འདུལ་བ་རྣམ་པར་འབྱེད་པ

ชื่อสันสกฤต (อักษรทิเบต ตามตัวบท) བི་ན་ཡ་བི་བྷང་ག

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๘ · หน้า 115a

རླུང་མེད་སྒོ་གཏན་བསྡམས་པ་ཡི། །ཁང་པ་བརྩེགས་པར་ཁྱོད་ཉལ་ནས། །ཤིང་ལྗོན་དྲུང་དུ་གནས་གྱུར་པ། །ཇི་ལྟ་ཡོངས་སུ་མི་གདུང་ངམ། །འཇམ་ཞིང་རས་བལ་འདྲ་བ་ཡི། །མལ་ཁྲི་དག་ལ་ཁྱོད་ཉལ་ནས། །རྩྭ་ཡི་སྟན་ལ་ཉལ་གྱུར་པ། །ཇི་ལྟ་ཡོངས་

སུ་མི་གདུང་ངམ། །བཙུན་མོ་མཚུངས་པ་ཡིད་འོང་བ། །གུས་པར་ཉལ་ཅིང་སྙན་སྨྲས་པ། །དུ་མ་ཁྱོད་ཀྱིས་རྣམ་སྤངས་པ། །ཇི་ལྟ་ཡོངས་སུ་མི་གདུང་ངམ། །གླང་ཆེན་གཉའ་དང་ཤིང་རྟ་དང་། །རྟ་ཡི་བཞོན་པས་ཁྱོད་སོང་ནས། །རྐང་པས་ས་ལ་རྒྱུ་བྱེད་པ། །ཇི་ལྟ་ཡོངས་སུ་མི་

གདུང་ངམ། །ནོར་མང་ལྡན་པའི་མཛོད་དང་ནི། །ཁང་པ་དག་ཀྱང་རྣམ་སྤངས་ཏེ། །ཅི་ཡང་མེད་པ་ཐོབ་གྱུར་པ། །ཇི་ལྟ་ཡོངས་སུ་མི་གདུང་ངམ། །ཨུ་ཏྲ་ཡ་ནས་སྨྲས་པ། རྒྱལ་པོ་གལ་ཏེ་གདུལ་དཀའ་བ། །གཞན་གྱི་ཟས་ཀྱིས་འཚོ་བྱེད་ན། །མ་གྲུབ་པས་ནི་དེ་འདུལ་ཏེ། །

གཉའ་ཤིང་བ་ལང་འདུལ་བ་བཞིན། །རྒྱལ་པོ་གཟུགས་ཅན་སྙིང་པོས་སྨྲས་པ། །རྒྱལ་པོ་ཁྱོད་ཡིད་མི་བདེ་འམ། །ཅི་ཕྱིར་དམན་པ་བཞིན་དུ་སྨྲ། །རྒྱལ་སྲིད་ཕྱེད་ནི་སྦྱིན་བྱ་ཡིས། །ཁྱོད་ནི་སྔོན་བཞིན་ལོངས་སྤྱོད་ཀྱིས། །རྒྱལ་པོ་ཁྱོད་ཡིད་མི་བདེ་འམ། །ཅི་ཕྱིར་དམན་པ་བཞིན་

དུ་སྨྲ། །ཡིད་ཀྱིས་གང་དང་གང་འདོད་པའི། །ལོངས་སྤྱོད་རབ་མཆོག་སྦྱིན་པར་བྱ། །ཨུ་ཏྲ་ཡ་ནས་སྨྲས་པ། རྒྱལ་པོ་གང་ཞིག་འཇིག་རྟེན་ན། །ལུས་ཀྱི་ཆོས་རེག་བཀྲེན་པ་མེད། །དེ་ནི་ངེས་པར་ལྷ་ཉིད་དང་། །ཡང་ན་མྱ་ངན་འདའ་བར་འགྱུར། །མི་དབང་གང་ཞིག་ཆོས་སྤངས་

ཞིང་། །འདི་ལ་ཆོས་མིན་དགའ་བྱེད་པ། །རྒྱལ་པོ་དེ་བཀྲེན་ཤེས་པར་བྱ། །མུན་ནས་མུན་པར་འགྲོ་བར་འགྱུར། །ཁྱོད་ལ་ཆོས་ནི་བསྟན་བྱ་ཡིས། །རྒྱལ་པོ་ཆེན་པོ་བདག་ལ་ཉོན། །ཆོས་ཐོས་འོག་ཏུ་རྒྱལ་པོ་ནི། །གང་དུ་འདོད་པར་འགྲོ་བར་འགྱུར། །ཡོན་ཏན་མེད་པའི་

ལུས་ལ་ནི། །གཅིག་ཉིད་ཡོན་ཏན་ཆེན་པོ་སྟེ། །ཇི་ལྟ་ཇི་ལྟར་གཟུང་བྱས་པ། །དེ་ལྟ་དེ་ལྟར་རྗེས་འཇུག་འགྱུར། །རྒྱལ་པོ་བཅུ་པའི་བཅུ་པོ་འདི། །སྐྱེས་བུའི་ཆེར་ནི་བརྗོད་པར་བྱ། །བུ་དང་ཆུང་མ་ནོར་དེ་ལ། །རྩེད་མོ་དགའ་བ་ཅི་ཞིག་ཡོད། །བུ་ཡིས་དགའ་བ་སྟོན་བྱེད་དེ། །

เล่ม ๘ · หน้า 115b

ཆུང་མས་ཁེངས་པ་རྗོད་པར་བྱེད། །ཆོམ་རྐུན་ནོར་ནི་སྒྲུབ་བྱེད་དེ། །རྒྱལ་པོ་དག་ནི་བཅིངས་ལས་གྲོལ། །མཐར་བྱེད་པ་ལས་སྨན་དག་དང་། །ནོར་དང་ཉེ་དུས་སྐྱོབ་མི་ནུས། །རིག་སྔགས་ཀུན་དང་དཔུང་དག་དང་། །དཔའ་བརྟུལ་གྱིས་ཀྱང་སྐྱོབ་ནུས་མིན། །འདི་ན་མཐུ་ཆེན་གནས་

མཐོ་ལ། །གནས་པའི་ལྷ་ཚེ་རིང་པོ་ཡང་། །དེ་ཡང་ཚེ་ཟད་ཉམས་འགྱུར་བས། །འཆི་ལས་དེ་རིང་སུ་ཞིག་འཐར། །མཐུ་ཆེན་ནོར་ལྡན་གྲགས་འབར་བ། །རྒྱལ་སྲིད་བྱས་པ་ཁྱབ་འཇུག་དང་། །མུན་བྱེད་སྒྲ་ངན་སྐྱ་བསེང་བུ། །དེས་ཀྱང་འཆི་བ་བཟློག་མ་ནུས། །རྒྱལ་པོ་སྡོམ་

བརྩོན་དཀའ་ཐུབ་དང་། །ལས་དང་བརྩོན་འགྲུས་རྟུལ་བ་དང་། །འཁོར་ཚོགས་རྒྱ་ཆེན་ནོར་དག་གིས། །འཆི་ལས་ཇི་ལྟར་ཐར་མི་ནུས། །བར་སྣང་རྒྱ་མཚོའི་ནང་དང་ནི། །རི་ཡི་སུལ་དུ་ཞུགས་པ་འམ། །གང་དུ་གནས་ན་འཆི་བདག་གིས། །མི་ཚུགས་འགྱུར་བའི་ས་

ཕྱོགས་མེད། །བར་སྣང་རྒྱ་མཚོ་ནང་དང་ནི། །རི་ཡི་སུལ་དུ་ཞུགས་པ་འམ། །གང་དུ་གནས་ན་ལས་རྣམས་ཀྱིས། །མི་ཚུགས་འགྱུར་བའི་ས་ཕྱོགས་མེད། །རུས་པ་ཐི་བའི་མདོག་འདྲ་བ། །བོར་ཞིང་ཕྱོགས་ཕྱོགས་རྣམ་འཐོར་བ། །གང་དང་གང་ཡིན་དེ་དག་ནི། །མཐོང་ན་འདི་

ལ་སུ་ཞིག་དགའ། །ཐོད་པ་དུང་གི་མདོག་འདྲ་བ། །བོར་ཞིང་ཀུ་བ་ལྷུང་ལྟ་བུ། །གང་དང་གང་ཡིན་དེ་དག་ནི། །མཐོང་ན་འདི་ལ་སུ་ཞིག་དགའ། །རྒྱལ་པོ་ཚ་ན་སྒྲིབ་བྱེད་ཅིང་། །གྲང་ན་གཡོག་པར་བྱེད་པ་ཡི། །ཁྱོད་ཀྱི་བདག་ཉིད་ཅེས་བྱ་བ། །གང་ཡིན་དེ་ཡང་འཆི་བས་

འཇོམས། །མི་ཡིས་ཇི་ཙམ་ཟས་ཟོས་ཤིང་། །གྱོན་ནམ་ཡང་ན་བྱིན་པ་དེ། །དེ་ཡི་རང་གིར་ཤེས་བྱ་སྟེ། །གཞན་ནི་བོར་ཏེ་འགྲོ་བར་འགྱུར། །མི་ཡི་རྐུན་པོས་མི་འཕྲོགས་དང་། །གཞན་དང་ཐུན་མོང་མ་ཡིན་པའི། །གཏེར་ནི་སྦྱིན་པའམ་ཡང་ན་ནི། །ལེགས་བྱས་གཞན་

གྱིས་སྦ་བར་བྱ། །སྟག་གིས་རི་དགས་བསད་འདྲེན་ལྟར། །ན་རྒ་འཆི་བས་ཁྱོད་མྱུར་འདྲེན། །མཛའ་བཤེས་བློན་ཚོགས་ཀུན་འདུས་པ། །ཁྱོད་ཀྱི་ནད་ནི་སེལ་མི་ནུས། །དེ་ལ་སྤྱད་ལྷག་ནོར་འབྲུ་དང་། །གསེར་དངུལ་གང་དག་ཡོད་པ་ལ། །བུ་དང་ཆུང་མ་འཁོར་བཅས་དག །

เล่ม ๘ · หน้า 116a

བགོ་སྐལ་ཉིད་དུ་སེམས་པར་བྱེད། །གལ་ཏེ་ཕ་ཤི་བུ་ལོན་ཆགས། །བུ་སྡུག་དེ་ལ་མེ་མི་ཁྱེར། །ཤི་ན་འཆི་བཞིན་མི་ངུ་ཞིང་། །བདག་གི་ཕའམ་རྗེར་མི་སྨྲ། །ཕྱུག་ཤེས་བདག་གི་ཕ་ཟེར་ཞིང་། །སྐྲ་བཤིག་མཆི་མའི་བཞིན་གྱིས་ངུ་། །མེ་ཡང་མདུན་དུ་

ཁྱེར་བྱེད་ཅིང་། །ཀྱེ་མ་འདི་ནི་ལྷར་འགྱུར་ཟེར། །གོས་ཀྱིས་བཀབ་བཞིན་ཁྱེར་བྱེད་ཅིང་། །མེ་བཏང་དེ་ནས་སྲེག་པར་བྱེད། །ཉེ་དུ་ངུ་ཞིང་གོས་གཅིག་གིས། །དེ་སྲེགས་སྤངས་ཏེ་ལོངས་སྤྱོད་བྱེད། །དེ་གཅིག་སྐྱེ་ཞིང་སྐྱེ་ཚེ་གཅིག །དེ་བཞིན་གཅིག་འཆི་འཆི་ཚེ་གཅིག །སྐྱེ་

འདིར་གཅིག་པུས་སྡུག་བསྔལ་མྱོང་། །འཁོར་བར་འགྱུར་ལ་གྲོགས་མེད་དོ། །དེ་མཐོང་འདི་ལ་དམ་པ་རྣམས། །རབ་འབྱུང་ཁྱིམ་ན་འདུག་མི་བྱེད། །དེ་དག་ཆགས་པ་ཀུན་བྲལ་ནས། །ཕྱིན་ཆད་མངལ་ན་འཇུག་མི་འགྱུར། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་དགེ་སློང་

ཨུ་ཏྲ་ཡ་ནས་གོང་ནས་གོང་དུ་སྤོབས་པས་ལན་གླན་པས་ཅང་མི་སྨྲ་ཞིང་སྤོབས་པ་མེད་པར་གྱུར་ཏེ་སོང་ངོ་། །དེ་ནས་རྒྱལ་པོ་གཙུག་པུད་ཅན་གྱིས་རེ་ཞིག་ཇི་སྲིད་དུ་ཆོས་ཀྱི་རྒྱལ་སྲིད་བྱེད་དུ་བཅུག་ནས་ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་དུ་གཞུག་པར་བརྩམས་པ་དང་། དེ་ལ་བློན་

པོའི་མཆོག་ཧེ་རུ་ཀ་དང་བྷི་རུ་ཀ་གཉིས་ཀྱིས་སྨྲས་པ། ལྷ་ཆོས་ཀྱིས་རྒྱལ་སྲིད་བགྱིད་དུ་སྩོལ་ལ། ཆོས་མ་ལགས་པས་བགྱིད་དུ་མ་སྩལ་ཅིག །དེ་ཅིའི་སླད་དུ་ཞེ་ན། ལྷ་ཡུལ་གྱི་མི་དག་ནི་མེ་ཏོག་གི་ཤིང་ལྗོན་པ་དང་། འབྲས་བུའི་ཤིང་ལྗོན་པ་དག་དང་འདྲ་བའི་སླད་དུ་སྟེ།

ལྷ་འདི་ལྟ་སྟེ། དཔེར་བགྱི་ན་མེ་ཏོག་གི་ཤིང་ལྗོན་པ་དང་། འབྲས་བུའི་ཤིང་ལྗོན་པ་དག་ནི་དུས་དང་དུས་སུ་ལེགས་པར་ཡོངས་སུ་བསྐྱངས་པ་ན་བར་ཆད་མ་མཆིས་པའི་སྦྱོར་བས་དུས་ཇི་ལྟ་བ་བཞིན་དུ་མེ་ཏོག་དང་། འབྲས་བུ་དག་འབྱིན་པར་བགྱིད་དོ། །ལྷ་དེ་བཞིན་དུ་ཡུལ་གྱི་

མི་དག་ཀྱང་དུས་དང་དུས་སུ་ལེགས་པར་ཡོངས་སུ་བསྐྱངས་པ་ན་བར་ཆད་མ་མཆིས་པའི་སྦྱོར་བས་དུས་ཇི་ལྟ་བ་བཞིན་དུ་དཔྱ་དང་ལོ་ཐང་དག་འབུལ་བར་བགྱིད་དོ། །དེ་དེ་གཉིས་ཀྱིས་བཟློག་པ་ན་རེ་ཞིག་ཇི་སྲིད་དུ་ཆོས་ཀྱིས་རྒྱལ་སྲིད་བྱེད་དུ་བཅུག་ནས་ཡང་ཆོས་མ་ཡིན་པས་

เล่ม ๘ · หน้า 116b

རྒྱལ་སྲིད་བྱེད་དུ་གཞུག་པར་བརྩམས་པ་དང་། དེ་ལ་དེ་གཉིས་ཀྱིས་ལན་གསུམ་གྱི་བར་དུ་ཡང་སྨྲས་ན་སྲིད་པ་འཕོས་པ་དང་ལྡན་པས་བཟློག་ཀྱང་མི་སྡོད་དེ་དེ་ཁྲོས་ནས་བློན་པོ་གཞན་དག་ལ་སྨྲས་པ། ཤེས་ལྡན་དག་གང་གིས་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བའི་

བཀའ་ལན་གསུམ་གྱི་བར་དུ་ཡང་གཅོག་པ་དེའི་ཆད་པ་ཇི་ལྟ་བུ་ཡིན། དེ་ན་བློན་པོ་སྐྱོན་ཆགས་པ་ཁ་ཅིག་གིས་སྨྲས་པ། ལྷ་འདི་ལ་རྨ་ཅི་འཚལ་ཏེ། དེའི་ཆད་པ་ནི་དགུམ་པ་ལགས་སོ། །ཚིགས་སུ་བཅད་པ་དག་ཀྱང་སྨྲས་པ། བློན་པོ་སྐྱོན་ནི་ཆགས་པ་དང་། །འགུལ་བར་

གྱུར་པའི་སོ་དང་ནི། །ཟས་ལ་སྐྱོན་ནི་ཆགས་པ་དག །ཕྱུང་བ་འབའ་ཞིག་བདེ་བར་གྱུར། །བློན་པོ་བློ་དང་ལྡན་གྱུར་ཅིང་། །ཤེས་རབ་དང་ནི་འདུལ་ལ་མཁས། །མཛོད་ནས་གོ་འཕང་གནས་པ་ནི། །གང་གིས་མི་གསོད་དེ་གསོད་འགྱུར། །རྒྱལ་པོ་གཙུག་པུད་ཅན་གྱིས་

སྨྲས་པ། ཤེས་ལྡན་དག་འདི་གཉིས་ནི་ངའི་ཡབ་ཀྱིས་བསྐོས་པ་ཡིན་པས་ང་འདི་གཉིས་གསོད་པར་མི་བྱེད་ཀྱིས། འདི་ལྟར་འདི་གཉིས་ཀྱིས་ངའི་མིག་སྔར་འདུག་པར་མི་བྱའོ་ཞེས་དེ་གཉིས་ཀྱི་སྒོ་བཟློག་ནས་སྐྱོན་ཆགས་པ་གཞན་གཉིས་ཤིག་བློན་པོར་བསྐོས་པ་དང་། དེ་

གཉིས་ཀྱིས་སྨྲས་པ། ལྷ་ཏིལ་མ་བརྡུངས་པ་དང་། མ་སྩལ་བ་དང་། མ་བསྲོས་པ་དང་། མ་བཙིར་བ་དག་གིས་ཏིལ་མར་མི་འབྱིན་ཏེ། མིའི་དབང་པོ་སྐྱེ་བོ་དག་ཀྱང་དེ་དང་འདྲའོ། །རྒྱལ་པོས་སྨྲས་པ། ཁྱེད་གཉིས་ཀྱིས་བྱས་པ་གང་ཡིན་པ་དེ་ནི་མཆོག་ཏུ་བརྩོན་པ་ཡིན་

ནོ། །དེ་གཉིས་ཀྱིས་ཡུལ་གྱི་མི་དག་ལ་གནོད་པ་བྱ་བར་བརྩམས་སོ། །ཇི་ཙམ་དུས་གཞན་ཞིག་ན་ཚོང་པ་ཞིག་ཟོང་ཐོགས་ཏེ་གྲོང་ཁྱེར་སྒྲ་སྒྲོགས་ནས་རྒྱལ་པོའི་ཁབ་ཏུ་ཕྱིན་པ་དང་། ཚེ་དང་ལྡན་པ་ཨུ་ཏྲ་ཡ་ནས་དེ་མཐོང་ནས་ངོ་ཤེས་ཏེ་སྨྲས་པ། ཇི་ལྟ་སྒྲ་སྒྲོགས་དག་

ན་གཙུག་པུད་ཅན། །འཁོར་དང་ཚོགས་བཅས་སྟོབས་ལྡན་ནད་མེད་དམ། །དེ་ལ་ཕས་ཀྱི་སྡོ་བ་འགའ་མེད་ཅིང་། །རང་གི་རྒྱལ་སྲིད་ཆོས་ཀྱིས་བྱེད་འཇུག་གམ། །དེས་སྨྲས་པ། ལྷ་དེ་བཞིན་སྒྲ་སྒྲོགས་དག་ན་གཙུག་པུད་ཅན། །འཁོར་དང་ཚོགས་བཅས་སྟོབས་ལྡན་

เล่ม ๘ · หน้า 117a

བྲོ་མ་འཚལ། །དེ་ལ་ཕས་ཀྱི་སྡོ་བ་མ་མཆིས་ཏེ། །རྒྱལ་སྲིད་རྟག་ཏུ་ཆོས་མ་ལགས་པས་བགྱིད། །དེ་ནས་ཚེ་དང་ལྡན་པ་ཨུ་ཏྲ་ཡ་ནས་མཐར་གྱིས་དྲི་བར་བརྩམས་པས། དེ་ན་བློན་པོ་གང་ནི་གཙོ་བོ་ཡིན། །གང་ནི་གཙོ་བོ་མ་ཡིན། གང་གི་དབང་གིས་ནི་

གཙུག་པུད་ཅན་ཡུལ་གྱི་མི་དག་ལ་གནོད་པ་བྱེད། དེས་སྨྲས་པ། ལྷ་བློན་པོའི་མཆོག་ཧེ་རུ་ཀ་དང་བྷི་རུ་ཀ་གཉིས་ཀྱི་སྒོ་ནི་བཟློག །སྐྱོན་ཆགས་པ་གཞན་གཉིས་ཤིག་ནི་བློན་པོར་བསྐོས་ཏེ། དེ་གཉིས་ཀྱི་དབང་གིས་གཙུག་པུད་ཅན་ཡུལ་གྱི་མི་དག་ལ་གནོད་པ་བགྱིད་དོ། །

ཨུ་ཏྲ་ཡ་ནས་སྨྲས་པ། ཀྭའི་ནང་རྗེ་ཁྱོད་སོང་ལ་སྒྲ་སྒྲོགས་ན་གནས་པའི་སྐྱེ་བོའི་ཚོགས་ལེགས་པར་དབུགས་ཕྱུང་ཤིག་དང་། ཡང་དེར་བཟློག་ཏུ་འོང་སྟེ། ང་ཉིད་ཀྱིས་གཙུག་པུད་ཅན་ཅི་ནས་ཀྱང་ཡུལ་གྱི་མི་རྣམས་ལ་གནོད་པ་མི་བྱེད་པ་དེ་ལྟར་གནོད་པ་ལས་བཟློག་པར་

བྱ་ཞིང་ཕན་པ་ལ་ངེས་པར་སྦྱར་བར་བྱའོ། །ཚོང་པ་དེས་ཟོང་བསྒྱུར་ཏེ་ཟོང་རིན་ཁྱེར་ནས་འཕགས་ཏེ་མཐར་གྱིས་སྒྲ་སྒྲོགས་སུ་ཕྱིན་ནས་དེས་ཉེ་དུ་རྣམས་ལ་གསང་སྟེ་སྨྲས་པ། ཤེས་ལྡན་དག་ཁོ་བོས་ཟོང་ཐོགས་ཏེ་རྒྱལ་པོའི་ཁབ་ཏུ་སོན་ནས་ཁོ་བོས་དེར་རྒྱལ་པོ་བགྲེས་པོ་མཐོང་

ནས། དེའི་ཞལ་ནས་ཀྭའི་ནང་རྗེ་ཁྱོད་སོང་ལ་སྒྲ་སྒྲོགས་ན་གནས་པའི་སྐྱེ་བོའི་ཚོགས་ལེགས་པར་དབུགས་ཕྱུང་ཤིག་དང་། ཡང་དེར་བཟློག་ཏུ་འོང་སྟེ། ང་ཉིད་ཀྱིས་གཙུག་པུད་ཅན་ཅི་ནས་ཀྱང་ཡུལ་གྱི་མི་རྣམས་ལ་གནོད་པ་མི་བྱེད་པ་དེ་ལྟར་གནོད་པ་ལས་བཟློག་པར་བྱ་ཞིང་ཕན་

པ་ལ་ངེས་པར་སྦྱར་བར་བྱའོ་ཞེས་བྱུང་ངོ་། །དེ་དག་གིས་ཀྱང་གཞན་དག་ལ་བརྗོད་ཅིང་དེ་དག་གིས་ཀྱང་གཞན་དག་ལ་བརྗོད་པས་དེ་ལྟར་སྒྲ་དེ་རྣ་བ་གཅིག་ནས་གཅིག་ཏུ་བརྒྱུད་པས་བློན་པོ་སྐྱོན་ཆགས་པ་དེ་གཉིས་ཀྱི་རྣར་སོན་ནས་དེ་གཉིས་ཀྱིས་བསམས་པ། གལ་ཏེ་རྒྱལ་

པོ་རྒན་པོ་འོང་བར་གྱུར་ན་དེས་གདོན་མི་ཟ་བར་ཧེ་རུ་ཀ་དང་། བྷི་རུ་ཀ་གཉིས་ཡང་བློན་པོའི་མཆོག་ཏུ་སྐོ་ཞིང་བདག་ཅག་གཉིས་ལ་གནོད་པ་བྱེད་པར་འགྱུར་གྱིས། དེའི་ཕྱིར་གང་གིས་དེ་ལམ་ཀར་གསོད་དུ་འཇུག་པར་འགྱུར་བའི་ཐབས་ཀྱི་རྣམ་པ་ཞིག་བྱའོ་སྙམ་ནས་དེ་གཉིས་ཀྱིས་

เล่ม ๘ · หน้า 117b

རྒྱལ་པོ་གཙུག་པུད་ཅན་ལ་སྨྲས་པ། ལྷ་རྒྱལ་པོ་བགྲེས་པོ་བྱོན་པར་འགྱུར་རོ་ཞེས་གདའོ། །དེས་སྨྲས་པ། དེ་རབ་ཏུ་བྱུང་བས་དེ་ཅིའི་ཕྱིར་འདིར་འོང་བར་འགྱུར། དེ་གཉིས་ཀྱིས་སྨྲས་པ། ལྷ་གང་གིས་གདུགས་གཅིག་རྒྱལ་སྲིད་བགྱིད་དུ་སྩལ་བ་དེ་ནི་རྒྱལ་སྲིད་མ་མཆིས་

པས་དགའ་བར་ག་ལ་འགྱུར་ཏེ། དེ་ཡང་རྒྱལ་སྲིད་བགྱིད་དུ་སྩོལ་བར་འཚལ་ལོ། །གཙུག་པུད་ཅན་གྱིས་སྨྲས་པ། གལ་ཏེ་དེ་རྒྱལ་པོར་གྱུར་ན་ང་ཉིད་ཀྱིས་གཞོན་ནུ་བྱས་ཏེ། འདི་ལ་འགལ་བ་ཅི་ཡོད། དེ་གཉིས་ཀྱིས་སྨྲས་པ། ལྷ་དེ་ནི་ཚུལ་དང་མཐུན་པ་མ་

ལགས་ཏེ་གཞོན་ནུ་དང་། བློན་པོ་དང་། ཕོ་བྲང་འཁོར་གྱི་མི་དང་ཡུལ་གྱི་མི་དག་གིས་ཐལ་མོ་སྟོང་དག་གིས་ཕྱག་བགྱིས་པས་རྒྱལ་སྲིད་བགྱིད་དུ་སྩལ་ནས་ཡང་ཇི་ལྟར་གཞོན་ནུའི་གནས་སུ་གནས་པར་མཛད་ཡུལ་འཁོར་ཡོངས་སུ་བཏང་བ་ནི་མི་སྡོ་ཡི་གཞོན་ནུའི་

གནས་སུ་གནས་པ་ནི་མི་རུང་སྟེ། འདི་ལྟ་སྟེ་དཔེར་བགྱི་ན་མི་ཞིག་གླང་པོ་ཆེའི་གཉའ་བར་མཆིས་ནས་རྟའི་རྒྱབ་ཏུ་མཆི་བ་དང་། རྟའི་རྒྱབ་ཏུ་མཆིས་ནས་ཤིང་རྟས་མཆི་བ་དང་། ཤིང་རྟས་མཆིས་ནས་རྐང་པ་གཉིས་ཁོ་ནས་མཆི་བ་བཞིན་དུ། རྒྱལ་སྲིད་བགྱིད་དུ་

སྩལ་ནས་ཡང་གཞོན་ནུའི་གནས་ན་གནས་པ་ཡང་དེ་དང་འདྲའོ། །དེ་གཉིས་ཀྱིས་བསླུས་ནས་དེས་སྨྲས་པ། འོ་ན་འདི་ལ་གང་རིགས། འདི་ལ་ཇི་ལྟར་བསྒྲུབ་པར་བྱ། དེ་གཉིས་ཀྱིས་སྨྲས་པ། ལྷ་དེ་འགུམས་སུ་སྩལ་བར་བགྱིའོ། །གལ་ཏེ་འགུམས་སུ་མ་

སྩལ་གོར་མ་བཀུམ་པར་བློན་པོ་སྐྱོན་ཆགས་པ་དག་དང་བསྡོངས་ཏེ་ལྷ་ཉིད་དགྲོངས་པར་བགྱིད་དོ། །དེ་སྐད་ཅེས་སྨྲས་པ་དང་། དེ་བཞིན་གྱུར་ཅིང་ཉམས་ཏེ་ཡུད་ཙམ་ཞིག་ཅང་མི་སྨྲ་བར་འདུག་ནས་མཆི་མས་བརྣངས་པའི་སྙིང་གིས་སྙིང་རྗེ་བཞིན་ཞུམ་པ་དང་། ཐོགས་

པའི་ཡིད་དག་གིས་སྨྲས་པ། ཤེས་ལྡན་གཉིས་ཇི་ལྟར་ཡབ་དགྲོངས་སུ་རུང་། དེ་གཉིས་ཀྱིས་སྨྲས་པ། ལྷས། ཕ་འམ་ཡང་ན་སྤུན་དག་གམ། །རང་ལས་སྐྱེས་པའི་བུ་ཡང་རུང་། །གལ་ཏེ་དགྲ་ཁྲོད་ཞུགས་གྱུར་ན། །ས་ཕུང་འཕེལ་བ་ཉིད་དུ་བྱ། །ཞེས་བགྱི་

เล่ม ๘ · หน้า 118a

བ་མ་གསན་ཏམ། ཡང་སྨྲས་པ། ལྷས་གང་ལ་བུ་ཕོ་སྟོང་བདོག་ཅིང་། ཐམས་ཅད་གྲུ་གཅིག་ཞུགས་གྱུར་པ། །དེར་ནི་དགྲ་བོ་གཅིག་ཏུ་བྱུང་། །དེ་ཡི་དོན་དུ་དེ་ནུབ་བྱ། །ཞེས་བགྱི་བ་མ་གསན་ཏམ། ལྷས་གཞན་དག་ནས། ཁྱིམ་གྱི་ཕྱིར་ནི་གཅིག་

གཏང་བྱ། །གྲོང་ཕྱིར་ཁྱིམ་ནི་གཏང་བར་བྱ། །ལྗོངས་ཕྱིར་གྲོང་ནི་གཏང་བྱ་སྟེ། །བདག་ཉིད་ཕྱིར་ནི་ས་གཏང་བྱ། །ཞེས་འབྱུང་བ་ཡང་མ་གསན་ཏམ། ལྷ་འདི་ལ་དགོངས་པར་བགྱི་བ་ཅི་ཡང་མ་མཆིས་ཏེ། དེ་ནི་དགུམ་པར་བགྱི་ལགས་པས་འགུམས་སུ་སྩལ་བར་བགྱིའོ། །

གལ་ཏེ་ལྷ་འདི་ལ་ཕྱི་ཤོལ་མཛད་ནས་ལྷ་ལ་རྗེས་སུ་ཆགས་པའི་གཞོན་ནུ་དང་། བློན་པོ་དང་། ཕོ་བྲང་འཁོར་གྱི་མི་དང་ཡུལ་གྱི་མི་གང་དག་ལགས་པ་དེ་དག་འཁྲུགས་པར་གྱུར་ན་གོར་མ་བཀུམ་པར་ལྷ་ལ་གནོད་པ་བགྱིད་པར་འགྱུར་རོ། །འདོད་པ་དག་ལ་བསྟེན་པས་ནི་

སྡིག་པའི་ལས་མི་བྱ་བ་ཅི་ཡང་མེད་པས་དེས་དེ་ལྟར་གྱིས་ཤིག་ཅེས་ཁས་བླངས་སོ། །དེ་ནས་བློན་པོ་སྐྱོན་ཆགས་པ་དེ་གཉིས་དགའ་བ་དང་མགུ་བ་དང་མཆོག་ཏུ་དགའ་བ་སྐྱེས་ནས་མི་གཤེད་མ་པ་དག་ལ་སྨྲས་པ། ཤེས་ལྡན་དག་དེང་ལ་རྒྱལ་པོ་རྒན་པོ་སོད་ཅིག་དང་ཁྱེད་ཅག་

ལ་ལོངས་སྤྱོད་དག་གིས་བགོ་བཤའ་བྱའོ། །རྒྱལ་པོ་དེ་ལ་ཕོ་བྲང་འཁོར་གྱི་མི་དང་ཡུལ་མི་ཐམས་ཅད་རྗེས་སུ་ཆགས་པས་དེ་གསོད་པར་སྤྲོ་བ་འགའ་ཡང་མེད་དོ། །དེ་གཉིས་ཀྱིས་དེ་དག་ལ་ལན་གསུམ་གྱི་བར་དུ་ཡང་དབྱིག་དང་། གསེར་དང་གྲོང་སྦྱིན་པ་ལ་སོགས་པས་

སྤྲོ་བར་བྱེད་ན་སྤྲོ་བ་འགའ་ཡང་མ་བྱུང་ནས། དེ་ནས་དེ་གཉིས་ཁྲོ་བས་ཀུན་ནས་དཀྲིས་པས་ཕྱག་སྦལ་སྲུང་བ་རྣམས་ལ་བསྒོ་བ། ཤེས་ལྡན་དག་དེང་ལ་མི་དེ་དག་བུ་དང་། ཆུང་མ་དང་རྩ་ལག་དང་མཛའ་བཤེས་དང་། ཉེ་དུའི་ཚོགས་དང་བཅས་པ་ཆིངས་ལ་ཆུག་ཤིག །

དེ་དག་གིས་ཐོས་ནས་སྐྲག་པར་གྱུར་ཏེ་སྨྲས་པ། ལྷ་ཉག་མི་བཞེས་སུ་གསོལ། བདག་ཅག་ནི་ཕྱག་རྗེད་བཀའ་ཉན་པ་དག་ལགས་ཀྱིས་མཆིའོ། །ཞེས་དེ་དག་གིས་རལ་གྲི་རྣོན་པོ་མཆན་དུ་བཅུག་སྟེ་འཕགས་སོ། །ཚེ་དང་ལྡན་པ་ཨུ་ཏྲ་ཡ་ན་དབྱར་གྱི་ཟླ་བ་གསུམ་པོ་

เล่ม ๘ · หน้า 118b

དག་འདས་ནས་ཆོས་གོས་བྱས་པ་དང་ལྡན། ཆོས་གོས་ཟིན་པ་དང་ལྡན་པས་ལྷུང་བཟེད་དང་ཆོས་གོས་ཐོགས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །

བཙུན་པ་བདག་གྲོང་ཁྱེར་སྒྲ་སྒྲོགས་སུ་ལྗོངས་རྒྱུ་ཞིང་མཆི་བར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨུ་ཏྲ་ཡ་ན་སོང་ལ་ཁྱོད་ཀྱིས་ལས་བདག་གིར་བྱ་བ་ཡིད་ལ་བྱའོ། །དེ་ནས་ཚེ་དང་ལྡན་པ་ཨུ་ཏྲ་ཡ་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་

ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་ཚེ་དང་ལྡན་པ་ཨུ་ཏྲ་ཡ་ན་དེ་ཉིད་ཀྱི་མཚན་མོ་འདས་ནས་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་སོ། །རྒྱལ་པོའི་ཁབ་ཏུ་བསོད་སྙོམས་བརྒྱུས་

ནས་ཟས་ཀྱི་བྱ་བ་བྱས་ཏེ་ཕྱི་མའི་ཟས་ཀྱི་བསོད་སྙོམས་ལས་ཕྱིར་ལོག་པར། ཇི་ལྟར་ལོངས་སྤྱོད་པའི་གནས་མལ་མཁོས་སུ་ཕབ་སྟེ་ལྷུང་བཟེད་དང་ཆོས་གོས་ཐོགས་ནས་ལས་ཀྱི་སྟོབས་ཀྱིས་བདས་ཏེ་སོང་ངོ་། །ལས་ཀྱིས་རིང་དུ་འདྲེན་བྱེད་དེ། །རིང་ལས་ལས་ཀྱིས་འདྲེན་པར་བྱེད། །

གང་དུ་ལས་རྣམས་སྨིན་འགྱུར་བ། །དེར་ནི་ལས་ཀྱིས་རབ་ཏུ་འདྲེན། །དེ་གྲོང་ཁྱེར་སྒྲ་སྒྲོགས་ག་ལ་བ་དེར་སོང་ནས་མཐར་གྱིས་རྒྱུ་ཞིང་འགྲོ་བ་ན་ལམ་ཀ་ན་རི་བྲགས་ཤིག་ཡོད་པ་དེར་བསོད་སྙོམས་ལ་ཞུགས་ནས་དེ་དེ་ནས་བསོད་སྙོམས་བརྒྱུས་ཏེ་སོང་བ་དང་། མི་གཤེད་མ་པ་

དེ་དག་དང་ཕྲད་ནས་དེ་དག་གིས་དེ་མཐོང་ངོ་། །དེས་ཀྱང་དེ་དག་ངོ་ཤེས་ནས་དེ་དག་དང་ལྷན་ཅིག་སྐྱེད་མོས་ཚལ་ཞིག་ཏུ་མཚན་མོ་གནས་པར་ཁས་བླངས་ནས་དེས་དེ་དག་ལ་དྲི་བར་བརྩམས་པ། ཇི་ལྟ་སྒྲ་སྒྲོགས་དག་ན་གཙུག་པུད་ཅན། །འཁོར་དང་ཚོགས་བཅས་སྟོབས་

ལྡན་ནད་མེད་དམ། །དེ་ལ་ཕས་ཀྱི་སྡོ་བ་འགའ་མེད་ཅིང་། །རང་གི་རྒྱལ་སྲིད་ཆོས་ཀྱིས་བྱེད་འཇུག་གམ། །དེ་དག་གིས་སྨྲས་པ། ལྷ་དེ་བཞིན་སྒྲ་སྒྲོགས་དག་ན་གཙུག་པུད་ཅན། །འཁོར་དང་ཚོགས་བཅས་སྟོབས་ལྡན་བྲོ་མ་འཚལ། །དེ་ལ་ཕས་ཀྱི་སྡོ་བ་མ་མཆིས་ཏེ། །

เล่ม ๘ · หน้า 119a

རྒྱལ་སྲིད་རྟག་ཏུ་ཆོས་མ་ལགས་པས་བགྱིད། །མི་མཆོག་ཁྱོད་ཀྱི་ཚུལ་དང་མཐུན་པ་ཡི། །འཕགས་དངོས་མངོན་བརྟགས་གང་ལགས་ཁྱོད་ཀྱིས་མཛོད། །ཞི་བ་དེ་ཡི་ཚུལ་མཐུན་གང་ལགས་པ། །དེ་ནི་དེ་རིང་ཉེ་བར་གཟིགས་པར་འགྱུར། །ཚེ་དང་ལྡན་པ་

ཨུ་ཏྲ་ཡ་ནས་སྨྲས་པ། ཤེས་ལྡན་དག་ཅི་དེང་དེར་འོང་བ་ལ་མངོན་པར་མི་དགའ་འམ། དེ་དག་གིས་སྨྲས་པ། ལྷ་མངོན་པར་མི་དགའོ། །དེས་སྨྲས་པ། ཤེས་ལྡན་དག་གལ་ཏེ་དེ་ལྟ་ན་མི་འགྲོས་ཕྱིར་ལྡོག་པར་བྱའོ། །དེ་དག་གིས་ཚིགས་སུ་བཅད་པ་སྨྲས་པ། སྐྱེས་བུ་

དཔའ་ཁྱོད་སླར་ནི་གང་དུ་གཤེགས། །སྲས་ནི་ཁྱོད་གསོན་མངོན་པ་མི་དགའ་སྟེ། །བདག་ཅག་བྱུར་ངན་རྒྱལ་པོས་བསྐོས་རྣམས་ཀྱིས། །འདིར་ནི་ཁྱོད་དགྲོངས་སླད་དུ་མཆིད་ཀྱིས་འཚལ། །ཚེ་དང་ལྡན་པ་ཨུ་ཏྲ་ཡ་ནས་སྨྲས་པ། ཤེས་ལྡན་དག་ཁྱེད་ཅག་ང་གསོད་པའི་མི་

གཤེད་མ་པ་དག་ཡིན་ནམ། ལྷ་བདག་ཅག་ཁྱོད་དགྲོངས་པའི་གཤེད་མ་པ་དག་ལགས་སོ། །ཚེ་དང་ལྡན་པ་ཨུ་ཏྲ་ཡ་ནས་བསམས་པ། བཅོམ་ལྡན་འདས་ཀྱིས་བདག་ལ་ཨུ་ཏྲ་ཡ་ན་སོང་ལ་ཁྱོད་ཀྱིས་ལས་བདག་གིར་བྱ་བ་ཡིད་ལ་བྱའོ་ཞེས་བཀའ་སྩལ་པ་གང་ཡིན་པ་དེ་ནི་

འདི་ཡིན་པ་ལྟ་སྟེ། འཁོར་བ་ནི་རྣམ་པ་ཐམས་ཅད་དུ་ངན་པ་སྙིང་པོ་མེད་པ་འཇིག་པའི་ཆོས་ཅན་ཡིན་ནོ་སྙམ་དུ་རིག་ནས། དེ་དག་ལ་སྨྲས་པ། བཞིན་བཟངས་དག་ང་དོན་གང་གི་ཕྱིར་རབ་ཏུ་བྱུང་བའི་དོན་དེ་ངས་ད་དུང་མ་ཐོབ་ཀྱིས་རེ་ཞིག་ང་རང་གི་དོན་རྗེས་སུ་སྒྲུབ་ཀྱི་བར་དུ་ཡུད་ཙམ་

ཞིག་སྡོད་ཅིག །དེ་དག་གིས་ཕན་ཚུན་གྲོས་བྱས་ཏེ་སྨྲས་པ། ལྷ་དེ་ལྟར་མཛོད་ཅིག །དེ་ནས་ཚེ་དང་ལྡན་པ་ཨུ་ཏྲ་ཡ་ན་ཤིང་ལྗོན་པ་ཞིག་གི་དྲུང་དུ་བརྟེན་ནས་བྲང་འགྲོའི་རྒྱལ་པོ་གཉིད་ལོག་པའི་ལུས་བསྐྱིལ་བ་ལྟར་སྐྱིལ་མོ་ཀྲུང་བཅས་ཏེ་སྤྱོད་ལམ་ཞི་བས་འདུག་གོ། །བཅོམ་ལྡན་

འདས་ཀྱིས་མང་དུ་ཐོས་པ་ལ་ཕན་ཡོན་ལྔ་ཡོད་དེ། ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང་། དེའི་གདམས་ངག་དང་རྗེས་སུ་བསྟན་པ་གཞན་ལ་རག་མ་ལས་པ་ཡིན་ནོ་ཞེས་གསུངས་

เล่ม ๘ · หน้า 119b

པས་དེས་བརྩོན་འགྲུས་བརྩམས་པས་འཁོར་བའི་འཁོར་ལོ་ཆ་ལྔ་པ་གཡོ་བ་དང་མི་གཡོ་བ་འདི་ཉིད་རིག་སྟེ། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་ཉམས་པ་དང་། ལྟུང་བ་དང་རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཉིད་ཀྱིས་ཟིལ་གྱིས་མནན་ནས་ཉོན་མོངས་པ་

ཐམས་ཅད་སྤངས་པས་རིགས་ཀྱི་བུ་དག་གང་གི་ཕྱིར་སྐྲ་དང་ཁ་སྤུ་དག་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་ནས་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་བྱེད་པ་ཚངས་པར་སྤྱོད་པའི་མཐའ་བླ་ན་མེད་པ་དེ་ཚེ་འདི་ཉིད་ལ་རང་གི་མངོན་པར་ཤེས་པས་

མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་སྤྱད་དོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་གོ་བར་བྱེད་ཅིང་། དགྲ་བཅོམ་པ་ཁམས་གསུམ་པ་ལས་འདོད་ཆགས་དང་བྲལ་བ། བོང་བ་དང་གསེར་དུ་མཉམ་པ། ནམ་

མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ། ཙན་དན་བཞག་པ་ལྟ་བུ། རིག་པས་སྒོ་ངའི་སྦུབས་དྲལ་བར་གྱུར་ཅིང་། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་འདོད་པའི་རྙེད་པ་དང་། བཀུར་སྟི་ལ་རྒྱབ་

ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་དང་། མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཨུ་ཏྲ་ཡ་ནས་དགྲ་བཅོམ་པ་ཉིད་ཐོབ་ནས་རྣམ་པར་གྲོལ་བའི་དགའ་བ་དང་བདེ་བ་སོ་སོ་ཡང་དག་པར་རིག་

པ་ན་དེའི་ཚེ་ཚིགས་སུ་བཅད་པ་སྨྲས་པ། དགེ་སློང་ཨུ་ཏྲ་ཡ་ན་ནི། །མདུད་པ་སྦྱོར་བ་ཟུག་རྔུ་དང་། །དེ་བཞིན་སྒྲིབ་ལས་ཐར་གྱུར་ཀྱང་། །རྒྱལ་པོའི་ཆོས་ལས་དེང་མ་ཐར། །ཅེས་སྨྲས་ནས་མི་གཤེད་མ་དེ་དག་ལ་སྨྲས་པ། བཞིན་བཟངས་དག་ངས་ཐོབ་པར་བྱ་བ་གང་ཡིན་པ་

དེ་ཐོབ་ཟིན་གྱིས་ད་ནི་ཁྱེད་ཅག་དོན་གང་གི་ཕྱིར་འོངས་པའི་དོན་དེ་ཐོབ་པར་བྱའོ། །དེ་དག་གིས་སྨྲས་པ། ལྷ་གལ་ཏེ་རྒྱལ་པོ་གཙུག་ཕུད་ཅན་བདག་ཅག་ལ་རྒྱལ་པོ་རྒན་པོས་འཆི་བའི་དུས་ཀྱི་ཚེ་ཅི་ཞིག་སྨྲས་ཞེས་རྨེད་ན། བདག་ཅག་གིས་དེ་ལ་ཇི་སྐད་བརྗོད་པར་བགྱི།

เล่ม ๘ · หน้า 120a

བཞིན་བཟངས་དག་དེ་ལ་འདི་སྐད་ཅེས། རྒྱལ་སྲིད་ཕྱིར་ནི་ཕ་བསད་པས། །བསོད་ནམས་མ་ཡིན་མང་པོ་བསྐྱེད། །ང་ནི་ཡོངས་སུ་མྱ་ངན་འདའ། །ཁྱོད་ནི་མནར་མེད་འགྲོ་བར་འགྱུར། །ཞེས་བརྗོད་པར་བྱའོ། །གཞན་ཡང་འདི་སྐད་ཅེས། ཁྱོད་ཀྱིས་

མཚམས་མེད་པ་གཉིས་བྱས་ཏེ། ཕ་སྲོག་དང་ཕྲལ་བ་གང་ཡིན་པ་དང་། དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པ་སྲོག་དང་ཕྲལ་བ་གང་ཡིན་པ་དེ་གཉིས་ཀྱིས་ཁྱོད་ཡུན་རིང་པོར་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་གནས་པར་བྱ་དགོས་ཀྱིས་སྡིག་པ་སྣ་ཚོགས་ལས་

ཤོགས་ཤིག་དང་། དེ་ལྟ་ལས་བསྲབས་པ་ཉིད་དང་། ཡོངས་སུ་ཟད་པ་དང་། ཡོངས་སུ་མཐར་ཐུག་པར་འགྱུར་རོ་ཞེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་ཨུ་ཏྲ་ཡ་ནས་ཡང་བསམས་པ། སེམས་ཅན་དེ་སེམས་ཅན་དམྱལ་བ་ཆེན་པོ་ལས་གཞོལ་བར་གྱུར་ན་མི་རུང་གིས་

རྫུ་འཕྲུལ་གྱིས་འགྲོའོ་སྙམ་ནས། དེས་རྫུ་འཕྲུལ་གྱི་ཐབས་གང་དང་གང་ཡིན་བརྩམས་ན་དེའི་ལས་ཀྱིས་ནོན་པས་རྫུ་ཞེས་བྱ་བ་ཙམ་ཡང་སྣང་བར་མ་གྱུར་ན་རྫུ་འཕྲུལ་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་མི་གཤེད་མ་པ་དེ་དག་ལས་མི་སྙིང་རྗེ་མེད་པའི་སེམས་དང་ལྡན་པ།

འཇིག་རྟེན་ཕ་རོལ་བཏང་བ་གཅིག་གིས་རལ་གྲི་ཤུབས་ནས་ཕྱུང་སྟེ། དེའི་མགོ་དྲུངས་ནས་བཅད་ནས་ས་ལ་བསྒྱེལ་ཏོ། །དེ་ནས་བཅོམ་ལྡན་འདས་འཛུམ་པ་མཛད་དོ། །ཆོས་ཉིད་ཀྱིས་ན་གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་འཛུམ་པ་མཛད་པ་དེའི་ཚེ་ན་ཞལ་ནས་འོད་

ཟེར་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། བཙོད་ཀ་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་ནས་ཁ་ཅིག་ནི་འོག་ལོགས་སུ་འདོང་། ཁ་ཅིག་ནི་སྟེང་ལོགས་སུ་འདོང་བས་གང་དག་འོག་ལོགས་སུ་འདོང་བ་དེ་དག་ནི་སེམས་ཅན་དམྱལ་བ་

ཡང་སོས་དང་། ཐིག་ནག་དང་། བསྡུས་གཞོམ་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པ་དང་། ཆུ་བུར་ཅན་དང་། ཆུ་བུར་རྡོལ་དང་། སོ་ཐམས་ཐམས་དང་། ཀྱི་ཧུད་ཟེར་དང་། ཨ་ཅུ་ཟེར་དང་། ཨུཏྤལ་ལྟར་གས་

เล่ม ๘ · หน้า 120b

པ་དང་། པད་མ་ལྟར་གས་པ་དང་། པད་མ་ལྟར་གས་པ་ཆེན་པོར་དོང་སྟེ། སེམས་ཅན་དམྱལ་བ་ཚ་བ་གང་དག་ཡིན་པ་དེ་དག་ཏུ་ནི་བསིལ་བར་གྱུར་ཏེ་འབབ་པར་བྱེད་ལ། སེམས་ཅན་དམྱལ་བ་གྲང་བ་གང་དག་ཡིན་པ་དེ་དག་ཏུ་ནི་དྲོ་བར་གྱུར་ཏེ་འབབ་པར་བྱེད་དོ། །དེས་སེམས་

ཅན་དེ་དག་གི་གནོད་པའི་བྱེ་བྲག་དག་རྒྱུན་གཅོད་པར་བྱེད་ཅིང་དེ་དག་འདི་སྙམ་དུ། ཤེས་ལྡན་དག་ཅི་བདག་ཅག་འདི་ནས་ཤི་འཕོས་སམ། འོན་ཏེ་གཞན་དུ་སྐྱེས་སྙམ་དུ་སེམས་སོ། །དེ་དག་དད་པ་བསྐྱེད་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྤྲུལ་པ་གཏོང་བར་མཛད་དེ།

དེ་དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་ཤེས་ལྡན་དག་བདག་ཅག་འདི་ནས་ཤི་འཕོས་པ་མ་ཡིན་ལ། གཞན་དུ་སྐྱེས་པ་ཡང་མ་ཡིན་ཏེ། འདི་ལྟར་སེམས་ཅན་སྔོན་མ་མཐོང་བ་འདིའི་མཐུས་བདག་ཅག་གི་གནོད་པའི་བྱེ་བྲག་རྒྱུན་ཆད་པར་གྱུར་ཏོ་སྙམ་དུ་སེམས་སོ། །

དེ་དག་སྤྲུལ་པ་ལ་སེམས་མངོན་པར་དད་པར་གྱུར་ནས། སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་ཟད་པར་བྱས་ནས་གང་དུ་བདེན་པ་དག་གི་སྣོད་དུ་གྱུར་པར་འགྱུར་བའི་ལྷ་དང་མི་རྣམས་ཀྱི་ནང་དུ་ཉིང་མཚམས་སྦྱོར་བ་ལེན་པར་བྱེད་དོ། །གང་དག་སྟེང་ལོགས་སུ་

འདོང་བ་དེ་དག་ནི་རྒྱལ་ཆེན་བཞི་པ་དང་། སུམ་བཅུ་རྩ་གསུམ་པ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་པའི་མདུན་ན་འདོན་དང་། ཚངས་ཆེན་དང་། འོད་ཆུང་དང་ཚད་མེད་འོད་དང་།

འོད་གསལ་དང་། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། སྤྲིན་མེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེ་དང་། མི་ཆེ་བ་དང་། མི་གདུང་བ་དང་། གྱ་ནོམ་སྣང་དང་། ཤིན་ཏུ་མཐོང་དང་། འོག་མིན་གྱི་ལྷ་རྣམས་ཀྱི་ནང་དུ་དོང་ནས་མི་རྟག་པ་དང་། སྡུག་

བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ཞེས་བྱ་བའི་སྒྲ་སྒྲོགས་པར་བྱེད་ཅིང་ཚིགས་སུ་བཅད་པ་གཉིས་པོ། བརྩམ་པར་བྱ་ཞིང་འབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །

เล่ม ๘ · หน้า 121a

གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཞེས་བྱ་བ་ཡང་སྨྲས་སོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བྱུལ་ནས་

བཅོམ་ལྡན་འདས་ཀྱི་སླད་བཞིན་སླད་བཞིན་དུ་རྗེས་སུ་འདོང་སྟེ། དེ་ལ་གལ་ཏེ་བཅོམ་ལྡན་འདས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི་བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་ནུབ་པར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི་མདུན་ལོགས་སུ་ནུབ་པར་འགྱུར།

སེམས་ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐིལ་དུ་ནུབ་པར་འགྱུར། དུད་འགྲོར་སྐྱེ་བ་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་ལོང་བུར་ནུབ་པར་འགྱུར། ཡི་དགས་སུ་སྐྱེ་བ་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐེ་བོར་ནུབ་པར་འགྱུར། མིར་སྐྱེ་བ་ལུང་སྟོན་པར་

བཞེད་ན་ནི་པུས་མོར་ནུབ་པར་འགྱུར། སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལུང་སྟོན་པར་བཞེད་ན་ནི་ཕྱག་མཐིལ་གཡོན་པར་ནུབ་པར་འགྱུར། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དུ་ལུང་སྟོན་པར་བཞེད་ན་ནི་ཕྱག་མཐིལ་གཡས་པར་ནུབ་པར་འགྱུར། ལྷར་སྐྱེ་བ་ལུང་སྟོན་

པར་བཞེད་ན་ནི་ལྟེ་བར་ནུབ་པར་འགྱུར། ཉན་ཐོས་ཀྱི་བྱང་ཆུབ་ལུང་སྟོན་པར་བཞེད་ན་ནི་ཞལ་དུ་ནུབ་པར་འགྱུར། རང་སངས་རྒྱས་ཀྱི་བྱང་ཆུབ་ལུང་སྟོན་པར་བཞེད་ན་ནི་མཛོད་སྤུར་ནུབ་པར་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལུང་སྟོན་པར་བཞེད་ན་ནི་གཙུག་

ཏོར་དུ་ནུབ་པར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ཀྱི་མཐིལ་དུ་ནུབ་བོ་དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་ཞུས་པ། ཁ་དོག་སྣ་ཚོགས་སྟོང་གིས་

བཀྲ་བ་ཡི། །ཚོགས་རྣམས་ཞལ་གྱི་སྒོ་ནས་བྱུང་གྱུར་ཏེ། །དེ་ཡིས་ཕྱོགས་རྣམས་ཐམས་ཅད་སྣང་བགྱིས་པ། །ཉི་གདུགས་བརྡལ་བར་གྱུར་པ་ཅི་བཞིན་ནོ། །ཡང་ཚིགས་སུ་བཅད་པ་སྨྲས་པ། རྒོད་བྲལ་ཞུམ་དང་རྒྱགས་པ་རབ་སྤངས་པ། །སངས་རྒྱས་འགྲོ་བ་མཆོག་གི་རྒྱུར་

เล่ม ๘ · หน้า 121b

གྱུར་པ། །རྒྱལ་བ་དགྲ་ཐུལ་བྱེད་རྒྱུ་མ་མཆིས་པ། །རྩ་ལག་དུང་ལྟར་དཀར་འཛུམ་སྟོན་མི་མཛད། །དེ་སླད་བརྟེན་པ་རང་བློས་དུས་མཁྱེན་ནས། །ཐུབ་པ་ཁྱུ་མཆོག་དགེ་སྦྱོང་སྐྱེ་དབང་པོ། །ཉན་པའི་སྐྱེ་བོ་སོམ་ཉི་ལྡན་རྣམས་ལ། །ཐེ་ཚོམ་སྐྱེས་པ་གསུང་ཚིག་བརྟན་པ་དང་། །དམ་པ་

དགེ་བ་དག་གིས་བསལ་དུ་གསོལ། །ཚྭ་ཆུ་རི་རྒྱལ་ལྟ་བུར་བརྟན་པ་ཡི། །སངས་རྒྱས་མགོན་རྣམས་གློ་བུར་འཛུམ་མི་སྟོན། །བརྟན་ནས་ཅི་སླད་འཛུམ་པ་སྟོན་མཛད་པ། །སྐྱེ་བོའི་ཚོགས་རྣམས་དེ་ནི་ཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་

བོ་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དེ། ཀུན་དགའ་བོ་འདི་ལྟར། དགེ་སློང་ཨུ་ཏྲ་ཡ་ན་ནི། །མདུད་པ་སྦྱོར་བ་ཟུག་རྔུ་དང་། །དེ་བཞིན་སྒྲིབ་

ལས་ཐར་གྱུར་ཀྱང་། །རྒྱལ་པོའི་ཆོས་ལས་དེང་མ་ཐར། །ཀུན་དགའ་བོ་གྲོང་ཁྱེར་སྒྲ་སྒྲོགས་ན་གནས་པའི་རྒྱལ་པོ་གཙུག་པུད་ཅན་སྡིག་པའི་གྲོགས་པོས་བསྐོར་བས་དགེ་སློང་ཨུ་ཏྲ་ཡ་ན། དགྲ་བཅོམ་པ་ཉིད་ཐོབ་པ་སྲོག་དང་བྲལ་བར་བྱས་ཏེ། དེས་ཕ་དགྲ་བཅོམ་པ་སྲོག་

དང་བྲལ་བར་བྱས་པས་ངེས་པར་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེ་བར་འགྱུར་རོ། །བཙུན་པ་ཚེ་དང་ལྡན་པ་ཨུ་ཏྲ་ཡ་ན་དགྲ་བཅོམ་པ་ཉིད་ཐོབ་ཅིང་སྲོག་དང་བྲལ་བར་གྱུར་ཏམ། ཀུན་དགའ་བོ་ཨུ་ཏྲ་ཡ་ན་དགྲ་བཅོམ་པ་ཉིད་ཐོབ་ཅིང་སྲོག་དང་བྲལ་བར་གྱུར་ཏོ། །

ཚེ་དང་ལྡན་པ་ཀུན་དགའ་བོས་དེ་ཐོས་ནས་མཆི་མས་བརྣངས་ཏེ་འདུག་གོ། །དེ་ནས་གཤེད་མ་པ་མི་དེ་དག་གིས་ཚེ་དང་ལྡན་པ་ཨུ་ཏྲ་ཡ་ནའི་ལྷུང་བཟེད་དང་། ཆོས་གོས་དང་ཁར་གསིལ་ཁྱེར་ཏེ་གྲོང་ཁྱེར་སྒྲ་སྒྲོགས་སུ་ཕྱིན་ནས་དེ་དག་གིས་བློན་པོ་སྐྱོན་ཆགས་པ་དེ་གཉིས་ལ་སྨྲས་

པ། རྒྱལ་པོ་རྒན་པོ་བསད་དོ། །དེ་གཉིས་ཀྱིས་ཐོས་ནས་དགའ་བ་དང་མཆོག་ཏུ་དགའ་བ་སྐྱེས་ཏེ་རྒྱལ་པོ་གཙུག་པུད་ཅན་ག་ལ་བ་དེར་དོང་ནས་སྨྲས་པ། ལྷ་དགྱེས་པ་སྐྱེད་ཅིག །ད་ནི་ལྷའི་རྒྱལ་སྲིད་ལ་ཚེར་མ་མ་མཆིས་སོ། །ཇི་ལྟར་གྱུར་ལྷའི་དགྲ་གང་ལགས་པ་དེ་

เล่ม ๘ · หน้า 122a

བཀུམ་མོ། །ངའི་དགྲ་གང་ཡིན། ལྷ་རྒྱལ་པོ་རྒན་པོའོ། །དེ་བསད་པ་ཇི་ལྟར་ཤེས། དེ་གཉིས་ཀྱིས་མི་གཤེད་མ་པ་དག་བསྟན་ཏེ་སྨྲས་པ། ལྷ་མི་འདི་དག་ནི་གཤེད་མ་པ་ལགས་ཏེ་འདི་དག་གིས་དེ་བཀུམ་མོ། །རྒྱལ་པོ་གཙུག་པུད་ཅན་གྱིས་དེ་དག་

མཐོང་ནས་སྨྲས་པ། ཤེས་ལྡན་དག་རྒྱལ་པོ་རྒན་པོ་ལ་དབང་ཇི་ཙམ་ཡོད། ལྷ་དེ་ལ་དབང་ག་ལ་མཆིས་ཏེ་ལྷུང་བཟེད་དང་། ཆོས་གོས་དང་ཁར་གསིལ་འདི་ལགས་སོ། །རྒྱལ་པོ་གཙུག་པུད་ཅན་གྱིས་དེ་མཐོང་ནས་བརྒྱལ་ཏེ་ས་ལ་སྒྱེལ་ནས་ཆུས་བཏབ་སྟེ་དབུགས་ཕྱིར་བྱུང་

ནས་སྨྲས་པ། ཤེས་ལྡན་དག་རྒྱལ་པོ་རྒན་པོས་འཆི་བའི་ཚེ་ཅི་སྨྲས། ལྷ་རྒྱལ་པོ་རྒན་པོ་སྲོག་དང་བྲལ་ཀར་འདི་སྐད་ཅེས། རྒྱལ་སྲིད་ཕྱིར་ནི་ཕ་བསད་པས། །བསོད་ནམས་མ་ཡིན་མང་པོ་བསྐྱེད། །ང་ནི་ཡོངས་སུ་མྱ་ངན་འདའ། །ཁྱོད་ནི་མནར་མེད་འགྲོ་བར་འགྱུར། །

ཞེས་མཆིའོ། །གཞན་ཡང་འདི་སྐད་ཅེས། ཁྱོད་ཀྱིས་མཚམས་མེད་པའི་ལས་གཉིས་བྱས་ཏེ། ཕ་སྲོག་དང་ཕྲལ་བ་གང་ཡིན་པ་དང་། དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པ་སྲོག་དང་ཕྲལ་བ་གང་ཡིན་པ་དེས་ཁྱོད་ཡུན་རིང་པོར་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་

གནས་པར་བྱ་དགོས་ཀྱིས་སྡིག་པ་སྡིག་པ་ལས་ཤོགས་ཤིག་དང་། དེ་ལྟ་ན་ལས་བསྲབས་པ་ཉིད་དང་། ཡོངས་སུ་ཟད་པ་དང་། ཡོངས་སུ་གཏུགས་པར་འགྱུར་རོ། །ཞེས་མཆིའོ། །དེ་མྱ་ངན་གྱི་ཟུག་རྔུས་གཟིར་བས་འདམ་བུ་སྔོན་པོར་བརྔས་པ་བཞིན་དུ་རྙིས་པར་གྱུར་ནས།

དེས་བློན་པོའི་མཆོག་ཧེ་རུ་ཀ་དང་བྷི་རུ་ཀ་གཉིས་བོས་ཏེ་སྨྲས་པ། ཤེས་ལྡན་གཉིས་ཁྱེད་གཉིས་ཀྱིས་ང་ལས་དེ་ལྟ་བུ་བྱེད་པ་ལས་མ་བཟློག་གོ། །དེ་གཉིས་ཀྱིས་སྨྲས་པ། ལྷས་བདག་ཅག་གཉིས་སྤྱན་ལམ་དུ་མ་བཞག་ན་ཇི་ལྟར་བཟློག་པར་བགྱི། དེས་བློན་པོ་སྐྱོན་ཆགས་པ་དེ་

གཉིས་མིག་ལམ་དུ་མི་སྣང་བར་བཞག་ནས་ཧེ་རུ་ཀ་དང་། བྷི་རུ་ཀ་གཉིས་ཕྱིར་བློན་པོའི་མཆོག་ཏུ་བསྐོས་པ་དང་། བློན་པོ་སྐྱོན་ཆགས་པ་དེ་གཉིས་ཀྱིས་གསང་སྟེ། ཚེ་དང་ལྡན་པ་རྒྱལ་དང་། སྐར་རྒྱལ་གྱི་མཆོད་རྟེན་གཉིས་ལ་ཁུང་བུ་གཉིས་བརྐོས་ནས་དེར་བྱི་ལའི་ཕྲུ་གུ་

เล่ม ๘ · หน้า 122b

གཉིས་བཞག་སྟེ། དེ་གཉིས་ཀྱིས་ཉི་མ་རེ་རེ་ཞིང་ཤ་སྲི་རེ་རེ་བྱིན་ནས་འདི་སྐད་ཅེས་རྒྱལ་དང་སྐར་རྒྱལ་གཉིས་བདེན་པ་དང་བདེན་པའི་ཚིག་གང་གིས་ཁྱོད་གཉིས་ཀྱིས་སྒྱུ་མས་འཇིག་རྟེན་བསླུས་ཏེ། དད་པས་སྦྱིན་པར་བྱ་བ་ཆུད་གསན་པས་བྱི་ལའི་སྐྱེ་གནས་ངན་པར་སྐྱེས་པའི་བདེན་

པ་དང་བདེན་པའི་ཚིག་དེས་ཤ་སྲི་ལོང་ལ་རང་རང་གི་མཆོད་རྟེན་ལ་བསྐོར་བ་བགྱིས་ཏེ། རང་རང་གི་ཁུང་དུ་ཞུགས་ཤིག་ཅེས་སློབ་པར་བྱེད་དོ། །གང་གི་ཚེ་དེ་གཉིས་ལེགས་པར་ལོབས་པར་གྱུར་པ་དེའི་ཚེ་ན་བློན་པོ་སྐྱོན་ཆགས་པ་དེ་གཉིས་ཨུ་ཏྲ་ཡ་ནའི་བཙུན་མོའི་གན་དུ་སོང་སྟེ་

སྨྲས་པ། ལྷ་མོ་ཁྱོད་ཀྱི་སྲས་རིད་པ་དང་། ཉམ་ཆུང་བ་དང་། རྐེ་བ་དང་། ལུས་མ་ཐོབ་པར་གྱུར་ན་ཅིའི་སླད་དུ་ཁྱོད་བཏང་སྙོམས་མཛད། དེས་སྨྲས་པ། ཁྱོད་གཉིས་ཉིད་ཀྱིས་དེ་ལས་དེ་ལྟ་བུ་བྱེད་དུ་བཅུག་ན་ད་ཁོ་མོས་ཇི་ལྟར་བྱ། དེ་གཉིས་ཀྱིས་སྨྲས་པ། ལྷ་མོ་ཅི་གང་དུ་

བུམ་པ་ལྷུང་བ་དེར་དཔྱང་ཐག་ཀྱང་ལྷུང་བར་བགྱིའམ། དེས་སྨྲས་པ། དེ་ཤེས་ཏེ་རེ་ཞིག་དེའི་ཕ་བསད་པ་ནི་ཁོ་མོས་གསང་བར་བྱ་ན། དགྲ་བཅོམ་པ་བསད་པ་སུས་གསང་བར་འགྱུར། དེ་གཉིས་ཀྱིས་སྨྲས་པ། ལྷ་མོ་དགྲ་བཅོམ་པ་བསད་པ་བདག་ཅག་གཉིས་ཀྱིས་

གསང་བར་བགྱིའོ། །དེས་སྨྲས་པ། གལ་ཏེ་དེ་ལྟ་ན་ལེགས་སོ་ཞེས་དེ་དེའི་གན་དུ་སོང་སྟེ་སྨྲས་པ། སྲས་ཅིའི་སླད་དུ་ཁྱོད་སྐྱ་བོ་བསེང་བསེང་པོ་རིད་པ་དང་། ཉམ་ཆུང་བ་དང་། རྐེ་བ་དང་། ལུས་མ་ཐོབ་པར་གྱུར། དེས་སྨྲས་པ། ཡུམ་ཁྱོད་ཀྱང་དེ་སྐད་ཅེས་ཅིའི་

ཕྱིར་ཁྱོད་སྐྱ་བོ་བསེང་བསེང་པོ་རིད་པ་དང་། ཉམ་ཆུང་བ་དང་། རྐེ་བ་དང་། ལུས་མ་ཐོབ་པར་གྱུར་ཅེས་གསུང་ངམ། གང་གི་སླད་དུ་བདག་བློན་པོ་སྐྱོན་ཆགས་པ་གཉིས་ཀྱིས་བསླུས་པས་མཚམས་མེད་པའི་ལས་གཉིས་བགྱིས་ཏེ་ཡབ་སྲོག་དང་ཕྲལ་བ་གང་ལགས་པ་དང་། དགེ་

སློང་དགྲ་བཅོམ་པ་ཟག་པ་ཟད་པ་སྲོག་དང་ཕྲལ་བ་གང་ལགས་པ་དེས་བདག་ཡུན་རིང་པོར་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་གནས་པར་བགྱི་འཚལ་ན། བདག་ཇི་ལྟར་སྐྱ་བོ་བསེང་བསེང་པོ་རིད་པ་དང་། ཉམ་ཆུང་བ་དང་། རྐེ་བ་དང་། ལུས་མ་ཐོབ་པར་མི་འགྱུར་

เล่ม ๘ · หน้า 123a

དུ་རུང་། དེས་སྨྲས་པ། སྲས་ཅི་མི་འཇིགས་པ་སྩོལ་ཅིག་དང་། གང་མེད་པ་དེ་བཀའ་མཆིད་བགྱིའོ། །དེས་སྨྲས་པ། ཡུམ་གསོལ་གྱིས་ཇི་ལྟར་ལགས་པ་གསུངས་ཤིག །སྲས་དེ་ནི་ཁྱོད་ཀྱི་ཡབ་མ་ལགས་ཏེ། འདི་ལྟར་བདག་གིས་ཟླ་མཚན་བཀྲུ་བའི་སླད་དུ་སྐྱེས་

པ་གཞན་དག་དང་ལྷན་ཅིག་དགའ་མགུར་སྤྱོད་པ་དེ་ལས་ཁྱོད་འཁྲུངས་སོ། །དེས་བསམས་པ། དེ་ལྟ་ན་ཕ་བསད་པར་མ་གྱུར་ཏོ་སྙམ་དུ་རིག་ནས་སྨྲས་པ། ཡུམ་གལ་ཏེ་དེ་ལྟ་ན་ཕ་བསད་པ་ནི་མ་མཆིས་ན་དགྲ་བཅོམ་པ་བསད་པ་མཆིས་པ་དེ་ཇི་ལྟར་མཐར་ཐུག་པར་བགྱི། དེས་

སྨྲས་པ། སྲས་འདི་ལ་ཤེས་པ་ལ་མཁས་པ་དག་སྨྲ་བར་བགྱི་སྟེ། དེ་དག་གིས་དེ་མཐར་ཐུག་པར་བགྱིད་པར་འགྱུར་རོ། །ཞེས་སྨྲས་ཏེ་སོང་ནས། དེས་བློན་པོ་སྐྱོན་ཆགས་པ་དེ་གཉིས་བོས་ཏེ་སྨྲས་པ། ཁོ་མོས་དེའི་ཕ་བསད་པ་ནི་བསལ་ཟིན་གྱིས་ད་ཁྱོད་གཉིས་ཀྱིས་དགྲ་བཅོམ་

པ་བསད་པ་སོལ་ཅིག །རྒྱལ་པོ་གཙུག་པུད་ཅན་གྱིས་བློན་པོ་རྣམས་ལ་བསྒོ་བ། བློན་པོ་གང་དག་ཤེས་པ་ལ་མཁས་པ་ཐམས་ཅད་སྡུས་ཤིག །དེ་དག་གིས་བློན་པོ་གང་དག་ཤེས་པ་ལ་མཁས་པ་ཐམས་ཅད་བསྡུས་པ་དང་བློན་པོ་སྐྱོན་ཆགས་པ་དེ་གཉིས་ཀྱང་དེར་འདུས་པར་གྱུར་

ཏོ། །དེ་ནས་རྒྱལ་པོ་གཙུག་པུད་ཅན་གྱིས་དེ་དག་ལ་སྨྲས་པ། ཤེས་ལྡན་དག་ངས་དགྲ་བཅོམ་པ་བསད་པ་གང་ཡིན་པ་དེ་ཇི་ལྟར་མཐར་ཐུག་པར་བྱ། དེ་ན་རྒྱལ་པོས་ཉེ་བར་འཚོ་བའི་མི་ཐམས་ཅད་ཀྱིས་ནི་མི་མཐུན་པར་སྨྲ་བར་བརྩམས་ཏེ། དེ་ན་ཁ་ཅིག་གིས་སྨྲས་པ། ལྷ་དེས་

དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་པར་སུས་མཐོང་། ཁ་ཅིག་གིས་སྨྲས་པ། ལྷ་དགྲ་བཅོམ་པ་དག་ནི་ཐམས་ཅད་མཁྱེན་པ་དང་འདྲ་སྟེ་ནམ་མཁའ་ལ་མཆིའོ། །བློན་པོ་སྐྱོན་ཆགས་པ་དེ་གཉིས་ཀྱིས་སྨྲས་པ། ལྷ་འདི་ལ་ཐུགས་ངན་བགྱིར་ཅི་མཆིས། དེས་སྨྲས་པ།

ཁྱེད་གཉིས་ཀྱང་དེ་སྐད་ཅེས་འདི་ལ་མྱ་ངན་བྱར་ཅི་ཡོད་ཟེར་རམ། ཁྱེད་གཉིས་ཉིད་ན་རེ་དགྲ་བཅོམ་པ་གསོད་དུ་བཅུག་གོ་ཞེས་མི་ཟེར་རམ། དེ་གཉིས་ཀྱིས་སྨྲས་པ། ལྷ་དགྲ་བཅོམ་པ་དག་མ་མཆིས་ན་དགྲ་བཅོམ་པ་དག་བཀུམ་པ་མཆིས་རེ་སྐན། དེས་སྨྲས་པ། ངས་མངོན་སུམ་ཁོ་

เล่ม ๘ · หน้า 123b

ནར་དགྲ་བཅོམ་པ་རྒྱལ་དང་། སྐར་རྒྱལ་གཉིས་ཀྱིས་འབར་བ་དང་། གསལ་བ་དང་། ཆར་འབབ་པ་དང་། གློག་འབྱིན་པའི་ཆོ་འཕྲུལ་དག་བྱས་ཏེ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་མཐོང་བཞིན་དུ་ཁྱེད་གཉིས་ཀྱིས་དེ་སྐད་

ཅེས། དགྲ་བཅོམ་པ་དག་མེད་ན་དགྲ་བཅོམ་པ་བསད་པ་ཡོད་རེ་སྐན། ཞེས་ཟེར་རམ། དེ་གཉིས་ཀྱིས་སྨྲས་པ། ལྷ་ཇི་ལྟར་དེ་གཉིས་ཀྱིས་སྒྱུ་མས་འཇིག་རྟེན་བསླུས་ཏེ་དད་པས་སྦྱིན་པར་བགྱི་བ་ཆུད་གཟན་པས་བྱི་ལའི་སྐྱེ་གནས་ངན་པར་སྐྱེས་ཏེ། དེང་སང་ཉིད་དུ་ཡང་རང་རང་གི་

མཆོད་རྟེན་ན་མཆིས་པ་ལྷའི་མངོན་སུམ་དུ་བགྱིའོ། །རྒྱལ་པོས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་གལ་ཏེ་དེ་ལྟ་ན་ཚུར་ཤོག་དང་ཅི་ཡང་དག་པའམ། ཡང་དག་པ་མ་ཡིན་པ་ལྟར་འདོང་ངོ་། །གྲོང་ཁྱེར་སྒྲ་སྒྲོགས་ཐམས་ཅད་དུ་ཇི་ལྟར་རྒྱལ་དང་། སྐར་རྒྱལ་

གཉིས་བྱི་ལའི་སྐྱེ་གནས་སུ་སྐྱེས་ཏེ་རང་རང་གི་མཆོད་རྟེན་ན་འདུག་ནས་རྒྱལ་པོ་ལྟར་སོང་ངོ་ཞེས་བྱ་བའི་སྒྲ་དེས་ཁྱབ་པར་གྱུར་ནས་སྲོག་ཆགས་འབུམ་ཕྲག་དུ་མ་དག་ལྟད་མོ་སྐྱེས་ནས་རྒྱལ་པོའི་ཕྱི་བཞིན་དུ་འབྲང་ངོ་། །དེ་ནས་བློན་པོ་སྐྱོན་ཆགས་པ་དེ་གཉིས་ཀྱིས་རྒྱལ་པོ་དང་

བཅས་པའི་འཁོར་འབུམ་ཕྲག་དུ་མའི་མདུན་དུ་སྨྲས་པ། རྒྱལ་དང་སྐར་རྒྱལ་གཉིས་ཉོན་ཅིག་བདེན་པ་དང་བདེན་པའི་ཚིག་གང་གིས་ཁྱེད་གཉིས་ཀྱིས་སྒྱུ་མས་འཇིག་རྟེན་བསླུས་ཏེ་དད་པས་སྦྱིན་པར་བྱ་བ་ཆུད་གཟན་པས་བྱི་ལའི་སྐྱེ་གནས་ངན་པར་སྐྱེས་ཏེ་རང་རང་གི་མཆོད་རྟེན་ན་

འདུག་པའི་བདེན་པ་དང་བདེན་པའི་ཚིག་དེས་ཤ་སྲི་འདི་ལོང་ལ་རང་རང་གི་མཆོད་རྟེན་ལ་བསྐོར་བ་བགྱིས་ཏེ་རང་རང་གི་ཁུང་དུ་ཞུགས་ཤིག །དེ་སྐད་སྨྲས་པ་དང་། དེ་གཉིས་ཀྱིས་རང་རང་གི་ཁུང་ནས་བྱུང་སྟེ་ཤ་སྲི་བླངས་ནས་རང་རང་གི་མཆོད་རྟེན་ལ་བསྐོར་བ་བྱས་ནས་རང་རང་གི་ཁུང་

དུ་ཞུགས་པ་སྲོག་ཆགས་འབུམ་ཕྲག་དུ་མ་དག་གིས་མཐོང་ནས། བློན་པོ་སྐྱོན་ཆགས་པ་དེ་གཉིས་ཀྱིས་སྨྲས་པ། ལྷ་གཟིགས་སམ། དེས་སྨྲས་པ་མཐོང་ངོ་། །དེ་གཉིས་ཀྱིས་སྨྲས་པ། ལྷ་དེ་ལྟར་ན་འཇིག་རྟེན་ན་དགྲ་བཅོམ་པ་དག་མ་མཆིས་ཏེ་དེ་ནི་སྐྱེ་བོའི་བཀའ་མཆིད་འབའ་

เล่ม ๘ · หน้า 124a

ཞིག་ཏུ་བས་སོ། །དེ་ནས་རྒྱལ་པོ་དེ་ལ་འཇིག་རྟེན་དགྲ་བཅོམ་པ་དག་ཡོད་དོ་སྙམ་པའི་ལྟ་བ་ཡོད་པ་གང་ཡིན་པ་དེ་མེད་པར་གྱུར་ཏོ། །དེ་ན་གང་དག་མ་དད་པ་དེ་དག་ལ་ནི་མེད་པར་ལྟ་བ་སྐྱེས་པར་གྱུར་ཏོ། །གང་དག་བར་མར་གནས་པ་དེ་དག་ནི་ཡིད་གཉིས་

ཟ་བར་གྱུར་ཏོ། །གང་དག་དད་པ་དེ་དག་ནི་གནོང་ཞིང་མི་དགའ་བ་དང་། མི་འཇིགས་པ་མེད་པར་གྱུར་ཏོ། །དེ་ནས་རྒྱལ་པོ་གཙུག་པུད་ཅན་གྱིས་བསམས་པ། གལ་ཏེ་འཇིག་རྟེན་ན་དགྲ་བཅོམ་པ་དག་མེད་ན་བདག་གིས་ཅིའི་ཕྱིར་འཕགས་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་འཁོར་ལྔ་བརྒྱ་དང་།

དགེ་སློང་མ་རི་མ་འཁོར་ལྔ་བརྒྱ་དང་ལྡན་པ་ལ་བསོད་སྙོམས་དབུལ་སྙམ་ནས་དེས་དགེ་སློང་རྣམས་དང་། དགེ་སློང་མ་རྣམས་ཀྱི་བསོད་སྙོམས་བཅད་ནས་དགེ་སློང་རྣམས་དང་། དགེ་སློང་མ་རྣམས་ཀྱང་གྲོང་ཁྱེར་སྒྲ་སྒྲོགས་ནས་དོང་ངོ་། །ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་དང་། དགེ་

སློང་མ་རི་མ་ནི་གདུལ་བ་ལ་ལྟོས་པས་དེ་ཉིད་ན་འཁོད་དོ། །ཇི་ཙམ་དུས་གཞན་ཞིག་ན་རྒྱལ་པོ་གཙུག་པུད་ཅན་གྲོང་ཁྱེར་སྒྲ་སྒྲོགས་ནས་ཕྱིར་བྱུང་བ་ན་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་གྲོང་ཁྱེར་སྒྲ་སྒྲོགས་སུ་བསོད་སྙོམས་ལ་ཞུགས་པ་དང་། དེས་རྒྱལ་པོ་མཐོང་ནས་འདི་མི་དགའ་

བར་སེམས་པར་གྱུར་ན་མི་རུང་ངོ་སྙམ་ནས་མཐའ་གཅིག་ཏུ་སོང་སྟེ་སྡོད་དོ། །རྒྱལ་པོ་གཙུག་པུད་ཅན་གྱིས་དེ་མཐའ་གཅིག་ཏུ་སྡོད་པ་མཐོང་ངོ་། །མཐོང་ནས་ཀྱང་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་ཅིའི་ཕྱིར་འཕགས་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་འདི་ང་མཐོང་ནས་མཐའ་གཅིག་

ཏུ་སོང་སྟེ་སྡོད། དེའི་ཕྱི་བཞིན་བློན་པོའི་མཆོག་ཧེ་རུ་ཀ་དང་། བྷི་རུ་ཀ་གཉིས་འགྲོ་བ་དེ་གཉིས་ཀྱིས་སྨྲས་པ། ལྷ་འཕགས་པ་ཀཱ་ཏྱཱ་ཡ་ན་ཆེན་པོའི་ཐུགས་ལམ་ན་ལྷ་ག་ཤེད་དུ་གཟིགས་མོ་དང་དགེ་མཚན་ལ་གཤེགས་པས་མི་དགྱེས་པར་དགོངས་པར་གྱུར་ན་མི་རུང་ངོ་སྙམ་པ་

དང་། ཚོན་གྱི་ལས་བགྱི་བ་དཀའ་བས་ཆོས་གོས་དག་རྡུལ་གྱིས་ཕོག་པར་གྱུར་ན་མི་རུང་ངོ་སྙམ་དུ་དགོངས་སོ། །རྒྱལ་པོ་ཅང་མི་སྨྲ་བར་སོང་ངོ་། །ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོས་གྲོང་ཁྱེར་སྒྲ་སྒྲོགས་སུ་བསོད་སྙོམས་བརྒྱུས་ཏེ་བྱུང་བ་ན་རྒྱལ་པོ་གཙུག་པུད་ཅན་ནང་དུ་འཇུག་

เล่ม ๘ · หน้า 124b

ནས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་དེ་བཞིན་དུ་མཐའ་གཅིག་ཏུ་སོང་སྟེ་སྡོད་དོ། །རྒྱལ་པོ་གཙུག་པུད་ཅན་གྱིས་དེ་མཐའ་གཅིག་ན་སྡོད་པ་མཐོང་ངོ་། །མཐོང་ནས་ཀྱང་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་འཕགས་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་འདིས་སྔར་ང་མཐོང་ནས་

མཐའ་གཅིག་ཏུ་སོང་སྟེ་སྡོད་པའི་རྒྱུ་ནི་དེ་ཡིན་ན་ད་ལྟར་ཡང་མཐའ་གཅིག་ཏུ་སོང་སྟེ་སྡོད་པའི་རྒྱུ་ཅི་ཡིན། དེའི་ཕྱི་བཞིན་བློན་པོ་སྐྱོན་ཆགས་པ་གཉིས་འགྲོ་བ་དེ་གཉིས་ཀྱིས་སྨྲས་པ། ལྷ་འདིའི་མཆིད་ནས་ཁོ་བོ་ཕ་གསོད་པ་འདིའི་རྡུལ་གྱིས་མི་རེག་པར་བྱའོ་ཞེས་མཆིའོ། །

རྒྱལ་པོ་དེ་ནི་ཡོངས་སུ་མི་རྟོག་པ་ཡིན་པས་དེ་སྐད་ཐོས་ནས་ཁྲོ་བས་ཀུན་ནས་དཀྲིས་པར་གྱུར་ཏེ་འཁོར་ཐམས་ཅད་ལ་སྨྲས་པ། ཤེས་ལྡན་དག་ཁྱེད་ཅག་ལས་གང་དང་གང་ང་ལ་དགའ་བ་དེ་དང་དེས་དགེ་སྦྱོང་མགོ་རེག་འདིའི་སྟེང་དུ་ས་སྤར་མོ་རེ་རེས་གཏོར་ཅིག །སྐྱེ་བོའི་ཚོགས་

ཐམས་ཅད་ཀྱིས་ས་སྤར་མོ་རེ་རེ་གཏོར་ཏོ། །རྒྱལ་པོ་དེ་དཔུང་ཆེ་བ་ཡིན་པས་རེ་རེས་ས་སྤར་མོ་རེ་རེ་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོའི་སྟེང་དུ་གཏོར་བ་དང་། དེའི་སྟེང་དུ་ས་ཕུང་ཆེན་པོ་རྣམ་པར་གནས་པར་གྱུར་ཏོ། །ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོས་ཀྱང་དེའི་དབུས་སུ་ལོ་མ་མ་

ཡིན་པའི་སྤྱིལ་བུ་མངོན་པར་སྤྲུལ་ཏེ་འདུག་གོ། །དེ་དག་དེ་ལས་འཐོར་བ་ན་བ་ལང་རྫི་དང་ཕྱུགས་རྫི་དག་གིས་མཐོང་ནས་དེ་དག་སྨོད་བཞིན་དུ་མཐའ་འཁོར་ཞིང་སྡོད་པ་ན་བློན་པོའི་མཆོག་ཧེ་རུ་ཀ་དང་། བྷི་རུ་ཀ་གཉིས་ཕྱི་བཞིན་འབྲང་ཞིང་འོང་བ་ཕྱོགས་དེར་ཕྱིན་ནས་དེ་གཉིས་

ཀྱིས་དྲིས་པ། ཤེས་ལྡན་དག་འདི་ཅི་ཡིན། དེ་དག་གིས་སྨྲས་པ། རྒྱལ་པོ་འཐབ་ཀྲོལ་ཅན་ཕ་གསོད་པ་དེས་འཕགས་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་ཉེས་པ་མེད་པ་གནོད་པ་མི་བྱེད་པ་སས་བཀབ་བོ། །དེ་གཉིས་མཆི་མས་བརྣངས་ཏེ་ངུ་བའི་བཞིན་གྱིས་བ་ལང་རྫི་དང་ཕྱུགས་རྫི་དག་དང་

ལྷན་ཅིག་ས་ཕྱག་པར་བརྩམས་པ་དང་། ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་བྱུང་ནས་དེ་གཉིས་ཀྱིས་རྐང་པ་གཉིས་ལ་གཏུགས་ཏེ་དྲིས་པ། འཕགས་པ་འདི་ཅི་ལགས། དེས་སྨྲས་པ། ལས་དག་ཡིན་མོད་གཞན་ཅི་ཞིག་འབྱུང་བར་འགྱུར།། །།འདུལ་

เล่ม ๘ · หน้า 125a

བ་རྣམ་པར་འབྱེད་པ། བམ་པོ་བདུན་བཅུ་རྩ་གཉིས་པ། དེ་གཉིས་ཀྱིས་སྨྲས་པ། འཕགས་པ་གཙུག་པུད་ཅན་སྐྱེ་བོ་ཕལ་པོ་ཆེ་དང་བཅས་པས་ལས་འདི་ལྟ་བུ་བགྱིས་པ་གང་ལགས་པ་དེའི་རྣམ་པར་སྨིན་པ་ཅིར་འགྱུར། དེས་སྨྲས་པ། དེང་ནས་ཉི་མ་བདུན་ན་གྲོང་

ཁྱེར་སྒྲ་སྒྲོགས་སས་ནོན་པར་འགྱུར་རོ། །འཕགས་པ་རིམ་པ་ཇི་ལྟ་བུར་འགྱུར། ཚེ་དང་ལྡན་པ་གཉིས་རེ་ཞིག་ཉི་མ་དང་པོ་ལ་རླུང་མོ་ཆེ་བྱུང་ནས་གྲོང་ཁྱེར་སྒྲ་སྒྲོགས་རྡོ་བ་དང་། གསེག་མ་དང་། གྱོ་མོ་མེད་པར་རྣམ་པར་འཇོག་པར་འགྱུར་རོ། །ཉི་མ་གཉིས་པ་ལ་མེ་ཏོག་གི་ཆར་འབབ་

པར་འགྱུར་རོ། །ཉི་མ་གསུམ་པ་ལ་གོས་ཀྱི་ཆར་འབབ་པར་འགྱུར་རོ། །ཉི་མ་བཞི་པ་ལ་དངུལ་གྱི་ཆར་འབབ་པར་འགྱུར་རོ། །ཉི་མ་ལྔ་པ་ལ་གསེར་གྱི་ཆར་འབབ་པར་འགྱུར་རོ། །དེའི་འོག་ཏུ་གྲོང་ཁྱེར་སྒྲ་སྒྲོགས་ཀྱི་ཉེན་ཀོར་ན་གནས་པ་གང་དག་གིས་ལས་མཐུན་པར་བྱས་པ་

དེ་དག་གྲོང་ཁྱེར་སྒྲ་སྒྲོགས་སུ་འཇུག་པར་འགྱུར་ཞིང་། དེ་དག་ཞུགས་པ་ན་ཉི་མ་དྲུག་པ་ལ་རིན་པོ་ཆེའི་ཆར་འབབ་པར་འགྱུར་རོ། །ཉི་མ་བདུན་པ་ལ་སའི་ཆར་འབབ་པར་འགྱུར་རོ། །དེ་གཉིས་ཀྱིས་སྨྲས་པ། འཕགས་པ་ཅི་ལགས། བདག་ཅག་གཉིས་ཀྱང་ལས་དེའི་

ཆ་ཅན་ལགས་སམ། བཞིན་བཟངས་གཉིས་ཁྱེད་གཉིས་ནི་ལས་དེའི་ཆ་ཅན་མ་ཡིན་ནོ། །འཕགས་པ་གལ་ཏེ་དེ་ལྟ་ན་བདག་ཅག་གཉིས་ཀྱིས་གྲོང་ཁྱེར་འདི་ནས་ཇི་ལྟར་འབྱུང་བར་བགྱི། དེས་སྨྲས་པ། བཞིན་བཟངས་གཉིས་ཁྱེད་གཉིས་ཀྱིས་རང་གི་ཁྱིམ་ནས་ཆུ་ཀླུང་

གི་བར་དུ་ཕུག་རྐོར་ཆུག་ལ་ཁྱིམ་དྲུང་དུ་གྲུ་བཞག་སྟེ་སྡོད་ལ་གང་གི་ཚེ་རིན་པོ་ཆེའི་ཆར་འབབ་པ་དེའི་ཚེ་ན་རིན་པོ་ཆེ་དག་གིས་གྲུ་འགེངས་སུ་ཆུག་ལ་བྲོས་ཤིག །དེ་གཉིས་ཀྱིས་དེའི་རྐང་པ་གཉིས་ལ་གཏུགས་ཏེ་གྲོང་ཁྱེར་སྒྲ་སྒྲོགས་སུ་ཞུགས་ནས་དེ་གཉིས་རྒྱལ་པོའི་གན་དུ་

སོང་སྟེ་སྨྲས་པ། འཕགས་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་ལ་ཅུང་ཞིག་བགྱིས་སམ། ཅི་ན་དོག་སས་བཀབ། དེས་སྨྲས་པ། ཤེས་ལྡན་གཉིས་དེ་གསོན་ནམ། ལྷ་གསོན་ནོ། །ཅི་ཟེར། ལྷ་དེ་འདི་སྐད་ཅེས་དེང་ནས་གདུགས་བདུན་ན་གྲོང་ཁྱེར་སྒྲ་སྒྲོགས་དོག་སས་ནོན་པར་

เล่ม ๘ · หน้า 125b

འགྱུར་ཞེས་མཆིའོ། །རིམ་པ་ཇི་ལྟར་འགྱུར། དེ་གཉིས་ཀྱིས་སྨྲས་པ། ལྷ་དེ་འདི་སྐད་ཅེས་རེ་ཞིག་ཉི་མ་དང་པོ་ལ་རླུང་མོ་ཆེ་བྱུང་ནས་གྲོང་ཁྱེར་སྒྲ་སྒྲོགས་རྡོ་བ་དང་། གསེག་མ་དང་། གྱོ་མོ་མེད་པར་རྣམ་པར་འཇོག་པར་འགྱུར་རོ། །ཉི་མ་གཉིས་པ་ལ་མེ་ཏོག་གི་ཆར་འབབ་

པར་འགྱུར་རོ། །ཉི་མ་གསུམ་པ་ལ་གོས་ཀྱི་ཆར་འབབ་པར་འགྱུར་རོ། །ཉི་མ་བཞི་པ་ལ་དངུལ་གྱི་ཆར་འབབ་པར་འགྱུར་རོ། །ཉི་མ་ལྔ་པ་ལ་གསེར་གྱི་ཆར་འབབ་པར་འགྱུར་རོ། །དེའི་འོག་ཏུ་གྲོང་ཁྱེར་སྒྲ་སྒྲོགས་ཀྱི་ཉེན་ཀོར་ན་གནས་པ་གང་དག་གིས་ལས་མཐུན་པར་བྱས་པ་

དེ་དག་གྲོང་ཁྱེར་སྒྲ་སྒྲོགས་སུ་འཇུག་པར་འགྱུར་ཞིང་དེ་དག་ཞུགས་པ་ན་ཉི་མ་དྲུག་པ་ལ་རིན་པོ་ཆེའི་ཆར་འབབ་པར་འགྱུར་རོ། །ཉི་མ་བདུན་པ་ལ་སའི་ཆར་འབབ་པར་འགྱུར་རོ་ཞེས་མཆིའོ། །བློན་པོ་སྐྱོན་ཆགས་པ་དེ་གཉིས་ཀྱིས་སྨྲས་པ། ལྷ་བྲམ་ཟེ་གང་ལ་སློང་མོ་སྩལ་

ནས་ཡང་བཅད་ན་དེ་ལེགས་པ་ཅི་ཞིག་སེམས་ཏེ། ལྷས་དེ་འཁོར་ལྔ་བརྒྱ་དང་ལྡན་པ་ལ་བསོད་སྙོམས་སྩལ་ནས་བཅད་ཅིང་སས་ཀྱང་གཡོགས་པས་དེ་འདི་སྐད་མཆི་བ་ལས་གཞན་པ་ཆེས་ཤིས་པའི་ཚིག་སྨྲ་བར་ག་ལ་འགྱུར། རྒྱལ་པོ་གཙུག་པུད་ཅན་གྱིས་བསམས་པ། དེ་

བདེན་ནོ་སྙམ་པ་དང་། བློན་པོའི་མཆོག་ཧེ་རུ་ཀ་དང་། བྷི་རུ་ཀ་གཉིས་ཀྱིས་བཞིན་བསྒྱུར་ཅིང་ལག་པ་གཉིས་ཡོངས་སུ་དྲིལ་ཏེ་དོང་ངོ་། །དེ་ན་ཧེ་རུ་ཀ་ལ་བུ་སྔོ་བསངས་ཞེས་བྱ་བ་ཁྱེའུ་ཞིག་ཡོད་ལ། བྷི་རུ་ཀ་ལ་ཡང་བུ་མོ་སྔོ་བསངས་ཅན་ཞེས་བྱ་བ་བུ་མོ་ཞིག་ཡོད་ནས། ཧེ་རུ་ཀས་

ཁྱེའུ་སྔོ་བསངས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་ལ་ཕུལ་ཏེ་སྨྲས་པ། འཕགས་པ་གལ་ཏེ་འདི་ལ་དགེ་བའི་རྩ་བ་འགའ་ཞིག་མཆིས་ན་རབ་ཏུ་དབྱུང་དུ་གསོལ། གལ་ཏེ་མ་མཆིས་ན་འདི་ཁྱོད་ཉིད་ཀྱི་ཞབས་འབྲིང་བ་ལགས་སོ། །བྷི་རུ་ཀས་ཀྱང་བུ་མོ་སྔོ་བསངས་ཅན་དགེ་སློང་མ་རི་མ་

ལ་ཕུལ་ཏེ་སྨྲས་པ། འཕགས་མ་གལ་ཏེ་འདི་ལ་དགེ་བའི་རྩ་བ་འགའ་ཞིག་མཆིས་ན་རབ་ཏུ་དབྱུང་དུ་གསོལ། གལ་ཏེ་མ་མཆིས་ན་ཀཽ་ཤཱམྦཱི་ན་ཁྱིམ་བདག་གདངས་ཅན་ཞེས་བགྱི་བ་བདག་གི་ཆུང་པོ་གྲོགས་ཤིག་མཆིས་པ་དེ་ལ་གཏད་དུ་གསོལ། དེས་ཁས་བླངས་སོ། །དེ་

เล่ม ๘ · หน้า 126a

ནས་དགེ་སློང་མ་རི་མ་བུ་མོ་སྔོ་བསངས་ཅན་ཁྲིད་དེ་རྫུ་འཕྲུལ་གྱིས་གྲོང་ཁྱེར་སྒྲ་སྒྲོགས་ནས་སོང་ནས། དེས་བུ་མོ་དེ་ཀཽ་ཤཱམྦཱིར་ཁྱིམ་བདག་གདངས་ཅན་ལ་གཏད་ནས་ཕྲིན་ཇི་སྐད་སྤྲིང་བ་ཡང་བཟླས་སོ། །ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་ནི་དེ་ཉིད་དུ་འདུག་གོ། །

བློན་པོའི་མཆོག་ཧེ་རུ་ཀ་དང་བྷི་རུ་ཀ་གཉིས་ཀྱིས་ཁྱིམ་ནས་ཆུ་ཀླུང་གི་བར་དུ་ཕུག་རྐོར་བཅུག་སྟེ་ཁྱིམ་དྲུང་དུ་གྲུ་བཞག་ནས་བསྡད་དོ། །ཇི་ཙམ་ན་ཉི་མ་དེ་ལ་རླུང་མོ་ཆེ་བྱུང་ནས་དེས་གྲོང་ཁྱེར་སྒྲ་སྒྲོགས་དེ་རྡོ་བ་དང་། གསེག་མ་དང་། གྱོ་མོ་མེད་པར་རྣམ་པར་བཞག་གོ། །ཉི་

མ་གཉིས་པ་ལ་མེ་ཏོག་གི་ཆར་འབབ་པ་དང་། བློན་པོ་སྐྱོན་ཆགས་པ་དེ་གཉིས་ཀྱིས་སྨྲས་པ། ལྷ་རྒྱལ་པོ་ང་ལས་ནུ་ལ་དགུང་བདུན་དུ་དབྱིག་གི་ཆར་བབ་ཅེས་གདའ་བས་ལྷ་ལ་ཡང་མེ་ཏོག་གི་ཆར་འདི་བབ་པས་རིང་པོ་མི་ཐོགས་པར་གོས་ཀྱི་ཆར་འབབ་པར་འགྱུར་

རོ། །ཉི་མ་གསུམ་པ་ལ་གོས་ཀྱི་ཆར་བབ་པ་དང་། བློན་པོ་སྐྱོན་ཆགས་པ་དེ་གཉིས་ཀྱིས་སྨྲས་པ། ལྷ་ལ་གོས་ཀྱི་ཆར་འདི་བབ་པས་རིང་པོ་མི་ཐོགས་པར་དངུལ་གྱི་ཆར་འབབ་པར་འགྱུར་རོ། །ཉི་མ་བཞི་པ་ལ་དངུལ་གྱི་ཆར་བབ་པ་དང་། བློན་པོ་སྐྱོན་ཆགས་པ་དེ་གཉིས་ཀྱིས་

སྨྲས་པ། ལྷ་ལ་དངུལ་གྱི་ཆར་འདི་བབ་པས་རིང་པོ་མི་ཐོགས་པར་གསེར་གྱི་ཆར་འབབ་པར་འགྱུར་རོ། །ཉི་མ་ལྔ་པ་ལ་གསེར་གྱི་ཆར་བབ་པ་དང་། བློན་པོ་སྐྱོན་ཆགས་པ་དེ་གཉིས་ཀྱིས་སྨྲས་པ། ལྷ་ལ་གསེར་གྱི་ཆར་འདི་བབ་པས་རིང་པོ་མི་ཐོགས་པར་རིན་པོ་ཆེའི་ཆར་འབབ་

པར་འགྱུར་རོ། །དེའི་འོག་ཏུ་གྲོང་ཁྱེར་སྒྲ་སྒྲོགས་ཀྱི་ཉེན་ཀོར་ན་གནས་པ་གང་དག་གིས་ལས་མཐུན་པར་བྱས་པ་དེ་དག་གྲོང་ཁྱེར་སྒྲ་སྒྲོགས་སུ་ཞུགས་ཤིང་དེ་དག་ཞུགས་པ་ན་ཉི་མ་དྲུག་པ་ལ་རིན་པོ་ཆེའི་ཆར་བབ་པ་དང་། བློན་པོའི་མཆོག་ཧེ་རུ་ཀ་དང་། བྷི་རུ་ཀ་གཉིས་ཀྱིས་རིན་པོ་

ཆེ་དག་གིས་གྲུ་འགེངས་སུ་བཅུག་སྟེ་བྲོས་སོ། །དེ་ན་ཧེ་རུ་ཀས་ཕྱོགས་གཞན་ཞིག་ཏུ་ཧེ་རུ་ཀའི་རྩལ་ཞེས་བྱ་བའི་གྲོང་ཁྱེར་རྩིག་ཏུ་བཅུག་ནས། དེའི་མིང་ཧེ་རུ་ཀའི་རྩལ་ཧེ་རུ་ཀའི་རྩལ་ཅེས་བྱ་བར་གྱུར་ཏོ། །བྷི་རུ་ཀས་ཀྱང་ཕྱོགས་གཞན་ཞིག་ཏུ་བྷི་རུ་ཀའི་རྩལ་ཅེས་བྱ་བའི་གྲོང་

เล่ม ๘ · หน้า 126b

ཁྱེར་རྩིག་ཏུ་བཅུག་ནས་དེའི་མིང་བྷི་རུ་ཀའི་རྩལ་བྷི་རུ་ཀའི་རྩལ་ཅེས་བྱ་བར་གྱུར་ཏོ། །ཉི་མ་བདུན་པ་ལ་སའི་ཆར་འབབ་པར་བརྩམས་པ་དང་། གྲོང་ཁྱེར་སྒྲ་སྒྲོགས་སུ་སྒྲ་མཐོན་པོ་དང་། སྒྲ་ཆེན་པོ་བྱུང་ནས་རྒྱལ་པོས་སྨྲས་པ། ཤེས་ལྡན་དག་སྒྲ་མཐོན་པོ་དང་། སྒྲ་ཆེན་པོ་དེ་

ཅི་བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་སའི་ཆར་བབ་བོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་གལ་ཏེ་དེ་ལྟ་ན་བློན་པོའི་མཆོག་ཧེ་རུ་ཀ་དང་། བྷི་རུ་ཀ་ག་ན་འདུག་ཚོལ་ཅིག །དེ་དག་གིས་བཙལ་བར་བརྩམས་པ་དང་། ཇི་ཙམ་ན་དེ་གཉིས་བྲོས་པར་ཚོར་ནས། དེ་དག་གིས་

རྒྱལ་པོ་ལ་སྨྲས་པ། ལྷ་དེ་གཉིས་བྲོས་ཏེ་མ་མཆིས་སོ། །དེ་ནས་རྒྱལ་པོ་གཙུག་པུད་ཅན་འབྲོས་པར་བརྩམས་པ་དང་། མི་མ་ཡིན་པ་དག་གིས་སྒོ་བཅད་དོ། །ཁྱེའུ་སྔོ་བསངས་ཀྱིས་སྨྲས་པ། འཕགས་པ་གྲོང་ཁྱེར་དུ་སྒྲ་མཐོན་པོ་དང་སྒྲ་ཆེན་པོ་བྱུང་བ་འདི་ཅི་ལགས།

ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོས་སྨྲས་པ། བུ་སྐར་ཁུང་ནས་ཁར་ཕོར་ཕྱིར་ཕྱུང་ཤིག །དེས་སྐར་ཁུང་ནས་ཁར་ཕོར་ཕྱིར་ཕྱུང་བ་དང་སས་ཕྱེད་ཙམ་གང་བར་གྱུར་ནས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོས་བསམས་པ། ད་དུང་སྤྱོད་ཡུལ་ལྷག་མ་དང་བཅས་པ་ཡིན་ནོ་སྙམ་མོ། །

ཇི་ཙམ་ན་ཡང་ཁར་ཕོར་ཕྱི་རོལ་དུ་ཕྱུང་བ་དང་བྱུར་བུར་གང་བར་གྱུར་ནས། ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོས་བསམས་པ། ད་ནི་སྤྱོད་ཡུལ་མེད་པར་གྱུར་གྱིས་འགྲོའོ་སྙམ་མོ། །དེ་ནས་གྲོང་ཁྱེར་སྒྲ་སྒྲོགས་ན་གཉུག་མར་གནས་པའི་ལྷ་མོ་གང་ཡིན་པ་དེ་ཚེ་དང་ལྡན་པ་ཀཱ་

ཏྱཱ་ཡ་ན་ཆེན་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་སྨྲས་པ། འཕགས་པ་བདག་ཀྱང་མཆི་སྟེ་འཕགས་པའི་བསྙེན་བཀུར་བགྱིའོ། །དེས་དང་དུ་བླངས་སོ། །ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོས་སྔོ་བསངས་ལ་སྨྲས་པ། བུ་ཆོས་གོས་ཀྱི་གྲྭ་

ནས་ཟུང་ཤིག་དང་འདོང་ངོ་། །དེས་ཆོས་གོས་ཀྱི་གྲྭ་ནས་བཟུང་བ་དང་དེས་ཁྱེའུ་སྔོ་བསངས་ཁྲིད་དེ་རྫུ་འཕྲུལ་གྱིས་སྟེང་གི་ནམ་མཁའ་ལས་སོང་ངོ་། །སྒྲ་སྒྲོགས་ན་གཉུག་མར་གནས་པའི་ལྷ་མོ་ཡང་རང་གི་རྫུ་འཕྲུལ་གྱིས་དེའི་ཕྱི་བཞིན་སོང་བ་དང་། གྲོང་ཁྱེར་སྒྲ་སྒྲོགས་

เล่ม ๘ · หน้า 127a

ཀྱང་སས་ནོན་པར་གྱུར་ཏོ། །དེ་དག་མཐར་གྱིས་ཁ་ར་བ་ན་ཞེས་བྱ་བའི་རི་བྲགས་སུ་ཕྱིན་ནས་དེ་དག་དེ་ན་གཡུལ་གྱི་གཞི་ན་འཁོད་དོ། །ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོས་ཁྱེའུ་སྔོ་བསངས་གཡུལ་གྱི་གཞིར་བཞག་སྟེ་བསོད་སྙོམས་ལ་ཞུགས་པ་དང་། ལྷ་མོ་

དེའི་མཐུས་གཡུལ་གྱི་གཞི་དེར་འབྲུ་འཕེལ་བར་གྱུར་ནས་དེ་ན་མི་གང་འདུག་པ་དེས་ཁྱེའུ་དེ་མཐོང་ནས་དེའི་གན་དུ་སོང་སྟེ་སྨྲས་པ། ཀྱེ་ཁྱེའུ་ཁྱོད་ཀྱི་མཐུས་གཡུལ་གྱི་གཞིར་འབྲུ་འཕེལ་བར་གྱུར་ཏོ། །དེས་སྨྲས་པ། ཁོ་བོའི་མཐུས་གཡུལ་གྱི་གཞིར་འབྲུ་འཕེལ་བར་གྱུར་པ་

མ་ཡིན་ཏེ། འདི་ལྟར་གྲོང་ཁྱེར་སྒྲ་སྒྲོགས་ན་གཉུག་མར་གནས་པའི་ལྷ་མོ་འདིར་འོངས་ཏེ་ཕྱོགས་ག་གེ་མོ་ཞིག་ན་འདུག་པ་དེའི་མཐུས་གཡུལ་གྱི་གཞིར་འབྲུ་འཕེལ་བར་གྱུར་ཏོ། །དེ་དེའི་གན་དུ་སོང་སྟེ་རྐང་པ་གཉིས་ལ་གཏུགས་ནས་སྨྲས་པ། ལྷ་མོ་བདག་གྲོང་དུ་མཆི་སྟེ་སླར་

མཆིའི་བར་དུ་རེ་ཞིག་ལྡེ་མིག་དང་། ལྡེ་མིག་ཀྱོག་པོ་འདི་གཟུང་ཞིང་ཁྱོད་ཀྱིས་བདག་མ་ལགས་པ་གཞན་སུ་ལ་ཡང་མི་སྩལ་བར་གསོལ། དེས་བླངས་པ་དང་། མི་དེ་ཡང་རི་བྲགས་སུ་སོང་ནས་རི་བྲགས་ན་གནས་པའི་སྐྱེ་བོའི་ཚོགས་བསྡུས་ཏེ་སྨྲས་པ། ཤེས་ལྡན་དག་གྲོང་

ཁྱེར་སྒྲ་སྒྲོགས་ན་གཉུག་མར་གནས་པའི་ལྷ་མོ་འདིར་འོངས་ཏེ་གཡུལ་གྱི་གཞི་ན་འདུག་པས་དེའི་མཐུས་གཡུལ་གྱི་གཞིར་འབྲུ་འཕེལ་བར་གྱུར་ནས་བདག་གིས་དེའི་ལག་ཏུ་ལྡེ་མིག་དང་། ལྡེ་མིག་ཀྱོག་པོ་བྱིན་ཏེ་བདག་གིས་དེ་ལ་བདག་གྲོང་དུ་མཆི་སྟེ་སླར་མཆིའི་བར་དུ་ལྡེ་མིག་

དང་། ལྡེ་མིག་ཀྱོག་པོ་འདི་གཟུང་ཞིང་ཁྱོད་ཀྱིས་བདག་མ་གཏོགས་པ་གཞན་སུ་ལ་ཡང་སྩལ་བར་མི་བགྱིའོ་ཞེས་སྨྲས་ཀྱིས། དེའི་ཕྱིར་གྲོང་མི་རྣམས་ལ་གལ་ཏེ་བདག་གི་བུ་གཙོ་བོར་དབང་བསྐུར་ན་ཁོ་བོ་བདག་ཉིད་སྲོག་དང་འབྲལ་བར་གསོལ་བ་འདེབས་ཏེ། དེ་ལྟ་ན་ལྷ་མོ་

བདག་ཅག་གི་གནས་ནས་གར་ཡང་འགྲོ་བར་མི་འགྱུར་བས་ཁྱེད་ཅག་ལོངས་སྤྱོད་དག་གིས་མངོན་པར་འཕེལ་བར་འགྱུར་ཞིང་ཡམས་ཀྱི་ནད་ཐམས་ཅད་ཀྱང་ཉེ་བར་ཞི་བར་འགྱུར་རོ། །དེ་དག་གིས་དེའི་བུ་གཙོ་བོར་དབང་བསྐུར་ནས་དེས་ཀྱང་བདག་ཉིད་སྲོག་དང་བྲལ་བར་བྱས་སོ། །དེ་

เล่ม ๘ · หน้า 127b

ནས་དེ་དག་གིས་གནས་དེ་ཐམས་ཅད་སྤོས་དང་མེ་ཏོག་གིས་མཛེས་པར་བྱས་ཤིང་གདུགས་དང་རྒྱལ་མཚན་གྱིས་བརྒྱན་ཏེ། གཏོར་མ་ཐོགས་ནས་ལྷ་མོ་དེ་ག་ལ་བ་དེར་དོང་སྟེ་ཕྱིན་ནས་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། ལྷ་མོ་ཁྱོད་འདི་ཉིད་ན་བཞུགས་པར་གསོལ། དེས་

སྨྲས་པ། ཁོ་མོ་ནི་འཕགས་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་ལ་བསྙེན་བཀུར་བྱེད་པ་ཡིན་པས་འདི་ན་ཁོ་མོའི་གནས་མེད་དོ། །ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོས་སྨྲས་པ། ལྷ་མོ་ཁྱོད་ཀྱིས་གང་ལས་ལྡེ་མིག་དང་། ལྡེ་མིག་ཀྱོག་པོ་བླངས་པ་སོམས་ཤིག །དེས་བསམ་པ་ལ་ཞུགས་

པ་དང་། ཇི་ཙམ་ན་མི་དེ་དུས་ལ་བབ་པར་མཐོང་ནས་དེས་གནས་དེ་ན་གནས་པའི་སྐྱེ་བོའི་ཚོགས་ལ་སྨྲས་པ། ཤེས་ལྡན་དག་ཁོ་མོ་དམ་ཚིག་གིས་གནས་པར་བྱ་སྟེ། གལ་ཏེ་ཁོ་མོའི་གནས་གཞི་ཇི་ལྟ་བུ་བྱེད་དུ་འཇུག་པ་དེ་ལྟ་བུར་འཕགས་པའི་གནས་གཞི་ཡང་བྱེད་དུ་འཇུག་

ན་ཁོ་མོ་འདུག་གོ། །དེ་དག་གིས་ཁས་བླངས་ནས། དེ་དག་གིས་ལྷ་མོ་དེའི་གནས་ཇི་ལྟ་བུ་བྱེད་དུ་བཅུག་པ་དེ་ལྟ་བུར་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོའི་གནས་ཀྱང་བྱེད་དུ་བཅུག་གོ། །ལྷ་མོ་དེའི་གནས་སུ་མར་མེ་བཙུགས་པ་གང་ཡིན་པ་དེ་དེས་ཁྱེར་ཏེ་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་

ཆེན་པོའི་གནས་སུ་འཛུགས་པར་བྱེད་དོ། །དེ་མར་མེ་ཁྱེར་ཏེ་འགྲོ་བ་རྩིག་དྲུང་ན་འདུག་པའི་མི་ཞིག་གིས་མཐོང་ནས་དེས་བསམས་པ། ལྷ་མོ་འདི་འཕགས་པ་ཀཱ་ཏྱཱ་ཡ་ན་ཆེན་པོའི་གན་དུ་འདོང་བས་འགྲོའོ་སྙམ་པ་དང་། དེས་དེའི་སེམས་ཤེས་ནས་ཁྲོས་ཏེ་རི་བྲགས་འདི་ན་གནས་

པའི་སྐྱེ་བོའི་ཚོགས་འདི་ནི་སྡིག་པའི་སེམས་ཀུན་དུ་སྤྱོད་པ་ཡིན་ཏེ། འཕགས་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་འདོད་པའི་དྲི་ང་བ་མེད་པ་ལ་བརྫུན་གྱིས་སྐུར་བ་འདེབས་པར་བྱེད་དོ་སྙམ་ནས། དེས་རི་བྲགས་དེར་མི་ངས་ཕྱུང་སྟེ་སྐྱེ་བོ་ཕལ་པོ་ཆེ་ཤི་བར་གྱུར་ནས་སྐྱེ་བོ་ཤི་བའི་རོ་ཕྱིར་

འབྱིན་པ་ན་ཁྲི་དང་ཁྲི་དག་འདོམ་པར་གྱུར་ཏོ། །གནས་དེ་ན་གནས་པའི་སྐྱེ་བོའི་ཚོགས་ཀྱིས་ལྟས་པ་དག་བཀུག་སྟེ། དྲིས་པ། འདི་ཅི་ལས་གྱུར། དེ་དག་གིས་སྨྲས་པ། ལྷ་མོ་འཁྲུགས་སོ། །དེ་དག་གིས་དེ་ལ་བཟོད་པ་གསོལ་བར་བརྩམས་པ་དང་། དེས་སྨྲས་

เล่ม ๘ · หน้า 128a

པ། ཁྱེད་ཅག་འཕགས་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་འདོད་པའི་དྲི་ང་བ་མེད་པ་ལ་བརྫུན་གྱིས་སྐུར་པ་འདེབས་པར་བྱེད་དོ། །དེ་དག་གིས་ཡང་སྨྲས་པ། ལྷ་མོ་བཟོད་པ་མཛོད་ཅིག་དང་འགའ་ཡང་བསྙེན་བཀུར་མ་ལགས་པ་བགྱིད་པར་མི་འགྱུར་རོ། །དེས་སྨྲས་པ།

དམ་ཚིག་གིས་བཟོད་པར་བྱ་སྟེ། གལ་ཏེ་ཁྱེད་ཅག་ཁོ་མོ་ལ་ཇི་ལྟར་བསྙེན་བཀུར་བྱེད་པ་དེ་ལྟར་འཕགས་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་ལ་ཡང་བྱེད་ན་བཟོད་པར་བྱའོ། །དེ་དག་གིས་སྨྲས་པ། ལྷ་མོ་ཆེས་ཁྱད་པར་དུ་འཕགས་པར་བགྱིས་བཟོད་པར་མཛོད་ཅིག །དེས་དེ་དག་ལ་བཟོད་པར་

བྱས་སོ། །དེ་དག་གིས་ཀྱང་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་ལ་ཆེས་ཁྱད་པར་དུ་འཕགས་པའི་བསྙེན་བཀུར་བྱས་སོ། །ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོས་དེ་ཉིད་དུ་དབྱར་གནས་པར་ཁས་བླངས་ནས་ཁྱེའུ་སྔོ་བསངས་ཁྲིད་དེ་ལྷ་མོ་ལ་སྨྲས་ནས་འཕགས་པ་དང་། ལྷ་མོས་སྨྲས་པ།

འཕགས་པ་བདག་ལ་མཚན་མ་ཅུང་ཞིག་སྩོལ་ཅིག་དང་བདག་དེ་ལ་མཆོད་པ་བགྱིད་ཅིང་མཆིས་སོ། །དེས་དེ་ལ་ཁར་ཕོར་བྱིན་ནས་དེས་དེ་ལ་ཁས་ཕུབ་སྟེ་མཆོད་རྟེན་དུ་བྱས་ནས་དུས་སྟོན་བྱེད་དུ་བཅུག་ནས། ཁར་ཕོར་གྱི་དུས་སྟོན་ཁར་ཕོར་གྱི་དུས་སྟོན་ཞེས་བྱ་བའི་མིང་དུ་

གྱུར་ཏེ། དེང་སང་ཡང་དགེ་སློང་མཆོད་རྟེན་ལ་ཕྱག་འཚལ་བ་དག་ཕྱག་འཚལ་བར་བྱེད་དོ། །ཁྱེའུ་སྔོ་བསངས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོའི་ཆོས་གོས་ཀྱི་གྲྭ་ནས་འཇུས་ཏེ་དེ་འཕྱང་ཞིང་འགྲོ་བ་བ་ལང་རྫི་དང་ཕྱུགས་རྫི་དག་གིས་མཐོང་ནས། དེ་དག་གིས་འཕྱང་བ་པ་འཕྱང་

བ་པ་ཞེས་བྱ་བའི་སྒྲ་ཆེན་པོ་ཕྱུང་བས་ཡུལ་དེའི་མི་རྣམས་ཀྱི་མིང་འཕྱང་བ་པ་འཕྱང་བ་པ་ཞེས་བྱ་བའི་མིང་དུ་གྱུར་ཏོ། །ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོའི་རི་བྲགས་ཤིག་ཏུ་ཕྱིན་ནས་དེར་ཁྱེའུ་སྔོ་བསངས་ཤིང་ལྗོན་པའི་དྲུང་དུ་བཞག་སྟེ་བསོད་སྙོམས་ལ་ཞུགས་སོ། །རི་བྲགས་དེ་ན་

རྒྱལ་པོ་བུ་མེད་པར་དུས་ལ་བབ་ནས་ཕོ་བྲང་འཁོར་གྱི་མི་དང་བློན་པོ་དང་། ཡུལ་མི་དག་འདུས་ཏེ་སྨྲས་པ། ཤེས་ལྡན་དག་གང་ཞིག་རྒྱལ་པོར་དབང་བསྐུར་བར་བྱ། དེ་ན་ཁ་ཅིག་གིས་སྨྲས་པ། གང་བསོད་ནམས་དང་དབང་ཆེ་བར་གྲགས་པའོ། །ཁ་ཅིག་གིས་སྨྲས་པ།

เล่ม ๘ · หน้า 128b

དེ་ཇི་ལྟར་ཤེས་པར་བྱ། ཁ་ཅིག་གིས་སྨྲས་པ། རྟོག་པ་དག་བསྐོ་བར་བྱའོ། །དེ་དག་གིས་རྟོག་པ་དག་བསྐོས་ནས་དེ་དག་གིས་ཕན་ཚུན་བཙལ་བར་བརྩམས་པ་དང་། དེ་དག་གིས་ཁྱེའུ་དེ་ཤིང་ལྗོན་པའི་དྲུང་ན་གཉིད་ལོག་པ་མཐོང་ནས། དེ་དག་གིས་དེའི་མཚན་མ་གཟུང་

བར་བརྩམས་པ་དང་། ཇི་ཙམ་ན་ཤིང་ལྗོན་པ་གཞན་དག་གི་གྲིབ་མ་ཤར་ཕྱོགས་སུ་གཞོལ་བ་དང་། ཤར་ཕྱོགས་སུ་འབབ་པ་དང་། ཤར་ཕྱོགས་སུ་བབ་པར་གྱུར་ན་ཤིང་ལྗོན་པ་དེའི་གྲིབ་མས་ཁྱེའུ་དེའི་ལུས་མི་གཏོང་བར་མཐོང་ངོ་། །མཐོང་ནས་ཀྱང་གྲོས་བྱ་བར་

བརྩམས་པ། ཤེས་ལྡན་དག་ཁྱེའུ་འདི་བསོད་ནམས་དང་དབང་ཆེ་བར་གྲགས་པ་ཡིན་གྱིས་འདི་དབང་བསྐུར་བར་བྱའོ། །དེ་དག་གིས་དེ་སད་པར་བྱས་ཏེ་སྨྲས་པ། ཁྱེའུ་རྒྱལ་སྲིད་ལོང་ཤིག །ཁྱེའུས་སྨྲས་པ། ཁོ་བོ་རྒྱལ་སྲིད་དོན་དུ་གཉེར་བ་མ་ཡིན་ཏེ། ཁོ་བོ་ནི་

འཕགས་པ་ཀཱ་ཏྱཱ་ཡ་ན་ཆེན་པོའི་བསྙེན་བཀུར་བ་ཡིན་ནོ། །ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོས་ཐོས་ནས་ཅི་ཁྱེའུ་འདི་ལ་རྒྱལ་སྲིད་དུ་འགྱུར་བའི་ལས་དག་ཡོད་དམ་མེད་སྙམ་དུ་བསམས་ནས་ཡོད་པར་མཐོང་ནས་དེས་སྨྲས་པ། བུ་རྒྱལ་སྲིད་ལོང་ལ་འདི་ལྟར་ཁྱོད་ཀྱིས་ཆོས་ཀྱིས་

བྱེད་དུ་ཆུག་ཤིག །དེས་མནོས་ཏེ། དེ་དག་གིས་དེ་དབང་བསྐུར་ནས་ཁྱེའུ་སྔོ་བསངས་ཀྱིས་དེར་རྒྱལ་སྲིད་བྱེད་དུ་བཅུག་པས་སྔོ་བསངས་ཀྱི་རྒྱལ་སྲིད་སྔོ་བསངས་ཀྱི་རྒྱལ་སྲིད་ཅེས་བྱ་བའི་མིང་དུ་གྱུར་ཏོ། །ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་ཡུལ་བོག་ཀ་ནར་ཕྱིན་ནས། ཚེ་དང་ལྡན་པ་

ཀཱ་ཏྱཱ་ཡ་ན་ཆེན་པོའི་མ་བོག་ཀ་ནར་སྐྱེས་པ་དེས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་མཐོང་ནས་སྨྲས་པ། བུ་ཁྱོད་ཡུན་རིང་ཞིག་ལོན་ནས་མཐོང་ངོ་། །བུ་ཁྱོད་ཡུན་རིང་ཞིག་ལོན་ནས་མཐོང་ངོ་། །དེའི་ནུ་མ་གཉིས་ལས་ཀྱང་འོ་མའི་རྒྱུན་འཛག་གོ། །ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་

པོས་དེ་ལ་ཡུམ་ཡུམ་ཞེས་བག་ཕབ་པ་དང་། དེས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་ཟན་བྱིན་ནས། ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོས་དེའི་བསམ་པ་དང་། བག་ལ་ཉལ་བ་དང་། ཁམས་དང་། རང་བཞིན་ཁོང་དུ་ཆུད་ནས་གང་ཐོས་ནས། དེས་སྟན་དེ་ཉིད་ལ་འདུག་

เล่ม ๘ · หน้า 129a

བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟ་བུར་འཕགས་པའི་བདེན་པ་བཞི་ཡང་དག་པར་སོ་སོར་རྟོགས་པར་བྱེད་པའི་ཆོས་བསྟན་པར་བྱས་སོ། །དེས་བདེན་པ་མཐོང་

ནས་བཙུན་པས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང་

མཛའ་བཤེས་དང་། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་དག་ལས་ནི་བསྒྲལ། ངན་སོང་གི་སྒོ་དག་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་དམྱལ་བ་དང་དུད་འགྲོ་དང་ཡི་དགས་དག་ནས་ནི་རྐང་

པ་ཕྱུང་། ལྷ་དང་མི་རྣམས་ཀྱི་ནང་དུ་ནི་བཞག་གོ་ཞེས་ལན་གསུམ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །ཡང་སྨྲས་པ། དཀའ་བ་བྱེད་པའི་མ་ལ་ནི། །བུ་ཕོ་བཟང་པོས་གང་བྱ་བ། །དེ་ནི་ཁྱོད་ཀྱིས་བདག་ལ་བགྱིས། །སེམས་ནི་མཐོ་རིས་གཞོལ་བར་གྱུར། །ངན་སོང་དག་ནས་

ལེགས་ཕྱུང་ཞིང་། །ཁྱོད་ཀྱིས་མཐོ་རིས་ཐར་པ་ལ། །རབ་ཏུ་འབད་པས་བདག་བཞག་སྟེ། །ཁྱོད་ཀྱིས་དཀའ་བ་ལེགས་པར་མཛད། །ཚོང་པས་ཁེ་སྤོགས་རྙེད་པ་ལྟར། །མཐོ་རིས་རྙེད་པ་བདག་གིས་རྙེད། །དགེ་བའི་བཤེས་གཉེན་རྣམས་ལ་ནི། །ཉེ་བར་བརྟེན་པ་བཟང་བ་ལགས། །

དེ་ནས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོས་བུ་མོ་བཟང་མོ་དེ་བདེན་པ་དག་ལ་བཞག་ནས་སྨྲས་པ། ཡུམ་བལྟས་ལགས་ཀྱིས་བདག་མཆིའོ། །དེས་སྨྲས་པ། བུ་གལ་ཏེ་དེ་ལྟ་ན་བདག་ལ་མཚན་མ་ཅུང་ཞིག་སྩོལ་ཅིག་དང་བདག་དེ་ལ་མཆོད་པ་བགྱིད་ཅིང་མཆིས་སོ། །དེས་དེ་ལ་ཁར་བ་

བྱིན་ནས་དེས་མཆོད་རྟེན་བྱས་ཏེ། དེར་བཙུགས་ནས་ཁར་བའི་མཆོད་རྟེན་ཁར་བའི་མཆོད་རྟེན་ཞེས་བྱ་བའི་མིང་དུ་གྱུར་ཏེ། དེང་སང་ཡང་དགེ་སློང་མཆོད་རྟེན་ལ་ཕྱག་འཚལ་བ་དག་ཕྱག་འཚལ་བར་བྱེད་དོ། །ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་ཡུལ་དབུས་སུ་འགྲོ་འདོད་ནས་ཡུལ་སིན་

เล่ม ๘ · หน้า 129b

དུར་ཕྱིན་པ་དང་། དེ་ནས་བྱང་ལམ་ན་གནས་པའི་ལྷ་མོ་གང་ཡིན་པ་དེས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་ལ་ཡང་མཚན་མ་ཅུང་ཞིག་སྩོལ་ཅིག་དང་བདག་དེ་ལ་མཆོད་པ་བགྱིད་ཅིང་མཆིས་སོ། །དེས་བསམས་པ། བཅོམ་ལྡན་འདས་

ཀྱིས་ཡུལ་དབུས་སུ་ལྷམ་སྒྲོག་གུ་ཅན་བཅང་བར་མི་བྱའོ་ཞེས་བཀའ་སྩལ་པས་འདི་དེ་ལ་སྦྱིན་ནོ་སྙམ་ནས། དེས་ལྷམ་སྒྲོག་གུ་ཅན་དེ་དེ་ལ་བྱིན་པ་དང་། དེས་གནས་གཞི་བྱེད་དུ་བཅུག་སྟེ་དེར་བཞག་པ་དང་། ཁ་ཅིག་གིས་ནི་ལྷམ་གྱི་དབང་ཕྱུག་ཅེས་བྱ་བར་ཤེས་སོ། །ཁ་ཅིག་

གིས་ལྷམ་གྱི་གཞི་ཞེས་བྱ་བར་ཤེས་སོ། །ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་མཐར་གྱིས་མཉན་ཡོད་དུ་ཕྱིན་ནས་དགེ་སློང་རྣམས་ཀྱིས་མཐོང་ནས་སྨྲས་པ། ཚེ་དང་ལྡན་པ་འོངས་པ་ལེགས་སོ། །འོངས་པ་ལེགས་སོ། །ཇི་ལྟར་བདེ་བར་བརྒྱུས་སམ། དེས་སྨྲས་པ། ཚེ་དང་ལྡན་

པ་དག་ཅུང་ཟད་བདེ་བར་ཡང་བརྒྱུས། ཅུང་ཟད་སྡུག་བསྔལ་བར་ཡང་བརྒྱུས་སོ། །དགེ་སློང་རྣམས་ཀྱིས་སྨྲས་པ། ཇི་ལྟར་བདེ་བར་བརྒྱུས། ཇི་ལྟར་སྡུག་བསྔལ་བར་བརྒྱུས། དེས་སྨྲས་པ། སེམས་ཅན་གྱི་བྱ་བ་བྱས་པ། གང་ཡིན་པ་དེ་དག་ནི་བདེ་བར་བརྒྱུས་པ་

ཡིན་ནོ། །རྒྱལ་པོ་གཙུག་པུད་ཅན་དང་། གྲོང་ཁྱེར་སྒྲ་སྒྲོགས་ན་གནས་པའི་སྐྱེ་བོའི་ཚོགས་ཀྱིས་བདག་སས་མནན་པ་གང་ཡིན་པ་དང་། བློན་པོའི་མཆོག་ཧེ་རུ་ཀ་དང་། བྷི་རུ་ཀ་གཉིས་ཚེགས་ཆེན་པོས་བྲོས་པ་གང་ཡིན་པ་དེ་ནི་སྡུག་བསྔལ་བར་བརྒྱུས་པ་ཡིན་ནོ། །

དགེ་སློང་དོན་ཉུང་ངུ་དག་གིས་སྨད་དེ་སྨྲས་པ། དེ་ནི་ཕ་གསོད་པ་ཡིན་ཏེ། དེས་ཚེ་དང་ལྡན་པ་ཨུ་ཏྲ་ཡ་ན་དགྲ་བཅོམ་པ་ཉིད་ཐོབ་པ་ཉེས་པ་མེད་པ་གནོད་པ་མི་བྱེད་པ་བསད་དེ། འདི་ནི་དེའི་མེ་ཏོག་ཙམ་ཡིན་གྱི་འབྲས་བུ་ནི་གཞན་འབྱུང་བར་འགྱུར་རོ། །དགེ་སློང་རྣམས་ཐེ་

ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་ཨུ་ཏྲ་ཡ་ནས་ལས་ཅི་བགྱིས་ན་དེས་ཕྱུག་པ་ནོར་མང་ལ་ལོངས་སྤྱོད་ཆེ་བའི་ཁྱིམ་དུ་སྐྱེས་ཤིང་། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་

เล่ม ๘ · หน้า 130a

མོངས་པ་ཐམས་ཅད་སྤངས་པས། དགྲ་བཅོམ་པ་ཉིད་མངོན་དུ་བགྱིས་ནས་མཚོན་གྱིས་བཀུམ་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་ཨུ་ཏྲ་ཡ་ན་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་

བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས་ཨུ་ཏྲ་ཡ་ན་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་

འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་

བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག །སྔོན་བྱུང་བ་འདས་པའི་དུས་ན་སངས་རྒྱས་རྣམས་འབྱུང་བ་མེད་པའི་ཚེ་རང་སངས་རྒྱས་དམན་པ་དང་། བཀྲེན་པ་ལ་རྗེས་སུ་སྙིང་བརྩེ་བ། བས་

མཐའི་གནས་མལ་ལ་དགའ་བ། བསེ་རུ་ལྟ་བུ་གཅིག་པུ་འཇིག་རྟེན་གྱི་ཡོན་གནས་སུ་གྱུར་པ་དག་འཇིག་རྟེན་དུ་བྱུང་ངོ་། །ཇི་ཙམ་དུ་རི་བྲགས་ཤིག་ན་རྔོན་པ་ཞིག་འདུག་སྟེ། རི་བྲགས་དེ་དང་ཧ་ཅང་མི་རིང་བ་ཞིག་ན་རི་དགས་དང་བྱ་མང་པོ་དག་གི་རྟེན་དུ་གྱུར་པ་མཚེའུ་ཞིག་ཡོད་པ་

དེར་རྔོན་པ་དེ་ཉི་མ་རེ་རེ་ཞིང་རི་དགས་དང་བྱ་མང་པོ་དག་དྲུངས་དབྱུང་བའི་ཕྱིར་དང་། ཉམས་པར་བྱ་བའི་ཕྱིར་དང་། ཚུལ་མ་ཡིན་པས་སྡུག་བསྔལ་བར་བྱ་བའི་ཕྱིར་རྔོན་སྤྱད་དང་། རྙི་དང་རྙོང་མང་པོ་དག་འཛུགས་པར་བྱེད་དོ། །དེའི་རྔོན་སྤྱད་དང་། རྙི་དང་རྙོང་དེ་དག་ཀྱང་དོན་ཡོད་པ་ཡིན་

ནོ། །ཇི་ཙམ་དུས་གཞན་ཞིག་ན་རང་སངས་རྒྱས་ཤིག་ལྗོངས་རྒྱུ་ཞིང་སོང་བ་ན་རི་བྲགས་དེར་ཕྱིན་ནས་ལྷའི་གནས་ཤིག་ཏུ་མཚན་མོ་གནས་པར་ཁས་བླངས་ནས་དེ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་རི་བྲགས་དེར་བསོད་སྙོམས་ལ་ཞུགས་སོ། །དེར་བསོད་སྙོམས་

เล่ม ๘ · หน้า 130b

བརྒྱུས་ནས་བསམས་པ། ལྷའི་གནས་འདི་ཉིན་མོ་རྒྱུན་ལུགས་མོད་པ་ཡིན་གྱིས། རི་བྲགས་ཀྱི་ཕྱི་རོལ་གྱི་གནས་ཞི་བ་ཞིག་ཏུ་བསོད་སྙོམས་བཟའོ་སྙམ་ནས་དེ་རི་བྲགས་ནས་བྱུང་སྟེ། འདི་ནི་ཞི་བའོ། །འདི་ནི་ཞི་བའོ། །ཞེས་མཚེའུ་དེ་ག་ལ་བ་དེར་སོང་སྟེ། ཕྱིན་ནས་ལྷུང་

བཟེད་དང་ཆུ་ཚགས་མཐའ་གཅིག་ཏུ་བཞག་སྟེ། རྐང་པ་གཉིས་བཀྲུས་ནས་ལག་པ་གཉིས་བསྙལ་ཏེ་ཆུ་བཙགས་ནས། ལོ་མ་ལྷགས་པ་དག་བླངས་ཏེ་འདུག་ནས་ཟས་ཀྱི་བྱ་བ་བྱས་ཏེ། ལག་པ་གཉིས་བསྙལ་ནས་ཁ་བཀྲུས་ཏེ་ལྷུང་བཟེད་དང་། ཆུ་ཚགས་གནས་ཇི་ལྟ་བ་

བཞིན་དུ་བཞག་ནས། རྐང་པ་གཉིས་བཀྲུས་ཏེ་ཤིང་དྲུང་ཞིག་ཏུ་བརྟེན་ནས་བྲང་འགྲོའི་རྒྱལ་པོ་ཉལ་བའི་ལུས་བསྐྱིལ་བ་ལྟར་སྐྱིལ་ཀྲུང་བཅས་ཏེ་སྤྱོད་ལམ་ཞི་བར་འདུག་པ་དང་། དེའི་ཉིན་མོ་མིའི་དྲིས་རི་དགས་གཅིག་ཀྱང་མ་ཟིན་ཏོ། །དེ་ན་རྔོན་པ་དེ་ནང་པར་སྔར་ལངས་ཏེ་མཚེའུ་དེ་

ག་ལ་བ་དེར་སོང་ནས། དེས་རྔོན་སྤྱད་དང་། རྙི་དང་རྙོང་དེ་དག་བྱུལ་བར་བརྩམས་པ་དང་། རི་དགས་གཅིག་ཀྱང་མ་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གི་རྔོན་སྤྱད་དང་། རྙི་དང་རྙོང་འདི་དག་དོན་ཡོད་པ་ཡིན་ན། གང་གི་ཕྱིར་དེང་རི་དགས་གཅིག་ཀྱང་མ་ཟིན་པ་འདིའི་

རྒྱུ་གང་ཡིན་སྙམ་ནས། དེས་མཚེའུ་དེའི་ཐེན་ཀོར་བྱུལ་བར་བརྩམས་པ་དང་མིའི་རྗེས་མཐོང་ནས། དེ་རྗེས་དེའི་ཕྱི་བཞིན་དུ་སོང་བ་དང་། རང་སངས་རྒྱས་སྤྱོད་ལམ་ཞི་བར་འདུག་པ་དེ་མཐོང་ནས་དེས་བསམས་པ། རབ་ཏུ་བྱུང་བ་སེམས་ཞི་བ་འདི་དག་གནས་འདི་ལྟ་བུ་

དག་ཏུ་མངོན་པར་དགའ་བར་བྱེད་པས་གལ་ཏེ་བདག་གིས་འདིའི་སྲོག་གཅད་པ་མ་བྱས་ན་འདི་དག་གིས་ངེས་པར་བདག་གི་འཚོ་བ་གཅོད་པར་བྱེད་ཀྱིས་རྣམ་པ་ཐམས་ཅད་དུ་འདི་གསད་པར་བྱའོ་སྙམ་ནས། སྙིང་རྗེ་མེད་པའི་སེམས་དང་ལྡན་པ། འཇིག་རྟེན་ཕ་རོལ་བཏང་བ་

དེས་མདའ་དུག་ཅན་གྱིས་གཞུ་རྔའི་དབྱིབས་འདྲ་བ་རྣ་དྲུང་དུ་ཐུག་པར་བཀང་སྟེ་རང་སངས་རྒྱས་དེའི་གནད་དུ་བསྣུན་ཏོ། །རང་སངས་རྒྱས་བདག་ཉིད་ཆེན་པོ་དེས་བསམས་པ། རྔོན་པ་ཉོན་མོངས་པ་འདི་ཧ་ཅང་སྨས་པ་དང་། ཉམས་པར་གྱུར་ན་མི་རུང་གིས། འདི་ལ་ལག་ནས་

เล่ม ๘ · หน้า 131a

དྲང་བ་སྦྱིན་ནོ་སྙམ་ནས་དེས་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟར་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ནས་འབར་བ་དང་། གསལ་བ་དང་། ཆར་འབེབས་པ་དང་། གློག་འབྱིན་པའི་ཆོ་འཕྲུལ་དག་བྱ་བར་བརྩམས་སོ། །སོ་སོའི་སྐྱེ་བོ་ནི་རྫུ་འཕྲུལ་ལ་མྱུར་

དུ་སེམས་གཏོད་པར་བྱེད་པ་ཡིན་པས་རྔོན་པ་དེ་ཤིང་ལྗོན་པ་རྩ་བ་ནས་བཅད་པ་བཞིན་དུ་རང་སངས་རྒྱས་དེའི་རྐང་པ་གཉིས་ཀྱི་དྲུང་དུ་སྒྱེལ་ནས་སྨྲས་པ། ཡོན་གནས་ཡང་དག་པར་གྱུར་པ་མར་གཤེགས་སུ་གསོལ། མར་གཤེགས་སུ་གསོལ། ཉོན་མོངས་འདམ་དུ་བྱིང་བ་བདག་

གི་སུག་པ་ནས་དྲང་བ་སྩལ་དུ་གསོལ། རང་སངས་རྒྱས་དེ་རྔོན་པ་དེ་ལ་རྗེས་སུ་སྙིང་བརྩེ་བའི་ཕྱིར་སྟེང་གི་མཁའ་ལས་ཤོད་དུ་བབས་སོ། །དེ་ནས་རྔོན་པ་དེས་ཟུག་རྔུ་མེད་པར་བྱས་ཏེ། རྨ་ལྷན་གྱིས་གླན་ནས་སྨྲས་པ། འཕགས་པ་སྡུམ་པར་གཤེགས་སུ་གསོལ། གལ་ཏེ་

འདིར་གསེར་གྱི་ལྷན་པས་གླན་པར་མཛད་ན་དེ་ཡང་བདག་གིས་སྦྱར་བར་བགྱིའོ། །རང་སངས་རྒྱས་ཀྱིས་བསམས་པ། བདག་གིས་རྣག་གི་ལུས་འདིས་ཐོབ་པར་བྱ་བ་གང་ཡིན་པ་ཐོབ་ཟིན་པས་དེའི་ཕྱིར་ད་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འཇུག་པར་

བྱའོ་སྙམ་ནས། དེ་རྔོན་པ་དེ་ཉིད་ཀྱི་མདུན་དུ་ཡང་ནམ་མཁའི་དཀྱིལ་དུ་འཕགས་ཏེ། ཆོ་འཕྲུལ་རྣམ་པ་སྣ་ཚོགས་དག་རྣམ་པར་བསྟན་ནས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདས་སོ། །རྔོན་པ་དེ་ནོར་དང་ལྡན་པ་ཡིན་པས་དེས་སྤོས་ཀྱི་

ཤིང་ཐམས་ཅད་ཀྱིས་ཕུང་པོར་བཅེར་ཏེ་བསྲེགས་ནས་ཕུང་པོ་དེ་འོ་མས་ཞི་བར་བྱས་ཏེ་རུས་པ་དེ་དག་གསེར་གྱི་བུམ་པར་བཅུག་ནས་ལམ་པོ་ཆེའི་བཞི་མདོར་ལུས་ཀྱི་མཆོད་རྟེན་རྩིག་ཏུ་བཅུག་སྟེ། གདུགས་དང་། རྒྱལ་མཚན་དང་། བ་དན་དག་བསྒྲེང་ཞིང་དྲི་དང་། ཕྲེང་

བ་རྒྱུ་དང་། བདུག་སྤོས་དང་། ཕྱེ་མ་དང་། སིལ་སྙན་དག་གིས་མཆོད་པ་བྱས་ནས་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་སྨོན་ལམ་འདི་སྐད་ཅེས། བདག་ཡོན་གནས་དམ་པར་གྱུར་པ་འདི་ལྟ་བུ་ལ་གནོད་པ་བྱས་པ་གང་ཡིན་པའི་ལས་དེའི་ཆ་དང་མཐུན་པར་མི་འགྱུར་

เล่ม ๘ · หน้า 131b

བར་མཆོད་པ་བྱས་པ་གང་ཡིན་པའི་དགེ་བའི་རྩ་བ་འདིས་བདག་ཕྱུག་པ་ནོར་མང་བ། ལོངས་སྤྱོད་ཆེ་བར་སྐྱེ་ཞིང་འདི་བས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་ཅིང་ཐུགས་བྱུང་བར་མི་བྱེད་པའི་ཡོན་ཏན་གྱི་རྣམ་པ་དེ་ལྟ་བུ་ཐོབ་པར་གྱུར་ཅིག་ཅེས་བཏབ་བོ། །དགེ་

སློང་དག་དེ་ལ་དེའི་ཚེ་དེའི་དུས་ན་རྔོན་པ་གང་ཡིན་པ་དེ་ནི་དགེ་སློང་ཨུ་ཏྲ་ཡ་ན་ཡིན་ཏེ། དེས་རང་སངས་རྒྱས་ཀྱི་གནད་དུ་མདའ་དུག་ཅན་གྱིས་བསྣུན་པ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པས་བསྐལ་པར་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་གདུངས་ནས་ལས་དེ་ཉིད་ཀྱི་

ལྷག་མས་ཚེ་རབས་ལྔ་བརྒྱར་མཚེའུ་དེ་ཉིད་དུ་རི་དགས་སུ་གྱུར་ནས་མདའ་དུག་ཅན་གྱིས་གནད་དུ་བསྣུན་ཅིང་དུས་ལ་བབ་སྟེ། ད་ལྟར་གྱི་བར་དུ་ཡང་དགྲ་བཅོམ་པ་ཐོབ་ཀྱང་དེ་མཚོན་གྱིས་ཡོངས་སུ་མྱ་ངན་ལས་འདས་སོ། །མཆོད་པ་བྱས་ནས་སྨོན་ལམ་བཏབ་པ་གང་ཡིན་པ་དེས་ནི་ད་

ལྟར་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བར་སྐྱེས་ཤིང་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་ཤིང་། འདིས་རང་སངས་རྒྱས་བྱེ་བ་ཕྲག་འབུམ་པས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་ང་མཉེས་པར་བྱས་ཤིང་ཐུགས་

བྱུང་བར་མ་བྱས་སོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ། ལས་གཅིག་ཏུ་དཀར་བ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་དཀར་བ་ཡིན། ལས་འདྲེན་མ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་འདྲེན་མ་ཡིན་ནོ། །

དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་དང་འདྲེན་མ་རྣམས་སྤངས་ཏེ། ལས་གཅིག་ཏུ་དཀར་བ་རྣམས་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །ཡང་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་

བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་རྒྱལ་པོ་གཙུག་པུད་ཅན་དང་། གྲོང་ཁྱེར་སྒྲ་སྒྲོགས་ན་གནས་པའི་སྐྱེ་བོའི་ཚོགས་དང་། ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོས་ལས་ཅི་བགྱིས་ན་དེས་དོག་སས་ནོན་པར་གྱུར། བློན་པོའི་མཆོག་ཧེ་རུ་ཀ་དང་། བྷི་རུ་ཀ་གཉིས་ཀྱིས་ལས་ཅི་ཞིག་

เล่ม ๘ · หน้า 132a

བགྱིས་ན་བྲོས་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་དག་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས་དེ་

དག་ཉིད་ཀྱིས་ལས་བྱས་ཤིང་། བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་

ལ་མི་འགྱུར་གྱི། འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་

ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ་རི་བྲགས་ཤིག་ན་ཁྱིམ་བདག་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །རྩེ་བར་བྱེད། དགའ་བར་བྱེད།

དགའ་མགུར་སྤྱོད་པར་བྱེད་པ་དེ་ལ་བུ་ཁྱེའུ་ཞིག་བྱུང་ངོ་། །ཡང་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེ་ལ་བུ་མོ་ཞིག་བྱུང་ནས། དེ་གཉིས་བསྲིངས་ཤིང་བསྐྱེད་དེ་ཆེན་པོར་གྱུར་ཏོ། །བུ་མོ་དེ་དང་ན་མཉམ་པའི་བུ་མོ་དག་སློང་བ་འོངས་ན། བུ་མོ་དེ་ལ་

སློང་བ་འགའ་ཡང་མ་འོངས་སོ། །སངས་རྒྱས་རྣམས་འབྱུང་བ་མེད་པའི་ཚེ་རང་སངས་རྒྱས་དམན་པ་དང་བཀྲེན་པ་ལ་རྗེས་སུ་སྙིང་བརྩེ་བ། བས་མཐའི་གནས་མལ་ལ་དགའ་བ་བསེ་རུ་ལྟ་བུ་གཅིག་པུ་འཇིག་རྟེན་གྱི་ཡོན་གནས་སུ་གྱུར་པ་དག་འཇིག་རྟེན་དུ་བྱུང་ངོ་། །ཇི་ཙམ་

ན་རང་སངས་རྒྱས་ཞིག་ལྗོངས་རྒྱུ་ཞིང་སོང་བ་ན་རི་བྲགས་དེར་ཕྱིན་ནས་བུ་མོ་དེས་ཁྱིམ་ཕྱགས་ནས་ཕྱག་དར་རིབ་མའི་སྟེང་ནས་བོར་བ་དེ་རང་སངས་རྒྱས་བསོད་སྙོམས་ལ་རྒྱུ་བ་དེའི་མགོ་ལ་ཕོག་གོ། །བུ་མོ་དེས་དེར་ཕོག་པ་མཐོང་ནས་འགྱོད་པའི་སེམས་ཀྱང་མ་སྐྱེས་ལ། སྟེས་

เล่ม ๘ · หน้า 132b

དབང་གིས་དེ་ཉིད་ཀྱི་ཉིན་མོ་དེ་སློང་བ་འོངས་ནས་མིང་པོས་དེ་ལ་དྲིས་པ། དེང་ཁྱོད་ཀྱིས་ཅི་བྱས་ན་དེས་ན་ཁྱོད་སློང་བ་འོངས། དེས་སྨྲས་པ། བདག་གིས་དེང་རབ་ཏུ་བྱུང་བའི་སྟེང་དུ་ཕྱག་དར་བོར་རོ། །དེས་འཛུམ་ཕྱུང་བ་དང་། བུ་མོ་དེས་བུ་མོ་གཞན་དག་ལ་སྦྲན་ཅིང་དེས་ཀྱང་

གཞན་དག་ལ་སྦྲན་ནས། འཇིག་རྟེན་ལ་བུ་མོ་གང་དང་གང་སློང་བ་མི་འོང་བ་དེས་རང་སངས་རྒྱས་ཀྱི་སྟེང་དུ་ཕྱག་དར་བོར་ན་དེ་ལ་སློང་བ་འོང་ངོ་། །ཞེས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ལྟ་བུ་བྱུང་ངོ་། །བདག་ཉིད་ཆེན་པོ་རྣམས་ནི་བསྙེན་བཀུར་མ་ཡིན་པས་འཇིགས་པས་རང་སངས་རྒྱས་

དེ་རི་བྲགས་དེ་ནས་སོང་བ་དང་། དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་རྣམས་ཀྱི་སྟེང་དུ་དོར་བར་བརྩམས་ནས་དེ་དག་ཀྱང་དོང་བ་དང་། ཕ་མ་དག་གི་སྟེང་དུ་བོར་བར་བརྩམས་སོ། །རི་བྲགས་དེ་ན་ཁྱིམ་བདག་དགེ་བའི་ཆོས་ཅན་གཉིས་ཤིག་འཁོད་པ་དེ་གཉིས་ཀྱིས་སྨྲས་པ། ཤེས་

ལྡན་དག་དམ་པ་མ་ཡིན་པའི་ཆོས་འཕེལ་བ་འདི་བཟློག་པར་བྱའོ། །ཞེས་དེ་གཉིས་ཀྱིས་བཟློག་ཅིང་སྤངས་སོ། །དགེ་སློང་དག་དེའི་ཚེ་དེའི་དུས་ན་བུ་མོ་གང་གིས་རང་སངས་རྒྱས་ཀྱི་སྟེང་དུ་ཕྱག་དར་བོར་བ་དེ་ནི་རྒྱལ་པོ་གཙུག་པུད་ཅན་འདི་ཡིན་ནོ། །རི་བྲགས་དེ་ན་གནས་པའི་སྐྱེ་

བོའི་ཚོགས་གང་ཡིན་པ་དེ་ནི་གྲོང་ཁྱེར་སྒྲ་སྒྲོགས་ན་གནས་པའི་སྐྱེ་བོའི་ཚོགས་འདི་དག་ཡིན་ཏེ། འདི་དག་གིས་རང་སངས་རྒྱས་དང་། དྲང་སྲོང་དང་། ཕ་མ་དག་གི་སྟེང་དུ་ཕྱག་དར་བོར་བ་གང་ཡིན་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་སས་ནོན་པར་གྱུར་ཏོ། །ཁྱིམ་བདག་གཉིས་

ཀྱིས་བཟློག་པ་གང་ཡིན་པ་དེ་ནི་བློན་པོའི་མཆོག་ཧེ་རུ་ཀ་དང་། བྷི་རུ་ཀ་གཉིས་ཡིན་ཏེ། ལས་དེའི་རྣམ་པར་སྨིན་པས་བྲོས་པར་གྱུར་ཏོ། །བུ་མོའི་མིང་པོ་གང་གིས་འཛུམ་ཕྱུང་བ་དེ་ནི་དགེ་སློང་ཀཱ་ཏྱཱ་ཡ་ན་ཆེན་པོ་ཡིན་ཏེ། དེས་འཛུམ་ཕྱུང་བ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་

པས་སས་གཡོགས་ཏེ། གལ་ཏེ་དགེ་སློང་ཀཱ་ཏྱཱ་ཡ་ན་ཆེན་པོས་ཡོན་ཏན་གྱི་ཚོགས་འདི་ལྟ་བུ་རྟོགས་པར་མ་གྱུར་དུ་ཟིན་ན། དགེ་སློང་ཀཱ་ཏྱཱ་ཡ་ན་ཆེན་པོ་ཡང་སས་ནོན་ཅིང་ཚུལ་མ་ཡིན་པས་སྡུག་བསྔལ་བར་འགྱུར་རོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་

เล่ม ๘ · หน้า 133a

པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ། ལས་གཅིག་ཏུ་དཀར་བ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་དཀར་བ་ཡིན། ལས་འདྲེན་མ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་འདྲེན་མ་ཡིན་ནོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་དང་

འདྲེན་མ་རྣམས་སྤངས་ཏེ། ལས་གཅིག་ཏུ་དཀར་བ་རྣམས་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཀཽ་ཤཱམྦཱི་ན་

ཁྱིམ་བདག་ནོར་བཟངས་ཞེས་བྱ་བ་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ་ཞིག་འདུག་པ་དེའི་ཁྱིམ་རྒྱལ་པོ་ཤར་པའི་དྲུང་ན་འདུག་ཅིང་དེ་ནང་པར་སྔར་ལངས་ཏེ་ལས་ཀྱི་མཐའ་དག་ལ་རྟོག་ཏུ་འགྲོའོ། །དེ་དབྱིག་གི་གདངས་ཅན་ཡིན་པས་རྒྱལ་པོ་ཤར་པས་སྒྲའི་གདངས་ལས་

དེ་ལ་གསེར་བཞག་པ་འབུམ་ཡོད་པར་ཤེས་སོ། །ཇི་ཙམ་དུས་གཞན་ཞིག་ན་རྒྱལ་པོ་ཤར་པ་དོན་གྱི་གནས་ན་འདུག་པས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་ཁྱིམ་བདག་ནོར་བཟངས་ཉི་མ་རེ་རེ་ཞིང་ནང་པར་སྔར་ལངས་ཏེ་རང་ཉིད་ལས་ཀྱི་མཐའ་དག་ལ་རྟོག་ཏུ་

འགྲོ་སྟེ། འདི་ལ་གསེར་བཞག་པ་འབུམ་ཡོད་ཅེས་གྲག་ན་ཅིའི་ཕྱིར་བདག་ཉིད་ངལ་བར་བྱེད། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་འདི་ལ་གསེར་བཞག་པ་འབུམ་ག་ལ་མཆིས་ཏེ། གལ་ཏེ་འདི་ལ་གསེར་བཞག་པ་འབུམ་མཆིས་ན་ཅིའི་སླད་དུ་བདག་ཉིད་ངལ་བར་

བགྱིད། རྒྱལ་པོས་སྨྲས་པ། ཤེས་ལྡན་དག་གལ་ཏེ་ཁྱེད་ཅག་ཡིད་མི་ཆེས་ན་ཁྱིམ་བདག་ནོར་བཟངས་བོས་ཤིག་དང་དྲིའོ། །དེ་དག་གིས་ཁྱིམ་བདག་ནོར་བཟངས་བོས་ནས་རྒྱལ་པོས་དྲིས་པ། ཁྱིམ་བདག་ཁྱོད་ལ་གསེར་བཞག་པ་འབུམ་ཡོད་དམ། ལྷ་མཆིས་

ཏེ། གལ་ཏེ་བཞེད་ན་བཞེས་སུ་གསོལ། ཁྱིམ་བདག་ང་ནི་གསེར་དོན་དུ་གཉེར་བ་མ་ཡིན་གྱི། འདི་ལྟར་ངས་ཁྱོད་ལ་ཅི་ཡོད་དམ་མེད་ཅེས་དྲི་བར་ཟད་དོ། །ལྷ་མཆིས་ཏེ་ལྷས་ཇི་ལྟར་མཁྱེན་པ་དེ་ཞུའོ། །རྒྱལ་པོས་སྨྲས་པ། ཁྱིམ་བདག་ཁྱོད་དབྱིག་གི་གདངས་

เล่ม ๘ · หน้า 133b

ཅན་ཡིན་པས་ངས་སྒྲའི་གདངས་ཤེས་སོ། །ཁྱིམ་བདག་ནོར་བཟངས་རྒྱལ་པོས་གདངས་ལས་ཤེས་པས་དེའི་མིང་ཁྱིམ་བདག་གདངས་ཅན་ཁྱིམ་བདག་གདངས་ཅན་ཞེས་བྱ་བར་གྱུར་ཏོ། །རྒྱལ་པོས་དེ་ལ་སྨྲས་པ། ཁྱིམ་བདག་ཁྱོད་ཕྱུག་པོར་གྱུར་པ་ཡིན་ན་ཅིའི་ཕྱིར་ཁྱོད་

རང་གིས་ཞལ་ཏ་བྱས་ཏེ་ལས་ཀྱི་མཐའ་དག་བྱེད་དུ་འཇུག །དེས་སྨྲས་པ། ལྷ་གལ་ཏེ་བདག་གིས་རང་གི་ཞལ་ཏ་བགྱིས་ཏེ་ལས་ཀྱི་མཐའ་བགྱིད་དུ་མ་སྩལ་ན། བདག་གི་ལོངས་སྤྱོད་དག་འཕེལ་ཞིང་རྒྱས་པ་དང་། ཡངས་པར་ཡང་མི་འགྱུར་ལ། ལྷས་ཀྱང་བདག་དབྱིག་གི་

གདངས་ཅན་ལགས་པར་མཁྱེན་པར་མི་འགྱུར་རོ། །རྒྱལ་པོས་སྨྲས་པ། ཁྱིམ་བདག་ཁྱོད་ཅིའི་ཕྱིར་གླང་པོ་ཆེ་དང་རྟ་དག་གིས་མི་འགྲོ །ལྷ་བདག་ཁྱིམ་ཁོལ་ལགས་པས་གླང་པོ་ཆེ་དང་རྟ་དག་གིས་མཆི་བ་བདག་གི་ཚུལ་དང་མཐུན་པ་མ་ལགས་སོ། །རྒྱལ་པོས་བསམས་པ།

གྲོགས་འདི་ལྟ་བུས་རྒྱལ་སྲིད་བྱེད་དུ་གཞུག་པར་ནུས་ཀྱིས། འདི་བློན་པོ་ཁོ་ནར་གཞུག་གོ་སྙམ་དུ་རིག་ནས་སྨྲས་པ། ཁྱིམ་བདག་བློན་པོ་གྱིས་ཤིག་དང་། ལྷན་ཅིག་ཏུ་རྒྱལ་སྲིད་བྱེད་དུ་གཞུག་གོ། །དེས་སྨྲས་པ། ལྷ་དེ་སྐད་བཀའ་སྩལ་པ་མི་རིགས་ཏེ། བདག་ནི་ཁྱིམ་ཁོལ་

ལགས་པས་བདག་ཞིང་ལས་ཀྱི་མཐའ་རྗེས་སུ་བསྒྲུབ་པར་རིགས་ཀྱི། བློན་པོར་མི་རིགས་སོ། །རྒྱལ་པོས་དེ་ལྟ་དེ་ལྟར་ནན་གྱིས་མནན་ན་ཅི་ནས་ཀྱང་གདོན་མི་ཟ་བར་ཁས་ལེན་པར་ཤེས་ཏེ། ནན་གྱིས་མནན་ནས་དེས་ཀྱང་ཁས་བླངས་སོ། །དེ་ནས་རྒྱལ་པོས་དེ་བློན་པོར་བཅུག་ནས་

ཁྱིམ་བདག་གདངས་ཅན་གྱིས་ཆོས་དང་། རིགས་པས་རྒྱལ་པོའི་བྱ་བ་དང་། རྒྱལ་པོའི་བྱེད་པ་དག་བྱ་བར་བརྩམས་ནས། དེས་བློན་པོ་གཞན་ཐམས་ཅད་ཟིལ་གྱིས་མནན་པ་དང་། དེ་དག་ཕྲག་དོག་སྐྱེས་ཏེ་ཡིད་མི་བདེ་བར་གྱུར་ནས་འདུས་ཏེ་སྨྲས་པ། ཤེས་ལྡན་དག་བདག་

ཅག་འདི་ལྟར་ཁྱིམ་བདག་གདངས་ཅན་གྱིས་ཟིལ་གྱིས་མནན་པར་གྱུར་ན་འདི་ལ་ཇི་ལྟར་བསྒྲུབ་པར་བྱ། དེ་ན་ཁ་ཅིག་གིས་སྨྲས་པ། འདི་ལ་ཅིའི་ཕྱིར་བསྒྲུབ་ཏུ་མེད། འདི་ཇི་སྲིད་དུ་གཏན་དུ་གཏིང་ཚུགས་པར་མ་གྱུར་པ་དེ་སྲིད་དུ་འདི་ལ་རྒྱལ་པོས་ཆད་པས་གཅོད་དུ་གཞུག་པར་བྱའོ། །

เล่ม ๘ · หน้า 134a

ཁ་ཅིག་གིས་སྨྲས་པ། མ་ཉེས་ཀྱིས་དེ་ལྟར་བྱའོ་ཞེས་དེ་དག་ཐམས་ཅད་འདུས་ཏེ་རྒྱལ་པོའི་གན་དུ་དོང་ནས་སྨྲས་པ། ལྷ་རྒྱལ་པོ་སུ་ལགས། དེས་སྨྲས་པ། ཁྱེད་ཅག་ག་ལས་ཐེ་ཚོམ་ཟ། རྒྱལ་པོ་ང་ཡིན་མོད་གཞན་སུ་ཞིག་ཡིན། དེ་དག་གིས་སྨྲས་པ། ལྷ་གདངས་

ཅན་རྒྱལ་པོ་ལགས་ཀྱི་ཁྱོད་ནི་མ་ལགས་ཏེ། གལ་ཏེ་དེ་འཚལ་བར་གྱུར་ན་ལྷ་བཀྲོངས་ཏེ་རང་ཉིད་ཅོད་པན་བཅིངས་ནས་རྒྱལ་སྲིད་ཀྱི་དབང་ཕྱུག་གི་བདག་པོ་བགྱིད་དུ་སྩོལ་བར་འགྱུར་རོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་ཅིའི་ཕྱིར་དེ་དེ་ལྟར་འགྱུར་ཏེ། དེ་ནི་ཆོས་གཙོ་བོར་བྱེད་པ་

ཡིན་པས་ཇི་ལྟར་དེ་ལྟར་བྱེད་པར་འགྱུར། དེ་དག་གིས་སྨྲས་པ། བདག་ཅག་གིས་ལྷའི་མངོན་སུམ་དུ་འགྱུར་བར་བགྱིའོ། །ཇི་ཙམ་དུས་གཞན་ཞིག་ན་ཁྱིམ་བདག་གདངས་ཅན་རྒྱལ་པོས་ཉེ་བར་འཚོ་བའི་རྒོལ་བ་དང་། ཕྱིར་རྒོལ་བ་དག་གིས་ཡོངས་སུ་བསྐོར་ཅིང་རྒྱལ་པོའི་ཕོ་བྲང་

དུ་ཞུགས་ནས། རྒྱལ་པོའི་ཕོ་བྲང་དུ་ཐམས་ཅད་སྐྱེ་བོའི་ཚོགས་ཀྱིས་གང་བར་དེས་རྒྱལ་པོའི་བྱ་བ་དང་། རྒྱལ་པོའི་བྱེད་པ་དག་བྱས་ནས་རྒྱལ་པོའི་ཕོ་བྲང་ནས་ཕྱིར་བྱུང་བ་དང་། རྒྱལ་པོས་ཉེ་བར་འཚོ་བ་སྔ་ན་འཁོད་པ་དག་ཀྱང་དེ་དང་ལྷན་ཅིག་ཕྱིར་བྱུང་སྟེ་རྒྱལ་པོའི་ཚོགས་མེད་པར་

འདུག་པ་དང་། བློན་པོ་དེ་དག་གིས་རྒྱལ་པོ་ལ་སྨྲས་པ། ལྷ་གཟིགས་སམ། བདག་ཅག་གིས་གསོལ་པ་གང་ལགས་པ་དེ་ནི་འདི་ལགས་ཏེ། གལ་ཏེ་འདི་འཚལ་བར་གྱུར་ན་ལྷ་བཀྲོངས་ཏེ་རང་ཉིད་ཅོད་པན་བཅིངས་ནས་རྒྱལ་སྲིད་ཀྱི་དབང་ཕྱུག་གི་བདག་པོ་བགྱིད་དུ་སྩོལ་བར་འགྱུར་རོ། །

རྒྱལ་པོས་བསམས་པ། རེ་ཞིག་འདི་བརྟག་པར་བྱའོ་སྙམ་ནས། དེས་དེ་རྒྱུ་བ་དང་གནས་པ་ལས་བརྟག་པར་བརྩམས་པ་དང་། ཇི་ཙམ་ན་བྱང་ལམ་ནས་དེད་དཔོན་གྱིས་ཟོང་རྟ་དེད་དེ་ཀཽ་ཤཱམྦཱིར་ཕྱིན་ནས་རྒྱལ་པོས་གདངས་ཅན་ལ་བསྒོ་བ། གསེར་འབུམ་གྱིས་རྟ་དག་ཉོས་ཤིག །དེས་

གསེར་འབུམ་གྱིས་རྟ་དག་ཉོས་པ་དང་། རྒྱལ་པོས་གདངས་ཅན་ལ་བསྒོ་བ། འབུམ་གྱི་ཕྱེད་བྱིན་ལ་འདི་སྐད་ཅེས་བདག་གིས་འབུམ་ཚང་བར་བྱིན་ཟིན་ཏོ། །ཞེས་བྱོས་ཤིག །དེས་སྨྲས་པ། ལྷ་དེ་མི་རིགས་ཏེ། གལ་ཏེ་དེ་ལྟར་བགྱིས་ན་སླན་ཅད་འདིར་ཆིབས་རྟ་འཚོང་བ་

เล่ม ๘ · หน้า 134b

དང་། གཞན་འགའ་ཡང་མཆི་བར་མི་འགྱུར་གྱིས་འདི་ལྟར་ལྷའི་དཀོར་ལས་འབུམ་ཕྱེད་སྩོལ་ཅིག་དང་བདག་གིས་འབུམ་ཕྱེད་སྩལ་ཏོ། །རྒྱལ་པོས་སྨྲས་པ། ཁྱིམ་བདག་ངའི་ཚིག་དེ་བཞིན་སྨྲས་ན་འདི་ཅི་འགལ། དེས་སྨྲས་པ། ལྷ་བདག་གིས་ཚེ་གཅིག་གི་སྡུག་བསྔལ་

གྱི་དོན་དུ་ཚེ་རབས་མང་པོའི་སྡུག་བསྔལ་སྐྱེད་པར་རྔོ་མི་ཐོག་གོ། །རྒྱལ་པོས་དེ་ལ་ལན་གསུམ་གྱི་བར་དུ་སྨྲས་ན་ཡང་དེ་མ་བཏུབ་ནས། དེ་ནས་རྒྱལ་པོས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་གང་གིས་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བའི་བཀའ་ལན་གསུམ་གྱི་བར་དུ་

བཅག་པ་དེའི་ཆད་པ་ཅི་ཡིན། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་དེའི་ཆད་པ་ནི་དགུམ་པ་ལགས་སོ། །དེས་སྨྲས་པ། ཤེས་ལྡན་དག་གལ་ཏེ་དེ་ལྟ་ན་ངས་ཁྱིམ་བདག་གདངས་ཅན་ཡོངས་སུ་བཏང་ངོ་། །བློན་པོ་རྣམས་ཀྱིས་མི་གཤེད་མ་པ་དག་ལ་བསྒོ་བ། ཤེས་ལྡན་དག་ལྷས་

བཀའ་སྩལ་པ། ཁྱིམ་བདག་གདངས་ཅན་སོད་ཅིག་ཅེས་བྱུང་ངོ་། །རྒྱལ་པོས་མི་གཤེད་མ་པ་དེ་དག་ལ་གསང་སྟེ་བསྒོ་བ། ཁྱེད་ཀྱིས་ཁྱིམ་བདག་གདངས་ཅན་གསད་པར་མི་བྱ་བར་འདི་ལྟར་བསྡིགས་པར་བྱའོ། །དེ་དག་གིས་དེའི་མགྲིན་པར་ཀ་ར་བཱི་རའི་ཕྲེང་བ་བཏགས་ཏེ་གྲོང་ཁྱེར་

གྱི་དབུས་ནས་གསོད་སར་ཁྲིད་པ་དང་། དེའི་ཉེ་དུ་དག་དོང་སྟེ་སྨྲས་པ། ཁྱིམ་བདག་འདི་ལ་ལྷས་བཀའ་ཅི་སྩལ་པ་དེ་ལྟར་གྱིས་ལ་བདག་ཉིད་གསོད་དུ་མ་གཞུག་ཤིག །དེས་སྨྲས་པ། ཁོ་བོས་ལྷའི་བཀའ་ཆོས་དང་ལྡན་པ་བཅག་གམ། ཅི་གལ་ཏེ་ལྷས་ཁོ་བོས་ཉེས་པ་

མེད་པ་གནོད་པ་མི་བྱེད་པ་གསོད་ན་གསོད་དུ་ཟད། ཁོ་བོས་ཚེ་གཅིག་གི་སྡུག་བསྔལ་གྱི་ཕྱིར་ཚེ་རབས་མང་པོའི་སྡུག་བསྔལ་སྐྱེད་པར་མི་ནུས་སོ། །མི་གཤེད་མ་པ་དེ་དག་གིས་དེ་གསོད་སར་ཁྲིད་དེ་སྨྲས་པ། ཁྱིམ་བདག་ལྷས་བཀའ་ཅི་སྩལ་པ་དེ་ལྟར་གྱིས་ལ་བདག་ཉིད་གསོད་དུ་

མ་གཞུག་ཤིག །དེས་སྨྲས་པ། ཁོ་བོས་ལྷའི་བཀའ་ཆོས་དང་ལྡན་པ་བཅག་གམ་ཅི། གལ་ཏེ་ལྷས་ཁོ་བོ་ཉེས་པ་མེད་པ། གནོད་པ་མི་བྱེད་པ་གསོད་ན་གསོད་དུ་ཟད། ཁོ་བོས་ཚེ་གཅིག་གི་སྡུག་བསྔལ་གྱི་ཕྱིར་ཚེ་རབས་མང་པོའི་སྡུག་བསྔལ་སྐྱེད་པར་མི་ནུས་སོ། །མི་

เล่ม ๘ · หน้า 135a

གཤེད་མ་པ་དེ་དག་གིས་དེ་རྒྱལ་པོའི་གན་དུ་ཁྲིད་དེ་སྨྲས་པ། ལྷ་ཁྱིམ་བདག་གདངས་ཅན་འདི་འདི་སྐད་མཆིའོ། །རྒྱལ་པོས་སྨྲས་པ། ཁྱིམ་བདག་ང་ཁྱོད་གསོད་པར་འདོད་པ་མ་ཡིན་ཏེ། འདི་ལྟར་བརྟག་པར་འདོད་དོ། །དེས་སྨྲས་པ། ལྷས་བདག་བརྟག་པའི་དགོངས་

པས་གནས་སྐབས་འདི་ལྟ་བུ་སྩལ་ན། གལ་ཏེ་བཀྱོན་ན་ཇི་ལྟར་བགྱིས་པར་འགྱུར། འདི་ལྟར་གལ་ཏེ་ལྷ་བདག་ལ་དགྱེས་ན་བདག་སྦྱིན་པ་དག་སྩོལ་ཅིང་། བསོད་ནམས་དག་བགྱིད་པར་ཅི་གནང་། རྒྱལ་པོས་སྨྲས་པ། ཁྱིམ་བདག་གལ་ཏེ་དེ་ལྟ་ན་གནང་གིས་ཅི་དགར་སྦྱིན་པ་དག་བྱིན་

ཅིག །བསོད་ནམས་དག་གྱིས་ཤིག །དེ་ནས་ཁྱིམ་བདག་གདངས་ཅན་གྱིས་སྦྱིན་པའི་ཁང་པ་རྩིག་ཏུ་བཅུག་སྟེ། སྦྱིན་པའི་ཞལ་ཏ་པ་མི་བསྐོ་ནས་སྨྲས་པ། ཤེས་ལྡན་དག་གལ་ཏེ་འདིར་སྔོན་མ་བྱུང་བའི་རྟགས་དང་། ཆ་ལུགས་ཅན་གྱི་དགེ་སྦྱོང་ངམ། བྲམ་ཟེའམ། གཞན་

དག་འོངས་པར་གྱུར་ན་ཁོ་བོ་ལ་སྦྲོན་ཅིག །ཇི་ཙམ་ན་ལྷོ་ལམ་ནས་དྲང་སྲོང་ལྔ་བརྒྱ་ཙམ་ཡུལ་དབུས་སུ་འཕགས་པ་དེ་དག་མཐར་གྱིས་ལམ་དུ་འདོང་བ་ན་དགོན་པའི་ལམ་དུ་ཕྱིན་ནས་དེ་དག་དགོན་པའི་ནང་དུ་སོན་པ་ན་ཆུ་ཟད་ནས་དེ་དག་ཆུ་དང་བྲལ་བས་སྐོམ་གྱིས་གདུངས་ནས་དགོན་

པའི་ལམ་དེར་ཕན་ཚུན་བྱུལ་བར་བརྩམས་པ་དང་། དེ་ཕན་ཚུན་ཉུལ་བ་དེ་དག་གིས་ཧ་ཅང་ཐག་མི་རིང་བ་ན་གསིང་མ་སྔོན་པོའི་ཕྱོགས་ན་ཤིང་ལྗོན་པ་ཞིག་མཐོང་ནས་དེ་ན་ཁ་ཅིག་གིས་སྨྲས་པ། ཤེས་ལྡན་དག་གསིང་མ་སྔོན་པོའི་ཕྱོགས་འདི་ན་ཤིང་ལྗོན་པ་ཞིག་སྣང་གིས་ཚུར་ཤེག་

དང་། འདི་ན་ཆུ་ཡོད་པར་འགྱུར་གྱིས་ལྟར་འདོང་ངོ་། །གཞན་དག་གིས་སྨྲས་པ། ལེགས་ཀྱིས་དེ་བཞིན་བྱའོ་ཞེས་དེ་དག་དོང་བ་དང་ཅི་ཙམ་ན་ཆུ་མེད་པར་མཐོང་ནས་དེ་དག་གིས་གསོལ་བ་གདབ་པར་བརྩམས་ཏེ། ཤེས་ལྡན་དག་ས་ཕྱོགས་དང་ཤིང་ལྗོན་པ་འདི། ལྷའམ།

ཀླུའམ། གནོད་སྦྱིན་ནམ། ནམ་མཁའ་ལྡིང་ངམ། དྲི་ཟའམ། མིའམ་ཅིའམ། ལྟོ་འཕྱེ་ཆེན་པོ་གང་གནས་པ་དེས་བདག་ཅག་དྲང་སྲོང་ལྔ་བརྒྱ་སྐོམ་གྱིས་གདུངས་པ་རྣམས་ལ་ཆུ་བྱིན་ཅིག་ཅེས་སྨྲས་སོ། །ཇི་ཙམ་ན་ཤིང་ལྗོན་པ་དེ་ལས་ལག་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་

เล่ม ๘ · หน้า 135b

ཞིག་གསེར་གྱི་རིལ་བ་བྷྲིང་གར་ཐོགས་ཏེ་བྱུང་ནས་དྲང་སྲོང་རྣམས་ཀྱིས་སྙིམ་པ་བཟེད་དེ་ཆུ་བཏུང་བར་བརྩམས་ནས། ཇི་ཙམ་ན་མྱངས་ན་ཆུ་ཡན་ལག་བརྒྱད་དང་ལྡན་པ་ཡིན་ཏེ། བསིལ་བ་དང་། མངར་བ་དང་། ཡང་བ་དང་། འཇམ་པ་དང་། གསལ་བ་དང་། དྲི་ང་བ་མེད་པ་དང་།

འཐུང་ན་མགུལ་ལ་མི་གནོད་པ་དང་། འཐུངས་པ་ན་ལྟོ་མི་ན་བ་ཡིན་ཏེ། དེ་དག་ཚིམ་པར་གྱུར་ནས་རིལ་བ་བཀང་སྟེ་ཤིས་པ་བརྗོད་ནས་འཕགས་ཏེ་དོང་བ་དང་། དེ་དག་ལ་བློ་སྐྱེས་པ། ཤེས་ལྡན་དག་བདག་ཅག་གིས་དེ་ལྟ་བུའི་ཡ་མཚན་མཐོང་ནས་དེ་ལ་ཁྱོད་སུ་ཡིན། ལས་གང་

གིས་འདིར་སྐྱེས་ཞེས་མ་དྲིས་པ་ནི་བདག་ཅག་ཉམས་པ་ཡིན་གྱིས། ཚུར་ཤེག་ཕྱིར་ལོག་ལ་དྲིའོ་སྙམ་ནས་དེ་དག་ཐམས་ཅད་འདུས་ཏེ་ཕྱིར་ལོག་ནས་ཤིང་ལྗོན་པ་དེའི་དྲུང་དུ་འཁོད་དེ་སྨྲས་པ། ཤིང་ལྗོན་པ་དེ་ལ་ལྷའམ། ཀླུའམ། གནོད་སྦྱིན་ནམ་ནམ་མཁའ་ལྡིང་ངམ། དྲི་ཟ་

འམ་མི་འམ་ཅིའམ། ལྟོ་འཕྱེ་ཆེན་པོ་གང་གནས་པ་གང་གིས་བདག་ཅག་དགོན་པའི་ལམ་དུ་སོང་བ། གནོད་པ་དང་ཉམ་ང་བ་མི་བདེ་བར་གྱུར་ཅིང་འཆི་བའི་དབང་དུ་གྱུར་པ་རྣམས་ལ་ཆུ་ཡན་ལག་བརྒྱད་དང་ལྡན་པས་ཚིམ་པར་བྱས་པ་དེས་བདག་གང་ཡིན་པ་དང་། ལས་གང་གིས་འདིར་

སྐྱེས་པ་སྨྲོས་ཤིག །ཇི་ཙམ་ན་ཤིང་ལྗོན་པ་དེ་ལས་ཚིག་བྱུང་བ། ཤེས་ལྡན་དག་འཛམ་བུའི་གླིང་པའི་མི་རྣམས་ནི་ཡིད་ཆེས་པར་དཀའ་བ་ཡིན་པས་ཁོ་བོ་སུ་ཡིན་པ་དང་། ལས་གང་གིས་འདིར་སྐྱེས་པ་ཡིད་ཆེས་པར་མི་འགྱུར་བས་ཇི་ལྟར་སྨྲ་བར་བྱ། དྲང་སྲོང་རྣམས་ཀྱིས་སྨྲས་པ། ཀྱེ་

བདག་ཅག་གིས་མངོན་སུམ་ཁོ་ནར་མཐོང་ན་ཇི་ལྟར་ཡིད་ཆེས་པར་མི་འགྱུར། ཐེ་ཚོམ་མ་ཟ་བར་སྨྲོས་ཤིག །དེས་སྨྲས་པ། ཤེས་ལྡན་དག་གལ་ཏེ་དེ་ལྟ་ན་ཉོན་ཅིག་དང་། ཁོ་བོ་གང་ཡིན་པ་དང་། ལས་གང་གིས་འདིར་སྐྱེས་པ་སྨྲ་བར་བྱའོ། །ཡུལ་ཀོ་ས་ལ་དག་ན་གྲོང་ཁྱེར་མཉན་

ཡོད་ཅེས་བྱ་བ་དེ་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཞེས་བྱ་བ་འདུག་པ་དེའི་ཁྱིམ་དྲུང་ན་ཁོ་བོ་བཟང་མཁན་བྱེད་ཅིང་འདུག་འདུག་སྟེ། དེ་མགོན་མེད་པ་རྣམས་ལ་ཟས་སྦྱིན་པར་བྱེད་པས་ཡུལ་ཐ་དད་པ་ན་གནས་པའི་སློང་མོ་བ་དག་ལྷགས་ཤིང་ལྷགས་ཤིང་ཁོ་བོ་ལ་ཁྱིམ་བདག་མགོན་

เล่ม ๘ · หน้า 136a

མེད་ཟས་སྦྱིན་གྱི་ཁྱིམ་གང་ཡིན་ཞེས་དྲིས་ནས། ཁོ་བོས་ལག་པ་གཡས་པ་བརྐྱང་སྟེ། དེ་དག་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཁྱིམ་འདི་ཡིན་ནོ་ཞེས་སྨྲས་པ་དང་། དེ་དག་གིས་དེ་ནས་ལག་པ་གང་བ་དང་། སྣོད་གང་བ་དང་། འབྱོར་པ་ཐོབ་པ་དང་།

རྙེད་པ་ཐོབ་ཅིང་འདོང་བ་དེ་དག་ཁོ་བོས་མཐོང་ངོ་། །མཐོང་ནས་མཆོག་ཏུ་དགའ་བ་སྐྱེད་པར་བྱེད་དེ། ཁོ་བོ་ལས་དེས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་ཤིང་། ཤིང་ལྗོན་པ་འདི་ལ་གནས་ཏེ། དེའི་ཕྱིར་ཁོ་བོའི་ལག་པ་གཡས་པ་ཤིན་ཏུ་ལྷམ་མེ། ལྷན་ནེ།

ལྷང་ངེར་གྱུར་ཏོ། །དེ་དག་གིས་ཤིས་པ་བརྗོད་པས་བསྟོད་དེ་དོང་ངོ་། །ཇི་ཙམ་ན་ཕྱོགས་གཞན་ཞིག་ཏུ་ཕྱིན་ནས་བཟའ་བ་དང་བཏུང་བ་ཟད་དེ། དེ་དག་བཀྲེས་པས་གདུངས་ཤིང་སྐོམ་པས་གདུངས་ནས་ཀུན་དུ་བརྟག་པར་བརྩམས་པ་དང་། ཇི་ཙམ་ན་ཧ་ཅང་ཐག་མི་རིང་བ་ཞིག་

ན་ཤིང་ལྗོན་པ་ཆེན་པོ་ལོ་མ་སྔོ་ཞིང་སྣུམ་པ་ཞིག་སྣང་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཤིང་ལྗོན་པ་ཆེན་པོ་ལོ་མ་སྔོ་ཞིང་སྣུམ་པ་འདི་ལྟ་བུ་སྣང་སྟེ། སྔར་ཡང་བདག་ཅག་གིས་ཤིང་ལྗོན་པ་འདི་ལྟ་བུ་ཁོ་ནས་ཆུ་གྲུབ་ཀྱིས་འདིར་འདོང་དང་གལ་ཏེ་ན་ཆུང་ཟད་འགྲུབ་པར་

འགྱུར་རོ། །ཞེས་དེ་དག་དེར་དོང་སྟེ་གསོལ་བ་གདབ་པར་བརྩམས་པ། ཤེས་ལྡན་དག་ས་ཕྱོགས་དང་ཤིང་ལྗོན་པ་འདི་ལ་ལྷའམ། ཀླུའམ། གནོད་སྦྱིན་ནམ། ནམ་མཁའ་ལྡིང་ངམ། དྲི་ཟའམ། མི་འམ་ཅིའམ། ལྟོ་འཕྱེ་ཆེན་པོ་གང་གནས་པ་དེ་བདག་ཅག་དྲང་

སྲོང་ལྔ་བརྒྱ་བཀྲེས་པས་གདུངས་པ་དང་སྐོམ་པས་གདུངས་པ་རྣམས་ལ་ཟས་དང་སྐོམ་བྱིན་ཅིག་ཅེས་སྨྲས་སོ། །ཇི་ཙམ་ན་ཤིང་ལྗོན་པ་དེ་ལས་ཚིག་བྱུང་བ། ཤེས་ལྡན་དག་དེང་ཤིག་དང་འདི་ནས་ཧ་ཅང་མི་རིང་བ་ན་རྫིང་བུ་ཞིག་ཡོད་པ་དེའི་འགྲམ་ན་ཤིང་ལྗོན་པ་ཞིག་ཡོད་པ་དེའི་

དྲུང་ན་འབྲས་ཆན་གྱིས་བྲེ་བོ་གང་ཞིང་འདུག་པ་དེ་ལས་ཟོས་ཤིང་འཐུངས་ནས་བཟའ་བ་དང་བཏུང་བ་ཅི་འདོད་པ་ཁྱེར་ཅིག །དེ་དག་དོང་བ་དང་། ཇི་ཙམ་ན་རྫིང་བུ་བྱ་ངང་པ་དང་། ཀཱ་རཎྜ་བ་དང་། ངུར་པས་མཛེས་པར་བྱས་པ་ཞིག་འདུག་པ་དེའི་འགྲམ་ན་ཤིང་ལྗོན་པ་ཞིག་འདུག་པ་དེའི་

เล่ม ๘ · หน้า 136b

དྲུང་ན་འབྲས་ཆན་ཚོད་མ་སྣ་ཚོགས་དང་བཅས་པས་གང་བ་ཞིག་འདུག་པ་མཐོང་ནས། དེ་དག་གིས་དེར་ཁྲུས་བྱས་ཏེ་ཟོས་ཤིང་ཆུ་འཐུངས་ནས་རིལ་བ་ཆུས་བཀང་སྟེ། བཟའ་བ་དང་བཏུང་བ་ཅི་འདོད་པ་ཁྱེར་ནས་ཤིས་པ་བརྗོད་དེ་དོང་བ་དང་། དེ་དག་ལ་བློ་སྐྱེས་པ། ཤེས་ལྡན་དག་

བདག་ཅག་གིས་དེ་ལྟ་བུའི་ཡ་མཚན་མཐོང་ནས་དེ་ལ་ཁྱོད་སུ་ཡིན། ལས་གང་གིས་འདིར་སྐྱེས་ཞེས་མ་དྲིས་པ་ནི་བདག་ཅག་ཉམས་པ་ཡིན་གྱིས་ཚུར་ཤེག་ཕྱིར་ལོག་ལ་དྲིའོ་སྙམ་ནས། དེ་དག་ཐམས་ཅད་འདུས་ཏེ་ཕྱིར་ལོག་ནས་ཤིང་ལྗོན་པ་དེའི་དྲུང་དུ་འཁོད་དེ་སྨྲས་པ། ཤིང་

ལྗོན་པ་འདི་ལ་ལྷའམ། ཀླུའམ། གནོད་སྦྱིན་ནམ། ནམ་མཁའ་ལྡིང་ངམ། དྲི་ཟའམ། མི་འམ་ཅིའམ། ལྟོ་འཕྱེ་ཆེན་པོ་གང་གནས་པ་གང་གིས་བདག་ཅག་དགོན་པའི་ལམ་དུ་སོང་བ་གནོད་པ་དང་། ཉམ་ང་བ་དང་། མི་བདེ་བར་གྱུར་ཅིང་འཆི་བའི་དབང་དུ་གྱུར་པ་རྣམས་ལ་

ཆུ་ཡན་ལག་བརྒྱད་དང་ལྡན་པ་དང་། ཟས་ཀྱིས་ཚིམ་པར་བྱས་པ་དེས་བདག་གང་ཡིན་པ་དང་། ལས་གང་གིས་འདིར་སྐྱེས་པ་སྨྲོས་ཤིག །ཇི་ཙམ་ན་ཤིང་ལྗོན་པ་དེ་ལས་ཚིག་བྱུང་བ། ཤེས་ལྡན་དག་འཛམ་བུའི་གླིང་པའི་མི་རྣམས་ནི་ཡིད་ཆེས་པར་དཀའ་བ་ཡིན་པས་ཁོ་བོ་སུ་

ཡིན་པ་དང་། ལས་གང་གིས་འདིར་སྐྱེས་པ་ཡིད་ཆེས་པར་མི་འགྱུར་བས་ཇི་ལྟར་སྨྲ་བར་བྱ། དྲང་སྲོང་རྣམས་ཀྱིས་སྨྲས་པ། ཀྱེ་བདག་ཅག་གིས་མངོན་སུམ་ཁོ་ནར་མཐོང་ན་ཇི་ལྟར་ཡིད་ཆེས་པར་མི་འགྱུར། ཐེ་ཚོམ་མ་ཟ་བར་སྨྲོས་ཤིག །དེས་སྨྲས་པ། ཤེས་ལྡན་དག་གལ་ཏེ་དེ་

ལྟ་ན་ཉོན་ཅིག་དང་ཁོ་བོ་གང་ཡིན་པ་དང་། ལས་གང་གིས་འདིར་སྐྱེས་པ་སྨྲ་བར་བྱའོ། །ཡུལ་ཀོ་ས་ལ་དག་ན་གྲོང་ཁྱེར་མཉན་ཡོད་ཅེས་བྱ་བ་དེ་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཞེས་བྱ་བ་ཞིག་འདུག་པ་དེ་མགོན་མེད་པ་རྣམས་ལ་ཟས་སྦྱིན་པར་བྱེད་ནས་རི་བྲགས་ཤིག་ན་བྲམ་

ཟེ་ཞིག་འདུག་པ་ལོངས་སྤྱོད་སྲབས་ནས་དེས་བསམ་པ། མཉན་ཡོད་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་འདུག་པ་དེ་མགོན་མེད་པ་རྣམས་ལ་ཟས་སྦྱིན་པར་བྱེད་ཀྱིས་དེའི་གན་དུ་སོང་ན་དེ་ལས་ཅུང་ཟད་འགྲུབ་པར་འགྱུར་རོ་སྙམ་ནས་དེ་དེའི་གན་དུ་སོང་བ་དང་། ཁྱིམ་བདག་

เล่ม ๘ · หน้า 137a

མགོན་མེད་ཟས་སྦྱིན་ཡང་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཤོས་གསོལ་བར་འདོད་ནས་རྒྱལ་བྱེད་ཀྱི་ཚལ་དུ་འཕགས་པ་ན། དེས་དེ་མཐོང་ནས་སྨྲས་པ། ཁྱིམ་བདག་བདག་ལ་ཟས་ཀྱི་མགྲོན་གྱིས་ཤིག །དེས་དེ་ལ་སྨྲས་པ། བྲམ་ཟེ་ཚུར་

ཤོག །རྒྱལ་བྱེད་ཀྱི་ཚལ་དུ་འདོང་ལ་དེར་ཟོ་ཤིག །དེ་དེ་དང་ལྷན་ཅིག་འཕགས་པ་དང་། ཇི་ཙམ་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ལམ་ཀར་ཞོའི་བུམ་པ་ཞིག་རྙེད་ནས་དེས་དེ་བྲམ་ཟེ་དེ་ལ་བྱིན་ནས་སྨྲས་པ། བྲམ་ཟེའི་ཞོའི་བུམ་པ་འདི་དགེ་འདུན་ལ་བྲིམས་ཤིག །

ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཞལ་ཟས་བསོད་པས་ཚིམ་པར་བྱས་པ་དང་། བྲམ་ཟེ་དེས་ཀྱང་ཞོའི་བུམ་པ་དེ་དགེ་འདུན་ལ་བྲིམས་སོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་

དགེ་འདུན་གདུགས་ཚོད་གསོལ་ནས་ཁྱིམ་པ་དག་ཟན་སྦྱིན་པར་བརྩམས་ཏེ། དེས་ཁྱིམ་པ་གཞན་དག་ལ་ནི་ཟས་བསོད་པ་བྱིན། བྲམ་ཟེ་དེ་ལ་ནི་ངན་པ་བྱིན་པ་དང་། དེས་དེ་ལ་སྨྲས་པ། ཁྱིམ་བདག་རབ་ཏུ་བྱུང་བ་རྣམས་ནི་བསླབ་པ་ཡང་དག་པར་བླངས་པ་ཡིན་པས་རེ་ཞིག་འདི་

དག་ལ་ནི་བསོད་པ་སྦྱིན་པར་རིགས་ན། བདག་ཅག་ཁྱིམ་པ་བསླབ་པ་ཡང་དག་པར་མ་བླངས་པར་འདྲ་ན་ཅིའི་ཕྱིར་ཁྱིམ་པ་གཞན་དག་ལ་ནི་ཟས་བསོད་པ་སྦྱིན་ལ་བདག་ལ་ནི་ཟས་ངན་པ་སྦྱིན། དེས་དེ་ལ་སྨྲས་པ། བྲམ་ཟེ་ཁྱིམ་པ་འདི་དག་ཀྱང་བསླབ་པ་ཡང་དག་པར་བླངས་པ་ཡིན་

ཏེ། འདི་དག་གིས་ཀྱང་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་བླངས་སོ། །དེས་དེ་ལ་སྨྲས་པ། ཁྱིམ་བདག་གལ་ཏེ་བདག་གིས་ཀྱང་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་ལེན་ན་བདག་ལ་ཡང་ཟས་བསོད་པ་སྦྱིན་ནམ། དེས་དེ་ལ་སྨྲས་པ་སྦྱིན་ནོ། །དེས་ཡན་ལག་བརྒྱད་དང་

ལྡན་པའི་གསོ་སྦྱོང་བླངས་པ་དང་། དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་དེ་ཟས་བསོད་པས་ཚིམ་པར་བྱས་ནས་དེས་ཟོས་ཏེ་འཕགས་པ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སྨྲས་པ། བྲམ་ཟེ་ཡུད་ཙམ་ཞིག་སྡོད་ཅིག་དང་སྐོམ་འོང་བར་འགྱུར་རོ། །དེས་སྐོམ་

เล่ม ๘ · หน้า 137b

འཐུངས་ཏེ་སོང་བ་དང་། ཉི་མ་ནུབ་པའི་དུས་ལ་བབ་ནས་མཉན་ཡོད་དང་ཧ་ཅང་མི་རིང་བ་ན་རི་བྲགས་ཤིག་ཡོད་པ་དེར་བྲམ་ཟེའི་ཁྱིམ་ཞིག་ཏུ་གནས་པ་དང་། བྲམ་ཟེ་དེས་དེ་ལ་སྨྲས་པ། བྲམ་ཟེ་ཟན་ཟོ་ཞིག །དེས་སྨྲས་པ། ཁོ་བོས་ཟན་མི་ཟའོ། །དེས་སྨྲས་པ། ཅིའི་

ཕྱིར། དེས་སྨྲས་པ། ཁོ་བོ་དགེ་སྦྱོང་གཽ་ཏ་མ་ལ་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་བླངས་སོ། །དེས་དེ་ལ་སྨྲས་པ། བྲམ་ཟེ་གལ་ཏེ་རེ་ཞིག་ཟ་ན་དེ་ལྟ་ན་ལེགས། གལ་ཏེ་མི་ཟ་ན་ཁོ་བོའི་ཁྱིམ་དུ་གནས་པར་མི་བྱའོ། །དེས་དུས་མ་ཡིན་པར་ཟོས་ནས་གསོ་སྦྱོང་རལ་ལོ། །རི་

བྲགས་ན་གནས་པའི་བྲམ་ཟེ་གང་ཡིན་པ་གང་གིས་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་བླངས་ནས་དྲལ་བ་དེ་ནི་ཁོ་བོ་ཡིན་ཏེ། ཁོ་བོས་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་བླངས་ཏེ། ཐམས་ཅད་མ་དྲལ་ན་ཁོ་བོ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་

ཞིག་ན། ཁོ་བོས་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་བླངས་ནས་དུས་མ་ཡིན་པར་ཟོས་ཏེ། གསོ་སྦྱོང་དྲལ་བས་ཁོ་བོ་རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱི་ནང་དུ་སྐྱེས་ཏེ། ཤིང་ལྗོན་པ་འདི་ལ་གནས་ཤིང་། དེའི་ཕྱིར་ཁོ་བོ་ལ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱིས་ལྷའི་

བུ་རྫུ་འཕྲུལ་ཆེ་བ་མཐུ་ཆེ་བ་གསོ་སྦྱོང་རལ་ཞེས་བྱ་བར་ཤེས་སོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་བདུན་བཅུ་རྩ་གསུམ་པ། དྲང་སྲོང་དེ་དག་མཆོག་ཏུ་ངོ་མཚར་སྐྱེས་ཏེ་སྨྲས་པ། ཤེས་ལྡན་དག་བདག་ཅག་དྲང་སྲོང་རྣམས་ཀྱིས་དུས་འདི་སྲིད་དུ་

བརྟུལ་ཞུགས་ལ་གནས་པས་ཀྱང་འདིའི་འབྲས་བུ་ཅིར་འགྱུར་མི་ཤེས་ན། ལྷའི་བུ་གསོ་སྦྱོང་རལ་འདིས་བྲམ་ཟེར་གྱུར་པ་ན་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་བླངས་ཤིང་། དེ་དྲལ་ན་ཡང་འདི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་ཀྱིས། བདག་ཅག་ཀྱང་གང་

དུ་འདིས་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་བླངས་པ་དེར་འདོང་ངོ་། །དེ་ལྟར་བྱའོ་ཞེས་དེ་དག་གིས་གྲོས་བྱས་ཏེ། མཉན་ཡོད་དུ་འཕགས་ནས་ཇི་ཙམ་ན་མཐར་གྱིས་ཀཽ་ཤཱམྦཱིར་ཕྱིན་པ་དང་། ཁྱིམ་བདག་གདངས་ཅན་གྱི་སྦྱིན་པའི་ཞལ་ཏ་བྱེད་པའི་མི་རྣམས་ཀྱིས་དེ་དག་

เล่ม ๘ · หน้า 138a

མཐོང་ནས། དེ་དག་གིས་ཁྱིམ་བདག་གདངས་ཅན་ལ་སྦྲན་པ། ཁྱིམ་བདག་ཁྱོད་ཀྱིས་བདག་ཅག་ལ་བསྒོ་བ། སྔོན་མ་བྱུང་བའི་རྟགས་དང་ཆ་ལུགས་ཅན་དག་མཐོང་ན་ཁོ་བོ་ལ་སྦྲོན་ཅིག་ཅེས་བྱུང་བ་དེ་དག་ལྷགས་ཏེ་སྒོ་ན་སྡོད་དོ། །དེས་སྨྲས་པ། འཇུག་

ཏུ་ཆུག་ཤིག །དེ་དག་གིས་འཇུག་ཏུ་བཅུག་པ་དང་། ཁྱིམ་བདག་གདངས་ཅན་གྱིས་དེ་དག་མཐོང་ནས་དྲིས་པ། ཤེས་ལྡན་དག་ཁྱེད་ཅག་གང་ནས་འོངས། དེ་དག་གིས་སྨྲས་པ། ཁྱིམ་བདག་ལྷོ་ལམ་ནས་སོ། །དེས་སྨྲས་པ། ཤེས་ལྡན་དག་ཁྱེད་ཀྱིས་ལྷོ་ལམ་དུ་ངོ་མཚར་

བ་མཐོང་བ་དང་ཐོས་པ་ཅི་ཡོད། དེ་དག་གིས་སྨྲས་པ། ཁྱིམ་བདག་རེ་ཞིག་བདག་ཅག་གིས་སྔར་མཐོང་བ་དང་ཐོས་པའི་ངོ་མཚར་གཞན་དག་ལྟ་ཞོག་གི །ཏེ་པོར་མཐོང་བ་དང་ཐོས་པའི་ངོ་མཚར་གང་ཡིན་པ་དག་སྨྲ་བར་བྱས་ཉོན་ཅིག །དེས་སྨྲས་པ། ཤེས་ལྡན་དག་སྨྲོས་

ཤིག་དང་ཁོ་བོ་ངོ་མཚར་དེ་དག་ཉན་ཏོ། །དེ་དག་གིས་ཁྱིམ་བདག་གདངས་ཅན་ལ་ཇི་ལྟར་གྱུར་པ་རྒྱས་པར་བརྗོད་པ་དང་། ཁྱིམ་བདག་གདངས་ཅན་གྱིས་ཐོས་ནས་མཆོག་ཏུ་ངོ་མཚར་སྐྱེས་ཏེ་དེ་དག་ཟན་བྱིན་ནས་སྨྲས་པ། ཤེས་ལྡན་དག་གང་དུ་འདེང་། དེ་དག་གིས་སྨྲས་པ།

ཁྱིམ་བདག་མཉན་ཡོད་དུ་འདོང་ངོ་། །ཤེས་ལྡན་དག་དེ་ན་ཅི་ཡོད། ཁྱིམ་བདག་དེ་ན་ལྷའི་བུ་གསོ་སྦྱོང་རལ་གྱིས་གང་ལ་བརྟེན་ཏེ། ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་བླངས་པའི་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཡོད་དོ། །དེས་སྨྲས་པ། ཤེས་ལྡན་དག་གལ་ཏེ་དེ་ལྟ་ན་དེ་

ཁོ་བོའི་ཡང་མ་མཐོང་བའི་གྲོགས་ཡིན་གྱིས་འདི་ཉིད་དུ་དབྱར་གྱི་མཚན་མོ་གྱིས་ལ་དབྱར་འདས་ནས་ཁོ་བོ་དང་ལྷན་ཅིག་འདོང་ངོ་། །དེ་དག་དེ་ཉིད་དུ་དབྱར་གྱི་མཚན་མོ་གནས་ཏེ། དབྱར་འདས་ནས་མཉན་ཡོད་དུ་འཕགས་པ་དང་ཁྱིམ་བདག་གདངས་ཅན་གྱིས་བད་སའི་རྒྱལ་པོ་

ཤར་པ་ལ་སྨྲས་པ། ལྷ་བདག་མཉན་ཡོད་དུ་བགྱི་བ་ཅུང་ཞིག་མཆིས་ན། གལ་ཏེ་ལྷས་གནང་ན་དེར་མཆིའོ། །རྒྱལ་པོས་སྨྲས་པ། ཁྱིམ་བདག་གལ་ཏེ་དེ་ལྟ་ན་སོང་ལ་ཁྱོད་ཀྱིས་དོན་བསྒྲུབ་པ་བྱས་ནས་མྱུར་དུ་ཕྱིར་ཤོག་ཤིག །དེ་རྒྱལ་པོས་གནང་ནས་དྲང་སྲོང་ལྔ་བརྒྱ་པོ་དེ་

เล่ม ๘ · หน้า 138b

དག་དང་ལྷན་ཅིག་འཕགས་ཏེ་མཐར་གྱིས་མཉན་ཡོད་དུ་ཕྱིན་ནས་སྐྱེད་མོས་ཚལ་ན་སྡོད་ཅིང་འདུག་གོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཁྱིམ་བདག་གདངས་ཅན་འདིར་འོངས་ཏེ། སྐྱེད་མོས་ཚལ་ན་སྡོད་ཅིང་འདུག་གོ་ཞེས་ཐོས་སོ། །ཐོས་ནས་ཀྱང་དེས་བསམས་པ། བདག་

གིས་ཁྱིམ་བདག་གདངས་ཅན་མ་ཚོར་བ་ཁོ་ནར་གནས་སུ་འཇུག་ཏུ་གཞུག་པ་ནི་བདག་གི་ཚུལ་དང་མཐུན་པ་མ་ཡིན་གྱིས། བཀུར་སྟི་ཆེན་པོས་འཇུག་ཏུ་གཞུག་གོ་སྙམ་ནས་དེས་དེ་བཀུར་སྟི་ཆེན་པོས་འཇུག་ཏུ་བཅུག་སྟེ་ལམ་གྱིས་དུབ་པའི་ངལ་བསོས་ནས་ཟན་བྱིན་ནོ། །དེ་ནས་དྲང་སྲོང་

དེ་དག་ལྷགས་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་འོངས་པ་ལེགས་སོ་ཞེས་བྱ་བའི་ཚིག་གིས་ཀུན་དུ་སྤྱད་དེ་སྨྲས་པ། ཤེས་ལྡན་དག་ཁྱེད་ཅག་ག་ལས་འོངས། འདིར་ཅི་ལ་འོངས། དེ་དག་གིས་སྨྲས་པ། ཁྱིམ་བདག་ཁྱོད་ཀྱིས་ལྷའི་བུ་གསོ་སྦྱོང་རལ་ལ་གང་བྱིན་པ་དེ་བདག་

ཅག་ལ་ཡང་བྱིན་ཅིག་དེས་སྨྲས་པ། ཤེས་ལྡན་དག་མི་དྲན་ནོ། །ཁྱིམ་བདག་བདག་ཅག་གིས་ཁྱོད་ལ་དྲན་པར་བྱའོ། །ཤེས་ལྡན་དག་ལེགས་སོ། །དེ་དག་གིས་དྲན་པར་བྱས་ནས་དེས་སྨྲས་པ། ཤེས་ལྡན་དག་ཅི་ཁོ་བོ་ལས་ལེན་ནམ། འོན་ཏེ་བཅོམ་ལྡན་འདས་ལས་

ལེན། ཁྱིམ་བདག་ཁྱོད་ཀྱིས་སུ་ལས་བླངས། ཤེས་ལྡན་དག་བཅོམ་ལྡན་འདས་ལས་སོ། །ཁྱིམ་བདག་གལ་ཏེ་དེ་ལྟ་ན་བདག་ཅག་ཀྱང་དེ་ཁོ་ན་ལས་ལེན་ཏོ། །ཤེས་ལྡན་དག་ལེགས་ཀྱིས་དེ་ལྟར་གྱིས་ཤིག་ཅེས་དེས་དེ་དག་ཁྲིད་དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་

ངོ་། །དེའི་ཚེ་ན་བཅོམ་ལྡན་འདས་དགེ་སློང་གི་འཁོར་བརྒྱ་ཕྲག་དུ་མའི་མདུན་ན་ཆོས་སྟོན་ཅིང་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཐག་རིང་པོ་ཁོ་ན་ནས་གཟིགས་སོ། །གཟིགས་ནས་ཀྱང་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱིམ་

བདག་མགོན་མེད་ཟས་སྦྱིན་ཐག་རིང་པོ་ཁོ་ན་ནས་འོང་བ་མཐོང་ངམ། བཙུན་པ་མཐོང་ངོ་། །དགེ་སློང་དག་ཁྱིམ་བདག་མགོན་མེད་ཟས་སྦྱིན་འདི་སྐྱེས་དང་བཅས་པས་འོང་སྟེ། དེ་བཞིན་གཤེགས་པའི་སྐྱེས་ནི་འདི་ལྟར་གདུལ་བའི་སྐྱེས་ལྟ་བུ་གཞན་མེད་དོ། །དེ་ནས་ཁྱིམ་བདག་

เล่ม ๘ · หน้า 139a

མགོན་མེད་ཟས་སྦྱིན་དྲང་སྲོང་ལྔ་བརྒྱའི་འཁོར་དང་བཅས་པས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་འདི་

སྐད་ཅེས་གསོལ་ཏོ། །བཙུན་པ་དྲང་སྲོང་ལྔ་བརྒྱ་པོ་འདི་དག་བཅོམ་ལྡན་འདས་ལས་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་ལེན་པར་འཚལ་ན། དེའི་སླད་དུ་བཅོམ་ལྡན་འདས་ཀྱིས་འདི་དག་ཅི་ནས་ཀྱང་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་སྐྱབས་སུ་མཆི་བ་དང་།

དགེ་བསྙེན་ཉིད་དུ་འཚལ་བར་འགྱུར་བ་དེ་ལྟར་ཆོས་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་དྲང་སྲོང་ལྔ་བརྒྱ་པོ་དེ་དག་གི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་ནས་གང་ཐོས་ནས་དྲང་སྲོང་ལྔ་བརྒྱ་པོ་དེ་དག་གིས་ཕྱིར་མི་འོང་བའི་

འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟ་བུར་འཕགས་པའི་བདེན་པ་བཞི་ཡང་དག་པར་སོ་སོར་རྟོགས་པར་བྱེད་པའི་ཆོས་བསྟན་པ་མཛད་དོ། །དེ་དག་གིས་བདེན་པ་མཐོང་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ཏེ་གསོལ་པ། བཙུན་པ་བདག་ཅག་ལེགས་པར་

གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་། རྫོགས་པར་བསྙེན་པ་དགེ་སློང་གི་དངོས་པོ་འཐོབ་ཅིང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱད་པ་སྤྱོད་དོ། །བཅོམ་ལྡན་འདས་ཀྱིས་དེ་དག་ལ་དགེ་སློང་ཚུར་ཤོག་ཅེས་པས་རབ་ཏུ་ཕྱུང་ཞིང་དགེ་སློང་དག་ཚུར་ཤོག །ཚངས་

པར་སྤྱད་པ་སྤྱོད་ཅིག་ཅེས་བཀའ་སྩལ་པ་དང་། དེ་དག་བཅོམ་ལྡན་འདས་ཀྱི་བཀའི་མཇུག་ཁོ་ནར་སྐྲ་བྱི་བ་དང་། སྣམ་སྦྱར་གྱོན་པར་གྱུར་ཏེ། སྐྲ་དང་ཁ་སྤུ་ཞག་བདུན་སྐྱེས་པ་ཙམ་དང་། ལག་པ་ལྷུང་བཟེད་དང་། བྱ་མ་བུམ་གྱིས་འབྲེལ་པ་དང་། དགེ་སློང་རྫོགས་པར་

བསྙེན་ནས་ལོ་བརྒྱ་ལོན་པའི་སྤྱོད་ལམ་ལྟ་བུར་གནས་པར་གྱུར་ཏོ། །ཡང་སྨྲས་པ། དེ་བཞིན་གཤེགས་པས་ཚུར་ཤོག་བཀའ་སྩལ་པས། །སྐྲ་བྱི་སྣམ་སྦྱར་གྱོན་པའི་ལུས་ལྡན་ཞིང་། །མོད་ལ་དབང་པོ་རབ་ཞིར་གནས་གྱུར་ཏེ། །སངས་རྒྱས་དགོངས་པས་ལུས་གཟུགས་བཀབ་

เล่ม ๘ · หน้า 139b

པར་གྱུར། །བཅོམ་ལྡན་འདས་ཀྱིས་དེ་དག་ལ་གདམས་ངག་བྱིན་ནས་དེ་དག་གིས་སྤྲོ་བ་དང་། འབད་པ་དང་། བརྩལ་བ་དག་གིས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་ཤིང་དགྲ་བཅོམ་པ་ཁམས་གསུམ་པ་ལས་འདོད་ཆགས་དང་བྲལ་བ། བོང་

བ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ། ཙན་དན་བཞག་པ་ལྟ་བུ་རིག་པས་སྒོ་ངའི་སྦུབས་དྲལ་བར་གྱུར་ཅིང་རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་། འདོད་པའི་རྙེད་པ་དང་།

བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་དང་། མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། །དེ་ནས་ཁྱིམ་བདག་གདངས་ཅན་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་

གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཁྱིམ་བདག་གདངས་ཅན་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་

པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་ཅིང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དུས་སྔར་མཛད་པའི་ཆོས་དང་ལྡན་པའི་བཀའ་མཆིད་གང་ཡིན་པ་འདི་ལྟ་སྟེ། སྦྱིན་པའི་བཀའ་མཆིད་དང་། ཚུལ་ཁྲིམས་ཀྱི་བཀའ་མཆིད་དང་། མཐོ་རིས་ཀྱི་བཀའ་མཆིད་དང་།

འདོད་པ་རྣམས་ཀྱི་རོ་མྱང་བའི་ཉེས་དམིགས་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། ངེས་པར་འབྱུང་བ་དང་། རབ་ཏུ་དབེན་པའི་ཕན་ཡོན་དང་། རྣམ་པར་བྱང་བའི་ཕྱོགས་དང་མཐུན་པའི་ཆོས་དག་རྒྱ་ཆེར་སྟོན་པར་མཛད་དོ། །གང་གི་ཚེ་བཅོམ་ལྡན་

འདས་ཀྱིས་དེ་སེམས་རངས་པ་དང་། སེམས་ཉམས་བདེ་བ་དང་། སེམས་དགའ་བ་དང་། སེམས་ལ་སྒྲིབ་པ་མེད་པ་དང་། ཡང་དག་ཕུལ་གྱི་ཆོས་བསྟན་པ་ཀུན་ཤེས་པའི་སྐལ་བ་དང་ལྡན་ཞིང་མཐུ་ཡོད་པར་གཟིགས་པ་དེའི་ཚེ་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་

เล่ม ๘ · หน้า 140a

ཡང་དག་ཕུལ་གྱི་ཆོས་བསྟན་པ་གང་ཡིན་པ་འདི་ལྟ་སྟེ། འཕགས་པའི་བདེན་པ་བཞི་པོ་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་དག་རྒྱ་ཆེར་སྟོན་པར་མཛད་དོ། །འདི་ལྟ་སྟེ་དཔེར་ན་གོས་དག་པ་ནག་ནོག་མེད་པ་ཁ་བསྒྱུར་དུ་རུང་བ།

ཚོན་དུ་བཅུག་ན་ཚོན་ལེགས་པར་འཇེན་པར་འགྱུར་བ་དེ་བཞིན་དུ། ཁྱིམ་བདག་གདངས་ཅན་གྱིས་ཀྱང་སྟན་དེ་ཉིད་ལ་འདུག་བཞིན་དུ་འཕགས་པའི་བདེན་པ་བཞི་པོ་འདི་ལྟ་སྟེ། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མངོན་པར་རྟོགས་པར་གྱུར་

ཏོ། །དེ་ནས་ཁྱིམ་བདག་གདངས་ཅན་ཆོས་མཐོང་བ་དང་། ཆོས་ཐོབ་པ་དང་། ཆོས་རིག་པ་དང་། ཆོས་ཀྱི་གཏིང་སླེབས་པ་དང་། སོམ་ཉི་ལས་རྒལ་བ་དང་། ཐེ་ཚོམ་ལས་རྒལ་བ་དང་། སྟོན་པའི་བསྟན་པ་ལ་གཞན་གྱི་དྲིང་མི་འཇོག་པ་དང་གཞན་གྱིས་མི་བཀྲི་ཞིང་

ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ནི་མངོན་པར་ཞུགས་པ་ལགས་སོ། །བཙུན་པ་

བདག་ནི་མངོན་པར་ཞུགས་པ་ལགས་ཏེ། བཙུན་པ་བདག་བཅོམ་ལྡན་འདས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ཡིས་བདག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཅད་ནས་ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་མངོན་པར་དད་པས་སྐྱབས་སུ་མཆིའོ། །

དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་གདངས་ཅན་ལ་བཀའ་སྩལ་པ། ཁྱིམ་བདག་ཁྱོད་མིང་ཅི། བཙུན་པ་བདག་ནོར་བཟངས་ཞེས་བགྱི་བ་ལས་རྒྱལ་པོ་ཤར་པས་བདག་གདངས་ལས་འཚལ་བས་དེའི་སླད་དུ་བདག་སྐྱེ་བོ་དག་གིས་ཁྱིམ་བདག་གདངས་ཅན་ཞེས་བགྱི་

བར་འཚལ་ཏོ། །བཅོམ་ལྡན་འདས་ཀཽ་ཤཱམྦཱིར་གཤེགས་པར་གསོལ། བདག་གིས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་ཇི་སྲིད་འཚོའི་བར་དུ་ན་བཟའ་དང་། བསོད་སྙོམས་དང་། གནས་མལ་དང་། བསྙུང་བའི་རྐྱེན་དང་། སྨན་གྱི་ཡོ་བྱད་དག་

เล่ม ๘ · หน้า 140b

གིས་བསྙེན་བཀུར་འཚལ་ལོ། །ཁྱིམ་བདག་ཀཽ་ཤཱམྦཱི་ན་གཙུག་ལག་ཁང་ཡོད་དམ། བཙུན་པ་མ་མཆིས་སོ། །ཁྱིམ་བདག་དགེ་སློང་དག་ནི་གང་ན་གཙུག་ལག་ཁང་ཡོད་པ་དེར་བགྲོད་པ་དང་། འགྲོ་བ་དང་། གནས་པར་སེམས་སོ། །བཅོམ་ལྡན་འདས་གཤེགས་སུ་

གསོལ་དང་། བདག་གིས་ཇི་ལྟར་ཀཽ་ཤཱམྦཱི་ན་གཙུག་ལག་ཁང་མཆིས་པར་འགྱུར་བ་དང་། དགེ་སློང་རྣམས་ཀྱང་བགྲོད་པ་དང་། མཆི་བ་དང་། གནས་པར་སེམས་པར་འགྱུར་བ་དེ་ལྟར་བགྱིའོ། །བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་གདངས་ཅན་ལ་ཅང་མི་གསུང་བས་གནང་

ངོ་། །དེ་ནས་ཁྱིམ་བདག་གདངས་ཅན་གྱིས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ནས། དེ་ལ་མཉན་ཡོད་ན་བྱ་བའམ། བྱེད་པ་ཅི་ཡོད་པ་ཐམས་

ཅད་བྱས་ཤིང་བསྒྲུབས་ནས་ཡང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བདག་ལ་གྲོགས་དགེ་སློང་འགའ་ཞིག་སྩོལ་

ཅིག་དང་བདག་གིས་དེ་དང་ལྷན་ཅིག་བཅོམ་ལྡན་འདས་ཀྱི་སླད་དུ་གཙུག་ལག་ཁང་རྩིག་ཏུ་སྩལ་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་གདངས་ཅན་འཁོར་དང་བཅས་པ་དང་། ཀཽ་ཤཱམྦཱི་ན་གནས་པའི་སྐྱེ་བོའི་ཚོགས་དག་དགེ་སློང་གང་གི་གདུལ་བ་ཡིན་སྙམ་དུ་

དགོངས་ན་དགེ་སློང་སྐུལ་བྱེད་ཆེན་པོའི་གདུལ་བ་ཡིན་པར་གཟིགས་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་སྐུལ་བྱེད་ཆེན་པོ་ལ་བཀའ་སྩལ་པ། སྐུལ་བྱེད་ཁྱིམ་བདག་གདངས་ཅན་འཁོར་དང་བཅས་པ་དང་། ཀཽ་ཤཱམྦཱི་ན་གནས་པའི་སྐྱེ་བོའི་ཚོགས་ལ་སོམས་

ཤིག །ཚེ་དང་ལྡན་པ་སྐུལ་བྱེད་ཆེན་པོས་བཅོམ་ལྡན་འདས་ལས་ཅང་མི་སྨྲ་བས་དང་དུ་བླངས་སོ། །དེ་ནས་ཚེ་དང་ལྡན་པ་སྐུལ་བྱེད་ཆེན་པོ་དེ་ཉིད་ཀྱི་མཚན་མོ་འདས་ནས་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་། ཆོས་གོས་ཐོགས་ཏེ། མཉན་ཡོད་དུ་བསོད་སྙོམས་ལ་

เล่ม ๘ · หน้า 141a

ཞུགས་སོ། །མཉན་ཡོད་དུ་བསོད་སྙོམས་ལ་བརྒྱུས་ནས་ཟས་ཀྱི་བྱ་བ་བྱས་ཏེ། ཕྱི་མའི་ཟས་ཀྱི་བསོད་སྙོམས་ལས་ཕྱིར་ལོག་པས་ཇི་ལྟར་ལོངས་སྤྱད་པའི་གནས་མལ་མཁོས་སུ་ཕབ་སྟེ། ལྷུང་བཟེད་དང་། ཆོས་གོས་ཐོགས་ནས་ཁྱིམ་བདག་གདངས་

ཅན་དང་འགྲོགས་ཏེ། ཀཽ་ཤཱམྦཱི་ག་ལ་བ་དེ་ལོགས་སུ་སོང་ནས་མཐར་གྱིས་རྒྱུ་ཞིང་འགྲོ་བ་ན་ཀཽ་ཤཱམྦཱིར་ཕྱིན་ཏོ། །དེ་ནས་ཁྱིམ་བདག་གདངས་ཅན་ཀཽ་ཤཱམྦཱིར་མ་ཞུགས་པ་ཁོ་ནར་ཀུན་དགའ་ར་བ་ནས་ཀུན་དགའི་ར་བར་སྐྱེད་མོས་ཚལ་ནས་སྐྱེད་མོས་ཚལ་དུ། ཚལ་ནས་ཚལ་

དུ་དང་གོལ་བར་སོང་སྟེ། གང་དུ་བདག་གིས་བཅོམ་ལྡན་འདས་ཀྱི་ཕྱིར་གཙུག་ལག་ཁང་རྩིག་ཏུ་གཞུག་པའི་ས་ཕྱོགས་ཀཽ་ཤཱམྦཱི་ནས་ཧ་ཅང་ཡང་མི་རིང་ཧ་ཅང་ཡང་མི་ཉེ་བ་ཉིན་མོ་རྒྱུན་ལུགས་ཉུང་ཞིང་ཀླག་ཅོར་ཆུང་བ། མཚན་མོ་སྒྲ་ཆུང་ཞིང་འུར་སྒྲ་ཆུང་བ། ཤ་སྦྲང་དང་།

སྦྲང་བུ་དང་། རླུང་དང་། ཉི་མ་དང་། སྡིག་སྦྲུལ་གྱི་རེག་པ་ཉུང་བ་དེ་ལྟ་བུ་ཅི་ཡོད་ཅེས་བཙལ་ན། ཁྱིམ་བདག་གདངས་ཅན་གྱིས་རང་གི་ཀུན་དགའ་ར་བ་ཀཽ་ཤཱམྦཱི་ནས་ཧ་ཅང་ཡང་མི་རིང་ཧ་ཅང་ཡང་མི་ཉེ་བ་ཉིན་མོ་རྒྱུན་ལུགས་ཉུང་ཞིང་ཀླག་ཅོར་ཆུང་བ། མཚན་མོ་སྒྲ་ཆུང་ཞིང་

འུར་སྒྲ་ཆུང་བ། ཤ་སྦྲང་དང་། སྦྲང་བུ་དང་། རླུང་དང་། ཉི་མ་དང་། སྡིག་སྦྲུལ་གྱི་རེག་པ་ཉུང་བར་མཐོང་ངོ་། །མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཏེ། ས་ཕྱོགས་འདི་བཟང་གིས་འདིར་བཅོམ་ལྡན་འདས་ཀྱི་ཕྱིར་གཙུག་ལག་ཁང་རྩིག་ཏུ་གཞུག་གོ་སྙམ་མོ། །དེ་ན་

ཁྱིམ་བདག་གདངས་ཅན་དང་། ཚེ་དང་ལྡན་པ་སྐུལ་བྱེད་ཆེན་པོས། སྐྱེད་མོས་ཚལ་དེར་བཅོམ་ལྡན་འདས་ཀྱི་ཕྱིར་གཙུག་ལག་ཁང་རྟ་བབས་མཐོན་པོ་དང་ལྡན་པ། སྐར་ཁུང་དང་། སྐར་ཁུང་ཟླུམ་པོ་དང་། ལན་ཀན་གྱིས་བརྒྱན་པ་རྩིག་ཏུ་བཅུག་གོ། །དེ་ནས་གཙུག་

ལག་ཁང་བྱས་ཤིང་ཟིན་ནས་ཁྱིམ་བདག་གདངས་ཅན་གྱིས་ཚེ་དང་ལྡན་པ་སྐུལ་བྱེད་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བཅོམ་ལྡན་འདས་ཤུལ་དུ་གཤེགས་པའི་གཤེགས་དགོངས་ཀྱི་ཚད་ཅི་ཙམ། ཁྱིམ་བདག་འདི་ལྟ་སྟེ་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་

เล่ม ๘ · หน้า 141b

པོ་དང་འདྲའོ། །འཕགས་པ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཇི་ཙམ། ཁྱིམ་བདག་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལམ་དུ་འགྲོ་བའི་དགོངས་མལ་ནི་རྒྱང་གྲགས་བཅུའོ། །ཁྱིམ་བདག་གདངས་ཅན་གྱིས་རྒྱང་གྲགས་བཅུ་བཅུར་གཤེགས་དགོངས་ས་དག་ཤོམ་དུ་བཅུག་ནས།

བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕོ་ཉ་བཏང་སྟེ། བཅོམ་ལྡན་འདས་ཀཽ་ཤཱམྦཱིར་གཤེགས་སུ་གསོལ། བདག་གིས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ཇི་སྲིད་འཚོའི་བར་དུ་ན་བཟའ་དང་། བསོད་སྙོམས་དང་། གནས་མལ་དང་། བསྙུང་བའི་རྐྱེན་དང་། སྨན་

གྱི་ཡོ་བྱད་དག་གིས་བསྙེན་བཀུར་བགྱིའོ་ཞེས་གསོལ་ཏོ། །ཕོ་ཉས་ཀྱང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དགེ་སློང་རྣམས་ལ་དགེ་སློང་དག་བཅོམ་ལྡན་འདས་

བད་ས་དག་ཏུ་ལྗོངས་རྒྱུར་གཤེགས་ཀྱིས་ཁྱེད་ཅག་ལས་གང་དེ་བཞིན་གཤེགས་པ་དང་ཐབས་ཅིག་བད་ས་དག་ཏུ་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་དག་ལོང་ཤིག་ཅེས་བསྒོ་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་

ལས་མཉན་ནས་དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་བད་ས་དག་ཏུ་ལྗོངས་རྒྱུར་གཤེགས་ཀྱིས་ཁྱེད་ཅག་ལས་གང་དེ་བཞིན་གཤེགས་པ་དང་ཐབས་ཅིག་བད་ས་དག་ཏུ་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་དག་ལོང་ཤིག་ཅེས་བསྒོའོ། །དེ་ནས་བཅོམ་ལྡན་

འདས་དུལ་བ་འཁོར་དུལ་བ་དང་ལྡན་པ། ཞི་བ་འཁོར་ཞི་བ་དང་ལྡན་པ། གྲོལ་བ་འཁོར་གྲོལ་བ་དང་ལྡན་པ། དབུགས་ཕྱིན་པ་འཁོར་དབུགས་ཕྱིན་པ་དང་ལྡན་པ། ཐུལ་བ་འཁོར་ཐུལ་བ་དང་ལྡན་པ། དགྲ་བཅོམ་པ་འཁོར་དགྲ་བཅོམ་པ་དང་ལྡན་པ། འདོད་ཆགས་དང་

བྲལ་བ་འཁོར་འདོད་ཆགས་དང་བྲལ་བ་དང་ལྡན་པ། མཛེས་པ་འཁོར་མཛེས་པ་དང་ལྡན་པ། ཁྱུ་མཆོག་ལྟར་བ་ལང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། གླང་པོ་ཆེ་ལྟར་གླང་པོ་ཆེའི་ཕྲུག་གུའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། སེང་གེ་ལྟར་མཆེ་བ་ཅན་གྱི་ཚོགས་ཀྱིས་

เล่ม ๘ · หน้า 142a

ཡོངས་སུ་བསྐོར་བ། ངང་པའི་རྒྱལ་པོ་ལྟར་ངང་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ནམ་མཁའ་ལྡིང་ལྟར་བྱའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། བྲམ་ཟེ་ལྟར་སློབ་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། སྨན་པ་མཁས་པ་ལྟར་ནད་པའི་ཚོགས་ཀྱིས་

ཡོངས་སུ་བསྐོར་བ། དཔའ་བོ་ལྟར་རུ་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ས་མཁན་ལྟར་ལམ་དུ་ཞུགས་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དེད་དཔོན་ལྟར་ཚོང་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཚོང་དཔོན་ལྟར་འཁོར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ།

མཁར་གྱི་རྒྱལ་པོ་ལྟར་བློན་པོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། འཁོར་ལོས་སྒྱུར་བ་ལྟར་བུ་སྟོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཟླ་བ་ལྟར་རྒྱུ་སྐར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཉི་མ་ལྟར་འོད་ཟེར་སྟོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཡུལ་འཁོར་

སྲུང་ལྟར་དྲི་ཟའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། འཕགས་སྐྱེས་པོ་ལྟར་གྲུལ་བུམ་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། མིག་མི་བཟང་ལྟར་ཀླུའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ནོར་སྦྱིན་ལྟར་གནོད་སྦྱིན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཐགས་ཟངས་རིས་ལྟར་

ལྷ་མ་ཡིན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། བརྒྱ་བྱིན་ལྟར་སུམ་བཅུ་རྩ་གསུམ་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཚངས་པ་ལྟར་ཚངས་རིས་ཀྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དབང་པོ་རྣམས་ཀྱིས་ཤིན་ཏུ་དུལ་བ། སྤྱོད་ལམ་དང་སྤྱོད་པ་མ་འཁྲུགས་པ། ཆུ་

གཏེར་ལྟར་ཏིང་ངེ་བ། སྤྲིན་ལྟར་ཆུ་དང་བཅས་པ། གླང་པོ་ཆེའི་རྒྱལ་པོ་ལྟར་དྲེགས་པ་དང་བྲལ་བ། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་བཅུས་སྐུ་རྣམ་པར་མཛེས་པ། འོད་འདོམ་གང་གིས་གཟུགས་

ཅན་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་དང་ལྡན་པ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟར་ཀུན་ཏུ་བཟང་བ། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང་། ཐུགས་རྗེ་ཆེན་པོ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་དང་།

เล่ม ๘ · หน้า 142b

རླངས་པ་དང་། མིང་ཆེན་དང་། མ་འགགས་པ་དང་། ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་དང་། འོད་སྲུང་དང་། ཀུན་དགའ་བོ་དང་། ནམ་གྲུ་ལ་སོགས་པ་ཉན་ཐོས་ཆེན་པོ་དག་དང་། གཞན་ཡང་དགེ་སློང་གི་དགེ་འདུན་མང་པོས་བསྐོར་ཏེ། ཀཽ་ཤཱམྦཱི་ག་ལ་བ་དེར་རྒྱུ་ཞིང་

གཤེགས་ནས་མཐར་གྱིས་རྒྱུ་ཞིང་གཤེགས་པ་ན་ཀཽ་ཤཱམྦཱིར་བྱོན་ཏོ། །དེ་ནས་ཁྱིམ་བདག་གདངས་ཅན་གྱིས་གཙུག་ལག་ཁང་ཡོ་བྱད་ཐམས་ཅད་དང་ལྡན་པ་དེ་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཕུལ་ནས། འདི་ལྟར་གནས་བརྟན་དག་གིས་ཀྱང་།

བཅོམ་ལྡན་འདས་ཀཽ་ཤཱམྦཱི་ན་གདངས་ཅན་གྱི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་མདོ་སྡེའི་མཐའ་ཉེ་བར་སྦྱར་ཏོ། །དེ་ནས་ཁྱིམ་བདག་གདངས་ཅན་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་གཙུག་ལག་ཁང་ཕུལ་ནས་དགའ་བ་དང་མཆོག་ཏུ་དགའ་བ་སྐྱེས་ཏེ་

རང་གི་ཁྱིམ་དུ་སོང་ངོ་། །དེ་ནས་ཚེ་དང་ལྡན་པ་སྐུལ་བྱེད་ཆེན་པོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་སྐུལ་

བྱེད་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་གང་དང་ལྡན་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་རྒྱུ་བའམ། གནས་པའམ། ཉལ་བའམ། མི་ཉལ་བ་ལས་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་འབའ་ཞིག་མངོན་པར་འཕེལ་བ་དང་། བསོད་

ནམས་འབའ་ཞིག་ཉེ་བར་སྐྱེ་བ། རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ཤིན་ཏུ་འབྲས་བུ་ཆེ་བ། ཕན་ཡོན་ཆེ་བ། སྣང་བ་ཆེ་བ། རྒྱས་པ་ཆེ་བ་གདགས་སུ་རུང་ངམ། བཅོམ་ལྡན་འདས་ཀྱིས་དེ་ལ་བཀའ་སྩལ་པ། སྐུལ་བྱེད་རུང་སྟེ། སྐུལ་བྱེད་བདུན་པོ་འདི་དག་ནི་

གང་དག་དང་ལྡན་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་རྒྱུ་བའམ། གནས་པའམ། ཉལ་བའམ། མི་ཉལ་བ་ལས་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་འབའ་ཞིག་མངོན་པར་འཕེལ་བ་དང་། བསོད་ནམས་འབའ་ཞིག་ཉེ་བར་སྐྱེ་བ་རྫས་ལས་བྱུང་བའི་བསོད་

เล่ม ๘ · หน้า 143a

ནམས་བྱ་བའི་གཞི་ཤིན་ཏུ་འབྲས་བུ་ཆེ་བ། ཕན་ཡོན་ཆེ་བ། སྣང་བ་ཆེ་བ། རྒྱས་པ་ཆེ་བ་དག་ཡིན་ཏེ། བདུན་གང་ཞེ་ན། སྐུལ་བྱེད་འདི་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པས་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཀུན་དགའི་

ར་བ་འབུལ་བར་བྱེད་པ་འདི་ནི་སྐུལ་བྱེད་གང་དང་ལྡན་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་རྒྱུ་བའམ། གནས་པའམ། ཉལ་བའམ། མི་ཉལ་བ་ལས་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་འབའ་ཞིག་མངོན་པར་འཕེལ་བ་དང་། བསོད་ནམས་

འབའ་ཞིག་ཉེ་བར་སྐྱེ་བ་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ཤིན་ཏུ་འབྲས་བུ་ཆེ་བ། ཕན་ཡོན་ཆེ་བ། སྣང་བ་ཆེ་བ། རྒྱས་པ་ཆེ་བ་དང་པོ་ཡིན་ནོ། །སྐུལ་བྱེད་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པས་ཀུན་དགའི་ར་བ་དེ་ཉིད་དུ་

གཙུག་ལག་ཁང་རྩིག་ཏུ་འཇུག་པ་འདི་ནི་སྐུལ་བྱེད་གང་དང་ལྡན་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་རྒྱུ་བའམ། གནས་པའམ། ཉལ་བའམ། མི་ཉལ་བ་ལས་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་འབའ་ཞིག་མངོན་པར་འཕེལ་བ་དང་།

བསོད་ནམས་འབའ་ཞིག་ཉེ་བར་སྐྱེ་བ་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ཤིན་ཏུ་འབྲས་བུ་ཆེ་བ། ཕན་ཡོན་ཆེ་བ། སྣང་བ་ཆེ་བ། རྒྱས་པ་ཆེ་བ་གཉིས་པ་ཡིན་ནོ། །སྐུལ་བྱེད་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པས་གཙུག་

ལག་ཁང་དེ་ཉིད་དུ་གནས་མལ་འདི་ལྟ་སྟེ། ཁྲི་དང་། ཁྲིའུ་དང་། སྟན་ནང་ཚངས་ཅན་དང་། ལ་བ་དང་། སྔས་དང་། གོར་བུ་དག་འབུལ་བར་བྱེད་པ་འདི་ནི་སྐུལ་བྱེད་གང་དང་ལྡན་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་རྒྱུ་བའམ། གནས་པའམ།

ཉལ་བའམ། མི་ཉལ་བ་ལས་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་འབའ་ཞིག་མངོན་པར་འཕེལ་བ་དང་། བསོད་ནམས་འབའ་ཞིག་ཉེ་བར་སྐྱེ་བ་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ཤིན་ཏུ་འབྲས་བུ་ཆེ་བ། ཕན་ཡོན་ཆེ་བ། སྣང་བ་ཆེ་བ། རྒྱས་པ་ཆེ་བ་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด