བ་ལགས་སོ་ཞེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་ནི་དེ་བཞིན་གཤེགས་པ་དང་འདྲ་བར་ཆོས་ཀྱི་མཚན་ཉིད་ལ་མཁས་

པས་སྤྱོད་ཡུལ་ཐམས་ཅད་ལ་བར་དུ་ཆོད་པའམ་ཐོགས་པ་མེད་དེ། རིགས་ཀྱི་བུ་ཁྱོད་མ་འོངས་པའི་དུས་ན་བསྐལ་པ་སྟོང་རྣམ་པར་དག་པ་ཞེས་བྱ་བ་དང་། འཇིག་རྟེན་ལོངས་སྤྱོད་ཅན་ཞེས་བྱ་བ་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤ་དག་ཐེག་པ་ཆེན་པོ་འབའ་ཞིག་སྤྱོད་དེ། ཉན་

เล่ม ๖๗ · หน้า 246a

ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པའི་མིང་རྣ་བའི་ཐོག་མར་ཡང་མི་གྲག་ན་ངན་སོང་ལྟ་ཞིག་ཅི་སྨོས། ཁྱོད་བསྐལ་པ་དེ་དང་འཇིག་རྟེན་དེར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱན་རྣམ་པར་དག་པ་ཞེས་བྱ་བ་འབྱུང་སྟེ། འཇིག་རྟེན་གཞན་ནས་སྐྱེས་

བུ་ཆེན་པོ་དག་ཀྱང་དེར་ཕྱིན་ཅིང་ཐེག་པ་ཆེན་པོ་ཐར་པ་ཕྱོགས་སུ་རྒྱས་པའི་མདོ་སྡེ་མཉན་པ་དང་། བླངས་པ་དང་། བཅངས་པར་འགྱུར་རོ། །དེ་བས་ན་སེམས་ཅན་གང་ལ་ལས་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོའི་མིང་ཐོས་ཏེ་ཕྱག་འཚལ་ཞིང་མཆོད་པ་བྱས་ན་འཇིག་རྟེན་ལོངས་

སྤྱོད་ཅན་གྱི་ཁམས་དེར་སྐྱེ་བར་འགྱུར་རོ། །སེམས་ཅན་གང་ལ་ལས་ཐེག་པ་ཆེན་པོའི་ཆོས་སྒྲུབ་ན་ཡང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར། གང་ཆོས་ཀྱི་རྣམ་གྲངས་འདི་བླང་ཞིང་བཅངས་པ་དེས་ནི་སངས་རྒྱས་འབྱུང་བ་བཅུ་མ་འདས་པར་ལུང་བསྟན་པ་ཡང་ཐོབ་པར་འགྱུར་རོ། །དེའི་ཚེ་

དེའི་དུས་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་བྱང་ཆུབ་སེམས་དཔའ་མཚན་ཉིད་དད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་ཞུས་ནས་བཅོམ་ལྡན་འདས་ཀྱིས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀྱི་མཚན་དང་། མདོ་སྡེ་བཅུ་གཉིས་ཀྱི་མཚན་དང་། བྱང་ཆུབ་སེམས་དཔའི་

དགེ་འདུན་རྣམས་ཀྱི་མཚན་བསྟན་ནས་ཡང་སེང་གེའི་སྒྲ་ཆེན་པོ་སྒྲོགས་ཏེ། སེང་གེའི་སྒྲ་ཞེས་བྱ་བ་ནི་ངེས་པའི་ཚིག་བསྟན་པའོ། །ངེས་པའི་ཚིག་བསྟན་པ་ནི་དེ་བཞིན་གཤེགས་པ་རྟག་པར་འཚོ་སྐྱོང་ཞིང་གཞེས་ཏེ། མྱ་ངན་ལས་མི་འདའ་བར་རིག་པའོ། །ཡང་སེམས་ཅན་ཐམས་ཅད་

ལ་སངས་རྒྱས་ཀྱི་ངོ་བོ་ཉིད་ཡོད་དོ་ཞེས་བསྟན་པ་དང་། ལྷའི་བདུད་དང་མུ་སྟེགས་ལ་སོགས་པ་སྤ་གོང་སྟེ། སྐྱབས་ཀྱི་དབང་དུ་གྱུར་པས་ན་སེང་གེའི་སྒྲ་ཞེས་བྱའོ། །དེ་ལྟར་བསྟན་ནས་ལྗགས་ཀྱི་མཚན་རྒྱ་ཆེན་པོས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་ཁེབས་པར་

གཡོགས་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པ་དྲུག་ཏུ་གཡོས་སོ། །རྣམ་པ་དྲུག་ཏུ་གཡོས་ཞེས་བྱ་བ་ནི་ཤར་ཕྱོགས་མཐོ་ན་ནུབ་ཕྱོགས་དམའ། ནུབ་ཕྱོགས་མཐོ་ན་ཤར་ཕྱོགས་དམའ། ལྷོ་ཕྱོགས་མཐོ་ན་བྱང་ཕྱོགས་དམའ། བྱང་ཕྱོགས་མཐོ་ན་ལྷོ་ཕྱོགས་དམའ།

เล่ม ๖๗ · หน้า 246b

དབུས་མཐོ་ན་མཐའ་དམའ། མཐའ་མཐོ་ན་དབུས་དམའ་བ་ནི་ས་རྣམ་པ་དྲུག་ཏུ་གཡོས་ཞེས་བྱའོ། །ལྗགས་ཀྱི་དྲུང་ནས་འོད་ཟེར་ཆེན་པོ་བཏང་སྟེ་ཕྱོགས་བཅུར་སྣང་བ་ཆེན་པོ་བྱས་སོ། །སྣང་བ་ཆེན་པོ་དེས་མི་རྟག་པ་ནི་རྟག་པར་བྱས། མ་དག་པ་ནི་དག་པར་བྱས། སྡུག་བསྔལ་ཅན་ནི་

བདེ་བར་བྱས། མ་རིག་པ་ནི་རིག་པར་བྱས། དེའི་ཚེ་སངས་རྒྱས་ཀྱི་འོད་ཀྱིས་རེག་ཅིང་སྣང་ངོ་ཅོག་ལ་རི་དང་། ནགས་ཚལ་དང་། ཡུལ་ས་དང་། ཆུ་བོའི་ཀླུང་དང་། རྒྱ་མཚོ་དང་། ལྕགས་ཀྱི་རི་ཁོར་ཡུག་དང་། དམྱལ་བ་ལ་སོགས་པ་ཐམས་ཅད་ཀྱང་མཐོ་དམའ་མེད་པར་མཉམ་པར་

གྱུར་ཅིང་ཉལ་ཉིལ་དང་། ལྗན་ལྗིན་མེད་དེ། ཀུན་ཀྱང་ཡོངས་སུ་དག་པར་གྱུར་ནས་འདི་ལྟ་སྟེ། དཔེར་ན་ཤར་ཕྱོགས་ན་འཇིག་རྟེན་ཟླ་གང་རྣམ་དག་ཡོངས་སུ་བརྒྱན་དང་འདྲའོ། །དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་སྤྲུལ་པ་ནི། ནམ་མཁའ་ནས་བབ་པ་ནི་མེ་ཏོག་གི་ཆར་བབ་པ་

དང་འདྲའོ། །ས་འོག་ནས་བྱུང་བ་ནི་སྤྲིན་དང་། ན་བུན་བྱུང་བ་དང་འདྲ་བར་ནམ་མཁའ་ཡོངས་སུ་གང་སྟེ་ནམ་མཁའ་སྟོང་པ་ཅུང་ཟད་ཀྱང་མེད་དོ། །སྤྲུལ་པའི་ཞལ་སོ་སོ་ནས་ཚིག་འཐུན་པར་དེ་བཞིན་གཤེགས་པ་ནི་རྟག་པར་འཚོ་སྐྱོང་ཞིང་གཞེས་ཏེ་མྱ་ངན་ལས་མི་འདའོ། །སེམས་ཅན་

ཐམས་ཅད་ལ་སངས་རྒྱས་ཀྱི་ངོ་བོ་ཉིད་ཡོད་དོ་ཞེས་གསུངས། ཡང་ཆོས་ཐམས་ཅད་ནི་སྟོང་པ་ཉིད་དོ་ཞེས་གསུངས་སོ། །སྤྱོད་ལམ་དེ་དག་གི་རྒྱུ་འབྲས་ནི་ཐེག་པ་གཅིག་ཏུ་ཟད་པ་ལས་སེམས་ཅན་གྱིས་ཐེག་པ་རྣམ་པ་གསུམ་དུ་མཐོང་ཞེས་བཤད་ནས་དེ་མ་ཐག་ཏུ་ཀུན་མི་སྣང་བར་གྱུར་ནས་བཅོམ་

ལྡན་འདས་གདན་ལ་བཞུགས་པ་ཉི་ཚེ་སྣང་སྟེ། དེའི་ཚེ་ཚོགས་མང་པོ་ཐམས་ཅད་ཀྱིས་སྐུ་སྤྲུལ་པ་དེ་དག་མཐོང་བ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བྱིན་གྱི་རླབས་ཀྱི་མཐུ་སྟེ། ཤཱཀྱ་ཐུབ་པ་ཡང་བྱམས་པས་འདི་འདྲ་བའི་རྫུ་འཕྲུལ་དང་། གཟི་བརྗིད་མངོན་པར་སྤྲུལ་པ་དེའི་ཚེ་ཚོགས་ཀྱི་ནང་ནས་བྱང་ཆུབ་

སེམས་དཔའ་གང་གཱའི་ཀླུང་བཞི་བཅུའི་བྱེ་མ་སྙེད་ཀྱིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །ཉན་ཐོས་བརྒྱད་ཁྲི་ཞིག་ནི་ཐེག་པ་ཆེན་པོའི་སེམས་བསྐྱེད་དོ། །དགེ་སློང་སྟོང་ཕྲག་བཅུ་ཞིག་གིས་ནི་དགྲ་བཅོམ་པའི་ལམ་ཐོབ་བོ། །དགེ་སློང་མ་ཁྲི་བརྒྱད་སྟོང་ཞིག་གིས་ནི་ཕྱིར་མི་འོང་བའི་ལམ་ཐོབ་བོ། །དགེ་

เล่ม ๖๗ · หน้า 247a

བསྙེན་ཁྲི་ཕྲག་བཞི་བཅུས་ནི་ལན་ཅིག་ཕྱིར་འོང་བའི་ལམ་ཐོབ་བོ། །དགེ་བསྙེན་མ་འབུམ་ཕྲག་བཅུ་ཞིག་ནི་རྒྱུན་ཏུ་ཞུགས་པའི་ལམ་ཐོབ་བོ། །ལྷ་དང་མི་གྲངས་མེད་པ་ཞིག་ནི་ཆོས་ཀྱི་མིག་རྡུལ་མེད་པ་དྲི་མ་དང་བྲལ་བ་རྣམ་པར་དག་པ་ཐོབ་སྟེ། རང་གི་ཚེ་སྔ་ཕྱི་ཤེས་པ་དང་འདུས་

བྱས་ཀྱི་ཆོས་ཐམས་ཅད་མི་རྟག་པར་མཐོང་ངོ་། །དེ་ནས་ཚོགས་ཀྱི་ནང་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་སྒྲ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བགོས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་གཏུགས་ཏེ་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་

གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་གོང་དུ་བསྟན་པ་བཞིན་ནི་སངས་རྒྱས་ཀྱི་མཚན་ཐོས་ན་ཡང་སྡིག་འབྱང་། ཆོས་ཀྱི་མཚན་ཐོས་ན་ཡང་སྡིག་འབྱང་། དགེ་འདུན་གྱི་མཚན་ཐོས་ན་ཡང་སྡིག་འབྱང་བར་འགྱུར་རོ་ཞེས་འབྱུང་ན། སངས་རྒྱས་ཀྱི་མཐུ་ལགས་སམ། ཆོས་ཀྱི་མཐུ་ལགས་

སམ། དགེ་འདུན་གྱི་མཐུ་ལགས་སམ། སངས་རྒྱས་ཀྱི་མཐུ་ལགས་ན་ནི་སངས་རྒྱས་ལ་གསོལ་བ་བགྱི། ཆོས་ཀྱི་མཐུ་ལགས་ན་ནི་ཆོས་ལ་གསོལ་བ་བགྱི། དགེ་འདུན་གྱི་མཐུ་ལགས་ན་ནི་དགེ་འདུན་ལ་གསོལ་བ་བགྱི་བ་ལགས་ན། གསུམ་ཆར་ལ་གསོལ་བ་བགྱི་ཅི་འཚལ། གོང་ན་

གསུངས་པ་ཐེག་པ་གཅིག་ལ་སོ་སོའི་སྐྱེ་བོས་རྣམ་པ་གསུམ་དུ་མཐོང་ངོ་ཞེས་བྱུང་ན། བཅོམ་ལྡན་འདས་ཉིད་ཀྱིས་ཀྱང་གསུམ་དུ་བཤད་ན་སེམས་ཅན་ལྟ་ཅི་ཞིག་སྨོས་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་སྒྲ་ལ་འདི་སྐད་ཅེས་བཀའ་སྩལ་

ཏོ། །ལེགས་སོ་ལེགས་སོ། །རིགས་ཀྱི་བུ་སེམས་ཅན་ལ་ཕན་པ་དང་། བདེ་བའི་ཕྱིར་དོན་དེ་ལྟ་བུ་འདྲི་བ་ཡང་ཤིན་ཏུ་ལེགས་ཏེ། ཉོན་ཅིག་དང་ངས་ཁྱོད་ལ་བྱེ་བྲག་ཕྱེད་པར་བཤད་དོ། །སངས་རྒྱས་ཀྱི་མཐུ་འབའ་ཞིག་ཀྱང་མ་ཡིན། ཆོས་ཀྱི་མཐུ་འབའ་ཞིག་ཀྱང་མ་ཡིན།

དགེ་འདུན་གྱི་མཐུ་འབའ་ཞིག་ཀྱང་མ་ཡིན་ཏེ། ཀུན་ཚོགས་པའི་མཐུ་བས་སངས་རྒྱས་ནི་སེམས་ཅན་གྱི་མགོན་སྐྱབས་ཀྱི་ཕ་མ། བྱང་ཆུབ་སེམས་དཔའ་ནི་དགེ་བའི་བཤེས་གཉེན་ཡིན་ནོ། །སེམས་ཅན་བསླད་པ་ཅན་སེམས་སྟོར་བ་སླར་རྙེད་དེ་འཁོར་བ་ལ་སྐྱོ་ནས་དྲན་པའི་མཐུ་མང་པོས་ཁམས་

เล่ม ๖๗ · หน้า 247b

གསུམ་ན་ཉོན་མོངས་པའི་རྒྱ་མཚོ་ལས་བསྒྲལ་བར་འདོད་ན་ཕྱོགས་སུ་རྒྱས་པའི་མདོ་སྡེ་འདིས་བསྒྲལ་བའི་གྲུ་ཆེན་པོ་བྱེད་དོ། །དེ་བས་ན་རིགས་ཀྱི་བུ་སངས་རྒྱས་ཀྱང་ཆོས་སོ། །ཆོས་ཀྱང་དགེ་འདུན་ནོ། །དགེ་འདུན་ནི་འདུས་མ་བྱས་པའོ། །འདུས་མ་བྱས་པ་ནི་སྟོང་པ་ཉིད་དེ། འདུས་མ་བྱས་པའི་སྟོང་པ་ཉིད་དང་འདུས་བྱས་ཀྱི་

སྟོང་པ་ཉིད་དང་། ནང་གི་སྟོང་པ་ཉིད་དང་། ཕྱིའི་སྟོང་པ་ཉིད་དང་། ཆེན་པོའི་སྟོང་པ་ཉིད་དང་། ཆུང་ངུའི་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དུ་འདྲ་སྟེ། དེ་ལས་གཞན་མེད་དོ། །རིགས་ཀྱི་བུ་ཁྱོད་ཟེར་བ་ལྟ་ན། རྣམ་པ་གཅིག་ཏུ་བསྒྲུབ་པའི་རིགས་ཀྱི་རྣམ་པ་གསུམ་དུ་བསྒྲུབ་ཅི་དགོས་ཞེས་བྱ་བ་ནི་

རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་མི་གཅིག་ཅིག་ནམ་མཁའ་སྟོང་པས་སྐྲག་སྟེ། གར་ཕྱིན་དགུར་གབ་ཀྱང་ནམ་མཁའ་དང་ཡོང་མ་བྲལ་ལོ། །རིགས་ཀྱི་བུ་ཕྱོགས་བཅུའི་དེ་བཞིན་གཤེགས་པས་བཤད་པ་དང་། ངས་བཤད་དོ་ཅོག་དགེ་བ་ཐམས་ཅད་ཀྱི་རྒྱུ་རྐྱེན་དང་། དཀོན་མཆོག་གསུམ་

དང་། ཐེག་པ་གསུམ་ཡང་གཅིག་ལས་མི་འདའོ། །བྱང་ཆུབ་སེམས་དཔའ་སེང་གེ་སྒྲས་གསོལ་པ། ལེགས་སོ་ལེགས་སོ། །བཅོམ་ལྡན་འདས་འཕགས་པས་བསྟན་པ་ལྟར་ནི་བདག་སྔ་ནས་འཚལ་ཏེ་སེམས་ཅན་རྣམས་ཀྱི་སླད་དུ་དོན་དེ་ཞུ་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ་བཞིན་དུ་མི་གཉིས་མི་གསུམ་མོ། །ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པའི་ཆོས་ཀྱི་རྣམ་གྲངས་འདི་ནི་སངས་རྒྱས་རྣམས་ཀྱི་ནི་ཡུམ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་ཤུལ་ཆེན་པོ། རྣལ་འབྱོར་པ་རྣམས་ཀྱི་ནི་མིག་སྟེ། ལྟ་བ་ལོག་པ་རྣམས་སྡུད་པ་དང་། །

སེམས་སྟོར་བ་རྣམས་སྐྱོང་བ་དང་། ངན་སོང་གསུམ་གྱི་སྒོ་གཅོད་པ་དང་། བླ་ན་མ་མཆིས་པའི་བྱང་ཆུབ་ཀྱི་སྒོ་འབྱེད་པ་དང་། ཉན་ཐོས་རྣམས་བཟློག་པ་སྟེ། །ཐེག་པ་ཆེན་པོར་འཛུད་པའི་སླད་དུ་བདག་གིས་གཟུངས་ཆེན་མོའི་སྔགས་ཀྱིས་བསྲུང་ཞིང་བསྐྱབ་པར་བགྱིའོ། །

སྡོམ་པ་མ་ཉམས་པ་དང་། མདོ་སྡེ་འདི་ལ་སྒོམ་ཞིང་བསླབ་པར་བགྱིད་པ་དེ་ལ་ཡང་བསྲུང་ཞིང་བསྐྱབ་པར་བགྱིའོ། །གལ་ཏེ་གང་ཟག་གང་ལ་ལས་མདོ་སྡེ་འདི་ལ་བསྙེན་བཀུར་བགྱིད་ཅིང་དགུང་བདུན་གྱི་བར་དུ་སྤྱད་པ་སྤྱོད་པ་ལ་བདུད་སྡིག་ཅན་གྱིས་འཁྲུག་ཅིང་། གླགས་ལྟ་བ་མཆིས་ན་

เล่ม ๖๗ · หน้า 248a

བདུད་སྡིག་ཅན་གྱིས་གླགས་ཀྱི་སྐབས་མི་རྙེད་པར་བགྱིའོ། །བཅོམ་ལྡན་འདས་བདག་མདོ་སྡེ་འདི་ལ་རིམ་གྲོ་བགྱིས་ཏེ། ཡུན་རིང་པོར་གནས་པར་བགྱི་བ་ཡང་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་གནས་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་

ཀྱི་བུ་ཁྱོད་མདོ་སྡེ་འདི་ལ་རིམ་གྲོ་བྱ་བ་ནི་དཀོན་མཆོག་གསུམ་ལ་རིམ་གྲོ་བྱ་བ་དང་འདྲའོ། །སྟོན་པ་ལ་ཡང་རིམ་གྲོ་བྱ་བ་དང་འདྲའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེང་གེ་སྒྲས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་གཟུངས་སྔགས་འདི་སྐད་ཅེས་སྨྲས་སོ། །ན་མོ་བུད་དྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསང་

གྷཱ་ཡ། ཨ་དན་ཏི་དྷཱ་ར་ཎཱི། ཏདྱ་ཐཱ་ཨཱ་ཀཱ་ཤ་ནི་བ་བཱི་ནི། སརྦ་དྷརྨཱ་ནི་བ་ནི། ཨི་ཤ་མ་ད། པི་པ་ཤ་ན། པི་མ་ལ་སུ་པ་རི། དྷརྨ་ནི་ཁ་ན། བ་ར་རུ་ནི་ཙ་ཡ་ཏ་མ་ལེ། ཙ་ལེ། ཧུ་ལུ་ཧུ་ལུ། ཤི་བི་ཏེ། མནྟྲ་མནྟྲ། མནྟྲཿསྭཱ་ཧཱ། སྔགས་འདི་དུས་གཅིག་ལ་ལན་བརྒྱ་རྩ་བརྒྱད་བཟླས་

ཤིང་མཆོད་རྟེན་ལ་ལན་བདུན་བསྐོར་བ་བགྱི། དེ་ལྟར་གདུགས་བདུན་གྱི་བར་དུ་མདོ་སྡེ་གཞན་ལ་མི་བསམ་པར་གདུགས་གཅིག་ཀྱང་དུས་གསུམ་དུ་ཕྱོགས་སུ་རྒྱས་པའི་མདོ་སྡེ་འདི་ལ་སེམས་རྩེ་གཅིག་ཏུ་བགྱི་སྟེ་སེམས་གཞན་དུ་མི་གཡེང་བར་བགྱིའོ། །བཅོམ་ལྡན་འདས་གཟུངས་

སྔགས་འདི་ནི་སངས་རྒྱས་ཁྲི་ཕྲག་བརྒྱད་བརྒྱས་གསུངས་པ་སྟེ། དེང་འདིར་བདག་གིས་ཀྱང་བརྗོད་པ་ལགས་སོ། །གལ་ཏེ་འགའ་ཞིག་གཟུངས་འདི་ལ་སྨོད་པ་མཆིས་ན་སངས་རྒྱས་དེ་དག་ལ་སྨོད་པར་འགྱུར་རོ། །གཟུངས་འདི་ལ་སྨོད་པ་ནི་ཚེ་རབས་དུ་མའི་བར་དུ་བྱང་ཆུབ་

ཏུ་བསྒྲུབ་ཀྱང་འགྲུབ་པར་མི་འགྱུར་ཏེ། སྲིད་པ་གསུམ་ལས་ཀྱང་མི་འདའོ། །དེ་ཅིའི་སླད་དུ་ཞེ་ན། སྔགས་འདི་ནི་སེམས་དྲན་པ་ཉམས་པ་རྣམས་སེམས་སླར་རྙེད་པར་འགྱུར་བ་དང་། གཟུངས་འདི་ལན་ཅིག་ཙམ་རྣ་བར་ཐོས་སམ། ཐོས་ནས་ཡི་གེར་བྲིས་ཏེ། ཤ་དང་ཆང་མི་

འཚལ་བར་སྡོམ་པ་ལ་གནས་ཤིང་བདག་ཉིད་རྩེན་འཇོ་ལ་སོགས་པ་སྤངས་ཏེ། འདུ་འཛིའི་ནང་དུ་མི་འཇུག་ལ། རྒྱུན་དུ་བྱམས་པ་ཆེན་པོ་སྤྱོད་ཅིང་བསམ་གཏན་ལ་གཅེས་པར་འཛིན་ན་གང་ཟག་དེ་དཔག་ཏུ་མ་མཆིས་པའི་སྒྲིབ་པ་གསུམ་གྱི་སྡིག་ལྕི་བ་རྣམས་འབྱང་བར་འགྱུར་རོ། །

เล่ม ๖๗ · หน้า 248b

གཟུངས་འདི་ཐོས་མ་ཐག་ཏུ་སེམས་ཐག་པ་ནས་བླང་བ་དང་། བཅང་བ་དང་། ཉིན་རེ་ཞིང་ཀློག་པ་དང་། ཁ་ཏོན་དུ་བགྱིད་པ་དང་། ཡི་དམ་དུ་མི་བསྐྱུད་པར་བགྱིད་ན་གང་ཟག་དེ་མངོན་པར་བྱང་མ་ཆུབ་ཀྱི་བར་དུ་ངན་སོང་གསུམ་དུ་ལྟུང་བར་མི་འགྱུར་རོ་ཞེས་གསོལ་པ་དང་། བཅོམ་

ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེང་གེའི་སྒྲ་ལ་བཀའ་སྩལ་པ། ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁྱོད་དཀོན་མཆོག་གསུམ་གྱི་རིམ་གྲོ་བྱ་བ་དང་། བྱམས་པའི་སེམས་ཀྱིས་སེམས་ཅན་རྣམས་སྲིད་པ་གསུམ་ལས་འདོན་པ་དང་། བསླབ་པ་མང་པོ་གྲངས་མེད་པ་ལ་ཕན་པ་དང་།

བདེ་བ་ཆེན་པོ་བྱ་བའི་ཕྱིར་སྟོན་པའི་སྒོ་འབྱེད་ཅིང་ལོག་པར་ལྟ་བ་རྣམས་བཟློག་སྟེ་ཡང་དག་པའི་ལྟ་བ་ལ་འཛུད་པའི་ཕྱིར་གཟུངས་སྔགས་འདི་བཤད་པ་ནི་ཤིན་ཏུའང་ལེགས་སོ། །རིགས་ཀྱི་བུ་སེམས་ཅན་ཐམས་ཅད་གང་དག་ཁྱོད་ཀྱི་མིང་དང་སྔགས་ཀྱི་སྒྲ་ཐོས་ནས་དད་པ་དང་གུས་པ་བསྐྱེད་དེ་མི་སྨོད་

ན་གང་ཟག་དེ་ཚེ་འདི་ཉིད་ལ་ཡང་བདེ་ལ། འཆི་འཕོས་ན་ཡང་རྟག་ཏུ་སངས་རྒྱས་ཐམས་ཅད་མཐོང་ཞིང་ང་ཡང་མཐོང་ལ། ཁྱོད་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་མཐོང་བར་འགྱུར་རོ། །མངོན་པར་འཚང་རྒྱ་བར་ཡང་ངེས་པར་རང་གིས་རིག་སྟེ་ཐེ་ཙོམ་མེད་དོ། །ཀུན་ནས་

ཉོན་མོངས་སྤངས་པ་དང་། །དགེ་བ་ཀུན་གྱི་ལམ་བསྒྲུབས་ཏེ། །སངས་རྒྱས་རང་བཞིན་མཐོང་བ་ཡང་། །རྣམ་དག་དད་པའི་དབང་གིས་སོ། །ཡང་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་མྱ་ངན་ལས་འདས་པའི་འོག་ཏུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལས་

ཉིན་གཅིག་གམ། དུས་གཅིག་གམ། མཚན་གཅིག་གམ། སྐད་ཅིག་མ་གཅིག་ལ་ཕྱོགས་བཅུ་དུས་གསུམ་དུ་གཤེགས་པའི་སངས་རྒྱས་དང་། མདོ་སྡེ་བཅུ་གཉིས་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་རྣམས་ལ་ཕྱག་འཚལ་ཞིང་ཐེག་པ་ཆེན་པོ་ཚུལ་བཞིན་དུ་ཡིད་ལ་

བྱེད་པ་དང་། དོན་དམ་པའི་བདེན་པ་ལ་བསམས་ན་གང་ཟག་དེ་ནི་སྐད་ཅིག་མ་སེ་གོལ་གཏོགས་པ་ཙམ་གྱིས་མི་དགེ་བ་བཅུ་དང་། མཚམས་མེད་པ་ལྔ་དང་། མཉམ་པ་ཉིད་ལ་སྐུར་པ་དང་། ཀུན་ནས་ཉོན་མོངས་པའི་ལས་ཐམས་ཅད་ཡོངས་སུ་མ་ལུས་པར་འབྱང་བར་འགྱུར་རོ། །

เล่ม ๖๗ · หน้า 249a

གལ་ཏེ་དགེ་སློང་ངམ། དགེ་སློང་མའམ། བྱང་ཆུབ་སེམས་དཔའ་འམ། དགེ་སྦྱོང་ངམ། དགེ་སྦྱོང་མས་སེམས་ཀྱི་རང་བཞིན་སྟོར་ནས་རྩ་བ་བཞི་དང་། སྡོམ་པ་བརྒྱད་ཉམས་པ་དང་། མི་དགེ་བ་བཅུ་དང་། མཚམས་མེད་པ་ལྔ་བྱས་པ་དང་། མཉམ་པ་ཉིད་ལ་སྐུར་

པ་རྣམས་ཕྱོགས་བཅུ་དུས་གསུམ་དུ་གཤེགས་པའི་སངས་རྒྱས་ཀྱི་མཚན་ལ་དད་པ་བསྐྱེད་དེ་ཕྱག་འཚལ་ན་འདི་ལྟ་བུའི་ལས་ངན་པ་ཀུན་མ་ལུས་པར་འབྱང་བར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་མ་ཐག་ཏུ་སྔོན་སངས་རྒྱས་འོད་མི་འགྱུར་གྱི་དུས་ན་རྒྱལ་བུ་དགེ་མཐོང་ཞེས་བྱ་བ་དེའི་ཚེ་མི་སུམ་

སྟོང་དང་ལྷན་ཅིག་ཏུ་སྐད་ཅིག་མ་དེར་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་གཏུགས་ཏེ་ཕྱག་འཚལ་ནས་ཚིག་འཐུན་པར་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་བསྐལ་པ་གྲངས་མ་མཆིས་པ་ནས་ཀུན་ནས་ཉོན་མོངས་པའི་ལས་བགྱིས་པ་ལྟ་ཞིག་བཤད་ཀྱིས་མི་

རྫོགས་ཏེ། མི་དགེ་བ་བཅུ་དང་། མཚམས་མ་མཆིས་པ་ལྔ་དང་མཉམ་པ་ཉིད་ལ་སྐུར་པའི་སྡིག་གྲངས་མ་མཆིས་པར་བགྱིས་པ་དེ་དག་དེ་བཞིན་གཤེགས་པའི་མདོ་སྡེ་བཅུ་གཉིས་ལ་བརྟེན་ནས་བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་ཀྱི་སྤྱན་སྔར་མཐོལ་ཏེ། འགྱོད་ཚངས་སུ་གསོལ་

ཞིང་མཆིས་ན་སྐབས་དབྱེ་བར་ཅི་གནང་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ་ལེགས་སོ། །རིགས་ཀྱི་བུ་འཇིགས་པའི་སེམས་བསྐྱེད་པའང་དཀའ་ལ། དགེ་བའི་རྩ་བ་བསྐྱེད་པའང་དཀའ་སྟེ། མི་དགེ་བ་བཅུ་དང་། མཚམས་མེད་པ་ལྔ་མཐོལ་

ཞིང་འཆགས་པར་འདོད་པ་ནི་ལོངས་སྤྱོད་ལ་སོགས་པ་ཡང་སངས་རྒྱས་ཀྱི་བདག་ཉིད་མཐོང་དུ་ཉེ་བས་ཡིད་ལ་དྲན་པ་བཞིན་དུ་མཐོལ་ཞིང་ཤོགས་ཤིག །དེ་ནས་རྒྱལ་བུ་དགེ་མཐོང་ལ་སོགས་པ་མི་སུམ་སྟོང་གིས་བཅོམ་ལྡན་འདས་ཀྱིས་སྐབས་དབྱེ་བར་གནང་བ་བྱམས་པའི་གསུང་ཐོས་ནས་

གོས་ཚགས་བཅོས་ཏེ་ཐལ་མོ་སྦྱར་ཅིང་ཕྱག་འཚལ་ནས་བླ་གོས་ཕྲག་པ་གཡས་སུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ཕྱོགས་བཅུའི་སངས་རྒྱས་ལ་སྐྱབས་སུ་མཆིའོ། །

เล่ม ๖๗ · หน้า 249b

ཕྱོགས་བཅུའི་ཆོས་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །ཡང་འདི་ལྟ་སྟེ། ཤར་ཕྱོགས་ཀྱི་སངས་རྒྱས་འཁྲུག་པ་མི་མངའ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ལྷོ་ཕྱོགས་ཀྱི་སངས་རྒྱས་རིན་ཆེན་འབྱུང་གནས་ལ་ཕྱག་འཚལ་ཞིང་སྐྱབས་སུ་

གསོལ་ལོ། །ནུབ་ཕྱོགས་ཀྱི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། །བྱང་ཕྱོགས་ཀྱི་སངས་རྒྱས་དོན་ཡོད་གྲུབ་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། །བླ་མ་ཕྱོགས་ཀྱི་སངས་རྒྱས་དྲི་བརྩེགས་ལ་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། །འོག་མ་ཕྱོགས་

ཀྱི་སངས་རྒྱས་གཟུགས་བརྙན་འབུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། །ཡང་ཤར་ཕྱོགས་ན་སྐྱེས་བུ་ཆེན་པོ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། །ལྷོ་ཕྱོགས་ན་སྐྱེས་བུ་ཆེན་པོ་འཇིག་རྟེན་འཛིན་ལ་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། །ནུབ་ཕྱོགས་ན་

ཀུན་ཏུ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། །བྱང་ཕྱོགས་ན་ཟླ་གང་ལ་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། །བླ་མ་ཕྱོགས་ན་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། །འོག་མ་ཕྱོགས་ན་སྐྱེས་བུ་ཆེན་པོ་བརྟན་དཔལ་ལ་

ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། །ཡང་བདག་ཅག་གི་མཁན་པོ་དེ་བཞིན་གཤེགས་པ་འོད་མི་འགྱུར་བ་ལ་ཡང་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། །མ་བྱོན་པའི་སངས་རྒྱས་ཀྱི་བདག་ཉིད་ལ་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། །ཕྱོགས་གཞན་ན་སངས་རྒྱས་སྤྲུལ་པའི་སྐུ་

ལ་ཡང་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། །ད་ལྟར་བདག་ཅག་གི་མཁན་པོ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཡང་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། །སྐྱེས་བུ་ཆེན་པོ་དྲི་མ་མེད་པར་གྲགས་པ་དང་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཡང་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། །

འཕགས་པ་དགའ་བོ་དང་འོད་སྲུང་ལ་ཡང་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། །འཕགས་པའི་འབྲས་བུ་རྣམ་བཞི་མངོན་པར་འབྱུང་བ་རྣམས་ལ་ཡང་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། །བྱང་ཆུབ་ཀྱི་སེམས་དང་པོ་བསྐྱེད་པ་རྣམས་ལ་ཡང་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། །སྡེ་སྣོད་ཆེན་པོ་གསུང་རབ་

เล่ม ๖๗ · หน้า 250a

མདོ་སྡེ་བཅུ་གཉིས་དང་མཉམ་པ་ཉིད་ཡང་དག་པའི་མདོ་སྡེ་གཞན་བཞུགས་སོ་འཚལ་ལ་ཡང་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། །ཆ་བརྒྱད་དུ་བགོས་པའི་སྐུ་གདུང་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་ཡང་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། །ད་ལྟར་ན་སྐུ་གཟུགས་

བཞུགས་པ་ཐམས་ཅད་ལ་ཡང་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། །ཕྱོགས་བཞིའི་རྒྱལ་པོ་ཆེན་པོ་བཞི་དང་། ཚངས་པ་དང་། བརྒྱ་བྱིན་དང་། སུམ་ཅུ་རྩ་གསུམ་གྱི་ལྷའི་དབང་ཕྱུག་དང་། བར་སྣང་ལ་གནས་པའི་ལྷ་དང་། སའི་ལྷ་དང་། རི་དང་། ནགས་ཚལ་དང་། ཤིང་དྲུང་གི་ལྷ་དང་།

དྲང་སྲོང་དང་། རྫུ་འཕྲུལ་གྱི་རྐང་པ་དང་ལྡན་པ་རྣམས་དང་། ལྷའི་སྤྱན་མངའ་བ་རྣམས་དང་། ལྷའི་སྙན་མངའ་བ་ཐམས་ཅད་ཀྱི་སྙན་གྱིས་གསན་ཅིང་མཁྱེན་པར་མཛོད་ཅིག །ཀུན་དབང་དུ་གསོལ་ཏེ། སེམས་ཅན་ཐམས་ཅད་ལ་མ་མཐོལ་མ་བཤགས་པ་ཞིག་མཆིས་ན་ཡང་སྡིག་པ་ཐམས་ཅད་བྱང་བར་

གྱུར་ཅིག །ཡང་འདི་སྐད་ཅེས་སྨྲས་ཏེ། བདག་ཅག་ཐོག་མ་མ་མཆིས་པ་ནས་ད་ལྟར་གྱི་ལུས་ངན་པ་འདི་ཐོབ་པའི་བར་ཏུ་ནོར་ཅིང་འཁྲུལ་པའི་སེམས་ཀྱིས་ཕྱིན་ཅི་ལོག་ཏུ་ལྟ་བ་དཔག་ཏུ་མ་མཆིས་པ་ཉོན་མོངས་པ་དང་མི་དགེ་བའི་ལས་བགྱིས་པ་བརྗོད་ཀྱིས་མི་ལང་སྟེ། སྡིག་པའི་ཚོགས་བགྱིས་སོ་འཚལ་

རང་གིས་མ་ཚོར་མ་རིག་པས་ངན་སེམས་རབ་ཏུ་རྒྱས་ཏེ། ཚེ་ཕྱི་མ་མ་མཐོང་ཞིང་ཚེ་འདི་འབའ་ཞིག་མཐོང་བས་ཉོན་མོངས་པའི་བག་ཆགས་ལ་མོས་ཏེ། དགེ་བའི་རྩ་བ་དང་རིང་དུ་གྱུར་ཅིང་ལས་ངན་པས་བར་དུ་ཆོད་ནས་སྡིག་པའི་གྲོགས་པོ་དང་བསྟེན་ཅིང་དགེ་སློང་དང་། དགེ་སློང་མ་ལ་མི་རིགས་

མི་ཚུལ་བའི་ལས་བགྱིས་པ་དང་། ཕ་དང་མ་ལ་མི་རིགས་མི་ཚུལ་བའི་ལས་བགྱིས་པ་དང་། ཡང་བདག་རང་ཉམས་ཀྱི་དབང་གིས་དགེ་འདུན་གྱི་དཀོར་ནོར་ཐུགས་ཐུབ་ཏུ་སྤྱད་པ་དང་། དགེ་འདུན་སྡེ་ལྔ་ལ་མི་རིགས་མི་ཚུལ་བར་བགྱིས་པ་དང་། འཇིག་རྟེན་པའི་ཀུན་ནས་ཉོན་

མོངས་པའི་འབྲས་བུ་དཔག་ཏུ་མ་མཆིས་པར་བཤད་པའམ། བྱང་ཆུབ་ཀྱི་དགེ་བའི་རྩ་བ་དང་ལྡན་པའི་སེམས་ཅན་བཀུམ་པའམ། ཆོས་ཀྱི་སློབ་དཔོན་ལ་སྐུར་ཏེ། ཆོས་ལ་ཆོས་མ་ལགས་ཞེས་སྐུར། ཆོས་མ་ལགས་པ་ནི་ཆོས་ལགས་ཞེས་བརྗོད། དེ་བཞིན་གཤེགས་པ་ལ་

เล่ม ๖๗ · หน้า 250b

ནི་མི་རྟག་ཅེས་བགྱིས། དམ་པའི་ཆོས་ལ་ཡང་མི་རྟག་གོ་ཞེས་བགྱིས། དགེ་འདུན་དཀོན་མཆོག་ཀྱང་མི་རྟག་གོ་ཞེས་བགྱིས། སྦྱིན་པ་དང་ཤེས་རབ་ལ་ནི་མ་མོས། ལོག་པའི་ཆོས་ལ་དད་ཅིང་འཛིན་པ་དེ་དག་གི་སླད་དུ་དེང་འཇིགས་ཤིང་སྐྲག་པ་དཔག་ཏུ་མ་མཆིས། ཁྲེལ་ཞིང་ངོ་

ཚ་བ་ཡང་དཔག་ཏུ་མ་མཆིས་ཏེ། དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ་ལོ། །སངས་རྒྱས་བཅོམ་ལྡན་འདས་ནི་བྱམས་པ་དང་ཐུགས་རྗེ་མངའ་སྟེ། ཕྱོགས་སུ་སྙོམས་པའི་ཡབ་ཡུམ་ལགས། བྱང་ཆུབ་སེམས་དཔའ་རྣམས་ནི་དགེ་བའི་བཤེས་གཉེན་ལགས་ན་བདག་ཅག་གི་

སྡིག་པ་བསྐལ་པ་གྲངས་མ་མཆིས་པའི་འཁོར་བ་ནས་བགྱིས་པ་མཐོལ་ཞིང་བཤགས་པར་འཚལ་ན་གནང་བའི་སྐབས་དབྱེ་བར་གསོལ་ཞིང་སླན་ཆད་ཀྱང་མི་བགྱིད་པར་སྨོན་ཏོ། །ཡང་འདི་ལྟ་སྟེ། བཅོམ་ལྡན་འདས་བདག་ཅག་བསྐལ་པ་དཔག་ཏུ་མ་མཆིས་པ་ཚུན་ཆད་མཚམས་མ་

མཆིས་པ་ལྔ་བགྱིས་པ་དང་། སངས་རྒྱས་དུས་གསུམ་དུ་གཤེགས་པའི་བསླབ་པ་ཞིག་པར་བགྱིས་པ་དང་། ལོག་སྤྱོད་ཀྱི་སྤྱད་པ་སྤྱོད་པ་དང་། ངག་རྩུབ་མོ་གཏོང་བ་དང་། དམ་པའི་ཆོས་ལ་སྐུར་པའི་ལས་ངན་པ་དེ་དག་འགྱོད་ཅིང་མཐོལ་མ་མྱོང་སྟེ། སེམས་ལ་གནོང་བའམ།

ངོ་ཚ་བ་མ་མཆིས་པར་མི་དགེ་བ་བཅུ་དང་། མཚམས་མ་མཆིས་པ་ལྔ་ལ་སོགས་པའི་སྡིག་པ་མི་དགེ་བའི་ལས་ལྕི་བ་ངེས་པར་བགྱིས་པར་རང་གིས་འཚལ་ཀྱང་ནོངས་པ་བཅབས་ནས་འཇིགས་ཤིང་སྐྲག་པ་དང་། གནོང་ཞིང་ངོ་ཚ་བའི་སེམས་ཐོག་མ་ནས་མ་མཆིས་པར་དད་པ་ཅན་གྱི་མཆོད་པ་བླངས་

ནས་མཐོལ་ཞིང་བཤགས་མ་མྱོང་སྟེ། དམ་པའི་ཆོས་ཡུན་དུ་བཙུགས་ཏེ་རིམ་གྲོ་བགྱི་བའི་སེམས་མ་མཆིས་པར་རྟག་ཏུ་སྨོས་ཤིང་བརྙས་པ་དང་། ངག་གི་སྒོ་ནས་ཀུན་ནས་ཉོན་མོངས་པའི་ནོངས་པ་མང་པོ་བགྱིས་པ་དང་། ཆེད་ན་དཀོན་མཆོག་གསུམ་ཡང་མེད་དོ་ཞེས་བརྗོད་པ་དང་། མི་

དགེ་བ་བཅུ་དང་། མཚམས་མ་མཆིས་པའི་སྡིག་དེ་དག་བགྱིས་པའི་སླད་དུ་དེང་འཇིགས་ཤིང་སྐྲག་པ་དཔག་ཏུ་མ་མཆིས། གནོང་ཞིང་ཁྲེལ་པ་དཔག་ཏུ་མ་མཆིས་ཏེ་དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ་ལོ། །སངས་རྒྱས་བཅོམ་ལྡན་འདས་ནི་བྱམས་པ་དང་ཐུགས་རྗེ་མངའ་སྟེ་ཕྱོགས་སུ་

เล่ม ๖๗ · หน้า 251a

སྙོམས་པའི་ཡབ་ཡུམ་ལགས། བྱང་ཆུབ་སེམས་དཔའ་རྣམས་ནི་དགེ་བའི་བཤེས་གཉེན་ལགས་ན་བདག་ཅག་གི་སྡིག་པ་བསྐལ་པ་གྲངས་མ་མཆིས་པའི་འཁོར་བ་ནས་བགྱིས་པ་མི་འཆབ་པའི་སེམས་ཀྱིས་མཐོལ་ཞིང་བཤགས་པར་འཚལ་ན། གནང་བའི་སྐབས་དབྱེ་བར་གསོལ། སླན་

ཆད་ཀྱང་མི་བགྱིད་པར་སྨོན་ཏོ། །ཡང་འདི་ལྟ་སྟེ། བཅོམ་ལྡན་འདས་བདག་ཅག་བསྐལ་པ་གྲངས་མ་མཆིས་པ་ཚུན་ཆད་ཕྱིན་ཅི་ལོག་ཏུ་ལྟ་ལྟ་སྟེ། རྩ་བ་བཞི་ནི་སྦོམ་པོར་བཤད། སྦོམ་པོ་ནི་རྩ་བ་བཞིར་བཤད། ཞིག་པ་རྣམས་ནི་མ་ཞིག་པར་བཤད། མ་ཞིག་པ་རྣམས་ནི་ཞིག་པར་བཤད། ལྕི་བ་

རྣམས་ནི་ཡང་བར་བཤད། ཡང་བ་རྣམས་ནི་ལྕི་བར་བཤད། དག་པ་རྣམས་ནི་མ་དག་པར་བཤད། མ་དག་པ་རྣམས་ནི་དག་པར་བཤད་པ་དང་། ཡང་ལོག་པར་ལྟ་བས་འཇིག་རྟེན་པའི་གཙུག་ལག་ལ་བསྟོད་ཅིང་བསྔགས་ནས་ཆོས་དང་མདོ་སྡེ་ལ་ནི་མ་གུས་ཏེ་སྨྲེ་ངན་གྱི་གཏམ་རྟག་ཏུ་གླེང་ཞིང་

བརྗོད་པ་དང་། མ་བརྟགས་པའི་ནོར་རྣམ་པ་བརྒྱད་པོ་འཆང་བ་དང་། དེ་བཞིན་གཤེགས་པའི་བཀའ་ཡང་དག་པ་ནི། བདུད་ཀྱི་ཚིག་གོ་ཞེས་བགྱིས་པ་དང་། བདུད་ཀྱི་ཚིག་ཡང་དག་པ་ནི་དེ་བཞིན་གཤེགས་པའི་བཀའ་ཞེས་བགྱིས་པ་དང་། མུ་སྟེགས་མཁན་གྱི་ཚིག་ལ་ཡིད་ཆེས་པར་

འཛིན་པ་དང་། དེ་བཞིན་གཤེགས་པ་མཐར་མྱ་ངན་ལས་འདས་ཏེ་མེད་པས་དཀོན་མཆོག་གསུམ་ཡང་མི་རྟག་གོ་ཞེས་བགྱིས་ནས་ལུས་དང་སེམས་འཁྲུལ་ཅིང་ཕྱིན་ཅི་ལོག་ཏུ་ལྟ་བ་དཔག་ཏུ་མ་མཆིས་པའི་སླད་དུ་དེང་འཇིགས་ཤིང་སྐྲག་པ་ཡང་དཔག་ཏུ་མ་མཆིས། གནོང་ཞིང་ངོ་ཚ་བ་ཡང་དཔག་

ཏུ་མ་མཆིས་ཏེ། དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ་ལོ། །སངས་རྒྱས་བཅོམ་ལྡན་འདས་ནི་བྱམས་པ་དང་ཐུགས་རྗེ་མངའ་སྟེ། ཕྱོགས་སུ་སྙོམས་པའི་ཡབ་ཡུམ་ལགས། བྱང་ཆུབ་སེམས་དཔའ་རྣམས་ནི་དགེ་བའི་བཤེས་གཉེན་ལགས་ན་བདག་ཅག་གི་སྡིག་པ་བསྐལ་པ་གྲངས་མ་

མཆིས་པའི་འཁོར་བ་ནས་བགྱིས་པ་དེ་དག་མི་འཆབ་པའི་སེམས་ཀྱིས་མཐོལ་ཞིང་བཤགས་པར་འཚལ་ན་གནང་བའི་སྐབས་དབྱེ་བར་གསོལ། །སླན་ཆད་ཀྱང་མི་བགྱིད་པར་སྨོན་ཏོ། །ཡང་འདི་ལྟ་སྟེ། བཅོམ་ལྡན་འདས་བདག་ཅག་བསྐལ་པ་དཔག་ཏུ་མ་མཆིས་པ་ནས་ཚེ་ལུས་འདི་ལ་ཐུག་

เล่ม ๖๗ · หน้า 251b

གི་བར་དུ་དགེ་འདུན་སྤྱིའི་ནོར་རམ། ཕྱོགས་བཅུའི་དགེ་འདུན་གྱི་ནོར་རམ། །ད་ལྟར་བཞུགས་པའི་དགེ་འདུན་གྱི་ནོར་རམ། དགེ་འདུན་སྡེ་ལྔའི་ནོར་རམ། དགེ་སློང་གང་ཟག་གི་ནོར་རམ། ཡོན་བདག་ཐམས་ཅད་ཀྱི་ནོར་རྫས་ལ་བརྐུས་པ་འམ། རང་ཉམ་དུ་སྤྱོད་པ་དང་། ཡང་རང་སྨོས་

ཏེ། བདག་དམ་པའི་ཆོས་བསམ་གཏན་བཞི་འམ། འབྲས་བུ་བཞི་མ་ཐོབ་པར་ཐོབ་བོ་ཞེས་སྨྲས་པ་ལ་སོགས་པ་རྐྱེན་དེ་ལྟ་བུའི་ལས་ངན་པ་མི་དགེ་བའི་རྒྱུ་རྐྱེན་དུ་གྱུར་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན་ཡང་ཕམ་པ་བཞི་དང་། སྡོམ་པ་བརྒྱད་དང་། དྲུག་དང་། དགེ་འདུན་གྱི་ལྷག་

མ་བཅུ་གསུམ་དང་། མ་ངེས་པའི་ཆོས་གཉིས་དང་། སྤང་བའི་ལྟུང་བ་སུམ་ཅུ་དང་། ལྟུང་བ་དགུ་བཅུ་དང་། སོ་སོར་བཤགས་པ་བཞི་དང་། བསླབ་པ་མང་པོ་དང་། བདུན་ཤིན་ཏུ་ལྕི་བའི་ཆོས་རྣམས་ཏེ། ཚུལ་ཁྲིམས་དེ་དག་རེ་རེ་ལ་ཉེས་བྱས་ནས་ཕམ་པ་ལ་ཐུག་གི་བར་

དུ་ཉམས་པ་དང་། མཚམས་མ་མཆིས་པ་ལྔ་བགྱིས་པ་དང་། དམ་པའི་ཆོས་དང་། མདོ་སྡེ་ཟབ་མོ་ལ་སྐུར་པ་དང་། ལོག་སྤྱོད་ཀྱི་སྤྱད་པ་སྤྱོད་པ་ནས་ནོངས་པ་བཅབས་ཏེ་འགྱོད་ཅིང་མཐོལ་མ་མྱོང་བས་ཉིན་མཚན་དུ་འཕེལ་ཞིང་སྐྱེ་བ་སྔོན་རྒྱལ་བ་དག་གིས་བཤད་པ་ལས་ཐོས་པ་ནི་དམ་པའི་

ཆོས་ལ་སྐུར་པའམ། མཚམས་མ་མཆིས་པ་ལྔ་བགྱིས་པའམ། རྩ་བ་བཞི་ཕམ་པར་གྱུར་པ་རྣམས་མ་བཤགས་མ་མཐོལ་ན་སེམས་ཅན་དམྱལ་བར་ངེས་པར་ལྟུང་སྟེ། དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱིས་ཀྱང་སྐྱབས་

མཛད་པར་མི་འགྱུར། དགེ་འདུན་དང་། ཕ་མ་དང་། ལྷ་རྣམས་དང་། མི་རྣམས་ཀྱིས་ཀྱང་སྐྱབས་དང་འོར་བ་བགྱིད་མི་ནུས་སོ་ཞེས་བྱུང་བས་ན་དེའི་སླད་དུ་དེང་འཇིགས་ཤིང་སྐྲག་པ་དཔག་ཏུ་མ་མཆིས། གནོང་ཞིང་ངོ་ཚ་བ་དཔག་ཏུ་མ་མཆིས་ཏེ། དེའི་སླད་དུ་དེང་དཀོན་མཆོག་གསུམ་དང་། འདས་

པའི་སངས་རྒྱས་རིན་ཆེན་མང་དང་། མ་འོངས་པའི་སངས་རྒྱས་སྟོང་དང་། ད་ལྟར་བཞུགས་པའི་སངས་རྒྱས་སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པ་ལ་སྐྱབས་སུ་གསོལ་ལོ། །སངས་རྒྱས་བཅོམ་ལྡན་འདས་ནི་བྱམས་པ་དང་ཐུགས་རྗེའི་མངའ་བདག་སྟེ། ཕྱོགས་སུ་སྙོམས་པའི་ཡབ་ཡུམ་ལགས།

เล่ม ๖๗ · หน้า 252a

བྱང་ཆུབ་སེམས་དཔའ་རྣམས་ནི་དགེ་བའི་བཤེས་གཉེན་ལགས་ན་བདག་ཅག་བསྐལ་པ་དཔག་ཏུ་མ་མཆིས་པ་ཚུན་ཆད་ཀྱི་ཉོན་མོངས་པའི་སྒྲིབ་པ་དང་། ལས་ཀྱི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་དང་། ཕམ་པ་བཞི་དང་། མཚམས་མ་མཆིས་པ་དང་། མི་དགེ་བ་བཅུ་ལ་སོགས་པའི་

སྡིག་ལྕི་བ་རྣམས་མཐོལ་ཞིང་བཤགས་པར་འཚལ་ན་གནང་བའི་སྐབས་དབྱེ་བར་གསོལ། ཡང་འདི་ལྟ་སྟེ། བཅོམ་ལྡན་འདས་དེང་བདག་ཅག་གིས་སེམས་ཅན་རྣམས་དང་། བདག་ཅག་རང་རང་གི་སླད་དུ་ཕྱོགས་བཅུའི་རྒྱལ་བའི་སྤྱན་སྔར་ད་མཐོལ་ཞིང་བཤགས་པར་འཚལ་ལོ། །སེམས་

ཅན་ཐམས་ཅད་ཀྱིས་བསྐལ་པ་དཔག་ཏུ་མ་མཆིས་པ་ཚུན་ཆད་དེ་བཞིན་གཤེགས་པ་རྣམས་དང་། ཕ་མའི་དྲིན་གློ་བར་མ་ཆུད་པ་དང་། རྣམ་པར་བྱང་བའི་ཆོས་མ་འཚལ་ཏེ། མི་དགེ་བ་སྣ་ཚོགས་བགྱིས་པ་དང་། རང་གི་རིགས་སྙེམས་ཏེ། དྲེགས་ཤིང་རྒྱགས་པའི་ཚེ་ཀུན་ནས་ཉོན་མོངས་པའི་

ལས་ཉམ་བག་ཏུ་བགྱིས་ཀྱང་ནོངས་པར་མ་མཐོང་བས་སྐྱེ་བོ་བླུན་པོའི་ལས་བགྱིས་པ་དང་། སྡིག་པའི་བཤེས་གཉེན་ལ་བསྟེན་ཅིང་ཉོན་མོངས་པས་སེམས་འཁྲུགས་པ་དང་། འདོད་པ་ལྔའི་ཡོན་ཏན་ལ་ཆོག་མ་འཚལ་ཏེ། མི་དགེ་བའི་ལས་རྣམས་བགྱིས་པ་དང་། འགྲོ་བ་བཟང་མོས་བསླུས་ཏེ་འདོད་

ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཉོན་མོངས་པས་གཟིར་ཅིང་སེམས་འཁྲུགས་ཏེ། སྤྲོས་པ་དང་། ལུས་དང་། ངག་དང་། ཡིད་གསུམ་གྱི་སྒོ་ནས་བསྩགས་པའི་ལས་མི་དགེ་བ་བདག་རང་གིས་བགྱིས་པ་དང་། གཞན་བགྱིད་དུ་སྩལ་པ་དང་། བགྱིད་པ་ལ་རྗེས་སུ་ཡི་

རང་བ་དེ་དག་ཐམས་ཅད་དེང་སོ་སོར་འཆགས་སོ། །མཐོལ་ལོ། །མི་འཆབ་བོ། །སངས་རྒྱས་དང་། ཆོས་དང་། འཕགས་པའི་དགེ་འདུན་ལ་བསྙེན་བཀུར་མ་བགྱིས་པའི་སྡིག་པ་ཡང་དེང་སོ་སོར་ཤགས་སོ་མཐོལ་ལོ། །མི་འཆབ་བོ། །བྱང་ཆུབ་སེམས་དཔའ་དང་། རང་སངས་

རྒྱས་ལ་ཡང་བསྙེན་བཀུར་མ་བགྱིས་པའི་སྡིག་པ་ཡང་དེང་སོ་སོར་འཆགས་སོ། །མཐོལ་ལོ་མི་འཆབ་བོ། །མ་རིག་པའི་དབང་གིས་དམ་པའི་ཆོས་ལ་སྐུར་པ་བཏབ་པ་དང་། ཕ་མ་དང་། མཁན་པོ་དང་། སློབ་དཔོན་གྱི་དྲིན་གློ་བར་མ་ཆུད་པའི་སླད་དུ་བསྙེན་བཀུར་མ་བགྱིས་པའི་སྡིག་པ་དེ་དག་

เล่ม ๖๗ · หน้า 252b

ཀྱང་དེང་སོ་སོར་འཆགས་སོ། །མཐོལ་ལོ། མི་འཆབ་བོ། བླུན་ཞིང་རྨོངས་པས་བསྒྲིབས་ཏེ། ཉམ་རངས་དང་རྒྱགས་པས་མི་དགེ་བ་སྣ་ཚོགས་བགྱིས་པའི་སྡིག་པ་དེ་དག་ཀྱང་དེང་སོ་སོར་འཆགས་སོ། །མཐོལ་ལོ། མི་འཆབ་བོ། སླན་ཆད་ཀྱང་མི་བགྱིད་དོ། ཕྱོགས་བཅུའི་

སངས་རྒྱས་ཐམས་ཅད་ལ་བདག་ཅག་གིས་ཡོན་ཕུལ་ཞིང་མཆོད་པས་ནི་མ་ལུས་པའི་སེམས་ཅན་དེ་དག་ཀུན་ས་བཅུ་ལ་འཁོད་དེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་བུ་

དགེ་མཐོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལེགས་སོ་སྐྱེས་བུ་ཆེན་པོ་རང་གི་ལས་ལེགས་ཉེས་ཀྱི་རྟོག་པ་ལ་མཁས་ཏེ། ཀུན་ནས་ཉོན་མོངས་པའི་ལས་ལ་འཇིགས་པ་དང་སྐྲག་པ་སྐྱེས་ནས་ཉེས་པ་རྣམས་མངོན་པར་མཐོལ་བའི་སྟེང་དུ་སེམས་ཅན་གྱི་སྡིག་མང་པོ་ཡང་ཁྱོད་ཀྱིས་མཐོལ་

ཞིང་བཤགས་པའི་ཕྱིར་ཁྱོད་ནི་སྐྱེས་བུ་དམ་པ་ཡང་དག་པ་ཞེས་བྱའོ། །རང་གི་ཉོན་མོངས་པ་སྤོང་བའི་སྟེང་དུ་སེམས་ཅན་ཀུན་ནས་ཉོན་མོངས་པ་ཡང་རིང་དུ་དབྲལ་བར་བྱས་པས་དེའི་ཕྱིར་ཁྱོད་ནི་སྐྱེས་བུ་དམ་པ་ཡང་དག་པ་ཞེས་བྱ་བ་ཡིན་ཏེ། རང་གི་དོན་དུ་སྨོན་པ་མ་ཡིན་གྱི། ཐོག་མར་

སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་སྨོན་ལམ་བཏབ་པའི་ཕྱིར་ཁྱོད་ནི་སྐྱེས་བུ་དམ་པ་ཡང་དག་པ་སྐྱེས་བུ་དམ་པ་ཡང་དག་པ་ཞེས་བྱའོ། །དེ་ནས་རྒྱལ་བུ་དགེ་མཐོང་ལ་སོགས་པ་མི་སུམ་སྟོང་གིས་འགྱོད་ཚངས་བགྱིས་པའི་འོག་ཏུ་བཅོམ་ལྡན་

འདས་ལ་ཚིགས་སུ་བཅད་དེ་འདི་སྐད་ཅེས་བསྟོད་དོ། བཅོམ་ལྡན་ཉག་གཅིག་གཙོ་བོ་མཆོག །ཁམས་གསུམ་ཕ་མ་ཐམས་ཅད་མཁྱེན། །ཐམས་ཅད་མི་མཉམ་མཉམ་པ་ཉིད། །བཅོམ་ལྡན་དཀོན་ལ་ཕྱག་འཚལ་ལོ། །སྐྱེ་བོ་སྦྱིན་གཏོང་རང་གི་ཕྱིར། །ནོར་རྫས་བྱིན་ཅིང་ལན་

ཡང་རེ། །བྱམས་ཆེན་རྒྱལ་བ་དེ་མིན་ཏེ། །དགྲ་གཉེན་བྱམས་དང་ཕན་སྙོམས་མཛད། །རྐང་གཉིས་ནང་ན་རྒྱལ་བ་བཙུན། །ཤེས་རབ་སྤྱན་གྱིས་མཁྱེན་གཟིགས་ལ། །བརྩོན་འགྲུས་ཆེ་བདག་སྐྱབས་སུ་མཆི། །ལྷ་གཞན་ཤེས་རབ་དེ་མ་འཚལ། །འདས་དང་མ་བྱོན་ད་ལྟར་

เล่ม ๖๗ · หน้า 253a

བཞུགས། །རྒྱལ་བ་ཀུན་ལ་བདག་ཕྱག་འཚལ། །དེ་བཞིན་རྒྱལ་ལ་སྐྱབས་གསོལ་པའང་། །དུས་གསུམ་རྒྱལ་བ་མཆོད་པ་བཞིན། །དེ་ནས་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་རྒྱལ་བུ་དགེ་མཐོང་དང་མི་སུམ་སྟོང་ལ་ཚིགས་སུ་བཅད་དེ་བསྟོད་པ། གང་ཞིག་

སངས་རྒྱས་འགྲུབ་འདོད་པ། །མང་དུ་ཐོས་ལ་འབྲང་བར་བྱོས། །སློབ་དཔོན་དགེ་ལ་བཀུར་བྱས་ན། །སངས་རྒྱས་འགྲུབ་ལ་ཡུན་མི་རིང་། །གང་ཞིག་ཚུལ་ཁྲིམས་རྣམ་དག་སྤྱོད། །དེ་ནི་དགེ་སློང་ཡང་དག་ཡིན། །གང་ཞིག་སྟོང་པར་སྒོམ་ནུས་པ། །དེ་ནི་ཏིང་འཛིན་ཐོབ་ཅེས་

བྱ། །གང་ཞིག་བརྩོན་འགྲུས་སྤྱོད་ནུས་པ། །དེ་ནི་བྱང་ཆུབ་སྤྱོད་པའོ། །གང་ཞིག་མྱ་ངན་འདའ་འགྱུར་བ། །དེ་ནི་དགའ་བ་ཡང་དག་པའོ། །ཚུལ་ཁྲིམས་འཛིན་པའི་དགེ་སློང་དང་། །རྣམ་དག་ཁྲིམས་འཛིན་དགེ་སློང་མ། །ཟླ་བ་ཕྱེད་ཅིང་གསོ་སྦྱོང་བྱོས། །ཆོས་གོས་

རྣམ་པ་ལུས་གྱོན་ཏེ། །ལྷུང་བཟེད་གསེག་གཤང་ཐོགས་ནས་སུ། །རྣམ་དག་བསོད་སྙོམས་འགྲོ་བྱས་ན། །ལྷ་རྣམས་ཀུན་ཀྱང་དགའ་འགྱུར་བས། །ཐལ་མོ་སྦྱར་ཅིང་གུས་ཕྱག་འཚལ། །ངས་ཀྱང་ལྷ་དང་མི་རྣམས་ཀུན། །དེ་ཡི་བྱ་བ་བྱེད་དུ་གཞུག །དཔེར་ན་ལྷ་བྲན་

ཐམས་ཅད་ཀྱིས། །ལྷ་ཡི་དབང་པོ་བརྒྱ་བྱིན་ལ། །རིམ་གྲོ་གུས་པར་བྱེད་པ་བཞིན། །ད་ལྟར་འཕྲལ་དུའང་ལན་ཐོབ་སྟེ། །ཕྱི་མའི་དུས་སུའང་དཔག་ཏུ་མེད། །རབ་ཏུ་བྱུང་ཞིང་ཁྲིམས་འཛིན་པ། །སངས་རྒྱས་དྲིན་ལན་ལོན་ཞེས་བྱ། །རྒྱལ་བུ་དགེ་མཐོང་འདི་ལྟ་སྟེ། །ང་དང་སེམས་

དཔའ་མ་གཏོགས་པར། །འཇིག་རྟེན་པ་ཡི་མི་ཀུན་ཀྱང་། །རྣམ་དག་དད་པའི་སེམས་བསྐྱེད་དོ། །ཕྱོགས་བཅུའི་སངས་རྒྱས་དེ་དག་ཀུན། །མྱ་ངན་མི་འདའ་རྟག་ཏུ་བཞུགས། །ཆོས་དང་དགེ་འདུན་དེ་བཞིན་ཏེ། །དེ་ལྟར་མངོན་པར་ཤེས་པ་ནི། །སངས་རྒྱས་དྲིན་ལན་ལོན་ཞེས་བྱ། །

རྒྱལ་བུ་དགེ་མཐོང་འདི་ལྟ་སྟེ། །འཇིག་རྟེན་པ་ཡི་མི་དག་ཀུན། །རྣམ་པར་འབྱེད་པའི་སེམས་མེད་ཅིང་། །ཐེག་པ་གཅིག་ལ་མ་མངོན་པར་ཤེས། །འདས་པ་དང་ནི་མ་འོངས་པ། །ཕྱོགས་བཅུ་དང་ནི་ད་ལྟའི་རྣམས། །སངས་རྒྱས་ཐེག་ཆེན་གཅིག་པུ་ལ། །གཉིས་སམ་གསུམ་

เล่ม ๖๗ · หน้า 253b

ཞེས་བྱ་མེད་པར། །དེ་ལྟར་ཡིད་ལ་བསྐྱེད་ནས་སུ། །སེམས་ཀྱིས་རྣམ་པར་མི་རྟོག་ན། །དེ་ལྟ་བུ་ཡི་མི་རྣམས་ནི། །རྒྱལ་བའི་དྲིན་ལན་ལོན་ཞེས་བྱ། །རྒྱལ་བུ་དགེ་མཐོང་འདི་ལྟ་སྟེ། །གང་ཟག་ལ་ལ་འགའ་ཞིག་གིས། །སངས་རྒྱས་མྱ་ངན་འདས་ཕྱི་ན། །རྟག་ཏུ་དད་པའི་སེམས་བསྐྱེད་དེ། །

སེམས་ཅན་ཀུན་ལ་སངས་རྒྱས་ཀྱི། །བདག་ཉིད་ཡོད་པར་བཤད་པ་ནི། །དེ་ལྟ་བུ་ཡི་གང་ཟག་རྣམས། །རྒྱལ་བའི་དྲིན་ལན་ལོན་ཞེས་བྱ། །གང་ཞིག་སྐད་ཅིག་དགེ་སྤྱོད་ཅིང་། །ལྷ་ཡི་འབྲས་བུ་མི་རེ་སྟེ། །ཅིག་ཅར་བླ་མེད་ལམ་བསྒྲུབས་ན། །རྒྱལ་བའི་དྲིན་ལན་ལོན་ཞེས་བྱ། །

རྒྱལ་བུ་དགེ་མཐོང་འདི་ལྟ་སྟེ། །སངས་རྒྱས་མྱ་ངན་འདས་ཕྱི་ན། །གལ་ཏེ་གང་ཟག་འགའ་ཞིག་གིས། །ཡུད་ཙམ་མདོ་སྡེ་འདི་བཀླགས་ཏེ། །དཀོན་མཆོག་གསུམ་ལ་གུས་བྱས་ཤིང་། །མཁན་ལ་སྲིད་ཞུ་མཆོད་བྱས་ན། །དེ་ལྟ་བུ་ཡི་གང་ཟག་རྣམས། །རྒྱལ་བའི་དྲིན་ལན་ལོན་ཞེས་

བྱ། །གང་ཞིག་ནོར་རྫས་སྣ་འགའ་འམ། །ཁ་ཟས་དང་ནི་གོས་ཀྱི་རྣམས། །ཀུན་ལ་ཁྱབ་པར་སྦྱིན་བྱས་ན། །རྒྱལ་བའི་དྲིན་ལན་ལོན་ཞེས་བྱ། །རྒྱལ་བུ་དགེ་མཐོང་འདི་ལྟ་སྟེ། །ང་ཡི་ཆོས་རྣམས་འཇིག་པ་ན། །གང་ཞིག་འགའ་ལ་བློ་བསྟན་ནས། །ཡུད་ཙམ་མདོ་སྡེ་འདི་མཉན་ན། །

བྱང་ཆུབ་སེམས་དཔའ་འབུམ་བརྒྱ་ལ། །མཆོད་པ་ཕུལ་བས་དེ་ལྷག་གོ། །ཐེག་ཆེན་མདོ་སྡེ་འདི་དག་ཀྱང་། །སངས་རྒྱས་བྱང་ཆུབ་ཀུན་གྱི་ཡུམ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །མདོ་སྡེ་འདི་ལ་དྲན་བྱས་ཏེ། །སྙོམས་སེམས་ཕན་ཚུན་གཉིས་མེད་ན། །རྒྱལ་

བའི་དྲིན་ལན་ལོན་ཞེས་བྱ། །རྒྱལ་བུ་དགེ་མཐོང་འདི་ལྟ་སྟེ། །གང་ཞིག་ཆོས་འདི་འཇིག་པའི་ཚེ། །རྒྱལ་བའི་དྲིན་ལན་བླན་འདོད་པས། །སྐད་ཅིག་ཡུད་ཙམ་སྒོམ་བྱེད་པས། །སྟོང་ཁམས་གང་བའི་སེམས་ཅན་གྱི། །སྲོག་གི་སྦྱིན་པ་བྱིན་པ་བས། །བསམ་གཏན་

བསྒོམ་པ་ཡོན་ཏན་ཆེ། །གང་ཞིག་བསྒོམ་ལ་སྐུར་པ་དང་། །དགེ་འདུན་འཁྲུགས་པར་བྱེད་པ་ནི། །སྟོང་ཁམས་གསུམ་པོ་གང་བ་ཡི། །མི་རྣམས་ཀྱི་ནི་སྲོག་བཅད་དང་། །སྲོག་ཆགས་ཐམས་ཅད་བསད་དང་འདྲ། །དེ་སྡིག་ཡང་ནི་དེ་བཞིན་ནོ། །གང་ཞིག་དགེ་སྤྱོད་མཐོང་བ་

เล่ม ๖๗ · หน้า 254a

ལ། །སྐུར་པ་འདེབས་ཤིང་མ་དད་པ། །དཀོན་མཆོག་གསུམ་གྱི་རིགས་གཅོད་པས། །དེས་ནི་རྒྱལ་བའི་ལན་མི་ལྡོན། །དེ་ནས་རྒྱལ་བུ་དགེ་མཐོང་དང་མི་སུམ་སྟོང་པོ་བཅོམ་ལྡན་འདས་རྣམས་ཀྱིས་བསྟན་པར་གནང་བ་དགའ་བས་ཚིམ་ནས་བསྟན་པ་ཉིད་སྤྱི་བོས་བླངས་ཏེ།

ཚིགས་སུ་བཅད་པ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱི་བསྟན་པ་ལ། །གང་མང་ལགས་ཤིང་གང་མི་མང་། །མང་དང་མི་མང་གཉི་ག་ཡང་། །དངོས་པོ་དམིགས་སུ་ཡོང་མ་མཆིས། །ཡང་དག་མཚན་ཉིད་དེ་ལྟ་བུ། །ཆོས་རྣམས་ཀུན་དང་མི་འགལ་ལོ། །སེམས་

ཅན་ཀུན་ལ་བྱམས་སླད་དུ། །ཐབས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར། །འཕགས་པ་གང་ནས་བྱོན་པ་ནས། །དེ་བཞིན་གཤེགས་པའང་དེ་ནས་བྱོན། །ཡང་དག་མཚན་ཉིད་ཇི་ལྟ་བ། །དེ་བཞིན་གཤེགས་པའང་དེ་བཞིན་ནོ། །འཕགས་པ་ཀུན་གྱི་བདེན་ཚིག་ལྟར། །དེ་བཞིན་

གཤེགས་པའང་དེ་བཞིན་བཤད། །དེ་ཡི་སླད་དུ་རྒྱལ་བའི་མཚན། །དེ་བཞིན་གཤེགས་ཞེས་བགྱི་བ་ལགས། །བཟོད་པའི་གོ་ཆ་བརྟན་པའི་སེམས། །སྲ་བའི་གཞུ་སྟོབས་བརྩོན་འགྲུས་ཆེ། །རྣོ་བའི་མདའ་ནི་ཤེས་རབ་མགྱོགས། །ལེ་ལོའི་དགྲ་རྣམས་འཇོམས་མཛད་ཅིང་། །

འཇིག་རྟེན་ལྷ་དང་མི་རྣམས་ཀྱི། །མཆོད་ཡོན་ཕུལ་བ་བཞེས་པས་ན། །དེ་ཡི་སླད་དུ་རྒྱལ་བའི་མཚན། །དགྲ་བཅོམ་ཞེས་ནི་བགྱི་བ་ལགས། །རབ་ཏུ་སྡུག་བསྔལ་མཚན་ཉིད་མཁྱེན། །སྡུག་བསྔལ་རྒྱུ་ཡང་ཤིན་ཏུ་མཁྱེན། །སྡུག་བསྔལ་ཞི་བའི་མཚན་ཉིད་ལ། །ཞི་བའི་ཚུལ་ཡང་རབ་

ཏུ་མཁྱེན། །འཕགས་པའི་བདེན་བཞི་མཁྱེན་པས་ན། །འགྱུར་བ་མ་མཆིས་བདེན་པར་ངེས། །དེ་བས་ཕྱོགས་བཅུའི་ནང་ན་ཡང་། །མཚན་ནི་ཡང་དག་རྫོགས་ཞེས་བགྱི། །རིག་པ་གསུམ་པོ་མཆོག་བརྙེས་པས། །སྤྱོད་ལམ་རྣམ་དག་དང་ཡང་ལྡན། །དེ་སླད་མཚན་ནི་བཅོམ་ལྡན་འདས། །

མཁྱེན་དང་ཞབས་སུ་ལྡན་ཞེས་བགྱི། །ཆོས་རྣམས་ཐམས་ཅད་ཀུན་མཁྱེན་ཅིང་། །དམ་པའི་ཆོས་ཉིད་རབ་བརྙེས་པས། །ཐམས་ཅད་ཀུན་ལ་བྱམས་སླད་དུ། །དུས་སྐབས་སྦྱར་ཞིང་ཐབས་ཀྱིས་བཤད། །སྐྱེ་རྒ་ན་འཆི་རབ་བསལ་ཅིང་། །བདེ་བའི་གནས་སུ་ཕྱིན་པར་མཛད། །དེ་ཡི་སླད་དུ་རྒྱལ་

เล่ม ๖๗ · หน้า 254b

བའི་མཚན། །བདེ་བར་གཤེགས་ཞེས་བགྱི་བ་ལགས། །འཇིག་རྟེན་གང་ནས་མཆིས་པ་དང་། །འཇིག་རྟེན་བས་པའི་མཐའ་ཡང་མཁྱེན། །དེ་ཡི་སླད་དུ་རྒྱལ་བའི་མཚན། །འཇིག་རྟེན་མཁྱེན་ཞེས་བགྱི་བ་ལགས། །ཐུགས་རྗེ་ཆེན་པོས་སེམས་ཅན་བསྒྲལ། །མཉེན་དེས་དགེ་བ་

བསྟན་ཅིང་བཏུལ། །དེ་ཡི་སླད་དུ་རྒྱལ་བའི་མཚན། །སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་སྤྱན། །ཐུབ་ཅིང་བླ་རུ་འདའ་བ་མེད། །དེ་ཡི་སླད་དུ་རྒྱལ་བའི་མཚན། །བླ་ན་མེད་ཅེས་བགྱི་བ་ལགས། །ཉོན་མོངས་མི་མངའ་ཤེས་རབ་ལྡན། །རྣམ་གྲོལ་དམ་

པ་མཆོག་བཤད་པས། །དེ་ཡི་སླད་དུ་རྒྱལ་བའི་མཚན། །ལྷ་དང་མི་ཡི་སྟོན་ཞེས་བགྱི། །དུས་གསུམ་གཡོ་འམ་མི་གཡོ་བ། །བས་སམ་མ་བས་ཆོས་ཀུན་ཡང་། །བྱང་ཆུབ་ཤིང་དྲུང་ཀུན་མཁྱེན་པས། །དེ་ཡི་སླད་དུ་མཚན་སངས་རྒྱས། །དེ་ནས་ཕྱོགས་བཅུའི་སངས་རྒྱས་རྣམས་

རྫུ་འཕྲུལ་ཆེན་པོའི་ཏིང་ངེ་འཛིན་དུ་ཞུགས་ནས་སྐུ་ནམ་མཁའ་ལ་འཕགས་ཏེ་ཞལ་སོ་སོ་ནས་ཚིག་འཐུན་པར་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་རྒྱལ་བུ་དགེ་མཐོང་དང་མི་སུམ་སྟོང་པོ་ཁྱེད་རྣམས་ཀྱི་སྡིག་གི་རང་བཞིན་ནི་ནང་ན་ཡང་མི་གནས། ཕྱི་རོལ་ན་ཡང་མི་གནས། བར་ན་ཡང་མི་གནས་

སོ། །སེམས་བརྟན་པའི་ཕྱིར་དགེ་བའི་མཐུ་ཡང་བརྟན་ནོ། །སེམས་རྣམ་པར་གྲོལ་བའི་ཕྱིར་སྡིག་གི་རང་བཞིན་ཡང་རྣམ་པར་གྲོལ་ལོ། །ཤེས་རབ་སྟོང་པ་ཉིད་ཀྱི་ཕྱིར་སྡིག་གི་རང་བཞིན་ཡང་སྟོང་པ་ཉིད་དོ། །དད་པའི་མཐུ་ཆེ་བའི་ཕྱིར་བསོད་ནམས་ཀྱི་མཐུ་ཡང་ཆེའོ། །དེ་བཞིན་དུ་མཐོལ་

བཤགས་ཏེ་འགྱོད་ཚངས་ནུས་པ་ནི་ངེད་རྣམས་མཐོང་བའི་སྟེང་དུ་སངས་རྒྱས་རིན་ཆེན་མང་དང་། སྤྲུལ་པའི་སྐུ་ཐམས་ཅད་ཀྱང་མཐོང་བར་འགྱུར་རོ། །འགྱོད་ཚངས་ཀྱིས་སྡིག་སྦྱངས་པས་རྒྱུན་དུ་ང་ཡང་མཐོང་ལ། དེང་བྱང་ཆུབ་སེམས་དཔའ་རྣམས་ལ་བསྟན་བཅོས་པ་དང་འདྲ་བར་དེ་བཞིན་

དུ་འགྱོད་ཚངས་བྱས་པ་ནི་ང་དང་སྤྲུལ་པའི་སྐུ་རྣམས་དང་། འདས་པའི་སངས་རྒྱས་རིན་ཆེན་མང་ལ་སོགས་པ་ཐམས་ཅད་ཀྱང་དགྱེས་པར་འགྱུར་རོ། །ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མཐོང་བ་དང་། མཆོད་པ་བྱས་པར་འགྱུར་རོ། །དེ་དག་ཀྱང་དགྱེས་པར་འགྱུར་ཏེ། ཐེག་པ་ཆེན་

เล่ม ๖๗ · หน้า 255a

པོའི་མདོ། །སྡེ་འདིའི་རྗེས་སུ་བྱང་ཆུབ་ཏུ་ཆུད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་འཁོར་ཞབས་རིང་བ་རྣམས་ལ་བཀའ་སྩལ་པ། སྡིག་ཅན་རྣམས་ཀྱིས་སྡིག་བཤགས་པར་འདོད་ན། རྒྱལ་བུ་དགེ་མཐོང་བཞིན་དུ་དུས་གསུམ་གྱི་སངས་རྒྱས་དང་། མདོ་སྡེ་བཅུ་གཉིས་དང་། བྱང་ཆུབ་

སེམས་དཔའི་དགེ་འདུན་ཆེན་པོ་རྣམས་ལ། རེ་རེ་ནས་དམིགས་ཏེ་ཕྱག་འཚལ་བ་ང་དང་ཕྲད་པ་དང་འདྲ་བའམ། མཐོང་བ་དང་འདྲ་བར་འདུ་ཤེས་བསྐྱེད་དེ། སངས་རྒྱས་གཅིག་གམ། སངས་རྒྱས་གཉིས་སམ། སངས་རྒྱས་བཅུའམ། སངས་རྒྱས་བརྒྱའམ། སངས་རྒྱས་སྟོང་ངམ། སངས་

རྒྱས་ཁྲིའམ། སངས་རྒྱས་གྲངས་མེད་པའི་འདུ་ཤེས་སུ་བསྐྱེད་དེ། མཐོང་བ་དང་འདྲ་བར་དམིགས་ལ། དེ་བཞིན་དུ་རེ་རེ་ནས་དམིགས་ཏེ་སེམས་ཀྱིས་ཕྱག་འཚལ་ན་དེ་དག་གིས་བསོད་ནམས་དཔག་ཏུ་མེད་པ་ཡང་ཐོབ་པར་འགྱུར་ལ། འཁོར་བའི་སྡིག་ལྕི་བ་ཐམས་ཅད་ཀྱང་སེལ་བར་བྱེད་དོ། །བསྐལ་

པ་གྲངས་མེད་པའི་བར་དུ་ངན་སོང་གསུམ་དུ་ལྟུང་བར་མི་འགྱུར། སངས་རྒྱས་ཀྱི་ཆོས་ལ་བདེ་བར་གནས་པར་འགྱུར་བར་ཡང་ངེས་ཏེ་ཐེ་ཙོམ་མེད་དོ། །དེའི་ཕྱིར་སྡིག་པ་རྣམས་མཐོལ་ཞིང་བཤགས་པར་བྱས་ལ་སེམས་ཐག་པ་ནས་དད་པ་བསྐྱེད་ན་གདོན་མི་ཟ་བར་སྡིག་པ་བྱང་བར་འགྱུར་རོ། །དེ་ནས་རྒྱལ་

བུ་དགེ་མཐོང་དང་མི་སུམ་སྟོང་གིས་ཅིག་ཅར་དུ་སྐད་བསྐྱེད་དེ། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་བསྟོད་པ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་བྱམས་ཤིང་ཐུགས་རྗེ་ཆེ། །ཤཱཀྱའི་གདུང་རིགས་ཆོས་ཀྱི་རྗེ། །ཚོགས་ཀྱི་ནང་ན་སེང་གེའི་སྒྲས། །ཁྱབ་པར་སེམས་ཅན་བསྡུས་པ་ནི། །

ཕ་ལ་གཟིགས་པ་བུ་གཅིག་བཞིན། །རྣམ་པར་འབྱེད་པ་ཡོང་མ་མཆིས། །དེ་ལྟ་བུ་ཡི་བླ་མེད་པ། །མཐོང་ནས་དེ་སླད་གུས་ཕྱག་འཚལ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་བུ་དགེ་མཐོང་དང་མི་སུམ་སྟོང་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་ཁྱེད་རྣམས་འདི་ལྟར་འགྱོད་

ཚངས་བྱས་ཏེ། མི་འཆབ་པའི་སེམས་ཀྱིས་མཐོལ་ཞིང་བཤགས་པས་ད་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཁྱེད་རྣམས་མ་འོངས་པའི་དུས་ན་གདོན་མི་ཟ་བར་སངས་རྒྱས་སུ་འགྲུབ་བོ། །རིགས་ཀྱི་བུ་ཡང་འདི་ལྟ་སྟེ། ང་མྱ་ངན་ལས་འདས་པའི་འོག་ཏུ་གང་ཞིག་སེམས་ཐག་པ་ནས་ཕྱོགས་བཅུའི་

เล่ม ๖๗ · หน้า 255b

དེ་བཞིན་གཤེགས་པ་རྣམས་དང་། མདོ་སྡེ་བཅུ་གཉིས་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་ལ་ཕྱག་འཚལ་བར་ནུས་པ་ནི་དཀོན་མཆོག་གསུམ་གྱི་དྲིན་གྱི་ལན་ལོན་ཞེས་བྱ་བ་སྟེ། དེ་མ་ཐག་ཏུ་མི་དགེ་བ་བཅུ་དང་། མཚམས་མེད་པ་ལྔ་དང་། མཉམ་པ་ཉིད་ལ་སྐུར་པའི་སྡིག་བྱང་བར་

གྱུར་ནས་རྒྱུན་ཏུ་ཞུགས་པར་འོས་པ་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུ་སྦྱིན་ནོ། །ལན་ཅིག་ཕྱིར་འོང་བར་འོས་པ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་སྦྱིན་ནོ། །ཕྱིར་མི་འོང་བར་འོས་པ་ནི་ཕྱིར་མི་འོང་བའི་འབྲས་བུ་སྦྱིན་ནོ། །དགྲ་བཅོམ་པར་འོས་པ་ནི་དགྲ་བཅོམ་པའི་འབྲས་བུ་སྦྱིན་ནོ། །རང་

སངས་རྒྱས་སུ་འོས་པ་ནི་རང་སངས་རྒྱས་ཀྱི་འབྲས་བུ་སྦྱིན་ནོ། །བྱང་ཆུབ་སེམས་དཔར་འོས་པ་ནི་བྱང་ཆུབ་སེམས་དཔའི་འབྲས་བུ་སྦྱིན་ནོ། །ད་ལྟར་མདོ་སྡེ་འདིའི་ནང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྐྱེ་བ་གཅིག་གིས་ཡང་དག་པའི་མཚན་ཉིད་ཐོབ་པ་ཡང་ཕྱོགས་བཅུ་དུས་གསུམ་

གྱི་སངས་རྒྱས་ལ་ཕྱག་འཚལ་བའི་ཡོན་ནོ། །བྱང་ཆུབ་སེམས་དཔའ་སྐྱེ་བ་གཉིས་ཀྱིས་ཆོས་ཀྱི་དབྱིངས་ཐོབ་པ་ཡང་དུས་གསུམ་གྱི་སངས་རྒྱས་རྣམས་ལ་ཕྱག་འཚལ་བའི་ཡོན་ནོ། །བྱང་ཆུབ་སེམས་དཔའ་ཡང་དག་པའི་མཐར་ཕྱིན་པའི་ཡེ་ཤེས་ཐོབ་པ་ཡང་དུས་གསུམ་གྱི་སངས་རྒྱས་རྣམས་ལ་ཕྱག་འཚལ་བའི་ཡོན་ནོ། །བྱང་ཆུབ་

སེམས་དཔའ་ལ་ལས་དོན་དམ་པའི་བདེན་པ་ཁོང་དུ་ཆུད་པ་ཡང་དུས་གསུམ་གྱི་སངས་རྒྱས་རྣམས་ལ་ཕྱག་འཚལ་བའི་ཡོན་ནོ། །བྱང་ཆུབ་སེམས་དཔའ་ལ་ལས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་ལྡན་པ་ཡང་དུས་གསུམ་གྱི་སངས་རྒྱས་རྣམས་ལ་ཕྱག་འཚལ་བའི་ཡོན་ནོ། །བྱང་ཆུབ་

སེམས་དཔའ་ལ་ལས་ནམ་མཁའི་མཛོད་ཀྱི་ཏིང་ངེ་འཛིན་དང་། ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་དང་ལྡན་པ་ཡང་དུས་གསུམ་གྱི་སངས་རྒྱས་རྣམས་ལ་ཕྱག་འཚལ་བའི་ཡོན་ནོ། །བྱང་ཆུབ་སེམས་དཔའ་ལ་ལས་ཕྱིར་མི་ལྡོག་པའི་བཟོད་པ་དང་། ཆོས་སྦྱིན་གྱི་བཟོད་པ་དང་། ཆོས་བཞིན་

གྱི་དབྱིངས་ལྡན་པ་ཡང་དུས་གསུམ་གྱི་སངས་རྒྱས་རྣམས་ལ་ཕྱག་འཚལ་བའི་ཡོན་ནོ། །བྱང་ཆུབ་སེམས་དཔའ་ལ་ལས་གཟུངས་དྲན་པ་ཆེན་པོའི་སེམས་དང་། རང་གིས་རིག་པའི་ཡེ་ཤེས་དང་ལྡན་པ་ཡང་དུས་གསུམ་དུ་གཤེགས་པའི་སངས་རྒྱས་རྣམས་ལ་ཕྱག་འཚལ་བའི་ཡོན་ནོ། །བྱང་ཆུབ་

เล่ม ๖๗ · หน้า 256a

སེམས་དཔའ་ལ་ལས་སེང་གེའི་སྒྲའི་ཏིང་ངེ་འཛིན་དང་། རྡོ་རྗེའི་ཏིང་ངེ་འཛིན་དང་། ཡེ་ཤེས་ལྔའི་ཕྱག་རྒྱའི་ཏིང་ངེ་འཛིན་དང་ལྡན་པ་ཡང་དུས་གསུམ་དུ་གཤེགས་པའི་སངས་རྒྱས་རྣམས་ལ་ཕྱག་འཚལ་བའི་ཡོན་ནོ། །བྱང་ཆུབ་སེམས་དཔའ་ལ་ལས་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་དང་།

བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྱོད་ལམ་དང་ལྡན་པ་ཡང་དུས་གསུམ་དུ་གཤེགས་པའི་སངས་རྒྱས་རྣམས་ལ་ཕྱག་འཚལ་བའི་ཡོན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་རྗེ་འཇམ་དཔལ་གྱིས་

བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ནོར་ཅིང་འཁྲུལ་པ་སེམས་འཁྲུགས་ཏེ། མི་དགེ་བ་དང་མཚམས་མ་མཆིས་པ་བགྱིས་པ་རྣམས་ཇི་ལྟར་བགྱིས་ན་སྡིག་རྣམས་འབྱང་བར་འགྱུར། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་

ལ་བཀའ་སྩལ་པ། གོང་དུ་བསྟན་པ་ཡིན་ཏེ། གང་ལ་ལས་ཕྱོགས་སུ་རྒྱས་པའི་ཆོས་ཀྱི་རྣམ་གྲངས་འདི་དང་། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་། མདོ་སྡེ་བཅུ་གཉིས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་ཐོས་ནས་དགའ་བ་དང་། རབ་ཏུ་དགའ་བ་བསྐྱེད་ལ་

དད་པ་དང་གུས་པ་དཔག་ཏུ་མེད་པས་བླངས་སམ། འཆང་ངམ། ཀློག་གམ། འདོན་ཏམ། ཡི་གེར་བྲིས་སམ། ཀུན་ཆུབ་པར་བྱས་ཏེ། དབེན་པའི་གནས་ཁང་གཅིག་གི་ནང་དུ་དཀྱིལ་འཁོར་བྱས་ལ་དྲི་ཆུས་ཆག་ཆག་བཏབ་སྟེ། འཕན་གདུགས་བཟང་པོས་བརྒྱན་ཅིང་པོག་སྤོས་

ཞིམ་པོ་བསྲེགས་ནས་རྒྱལ་བ་རྣམས་སྤྱན་དྲང་ཞིང་གཤེགས་སུ་གསོལ་བ་མང་ཡང་རུང་། ཉུང་ཡང་རུང་སྤྱན་དྲངས་ནས་བདག་ཁྲུས་དག་པར་བྱས་ལ། གོས་གཙང་མ་གྱོན་ཅིང་ལན་ཅིག་ཕྱི་རོལ་ཆེ་ཆུང་དུ་འགྲོ་ན་ཁྲུས་ལན་གཅིག་བྱས་ཏེ་སེང་གེའི་ཁྲི་བཙུགས་ཏེ་ཆོས་ཀྱི་རྣམ་གྲངས་འདི་

ཡུན་རིང་དུ་བསྒོམས་ལ། ཆོས་ཀྱི་མཚན་ཉིད་ལ་བདག་དང་། གང་ཟག་དང་། སེམས་ཅན་ལ་སོགས་པའི་ལྟ་བ་མེད་པར་མངོན་པར་རྟོགས་པར་བྱ་སྟེ། དང་པོ་པས་བྱེ་བྲག་ཕྱེད་ཅིང་གསལ་བར་བརྗོད་པར་བྱའོ། །དེ་ནས་དྲི་སྤོས་ཞིམ་པོ་བསྲེགས་ལ་འཁྲུག་སེམས་བསལ་

เล่ม ๖๗ · หน้า 256b

ཅིང་དྲན་པ་ཡང་དག་པ་དང་བསམ་པ་ཡང་དག་པས་དེ་བཞིན་གཤེགས་པ་ལ་སེམས་རྩེ་གཅིག་ཏུ་བསམ་མོ། །དེ་ལྟར་སྤྱོད་པ་རྣམས་འཐུན་ཞིང་འདུམ་པ་ནི་མཆོག་སྟེ། དེ་ལ་མི་འཐུན་ཞིང་རྩོད་པ་ནི་མཐོལ་ཚངས་སུ་མི་འགྱུར་རོ། །ཁྲོ་བ་དེས་ཀུན་འཇིག་པར་བྱེད་དེ་སྤྱོད་ལམ་དང་ཡང་འགལ་

བར་འགྱུར་རོ། །ཐེག་པ་ཆེན་པོ་དྲན་ཞིང་དོན་དམ་པ་བསམས་ལ་ཉིན་མཚན་བདུན་གྱི་བར་དུ་ཉལ་ཞིང་གཉིད་ལོག་ཏུ་མི་རུང་ངོ་། །ཉིན་གཅིག་ཀྱང་དུས་གསུམ་དུ་མདོ་སྡེ་འདི་ཁ་ཏོན་ནམ། ཀློག་པ་ཉིན་མཚན་དུས་དྲུག་ཏུ་བྱས་ལ་དྲི་བསུང་གིས་མཆོད་ཅིང་ཕྱག་འཚལ་ནས་མཐོལ་ཚངས་སུ་

བྱས་ཏེ། མདོ་སྡེ་འདི་ཉན་ན་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། མདོ་སྡེ་བཅུ་གཉིས་ཀྱི་མཚན་བརྗོད་ཅིང་སེམས་ཐག་པ་ནས་མི་འཁྲུགས་པ་དང་། སེམས་ཐག་པ་ནས་མི་ནོར་བ་དང་། སེམས་ཐག་པ་ནས་མི་གཡེང་བ་དང་། སེམས་ཐག་པ་ནས་དུས་ཀྱིས་འགྲུས་པ་དང་།

སེམས་ཐག་པ་ནས་ཉིན་གཅིག་པས་ཉིན་གཅིག་འགྲུས་པ་དང་། སེམས་ཐག་པ་ནས་དད་པ་བསྐྱེད་པ་དང་། སེམས་ཐག་པ་ནས་དགའ་བ་བསྐྱེད་པ་དང་། སེམས་ཐག་པ་ནས་རིམ་པ་བསྐྱེད་པ་དང་། སེམས་ཐག་པ་ནས་རྒྱུན་མི་བཅད་པ་དང་། སེམས་ཐག་པ་ནས་གཟབ་པ་དང་། སེམས་

ཐག་པ་ནས་མི་འབྲལ་བ་དང་། སེམས་ཐག་པ་ནས་སྡིག་མི་བསམས་པ་དང་། སེམས་ཐག་པ་ནས་སངས་རྒྱས་དྲན་པ་དང་། སེམས་ཐག་པ་ནས་ཆོས་དྲན་པ་དང་། སེམས་ཐག་པ་ནས་དགེ་འདུན་དྲན་པ་དང་། སེམས་ཐག་པ་ནས་ཚུལ་ཁྲིམས་དྲན་པ་དང་། སེམས་ཐག་པ་ནས་གཏོང་བ་དྲན་པ་

དང་། སེམས་ཐག་པ་ནས་དོན་དམ་པའི་ལྷ་དྲན་པ་སྟེ། དེ་དག་དེ་བཞིན་དུ་ཀློག་པ་དང་། དེ་བཞིན་དུ་ཕྱག་བྱ་བ་དང་། དེ་བཞིན་དུ་སེམས་ཐག་པ་ནས་སོ་སོར་འཆགས་ཤིང་མཐོལ་བ་ཐོག་མའི་ཉིན་པར་ནས་ཞག་དྲུག་ཏུ་ལོན་པའི་ནང་པར་དྲི་ཆུས་ཡང་ཆག་ཆག་བཏབ་སྟེ། ལུས་ཀྱང་

སྤོས་ཆུས་བཀྲུ་བར་བྱའོ། །པོག་སྤོས་བཟང་པོ་བསྲེག་ཅིང་སེམས་ཐག་པས་མཆོད་པ་བྱས་པ་དེ་དག་དེ་ལྟ་བུར་སེམས་ཐག་པ་ནས་སོ་སོར་མཐོལ་ཞིང་བཤགས་པས་ཕྱོགས་བཅུར་བསྐུལ་པར་གྱུར་ཏེ། ང་དེའི་ཚེ་དེའི་དུས་ན་སངས་རྒྱས་དཔག་ཏུ་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དང་། བྱང་

เล่ม ๖๗ · หน้า 257a

ཆུབ་སེམས་དཔའ་དཔག་ཏུ་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དང་འགྲོགས་ཏེ་སྒྲ་དབྱངས་ཀྱི་རྗེས་སུ་ཁང་བུ་དེའི་ནང་དུ་ཕྱིན་ཅིང་མངོན་དུ་གྲུབ་པའི་དབང་བང་བྱའོ། །དེ་བཞིན་དུ་ཉིན་མཚན་བདུན་གྱི་བར་དུ་བྱས་ན་གདོན་མི་ཟ་བར་སྡིག་འབྱང་བར་འགྱུར་རོ། །ཇི་ལྟར་སྡིག་འབྱང་བར་ཤེས་ཤེ་ན། སོ་

སོའི་སྐྱེ་བོ་རྣམས་ཀྱི་དོན་དམ་པར་ད་དུང་མ་གྲུབ་པས་རྨི་ལྟས་ཀྱི་མཚན་མ་ལ་བརྟག་ཏུ་བྱས་ཏེ། རྨི་ལམ་རྣམ་གཅིག་རྨིས་ན་མཚམས་མེད་པ་རྣམ་གཅིག་འབྱང་ངོ་། །རྨི་ལམ་རྣམ་ལྔ་རྨིས་ན་མཚམས་མེད་པ་རྣམ་ལྔ་འབྱང་སྟེ། དེས་ནུབ་མོའི་རྨི་ལམ་ན་ཆུ་ཀླུང་ཆེན་པོ་བརྒལ་བར་འདོད་དེ་ཟམ་པ་ཆེན་པོའི་

སྟེང་དུ་འགྲོ་བར་རྨིས་ན་དེ་ནི་ངེས་པར་རྣམ་པར་གྲོལ་བ་ཐོབ་པ་ཡིན་ནོ། །གལ་ཏེ་དེའི་རྨི་ལམ་ན་གཞན་གྱིས་བདག་ལ་ཁྲུས་བྱས་པ་དང་། ལུས་ལ་ཆར་བབ་པར་རྨིས་ན་དེ་ནི་ངེས་པར་རྣམ་པར་དག་པ་ཐོབ་པ་ཡིན་ནོ། །གལ་ཏེ་དེའི་རྨི་ལམ་ན་བདག་དགེ་འདུན་མང་པོའི་ནང་དུ་ཞུགས་ཏེ། གྲལ་དུ་

འདུག་པར་རྨིས་ན་དེ་ནི་ངེས་པར་སངས་རྒྱས་ཀྱི་སློབ་མ་ཡང་དག་པར་གྱུར་ཏོ། །གལ་ཏེ་དེའི་རྨི་ལམ་ན་བདག་མཆོད་རྟེན་ནམ། གཙུག་ལག་ཁང་དུ་ཞུགས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གཟུགས་བརྙན་མཐོང་བར་རྨིས་ན་དེ་ནི་ཆོས་ཀྱི་སྒོ་མོ་དམ་པར་ཞུགས་པར་གྱུར་ཏོ། །གལ་ཏེ་

རང་གིས་ཤིང་ཐོག་རྙེད་ཅིང་ཟ་བར་རྨིས་ན་དེའི་ཚེ་འདི་ཉིད་ལ་ཡོན་ཏན་གྱི་འབྲས་བུ་འགྲུབ་པར་མངོན་ནོ། །ཡང་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ལ་བཀའ་སྩལ་པ། གལ་ཏེ་དགེ་སློང་ངམ། དགེ་སློང་མ་འམ། དགེ་སྦྱོང་ངམ། དགེ་སྦྱོང་མ་འམ། བྱང་ཆུབ་སེམས་དཔའ་དད་པ་

ཅན་གང་ལ་ལས་དྲན་པ་ཉམས་ཏེ། ནོར་ཅིང་འཁྲུལ་པས་སྡོམ་པའི་ཚུལ་ཁྲིམས་རེ་རེ་ནས་ཞིག་པའམ། ཉམས་པ་དེ་བཞིན་དུ་སོ་སོར་འཆགས་ཤིང་མཐོལ་ན་སྡིག་མི་འབྱང་མི་སྲིད་དེ། སེམས་ཐག་པ་ནས་མ་བྱས་པ་ནི་མ་གཏོགས་སོ། །དེ་ནས་བཅོམ་ལྡན་འདས་ལ་

འཇམ་དཔལ་གྱིས་འདི་སྐད་ཅེས་ཞུས་སོ། །བཅོམ་ལྡན་འདས་ཆོ་ག་འདི་ལྟར་བགྱི་བའི་ཚེ་མི་མང་ན་རུང་ངམ་མི་རུང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་གཅིག་ཡན་ཆད་ཉི་ཤུ་མན་ཆད་རུང་ངོ་། །ཆོ་ག་འདི་ལྟར་སྤྱོད་པའི་ཚེ་མདོ་སྡེ་གཞན་མི་བསམ་མོ། །དེ་ལྟར་མཐོལ་

เล่ม ๖๗ · หน้า 257b

ཚངས་བགྱིས་པའི་འོག་ཏུ་ཕྱིན་ཆད་ཉེས་པ་མི་བྱེད་ན་དེ་ནི་མཐོལ་ཚངས་ཞེས་བྱའོ། །དེ་ལྟར་དྲན་པར་གྱིས་ཤིག །བདག་ཅག་རྣམས་ད་ལྟར་འཆི་བ་ལས་སླར་འཚོ་བ་དང་འདྲ་བས་ད་ནི་བདག་ཚུལ་ཁྲིམས་བསྲུང་ངོ་། །ད་ནི་བདག་བརྩོན་འགྲུས་སུ་སྤྱོད་དོ། །ད་ནི་བདག་ཐེག་པ་ཆེན་པོའི་མདོ་སྡེ་

ཀློག་པ་དང་། ཁ་ཏོན་བགྱིའོ་ཞེས་དེའི་ཚེ་དེའི་དུས་ན་དྲན་པ་དེ་ལྟར་གྱིས་ཤིག །བདག་དེང་ནས་སྡོམ་པ་བཟུང་བ་ནི་རྡོ་རྗེ་དང་འདྲ་བར་སྲན་ཐུབ་པར་སྨོན་ཏོ། །དེས་དེ་ལྟར་དྲན་པའི་ཚེ་སྐྱེས་བུ་དམ་པ་དྲི་མ་མེད་པར་གྲགས་པ་ཡང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང་ལྷན་ཅིག་ཏུ་དེའི་མདུན་དུ་

འགྲེང་སྟེ་དབང་དུ་བྱེད་དོ། །འཕགས་པ་ཀུན་ཏུ་བཟང་པོ་ཡང་འགྱོད་ཚངས་ཀྱི་མཁན་པོ་བྱེད་དོ། །འཕགས་པ་འོད་སྲུང་ཡང་ཞུ་གནས་ཀྱི་རྟེན་བྱེད་དོ། །འཇམ་དཔལ་འདི་ནི་སྡིག་པ་སྦྱངས་པ་ཞེས་བྱའོ། །འདི་ནི་རྣམ་པར་གྲོལ་བ་ཞེས་བྱའོ། །འདི་ནི་ཚུལ་ཁྲིམས་དང་ལྡན་པ་ཞེས་བྱའོ། །

འདི་ནི་གནས་ཐོབ་པ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གང་ལ་ལ་ཞིག་གིས་རྩ་བ་བཞི་དང་། སྡོམ་པ་བརྒྱད་དང་། སྡོམ་པ་ཕྱེད་ཅན་དང་། ཁྲིམས་བཅུ་དང་། གསུམ་ལ་

སྐྱབས་སུ་སོང་བ་དང་། ཁྲིམས་ལྔ་དང་། དགེ་བ་བཅུ་དང་། ཚུལ་ཁྲིམས་དང་འདུལ་བ་རེ་རེ་ནས་ཞིག་པའམ། ཉམས་པའམ། མཚམས་མེད་པ་ལྔ་བྱས་པའམ། མཉམ་པ་ཉིད་ལ་སྐུར་པའི་སྡིག་བྱས་པ་ཞིག་ཡོད་པ་དེ་ལོག་སྤྱོད་མ་གཏོགས་པར་སོ་སོར་མ་བཤགས་མ་མཐོལ་

ན་མི་དེ་ཚེ་འཕོས་མ་ཐག་ཏུ་གདོན་མི་ཟ་བར་མནར་མེད་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་མནར་མ་མཆིས་པའི་དམྱལ་བ་ཞེས་བགྱི། དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་སླད་དུ་དེ་ཅིའི་རྒྱུ་

ཅིའི་རྐྱེན་གྱིས་ལྟུང་བ་དང་། དམྱལ་བའི་དབྱིབས་ཆེ་ཆུང་དང་། རྣམ་པར་སྨིན་པའི་སྡུག་བསྔལ་བསྐལ་པའི་གྲངས་ཇི་ཙམ་གྱི་བར་དུ་གནས་པར་འགྱུར་བ་བཤད་དུ་གསོལ་ཞེས་བགྱིས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཤིན་ཏུའང་མཁས་སོ། །

เล่ม ๖๗ · หน้า 258a

ཤིན་ཏུ་འང་མཁས་སོ། །དོན་འདི་ལྟ་བུ་འདྲི་བ་ཡང་ཤིན་ཏུ་མཁས་ཏེ། ལེགས་པར་ཉོན་ལ་ཕལ་མང་པོ་རྣམས་ཀྱང་ལེགས་པར་སོམས་ཤིག །ངས་བྱེ་བྲག་ཕྱེད་པར་བཤད་དོ། །ཇི་ལྟར་ན་མནར་མེད་པའི་སེམས་ཅན་དམྱལ་བ་ཞེས་བྱ་ཞེ་ན། སྐད་ཅིག་ཀྱང་

མནར་ཞིང་བསྟིར་མེད་པའི་ཕྱིར་མནར་མེད་པའི་དམྱལ་བ་ཞེས་བྱའོ། །གཅིག་ཏུ་ན་དགག་པའམ། འོར་བར་བྱ་བ་ཡང་མེད། འགྱུར་བའང་མེད་དེ། ཚ་བ་ནི་རབ་ཏུ་ཚ། སྡུག་བསྔལ་བ་ནི་ཤིན་ཏུའང་མི་བཟད་པ་སྐད་ཅིག་ཀྱང་མི་དལ། སྐད་ཅིག་ཀྱང་མི་སྡོད་ཅིང་བར་སྐབས་མེད་པའི་ཕྱིར་མནར་མེད་

པའི་དམྱལ་བ་ཞེས་བྱའོ། །ཡང་རྣམ་པ་གཅིག་ཏུ་ན། མེ་ཆེན་པོ་འབར་བ། རབ་ཏུ་ཚ་བ། ཀུན་ཏུ་འབར། རབ་ཏུ་འབར་ཞིང་། མཆེད་པ་ཁོང་དུ་ཞུགས་པའི་ཕྱིར་མནར་མེད་པའི་དམྱལ་བ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་ཡང་འཇམ་དཔལ་ལ་བཀའ་སྩལ་པ།

རིགས་ཀྱི་བུ་དམྱལ་བ་ཆེན་པོ་མནར་མེད་པའི་དབྱིབས་ནི་གྲུ་བཞི་ལྷམ་པ་དཔག་ཚད་བརྒྱད་ཁྲི་ཡོད་དེ། ལྕགས་ཀྱི་ར་བ་རིམ་པ་བདུན་གྱིས་བསྐོར་ཅིང་སྟེང་དུ་ཡང་ལྕགས་ཀྱི་དྲ་བ་རིམ་པ་བདུན་གྱིས་གཡོགས་ཏེ། འོག་ཏུ་བར་ཆད་བཅྭ་བརྒྱད་ཡོད་དོ། །དེའི་ཁོ་ར་ཁོར་ཡུག་ཏུ་རལ་གྲིའི་ཚལ་

རིམ་པ་བདུན་གྱིས་བསྐོར་ཏོ། །ལྕགས་ཀྱི་ར་བ་རིམ་པ་བདུན་གྱི་ནང་ལོགས་སུ་ནགས་ཚལ་རལ་གྲི་ལོ་མ་ཅན་ཡོད་དོ། །ལྕགས་ཀྱི་ཁང་པ་བར་ཆད་བཅྭ་བརྒྱད་པོ་བརྩེག་མར་འདུག་སྟེ། རིམ་པ་བརྒྱད་ཁྲི་བཞི་སྟོང་ཡོད་དོ། །དེའི་གྲྭ་བཞིར་ཟངས་ཀྱི་ཁྱི་ཆེན་པོ་བཞི་འདུག་པ་ལུས་ཀྱི་

བོང་ཚད་ནི་འཕང་དུ་དཔག་ཚད་བཞི་བཅུ་ལ། མིག་ནི་ཀློག་གི་འོད་བཞིན། མཆེ་བ་ནི་རལ་གྲིའི་སྡོང་པོ་དང་འདྲ། སོ་ནི་སྤུ་གྲི་གཏམས་པའི་རི་དང་མཚུངས། ལྕེ་ནི་ལྕགས་ཀྱི་མཆིལ་བ་བཞིན། སྡེར་མོ་ནི་ལྕགས་ཀྱི་གསལ་ཤིང་དང་མཚུངས། མཇུག་མ་ནི་ལྕགས་ཀྱི་སྦྲུལ་

དང་འདྲ། སྤུའི་བུ་གུ་རེ་རེ་ནས་འབར་བའི་མེ་ཤིན་ཏུ་མཆེད་ཅིང་ཀུན་ཏུ་འབར་རབ་ཏུ་འབར་བ་འབྱུང་སྟེ། དེའི་དུད་པ་མནམ་པ་ནི་འཇིག་རྟེན་གྱི་རྫས་མནམ་པ་གང་དང་ཡང་བསྒྲུན་དུ་མེད་དོ། །དམྱལ་བ་དེའི་སྒོ་བཞི་ལ་སྒོ་རེ་རེ་ན་དམྱལ་བའི་སྲུང་མ་བཅྭ་བརྒྱད་འདུག་གོ། །མགོ་ནི་

เล่ม ๖๗ · หน้า 258b

སྲིན་པོའི་མགོ །ཁ་ནི་སྲིན་པོའི་ཁ་དང་འདྲ་སྟེ། མགོ་ལ་རྭ་བཅྭ་བརྒྱད་ཡོད་པ། ལག་ན་ལྕགས་ཀྱི་གསལ་ཤིང་ཐོགས་སོ། །ར་བ་རིམ་པ་བདུན་གྱི་ནང་ལོགས་སུ་ལྕགས་ཀྱི་རྒྱལ་མཚན་གྲངས་མེད་པ་ཞིག་ཡོད་དེ། རྒྱལ་མཚན་གྱི་མགོར་མེ་བྱུང་བ་ནི་ཆུ་མིག་དང་འདྲ་

བར་འབྱུང་ངོ་། །ལྕགས་འཇུ་བའི་ཁུ་བ་འབབ་པ་ནི་ཀུན་ཏུ་ཁྱབ་པར་འབབ་སྟེ། དམྱལ་བའི་སྒོ་བཞིར་སྒོ་རེ་རེའི་སྟེང་ན་ཟངས་པོ་ཆེ་བཅྭ་བརྒྱད་ཡོད་པའི་ནང་ན་ལྕགས་ཁོལ་བའི་ཁུ་བ་ཁར་ལུད་ཅིང་སྒོ་བཞིར་བབ་པ། དམྱལ་བའི་ནང་དུ་གང་བར་འབབ་བོ། །ཁང་པ་བར་ཆད་རེ་རེའི་ནང་

ན་ཡང་ལྕགས་ཀྱི་སྦྲུལ་ཆེན་པོ་བརྒྱད་ཁྲི་བཞི་སྟོང་ཡོད་པས་ཁར་གདུག་པའི་མེ་སྐྱུག་ཅིང་ར་བ་ཀུན་ཏུ་གང་བར་གཏོང་ངོ་། །སྦྲུལ་གྱི་སྒྲ་སྒྲོགས་པ་ནི་འབྲུག་སྒྲ་ཆེན་པོ་ཟེར་བ་བཞིན་ནོ། །ལྕགས་ཀྱི་ཐུ་ལུམ་ཆེན་པོའི་ཆར་བབ་པ་ཡང་མནར་མེད་པ་ཀུན་ཏུ་གང་ངོ་། །དེར་སྡུག་བསྔལ་མི་བཟད་པ་ནི་འབུམ་ཕྲག་བརྒྱད་

ཁྲི་སྟེ་སྡུག་བསྔལ་གྱི་ནང་ན་སྡུག་བསྔལ་མི་བཟད་པའི་ནང་ན་མི་བཟད་པ་ཀུན་ཀྱང་དེར་འདུས་ཏེ་དཔེ་ཟླ་མེད་དོ། །མནར་མེད་པའི་དམྱལ་བ་དེའི་སྒོ་བཞིར་སྒོ་རེ་རེའི་ཕྱི་རོལ་ཏུ་འབར་བའི་མེ་ཤིན་ཏུ་མཆེད་ཅིང་འབར་བ་ལྷོ་བྱང་ཤར་ནུབ་བསྣོལ་ཞིང་ཕྱད་པར་རྒྱུའོ། །འབར་བ་ཡང་ལྕགས་ཀྱི་ར་བ་ཁོ་ར་

ཁོར་ཡུག་དཔག་ཚད་བརྒྱད་ཁྲི་ནས་སྟེང་ལྕགས་ཀྱི་དྲ་བ་ལ་ཐུག་གི་བར་དུ་ཡར་ཐལ་མར་ཐལ་ཞིང་བླ་ཟ་འོག་དང་། ཕྱོགས་བཞིར་ཀུན་ཏུ་འབར། རབ་ཏུ་འབར་བར་གྱུར་ཏེ། སྡུག་བསྔལ་ཅིག་ཅར་ལྡང་བ་ནི་གོང་དུ་སྨོས་པ་བཞིན་ནོ། །རྩ་བ་བཞི་དང་། སྡོམ་པ་བརྒྱད་འཇིག་པ་

དང་། མཚམས་མེད་པ་ལྔ་དང་། མཉམ་པ་ཉིད་ལ་སྐུར་པ་འདེབས་པ་རྣམས་མདོ་སྡེ་འདི་ལས་འབྱུང་བ་བཞིན་མཐོལ་ཚངས་མ་བྱས་ལ། གནོང་བསྐུར་བའམ། ཁྲེལ་བ་མེད་ན་མི་དེ་ཚེ་འདི་འཕོས་མ་ཐག་ཏུ་སྟོབས་ཚན་པོ་ཆེའི་དཔུང་པ་བརྐྱང་ཞིང་བསྐུམས་པ་ཙམ་གྱིས་

མནར་མེད་པའི་དམྱལ་བར་ལྟུང་བར་འགྱུར་རོ། །ལུས་ཀྱང་དེའི་ནང་དུ་གང་སྟེ། ཚ་བའི་གཟིར་བས་ཕོངས་ནས་ཁ་གདངས་མིག་བཙུམས་མིག་གདངས་ཁ་བཙུམས་ཀྱང་ཁ་འཐམས་པས་སྨྲ་མ་ནུས་སོ། །དེ་སྡིག་མང་བའི་ཕྱིར་རལ་གྲི་འཁོར་ལོ་གྲངས་མེད་པ་དུ་མ་ཞིག་ནམ་མཁའ་

เล่ม ๖๗ · หน้า 259a

ནས་ཆར་བཞིན་འབབ་སྟེ། ཀླད་པར་ཕོག་ཅིང་རྐང་པར་བྱུང་བའི་སྡུག་བསྔལ་ཐམས་ཅད་ནི་སྔར་གོང་དུ་བཤད་པ་བཞིན་བརྒྱ་སྟོང་ཁྲི་ཕྲག་ཏུ་བསྒྱུར་བའོ། །གང་ལ་ལ་རྩ་བ་བཞི་པོ་ཚང་བར་ཞིག་པར་གྱུར་ན་སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་བ་ནི་བསྐལ་པ་ཆེན་པོ་ལྔ་རྫོགས་ཀྱི་བར་

དུའོ། །སྡོམ་པ་བརྒྱད་འཇིག་པ་ནི་དེ་ལས་གྱུར་ཅིག་གིས་མང་ངོ་། །མཚམས་མེད་པ་ལྔ་ཡང་གྱུར་ཅིག་གིས་མང་ངོ་། །མཉམ་པ་ཉིད་ཀྱི་མདོ་སྡེ་ལ་སྐུར་པ་འདེབས་པ་ཡང་གྱུར་ཅིག་གིས་མང་ངོ་། །དཀོན་མཆོག་གསུམ་ལ་དམོད་པ་དང་། དགེ་འདུན་གྱི་ནོར་བརྐུས་པ་དང་།

དགེ་སློང་དང་། དགེ་སློང་མ་ཚངས་པར་སྤྱད་པ་ལ་དྲི་མ་ཅན་དུ་སྤྱོད་པ་དང་། མཁན་པོ་དང་སློབ་དཔོན་ལ་དབང་ཟ་བ་དང་། མ་ལ་གཡེམ་པ་རྣམས་གོང་མ་དག་ལས་ཀྱང་གྱུར་ཅིག་གིས་བསྐྱེད་དོ། །ལོག་སྤྱོད་ཀྱི་རྣམས་ནི་དགེ་བའི་རྩ་བ་གཏན་ཆད་པས་ན་མས་ཀྱང་མནར་མེད་པའི་དམྱལ་བ་

ནས་མི་ཐར་བ་ནི་དེར་མ་གཏོགས་སོ། །དེ་ལ་སོགས་པའི་སྡིག་ཅན་རྣམས་སྡུག་བསྔལ་ཉམས་སུ་མྱོང་བའི་ཚེ་འབར་བའི་མེ་ཤིན་ཏུ་མཆེད་པ་ཁོང་དུ་ཞུགས་ཏེ་རྨུགས་ནས་འཆིའོ། །དེ་ནས་སྲིན་པོ་དམྱལ་བའི་སྲུངས་མས་ལྕགས་ཀྱི་གསལ་ཤིང་ས་ལ་བརྡབས་ཏེ། སོས་སོས་ཞེས་བོས་པ་དང་།

བོས་པའི་སྒྲ་བཞིན་དུ་ཡང་སོས་ཡང་སོས་ནས་ཉིན་མཚན་གཅིག་ལ་ལན་ཁྲི་ནི་འཆི། ལན་ཁྲི་ནི་འཚོ་སྟེ། སྡུག་བསྔལ་མི་བཟད་པ་ཆེན་པོ་ཉམས་སུ་མྱོང་བ་ནི་གོང་དུ་བསྟན་པ་བཞིན་ནོ། །ནམ་ཞིག་མནར་མེད་པའི་དམྱལ་བ་ནས་སླར་ཕྱིན་ན་ཡང་ཚུལ་ཁྲིམས་བཤིག་པ་དང་། ཡོན་

བདག་དད་པ་ཅན་གྱི་ཡོན་བླངས་པའི་ལས་ཀྱིས་ཡང་དམྱལ་བ་ཆུང་ངུ་རྣམས་ཀྱི་ནང་དུ་འཇུག་སྟེ། དེ་ལ་དམྱལ་བ་གྲང་སྦྲེབས་པ་དང་། དམྱལ་བ་མུན་ནག་པ་དང་། དམྱལ་བ་རབ་ཏུ་ཚ་བ་དང་། དམྱལ་བ་སྤུ་གྲི་སོ་གཏམས་པ་དང་། དམྱལ་བ་རལ་གྲི་འཁོར་ལོ་དང་། དམྱལ་བ་

མེའི་ཤིང་རྟ་ཅན་དང་། དམྱལ་བ་ཕྱི་སའི་འདམ་དང་། དམྱལ་བ་ཆུ་ཚན་དང་། དམྱལ་བ་མེ་མུར་ཀླུང་དང་། དམྱལ་བ་ནགས་ཚལ་རལ་གྲི་ལོ་མ་ཅན་དང་། དམྱལ་བ་ལྕགས་ཀྱི་འཁྲུལ་འཁོར་ཅན་དང་། དམྱལ་བ་ལྕགས་ཀྱི་ཤལ་མ་རི་ཀ་བ་ཅན་དང་། དམྱལ་བ་ལྕགས་

เล่ม ๖๗ · หน้า 259b

ཀྱི་ཁྲི་ཅན་དང་། དམྱལ་བ་ལྕགས་ཀྱི་འཁོར་ལོ་ཅན་དང་། དམྱལ་བ་ལྕགས་ཀྱི་ཕུག་དང་། དམྱལ་བ་ལྕགས་ཀྱི་ཐུ་ལུམ་དང་། དམྱལ་བ་བསྡུས་འཇོམས་ཐུག་རི་ཅན་དང་། དམྱལ་བ་ཟངས་ཁུ་ལུད་དང་། འདི་རྣམས་སོ་སོ་རེ་རེའི་ནང་དུ་ཡང་ལོ་ཁྲི་ཕྲག་བརྒྱད་བརྒྱའི་བར་དུ་

ཉོན་མོངས་ནས་གཟོད་ཐར་ཏེ། འོན་ཀྱང་རྟག་ཏུ་མ་རབས་སུ་སྐྱེས་ལ། ཚེ་རབས་ལྔ་བརྒྱའི་བར་དུ་དཀོན་མཆོག་གསུམ་གྱི་སྒྲ་མི་ཐོས་སོ། །བརྒྱ་ལ་དགེ་བའི་བཤེས་གཉེན་དང་ཕྲད་ན་ནི་བྱང་ཆུབ་ཏུ་སེམས་བསྐྱེད་ཀྱང་སྲིད། དགེ་བའི་བཤེས་གཉེན་དང་མ་ཕྲད་ན་ནི་སླར་ཡང་དམྱལ་བར་ལྟུང་

ངོ་། །ཉེས་བྱས་ཀྱི་སྡིག་པ་རྣམས་མ་མཐོལ་མ་བཤགས་ན་དམྱལ་བར་སྡུག་བསྔལ་མྱོང་བ་ཡང་རྒྱལ་ཆེན་རིས་བཞིའི་ལྷའི་ལོ་གྲངས་ལྟ་བུར་ལོ་ཁྲི་ཕྲག་བརྒྱད་བརྒྱའི་བར་དུ་ཉམས་སུ་མྱོང་བར་འགྱུར་རོ། །དེ་ལ་ལྟུང་བ་རྣམས་ཀྱི་སྡིག་པ་ནི་དེ་ལས་ཉིས་གྱུར་དུ་བསྐྱེད་དོ། །དགེ་འདུན་གྱི་ལྷག་

མ་ཡང་དེ་ལས་ཉིས་གྱུར་དུ་བསྐྱེད་དོ། །སྡིག་ཅན་དེ་དག་གིས་སྡུག་བསྔལ་ཉམས་སུ་མྱོང་བའི་ཚེ་ཚིག་གཞན་མི་ཕྱིན་ཏེ། ཨཱཾ་པ་པ། ཨཱཾ་ཏ་ཏ། ཨཱཾ་ལ་ལ། ཨཱཾ་བ་བ་འབའ་ཞིག་ཟེར་ཞིང་འདུག་གོ། །དེ་བས་ན་སྡིག་ཅན་རྣམས་རིངས་པར་སོ་སོར་མཐོལ་ཞིང་བཤགས་ལ།

དཀོན་མཆོག་གསུམ་གྱི་སྐྱབས་སུ་སོང་བར་གྱིས་ཤིག །འཇམ་དཔལ་ཡང་འདི་ལྟ་སྟེ། སྡིག་པ་མྱུར་དུ་བསལ་ཅིང་། འབྱང་བར་འདོད་ན་མདོ་སྡེ་འདིའི་ནང་ནས་འབྱུང་བ་བཞིན་དུ་སོ་སོར་མཐོལ་བཤགས་ཏེ་འགྱོད་ཚངས་བྱོས་ཤིག །ཆོ་ག་ཉིན་ཞག་བདུན་གྱི་བར་དུ་ཉིན་གཅིག་ཟ་

གཅིག་ཏུ་བྱས་ལ། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་དྲན་པས་དེ་བཞིན་གཤེགས་པ་སངས་རྒྱས་སུ་འགྲུབ་པའི་ཚེ་མི་ཆེན་པོའི་མཚན་དང་། མངོན་པར་འཚང་རྒྱ་བའི་མཚན་དང་། མི་གཡོ་བའི་མཚན་དང་། རྣམ་པར་གྲོལ་བའི་མཚན་དང་། འོད་ཟེར་ཅན་གྱི་

མཚན་དང་། ཡེ་ཤེས་ཡོངས་སུ་རྒྱས་པའི་མཚན་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་ལྡན་པའི་མཚན་དང་། དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་རྒྱ་མཚོའི་མཚན་རྣམས་བསམ་པར་བྱའོ། །ཡང་གཅིག་ཏུ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་ཡིད་

เล่ม ๖๗ · หน้า 260a

དམ་པའི་ཏིང་ངེ་འཛིན་ལས་ལངས་ཏེ། ཡིད་འགོག་པའི་ཏིང་ངེ་འཛིན་དུ་འཇུག་པར་བྱའོ། །ཡིད་འགོག་པའི་ཏིང་ངེ་འཛིན་ལས་ལངས་ཏེ་སླར་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་འཇུག་པར་བྱའོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལས་ལངས་ཏེ་ཤེས་རབ་སྒྲོན་

མའི་ཏིང་ངེ་འཛིན་ལ་འཇུག །ཤེས་རབ་སྒྲོན་མ་ལས་ལངས་ཏེ་ཆོས་རྣམས་ཀྱི་མཚན་ཉིད་ཀྱི་ཏིང་ངེ་འཛིན་ལ་འཇུག །ཆོས་རྣམས་ཀྱི་མཚན་ཉིད་ལས་ལངས་ཏེ་མཚན་མ་འོད་ཟེར་ཅན་གྱི་ཏིང་ངེ་འཛིན་ལ་འཇུག །མཚན་མ་འོད་ཟེར་ཅན་ལས་ལངས་ཏེ་སེང་གེའི་ང་རོའི་ཏིང་ངེ་འཛིན་ལ་འཇུག །

སེང་གེ་ང་རོ་ལས་ལངས་ཏེ་སེང་གེ་སྤྲུག་པའི་ཏིང་ངེ་འཛིན་ལ་འཇུག །སེང་གེ་སྤྲུག་པ་ལས་ལངས་ཏེ་རྒྱ་མཚོ་ཡིད་ཀྱི་ཏིང་ངེ་འཛིན་ལ་འཇུག །རྒྱ་མཚོ་ཡིད་ལས་ལངས་ཏེ་ཀུན་ཏུ་ཡེ་ཤེས་ཀྱི་ཏིང་ངེ་འཛིན་ལ་འཇུག །ཀུན་ཏུ་ཡེ་ཤེས་ལས་ལངས་ཏེ་གཟུངས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་ལ་འཇུག །

གཟུངས་ཀྱི་ཕྱག་རྒྱ་ལས་ལངས་ཏེ་ཀུན་ཏུ་སྣང་བའི་ལུས་གཟུགས་ཅན་གྱི་ཏིང་ངེ་འཛིན་ལ་འཇུག །ཀུན་ཏུ་སྣང་བའི་ལུས་གཟུགས་ཅན་ལས་ལངས་ཏེ་ཆོས་ཀྱི་དབྱིངས་ཉིད་ཀྱི་ཏིང་ངེ་འཛིན་ལ་འཇུག །ཆོས་ཀྱི་དབྱིངས་ཉིད་ལས་ལངས་ཏེ་སེང་གེའི་རྒྱལ་པོའི་ཏིང་ངེ་འཛིན་ལ་འཇུག །

སེང་གེའི་རྒྱལ་པོ་ལས་ལངས་ཏེ་ཆོས་ཀྱི་རྒྱལ་པོའི་ཏིང་ངེ་འཛིན་ལ་འཇུག །ཆོས་ཀྱི་རྒྱལ་པོ་ལས་ལངས་ཏེ་བདུད་རྣམས་ཀྱི་མཚན་མ་འགོག་པའི་ཏིང་ངེ་འཛིན་ལ་འཇུག །བདུད་རྣམས་ཀྱི་མཚན་མ་འགོག་པ་ལས་ལངས་ཏེ་སྟོང་པ་ཉིད་ཀྱི་ཤེས་རབ་ཀྱི་ཏིང་ངེ་འཛིན་ལ་འཇུག །སྟོང་པ་

ཉིད་ཀྱི་ཤེས་རབ་ལས་ལངས་ཏེ་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་ཤེས་པའི་ཏིང་ངེ་འཛིན་ལ་འཇུག །སྟོང་པ་ཉིད་ཀྱི་མཚན་ཉིད་དུ་ཤེས་པ་ལས་ལངས་ཏེ་ཆེན་པོ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་ལ་འཇུག །ཆེན་པོ་སྟོང་པ་ཉིད་ཀྱི་ཡེ་ཤེས་ལས་ལངས་ཏེ་གནས་ཐམས་ཅད་དུ་ཁྱབ་པའི་ལུས་

གཟུགས་ཅན་གྱི་ཏིང་ངེ་འཛིན་ལ་འཇུག །གནས་ཐམས་ཅད་དུ་ཁྱབ་པའི་ལུས་གཟུགས་ཅན་ལས་ལངས་ཏེ་སེམས་ཀྱི་མཚན་ཉིད་ལ་རྣམ་པར་རྟོག་པའི་ཏིང་ངེ་འཛིན་ལ་འཇུག །སེམས་ཀྱི་མཚན་ཉིད་ལ་རྣམ་པར་རྟོག་པ་ལས་ལངས་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་

เล่ม ๖๗ · หน้า 260b

ཆེན་པོ་རྡོ་རྗེའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་ལ་འཇུག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་ལས་ལངས་ཏེ་རྡོ་རྗེའི་གཙུག་ཏོར་གྱི་ཏིང་ངེ་འཛིན་ལ་འཇུག །རྡོ་རྗེ་གཙུག་ཏོར་ལས་ལངས་ཏེ་རྒྱ་མཚོ་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་འཇུག །རྒྱ་མཚོ་ཐམས་ཅད་

ལས་ལངས་ཏེ་གཟུངས་ཐམས་ཅད་ཀྱི་རྒྱ་མཚོའི་ཏིང་ངེ་འཛིན་ལ་འཇུག །གཟུངས་ཐམས་ཅད་ཀྱི་རྒྱ་མཚོ་ལས་ལངས་ཏེ་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ཡུལ་གྱི་རྒྱ་མཚོའི་ཏིང་ངེ་འཛིན་ལ་འཇུག །སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ཡུལ་རྒྱ་མཚོ་ལས་ལངས་ཏེ་སངས་རྒྱས་ཐམས་ཅད་ཀྱི་

རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་རྒྱ་མཚོའི་ཏིང་ངེ་འཛིན་ལ་འཇུག །སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་རྒྱ་མཚོ་ལས་ལངས་ཏེ་གདོད་ཐབས་ཀྱི་ཏིང་ངེ་འཛིན་མཐའ་མེད་མུ་མེད་པའི་རྒྱ་

མཚོའི་སྒོར་འཇུག་པར་བྱའོ། །མཐའ་མེད་མུ་མེད་པའི་རྒྱ་མཚོའི་སྒོ་ནས་ལངས་ཏེ་ཡིད་འགོག་པ་དང་ཞི་བའི་ཏིང་ངེ་འཛིན་ལ་འཇུག །ཡིད་འགོག་པ་དང་ཞི་བ་ལས་ལངས་ཏེ་རྡོ་རྗེ་གདོན་མི་ཟ་བའི་རྣམ་པར་གྲོལ་བ་ཆེན་པོའི་ཏིང་ངེ་འཛིན་ལ་འཇུག་པར་བྱའོ། །འཇམ་དཔལ་ང་

མྱ་ངན་ལས་འདས་པའི་འོག་ཏུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལས་དད་པ་སྐད་ཅིག་མའི་སེམས་བསྐྱེད་དེ། མདོ་འདི་ཡི་གེར་འདྲི་བའམ། ཀློག་པའམ། ཁ་ཏོན་དུ་སྐད་ཅིག་མར་དྲན་ཏེ། བསམ་པའི་འདུ་ཤེས་དང་། དྲན་པའི་འདུ་ཤེས་དང་།

རྟོགས་པའི་འདུ་ཤེས་སུ་དད་པའི་སེམས་གྲུབ་ན་སྐད་ཅིག་མར་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུའི་གང་གཱའི་བྱེ་མ་སྙེད་ཀྱི་འཁོར་བའི་སྡིག་ཕྱིར་བསྙིལ་བར་འགྱུར་རོ། །མ་རིག་པའི་སྒྲིབ་པ་ཡང་གཏན་བྲལ་བར་འགྱུར་རོ། །དེ་བས་ན་དེ་བཞིན་གཤེགས་པ་རྟག་ཏུ་འཚོ་སྐྱོང་

ཞིང་གཞེས་ཏེ་མྱ་ངན་ལས་མི་འདའ་བར་མངོན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་མང་པོ་རྣམས་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཡི་དགས་མཐུ་ཆེན་ཐམས་ཅད་དང་། །དུད་འགྲོ་གླང་པོ་མ་རུངས་དང་། །བུད་མེད་གཡེམ་དང་མ་རུངས་ཀླུ། །དཔག་ཏུ་མེད་པའི་

เล่ม ๖๗ · หน้า 261a

མ་རུངས་རྣམས། །བ་སུ་དང་ནི་མ་སྐྱེས་དགྲ། །ལྷ་སྦྱིན་དང་ནི་སོར་མོའི་ཕྲེང་། །ལུས་དང་སེམས་ཀྱིས་སྡིག་སྤྱད་པས། །དམྱལ་བ་མནར་མེད་ལྟུང་འོས་ཀྱང་། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་ལ། །དད་པ་བསྐྱེད་དེ་ཕྱག་འཚལ་ཕྱིར། །ཐུབ་པ་མྱ་

ངན་འདའ་བའི་ཁར། །བསྐལ་པ་གྲངས་མེད་ཕྱིར་བཤོལ་ལོ། །མ་ག་དྷཱ་ཡི་སྐྱེ་བོ་དག །ཀུན་ཀྱང་བྱང་ཆུབ་སེམས་བསྐྱེད་པའང་། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་ལ། །གུས་པར་ཕྱག་བྱའི་དབང་གིས་སོ། །ཀཽ་དི་ནྱ་ལ་སོགས་དང་། །ཉན་ཐོས་ལྔ་བརྒྱ་རྣམ་དག་

གིས། །མ་འོངས་དུས་སུ་འཚང་རྒྱ་བའང་། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་ལ། །གུས་པར་ཕྱག་བྱའི་དབང་གིས་སོ། །མུ་སྟེགས་དང་ནི་བྲམ་ཟེ་དང་། །སྔགས་འཆང་ཆེན་པོ་དྲང་སྲོང་བཅུ། །ད་ལྟར་དགྲ་བཅོམ་གྲུབ་པ་ཡང་། །འདས་པའི་ཕྱོགས་བཅུ་

དུས་གསུམ་གྱི། །རྒྱལ་བ་རྣམས་ལ་ཕྱག་བྱའི་ཡོན། །དམ་པའི་དོན་ལ་ཆུད་པ་དང་། །ཕྱོགས་བཅུ་རྒྱལ་བའི་ཞིང་རྣམས་ལ། །བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད། །ཚེ་དཔག་མེད་པར་སྐྱེས་པ་ཡང་། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་ལ། །གུས་པར་

ཕྱག་བྱའི་དབང་གིས་སོ། །རྒྱལ་བུ་དགེ་མཐོང་འདི་ལྟ་སྟེ། །སྔོན་ང་རྒྱལ་པོར་བྱེད་པའི་ཚེ། །དྲང་སྲོང་ཆེན་པོ་སྦྱིན་ཞེས་བྱ། །དེ་ཚེ་སངས་རྒྱས་མ་བྱུང་སྟེ། །བྲམ་ཟེ་ལྔ་བརྒྱ་རྣམས་ཞིག་ལ། །ཁ་ཟས་དང་ནི་གོས་རྣམས་དང་། །ཁང་ཁྱིམ་དང་ནི་མལ་ཆའི་བར། །ལོ་

གྲངས་ཉི་ཤུ་ཚང་བར་དུ། །རབ་ཏུ་བྱུང་བའི་མཆོད་པ་ཕུལ། །ངས་ནི་དེ་ཚེ་བསྒོ་བ་ལ། །ཁྱེད་རྣམས་བྱང་ཆུབ་སེམས་བསྐྱེད་ཅིག །བྲམ་ཟེ་ལྔ་བརྒྱ་དེ་དག་གིས། །མཆོད་པ་ཕུལ་བ་བླངས་ཀྱིས་ཀྱང་། །དཀོན་མཆོག་གསུམ་ལ་མ་དད་པས། །མོད་བཞིན་ང་ལ་སླར་

སྨྲས་པ། །འཇིག་རྟེན་ནང་ན་བྱང་ཆུབ་དང་། །རྣམ་པར་གྲོལ་བ་མེད་དོ་ཞེས། །དེ་སྐད་སྨྲས་པར་ངས་ཐོས་ནས། །མཉམ་ཉིད་མདོ་སྡེ་བསྲུང་བའི་ཕྱིར། །བྲམ་ཟེ་ལྔ་བརྒྱའི་སྲོག་བཅད་དོ། །བྲམ་ཟེ་དེ་དག་ཚེ་འཕོས་ནས། །དམྱལ་བ་མནར་མེད་ལྟུང་བར་འགྱུར། །

เล่ม ๖๗ · หน้า 261b

སེམས་ཅན་དམྱལ་བར་ལྷུང་ནས་སུ། །དྲན་པ་རྣམ་གསུམ་གཡོས་ནས་ཀྱང་། །དུས་གསུམ་རྒྱལ་ལ་ཕྱག་བྱས་སོ། །མཉམ་པ་ཉིད་ཀྱི་མདོ་སྡེ་དང་། །བྱང་ཆུབ་དགེ་འདུན་དད་བསྐྱེད་དེ། །དྲན་པ་རྣམ་གསུམ་བྱས་པས་ན། །མོད་ལ་དམྱལ་ནས་བྱུང་སྟེ་དོང་། །འཇིག་རྟེན་

ཟིལ་མངར་རྔ་རུ་སྐྱེས། །ཚེ་ནི་བསྐལ་པ་ཆུང་བཅུ་ཐུབ། །དེ་ཡང་གུས་པའི་སེམས་ཀྱིས་སུ། །ཕྱོགས་བཅུའི་རྒྱལ་ལ་ཕྱག་བྱའི་ཡོན། །བྲམ་ཟེ་དེ་དག་ཐམས་ཅད་ཀྱིས། །ཐོག་མར་སྐུར་པས་དམྱལ་ལྟུང་ཡང་། །ཕྱིས་ནི་དད་པས་མོད་ལ་ཐར། །བྱང་ཆུབ་སེམས་

དཔའ་ཁྱེད་རྣམས་ནི། །ཁྲེལ་དང་ལྡན་པ་སྨོས་ཅི་དགོས། །སྡིག་གི་རང་བཞིན་ཐོག་མ་ནས། །མེད་པས་སེམས་ཅན་རྣམས་ཀྱི་ཕྱིར། །རྩ་བ་བཞི་པོའི་སྡོམ་པ་དང་། །མཚམས་མེད་ལྔ་པོའི་སྡིག་རྣམས་དང་། །ལོག་སྤྱོད་བར་དུ་མཐོལ་བཤགས་སོ། །སོ་སོའི་སྐྱེ་བོ་

ལ་ལ་ཞིག །དེ་ལྟ་བུ་ཡི་སྡིག་བྱས་པ། །དེ་བཞིན་མཐོལ་ཚངས་བྱེད་ནུས་ན། །རྩ་བ་བཞི་དང་མཚམས་མེད་ལྔ། །ལོག་སྤྱོད་བར་དུ་སྡིག་འབྱང་སྟེ། །སངས་རྒྱས་འགྲུབ་པའང་གདོན་མི་ཟ། །མ་དད་པ་ནི་དེར་མ་གཏོགས། །གང་ཞིག་དད་པའི་སེམས་སྐྱེས་

ཏེ། །རྒྱལ་བ་རྣམས་ལ་ཕྱག་བྱས་ན། །ཆོས་ལམ་མི་འགྲུབ་མི་སྲིད་དོ། །དེ་ནས་རྒྱལ་བུ་དགེ་མཐོང་དང་། །སུམ་སྟོང་པོ་ཡི་མི་རྣམས་ཀྱིས། །བཅོམ་ལྡན་འདས་ལ་ཚིག་འཐུན་པར། །འདི་སྐད་གསོལ་ཏེ་བདག་ཅག་རྣམས། །སངས་རྒྱས་གྲུབ་ནས་སྐྱེ་ཤི་ལས། །

འཁོར་བའི་རྣམ་དག་བསྒྲལ་བར་སྨོན། །ལྷ་མིའི་ནང་ན་བཙུན་བཞུགས་པས། །བྱེ་བྲག་ཕྱེད་པར་བཤད་དུ་གསོལ། །དེ་ལ་གཟུངས་སུ་བཟུང་བ་དང་། །ཡི་གེར་བྲིས་ཤིང་ཀློག་འཆང་བ། །དེ་ཡི་བསོད་ནམས་ཇི་ཙམ་མཆིས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །

བྱེ་བྲག་ཕྱེད་པར་ངས་བཤད་ཀྱིས། །རྒྱལ་བུ་དགེ་མཐོང་ལེགས་པར་ཉོན། །གང་ཞིག་རིན་ཆེན་སྣ་བདུན་གྱིས། །སྟོང་ཁམས་གང་བའི་སེམས་ཅན་ལ། །སྦྱིན་པ་བྱས་ཤིང་ཡོན་ཕུལ་ནས། །དེ་ཡི་སྟེང་དུ་ཆོས་བཤད་ཅིང་། །དགྲ་བཅོམ་འབྲས་བུ་ཐོབ་བྱས་པས། །

เล่ม ๖๗ · หน้า 262a

ལ་ལ་ཞིག་གིས་རྒྱལ་བའི་མཚན། །ཐོས་ནས་དད་པའི་སེམས་བསྐྱེད་དེ། །སྐད་ཅིག་དུས་སུ་ཕྱག་བྱས་ན། །དེ་ཡི་བསོད་ནམས་དེ་བས་འདའ། །ཡི་གེར་བྲིས་ཤིང་ཀློག་འཆང་བ། །དད་པས་ཕྱག་འཚལ་སྨོས་ཅི་དགོས། །དེ་ཡི་བསོད་ནམས་དཔག་ཏུ་མེད། །

གང་གིས་ཡི་གེར་བྲི་བ་དང་། །ཀློག་པ་དང་ནི་འདོན་པ་དང་། །དུས་སུ་ཕྱག་འཚལ་སེམས་བསྐྱེད་ན། །མཆོད་རྟེན་སྟོང་ཁམས་ཆུབ་པ་རུ། །བརྩིགས་པའི་བསོད་ནམས་པས་ནི་ཆེ། །དེ་ནས་འོད་སྲུང་ཆེན་པོ་དང་། །ཤཱ་རིའི་བུ་དང་ཀུན་དགའ་བོ། །འཇིག་རྟེན་བསྲུང་

བ་མཐུ་བོ་ཆེ། །ཚངས་ལྷ་རྣམས་དང་ལྷ་དབང་པོ། །འཁོར་ལོས་སྒྱུར་དང་རྒྱལ་ཆེན་བཞིས། །བཅོམ་ལྡན་ཞབས་ལ་མགོས་བཏུད་ནས། །ཚིག་འཐུན་པར་ནི་འདི་སྐད་གསོལ། །བཅོམ་ལྡན་མྱ་ངན་འདས་སླད་ན། །བདག་ཅག་རྣམས་ཀྱིས་སེམས་ཅན་ལ། ཁྱབ་པར་

སྤེལ་ཞིང་བསྟན་པར་བགྱི། །ལུས་སེམས་རྟག་ཏུ་བདེ་བའི་ཕྱིར། །ཕྱག་འཚལ་རྣམས་ལ་བསྲུང་བར་བགྱི། །གང་ཞིག་སྡོམ་པ་ཞིག་པ་དང་། །མཚམས་མེད་ལྔ་ཡི་སྡིག་པ་དང་། །མཉམ་པ་ཉིད་ལ་སྐུར་པ་རྣམས། །སངས་རྒྱས་དེ་དག་མཚན་ཐོས་

པས། །རྣམ་དག་ས་རུ་བདེ་བར་གནས། །དཔེར་ན་རྒྱལ་བུ་དགེ་མཐོང་བཞིན། །ད་དུང་མ་འོངས་ཕྱི་དུས་ལ། །སངས་རྒྱས་རང་བཞིན་མཐོང་བར་འགྱུར། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཚོགས་ཆེན་པོ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱེད་རྣམས་ལེགས་

པར་ཉོན་ཅིག །ཁྱེད་རྣམས་ལ་སྔོན་བྱུང་བའི་ལས་ཀྱི་རྒྱུ་རྐྱེན་བཤད་པར་བྱའོ། །ང་སྔོན་བསྐལ་པ་དཔག་ཏུ་མེད་པ་འདས་པའི་སྔོན་རོལ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཛེས་པའི་འོད་ཅེས་བྱ་བ་ལས་ཕྱོགས་བཅུ་དུས་གསུམ་གྱི་སངས་

རྒྱས་ཀྱི་མཚན་ཐོས་ནས་ཤིན་ཏུ་དགའ་བའི་སེམས་སྐྱེས་ཏེ། ཐལ་མོ་སྦྱར་ཅིང་སྤྱི་བོས་བླངས་སོ། །བླངས་ནས་ཀྱང་སེམས་ཅན་གང་ནས་གང་དུ་གནས་པ་དེ་དང་དེར་དཔག་ཏུ་མེད་པ་མཐའ་ཡས་པའི་སེམས་ཅན་རྣམས་ལ་རྒྱ་ཆེར་སྤེལ་ཞིང་བསྟན་ཏེ་སངས་རྒྱས་ཀྱི་མཚན་ཐོས་པར་

เล่ม ๖๗ · หน้า 262b

བྱས་སོ། །དེའི་ཚེ་དེའི་དུས་ན་ཚོགས་རྣམས་ཀྱི་ནང་དུ་མི་སུམ་སྟོང་ཉི་ཚེ་ཞིག་ངའི་ཆོས་ཀྱི་དོན་དང་འཐུན་ཏེ་དད་པའི་སེམས་དཔག་ཏུ་མེད་པ་སྐྱེས་ནས་ངའི་ཐད་དུ་སངས་རྒྱས་དེ་རྣམས་ཀྱི་མཚན་ནས་བརྗོད་ཅིང་ཕྱག་བྱས་པས། ད་ལྟར་ཕྱོགས་བཅུར་སྣང་ཞིང་མངོན་པར་འཚང་རྒྱ་བ་ཡིན་ནོ། །རིགས་

ཀྱི་བུ་དག་རྩ་བ་བཞི་དང་། མཚམས་མེད་པའི་སྡིག་ལྕི་བ་དང་། མཉམ་པ་ཉིད་ལ་སྐུར་པ་དང་། ལོག་སྤྱོད་ཀྱི་བར་དུ་སྡིག་འབྱང་བར་འདོད་ན་དད་པའི་སེམས་ཀྱི་དབང་དུ་འགྲོ་བར་བྱའོ། །རིགས་ཀྱི་བུ་ཡང་འདི་ལྟ་སྟེ། གང་ལ་ལས་མ་དད་ཅིང་མ་གུས་པས་མདོ་སྡེ་བཅུ་གཉིས་ལ་

སྐུར་ཅིང་དབང་བཟས་པ་དང་། རྡོ་རྗེའི་སྐུ་དང་། སྐྱེས་བུ་དམ་པ་འཇམ་དཔལ་དང་། ཕྱོགས་བཅུའི་རྒྱལ་བ་རྣམས་ལ་སྐུར་ཅིང་དབང་བཟའ་བ་རྣམས་གདོན་མི་ཟ་བར་སེམས་ཅན་དམྱལ་བར་ལྟུང་སྟེ། བརྫུན་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་མ་དད་པའི་ཕྱིར་རོ། །དམ་པའི་ཆོས་ལ་སྐུར་

པའི་ཕྱིར་རོ། །བླ་མ་རྣམས་ལ་བརྙས་པའི་ཕྱིར་རོ། །ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ལ་སྨད་པའི་ཕྱིར་ཏེ། ངེས་པར་དམྱལ་བར་ལྟུང་ངོ་། །སངས་རྒྱས་ཀྱི་མཚན་དེ་དག་ལ་དད་ཅིང་སེམས་ཐག་པ་ནས་ཕྱག་འཚལ་ན་མི་དགེ་བ་བཅུ་དང་། མཚམས་མེད་པ་ལྔ་

དང་། མཉམ་པ་ཉིད་ལ་སྐུར་པའི་སྡིག་ལྟ་ཞིག་མི་འབྱང་མི་སྲིད་དེ་མ་དད་པ་དང་། མ་གུས་པ་དང་། དགེ་བའི་རྩ་བ་རྒྱུན་ཆད་པ་དང་། ལོག་སྤྱོད་རྣམས་ནི་དེར་མ་གཏོགས་སོ། །རིགས་ཀྱི་བུ་དག་ཤཱཀྱ་ཐུབ་པའི་སྐུ་འབུམ་ཕྲག་བརྒྱར་སྤྲུལ་པ་ཡང་འཇིག་རྟེན་རེ་རེ་ན་སྟོན་

པ་མཛད་ཅིང་བཞུགས་ཏེ་ཐ་མའི་སྐུ་ནི་ང་ཡིན་ནོ། །དེའི་ཚེ་ང་དང་འགྲོགས་པའི་མི་སུམ་སྟོང་པོ་ཀུན་ད་ལྟར་སངས་རྒྱས་སུ་གྲུབ་སྟེ། སྟོང་དང་པོའི་གཙོ་བོ་ནི་སངས་རྒྱས་པད་མའི་འོད་ཅེས་བྱ། སྟོང་བར་མའི་གཙོ་བོ་ནི་སངས་རྒྱས་རྡོ་རྗེའི་སྐུ་ཞེས་བྱ། སྟོང་ཐ་མའི་གཙོ་བོ་ནི་

སངས་རྒྱས་བྱམས་པ་ཞེས་བྱའོ། །དེ་བས་ན་ཁྱེད་རྣམས་ཀྱང་དེ་བཞིན་དུ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀྱི་མཚན་བརྗོད་ཅིང་ཕྱག་འཚལ་བའི་རིགས་སོ། །ཁྱེད་རྣམས་མ་འོངས་པའི་དུས་ན་ཚོགས་མང་པོ་རྣམས་ལ་སྟོན་པ་རྒྱ་ཆེར་བྱེད་ཅིང་མཐའ་མེད་པའི་སེམས་ཅན་

เล่ม ๖๗ · หน้า 263a

རྣམས་ལ་ཕན་གདགས་ཏེ། ཁམས་གསུམ་ནས་བཟླས་ཤིང་ཞི་བ་དང་དབེན་པའི་གནས་སུ་དཀྱིལ་འཁོར་གྱིས་ལ་ང་དང་འདྲ་བར་བྱོས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་གཟུངས་འཛིན་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་

གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཅིང་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། ཇི་ལྟར་གཟུང་བར་བགྱི།

ཇི་ལྟར་བསྒོམ་ཞིང་སྤྱད་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཆོས་ཀྱི་རྣམ་གྲངས་འདིའི་མིང་ནི་སྡོམ་པ་ལྕི་བ་རྣམས་ལ་ཕན་གདགས་པའོ་ཞེས་བྱ་བར་ཟུང་ཤིག །རྡོ་རྗེ་རིན་པོ་ཆེའི་སྙིང་པོ་

ཞེས་བྱ་བར་ཟུང་ཤིག །སྡེ་སྣོད་ཀྱི་སྒོ་དཔག་ཏུ་མེད་པའོ་ཞེས་བྱ་བར་ཟུང་ཤིག །ཐམས་ཅད་ཀུན་ཏུ་བསྡུས་པའོ་ཞེས་བྱ་བར་ཟུང་ཤིག །རྒྱན་ཆེན་པོ་དཔེ་ཟླ་མེད་པའོ་ཞེས་བྱ་བར་ཟུང་ཤིག །མི་སུམ་སྟོང་སངས་རྒྱས་སུ་གྲུབ་པར་རྣམ་པར་བཀོད་པ་

ཞེས་བྱ་བར་ཟུང་ཤིག །འགྱོད་ཚངས་ཀྱིས་སྡིག་སྦྱངས་དེ་བསོད་ནམས་ཐོབ་པའོ་ཞེས་བྱ་བར་ཟུང་ཤིག །ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པ་ཞེས་བྱ་བར་ཟུང་ཤིག །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་གཟུངས་འཛིན་གྱིས་འདི་སྐད་ཅེས་

གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་བསྟན་པ་ལྟར་ན། ཆོས་ཀྱི་རྣམ་གྲངས་འདི་ནི་སེམས་ཅན་དཔག་ཏུ་མ་མཆིས་པ་རྣམས་ལ་སྨན་པ་དང་། བདེ་བ་ཆེན་པོ་མཛད་པའི་སླད་དུ་སྡིག་སྦྱངས་པ་དང་། སངས་རྒྱས་སུ་འགྲུབ་པར་མཛད་པའི་མདོ་

འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ནི་ཡུམ་མོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ནི་ལམ་མོ། །ཉན་ཐོས་རྣམས་ཀྱི་ནི་མིག་གོ། །ལྷ་དང་མི་རྣམས་ཀྱི་ནི་ཁང་ཁྱིམ་ལགས་ཏེ། དེ་ལྟ་བུའི་བསམ་གྱིས་མི་ཁྱབ་པའི་དོན་དང་ལྡན་པ་བདག་གིས་གཟུངས་སུ་གཟུང་བར་བགྱིའོ། །

เล่ม ๖๗ · หน้า 263b

ལྷ་དང་མི་གང་ནས་གང་དུ་གནས་པ་དེ་དང་དེར་རྒྱ་ཆེར་སྤེལ་བར་བགྱིའོ། །རྒྱུན་མི་འཆད་ཅིང་ཡུན་དུ་གནས་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ་ལེགས་སོ། །ཁྱོད་ནི་སྐྱེས་བུ་དམ་པ་ཡིན་ཏེ། སྡེ་སྣོད་ཆེན་པོ་དཔག་ཏུ་མེད་པ་ཐམས་

ཅད་གཟུངས་སུ་འཛིན་པ་ལགས་ཏེ། ཁྱོད་མ་འོངས་པའི་དུས་ན་ང་འགྲོ་བའི་གནས་སུ་ཁྱོད་འགྲོ་ཤིག །ང་འདུག་པའི་གནས་སུ་ཁྱོད་འདུག་ཤིག །བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བསྟན་པའི་ཚེ། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ཞིག་ཕྱིར་མི་ལྡོག་པ་དང་མི་

འགྱུར་བའི་སར་གནས་སོ། །ཉན་ཐོས་བརྒྱད་ཁྲི་ཞིག་ཐེག་པ་ཆེན་པོའི་སེམས་བསྐྱེད་དོ། །དགེ་སློང་སྟོང་ཕྲག་བཅུ་ཞིག་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། །ལྷ་དང་མི་བརྒྱད་ཁྲི་བཞི་སྟོང་ཞིག་ཆོས་ཀྱི་མིག་རྣམ་པར་དག་པ་ཐོབ་བོ། །སེམས་ཅན་སྟོང་ཕྲག་བརྒྱ་ཞིག་ནི་བླ་ན་མེད་

པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མདོ་སྡེ་འདི་བཤད་ཟིན་ནས། ཤིང་སཱ་ལ་ག་ལ་བ་དེ་ལོགས་སུ་གཤེགས་སོ། །གཤེགས་ནས་གསེར་གྱི་མེ་ཏོག་རིན་པོ་ཆེའི་རྫིང་བུ་དང་བཅས་པ་ཡང་མི་སྣང་བར་

གྱུར་ཏེ། དེ་བཞིན་གཤེགས་པའི་འོད་ཀྱང་བསྡུས་ནས། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་མཐོ་དམན་དང་། གཙང་སྨེ་ཡང་སྔོན་བཞིན་ནོ། །མི་རྣམས་ཉེས་བྱས་པའི་ཕྱིར་དམྱལ་བ་ཡང་སྔོན་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་

དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་

པར་བསྟོད་དོ།། །།འཕགས་པ་ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པ་འགྱོད་ཚངས་ཀྱི་སྡིག་སྦྱང་བ་སྟེ། སངས་རྒྱས་ཡོངས་སུ་གྲུབ་པ་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་ནག་གི་འགྱུར་ཤློ་ཀ་བདུན་བརྒྱ་རྩ་བཅུ་གཉིས་ཏེ་བམ་པོ་

เล่ม ๖๗ · หน้า 264a

གཉིས་དང་ཤློ་ཀ་བརྒྱ་བཅུ་གཉིས།

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด