འདུལ་བ་རྣམ་པར་འབྱེད་པ
ชื่อสันสกฤต (อักษรทิเบต ตามตัวบท) བི་ན་ཡ་བི་བྷང་ག
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๘ · หน้า 143b
གསུམ་པ་ཡིན་ནོ། །སྐུལ་བྱེད་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པས་གཙུག་ལག་ཁང་དེ་ཉིད་དུ་གཏན་གྱི་རྐྱེན་རིས་རྗེས་སུ་མཐུན་པའི་མཆོད་སྦྱིན་འབུལ་བར་བྱེད་པ་འདི་ནི་སྐུལ་བྱེད་གང་དང་ལྡན་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་
པ་དང་ལྡན་པ་རྒྱུ་བའམ། གནས་པའམ། ཉལ་བའམ། མི་ཉལ་བ་ལས་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་འབའ་ཞིག་མངོན་པར་འཕེལ་བ་དང་། བསོད་ནམས་འབའ་ཞིག་ཉེ་བར་སྐྱེ་བ་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ཤིན་ཏུ་འབྲས་བུ་ཆེ་བ།
ཕན་ཡོན་ཆེ་བ། སྣང་བ་ཆེ་བ། རྒྱས་པ་ཆེ་བ། བཞི་པ་ཡིན་ནོ། །སྐུལ་བྱེད་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པས་གློ་བུར་དུ་འོངས་པ་དང་འགྲོ་བར་ཆས་པ་ལ་སྦྱིན་པ་སྦྱིན་པར་བྱེད་པ་འདི་ནི་སྐུལ་བྱེད་གང་དང་ལྡན་ན་རིགས་ཀྱི་བུའམ། རིགས་
ཀྱི་བུ་མོ་དད་པ་དང་ལྡན་པ་རྒྱུ་བའམ། གནས་པའམ། ཉལ་བའམ། མི་ཉལ་བ་ལས་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་འབའ་ཞིག་མངོན་པར་འཕེལ་བ་དང་། བསོད་ནམས་འབའ་ཞིག་ཉེ་བར་སྐྱེ་བ་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ཤིན་ཏུ་འབྲས་བུ་ཆེ་
བ། ཕན་ཡོན་ཆེ་བ། སྣང་བ་ཆེ་བ། རྒྱས་པ་ཆེ་བ་ལྔ་པ་ཡིན་ནོ། །སྐུལ་བྱེད་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པས་ནད་པ་དང་ནད་གཡོག་ལ་སྦྱིན་པ་སྦྱིན་པར་བྱེད་པ་འདི་ནི་སྐུལ་བྱེད་གང་དང་ལྡན་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་
པ་རྒྱུ་བའམ། གནས་པའམ། ཉལ་བའམ། མི་ཉལ་བ་ལས་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་འབའ་ཞིག་མངོན་པར་འཕེལ་བ་དང་། བསོད་ནམས་འབའ་ཞིག་ཉེ་བར་སྐྱེ་བ་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ཤིན་ཏུ་འབྲས་བུ་ཆེ་བ། ཕན་ཡོན་ཆེ་
བ། སྣང་བ་ཆེ་བ། རྒྱས་པ་ཆེ་བ་དྲུག་པ་ཡིན་ནོ། །སྐུལ་བྱེད་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པས་རླུང་ལངས་པའམ། ཡུལ་ངན་བྱུང་བའམ། ཆར་པ་བབ་པའམ། ལྷགས་པ་བྱུང་བ་གང་དག་ཡིན་པ་དེ་ལྟ་བུའི་རླུང་ལངས་པའམ།
เล่ม ๘ · หน้า 144a
ཡུལ་ངན་བྱུང་བའམ། ཆར་བབ་པའམ། ལྷགས་པ་བྱུང་བའི་ཚེ་དགེ་འདུན་ལ་འབྲས་ཆན་དག་གམ། སྐྱོ་མ་དག་གམ། ཐུག་པའི་བཏུང་བ་དག་བསྐྱལ་ཏེ། འདིས་འཕགས་པ་འདི་དག་ལུས་མི་རླན་པ་དང་། ཆོས་གོས་མི་གཤེར་བ་དང་། ལོངས་
སྤྱད་ན་བདེ་བ་ལ་རེག་པར་འགྱུར་རོ་སྙམ་པས་འབུལ་བར་བྱེད་པ་འདི་ནི་སྐུལ་བྱེད་གང་དང་ལྡན་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་རྒྱུ་བའམ། གནས་པའམ། ཉལ་བའམ། མི་ཉལ་བ་ལས་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་འབའ་ཞིག་མངོན་
པར་འཕེལ་བ་དང་། བསོད་ནམས་འབའ་ཞིག་ཉེ་བར་སྐྱེ་བ་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ཤིན་ཏུ་འབྲས་བུ་ཆེ་བ། ཕན་ཡོན་ཆེ་བ། སྣང་བ་ཆེ་བ། རྒྱས་པ་ཆེ་བ་བདུན་པ་ཡིན་ནོ། །སྐུལ་བྱེད་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་རྫས་ལས་
བྱུང་བའི་བསོད་ནམས་བྱ་བའི་གཞི་བདུན་པོ་འདི་དག་དང་ལྡན་པའི་བསོད་ནམས་སམ། བསོད་ནམས་ཀྱི་འབྲས་བུའམ། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་འདི་ཙམ་མོ་ཞེས་བསོད་ནམས་ཀྱི་ཚད་གཟུང་བར་མི་ནུས་ཏེ། འདི་ལྟར་བསོད་ནམས་མང་བའི་ཕྱིར་བསོད་
ནམས་ཀྱི་ཕུང་པོ་ཆེན་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །སྐུལ་བྱེད་འདི་ལྟ་སྟེ་དཔེར་ན་གང་དུ་ཆུ་ཀླུང་ཆེན་པོ་ལྔ་པོ་འདི་ལྟ་སྟེ་གང་གཱ་དང་། ཡ་མུ་ན་དང་། ས་ར་ཡུ་དང་། གནས་ཅན་དང་། མ་ཧི་ཞེས་བྱ་བ་ཐ་མི་དད་པར་འབབ་པར་འགྱུར་བ་དེ་ལ་ནི་ཆུའམ། ཆུའི་བུམ་པའམ།
ཆུའི་བུམ་པ་བརྒྱ་ཕྲག་གམ། ཆུའི་བུམ་པ་སྟོང་ཕྲག་གམ། ཆུའི་བུམ་པ་འབུམ་ཕྲག་འདི་སྙེད་ཡོད་དོ་ཞེས་ཆུའི་ཚད་གཟུང་བར་མི་ནུས་སོ། །སྐུལ་བྱེད་དེ་བཞིན་དུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་བདུན་པོ་འདི་དག་དང་
ལྡན་པའི་བསོད་ནམས་སམ། བསོད་ནམས་ཀྱི་འབྲས་བུའམ། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡང་འདི་ཙམ་མོ་ཞེས་བསོད་ནམས་ཀྱི་ཚད་གཟུང་བར་མི་ནུས་ཏེ། འདི་ལྟར་བསོད་ནམས་མང་བའི་ཕྱིར་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །དེ་སྐད་
เล่ม ๘ · หน้า 144b
ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་སྐུལ་བྱེད་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་གང་དང་ལྡན་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་རྒྱུ་བའམ། གནས་པའམ། ཉལ་བའམ། མི་ཉལ་བ་ལས་རྟག་ཏུ་རྒྱུན་མི་འཆད་
པར་བསོད་ནམས་འབའ་ཞིག་མངོན་པར་འཕེལ་བ་དང་། བསོད་ནམས་འབའ་ཞིག་ཉེ་བར་སྐྱེ་བ་རྫས་ལས་བྱུང་བ་མ་ལགས་པའི་བསོད་ནམས་བྱ་བའི་གཞི་ཤིན་ཏུ་འབྲས་བུ་ཆེ་བ། ཕན་ཡོན་ཆེ་བ། སྣང་བ་ཆེ་བ། རྒྱས་པ་ཆེ་བ་གདགས་སུ་རུང་ངམ། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། སྐུལ་བྱེད་རུང་སྟེ། སྐུལ་བྱེད་བདུན་པོ་འདི་དག་ནི་གང་དང་ལྡན་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་རྒྱུ་བའམ། གནས་པའམ། ཉལ་བའམ། མི་ཉལ་བ་ལས་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་འབའ་ཞིག་མངོན་པར་འཕེལ་བ་དང་། བསོད་ནམས་
འབའ་ཞིག་ཉེ་བར་སྐྱེ་བ་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་གཞི་ཤིན་ཏུ་འབྲས་བུ་ཆེ་བ། ཕན་ཡོན་ཆེ་བ། སྣང་བ་ཆེ་བ། རྒྱས་པ་ཆེ་བ་དག་ཡིན་ཏེ། བདུན་གང་ཞེ་ན། སྐུལ་བྱེད་འདི་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་དང་ལྡན་པས་དེ་བཞིན་གཤེགས་
པའམ། དེ་བཞིན་གཤེགས་པའི་ཉན་ཐོས་གྲོང་ཚིགས་ག་གེ་མོ་ཞིག་ན་ཉེ་བར་བརྟེན་ཅིང་བཞུགས་པ་ཐོས་ཤིང་ཐོས་ནས་ཀྱང་དགའ་བ་དང་། མཆོག་ཏུ་དགའ་བ་རྒྱ་ཆེན་པོ་དགེ་བ་ངེས་པར་འབྱུང་བ་དང་ལྡན་པ་ཐོབ་པར་བྱེད་པ་འདི་ནི་སྐུལ་བྱེད་གང་དང་ལྡན་ན་རིགས་ཀྱི་བུའམ་རིགས་
ཀྱི་བུ་མོ་དད་པ་དང་ལྡན་པ་རྒྱུ་བའམ། གནས་པའམ། ཉལ་བའམ། མི་ཉལ་བ་ལས་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་འབའ་ཞིག་མངོན་པར་འཕེལ་བ་དང་། བསོད་ནམས་འབའ་ཞིག་ཉེ་བར་སྐྱེ་བ་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་གཞི་ཤིན་ཏུ་
འབྲས་བུ་ཆེ་བ། ཕན་ཡོན་ཆེ་བ། སྣང་བ་ཆེ་བ། རྒྱས་པ་ཆེ་བ་དང་པོ་ཡིན་ནོ། །སྐུལ་བྱེད་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་དང་ལྡན་པས་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་ཉན་ཐོས་དེ་ཉིད་དུ་ཚུར་གཤེགས་པར་རྩོལ་བར་ཐོས་ཤིང་ཐོས་
เล่ม ๘ · หน้า 145a
ནས་ཀྱང་དགའ་བ་དང་། མཆོག་ཏུ་དགའ་བ་རྒྱ་ཆེན་པོ་དགེ་བ་ངེས་པར་འབྱུང་བ་དང་ལྡན་པ་ཐོབ་པར་བྱེད་པ་འདི་ནི་སྐུལ་བྱེད་གང་དང་ལྡན་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་རྒྱུ་བའམ། གནས་པའམ། ཉལ་བའམ། མི་ཉལ་བ་ལས་རྟག་
ཏུ་རྒྱུན་མི་འཆད་པར་བསོད་ནམས་འབའ་ཞིག་མངོན་པར་འཕེལ་བ་དང་། བསོད་ནམས་འབའ་ཞིག་ཉེ་བར་སྐྱེ་བ་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་གཞི་ཤིན་ཏུ་འབྲས་བུ་ཆེ་བ། ཕན་ཡོན་ཆེ་བ། སྣང་བ་ཆེ་བ། རྒྱས་པ་ཆེ་བ་གཉིས་པ་ཡིན་ནོ། །སྐུལ་བྱེད་
གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་དང་ལྡན་པས་དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས་པའི་ཉན་ཐོས་དེ་ཉིད་ཤུལ་དུ་ཞུགས་པ་ཐོས་ཤིང་ཐོས་ནས་ཀྱང་དགའ་བ་དང་། མཆོག་ཏུ་དགའ་བ་རྒྱ་ཆེན་པོ་དགེ་བ་ངེས་པར་འབྱུང་བ་དང་ལྡན་པ་ཐོབ་པར་
བྱེད་པ་འདི་ནི་སྐུལ་བྱེད་གང་དང་ལྡན་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་རྒྱུ་བའམ། གནས་པའམ། ཉལ་བའམ། མི་ཉལ་བ་ལས་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་འབའ་ཞིག་མངོན་པར་འཕེལ་བ་དང་། བསོད་ནམས་འབའ་ཞིག་ཉེ་བར་སྐྱེ་བ་
རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་གཞི་ཤིན་ཏུ་འབྲས་བུ་ཆེ་བ། ཕན་ཡོན་ཆེ་བ། སྣང་བ་ཆེ་བ། རྒྱས་པ་ཆེ་བ་གསུམ་པ་ཡིན་ནོ། །སྐུལ་བྱེད་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་དང་ལྡན་པས་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་
པའི་ཉན་ཐོས་དེ་ཉིད་གྲོང་ཚིགས་དེ་ཉིད་དུ་བྱོན་པར་ཐོས་ཤིང་ཐོས་ནས་ཀྱང་དགའ་བ་དང་། མཆོག་ཏུ་དགའ་བ་རྒྱ་ཆེན་པོ་དེ་དགེ་བ་ངེས་པར་འབྱུང་བ་དང་ལྡན་པ་ཐོབ་པར་བྱེད་པ་འདི་ནི་སྐུལ་བྱེད་གང་དང་ལྡན་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་རྒྱུ་བའམ། གནས་
པའམ། ཉལ་བའམ། མི་ཉལ་བ་ལས་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་འབའ་ཞིག་མངོན་པར་འཕེལ་བ་དང་། བསོད་ནམས་འབའ་ཞིག་ཉེ་བར་སྐྱེ་བ་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་གཞི་ཤིན་ཏུ་འབྲས་བུ་ཆེ་བ། ཕན་ཡོན་ཆེ་བ། སྣང་བ་ཆེ་བ།
เล่ม ๘ · หน้า 145b
རྒྱས་པ་ཆེ་བ་བཞི་པ་ཡིན་ནོ། །སྐུལ་བྱེད་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་དང་ལྡན་པས་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་ཉན་ཐོས་དེ་ཉིད་ལ་བལྟ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་འགྲོ་ཞིང་མཐོང་ནས་ཀྱང་དགའ་བ་དང་། མཆོག་ཏུ་དགའ་
བ་རྒྱ་ཆེན་པོ་དགེ་བ་ངེས་པར་འབྱུང་བ་དང་ལྡན་པ་ཐོབ་པར་བྱེད་པ་འདི་ནི་སྐུལ་བྱེད་གང་དང་ལྡན་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་རྒྱུ་བའམ། གནས་པའམ། ཉལ་བའམ། མི་ཉལ་བ་ལས་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་འབའ་ཞིག་མངོན་པར་འཕེལ་བ་དང་།
བསོད་ནམས་འབའ་ཞིག་ཉེ་བར་སྐྱེ་བ་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་གཞི་ཤིན་ཏུ་འབྲས་བུ་ཆེ་བ། ཕན་ཡོན་ཆེ་བ། སྣང་བ་ཆེ་བ། རྒྱས་པ་ཆེ་བ་ལྔ་པ་ཡིན་ནོ། །སྐུལ་བྱེད་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་དང་ལྡན་པས་དེ་བཞིན་གཤེགས་
པའམ། དེ་བཞིན་གཤེགས་པའི་ཉན་ཐོས་དེ་ཉིད་ཀྱི་དྲུང་ནས་ཆོས་ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་ཡང་དག་པར་རབ་
ཏུ་སྟོན་པ་ཉན་ཅིང་ཐོས་ནས་ཀྱང་དགའ་བ་དང་། མཆོག་ཏུ་དགའ་བ་རྒྱ་ཆེན་པོ་དགེ་བ་ངེས་པར་འབྱུང་བ་དང་ལྡན་པ་ཐོབ་པར་བྱེད་པ་འདི་ནི་སྐུལ་བྱེད་གང་དང་ལྡན་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་རྒྱུ་བའམ། གནས་པའམ། ཉལ་བའམ། མི་ཉལ་བ་ལས་རྟག་
ཏུ་རྒྱུན་མི་འཆད་པར་བསོད་ནམས་འབའ་ཞིག་མངོན་པར་འཕེལ་བ་དང་། བསོད་ནམས་འབའ་ཞིག་ཉེ་བར་སྐྱེ་བ་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་གཞི་ཤིན་ཏུ་འབྲས་བུ་ཆེ་བ། ཕན་ཡོན་ཆེ་བ། སྣང་བ་ཆེ་བ། རྒྱས་པ་ཆེ་བ་དྲུག་པ་ཡིན་ནོ། །སྐུལ་བྱེད་གཞན་
ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་དང་ལྡན་པས་དེ་བཞིན་གཤེགས་པའམ་དེ་བཞིན་གཤེགས་པའི་ཉན་ཐོས་དེ་ཉིད་ཀྱི་དྲུང་ནས་ཆོས་ཐོས་ནས་སངས་རྒྱས་ལ་སྐྱབས་སུ་འགྲོ། ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་ཞིང་བསླབ་པའི་གཞི་དག་ལེན་པར་བྱེད་པ་འདི་ནི་
เล่ม ๘ · หน้า 146a
སྐུལ་བྱེད་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་རྒྱུ་བའམ། གནས་པའམ། ཉལ་བའམ། མི་ཉལ་བ་ལས་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་འབའ་ཞིག་མངོན་པར་འཕེལ་བ་དང་། བསོད་ནམས་འབའ་ཞིག་ཉེ་བར་སྐྱེ་བ་རྫས་ལས་
བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་གཞི་ཤིན་ཏུ་འབྲས་བུ་ཆེ་བ། ཕན་ཡོན་ཆེ་བ། སྣང་བ་ཆེ་བ། རྒྱས་པ་ཆེ་བ་བདུན་པ་ཡིན་ནོ། །སྐུལ་བྱེད་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་གཞི་བདུན་པོ་འདི་དག་དང་ལྡན་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་
དད་པ་དང་ལྡན་པའི་བསོད་ནམས་སམ། བསོད་ནམས་ཀྱི་འབྲས་བུའམ། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ནི་འདི་ཙམ་མོ་ཞེས་བསོད་ནམས་ཀྱི་ཚད་གཟུང་བར་མི་ནུས་ཏེ་འདི་ལྟར་བསོད་ནམས་མང་བའི་ཕྱིར་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཞེས་བྱ་བའི་གྲངས་སུ་
འགྲོའོ། །སྐུལ་བྱེད་འདི་ལྟ་སྟེ་དཔེར་ན་གང་དུ་ཆུ་ཀླུང་ཆེན་པོ་ལྔ་པོ་འདི་ལྟ་སྟེ་གང་གཱ་དང་། ཡ་མུ་ན་དང་། ས་ར་ཡུ་དང་། གནས་ཅན་དང་། མ་ཧི་ཞེས་བྱ་བ་ཐ་མི་དད་པར་འབབ་པར་འགྱུར་བ་དེ་ལ་ནི་ཆུའམ། ཆུའི་བུམ་པའམ། ཆུའི་བུམ་པ་བརྒྱ་ཕྲག་གམ། ཆུའི་བུམ་
པ་སྟོང་ཕྲག་གམ། ཆུའི་བུམ་པ་འབུམ་ཕྲག་འདི་སྙེད་ཅིག་ཡོད་དོ། །ཞེས་ཆུའི་ཚད་གཟུང་བར་མི་ནུས་ཏེ། འདི་ལྟར་ཆུ་མང་བའི་ཕྱིར་ཆུའི་ཕུང་པོ་ཆེན་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །སྐུལ་བྱེད་དེ་བཞིན་དུ་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་གཞི་བདུན་པོ་འདི་
དག་དང་ལྡན་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་དང་ལྡན་པའི་བསོད་ནམས་སམ། བསོད་ནམས་ཀྱི་འབྲས་བུའམ་བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡང་འདི་ཙམ་མོ་ཞེས་ཚད་གཟུང་བར་མི་ནུས་ཏེ། འདི་ལྟར་བསོད་ནམས་མང་བའི་ཕྱིར་བསོད་ནམས་ཀྱི་ཕུང་པོ་
ཆེན་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །མི་དང་རི་དགས་ཚོགས་ཀྱིས་བསྟེན་པ་ཡི། །ཆུ་ཀླུང་ཐ་དད་འབབ་པར་གྱུར་པ་
เล่ม ๘ · หน้า 146b
དག །མཚོ་མཆོག་བཀྲ་ཤིས་གཙང་མ་ངོགས་བདེ་བ། །རིན་ཆེན་འབྱུང་གནས་རྒྱ་མཚོར་འབབ་པ་ལྟར། །དེ་བཞིན་བསོད་ནམས་རྒྱུན་ཀྱང་རྣམ་ཀུན་ཏུ། །སྦྱིན་བདག་གོས་སྦྱིན་ཟས་སྐོམ་སྦྱིན་པ་དང་། །མལ་ཆ་སྟན་དང་གདིང་སྦྱིན་མི་ལ་འབབ། །ཆུ་ཀླུང་ཆུ་འབབ་རྒྱ་
མཚོར་ཇི་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་སྐུལ་བྱེད་ཆེན་པོ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ། །དེ་ནས་ཁྱིམ་བདག་གདངས་ཅན་ནི་དད་པ་དང་ལྡན་ལ་དེའི་འཁོར་ནི་མ་དད་ནས་དེས་བསམས་པ།
བདག་གི་འཁོར་འདི་མ་དད་ན་བདག་གི་གཙུག་ལག་ཁང་དུ་ཇི་ལྟར་སྤྱོད་པ་ཇེ་བརྟག་གོ་སྙམ་ནས་དེ་ཆ་ལུགས་མི་མངོན་པར་བྱས་ཏེ་ཤམ་ཐབས་དམའ་བར་བགོས་ནས་གཙུག་ལག་ཁང་དུ་སོང་སྟེ་ཚིགས་སུ་བཅད་པའི་དབྱངས་ཀྱིས་མཆོད་རྟེན་ལ་ཕྱག་འཚལ་ནས་གཙུག་ལག་
ཁང་དུ་འཇུག་པར་བརྩམས་པ་དང་། རྒན་ཞུགས་ཤིག་སྒོ་ཁང་ན་འདུག་ནས་དེས་དེའི་རྐང་པ་ལ་ཕྱག་འཚལ་ཏེ་སྨྲས་པ། འཕགས་པ་གཙུག་ལག་ཁང་སྙིང་དང་མིག་འཕྲོག་པར་བགྱིད་པ་མཐོ་རིས་ཀྱི་ཐེམ་སྐས་སུ་གྱུར་པ་འདི་སུའི་ལགས། དེས་སྨྲས་པ། ཁྱིམ་བདག་
གདངས་ཅན་གྱིའོ། །འཕགས་པ་ཅི་འདི་གཙུག་ལག་ཁང་ལགས་སམ། འོན་ཏེ་ཕོངས་པ་ལགས། བཞིན་བཟངས་གཙུག་ལག་ཁང་ནི་ཇི་ལྟ་བུ། ཕོངས་པ་ནི་ཇི་ལྟ་བུ། འཕགས་པ་གང་ན་ཡོ་བྱད་ཕུན་སུམ་ཚོགས་པ་ནི་གཙུག་ལག་ཁང་ལགས་ལ། གང་ན་ཡོ་
བྱད་མ་མཆིས་པ་ནི་ཕོངས་པ་ལགས་སོ། །བཞིན་བཟངས་འདི་ཕོངས་པ་ཡིན་ནོ། །ཇི་ལྟར་གྱུར། ཁྱིམ་བདག་དེ་ནི་དད་པ་དང་ལྡན་པ་ཡིན་ན་དེའི་འཁོར་མ་དད་པས་མཁོ་བ་མི་སྟོབས་སོ། །འདི་ལྟར་ཁྱིམ་བདག་དེ་ལ་བུ་མོ་མངག་གཞུག་མ་མགུ་བྱེད་ཅེས་བྱ་བ་དད་པ་
དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ཞིག་ཡོད་ན། འོན་ཀྱང་དེའི་ཁྱིམ་དེ་ན་དབང་མེད་དེ། གལ་ཏེ་དེ་ལ་དབང་ཡོད་པར་གྱུར་ན་དེ་དགེ་སློང་རྣམས་ལ་མཁོ་བ་སྟོབས་པར་བྱེད་པས་འདི་གཙུག་ལག་ཁང་དུ་འགྱུར་རོ། །ཁྱིམ་བདག་གདངས་ཅན་གྱིས་བསམས་པ།
เล่ม ๘ · หน้า 147a
ད་ལྟར་བདག་གསོན་པ་ཉིད་ན་ཡང་བདག་གི་གཙུག་ལག་ཁང་ན་དགེ་སློང་རྣམས་ཀྱི་གནས་སྐབས་འདི་འདྲ་ན་བདག་ཤི་ན་ཅི་འདྲ་བར་འགྱུར་སྙམ་དུ་རིག་ནས་དགེ་སློང་དེའི་རྐང་པ་ལ་ཕྱག་འཚལ་ཏེ། རང་གི་ཁྱིམ་དུ་སོང་ནས་ནང་མི་རྣམས་ལ་སྨྲས་པ། ཁྱེད་ཅག་
ལས་གང་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་བསྙེན་བཀུར་བྱེད་པར་སྤྲོ་བ་དེས་ཚུལ་ཤིང་ལོང་ཤིག །དེའི་ཚེ་ན་མགུ་བྱེད་བུམ་པ་ཐོགས་ཏེ་ཆུ་བཅུ་བའི་ཕྱིར་ཕྱིར་བྱུང་བ་དང་། དེས་དེར་རས་མ་ཞིག་རྙེད་ནས། བཅོམ་ལྡན་འདས་ཀྱང་དེ་ལ་ཕན་གདགས་པའི་སླད་དུ་
ཕྱོགས་དེར་གཤེགས་པ་དང་། དེས་བཅོམ་ལྡན་འདས་ལ་བརྟག་པར་བརྩམས་སོ། །བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་གྱིས་ན་བཟའ་ཆོས་གོས་ཀྱི་གྲྭ་རྡོལ་བར་དེ་ལ་བསྟན་པ་དང་། དེས་བསམས་པ། གལ་ཏེ་བཅོམ་ལྡན་འདས་ཀྱིས་བདག་གི་རས་མ་འདི་བཞེས་
སུ་གནང་ན་བདག་གིས་འདི་བཅོམ་ལྡན་འདས་ལ་དབུལ་ལོ་སྙམ་མོ། །བཅོམ་ལྡན་འདས་ཀྱིས་དེའི་སེམས་ཐུགས་ཀྱིས་མཁྱེན་ནས་བཀའ་སྩལ་པ། མགུ་བྱེད་གལ་ཏེ་ཁྱོད་ཀྱིས་ཡོངས་སུ་བཏང་ན་ཕུལ་ཅིག །དེས་བཅོམ་ལྡན་འདས་ལ་སེམས་མངོན་པར་དད་པ་བྱས་
ནས་གུས་པ་བསྐྱེད་དེ་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་དེ་དེ་ཉིད་ཀྱི་མདུན་དུ་ན་བཟའ་ཆོས་གོས་ཀྱི་གྲྭ་གླན་ཏེ་བཙེམས་པ་དང་། ཁ་དོག་མཐུན་པར་གྱུར་ཏོ། །དེ་དད་པ་སྐྱེས་པས་ཞབས་གཉིས་ལ་གཏུགས་ཏེ་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་འདིས་བདག་བྲན་
མོར་མ་གྱུར་ཅིག །དབུལ་བར་མ་གྱུར་ཅིག་ཅེས་སྨྲས་ནས་བུམ་པ་ཆུས་བཀང་སྟེ་ཁྱིམ་དུ་སོང་ངོ་། །ཁྱིམ་བདག་གདངས་ཅན་གྱིས་ནང་མི་ལ་ཚུལ་ཤིང་བྲིམས་པ་དང་། མགུ་བྱེད་ཀྱིས་སྨྲས་པ། ཁྱིམ་བདག་འདི་ཅི་ལགས། གདངས་ཅན་གྱིས་སྨྲས་པ། མགུ་
བྱེད་ཁྱེད་ཅག་ལས་གང་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་བསྙེན་བཀུར་བྱེད་པར་སྤྲོ་བ་དེས་ཚུལ་ཤིང་ལོང་ཤིག་དང་ཁོ་བོ་ལ་ལོངས་སྤྱོད་རྒྱ་ཆེན་པོ་དག་ཡོད་དོ། །དེས་མྱུར་བ་མྱུར་བར་ཆུའི་བུམ་པ་བཞག་སྟེ་ཚུལ་ཤིང་བླངས་ནས་སྨྲས་པ། བདག་སངས་
เล่ม ๘ · หน้า 147b
རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་བསྙེན་བཀུར་བགྱིད་པར་སྤྲོ་སྟེ། བདག་གིས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བགྱི་ཡིས་ཁྱོད་ཐུགས་ལས་ཆུང་ངུར་མཛོད་ཅིག་ཅེས་དེས་སངས་རྒྱས་ལ་སོགས་པ་
དགེ་སློང་གི་དགེ་འདུན་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་ཏེ་གུས་པར་བསྙེན་བཀུར་བྱ་བར་བརྩམས་སོ། །ཁྱིམ་བདག་གདངས་ཅན་གྱིས་ཡང་ཆ་ལུགས་མི་མངོན་པར་བྱས་ཏེ་ཤམ་ཐབས་དམའ་བར་བགོས་ནས་གཙུག་ལག་ཁང་དུ་སོང་སྟེ་ཚིགས་སུ་བཅད་པའི་དབྱངས་ཀྱིས་
མཆོད་རྟེན་ལ་ཕྱག་འཚལ་ནས་གཙུག་ལག་ཁང་དུ་འདུག་པར་བརྩམས་པ་དང་། ཡང་རྒན་ཞུགས་གཞན་ཞིག་སྒོ་ཁང་ན་འདུག་ནས་དེས་དེའི་རྐང་པ་ལ་ཕྱག་འཚལ་ཏེ་སྨྲས་པ། འཕགས་པ་གཙུག་ལག་ཁང་སྙིང་དང་མིག་འཕྲོག་པར་བགྱིད་པ་མཐོ་རིས་ཀྱི་ཐེམ་སྐས་སུ་གྱུར་
པ་འདི་སུའི་ལགས། དེས་སྨྲས་པ། ཁྱིམ་བདག་གདངས་ཅན་གྱིའོ། །འཕགས་པ་ཅི་གཙུག་ལག་ཁང་ལགས་སམ། འོན་ཏེ་ཕོངས་པ་ལགས། བཞིན་བཟངས། གཙུག་ལག་ཁང་ནི་ཇི་ལྟ་བུ། ཕོངས་པ་ནི་ཇི་ལྟ་བུ། འཕགས་པ་གང་ན་ཡོ་བྱད་ཕུན་སུམ་
ཚོགས་པ་ནི་གཙུག་ལག་ཁང་ལགས་ལ། གང་ན་ཡོ་བྱད་མ་མཆིས་པ་ནི་ཕོངས་པ་ལགས་སོ། །བཞིན་བཟངས་འདི་སྔོན་ནི་ཕོངས་པར་གྱུར་པ་ལས་ད་ནི་གཙུག་ལག་ཁང་དུ་གྱུར་ཏོ། །ཇི་ལྟར་གྱུར། བཞིན་བཟངས་ཁྱིམ་བདག་གདངས་ཅན་ལ་བུ་མོ་མངག་གཞུག་མ་
མགུ་བྱེད་ཅེས་བྱ་བ། དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ཞིག་ཡོད་པ་དེ་ཁྱིམ་བདག་དེས་འདིར་ལས་སུ་བསྐོས་ཏེ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཡོ་བྱད་ཐམས་ཅད་ཀྱིས་སྟོབས་ཤིག་ཅེས་བསྒོ་ནས། ད་ལྟར་དེ་སངས་རྒྱས་ལ་སོགས་པ་དགེ་
སློང་གི་དགེ་འདུན་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱེད་པས་དེས་ན་འདི་གཙུག་ལག་ཁང་ཡིན་ཏེ་ཕོངས་པ་མ་ཡིན་ནོ། །ཁྱིམ་བདག་གདངས་ཅན་གྱིས་ཐོས་ནས་དགའ་སྟེ་ཁྱིམ་དུ་སོང་ནས་དེས་བུ་མོ་མགུ་བྱེད་ཀྱི་ལག་ཏུ་ལྡེ་མིག་དང་། ལྡེ་མིག་ཀྱོག་པོ་གཏད་ནས་
เล่ม ๘ · หน้า 148a
ནང་མི་རྣམས་ལ་སྨྲས་པ། ཁྱེད་ཅག་མགུ་བྱེད་ཀྱིས་ཅི་བྱིན་པ་དེས་གནས་པར་གྱིས་ཤིག །ཀཽ་ཤཱམྦཱི་ན་གནས་པའི་སྐྱེ་བོའི་ཚོགས་རྣམས་ཀྱང་བསྡུས་ཏེ་སྨྲས་པ། ཤེས་ལྡན་དག་ཁོ་བོས་བུ་མོ་མགུ་བྱེད་འདི་བྲན་མོ་ལས་ཕྱུང་སྟེ་ཁྱིམ་གྱི་བདག་མོར་བཅུག་གོ་ཞེས་
བསྒྲགས་སོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཁྱིམ་བདག་གདངས་ཅན་རྒྱལ་པོ་ཤར་པས་གདངས་ལས་འཚལ་བ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་
དག་ད་ལྟར་དུ་མ་ཟད་དེ་འདི་ལྟར་འདས་པའི་དུས་ན་ཡང་ཁྱིམ་བདག་གདངས་ཅན་འདི་རྒྱལ་པོ་ཤར་པས་གདངས་ལས་ཤེས་པར་གྱུར་ཏེ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྒྱལ་པོ་ཚངས་བྱིན་ཞེས་བྱ་བས་རྒྱལ་སྲིད་འབྱོར་པ། རྒྱས་པ། བདེ་བ། ལོ་
ལེགས་པ། སྐྱེ་བོ་དང་མི་མང་པོས་གང་བ། ཐབ་མོ་དང་། འཐབ་པ་དང་། ཕྱི་དགྲ་དང་། ནང་འཁྲུག་རབ་ཏུ་ཞི་བ། ཆོམ་རྐུན་དང་། མུ་གེ་དང་། ནད་དང་བྲལ་བ། སཱ་ལུ་དང་། བུ་རམ་ཤིང་གི་ཕྲེང་བ་དང་། བ་ལང་དང་། མ་ཧེ་ཕུན་སུམ་ཚོགས་པ་བྱེད་དུ་བཅུག་སྟེ།
ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོས་ཆོས་ཀྱིས་རྒྱལ་སྲིད་བྱེད་དུ་བཅུག་གོ། །ཇི་ཙམ་དུས་གཞན་ཞིག་ན་ལྟས་པ་དག་གིས་ལོ་བཅུ་གཉིས་སུ་ཆར་མི་འབབ་པར་ལུང་བསྟན་ནས་རྒྱལ་པོ་ཚངས་བྱིན་གྱིས་རང་གི་ཡུལ་དུ་དྲིལ་བསྒྲག་པ་བྱེད་དུ་བཅུག་སྟེ་ཕྱོགས་སུ་བསྒོ་བ། ངའི་ཡུལ་ན་
གནས་པ་དང་། ཕོ་བྲང་འཁོར་གྱི་མི་དག་ཉོན་ཅིག །ལྟས་པ་དག་གིས་ལོ་བཅུ་གཉིས་སུ་ཆར་མི་འབབ་པར་ལུང་བསྟན་གྱིས་དེའི་ཕྱིར་ཁྱེད་ཅག་ལས་གང་དག་ལ་ལོ་བཅུ་གཉིས་ཀྱི་ཟན་བདོག་པ་དེ་དག་གིས་ནི་འཁོད་པར་བྱའོ། །གང་དག་ལ་མི་བདོག་པ་དེ་དག་གིས་ནི་
གཞན་དུ་འདོང་བར་བྱ་ཞིང་ལོ་བཅུ་གཉིས་འདས་ནས་ཕྱིར་འོང་བར་བྱའོ། །དེའི་ཚེ་ན་བཱ་རཱ་ཎ་སཱི་ན་ཁྱིམ་བདག་གཟུངས་བྱེད་ཅེས་བྱ་བ་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ་ཞིག་འདུག་པ་དེས་མཛོད་པ་བོས་ཏེ་སྨྲས་པ།
เล่ม ๘ · หน้า 148b
ཀྭའི་ནང་རྗེ་མཛོད་པ་ཁོ་བོ་འཁོར་དང་བཅས་པའི་ལོ་བཅུ་གཉིས་ཀྱི་ཟན་ཡོད་དམ། དེས་སྨྲས་པ། ཇོ་བོ་མཆིས་སོ། །སངས་རྒྱས་རྣམས་འབྱུང་བ་མེད་པའི་ཚེ་རང་སངས་རྒྱས་དམན་པ་དང་བཀྲེན་པ་ལ་རྗེས་སུ་སྙིང་བརྩེ་བ། བས་མཐའི་གནས་མལ་ལ་དགའ་བ། བསེ་རུ་
ལྟ་བུ་གཅིག་པུ་འཇིག་རྟེན་གྱི་ཡོན་གནས་སུ་གྱུར་པ་དག་འཇིག་རྟེན་དུ་བྱུང་ངོ་། །ཇི་ཙམ་ན་རང་སངས་རྒྱས་ལྔ་བརྒྱ་ལྗོངས་རྒྱུ་ཞིང་འདོང་བ་ན་བཱ་རཱ་ཎ་སཱིར་ཕྱིན་ནས་དེ་དག་ཁྱིམ་བདག་གཟུངས་བྱེད་ཀྱི་གན་དུ་དོང་སྟེ་ཕྱིན་ནས་སྨྲས་པ། ཁྱིམ་བདག་ཁྱོད་ཀྱིས་ཁོ་བོ་ཅག་རབ་ཏུ་བྱུང་
བ་ལྔ་བརྒྱ་ལ་ལོ་བཅུ་གཉིས་སུ་མཁོ་བ་སྟོབས་པར་ནུས་སམ། དེས་སྨྲས་པ། འཕགས་པ་དག་ཇེ་མཛོད་པ་ལ་རྨས་ཏེ་སླད་ཀྱིས་གསོལ་ལོ་ཞེས་དེས་མཛོད་པ་བོས་ཏེ་སྨྲས་པ། ཀྭའི་ནང་རྗེ་མཛོད་པ་ཁོ་བོ་འཁོར་དང་བཅས་པ་དང་། རབ་ཏུ་བྱུང་བ་ལྔ་བརྒྱ་པོ་འདི་དག་གི་ལོ་བཅུ་
གཉིས་ཀྱི་ཟན་ཡོད་དམ། དེས་སྨྲས་པ། ཇོ་བོ་མཆིས་སོ། །ཁྱིམ་བདག་གཟུངས་བྱེད་ཀྱིས་རང་སངས་རྒྱས་ལྔ་བརྒྱ་པོ་དེ་དག་ལ་སྨྲས་པ། འཕགས་པ་དག་མཆིས་ཀྱིས་བཞུགས་ཤིག་དང་གསོལ་ལོ། །དེ་དག་དེར་འཁོད་དོ། །ཇི་ཙམ་ན་རང་སངས་རྒྱས་གཞན་ལྔ་བརྒྱ་
ལྗོངས་རྒྱུ་ཞིང་འདོང་བ་ན་བཱ་རཱ་ཎ་སཱིར་ཕྱིན་ནས་དེ་དག་ཀྱང་ཁྱིམ་བདག་གཟུངས་བྱེད་ཀྱི་གན་དུ་དོང་སྟེ་ཕྱིན་ནས་སྨྲས་པ། ཁྱིམ་བདག་ཁྱོད་ཀྱིས་ཁོ་བོ་ཅག་རབ་ཏུ་བྱུང་བ་ལྔ་བརྒྱ་ལ་ལོ་བཅུ་གཉིས་སུ་མཁོ་བ་སྟོབས་པར་ནུས་སམ། དེས་སྨྲས་པ། འཕགས་པ་དག་ཁྱེད་ལ་གསོལ་
ལགས་ན། ཅིའི་སླད་དུ་ཡང་སྒྲུབ་པར་མཛད། ཁྱིམ་བདག་དེ་དག་ཀྱང་གཞན་ལ་ཁོ་བོ་ཅག་ཀྱང་གཞན་ནོ། །འཕགས་པ་དག་ཇེ་མཛོད་པ་ལ་རྨས་ཏེ་སླད་ཀྱིས་གསོལ་ལོ་ཞེས་དེས་མཛོད་པ་བོས་ཏེ་སྨྲས་པ། ཀྭའི་ནང་རྗེ་མཛོད་པ་ཁོ་བོ་འཁོར་དང་བཅས་པ་དང་། རབ་ཏུ་བྱུང་
བ་སྟོང་གི་ལོ་བཅུ་གཉིས་ཀྱི་ཟན་ཡོད་དམ། དེས་སྨྲས་པ། ཇོ་བོ་མཆིས་སོ། །ཁྱིམ་བདག་གཟུངས་བྱེད་ཀྱིས་རང་སངས་རྒྱས་ལྔ་བརྒྱ་པོ་དེ་དག་ལ་སྨྲས་པ། འཕགས་པ་དག་མཆིས་ཀྱིས་བཞུགས་ཤིག་དང་གསོལ་ལོ། །དེ་དག་ཀྱང་དེར་འཁོད་དོ། །ཁྱིམ་བདག་གཟུངས་
เล่ม ๘ · หน้า 149a
བྱེད་ཀྱིས་སྦྱིན་པའི་ཁང་པ་རྩིག་ཏུ་བཅུག་སྟེ། སྦྱིན་པའི་ཞལ་ཏ་པའི་མི་དག་དང་སྤྱན་འདྲེན་བསྐོས་ནས། སྤྱན་འདྲེན་དེས་ཉི་མ་རེ་རེ་ཞིང་སོང་སྟེ་གདུགས་ཚོད་ལ་འབོད་པར་བྱེད་དོ། །སྤྱན་འདྲེན་དེས་ཁྱི་ཞིག་གསོས་པ་དེ་ཉི་མ་རེ་རེ་ཞིང་སྤྱན་འདྲེན་དེ་དང་ལྷན་ཅིག་འགྲོ་
བར་བྱེད་དོ། །ཇི་ཙམ་དུས་གཞན་ཞིག་ན་སྤྱན་འདྲེན་དེ་ལ་བྲེལ་བ་ཞིག་བྱུང་ནས། དེས་ཇེ་འདི་བསྒྲུབས་ཏེ་ཕྱིས་སྤྱན་དྲང་བར་བྱའོ་སྙམ་ནས་དེ་གཞན་དུ་སོང་བ་དང་། ཁྱི་དེས་དེ་མ་རྙེད་ནས་སྔོན་གོམས་པས་རང་སངས་རྒྱས་རྣམས་ཀྱི་གན་དུ་སོང་བ་དང་། དེར་ཡང་དེ་མ་མཐོང་
ནས་དེས་སྐད་ཕྱུང་ངོ་། །རང་སངས་རྒྱས་དེ་དག་གི་དགེ་འདུན་གྱི་གནས་བརྟན་གང་ཡིན་པ་དེས་སྨྲས་པ། ཚེ་དང་ལྡན་པ་དག་སྤྱན་འདྲེན་དུས་ལས་ཡོལ་ནས་ཁྱི་འདིས་སྤྱན་དྲངས་ཀྱིས་ཚུར་སྤྱོན་བཞུད་དོ། །དེ་ལྟར་བགྱིའོ་ཞེས་དེ་དག་འཕགས་པ་དང་། སྤྱན་འདྲེན་འོངས་ཏེ་
ཁྱི་དེས་དེ་མཐོང་ནས་སྐད་དབྱུང་བར་བརྩམས་པ་དང་། སྤྱན་འདྲེན་གྱིས་བསམས་པ། འདིས་འདི་དག་སྤྱན་དྲངས་པས་དེས་ན་བདག་ཉིད་ཆེན་པོ་འདི་དག་བྱོན་གོར་མ་ཆག་སྙམ་དུ་རིག་ནས་སྨྲས་པ། འཕགས་པ་དག་ཁྱེད་སུས་སྤྱན་དྲངས། དེ་དག་གིས་སྨྲས་པ། བཞིན་
བཟངས་ཁྱི་འདིས་སོ། །དེས་སྨྲས་པ། འཕགས་པ་དག་མ་ནོངས་ཀྱིས་སླད་ཀྱིས་ཀྱང་གང་གི་ཚེ་བདག་ལ་བྲེལ་བ་འགའ་ཞིག་བྱུང་བ་དེའི་ཚེ་ན་འདི་ཉིད་ཁྱེད་སྤྱན་འདྲེན་པར་འགྱུར་གྱིས་ཁྱེད་ཅག་གཤེགས་སུ་གསོལ། དགེ་སློང་དག་དེའི་ཚེ་དེའི་དུས་ན་ཁྱིམ་བདག་གཟུངས་
བྱེད་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ན་མཛོད་པ་གང་ཡིན་པ་དེ་ནི་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཡིན་ནོ། །དེའི་ཚེ་དེའི་དུས་ན་སྤྱན་འདྲེན་གང་ཡིན་པ་དེ་ནི་བད་སའི་རྒྱལ་པོ་ཤར་པ་ཡིན་ནོ། །དེའི་ཚེ་དེའི་དུས་ན་ཁྱི་གང་ཡིན་པ་དེ་ནི་ཁྱིམ་བདག་གདངས་
ཅན་ཡིན་ཏེ། ཁྱིམ་བདག་གདངས་ཅན་འདི་དེའི་ཚེ་ཡང་རྒྱལ་པོ་ཤར་པས་གདངས་ལས་ཤེས་པར་གྱུར་ལ། དེ་ལྟར་ཡང་འདི་དེས་གདངས་ལས་ཤེས་སོ། །རྒྱལ་པོ་གཟུགས་ཅན་སྙིང་པོའི་གན་དུ་མི་སྟོང་ཐུབ་གཅིག་འོངས་ནས་རྒྱལ་པོས་དེ་ལ་སྨྲས་པ། ཀྭའི་ནང་རྗེ་
เล่ม ๘ · หน้า 149b
ཁྱོད་སུ་ཡིན། དེས་སྨྲས་པ། ལྷ་བདག་སྟོང་ཐུབ་ལགས་སོ། །རྒྱལ་པོས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་སྟོང་ཐུབ་ལ་འཚོ་བ་བྱིན་ཅིག །དེ་དག་གིས་དེ་ལ་འཚོ་བ་བྱིན་ནོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་
ཅན་སྙིང་པོ་ལྷ་བརྒྱད་ཁྲི་དང་མ་ག་དྷཱ་པའི་བྲམ་ཟེ་དང་། ཁྱིམ་བདག་འབུམ་ཕྲག་དུ་མ་དང་ལྷན་ཅིག་བདེན་པ་དག་ལ་བཞག་པ་དེའི་ཚེ་ན་དེས་རྒྱལ་པོའི་ཁབ་ཏུ་དྲིལ་བསྒྲགས་པ་བྱེད་དུ་བཅུག་སྟེ་བསྒོ་བ། རྒྱལ་པོའི་ཁབ་ན་གནས་པ་དང་། ཕོ་བྲང་འཁོར་གྱི་མི་དང་། ཡུལ་ཐ་
དད་པ་ནས་ལྷགས་པའི་སྐྱེ་བོའི་ཚོགས་ཤེས་ལྡན་དག་ཉོན་ཅིག །ངའི་ཡུལ་དུ་སུས་ཀྱང་རྐུན་པོ་མི་བྱའོ། །ངའི་ཡུལ་དུ་གང་རྐུན་པོ་བྱེད་པ་དེ་ངས་ཡུལ་མེད་པར་བྱ་ཞིང་བརྐུས་པ་རྣམས་ཀྱི་ནོར་ནི་ང་རང་གི་མཛོད་དང་བང་བ་ནས་སྦྱིན་ནོ་ཞེས་བསྒོའོ། །གང་གི་ཚེ་བཅོམ་ལྡན་འདས་
ཀྱིས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གཞོན་ནུའི་དཔེའི་མདོས་བཏུལ་བ་དེའི་ཚེ་ན་དེས་ཀྱང་མཉན་ཡོད་དུ་དྲིལ་བསྒྲགས་པ་བྱེད་དུ་བཅུག་སྟེ་བསྒོ་བ། ངའི་ཡུལ་དུ་སུས་ཀྱང་རྐུན་པོ་མི་བྱའོ། །ངའི་ཡུལ་དུ་གང་རྐུན་པོ་བྱེད་པ་དེ་ངས་གསད་པར་བྱ་ཞིང་བརྐུས་པ་རྣམས་ཀྱི་
ནོར་ནི་ང་རང་གི་མཛོད་དང་བང་བ་ནས་སྦྱིན་ནོ་ཞེས་བསྒོའོ། །བར་དུ་ཡུལ་མ་ག་དྷཱ་ན་གནས་པའི་ཆོམ་རྐུན་པ་གང་དག་ཡིན་པ་དང་། ཡུལ་ཀོ་ས་ལ་ན་གནས་པའི་ཆོམ་རྐུན་པ་གང་དག་ཡིན་པ་དེ་དག་མཚམས་ཀྱི་བར་དུ་དོང་སྟེ་འཁོད་ཅིང་ཡུལ་མ་ག་དྷཱ་ནས་དོན་མཐུན་པ་གང་དག་འོང་
བ་དེ་དག་ཀྱང་འཇོམས་པར་བྱེད། ཡུལ་ཀོ་ས་ལ་ནས་དོན་མཐུན་པ་གང་དག་འོང་བ་དེ་དག་ཀྱང་འཇོམས་པར་བྱེད་ནས་ཐམས་ཅད་དུ་ཡུལ་མ་ག་དྷཱ་ན་འཁོད་པའི་ཆོམ་རྐུན་པ་གང་དག་ཡིན་པ་དང་། ཡུལ་ཀོ་ས་ལ་ན་འཁོད་པའི་ཆོམ་རྐུན་པ་གང་དག་ཡིན་པ་དེ་དག་མཚམས་ཀྱི་བར་
དུ་དོང་སྟེ་འཁོད་ཅིང་དོན་མཐུན་འཇོམས་པར་བྱེད་པས་དོན་མཐུན་འགྲོ་བ་དང་འོང་བ་རྒྱུན་ཆད་དེ། རྒྱལ་པོའི་དཔྱ་དང་ལོ་ཐང་མི་འདུའོ་ཞེས་བྱ་བ་དེ་ལྟ་བུའི་སྒྲ་གྲགས་པར་གྱུར་ཏོ། །རྒྱལ་པོ་གཟུགས་ཅན་སྙིང་པོས་དེ་ཐོས་ནས་རུ་གཅིག་བཏང་ན་དེ་བཅོམ་ཞིང་རབ་ཏུ་བཅོམ་སྟེ་ཕྱིར་འོངས་
เล่ม ๘ · หน้า 150a
སོ། །དེ་བཞིན་དུ་རུ་གཉིས་པ་དང་། རུ་གསུམ་པ་བཏང་ན་དེ་ཡང་བཅོམ་ཞིང་རབ་ཏུ་བཅོམ་སྟེ་ཕྱིར་འོངས་སོ། །ཇི་ཙམ་ན་ཡུལ་མ་ག་དྷཱ་ནས་དོན་མཐུན་ཡུལ་ཀོ་ས་ལར་འཕགས་པ་དེ་ཆོམ་རྐུན་པས་འཇིགས་པས་རྒྱལ་པོའི་ཁབ་ཏུ་ཞུགས་ཏེ་བསེལ་བ་ཚོལ་བར་
བྱེད་ནས་བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་སྨྲས་པ། ལྷ་སྟོང་ཐུབ་འདི་ལྷའི་འཚོ་བས་འཚོ་ན་ཅིའི་སླད་དུ་དོན་མཐུན་གྱི་བསེལ་མི་བགྱིད། རྒྱལ་པོས་སྨྲས་པ། དེ་འགྲོ་ལ་རག་གིས་ཐོང་ཤིག །བློན་པོ་རྣམས་ཀྱིས་དེ་བོས་ཏེ་སྨྲས་པ། ཀྭའི་ནང་རྗེ་ཁྱོད་རྒྱལ་པོའི་འཚོ་བས་
འཚོ་ལ་ཅིའི་ཕྱིར་རྒྱལ་པོའི་བཀའ་བཞིན་མི་བྱེད། དེས་སྨྲས་པ། ཁྱེད་ཀྱིས་བསྒོ་བ་གང་ཞིག་ཁོ་བོས་མ་བྱས་ན་དེ་སྐད་དུ་སྤྱོ་བར་བྱེད། དེ་དག་གིས་སྨྲས་པ། དོན་མཐུན་འདི་ཡུལ་ཀོ་ས་ལར་འགྲོས་འདིའི་བསེལ་གྱིས་ཤིག །དེས་སྨྲས་པ། མ་ཉེས་ཀྱིས་དེ་ལྟར་བྱའོ་
ཞེས་དེས་མདའ་ལྔ་བརྒྱ་པའི་དོང་པ་གཉིས་ཐོགས་ཏེ་ཤིང་རྟར་ཞུགས་ནས་དོན་མཐུན་གྱི་མདུན་དུ་འཕགས་སོ། །ཆོམ་རྐུན་པ་རྣམས་ཀྱིས་དེ་དོན་མཐུན་གྱི་མདུན་ནས་འོང་བ་ཐག་རིང་པོ་ཁོ་ན་ནས་མཐོང་ནས། དེ་ལ་ཕོ་ཉ་བཏང་སྟེ་བསྒོ་བ། ཆོམ་རྐུན་པའི་དམག་དཔོན་ན་རེ་ཤིང་རྟ་
ཕྱིར་ཟློག་ཤིག །གནོད་པ་ཐོབ་པར་གྱུར་ཏ་རེ་ཞེས་ཟེར་རོ། །དེས་སྨྲས་པ། དཔའ་བོ་ལ་དཔའ་བོའི་ཡོངས་སུ་སྤང་བ་བྱིན་ཅིག །ཆོམ་རྐུན་པའི་ཕོ་ཉས་སྨྲས་པ། ཅི་ཁྱོད་གཅིག་པུ་དཔའ་བོ་ཡིན་ནམ། ཁོ་བོ་ཅག་ཀྱང་དཔའ་བོ་ཡིན་གྱིས་ཕྱིར་ལོག་ཤིག །དེ་ནས་ཕན་
ཚུན་མདའ་ཁར་དགྱེ་བར་བརྩམས་ནས་དེས་ཆོམ་རྐུན་པའི་ཕོ་ཉའི་གནད་དུ་བསྣུན་ནས་དེ་ཕྱིར་ལོག་གོ། །དེ་བཞིན་དུ་ཆོམ་རྐུན་པ་གཉིས་དང་། བཞི་དང་། བརྒྱད་དང་། བཅུ་དྲུག་དང་། སུམ་བཅུ་རྩ་གཉིས་དང་། དྲུག་བཅུ་རྩ་བཞི་ནས་ཆོམ་རྐུན་པ་ལྔ་བརྒྱའི་བར་
དག་ལྷགས་ནས་དེས་དེ་དག་གི་གནད་དུ་བསྣུན་ནས་དེ་དག་ཕྱིར་ལོག་གོ། །དེ་བཞིན་དུ་ཆོམ་རྐུན་པ་གཞན་ལྔ་བརྒྱ་ལྷགས་ནས་དེས་དེ་དག་ལ་སྨྲས་པ། ངས་ཁྱེད་ཀྱི་ཆོམ་རྐུན་པ་ལྔ་བརྒྱ་བསད་ན་ཁྱེད་ཅག་ཀྱང་སྲོག་གིས་འགེབས་པར་མི་འདོད་དམ། ཕྱིར་ལོག་ཤིག །
เล่ม ๘ · หน้า 150b
ཆོམ་རྐུན་པ་རྣམས་ཀྱིས་སྨྲས་པ། ངེད་ཀྱི་གཅིག་ཀྱང་མ་སོད་ན་ཅིའི་ཕྱིར་ངེད་ཕྱིར་ལྡོག་ཁྱོད་ཀྱང་རུང་ངེད་ཀྱང་རུང་ངོ་། །དེས་སྨྲས་པ། གལ་ཏེ་ཁྱེད་ཅག་ཡིད་མི་ཆེས་ན་གང་དག་ངས་བསྣུན་པ་དེ་དག་གི་གོ་ཕུད་ཅིག །དེ་དག་གིས་གོ་འབུད་པར་བརྩམས་པ་དང་།
གང་གིས་ཇི་ལྟར་གོ་ཕུད་པ་དེ་དེ་ལྟར་དུས་ལ་བབ་ནས་ཆོམ་རྐུན་པ་དེ་དག་མི་འདི་ནི་གནོད་སྦྱིན་ཞིག་གོ་ཞེས་བྱེར་ཏེ་དོང་ངོ་། །སྟོང་ཐུབ་མཚམས་ཀྱི་བར་ན་འདུག་ཅིང་དེ་དོན་མཐུན་ཡུལ་ཀོ་ས་ལ་ནས་འོང་བ་གང་ཡིན་པ་དེའི་བསེལ་ཡང་བྱེད། ཡུལ་མ་ག་དྷཱ་ནས་འོང་བ་
གང་ཡིན་པ་དེའི་བསེལ་ཡང་བྱེད་དོ། །དེས་བསམས་པ། བདག་གིས་ཅིའི་ཕྱིར་ཕར་འགྲོ་ཚུར་འགྲོ་བྱ་འདི་ཉིད་དུ་འདུག་པར་བྱའོ་སྙམ་ནས་དེས་དེར་ཁྱིམ་བརྩིགས་ཏེ་འདུག་ནས་དོན་མཐུན་གཉི་གའི་བསྟི་གནས་སུའང་གྱུར། དེ་འབྲོག་ན་གནས་པ་ཡིན་པས་འབྲོག་གནས་
འབྲོག་གནས་ཞེས་བྱ་བའི་མིང་དུ་གྱུར་ཏོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་བདུན་བཅུ་རྩ་བཞི་པ། འབྲོག་གནས་སུ་དོན་མཐུན་དག་ལྷགས་ནས་ཁ་ཅིག་གིས་ནི་འབྲས་བཙོང་བར་བརྩམས་སོ། །ཁ་ཅིག་གིས་ནི་ཕྱེ་བཙོང་བར་བརྩམས།
ཁ་ཅིག་གིས་ནི་བེ་རེག །ཁ་ཅིག་གིས་ནི་ཁུར་བ། ཁ་ཅིག་གིས་ནི་རིལ་བུ་བཙོང་བར་བརྩམས་སོ། །ཆང་འཚོང་དག་གིས་ཀྱང་ཆང་བཙོང་བར་བརྩམས་ཏེ། དེ་ཉིད་དུ་འཁོད་ནས་དེར་ཚོང་འདུས་ཆགས་པར་གྱུར་ཏོ། །འབྲོག་གནས་ཀྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་
ལ་ཕྲིན་ཡིག་ལྷ་བདག་གིས་འདིར་ཚོང་འདུས་བཙུགས་ཀྱིས་ལྷས་འདིར་ཞལ་ཏ་པ་བཏང་བའི་རིགས་སོ་ཞེས་སྤྲིང་ངོ་། །རྒྱལ་པོས་བསམས་པ། གང་དུ་བདག་གི་རུ་གསུམ་བཅོམ་ཞིང་རབ་ཏུ་བཅོམ་ཞིང་འོངས་པ་དེར་དེས་ཚོང་འདུས་བཙུགས་པས་དེ་ནི་དེ་ཉིད་ཀྱིར་གྱུར་
ཅིག་སྙམ་ནས་དེས་དེ་ལ་ཕྲིན་ཡིག་ངས་ཚོང་འདུས་དེ་ཁྱོད་ལ་བྱིན་གྱིས་དེར་དཔྱ་དང་ལོ་ཐང་ཅི་འདུ་བ་དེ་དག་ཁྱོད་ཉིད་ཅི་དགར་སྤྱོད་ཅིག་ཅེས་སྤྲིང་ངོ་། །འབྲོག་གནས་སུ་ཚོང་འདུས་བཙུགས་ནས་འབྲོག་གནས་འབྲོག་གནས་ཞེས་བྱ་བའི་མིང་དུ་གྱུར་ཏོ། །འབྲོག་གནས་ན་
เล่ม ๘ · หน้า 151a
གནས་པའི་སྐྱེ་བོའི་ཚོགས་རྣམས་ཀྱིས་བསམས་པ། ཤེས་ལྡན་དག་བདག་ཅག་གང་ཅུང་ཟད་བདེ་བར་གནས་པ་གང་ཡིན་པ་དེ་ཐམས་ཅད་འབྲོག་གནས་ཀྱི་མཐུ་ཡིན་པས་བདག་ཅག་གིས་འདི་ལ་ཕན་པ་ཅུང་ཟད་བྱ་གོར་མ་ཆག་གོ་སྙམ་མོ། །དེ་ན་ཁ་
ཅིག་གིས་སྨྲས་པ། མ་ཉེས་ཀྱིས་དེ་བཞིན་བྱའོ། །ཅི་ཞིག་བྱ། དེ་ན་ཁ་ཅིག་གིས་སྨྲས་པ། བདག་ཅག་ལས་གང་སུ་ཡང་རུང་བ་བག་མ་གཏོང་བའམ། བག་མ་ལེན་པ་དེས་དེ་འཁོར་དང་བཅས་པ་ཟན་སྦྱིན་ཞིང་གོས་ཕྲུགས་རེ་ཡང་བསྐོན་པར་བྱའོ། །མ་ཉེས་ཀྱིས་དེ་
ལྟར་བྱའོ་ཞེས་དེ་དག་ལས་གང་བག་མ་གཏོང་བའམ། བག་མ་ལེན་པ་དེས་འབྲོག་གནས་འཁོར་དང་བཅས་པ་ཟན་སྦྱིན་ཞིང་གོས་ཕྲུགས་རེ་བསྐོན་པར་བྱེད་དོ། །ཇི་ཙམ་ན་མི་དབུལ་པོ་ཞིག་བག་མ་ལེན་དུ་ཉེ་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་ལ་འབྲོག་གནས་འཁོར་
དང་བཅས་པ་ཟན་སྦྱིན་ཞིང་གོས་ཕྲུགས་རེ་བསྐོན་པའི་འབྱོར་པ་ག་ལ་ཡོད་ཀྱིས། འདི་ལྟར་བདག་གིས་བག་མ་དེ་བླངས་ནས་དང་པོ་ཁོ་ནར་འབྲོག་གནས་ལ་དགའ་མགུར་སྤྱོད་དུ་ཕུལ་ལ། དེས་དགའ་མགུར་སྤྱད་ནས་དེའི་འོག་ཏུ་བདག་གིས་སྤྱད་པར་བྱའོ་སྙམ་དུ་རིག་ནས།
དེ་འབྲོག་གནས་ཀྱི་གན་དུ་སོང་སྟེ་མགོ་བོས་ཕྱག་འཚལ་ནས་སྨྲས་པ། གྲོང་དཔོན་བདག་བག་མ་ལེན་དུ་ཉེ་ན་བདག་ལ་ཁྱོད་འཁོར་དང་བཅས་པ་བཤོས་གསོལ་ཞིང་ན་བཟའ་ཕྲུགས་རེ་གསོལ་བའི་འབྱོར་པ་མ་མཆིས་ཀྱིས། འདི་ལྟར་བདག་གིས་བག་མ་དེ་བླངས་ནས་
དང་པོ་ཁོ་ནར་ཁྱོད་ལ་དགའ་མགུར་སྤྱོད་དུ་འབུལ་གྱིས། ཁྱོད་ཀྱིས་དགའ་མགུར་སྤྱད་ནས་དེའི་འོག་ཏུ་བདག་གིས་སྤྱད་པར་བགྱིའོ། །འབྲོག་གནས་ཀྱིས་སྨྲས་པ། ཀྱེ་ནང་རྗེ་གང་ཡང་རུང་བ་བག་མ་ལེན་པའམ། བག་མ་གཏོང་བ་དེ་ཐམས་ཅད་ཀྱིས་ཁོ་བོ་འཁོར་
དང་བཅས་པ་ཟན་སྦྱིན་ཞིང་གོས་ཕྲུགས་རེ་བསྐོན་མི་དགོས་ཀྱིས་ཁྱོད་སོང་ལ་བག་ཡངས་སུ་བག་མ་ལོང་ཤིག །གྲོང་དཔོན་དེ་ལྟ་ལགས་མོད་ཀྱི་འོན་ཀྱང་བདག་འདི་ལྟར་དགའས་དང་དུ་བཞེས་ཤིག །བུད་མེད་ཀྱི་ཡུལ་ནི་དབང་པོ་རྣམས་འཕྲོག་ཅིང་དོན་དུ་
เล่ม ๘ · หน้า 151b
གཉེར་བར་འགྱུར་བ་ཡིན་པས་འབྲོག་གནས་ཀྱིས་དང་དུ་བླངས་སོ། །དེས་ཀྱང་བག་མ་བླངས་ནས་དང་པོ་ཁོ་ནར་འབྲོག་གནས་ལ་ཕུལ་ནས་དེས་ཀྱང་དགའ་མགུར་སྤྱད་དོ། །འབྲོག་གནས་འདོད་པ་ལ་འདོད་ཆགས་ཀྱིས་ལྷག་པར་ཆགས་པས་མི་དེ་ལ་བྱམས་པར་བྱ་བར་
བརྩམས་སོ། །གཞན་ཞིག་གིས་དེ་ལ་སྨྲས་པ། ཀྱེ་ནང་རྗེ་ཁྱོད་ལ་འབྲོག་གནས་ཏེ་པོར་བྱམས་པར་གྱུར་པ་འདི་ལ་རྒྱུ་ཅི་ཡོད། དེས་ཇི་ལྟར་གྱུར་པ་སྨྲས་པ་དང་། དེས་ཀྱང་དེ་བཞིན་བྱ་བར་བརྩམས་སོ། །གཞན་ཞིག་གིས་དེ་ལ་དྲིས་པ་དང་། དེས་ཀྱང་དེ་ལ་ཇི་
ལྟར་གྱུར་པ་བརྗོད་པ་དང་། དེས་ཀྱང་དེ་བཞིན་བྱ་བར་བརྩམས་སོ། །གཞན་ཞིག་གིས་ཀྱང་དེ་ལ་དྲིས་པ་དང་། དེས་ཀྱང་དེ་ལ་ཇི་ལྟར་གྱུར་པ་བརྗོད་པ་ནས་དེས་ཀྱང་དེ་བཞིན་བྱ་བར་བརྩམས་ཏེ། དེ་ལྟ་བུའི་ཚུལ་གྱིས་དེ་ན་དམ་པ་མ་ཡིན་པའི་ཆོས་འཕེལ་བར་གྱུར་
ཏོ། །འབྲོག་གནས་ཀྱིས་ཚོང་འདུས་དེར་ལྷ་ཁང་རྩིག་ཏུ་བཅུག་ནས་དེ་ན་གང་ཡང་རུང་བས་བག་མ་བླངས་པ་དེས་བུ་མོ་དེ་ལྷ་ཁང་དེ་བསྐོར་དུ་བཅུག་ནས་འབྲོག་གནས་ཀྱི་གན་དུ་གཏོང་ཞིང་འབྲོག་གནས་ཀྱིས་དེ་དང་པོར་དགའ་མགུར་སྤྱོད་པར་བྱེད་དོ། །ཇི་ཙམ་དུས་
གཞན་ཞིག་ན་གཞོན་ནུ་མ་ཆེན་མོ་ཞིག་བག་མར་འགྲོར་ཉེ་ནས་དེས་བསམས་པ། བདག་ལ་ཡང་དང་པོར་འབྲོག་གནས་དགའ་མགུར་སྤྱོད་པར་འགྱུར་ཞིང་ཕྱིས་ཁྱིམ་ཐབ་སྤྱོད་པར་འགྱུར་ན་མི་རུང་གིས་ཅི་ནས་ཀྱང་འབྲོག་གནས་འདི་གསད་པར་འགྱུར་བ་དེ་ལྟ་བུའི་ཐབས་ཀྱི་རྣམ་པ་
ཞིག་བྱའོ་སྙམ་ནས་དེས་ཇི་ཙམ་ནས་ཕྱོགས་ཤིག་ཏུ་སྐྱེ་བོ་ཕལ་པོ་ཆེའི་ཚོགས་འདུག་ཅིང་མཐུན་པར་གྱུར་པ་དེ་ལོགས་སུ་ཁ་བལྟས་ཏེ་སྒྲེན་མོར་བྱུང་ནས་གཅིན་རྒྱང་བྱས་པ་དང་། སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱིས་དེ་མཐོང་ནས་དེ་དག་མི་དགའ་བར་སེམས་པར་གྱུར་ཏེ་སྨྲས་པ།
བུ་མོ་ངོ་ཚ་དང་ཁྲེལ་མེད་པ་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ལ་མདུན་གྱིས་ཕྱོགས་ཏེ་སྒྲེན་མོར་བྱུང་ནས་གཅིན་རྒྱང་བྱེད་པ་འདི་སུའི་ཡིན། བུ་མོ་དེས་དེ་ཐོས་ནས་སྨྲས་པ། ཁྱེད་ཅག་ཀྱང་ཕོ་ཡིན་ནམ། འོ་ན་ངེད་ཅི་ཡིན། ཁྱེད་ཅག་ཕོ་མ་ཡིན་གྱི་འབྲོག་གནས་འབའ་ཞིག་
เล่ม ๘ · หน้า 152a
ཕོ་ཡིན་པས་དེས་ཁྱེད་ཀྱི་ཆུང་མ་བླངས་སོ་ཅོག་དང་པོར་དགའ་མགུར་སྤྱད་དེ། ཁྱེད་ཅག་ཕྱིས་དེའི་མི་གཙང་བ་འཁྲུ་བར་བྱེད་དོ། །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདིས་བདག་ཅག་གནས་སུ་སྤྱོས་ན། འདི་ལ་བདག་ཅག་གིས་ཇི་ལྟར་
བསྒྲུབ་པར་བྱ། དེ་ན་ཁ་ཅིག་གིས་སྨྲས་པ། འདི་ལ་གཞན་བསྒྲུབ་ཏུ་ཅི་ཡོད་འབྲོག་གནས་གསད་པར་བྱའོ། །གཞན་དག་གིས་སྨྲས་པ། དེ་ཇི་ལྟར་གསད་པར་བྱ་བ་དཔྱད་པར་བྱའོ་ཞེས་དེ་དག་དེ་ལྟར་གྲོས་བྱེད་པ་ན་ཁྱིམ་བདག་གཞན་ཞིག་གི་རྫིང་བུ་འབུལ་བ་ཉེ་
བར་གྱུར་ནས། དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཁྱིམ་བདག་ཆེ་གེ་མོ་ཞིག་གི་རྫིང་བུ་འབུལ་བ་ཉེ་བར་གྱུར་པས་དེར་དེ་མགྲོན་དུ་བོས་པའི་ཚེ་གསད་པར་བྱའོ། །ཇི་ཙམ་ན་ཁྱིམ་བདག་དེས་རྫིང་བུ་འབུལ་བའི་ཚེ་དེ་མགྲོན་དུ་བོས་པ་དང་། དེས་ཀྱང་དང་དུ་བླངས་
སོ། །རྒྱལ་པོ་གཟུགས་ཅན་སྙིང་པོས་དྲིལ་བསྒྲག་པ་བྱེད་དུ་བཅུག་སྟེ། ཕྱོགས་སུ་བསྒོ་བ། ངའི་ཡུལ་དུ་དགེ་སློང་གང་ལ་ལ་ཞིག་འོང་བར་གྱུར་ན། དེ་གལ་ཏེ་ངའི་མཛོད་དང་། ཁྱིམ་ན་བཟའ་བ་དང་བཏུང་བ་ཡོད་ན་ཟན་སྦྱིན་པར་བྱའོ། །གལ་ཏེ་མེད་ན་
སུས་མཐོང་བ་རང་གིས་བྱིན་ཅིག་དང་ཕྱིས་སྐྱིན་པ་ཉིས་གྱུར་ཏུ་སྦྱིན་ནོ་ཞེས་བཙིགས་ཡིག་ཏུ་ཡང་བྲིས་ཏེ་བཞག་གོ། །བར་དུ་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་གཉིས་མ་ག་དྷཱ་དག་ཏུ་ལྗོངས་རྒྱུ་ཞིང་འདོང་བ་ན་འབྲོག་གནས་སུ་ཕྱིན་ཏོ། །གྲོང་
དཔོན་འབྲོག་གནས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་གཉིས་མ་ག་དྷཱ་དག་ཏུ་ལྗོངས་རྒྱུ་ཞིང་འདོང་བ་ན་འབྲོག་གནས་སུ་ཕྱིན་ཅེས་ཐོས་སོ། །ཐོས་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། རྒྱལ་པོ་གཟུགས་ཅན་སྙིང་པོ་དེ་བསོད་ནམས་དག་གིས་ངོམས་
མི་མྱོང་བས་སྦྱིན་པ་དག་སྦྱིན་བསོད་ནམས་དག་བྱེད་ན། བདག་གིས་ཀྱང་ཅིའི་ཕྱིར་སྦྱིན་པ་དག་མི་སྦྱིན། བསོད་ནམས་དག་མི་བྱ་སྙམ་དུ་རིག་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་གཉིས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རྐང་པ་གཉིས་ལ་མགོ་
เล่ม ๘ · หน้า 152b
བོས་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་མདུན་དུ་འདུག་གོ། །དེ་གཉིས་ཀྱིས་དེ་ལ་ཆོས་བསྟན་ནས། དེས་དེ་གཉིས་བསོད་སྙོམས་ལ་བོས་ཏེ་ཟན་བྱིན་ནོ། །ཁྱིམ་བདག་དེས་འབྲོག་གནས་གཡར་འདྲེན་གྱིས་བོས་པ་དང་། དེས་ཡོན་བཤད་པ་མ་མཉན་པ་ཁོ་ནར་རྫིང་བུ་
འབུལ་བར་སོང་ངོ་། །འབྲོག་གནས་ན་གནས་པའི་སྐྱེ་བོའི་ཚོགས་ཀྱིས་ཀྱང་བརྡ་བྱས། མཚོན་ཐོགས་ནས་དེར་དོང་སྟེ། དེ་དག་གིས་འབྲོག་གནས་རྫིང་བུར་ཞུགས་པ་དང་། སྐྲ་བཀྲུའོ་ཞེས་འགྱུར་བྱེད་ཚ་བ་མགོར་བླུགས་ནས་མིག་ཆུ་འཛག་པར་གྱུར་ཏེ་ཅུང་ཟད་ཀྱང་མི་
མཐོང་བ་དང་། དེ་ནས་དེའི་སྟེང་དུ་འཁོར་ལོ་དང་། རྡོ་རྗེ་རྩེ་གཅིག་དང་། མདའ་བོ་ཆེ་དང་། མཚོན་རྩེ་གཅིག་པ་ལ་སོགས་པའི་མཚོན་དག་འཕང་བར་བརྩམས་ཏེ། དེ་གསད་པར་བཤམས་པ་ན་དེས་སྨྲས་པ། ཤེས་ལྡན་དག་ཁོ་བོས་ཁྱེད་ལ་ཉེས་པ་ཅི་བྱས།
དེ་དག་གིས་སྨྲས་པ། ཁྱེད་ཀྱིས་ཁོ་བོ་ཅག་གི་བག་མ་དང་པོར་དགའ་མགུར་སྤྱད་ཅིང་ཕྱིས་ཁོ་བོ་ཅག་གིས་སྤྱད་དོ། །དེས་སྨྲས་པ། ཁྱེད་ཅག་ཉིད་ཀྱིས་དམ་པ་མ་ཡིན་པའི་ཆོས་འདི་ཕྱུང་བས་འདི་ལ་ཁོ་བོས་ཅི་ཉེས། མ་གསད་པར་ཐོང་ཤིག །དེ་དག་གིས་དེ་དེ་ལྟར་ཤགས་འདེབས་བཞིན་དུ་
གསད་པར་བརྩམས་པ་དང་། དེས་སྲོག་དང་འབྲལ་ཀར་གནད་འཆད་ཀ་དང་ཚིག་འགྲོལ་ཀར་སེམས་བསྐྱེད་དེ་སྨོན་ལམ་བཏབ་པ། བདག་གིས་འཕགས་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་ལྷ་དང་མིས་མཆོད་པ་གཉིས་ལ་བསོད་སྙོམས་ཕུལ་བའི་དགེ་བའི་
རྩ་བ་དེས་བདག་གང་དུ་འདི་དག་གསོད་པར་འགྱུར་བ་དེར་སྐྱེ་བར་གྱུར་ཅིག་ཅེས་བཏབ་བོ། །ཆོས་ཉིད་ཀྱིས་ན་མར་འབྲི་བའི་དུས་ཀྱི་ཚེ་ན་སྨོན་ལམ་ལོག་པ་བཏབ་པ་དེ་ནི་མྱུར་དུ་འགྲུབ་པ་ཡིན་པས་དེས་སྨོན་ལམ་ལོག་པ་བཏབ་སྟེ། ཤི་ཞིང་དུས་ལ་བབ་ནས་གནོད་སྦྱིན་
གདུག་པ་རྣམས་ཀྱི་ནང་དུ་སྐྱེས་སོ། །དེ་ནས་དེ་གནས་འདོད་པས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི་གན་དུ་སོང་སྟེ་སྨྲས་པ། བཟོད་ལྡན་བདག་ལ་གནས་སྩོལ་ཅིག །དེས་སྨྲས་པ། འབྲོག་གནས་ཁྱེད་ཀྱི་གནས་འབྲོག་གནས་དེ་ཉིད་ཡིན་གྱིས་སོང་ཤིག །དེ་འབྲོག་གནས་
เล่ม ๘ · หน้า 153a
སུ་འོངས་ནས་མི་ངས་ཕྱུང་སྟེ་སྐྱེ་བོ་མང་པོ་ཤི་བར་གྱུར་ནས་ཁྲི་དང་ཁྲིར་འདོམ་པར་བྱས་སོ། །འབྲོག་གནས་ན་གནས་པའི་སྐྱེ་བོའི་ཚོགས་ཀྱིས་ལྟས་པ་དག་བཀུག་སྟེ་དྲིས་པ། ཤེས་ལྡན་དག་གང་གི་ཕྱིར་འདི་ལྟ་བུའི་ཡམས་བྱུང་བར་གྱུར་པ་འདི་ལ་རྒྱུ་
ཅི་ཡོད། དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཁྱེད་ཀྱིས་འབྲོག་གནས་བསད་པ་གང་ཡིན་པ་དེས་སྨོན་ལམ་ལོག་པ་བཏབ་པས་གནོད་སྦྱིན་གདུག་པ་རྣམས་ཀྱི་ནང་དུ་སྐྱེས་ཏེ་དེས་འདི་ལྟ་བུའི་ཡམས་ཕྱུང་ངོ་། །དེ་དག་གིས་ཤིང་རྟ་དང་ཤིང་རྟ་བཅས་ཏེ་འབྲོས་པར་བརྩམས་
པ་དང་། དེས་ཀྱང་འཇིགས་པ་དང་འཇིགས་སུ་རུང་བ་ཆེན་པོར་བདག་ཉིད་མངོན་པར་སྤྲུལ་ནས་འབྲོག་གནས་ན་གནས་པའི་སྐྱེ་བོའི་ཚོགས་འབྲོས་པའི་མདུན་དུ་འདུག་སྟེ་སྨྲས་པ། ད་གར་འདོང་དེང་ཁྱེད་ཅག་ཐམས་ཅད་བཟའོ། །དེ་དག་ཀུན་དུ་སྐྲག་པར་གྱུར་ཏེ་སྨྲས་པ།
གྲོང་དཔོན་བདག་ཅག་སྡིག་པ་བྱེད་པ་རྣམས་ལ་བཟོད་པ་མཛོད་ཅིག །དེས་སྨྲས་པ། དམ་ཚིག་གིས་བཟོད་པར་བྱ་སྟེ། གལ་ཏེ་ང་ལ་ཉི་མ་རེ་རེ་ཞིང་མི་སྟོང་སྟོང་འབུལ་ན་བཟོད་དོ། །དེ་དག་གིས་སྨྲས་པ། གྲོང་དཔོན་གལ་ཏེ་ཁྱོད་ལ་ཉི་མ་རེ་རེ་ཞིང་མི་སྟོང་སྟོང་ཕུལ་
ན་རིང་པོ་མི་ཐོགས་པར་འབྲོག་གནས་འདི་མི་སྣང་བར་འགྱུར་གྱིས་དངན་དུས་འདི་ཐོང་ལ་བདག་ཅག་ཕྱག་འཚལ་བ་རྣམས་ལ་བཟོད་པ་མཛོད་ཅིག །དེས་སྨྲས་པ། ཤེས་ལྡན་དག་ཁོ་བོ་ཡུན་རིང་པོ་ནས་སྨོན་པ། ཀྱེ་མ་འབྲོག་གནས་འདི་མི་སྣང་བར་གྱུར་ཅིག་སྙམ་
མོད་ཀྱི། འོན་ཀྱང་ཁོ་བོ་ལ་ཉི་མ་རེ་རེ་ཞིང་མི་ལྔ་བརྒྱ་ལྔ་བརྒྱ་ཕུལ་ཅིག་དང་བཟོད་པར་བྱའོ། །དེ་དག་གིས་ཡང་དེ་བཞིན་གསོལ་ནས་དེས་ཀྱང་མི་ཉིས་བརྒྱ་ལྔ་བཅུ་དང་བརྒྱའི་བར་དུ་ཕུལ་ཅིག་ཅེས་སྨྲས་སོ། །དེ་དག་གིས་སྨྲས་པ། གྲོང་དཔོན་དེ་ལྟ་ན་ཡང་བདག་ཅག་
ཉམས་པར་གྱུར་གྱིས་མང་པོས་ཅི་བྱ། བདག་ཅག་གིས་ཁྱོད་ལ་ཉི་མ་རེ་རེ་ཞིང་བ་ལང་དྲུག་དང་ལྡན་པའི་ཤིང་རྟ་ཟས་ཀྱིས་བཀང་བ་དང་། དེ་ཁྲིད་པའི་མི་གཅིག་དབུལ་གྱིས་བཟོད་པ་མཛོད་ཅིག །དེས་སྨྲས་པ། དེ་རུང་གིས་འདི་ལྟར་ཁྱེད་ཀྱིས་ངུ་བ་དག་གིས་དབུལ་
เล่ม ๘ · หน้า 153b
བར་མི་བྱ་བར་བྲོ་དང་། གླུ་དང་། སིལ་སྙན་གྱི་སྒྲས་དབུལ་བར་བྱའོ། །དེ་དག་གིས་ཀྱང་ཁས་བླངས་སོ། །དེ་ནས་འབྲོག་གནས་ན་གནས་པའི་སྐྱེ་བོའི་ཚོགས་ཐམས་ཅད་འདུས་ཏེ་གྲོས་བྱ་བར་བརྩམས་པ། ཤེས་ལྡན་དག་གནོད་སྦྱིན་གྱིས་བདག་ཅག་གནས་སྐབས་དེ་
ལྟར་བྱས་ན་འདི་ལ་ཇི་ལྟར་བསྒྲུབ་པར་བྱ། དེ་ན་ཁ་ཅིག་གིས་སྨྲས་པ། རེས་ཀྱིས་རེས་ཀྱིས་དབུལ་བར་བྱའོ། །ཁ་ཅིག་གིས་སྨྲས་པ། གང་ལ་རེས་བབ་པར་གྱུར་པ་དེ་ལ་བརྗོད་པ་ན་འཁྲུག་པ་སྐྱེ་བར་འགྱུར་གྱིས། འདི་ལྟར་ཁྱིམ་བྱང་བྲིས་ཏེ་རྫ་མར་བཅུག་ལ། གང་གི་
ཁྱིམ་བྱང་བྱུང་བ་དེ་འགྲོ་བར་བྱ་སྟེ། དེས་ཀྱང་མི་ཚལ་ཟ་དག་མི་གཏོང་བར་བདག་ཉིད་འགྲོ་བར་བྱ་བའམ། བུ་གཏང་བར་བྱའོ། །གང་ལ་བྲེལ་བ་བྱུང་སྟེ་མ་འདུས་པ་དེ་ལ་བབ་ན་དེའི་ཁྱིམ་དུ་ཁྱིམ་བྱང་དཔྱངས་ཏེ་བཞག་གོ། །དེའི་ཚེ་ན་འབྲོག་གནས་ན་ཁྱིམ་བདག་
ཅིག་འདུག་པ་དེ་ལ་བུ་མེད་ནས་དེ་ཡུན་རིང་པོ་ནས་ཀྱེ་མ་བདག་ལ་བུ་ཡོད་པར་གྱུར་ཅིག་ཅེས་སྨོན་ནས་སྟེས་དབང་གིས་དེའི་ཆུང་མ་ལ་སེམས་ཅན་ཞུགས་པར་གྱུར་ཏོ། །ཆུང་མ་དེ་བཙའ་བའི་དུས་ཀྱི་ཚེ་ཁྱིམ་བདག་དེ་བྱ་བ་ཞིག་ལ་ཕྱི་རོལ་དུ་བྱུང་བ་དང་། དེའི་ཉིན་མོ་དེ་ལ་
གནོད་སྦྱིན་ལ་གཏོར་མ་སྦྱིན་པའི་ཁྱིམ་བྱང་བྱུང་ནས་དེའི་རེས་སྦྲོན་པར་བསྐོས་པའི་མི་དག་གིས་དེའི་ཁྱིམ་བྱང་སྒོར་དཔྱངས་ཏེ་བཞག་གོ། །སྐབས་དེར་ཆུང་མ་དེ་བཙས་པ་ལས་ཁྱེའུ་ཞིག་བྱུང་ངོ་། །ཇི་ཙམ་ན་ཁྱིམ་བདག་དེ་ཕྱིར་འོངས་པ་དང་། དེས་ཁྱིམ་དུ་འཇུག་ཀར་ཁྱིམ་
བྱང་དེ་མཐོང་ནས་དེ་སྡུག་བསྔལ་ཞིང་ཡིད་མི་བདེ་བར་གྱུར་ཏེ། ཁྱིམ་དུ་ཞུགས་ནས་ཅང་མི་སྨྲ་བར་འདུག་གོ། །ཆུང་མས་དེ་ལ་སྨྲས་པ། རྗེའི་སྲས་དགྱེས་པ་སྐྱེད་ཅིག །ཁྱོད་ཀྱི་སྲས་བལྟམ་མོ། །དེ་ལྟ་ན་ཡང་དེ་ཅང་མི་སྨྲ་བ་ཁོ་ནར་འདུག་གོ། །ཆུང་མས་དེ་ལ་ལན་
གསུམ་གྱི་བར་དུ་དེ་སྐད་སྨྲས་ཀྱང་དེ་ཅང་མི་སྨྲ་བ་ཁོ་ནར་འདུག་ནས་ཡང་ཆུང་མས་སྨྲས་པ། རྗེའི་སྲས་ཁྱོད་ཡུན་རིང་པོ་ནས་ཀྱེ་མ་བདག་ལ་བུ་ཡོད་པར་གྱུར་ཅིག་ཅེས་སྨོན་པ་གང་ལགས་པ་དེ་ད་བཙས་ན་ཅིའི་སླད་དུ་ཅང་མི་གསུང་བར་བཞུགས། མཆོག་ཏུ་དགྱེས་པ་
เล่ม ๘ · หน้า 154a
སྐྱེད་ཅིག །དེས་སྨྲས་པ། བཟང་མོ་འདི་ནི་སྐྱེས་ན་ཁོ་བོ་ནི་མ་སྐྱེས་སོ། །རྗེའི་སྲས་ཅི་ནོངས། བཟང་མོ་གནོད་སྦྱིན་ལ་གཏོར་མ་དབུལ་བའི་ཕྱིར་ཁྱིམ་བྱང་འོངས་སོ། །རྗེའི་སྲས་གལ་ཏེ་དེ་ལྟ་ན་ཁྱོད་ཀྱི་སྲས་མཆི་བར་བས་མོད། སྐོལ་ཅག་ཡང་
མཇལ་ན་ཁྱོད་ལ་སྲས་མཆིས་པར་འགྱུར་རོ། །བཟང་མོ་འདི་ནི་ཁྲག་གི་ཐིགས་པ་ཡིན་པས་འདི་ཇི་ལྟར་གཏང་བར་བྱ། རྗེའི་སྲས་ཚོགས་པས་ཁྲིམས་སུ་བགྱི་བ་རྣམ་པར་བཞག་པ་ལས་བདག་ཉིད་འགྲོ་བར་བྱ་བའམ། བུ་གཏང་བར་བྱའོ་ཞེས་མི་འབྱུང་ངམ། འདི་
ཁྱོད་ཀྱི་སྲས་ལགས་པས་བདག་ཉིད་དང་མཉམ་པའི་སྡུག་པ་གཞན་མ་མཆིས་ཀྱིས་སྲས་འདི་ཐོང་ཤིག །དེས་གལ་ཏེ་ཁྱོད་དགའ་ན་སོང་ཤིག་ཅེས་དང་དུ་བླངས་སོ། །དེ་ནས་ཁྱིམ་བདག་གི་ཆུང་མ་དེས་མཚན་མོའི་མིག་ལམ་ཆད་པ་དང་། མར་མེ་དང་། བདུག་སྤོས་
དང་། ཕྲེང་བ་རྒྱུ་དང་། མེ་ཏོག་དག་གིས་མཆོད་པ་བྱས་ནས་ཁ་ཤར་ཕྱོགས་སུ་བལྟས་ཏེ་གསོལ་བ་གདབ་པར་བརྩམས་པ། འཇིག་རྟེན་དགེ་དུལ་ཞི་བ་དང་། །དབང་ཐུལ་རྣམས་ཀྱིས་མི་སྟོང་བས། །བུ་ཡི་དོན་དུ་དེར་འདུད་ཀྱིས། །བདག་གི་བྱིས་པ་བསྐྱབ་
ཏུ་གསོལ། །དེའི་སྐབས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ནི་མི་མཁྱེན་པ་དང་། མ་གཟིགས་པ་དང་། མ་རིག་པ་དང་། རྣམ་པར་མི་མཁྱེན་པ་ཅུང་ཟད་ཀྱང་མི་མངའ་བས་ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ལ་ཕན་པར་ཞུགས་པ་སྲུང་བ་གཅིག་པུ་
པ། ཉག་གཅིག་དཔའ་བ། གཉིས་པ་མེད་པ། གཉིས་སུ་མི་གསུང་བ། ཞི་གནས་དང་ལྷག་མཐོང་གིས་བཞུགས་པ། རིག་པ་གསུམ་གསལ་བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབས་པ། དུལ་བའི་གནས་གསུམ་གྱི་གཞི་ལ་མཁས་པ། ཆུ་
བོ་བཞི་ལས་རྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིས་སྤྱོད་པའི་གཞི་ལ་ལེགས་པར་གནས་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་ཡོངས་སུ་སྦྱང་བ་མཛད་པ། མི་འཇིགས་པ་བཞིས་བསྙེངས་པ་མི་མངའ་བ། ཡན་ལག་ལྔ་སྤངས་པ། འགྲོ་བ་ལྔ་ལས་ཡང་
เล่ม ๘ · หน้า 154b
དག་པར་འདས་པ། ཡན་ལག་དྲུག་དང་ལྡན་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། རྟག་ཏུ་གནས་པ་དྲུག་གིས་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། ལམ་གྱི་ཡན་ལག་བརྒྱད་སྟོན་པ། མཐར་གྱིས་སྙོམས་པར་འཇུག་
པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་སྙན་པས་ཡང་དག་པར་རྒྱས་པ། བརྒྱ་ཕྲག་བཅུར་དབང་སྒྱུར་བ་ལས་ཁྱད་པར་དུ་འཕགས་པ་རྣམས་ཀྱི་ཆོས་ཉིད་ནི་ཉིན་ལན་གསུམ། མཚན་ལན་གསུམ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་
རྟེན་ལ་རྣམ་པར་གཟིགས་ནས་གང་ནི་ཉམས་པར་གྱུར། གང་ནི་འཕེལ་བར་གྱུར། གང་ནི་གནོད་པར་གྱུར། གང་ནི་ཉམ་ང་བར་གྱུར། གང་ནི་མི་བདེ་བར་གྱུར། གང་ནི་གནོད་པ་དང་། ཉམ་ང་བ་དང་། མི་བདེ་བར་གྱུར། གང་ནི་ངན་སོང་ལ་གཞོལ།
གང་ནི་ངན་སོང་ལ་འབབ། གང་ནི་ངན་སོང་ལ་བབ། ངས་གང་ནི་ངན་སོང་གི་ལམ་ནས་བསླང་སྟེ་མཐོ་རིས་དང་། ཐར་པ་དང་། འབྲས་བུ་ལ་གཞག་པར་བྱ། འདོད་པའི་འདམ་དུ་བྱིང་བ་གང་གི་ལག་ནས་ནི་དྲང་བར་བྱ། འཕགས་པའི་ནོར་གྱི་དབྱིག་དང་བྲལ་
བ་གང་ནི་འཕགས་པའི་ནོར་གྱི་དབང་ཕྱུག་ལ་གཞག་པར་བྱ། གང་གི་སངས་རྒྱས་འབྱུང་བས་བརྒྱན་པའི་འཇིག་རྟེན་ནི་འབྲས་བུ་དང་བཅས་པར་བྱ། གང་གི་དགེ་བའི་རྩ་བ་དག་མ་བསྐྱེད་པ་ནི་བསྐྱེད་པར་བྱ། གང་གི་དགེ་བའི་རྩ་བ་དག་བསྐྱེད་པ་ནི་ཡོངས་སུ་
སྨིན་པར་བྱ། ཡོངས་སུ་སྨིན་པ་གང་ནི་རྣམ་པར་གྲོལ་བར་བྱ་ཞེས་མཁྱེན་པ་དང་གཟིགས་པ་འཇུག་གོ། །སྨྲས་པ། ཆུ་སྲིན་གནས་ཀྱི་དུག་ཅན་པ། །དུས་ལས་འདའ་བར་འགྱུར་སྲིད་ཀྱི། །སངས་རྒྱས་གདུལ་ལ་བྱམས་པ་ནི། །དུས་ལས་འདའ་བར་མི་
འགྱུར་རོ། །ཇི་ལྟར་མ་ནི་བུ་སྡུག་གཅིག་པུ་ལ། །རྟོག་ཅིང་དེ་སྲོག་སྲུང་བར་བྱེད་པ་ལྟར། །དེ་བཞིན་གཤེགས་པའང་གདུལ་བའི་སྐྱེ་བོ་ལ། །རྟོག་པ་མཛད་ཅིང་དེ་སྲོག་སྲུང་བར་མཛད། །ཀུན་མཁྱེན་རྒྱུད་ལ་མངའ་བའི་ཐུགས་རྗེ་ཡི། །བཞོན་མ་གདུལ་བའི་བེའུ་
เล่ม ๘ · หน้า 155a
ཚོལ་མི་སྐྱོ་སྟེ། །སྲིད་དང་ངན་འགྲོས་ཉམས་ལ་བྱམས་པ་ནི། །རབ་ཉམས་བེའུ་ལ་བྱམས་པའི་བ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱེའུ་དེ་ནི་སྔོན་གྱི་སངས་རྒྱས་རྣམས་ལ་བྱ་བ་ལྷག་པར་བྱས་པ་ཡིན་པས་དེ་ལ་ཕན་གདགས་པར་བྱ་
ཞིང་། གནོད་སྦྱིན་འབྲོག་གནས་ཀྱང་གདུལ་བར་བྱའོ་སྙམ་དུ་རིག་ནས་མ་ག་དྷཱ་དག་ཏུ་ལྗོངས་རྒྱུ་ཞིང་གཤེགས་ནས་འབྲོག་གནས་སུ་བྱོན་ཏེ་གནོད་སྦྱིན་འབྲོག་གནས་ཀྱི་གནས་སུ་མཚན་མོ་གནས་པར་ཞལ་གྱིས་བཞེས་སོ། །དེའི་ཚེ་ན་གནོད་སྦྱིན་འབྲོག་གནས་གནོད་
སྦྱིན་རྣམས་ཀྱི་གནོད་སྦྱིན་འདུ་བར་སོང་བར་གྱུར་ཏོ། །གནོད་སྦྱིན་བོང་བུ་བས་བཅོམ་ལྡན་འདས་གནོད་སྦྱིན་འབྲོག་གནས་ཀྱི་གནས་སུ་མཚན་མོ་གནས་པར་ཞལ་གྱིས་བཞེས་པ་མཐོང་ངོ་། །མཐོང་ནས་ཀྱང་གནོད་སྦྱིན་འབྲོག་གནས་ག་ལ་བ་དེར་སོང་སྟེ་ཕྱིན་
ནས་གནོད་སྦྱིན་འབྲོག་གནས་ལ་འདི་སྐད་ཅེས་སྨྲས་སོ། །གྲོང་དཔོན་ཁྱོད་ཀྱི་གནས་སུ་བཅོམ་ལྡན་འདས་མཚན་མོ་གནས་པར་ཞལ་གྱིས་བཞེས་པ་གང་ཡིན་པ་དེ་ནི་ཁྱོད་ཀྱིས་རྙེད་པ་ལེགས་པར་རྙེད་དོ། །གྲོང་དཔོན་མིར་གྱུར་པ་ཡང་བདག་གི་གནས་སུ་མཚན་མོ་
གནས་པར་ཁས་ལེན་ཏམ། གྲོང་དཔོན་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །གྲོང་དཔོན་དེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
རྒྱས་ཡིན་ནམ། འོན་ཏེ་མ་ཡིན་པ་ད་ཤེས་པར་བྱའོ། །དེ་ནས་གནོད་སྦྱིན་འབྲོག་གནས་ཀྱིས་གནོད་སྦྱིན་རྣམས་ཀྱི་གནོད་སྦྱིན་འདུ་བ་ཟིལ་གྱིས་མནན་ནས་རང་གི་གནས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཕྱིར་
བྱུང་ཤིག །བཅོམ་ལྡན་འདས་ཀྱིས་འདི་ནི་གཞན་གྱིས་ཡོངས་སུ་བཟུང་བའོ་སྙམ་དུ་དགོངས་ནས་སླར་བྱུང་ངོ་། །དགེ་སྦྱོང་ཞུགས་ཤིག །བཅོམ་ལྡན་འདས་རྒྱགས་པ་དང་། ང་རྒྱལ་ངེས་པར་བཅོམ་པའི་ཕྱིར་ཞུགས་སོ། །གནོད་སྦྱིན་འབྲོག་གནས་ཀྱིས་ལན་
เล่ม ๘ · หน้า 155b
གཉིས་སུ་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཕྱིར་བྱུང་ཤིག །བཅོམ་ལྡན་འདས་ཀྱིས་འདི་ནི་གཞན་གྱིས་ཡོངས་སུ་བཟུང་བའོ་སྙམ་དུ་དགོངས་ནས་སླར་བྱུང་ངོ་། །དགེ་སྦྱོང་ཞུགས་ཤིག །བཅོམ་ལྡན་འདས་རྒྱགས་པ་དང་། ང་རྒྱལ་ངེས་
པར་བཅོམ་པའི་ཕྱིར་ཞུགས་སོ། །གནོད་སྦྱིན་འབྲོག་གནས་ཀྱིས་ལན་གསུམ་དུ་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཕྱིར་བྱུང་ཤིག །བཅོམ་ལྡན་འདས་ཀྱིས་འདི་ནི་གཞན་གྱིས་ཡོངས་སུ་བཟུང་བའོ་སྙམ་དུ་དགོངས་ནས་སླར་བྱུང་ངོ་། །དགེ་
སྦྱོང་ཞུགས་ཤིག །བཅོམ་ལྡན་འདས་རྒྱགས་པ་དང་། ང་རྒྱལ་ངེས་པར་བཅོམ་པའི་ཕྱིར་ཞུགས་སོ། །གནོད་སྦྱིན་འབྲོག་གནས་ཀྱིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཕྱིར་བྱུང་ཤིག །དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་
འབྲོག་གནས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གྲོང་དཔོན་ཁྱོད་ཀྱིས་ང་ལན་གསུམ་གྱི་བར་དུ་གནས་སུ་སྤྱན་དྲངས་པས་ད་ནི་མི་འབྱུང་ངོ་། །དགེ་སྦྱོང་དེའི་ཕྱིར་ཁྱོད་ལ་དྲི་བ་དྲིས། དྲི་བ་ལན་གདབ་པ་དེས་གལ་ཏེ་ཁོ་བོའི་སེམས་རངས་པར་བྱེད་ན་དེ་ལྟ་ན་ལེགས། གལ་
ཏེ་སེམས་རངས་པར་མི་བྱེད་ན་ཁྱོད་ཀྱི་སེམས་གཡེངས་པའམ། སྙིང་དགའས་པའམ། ཁ་ནས་ཁྲག་ཚ་བ་སྐྱུག་པའམ། ལག་པ་གཉིས་ནས་བཟུང་སྟེ་ཆུ་ཀླུང་སྐལ་ལྡན་ཤིང་རྟའི་ཕ་རོལ་གྱི་འགྲམ་དུ་འཕང་བར་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
གྲོང་དཔོན་ངས་འཇིག་རྟེན་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ། དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུ་དང་བཅས་པ། ལྷ་དང་མི་དང་བཅས་པའི་ནང་ན་གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་
ཀྱི་སེམས་གཡེངས་པའམ། ཐུགས་དགའས་པའམ། ཞལ་ནས་ཁྲག་ཚ་བ་བསྒྲལ་བའམ། ཕྱག་གཉིས་ནས་བཟུང་སྟེ་ཆུ་ཀླུང་སྐལ་ལྡན་ཤིང་རྟ་པའི་ཕ་རོལ་གྱི་འགྲམ་དུ་འཕེན་པ་ཡང་དག་པར་རྗེས་སུ་མ་མཐོང་གིས་གྲོང་དཔོན་འདི་ལྟར་ཅི་དང་ཅི་འདོད་པ་
เล่ม ๘ · หน้า 156a
ཞུས་ཤིག །དེ་ནས་འབྲོག་གནས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་གསོལ་པ།། །།བར་སྡོམ་ལ། གང་དང་ཇི་ལྟར་དུ་དང་ནི། །གང་ཞིག་རྒལ་དང་ཅི་ཡིས་རྒལ། །འདི་ན་སྐྱེས་བུའི་ནོར་མཆོག་གང་། །ཅི་ཞིག་ལེགས་སྤྱད་བདེ་སྤྱོད་འགྱུར། །
རོ་རྣམས་ནང་ན་མངར་མཆོག་ཅི། །ཇི་ལྟར་འཚོ་ན་འཚོ་མཆོག་བསྟན། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དད་པ་སྐྱེས་བུའི་ནོར་མཆོག་ཡིན། །ཆོས་ལ་ལེགས་སྤྱོད་བདེ་སྤྱོད་འགྱུར། །བདེན་པའི་རོ་རྣམས་མངར་མཆོག་ཡིན། །ཤེས་པས་འཚོ་ན་འཚོ་
མཆོག་བསྟན། །གནོད་སྦྱིན་གྱིས་གསོལ་པ། ཇི་ལྟར་གྲགས་དང་ལྡན་པར་འགྱུར། །ལོངས་སྤྱོད་ལྡན་པར་ཇི་ལྟར་འགྱུར། །ཇི་ལྟར་སྙན་པ་ཐོབ་འགྱུར་ཞིང་། །མཛའ་བཤེས་ཇི་ལྟར་རྙེད་པར་འགྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚུལ་ཁྲིམས་
ཀྱིས་ནི་གྲགས་ལྡན་འགྱུར། །སྦྱིན་པས་ལོངས་སྤྱོད་ལྡན་པར་འགྱུར། །བདེན་པས་སྙན་པ་ཐོབ་འགྱུར་ཏེ། །སྙིང་རྗེས་མཛའ་བཤེས་རྙེད་པར་འགྱུར། །གནོད་སྦྱིན་གྱིས་གསོལ་པ། དུ་ཞིག་གིས་ནི་འཇིག་རྟེན་འབྱུང་། །དུ་ཡིས་འདྲིས་པ་ཐོབ་པར་འགྱུར། །དུ་
ཞིག་གིས་ནི་འཇིག་རྟེན་བཀུར། །དུ་ཡིས་འཇིག་རྟེན་ཟིལ་གནོན་འགྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲུག་གིས་འཇིག་རྟེན་འབྱུང་འགྱུར་ཏེ། །དྲུག་གིས་འདྲིས་པ་ཐོབ་པར་འགྱུར། །དྲུག་གིས་འཇིག་རྟེན་བཀུར་འགྱུར་ཏེ། །དྲུག་གིས་འཇིག་རྟེན་
ཟིལ་གནོན་འགྱུར། །གནོད་སྦྱིན་གྱིས་གསོལ་པ། གདུགས་མཚན་གཡེལ་བ་མ་མཆིས་པ། །གང་ཞིག་འོང་བ་འདི་ལས་རྒལ། །དམིགས་མེད་རྟེན་པ་མ་མཆིས་པ། །ཟབ་མོར་གང་ཞིག་འབྱེད་མི་འགྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་ཀུན་
ཚུལ་ཁྲིམས་ལྡན་པ་དང་། །ལེགས་མཉམ་བཞག་ཅིང་ཤེས་རབ་ལྡན། །ནང་དུ་སེམས་ཤིང་དྲན་ལྡན་པ། །ཤིན་ཏུ་རྒལ་དཀའ་འདི་ལས་རྒལ། །འདོད་པའི་འདུ་ཤེས་ཆགས་བྲལ་ཞིང་། །གཟུགས་ཀྱི་ཀུན་སྦྱོར་མཐར་གྱུར་པ། །དེ་ནི་དམིགས་མེད་རྟེན་
เล่ม ๘ · หน้า 156b
མེད་པའི། །ཟབ་མོར་འབྱིང་བར་མི་འགྱུར་རོ། །གནོད་སྦྱིན་གྱིས་གསོལ་པ། ཅི་ཡིས་འོད་པ་རྒལ་བར་འགྱུར། །ཅི་ཞིག་གིས་ནི་རྒྱ་མཚོ་རྒལ། །ཅི་ཡིས་སྡུག་བསྔལ་སྤོང་བར་འགྱུར། །ཅི་ཞིག་གིས་ནི་ཡོངས་དག་འགྱུར། །བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། དད་པས་འོད་པ་རྒལ་བར་འགྱུར། །བག་ཡོད་པས་ནི་རྒྱ་མཚོ་རྒལ། །བརྩོན་པས་སྡུག་བསྔལ་སྤོང་བར་འགྱུར། །ཤེས་རབ་ཀྱིས་ནི་ཡོངས་དག་འགྱུར། །བདེན་དུལ་གཏོང་བ་མ་གཏོགས་པའི། །ཆོས་གཞན་འབའ་ཞིག་ཡོད་
དམ་ཞེས། །དགེ་སྦྱོང་བྲམ་ཟེ་སོ་སོ་ལ། །གཞན་དང་གཞན་དུ་ཁྱོད་དྲིས་ཤིག །གནོད་སྦྱིན་གྱིས་གསོལ་པ། དགེ་སྦྱོང་བྲམ་ཟེ་སོ་སོ་ལ། །ཅི་སླད་བཞིན་དུ་བདག་འདྲི་བགྱིད། །འདི་ལྟར་དཔའ་ཆེན་ཁྱོད་ཀྱིས་ནི། །ཆོས་འདི་ལེགས་པར་རབ་ཏུ་བཤད། །
ཀྱེ་མ་གནོད་སྦྱིན་བོང་བུ་པ། །གང་གིས་དེད་དཔོན་བླ་ན་མེད། །སངས་རྒྱས་བདག་ལ་བསྟན་གྱུར་པ། །ཁྱོད་ལ་ཁོ་བོ་བྱས་པ་གཟོ། །འདི་ནས་ཁོ་བོ་གྲོང་ནས་གྲོང་། །ཁྱིམ་ནས་ཁྱིམ་དུ་རྫོགས་སངས་དང་། །ཆོས་ཀྱི་ཆོས་ཉིད་བཟང་པོ་ལ། །འདུད་བཞིན་དུ་ནི་སྤྱད་
པར་བྱ། །དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་འབྲོག་གནས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཞིན་བཟངས་ཁྱོད་ཀྱིས་དགེ་སློང་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་གཉིས་ཟན་བྱིན་པས་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་བྱ་བ་ལས་ཁྱོད་ཀྱིས་
སྨོན་ལམ་ལོག་པ་བཏབ་པས་གནོད་སྦྱིན་གདུག་པ་རྣམས་ཀྱི་ནང་དུ་སྐྱེས་ཏེ། ད་ལྟར་དྲག་ཤུལ་ཅན། ལག་པ་ཁྲག་གིས་གོས་པ། ཉམས་པ་དང་རབ་ཏུ་ཉམས་པ་ལ་ཞེན་པ། གཞན་གྱི་སྲོག་འཕྲོག་པ། གཞན་གྱི་སྲོག་གཅོད་པས་འཚོ་བར་བྱེད་དེ། འདི་
ནས་ཤི་འཕོས་ན་ཁྱོད་ཀྱི་འགྲོ་བ་ནི་ཅིར་འགྱུར། སྐྱེ་བ་ནི་ཅིར་འགྱུར། ཚེ་ཕྱི་མ་ནི་ཅིར་འགྱུར། དེས་གསོལ་པ། བཅོམ་ལྡན་འདས་བདག་གིས་ཅི་བགྱི་བ་བཀའ་སྩལ་དུ་གསོལ། བཞིན་བཟངས་ཚུར་ཤོག །ཁྱོད་ངའི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང་། བསླབ་
เล่ม ๘ · หน้า 157a
པའི་གཞི་དག་ལོང་ལ་འབྲོག་གནས་ན་གནས་པའི་སྐྱེ་བོའི་ཚོགས་ལ་མི་འཇིགས་པ་བྱིན་ཅིག །བཙུན་པ་བདག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྐྱབས་སུ་མཆི་བ་དང་། བསླབ་པའི་གཞི་དག་ལེན་ཅིང་དེང་སླན་ཅད་འབྲོག་གནས་ན་གནས་པའི་སྐྱེ་བོའི་
ཚོགས་ལ་མི་འཇིགས་པ་སྩོལ་ཏོ། །དེས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་དག་བླངས་ཏེ། དེས་བསླབ་པའི་གཞི་དག་བླངས་ནས་ཚིགས་སུ་བཅད་པ་སྨྲས་པ། ཀྱེ་མ་སྟོན་པ་བདག་དོན་དུ། །སྡུམ་པར་ཡང་དག་གཤེགས་
གྱུར་ཏེ། །བདག་གིས་དེ་རིང་ཕྱི་མ་ཡི། །དོན་ནི་རབ་ཏུ་ཤེས་པར་གྱུར། །དེ་ནས་ཁྱིམ་བདག་དེས་བ་ལང་དྲུག་དང་ལྡན་པའི་ཤིང་རྟ་ཟས་ཀྱིས་བཀང་སྟེ་ཁྱེའུ་དེ་ཡང་ཤིང་རྟར་བཅུག་ནས་བྲོ་དང་། གླུ་དང་རོལ་མོའི་སྒྲས་གནོད་སྦྱིན་གྱི་དྲུང་དུ་འཕགས་པ་དང་། བྲམ་ཟེ་དང་།
ཁྱིམ་བདག་ཁ་ཅིག་གིས་ཐོས་ནས་སྨྲས་པ། ཤེས་ལྡན་དག་བྲོ་དང་། གླུ་དང་། རོལ་མོའི་སྒྲ་འདི་ཅི་ཡིན། ཁ་ཅིག་གིས་སྨྲས་པ། ཁྱེད་ཀྱིས་མི་ཤེས་སམ། འདི་ནི་ཁྲག་གི་ཐིགས་པ་དེ་གནོད་སྦྱིན་གྱི་གན་དུ་ཁྱེར་བ་ཡིན་ནོ། །སྐྱེ་བོ་ཕལ་པོ་ཆེའི་ཚོགས་འདུས་
ཏེ་སྨྲས་པ། ཤེས་ལྡན་དག་ཁྲག་གི་ཐིགས་པ་འདིས་གནོད་སྦྱིན་མི་མགུ་བས་གལ་ཏེ་འདི་མ་བཟློག་ན་གདོན་མི་ཟ་བར་གནོད་སྦྱིན་འཁྲུགས་པར་འགྱུར་ཞིང་། བདག་ཅག་ཐམས་ཅད་ལ་གནོད་པར་བྱེད་པར་འགྱུར་གྱིས། འདི་བཟློག་པར་བྱའོ་ཞེས་དེ་དག་གིས་དེ་
བཟློག་པར་བརྩམས་པ་དང་། དེས་སྨྲས་པ། ཤེས་ལྡན་དག་ཚོགས་ཀྱིས་ཁྲིམས་སུ་བྱ་བ་བཅས་པ་ལས་བདག་ཉིད་འགྲོ་བར་བྱ་བའམ། བུ་གཏང་བར་བྱའི་ཞེས་འབྱུང་བས་འདི་ཁོ་བོའི་བུ་ཡིན་ན་ཅིའི་ཕྱིར་ཟློག་པར་བྱེད། མི་ལྡོག་པར་འགྲོའོ། །དེ་དག་
ཅང་མི་སྨྲ་བར་འཁོད་དོ། །བཅོམ་ལྡན་འདས་ཀྱིས་བྲོ་དང་། གླུ་དང་རོལ་མོའི་སྒྲ་དེ་གསན་ཏོ། །གསན་ནས་ཀྱང་གནོད་སྦྱིན་འབྲོག་གནས་ལ་བཀའ་སྩལ་པ། གྲོང་དཔོན་བྲོ་དང་། གླུ་དང་རོལ་མོའི་སྒྲ་འདི་ཅི་ཡིན། བཙུན་པ་བདག་དམ་པ་མ་ལགས་པའི་ཆོས་སྡིག་པ་དེ་
เล่ม ๘ · หน้า 157b
ལས་སླར་ལོག་ཀྱང་སྐྱེ་བོ་དག་གིས་ད་དུང་དེ་བཞིན་དུ་འཛིན་པར་བགྱིད་ན་ཇི་ལྟར་བསྒྲུབ་པར་བགྱི་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོང་དཔོན་འདི་ཅི་ཡིན། དེས་ཇི་ལྟར་གྱུར་པ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོང་དཔོན་
དེང་ཟས་དང་། སྐོམ་ལོང་ལ་མི་ཡང་མ་ལེན། གླང་ཡང་མ་ལེན་ཅིག །དེས་བསམས་པ། འོངས་ཀྱང་རུང་གིས་བདག་གི་ཟན་ཐ་མ་འདི་བཅོམ་ལྡན་འདས་ལ་བསོད་སྙོམས་དབུལ་ལོ་སྙམ་མོ། །ཁྱིམ་བདག་དེས་ཁྱེའུ་དེ་ཤིང་རྟ་ནས་ཕྱུང་སྟེ་གནོད་སྦྱིན་ལ་བྱིན་ནོ། །གནོད་
སྦྱིན་གྱིས་ཀྱང་བཅོམ་ལྡན་འདས་ལ་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཕ་ལ་སྩལ་ཏོ། །དེ་ནས་ཕས་གསོལ་པ། བཅོམ་ལྡན་འདས་ཁྱེའུ་འདི་མིང་ཅིར་གདགས། བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པའི་དབྱངས་ཀྱིས་བཀའ་སྩལ་པ། བྱིས་པ་གང་
ཚེ་གནོད་སྦྱིན་གྱི། །ལག་ནས་ང་ཡི་ལག་ཏུ་ཐོབ། །ང་ཡི་ལག་ནས་ཕ་ཡི་ལག །དེ་ཡི་ཕྱིར་ན་ལག་བརྒྱུད་ཡིན། །དེའི་མིང་ལག་བརྒྱུད་ཅེས་བྱ་བར་བཏགས་སོ། །ཁྱིམ་བདག་དེས་དེ་ཁྱེར་ཏེ་འབྲོག་གནས་སུ་སོང་བ་དང་། སྐྱེ་བོའི་ཚོགས་ཀྱིས་མཐོང་ནས་སྨྲས་
པ། ཤེས་ལྡན་དག་འདི་འདི་ལྟར་གྱུར་ཅིང་། ཁྲག་གི་ཐིགས་པ་དེ་ཁྱེར་ཏེ་འོངས་པ་ལས་ན། གོར་མ་ཆག་པར་འདིས་གནོད་སྦྱིན་འཁྲུགས་པར་བྱས་སོ། །དེས་སྨྲས་པ། ཤེས་ལྡན་དག་གནོད་སྦྱིན་ག་ལ་འཁྲུགས་ཏེ། བཅོམ་ལྡན་འདས་ཁྱེའུ་འདི་ལ་ཐུགས་
བརྩེ་བའི་སླད་དུ་དེའི་གནས་སུ་མཚན་མོ་གནས་པར་ཞལ་གྱིས་བཞེས་ནས། བཅོམ་ལྡན་འདས་ཀྱིས་དེ་བཏུལ་ཏེ་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་དག་ལ་བཞག་ནས། དེས་འབྲོག་གནས་ན་གནས་པའི་སྐྱེ་བོའི་ཚོགས་ལ་མི་འཇིགས་པ་བྱིན་གྱིས་
འཚེར་འགྲིབ་མེད་པར་གྱིས་ཤིག །དེ་དག་ཤིན་ཏུ་དགའ་སྟེ་སྨྲས་པ། ཁྱེའུ་འདི་སྐྱེས་མ་ཐག་ཏུ་གནོད་སྦྱིན་འབྲོག་གནས་བཏུལ་བས་ཁྱེའུ་འདིའི་མིང་ལག་བརྒྱུད་འབྲོག་གནས་ཞེས་བྱའོ་ཞེས་དེའི་མིང་ལག་བརྒྱུད་འབྲོག་གནས་ཞེས་བྱ་བར་བཏགས་སོ། །དེ་
เล่ม ๘ · หน้า 158a
ཆེན་པོར་གྱུར་ནས་ཡི་གེ་དང་ཡིག་འབྲུ་དག་དང་། སྒྱུ་རྩལ་གཞན་དག་ལ་ཡང་ཤིན་ཏུ་མཁས་པར་གྱུར་ཏོ། །གང་གི་ཚེ་སྔོ་བསངས་ཅན་མགོ་བསྒྱུར་རན་པར་གྱུར་པ་དེའི་ཚེ་ན་དེ་སློང་བ་རྒྱལ་པོ་དག་དང་། ནོར་ཅན་དག་དང་། ཚོང་དཔོན་དག་དང་དེད་དཔོན་དག་
དང་། ཤཱཀྱ་དག་དང་། ཀཽ་དྱ་དག་དང་། ལིཙྪ་བཱི་དག་དང་། གཞན་ཡང་མང་པོ་དག་ལྷགས་པར་གྱུར་ནས། ཁྱིམ་བདག་གདངས་ཅན་འདི་སྙམ་དུ་མང་པོ་དག་སྔོ་བསངས་ཅན་སློང་སྟེ། གང་དག་ལ་མ་བྱིན་པ་དེ་དག་བདག་གི་དགྲ་བོར་འགྱུར་རོ་སྙམ་ནས་ལག་པ་ལ་
འགྲམ་པ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་འདུག་གོ། །སྔོ་བསངས་ཅན་གྱིས་དེ་མཐོང་ནས་སྨྲས་པ། ཡབ་ཁྱོད་ཅིའི་སླད་དུ་ཕྱག་ལ་ཞལ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་བཞུགས། དེས་སྨྲས་པ། བུ་མོ་ཁྱོད་སློང་བ་རྒྱལ་པོ་དག་དང་། ནོར་ཅན་དག་དང་། ཚོང་དཔོན་
དག་དང་། དེད་དཔོན་དག་དང་། ཤཱཀྱ་དག་དང་། ཀཽ་དྱ་དག་དང་། ལིཙྪ་བཱི་དག་དང་། གཞན་ཡང་མང་པོ་དག་ལྷགས་པས་གང་དག་ལ་ཁྱོད་མ་བྱིན་པ་དེ་དག་ངའི་དགྲར་འགྱུར་ན། ཁོ་བོ་ཇི་ལྟར་ལག་པ་ལ་འགྲམ་པ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་མི་འདུག་ཏུ་རུང་།
དེས་སྨྲས་པ། ཡབ་གལ་ཏེ་དེ་ལྟ་ན་མི་དགྱེས་པར་མ་མཛད་ཅིག་དང་། དེང་ནས་གདུགས་བདུན་ན་ངན་བུ་རང་གིས་གནས་བཙལ་བར་བགྱིའོ། །དེས་སྨྲས་པ། བུ་མོ་དེ་ལྟར་གྱིས་ཤིག །འོན་ཀྱང་རེ་ཞིག་ལྷ་ལ་ཞུ་བར་བྱའོ་ཞེས་དེ་བད་སའི་རྒྱལ་པོ་ཤར་པའི་གན་དུ་སོང་
སྟེ་སྨྲས་པ། ལྷ་དེང་ནས་གདུགས་བདུན་ན་སྔོ་བསངས་ཅན་རང་གིས་གནས་ཚོལ་བར་འགྱུར་གྱིས་ལྷས་གནང་བར་མཛོད་ཅིག །རྒྱལ་པོས་བསམས་པ། དེས་ང་མ་གཏོགས་པ་གཞན་སུ་ཞིག་ལ་གནས་ཚོལ་བར་འགྱུར་སྙམ་ནས་གནང་ངོ་། །དེས་གནང་ནས་བློན་པོ་རྣམས་
ལ་བསྒོ་བ། ཤེས་ལྡན་དག་གྲོང་ཁྱེར་མཛེས་པར་བྱེད་དུ་ཆུག་ལ། འདི་སྐད་ཅེས་དེང་ནས་ཉི་མ་བདུན་ནས་སྔོ་བསངས་ཅན་རང་གིས་གནས་ཚོལ་བར་འགྱུར་རོ་ཞེས་དྲིལ་སྒྲོགས་ཤིག །བློན་པོ་རྣམས་ཀྱིས་གྲོང་ཁྱེར་དེ་རྡོ་བ་དང་། གསེག་མ་དང་། གྱོ་མོ་མེད་པར་རྣམ་
เล่ม ๘ · หน้า 158b
པར་བཞག་ནས་ཙན་དན་གྱི་ཆུས་ཆག་ཆག་བཏབ་སྟེ། བདུག་སྤོས་དྲི་ཞིམ་པོའི་སྣོད་ཉེ་བར་བཞག་ནས་དར་གྱི་ཆུན་པོ་དཔྱངས་ཏེ། རྒྱལ་མཚན་དང་། བ་དན་བསྒྲེངས་ནས་མེ་ཏོག་སྣ་ཚོགས་བཀྲམ་སྟེ། ལྷའི་སྐྱེད་མོས་ཚལ་ལྟར་དགའ་བར་འགྱུར་བར་བྱས་ནས་དྲིལ་བསྒྲག་
པ་བྱེད་དུ་བཅུག་སྟེ། འདི་སྐད་ཅེས་ཀཽ་ཤཱམྦཱི་ན་གནས་པ་དང་། ཕོ་བྲང་འཁོར་གྱི་མི་དང་། ཡུལ་ཐ་དད་པ་དག་ནས་ལྷགས་པའི་སྐྱེ་བོའི་ཚོགས་ཤེས་ལྡན་དག་ཉོན་ཅིག །དེང་ནས་ཉི་མ་བདུན་ན་སྔོ་བསངས་ཅན་རང་གིས་གནས་ཚོལ་བར་འགྱུར་གྱིས། དེའི་ཕྱིར་ཁྱེད་ཅག་
གིས་འབྱོར་པ་ཇི་ལྟ་བ་བཞིན་དུ་འདུ་བར་བྱའོ་ཞེས་བསྒོའོ། །དེ་ནས་སྲོག་ཆགས་འབུམ་ཕྲག་དུ་མ་དག་འདུས་པར་གྱུར་པ་ན་ཉི་མ་བདུན་པ་ལ་སྔོ་བསངས་ཅན་རྒྱན་ཐམས་ཅད་ཀྱིས་བཀླུབས་ཏེ། ཤིང་རྟ་ལ་ཞོན་ནས་མེ་ཏོག་ཕྲེང་གི་ཆུན་པོ་ཐོགས་ཏེ་ཕྱིར་བྱུང་ནས་སྐྱེ་བོ་
ཕལ་པོ་ཆེའི་ཚོགས་ལ་བརྟག་པར་བརྩམས་པ་དང་། བད་སའི་རྒྱལ་པོ་ཤར་པ་འདི་སྙམ་དུ། འདིས་གོར་མ་ཆག་པར་བདག་གི་སྟེང་དུ་མེ་ཏོག་ཕྲེང་གི་ཆུན་པོ་འཕེན་པར་འགྱུར་རོ་སྙམ་ནས། སེམས་བསྡུས་ཏེ་བག་ཡོད་པར་རྟོག་ཅིང་འདུག་གོ། །སྔོ་བསངས་ཅན་
གྱིས་ཀུན་དུ་སྐྱེ་བོའི་ཚོགས་ལ་རྣམ་པར་བལྟས་ནས་དྲིས་པ། ཤེས་ལྡན་དག་གླང་པོ་ཆེའི་རྒྱབ་ཏུ་ཞོན་པ་འདི་དག་གང་གང་ཡིན། དེ་དག་གིས་སྨྲས་པ། འདི་ནི་རྒྱལ་པོ་གཟུགས་ཅན་སྙིང་པོའོ། །འདི་ནི་རྒྱལ་པོ་གསལ་རྒྱལ་ལོ། །འདི་ནི་རྒྱལ་པོ་ཚངས་བྱིན་ནོ། །འདི་
ནི་བད་སའི་རྒྱལ་པོ་ཤར་པའོ། །དེ་བཞིན་དུ་ནོར་ཅན་དག་དང་། ཚོང་དཔོན་དག་དང་། དེད་དཔོན་དག་དང་། ཀཽ་དྱ་དག་དང་། ཤཱཀྱ་དག་དང་། ལིཙྪ་བཱི་དག་དང་། གཞན་ཡང་མང་པོ་ཐམས་ཅད་སོ་སོར་དྲིས་ནས། དེའི་འོག་ཏུ་སྨྲས་པ། ཤེས་ལྡན་དག་ལག་བརྒྱུད་
འབྲོག་གནས་ཞེས་བྱ་བ་གང་ཡིན་པ་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་ལས་ཐར་བར་བྱས་པ་དེ་འདིར་ཤོག་ཤིག །སྐྱེ་བོའི་ཚོགས་ཀྱིས་སྨྲས་པ། དེ་མ་འོངས་སོ། །དེ་ཕྱོགས་གང་ན་འདུག །ག་གེ་མོ་ཞིག་ནའོ། །དེས་དེའི་ཕྱོགས་སུ་ཁ་བལྟས་ཏེ། དེ་བདག་གི་
เล่ม ๘ · หน้า 159a
ཁྱིམ་ཐབ་ཡིན་ནོ་ཞེས་མེ་ཏོག་ཕྲེང་གི་ཆུན་པོ་འཕངས་པ་དང་། རྒྱལ་པོ་དག་དང་། ནོར་ཅན་དག་དང་། ཚོང་དཔོན་དག་དང་། དེད་དཔོན་དག་དང་། ཀཽ་དྱ་དག་དང་། ཤཱཀྱ་དག་དང་། ལིཙྪ་བཱི་དག་དང་། གཞན་ཡང་མང་པོ་འདུས་པ་དག་ཕྱིར་ཕྱོགས་ཏེ་རང་
རང་གི་ཡུལ་དུ་དོང་ངོ་། །ཁྱིམ་བདག་གདངས་ཅན་བག་ཚ་ཞིང་ཡིད་མི་བདེ་ནས་སྔོ་བསངས་ཅན་ལ་སྨྲས་པ། བུ་མོ་གལ་ཏེ་ཁྱོད་ཀྱིས་ལག་བརྒྱུད་བདམས་པས་ཁོ་བོ་ལ་རྒྱལ་པོ་དག་གནོད་པ་བྱེད་པར་གྱུར་ན་མི་རུང་གིས་མྱུར་དུ་སོང་ཤིག །དེས་སྨྲས་པ། ཡབ་མ་
ནོངས་ཀྱིས་དེ་བཞིན་བགྱིའོ། །ཁྱིམ་བདག་གདངས་ཅན་གྱིས་དེ་བཞོན་པ་བཟང་པོ་སྦྱར་ཏེ་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་ནས་འཁོར་དང་བཅས་ཏེ་འབྲོག་གནས་སུ་བཏང་ངོ་། །དེའི་སྐབས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ནི་མི་མཁྱེན་པ་དང་། མ་གཟིགས་
པ་དང་། མ་རིག་པ་དང་། རྣམ་པར་མི་མཁྱེན་པ་ཅུང་ཟད་ཀྱང་མི་མངའ་བས་ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ལ་ཕན་པར་ཞུགས་པ། སྲུང་བ་གཅིག་པུ་པ། ཉག་གཅིག་དཔའ་བ། གཉིས་པ་མེད་པ། གཉིས་སུ་མི་གསུང་བ། ཞི་གནས་དང་ལྷག་མཐོང་གིས་
བཞུགས་པ། རིག་པ་གསུམ་གསལ་བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབས་པ། དུལ་བའི་གནས་གསུམ་གྱི་གཞི་ལ་མཁས་པ། ཆུ་བོ་བཞི་ལས་རྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིས། སྤྱོད་པའི་གཞི་ལ་ལེགས་པར་གནས་པ། བསྡུ་བའི་དངོས་
པོ་བཞི་ལ་ཡུན་རིང་པོ་ནས་ཡོངས་སུ་སྦྱང་བ་མཛད་པ། མི་འཇིགས་པ་བཞིས་བསྙེངས་པ་མི་མངའ་བ། ཡན་ལག་ལྔ་སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་འདས་པ་ཡན་ལག་དྲུག་དང་ལྡན་པ། ཕ་རོལ་དུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། རྟག་ཏུ་གནས་པ་དྲུག་
གིས་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། ལམ་གྱི་ཡན་ལག་བརྒྱད་སྟོན་པ། མཐར་གྱིས་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་སྙན་པས་ཡང་དག་པར་རྒྱས་པ། བརྒྱ་ཕྲག་བཅུར་
เล่ม ๘ · หน้า 159b
དབང་སྒྱུར་བ་ལ་ཁྱད་པར་དུ་འཕགས་པ་རྣམས་ཀྱི་ཆོས་ཉིད་ནི་ཉིན་ལན་གསུམ་མཚན་ལན་གསུམ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ནས། གང་ནི་ཉམས་པར་གྱུར། གང་ནི་འཕེལ་བར་གྱུར། གང་ནི་གནོད་པར་གྱུར། གང་ནི་ཉམ་ང་བར་
གྱུར། གང་ནི་མི་བདེ་བར་གྱུར། གང་ནི་གནོད་པ་དང་། ཉམ་ང་བ་དང་མི་བདེ་བར་གྱུར། གང་ནི་ངན་སོང་ལ་གཞོལ། གང་ནི་ངན་སོང་ལ་འབབ། གང་ནི་ངན་སོང་ལ་བབ། ངས་གང་ནི་ངན་སོང་གི་ལམ་ནས་བསླང་སྟེ་མཐོ་རིས་དང་། ཐར་པ་དང་འབྲས་བུ་ལ་
གཞག་པར་བྱ། འདོད་པའི་འདམ་དུ་བྱིང་བ་གང་གི་ལག་ནས་ནི་དྲང་བར་བྱ། འཕགས་པའི་ནོར་གྱི་དབྱིག་དང་བྲལ་བ་གང་ནི་འཕགས་པའི་ནོར་གྱི་དབང་ཕྱུག་ལ་གཞག་པར་བྱ། གང་གི་སངས་རྒྱས་འབྱུང་བས་བརྒྱན་པའི་འཇིག་རྟེན་ནི་འབྲས་བུ་དང་བཅས་པར་བྱ།
གང་གི་དགེ་བའི་རྩ་བ་དག་མ་བསྐྱེད་པ་ནི་བསྐྱེད་པར་བྱ། གང་གི་དགེ་བའི་རྩ་བ་དག་བསྐྱེད་པ་ནི་ཡོངས་སུ་སྨིན་པར་བྱ། ཡོངས་སུ་སྨིན་པ་གང་ནི་རྣམ་པར་གྲོལ་བར་བྱ་ཞེས་མཁྱེན་པ་དང་གཟིགས་པ་འཇུག་གོ། །སྨྲས་པ། ཆུ་སྲིན་གནས་ཀྱི་དུག་ཅན་པ། །དུས་ལས་
འདའ་བར་འགྱུར་སྲིད་ཀྱི། །སངས་རྒྱས་གདུལ་ལ་བྱམས་པ་ནི། །དུས་ལས་འདའ་བར་མི་འགྱུར་རོ། །ཇི་ལྟར་མ་ནི་བུ་སྡུག་གཅིག་པུ་ལ། །རྟོག་ཅིང་དེ་སྲོག་སྲུང་བར་བྱེད་པ་ལྟར། །དེ་བཞིན་གཤེགས་པའང་གདུལ་བའི་སྐྱེ་བོ་ལ། །རྟོག་པར་མཛད་ཅིང་དེ་སྲོག་སྲུང་བར་
མཛད། །ཀུན་མཁྱེན་རྒྱུད་ལ་མངའ་བའི་ཐུགས་རྗེ་ཡི། །བཞོན་མ་གདུལ་བའི་བེའུ་ཚོལ་མི་སྐྱོ་སྟེ། །སྲིད་དང་ངན་འགྲོས་ཉམས་ལ་བྱམས་པ་ནི། །རབ་ཉམས་བེའུ་ལ་བྱམས་པའི་བ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། གལ་ཏེ་ལག་བརྒྱུད་འབྲོག་གནས་ཀྱིས་
བདེན་པ་མ་མཐོང་བར་སྔོ་བསངས་ཅན་མཐོང་བར་གྱུར་ན་བདེན་པ་དག་གི་སྣོད་དུ་མི་འགྱུར་གྱིས། དེ་ལ་ཕན་གདགས་པའི་ཕྱིར་འབྲོག་གནས་སུ་འགྲོའོ་སྙམ་དུ་རིག་ནས། མ་ག་དྷཱ་དག་ཏུ་ལྗོངས་རྒྱུ་ཞིང་གཤེགས་པ་ན་འབྲོག་གནས་སུ་བྱོན་ནས་འབྲོག་གནས་སུ་མཚན་མོ་བ་ལང་
เล่ม ๘ · หน้า 160a
གི་ལམ་དུ་རྩྭ་བཏིང་བ་ལ་གནས་པར་ཞལ་གྱིས་བཞེས་སོ། །བ་ལང་རྫི་དག་དང་། ཕྱུགས་རྫི་དག་དང་། རྩྭ་ཐུན་དག་དང་། ཤིང་ཐུན་དག་དང་། ལམ་གྱིས་འཚོ་བ་དག་དང་། ལམ་གོལ་བས་འཚོ་བའི་མི་དག་གིས་བཅོམ་ལྡན་འདས་མཚན་མོ་བ་ལང་གི་ལམ་
ན་རྩྭ་བཏིང་བ་ལ་གནས་པར་ཞལ་གྱིས་བཞེས་པ་མཐོང་ངོ་། །མཐོང་ནས་ཀྱང་མྱུར་བ་མྱུར་བར་ལག་བརྒྱུད་འབྲོག་གནས་ཀྱི་གན་དུ་དོང་སྟེ་སྨྲས་པ། ཁྱིམ་བདག་གང་གིས་ཁྱོད་གནོད་སྦྱིན་ལས་ཐར་བར་མཛད་པའི་བཅོམ་ལྡན་འདས་དེ་འབྲོག་གནས་སུ་བྱོན་ནས་མཚན་མོ་བ་
ལང་གི་ལམ་ན་རྩྭ་བཏིང་བ་ལ་གནས་པར་ཞལ་གྱིས་བཞེས་སོ། །ལག་བརྒྱུད་འབྲོག་གནས་ཀྱིས་བསམས་པ། གལ་ཏེ་སང་འགྲོ་བར་བྱ་ན། བཅོམ་ལྡན་འདས་གཞན་དུ་གཤེགས་པར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་གྱིས་ང་ཉིད་འགྲོའོ་སྙམ་དུ་
རིག་ནས། མྱུར་བ་མྱུར་བར་འཕགས་པ་དང་ཇི་ཙམ་ན་སྒོ་ཆོད་དོ། །དེའི་སྐབས་སུ་སྔོ་བསངས་ཅན་ཡང་སྒོ་དྲུང་དུ་ཕྱིན་པ་དང་། དེས་ཀྱང་ནང་དུ་མ་ཆུད་དེ་སྒོ་དྲུང་དུ་མཚན་མོ་གནས་པར་ཁས་བླངས་སོ། །ནམ་ནངས་ནས་ལག་བརྒྱུད་འབྲོག་གནས་མྱུར་བ་མྱུར་བ་ཁོ་ནར་ཤིང་རྟ་
ལ་ཞོན་ཏེ་འབྲོག་གནས་ནས་ཕྱིར་བྱུང་བ་དང་། སྔོ་བསངས་ཅན་ཡང་ཤིང་རྟ་ལ་ཞོན་ཏེ། ནང་དུ་འཇུག་པ་ན་ལག་བརྒྱུད་འབྲོག་གནས་ཀྱིས་སྨྲས་པ། ཤིང་རྟ་ཟུར་ཅིག །སྔོ་བསངས་ཅན་གྱིས་ཀྱང་སྨྲས་པ། ཁྱོད་ཀྱི་ཤིང་རྟ་ཟུར་ཅིག །དེས་ཀྱང་མ་བཟུར། ཅིག་ཤོས་
ཀྱིས་ཀྱང་མ་བཟུར་ནས། སྔོ་བསངས་ཅན་གྱིས་བརྟགས་ཏེ་སྨྲས་པ། ཁྱོད་ལག་བརྒྱུད་འབྲོག་གནས་ཡིན་ནམ། དེས་སྨྲས་པ། ཁོ་བོ་སྐྱེ་བོ་དག་གིས་དེ་ལྟར་ཤེས་སོ། །ལག་བརྒྱུད་འབྲོག་གནས་ཀྱིས་ཀྱང་སྨྲས་པ། ཁྱོད་ཀྱང་སྔོ་བསངས་ཅན་ཡིན་ནམ། དེས་ཀྱང་སྨྲས་པ།
བདག་སྐྱེ་བོ་དག་གིས་དེ་ལྟར་ཤེས་སོ། །ལག་བརྒྱུད་འབྲོག་གནས་ཀྱིས་སྨྲས་པ། ཁོ་བོ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འགྲོས་ཤིང་རྟ་ཟུར་ཅིག །ཁྱོད་ཀྱང་རེ་ཞིག་ཁྱིམ་དུ་སོང་ཤིག །སྔོ་བསངས་ཅན་གྱིས་སྨྲས་པ། སྐྱེས་བུ་དམ་པའི་གན་དུ་སོང་ཤིག་ཅེས་སྔོ་བསངས་
เล่ม ๘ · หน้า 160b
ཅན་གྱི་ཤིང་རྟ་མཐའ་གཅིག་ཏུ་བཟུར་ཏོ། །ལག་བརྒྱུད་འབྲོག་གནས་ཀྱང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་ཁྱིམ་བདག་གི་སོ་སོར་ཀུན་དགའ་བར་བྱ་བས། བཅོམ་ལྡན་འདས་ཇི་ལྟ་བདེ་བར་གཟིམས་སམ་ཞེས་སོ་སོར་ཀུན་དགའ་
བར་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལག་བརྒྱུད་འབྲོག་གནས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་བརྒྱུད་འཇིག་རྟེན་ན་གང་དག་བདེ་བར་ཉལ་བར་བྱེད་པ་དེ་དག་གི་ནང་ན་ང་ཡང་འགའ་ཞིག་ཡིན་ནོ། །བཙུན་པ་དོག་ས་སྲ་ཞིང་བ་ལང་གི་རྩིད་པའི་གཞི་ཅན་
དུ་རས་སྲབ་མོའི་གདན་བཤམས་ཤིང་དགུན་སྨད་ཀྱི་དུས་ཀྱི་ཚེ་ཚེས་བརྒྱད་ཀྱི་བར་ལ་འོད་མ་འགས་པའི་བསེར་མ་དག་ལྡང་ལ། ཁྱོད་ཀྱི་ན་བཟའ་ངུར་སྨྲིག་འདི་དག་ནི་སྲབ་པས་སྐུ་ཡོངས་སུ་གདུང་བར་བགྱིད་ཀྱང་། བཅོམ་ལྡན་འདས་དེ་སྐད་ཅེས་འཇིག་རྟེན་ན་གང་དག་བདེ་བར་ཉལ་
བར་བྱེད་པ་དེ་དག་གི་ནང་ན་ང་ཡང་འགའ་ཞིག་ཡིན་ནོ་ཞེས་གསུང་ངམ། ལག་བརྒྱུད་དེའི་ཕྱིར་ཁྱོད་ཉིད་ལ་དྲིས། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་ལྟར་ལན་ཐོབ་ཤིག །ལག་བརྒྱུད་འདི་ལྟ་སྟེ་དཔེར་ན་འདི་ན་ཁྱིམ་བདག་གམ། ཁྱིམ་བདག་གི་བུ་ཕྱུག་པ། ནོར་མང་བ། ལོངས་
སྤྱོད་ཆེ་བ་འགའ་ཞིག་ཡོད་པར་གྱུར་ལ། དེའི་དོན་དུ་ཁང་བཟངས་རྩིག་ཏུ་བཅུག་ཅིང་ཁང་བཟངས་དེར་ཁང་པ་བརྩེགས་པ་རྩིག་ཏུ་བཅུག་ལ། ཁང་པ་བརྩེགས་པ་དེར་ཁྲི་ཤུར་བུས་བླས་པ་སྟན་སྦྱར་མ་བཏིང་བ། སྟན་ནང་ཚངས་ཅན་བཏིང་བ། སྟན་ཁྲ་བོ་བཏིང་བ།
སྟན་ཆེན་པོ་བཏིང་བ། སྟན་བཟང་པོ་བཏིང་བ། སུམ་ཚན་གྱི་གོས་ཀྱི་སྟེང་གཡོགས་བཏིང་བ། སྟེང་ནས་བགོ་བའི་གོས་དང་བཅས་པ་གཉིས་སུ་རྒྱབ་རྟེན་དམར་པོ་བཞག་པ་བཤམས་ཤིང་ཏིལ་མར་གྱི་མར་མེ་མཚན་ཐུབ་བཙུགས་ནས་ཆུང་མ་ཡིད་དུ་འོང་བ་ཞིག་
འདི་ལྟ་སྟེ། དགའ་མགུར་སྤྱད་པར་བྱ་བའི་ཕྱིར་ཉེ་བར་བཞག་ན་ལག་བརྒྱུད་འདི་ཇི་སྙམ་དུ་སེམས། མི་དེའི་མལ་བཅས་པ་བདེ་བའམ། སྡུག་བསྔལ་བ་ཡིན་སྙམ། བཙུན་པ་བདག་འདི་སྙམ་བགྱིད་དེ། འཇིག་རྟེན་ན་གང་དག་བདེ་བར་མཆིས་ཉལ་བ་དེ་དག་
เล่ม ๘ · หน้า 161a
གི་ནང་ན་མི་དེ་འགའ་ཞིག་ལགས་སྙམ་བགྱིད་དོ། །ལག་བརྒྱུད་འདི་ཇི་སྙམ་དུ་སེམས། འདི་ལྟར་མི་དེ་ལྟ་བུའི་བདེ་བ་དང་། དེ་ལྟ་བུའི་ཡིད་དུ་འོང་བ་དང་ལྡན་པ་དེ་ལ་འདོད་པ་ལས་སྐྱེས་པའི་ཡོངས་སུ་གདུང་བ་དང་། ཞེ་སྡང་ལས་སྐྱེས་པ་དང་། གཏི་མུག་
ལས་སྐྱེས་པའི་ཡོངས་སུ་གདུང་བ་དག་སྐྱེ་ཞིང་ཡོངས་སུ་གདུང་བ་དེ་དག་གིས་ཡོངས་སུ་གདུངས་པ་ན་མི་དེ་སྡུག་བསྔལ་བར་ཉལ་ཞིང་བདེ་བར་མི་ཉལ་བའི་འདོད་པ་ལས་སྐྱེས་པའི་ཡོངས་སུ་གདུང་བ་དང་། ཞེ་སྡང་དང་། གཏི་མུག་ལས་སྐྱེས་པའི་ཡོངས་སུ་གདུང་བ་དེ་དག་
དེ་བཞིན་གཤེགས་པས་ཡོངས་སུ་མཁྱེན་ཅིང་རྩ་བ་ནས་བཅད་དེ་ཏ་ལའི་མགོ་བཞིན་དུ་མི་སྣང་བ་དང་། གཞི་མེད་པ་དང་། ཕྱིས་ཀྱང་མི་སྐྱེ་བའི་ཆོས་ཉིད་དུ་མཛད་པས་དེའི་ཕྱིར་ང་དེ་སྐད་ཅེས་འཇིག་རྟེན་ན་གང་དག་བདེ་བར་ཉལ་བ་དེ་དག་གི་ནང་ན་ཡང་འགའ་ཞིག་ཡིན་ནོ་
ཞེས་ཟེར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་དག་བཀའ་སྩལ་པ། བྲམ་ཟེ་མྱ་ངན་ཡོངས་འདས་པ། །གང་ཞིག་འདོད་པས་མ་གོས་ཤིང་། །ཕུང་པོ་དག་ལས་རྣམ་གྲོལ་བ། །རྣམ་ཀུན་བདེ་བར་ཉལ་བ་ཡིན། །འདི་ལ་འདོད་པ་ཀུན་བཅད་
ཅིང་། །སྙིང་གི་རིམས་ནད་བསལ་གྱུར་པ། །ཉེར་ཞི་ཞི་བ་ཐོབ་པ་ཡི། །སེམས་ཀྱིས་བདེ་བར་ཉལ་བ་ཡིན། །དེ་ནས་བཅོམ་ལྡན་འདས་ལག་བརྒྱུད་འབྲོག་གནས་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་
མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་ཅིང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དུས་སྔར་མཛད་པའི་ཆོས་དང་ལྡན་པའི་བཀའ་མཆིད་གང་ཡིན་པ་འདི་ལྟ་སྟེ། སྦྱིན་པའི་བཀའ་མཆིད་དང་། ཚུལ་ཁྲིམས་ཀྱི་བཀའ་མཆིད་
དང་། མཐོ་རིས་ཀྱི་བཀའ་མཆིད་དང་། འདོད་པ་རྣམས་ཀྱི་རོ་མྱང་བའི་ཉེས་དམིགས་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། ངེས་པར་འབྱུང་བ་དང་། རབ་ཏུ་དབེན་པའི་ཕན་ཡོན་དང་། རྣམ་པར་བྱང་བའི་ཕྱོགས་དང་མཐུན་པའི་ཆོས་དག་རྒྱ་ཆེར་སྟོན་
เล่ม ๘ · หน้า 161b
པར་མཛད་དོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དེ་སེམས་རངས་པ་དང་། སེམས་ཉམ་བདེ་བ་དང་། སེམས་དགའ་བ་དང་། སེམས་ལ་སྒྲིབ་པ་མེད་པ་དང་། ཡང་དག་ཕུལ་གྱི་ཆོས་བསྟན་པ་ཀུན་ཤེས་པའི་སྐལ་བ་དང་ལྡན་ཞིང་མཐུ་ཡོད་པར་གཟིགས་པ་དེའི་ཚེ་ན་སངས་རྒྱས་
བཅོམ་ལྡན་འདས་རྣམས་ཀྱི་ཡང་དག་ཕུལ་གྱི་ཆོས་བསྟན་པ་གང་ཡིན་པ་འདི་ལྟ་སྟེ། འཕགས་པའི་བདེན་པ་བཞི་པོ་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་དག་རྒྱ་ཆེར་སྟོན་པར་མཛད་དོ། །འདི་ལྟ་སྟེ་དཔེར་ན་གོས་དག་པ། ནག་ནོག་མེད་པ་ཁ་
སྒྱུར་དུ་རུང་བ་ཚོན་དུ་བཅུག་ན། ཚོན་ལེགས་པར་འཇེན་པར་འགྱུར་བ་དེ་བཞིན་དུ་ལག་བརྒྱུད་འབྲོག་གནས་ཀྱིས་ཀྱང་སྟན་དེ་ཉིད་ལ་འདུག་བཞིན་དུ་འཕགས་པའི་བདེན་པ་བཞི་པོ་འདི་ལྟ་སྟེ། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་ལམ་མངོན་པར་རྟོགས་
པར་གྱུར་ཏོ། །དེ་ནས་ལག་བརྒྱུད་འབྲོག་གནས་ཆོས་མཐོང་བ་དང་། ཆོས་ཐོབ་པ་དང་། ཆོས་རིག་པ་དང་། ཆོས་ཀྱི་གཏིང་སླེབས་པ་དང་། སོམ་ཉི་ལས་རྒལ་བ་དང་། ཐེ་ཙོམ་ལས་རྒལ་བ་དང་། སྟོན་པའི་བསྟན་པ་ལ་གཞན་གྱི་དྲིང་མི་འཇོག་པ་དང་། གཞན་གྱིས་མི་
བཀྲི་ཞིང་ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ནི་མངོན་པར་ཞུགས་པ་ལགས་སོ། །
བཙུན་པ་བདག་ནི་མངོན་པར་ཞུགས་པ་ལགས་ཏེ། བཙུན་པ་བདག་བཅོམ་ལྡན་འདས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ཡིས། བདག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཅད་ནས་ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་མངོན་པར་དད་
པས་སྐྱབས་སུ་མཆིའོ། །དེ་ནས་ལག་བརྒྱུད་འབྲོག་གནས་ཀྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་དག་བླངས་ནས་ཕྱིར་མི་འོང་བའི་འབྲས་བུ་ཐོབ་སྟེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་དེང་ཁོ་ན་
เล่ม ๘ · หน้า 162a
སྔོ་བསངས་ཅན་གྱིས་བཙལ་ཅིང་བདག་གིས་དེང་ཁོ་ན་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བགྱིས་ན་འདི་ལ་ཇི་ལྟར་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་བརྒྱུད་སོང་ཤིག །ཁྱོད་ཀྱི་བསླབ་པ་ནི་འདི་ཡིན་ནོ། །སྔོ་བསངས་
ཅན་ཡང་ཇི་ལྟར་ཁས་བླངས་པ་བཞིན་ཟས་དང་། གོས་ཀྱིས་མཁོ་བ་སྟོབས་ཤིག །དེ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་ནོ། །དེ་ནས་ལག་བརྒྱུད་འབྲོག་གནས་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་རང་གི་ཁྱིམ་དུ་སོང་ནས། དེས་སྔོ་
བསངས་ཅན་ལ་སྨྲས་པ། ཁོ་བོ་དེང་ཁོ་ན་ཁྱོད་ཀྱིས་བཙལ་ན། ཁོ་བོས་ཀྱང་དེང་ཁོ་ན་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་དག་བླངས་ཤིང་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་གྱུར་གྱིས། དེའི་ཕྱིར་གལ་ཏེ་ཁྱོད་འདོད་ན་ཕའི་ཁྱིམ་དུ་
སོང་ཤིག །གལ་ཏེ་མི་འདོད་ན་འདི་ཉིད་དུ་འདུག་ཤིག་དང་ཟས་དང་གོས་ཀྱིས་མཁོ་བ་བསྟབ་པར་བྱའོ། །དེས་བསམས་པ། གལ་ཏེ་སོང་བར་གྱུར་ན་སྐྱེ་བོ་དག་ལག་བརྒྱུད་ཀྱིས་འདི་བཀྲ་མི་ཤིས་པར་རིག་ནས་མ་བླངས་སོ་ཞེས་ཟེར་གྱིས། འདི་ནི་སངས་རྒྱས་ཀྱི་སྲས་ཡིན་
པས་འདི་ཉིད་ལ་བསྙེན་བཀུར་བྱེད་ཅིང་འདིར་འདུག་གོ་སྙམ་ནས། དེ་དེ་ཉིད་དུ་འདུག་གོ། །ལག་བརྒྱུད་འབྲོག་གནས་ཀྱིས་ཀྱང་ཡོ་བྱད་ཐམས་ཅད་དང་ལྡན་པའི་གཙུག་ལག་ཁང་རྩིག་ཏུ་བཅུག་སྟེ། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཕུལ་ནས་འདི་ལྟར་
གནས་བརྟན་དག་གིས་ཀྱང་བཅོམ་ལྡན་འདས་འབྲོག་གནས་ན་འབྲོག་གི་ནགས་མཆོག་ན་བཞུགས་སོ་ཞེས་མདོ་སྡེའི་མཐའ་ཉེ་བར་སྦྱར་བ་བྱས་སོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་བདུན་བཅུ་རྩ་ལྔ་པ། དེ་ནས་དུས་གཞན་ཞིག་ན་ལག་བརྒྱུད་འབྲོག་གནས་
ནད་ཀྱིས་བཏབ་སྟེ། སྡུག་བསྔལ་ཞིང་ནད་ཚབས་ཆེ་བར་གྱུར་ནས། དེ་ནས་ལག་བརྒྱུད་འབྲོག་གནས་ནད་དེ་ཉིད་ཀྱིས་དུས་ལ་བབ་བོ། །དེ་དུས་ལ་བབ་མ་ཐག་ཏུ་མི་གདུང་བའི་ལྷ་རིས་སུ་སྐྱེས་སོ། །དེ་ནས་ལྷའི་བུ་ལག་བརྒྱུད་འབྲོག་གནས་འདི་སྙམ་དུ་སེམས་ཏེ།
เล่ม ๘ · หน้า 162b
གང་གི་ཕྱིར་བདག་ཡོངས་སུ་གནས་པ་བསྟེན་ཏེ། བཅོམ་ལྡན་འདས་ལ་བལྟ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་ཉེ་བར་འགྲོ་བ་ནི་བདག་གི་ཚུལ་དང་མཐུན་པ་མ་ཡིན་གྱི། བདག་ཡོངས་སུ་གནས་པ་མ་བསྟེན་པ་ཁོ་ནར་བཅོམ་ལྡན་འདས་ལ་བལྟ་བ་དང་། བསྙེན་བཀུར་
བྱ་བའི་ཕྱིར་ཉེ་བར་འགྲོའོ་སྙམ་མོ། །དེ་ནས་ལྷའི་བུ་ལག་བརྒྱུད་འབྲོག་གནས་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པའི་ལག་པ་བསྐུམས་པ་ལས་བརྐྱང་བའམ། བརྐྱང་བ་ལས་བསྐུམས་པ་ཙམ་གྱིས་མི་གདུང་བའི་ལྷའི་རིས་ནས་མི་སྣང་བར་གྱུར་ཏེ། བཅོམ་ལྡན་འདས་
ཀྱི་སྤྱན་སྔར་འདུག་པ་དང་། འདི་ལྟར་ལྷའི་བུ་ལག་བརྒྱུད་འབྲོག་གནས་ཀྱི་ལུས་ས་ལ་མི་ཐོགས་ཤིང་ཐིམ་པར་གྱུར་ཏེ། འདི་ལྟ་སྟེ་དཔེར་ན་ཞུན་མར་རམ། འབྲུ་མར་བྱེ་མའམ། ཐལ་བའི་སྟེང་དུ་བླུགས་པ་མི་ཐོགས་ཤིང་ཐིམ་པར་འགྱུར་བ་བཞིན་ནོ། །དེ་ནས་བཅོམ་ལྡན་
འདས་ཀྱིས་ལྷའི་བུ་ལག་བརྒྱུད་འབྲོག་གནས་ལ་བཀའ་སྩལ་པ། ལག་བརྒྱུད་རེ་ཞིག་ལུས་རགས་པར་མངོན་པར་སྤྲུལ་ལ་སའི་འདུ་ཤེས་བསྐྱེད་དེ། འདུག་པའི་མཚན་མ་ཡིད་ལ་གྱིས་ཤིག །དེ་ནས་ལྷའི་བུ་ལག་བརྒྱུད་འབྲོག་གནས་ཀྱིས་ལུས་རགས་པར་མངོན་པར་
སྤྲུལ་ཏེ་སའི་འདུ་ཤེས་བསྐྱེད་ཅིང་འདུག་པའི་མཚན་མ་ཡིད་ལ་བྱས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་པ་དང་། འདི་ལྟར་ལྷའི་བུ་ལག་བརྒྱུད་འབྲོག་གནས་
ཀྱི་ཁ་དོག་གི་མཐུས་འབྲོག་གི་ནགས་མཆོག་ཐམས་ཅད་སྣང་བ་རྒྱ་ཆེན་པོས་ཁྱབ་པར་གྱུར་ཏོ། །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་ལག་བརྒྱུད་འབྲོག་གནས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་བུ་ཇི་ལྟར་ཁྱོད་སྔོན་མིར་གྱུར་པ་ན་ཆོས་གང་
དག་བཏོན་ཅིང་ལོབས་པ་དེ་དག་ད་ལྟར་ལོབས་སམ། བཙུན་པ་བདག་སྔོན་མིར་གྱུར་པ་ན་ཆོས་གང་དག་བཏོན་ཅིང་ལོབས་པ་དེ་དག་ད་ལྟར་ཏེ་པོར་ལོབས་ཏེ། བཙུན་པ་བདག་སྔོན་མིར་གྱུར་པ་ན་ཆོས་གང་དག་བཏོན་ཅིང་མ་ལོབས་པ་དེ་དག་ཀྱང་ད་ལྟར་ལོབས་པར་གྱུར་
เล่ม ๘ · หน้า 163a
ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་ནི་བདེ་བར་གྱུར་པས་མངོན་པར་བརྗོད་པར་བགྱིད་དོ། །ཇི་ལྟར་བཅོམ་ལྡན་འདས་འཛམ་བུའི་གླིང་ན་འཁོར་བཞི་པོ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་
མ་རྣམས་ཀྱིས་བསྐོར་ཅིང་བཞུགས་པ་ན། བཅོམ་ལྡན་འདས་བདག་ཅག་ལ་ཆོས་གང་དང་གང་སྟོན་པར་འགྱུར་བའི་ཆོས་དེ་དང་དེ་བདག་ཅག་གིས་མཉན་ནས་དེ་ལྟ་དེ་ལྟར་བསྒྲུབ་པར་བྱ་སྟེ། དེ་ནི་བདག་ཅག་ལ་ཡུན་རིང་པོའི་དོན་དང་། ཕན་པ་དང་བདེ་བར་འགྱུར་རོ་སྙམ་པ་དེ་
བཞིན་དུ། བཙུན་པ་བདག་ཀྱང་མི་གདུང་བའི་ལྷའི་རིས་ན་མི་གདུང་བའི་རིས་ཀྱི་ལྷ་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་མཆིས་པ་ན། ལྷའི་བུ་ལག་བརྒྱུད་འབྲོག་གནས་བདག་ཅག་ལ་ཆོས་གང་དང་གང་སྟོན་པར་འགྱུར་བའི་ཆོས་དེ་དང་དེ་དག་བདག་ཅག་གིས་མཉན་ནས་དེ་
ལྟ་དེ་ལྟར་བསྒྲུབ་པར་བྱ་སྟེ། དེ་ནི་བདག་ཅག་ལ་ཡུན་རིང་པོའི་དོན་དང་ཕན་པ་དང་། བདེ་བར་འགྱུར་རོ་སྙམ་དུ་སེམས་སོ། །ལག་བརྒྱུད་ཁྱོད་ཆོས་དུ་དག་གིས་མ་ངོམས་ཤིང་ཕྱིར་མ་སྤངས་པས་ལུས་ཞིག་ནས་མི་གདུང་བའི་ལྷའི་རིས་སུ་སྐྱེས་པར་གྱུར། བཙུན་
པ་བདག་ཆོས་གསུམ་གྱིས་མ་ངོམས་ཤིང་སླར་མ་སྤངས་པས་ལུས་ཞིག་ནས་མི་གདུང་བའི་ལྷའི་རིས་སུ་སྐྱེས་ཏེ། གསུམ་གང་ལགས་ཤེ་ན། བཙུན་པ་བདག་བཅོམ་ལྡན་འདས་ལ་ལྟ་བས་མ་ངོམས་ཤིང་སླར་མ་སྤངས་པས་ལུས་ཞིག་ནས་མི་གདུང་བའི་ལྷའི་རིས་
སུ་སྐྱེས་སོ། །བཙུན་པ་བདག་ཆོས་མཉན་པས་མ་ངོམས་ཤིང་སླར་མ་སྤངས་པས་ལུས་ཞིག་ནས་མི་གདུང་བའི་ལྷའི་རིས་སུ་སྐྱེས་སོ། །བཙུན་པ་བདག་དགེ་འདུན་ལ་བསྙེན་བཀུར་བགྱི་བས་མ་ངོམས་ཤིང་སླར་མ་སྤངས་པས་ལུས་ཞིག་ནས་མི་གདུང་བའི་ལྷའི་རིས་སུ་སྐྱེས་
སོ། །དེ་ནས་ལྷའི་བུ་ལག་བརྒྱུད་འབྲོག་གནས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་དག་སྨྲས་པ། བདག་ནི་བཅོམ་ལྡན་བལྟ་བ་དང་། །དམ་ཆོས་ཉན་དང་དགེ་འདུན་ལ། །བསྙེན་བཀུར་བགྱིད་པས་ལན་འགའ་ཡང་། །ངོམས་ཤིང་ཕྱིར་སྤོང་མ་མྱོང་ངོ་། །འཕགས་པའི་
เล่ม ๘ · หน้า 163b
ཆོས་རྣམས་ཡང་དག་བླངས། །སེར་སྣ་འདུལ་ལ་བརྩོན་གྱུར་ཅིང་། །ཆོས་གསུམ་ཆོག་མི་ཤེས་པ་ཡིས། །ལག་བརྒྱུད་མི་གདུང་སྐྱེས་པར་གྱུར། །དེ་ནས་ལྷའི་བུ་ལག་བརྒྱུད་འབྲོག་གནས་ཀྱིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའ་བ་དང་
རྗེས་སུ་ཡི་རངས་པ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་
ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་འབྲོག་གནས་ལས་དྲི་མ་ཅན་དང་ཕྲལ་ཏེ་སྐྱབས་སུ་མཆི་བ་དང་། བསླབ་པའི་གཞི་དག་ལ་བཀོད་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་ང་འདོད་ཆགས་དང་བྲལ་བ།
ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བ། སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དང་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དག་ལས་ཡོངས་སུ་གྲོལ་ཞིང་། ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ།
མཁྱེན་པ་དང་ཤེས་བྱ་ཐམས་ཅད་ལ་མངའ་བརྙེས་པ་གནོད་སྦྱིན་འབྲོག་གནས་ལས་དྲི་མ་ཅན་དང་ཕྲལ་ཏེ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་དག་ལ་བཞག་པ་འདི་ལ་ངོ་མཚར་ཅི་ཆེ། ང་འདས་པའི་དུས་ན་འདོད་ཆགས་དང་བཅས་པ། ཞེ་སྡང་དང་བཅས་པ། གཏི་
མུག་དང་བཅས་པ། སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་འཁྲུག་པ་དག་ལས་ཡོངས་སུ་མ་གྲོལ་བས་ཀྱང་གནོད་སྦྱིན་འབྲོག་གནས་ལས་དྲི་མ་ཅན་དང་ཕྲལ་ཏེ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་
གཞི་དག་ལ་བཞག་སྟེ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་དེད་དཔོན་དཔའ་ཆེན་ཞེས་བྱ་བ་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་
เล่ม ๘ · หน้า 164a
འགྲན་པ་ཞིག་བྱུང་བར་གྱུར་ཏེ། དེ་དུས་གཞན་ཞིག་ན་ཚོང་པ་ལྔ་བརྒྱ་དང་ལྷན་ཅིག་དགོན་པའི་ལམ་དུ་ཞུགས་པ་དང་། ལམ་དེ་སྲིན་པོ་སྤུ་རལ་ཅན་གྱིས་བསྡིགས་ཤིང་བགགས་པར་གྱུར་ནས། དེད་དཔོན་དཔའ་ཆེན་དོན་མཐུན་གྱི་མདུན་དུ་འགྲོ་བར་
བརྩམས་པ་དང་། ཇི་ཙམ་ན་སྲིན་པོ་སྤུ་རལ་ཅན་དེ་བྲམ་ཟེའི་ཆ་ལུགས་སུ་མངོན་པར་སྤྲུལ་ནས་ལམ་གར་འདུག་སྟེ། དེད་དཔོན་དཔའ་ཆེན་ལ་སྨྲས་པ། དེད་དཔོན་ལམ་འདི་སྲིན་པོ་སྤུ་རལ་ཅན་གྱིས་བསྡིགས་ཤིང་བགགས་ནས་ཁོ་བོ་ཡང་ཚེགས་ཆེན་པོས་འོངས་ཀྱིས་ལམ་
གཞན་དུ་སོང་ཤིག །དེས་སྨྲས་པ། བྲམ་ཟེ་སྙིང་ལས་ཆུང་ངུར་གྱིས་ཤིག །དེས་ཁོ་བོ་ལ་བྱར་ཅི་ཡོད་འགྲོའོ། །དེ་སྐད་ཅེས་སྨྲས་པ་དང་། སྲིན་པོ་སྤུ་རལ་ཅན་དེ་འཁྲུགས་ནས་བཞིན་བསྒྱུར་ཏེ། ལག་པ་གཉིས་བརྐྱང་ནས་རལ་པ་ས་ལ་བླགས་ཏེ། མིག་དམར་
པོ་བྱས་ནས་མིག་གཉིས་བགྲད་དེ་སྨྲས་པ། དེད་དཔོན་ཇེ་ཁོ་བོ་ལ་རྒོལ་ལ་ཕྱིས་སོང་ཤིག །དེ་ནས་དེད་དཔོན་དཔའ་ཆེན་གྱིས་ཤིན་ཏུ་འཇིགས་སུ་རུང་བ་དེ་མཐོང་ནས་གཞུ་རྣ་དྲུང་དུ་ཐུག་པར་བཀང་སྟེ་མདའ་དག་འཕང་བར་བརྩམས་པ་དང་། དེ་དག་ཐམས་ཅད་རལ་པ་དག་
ལ་ཐོགས་སོ། །གཞུ་འཕངས་པ་དང་། དེ་ཡང་ཐོགས་སོ། །དེ་བཞིན་དུ་ཤིང་དང་བོང་བ་ལ་སོགས་པ་དག་འཕངས་ན་དེ་དག་ཀྱང་རལ་པ་དག་ལ་ཐོགས་སོ། །དེ་ནས་ཚམ་ཚོམ་མེད་པར་མཐུས་བརྒལ་བ་དང་། ལུས་ཐམས་ཅད་རལ་པ་དག་ལ་ཐོགས་ནས་སྲིན་པོས་ཚིགས་
སུ་བཅད་པ་སྨྲས་པ། ཁྱོད་ཀྱིས་ལག་གཉིས་རྐང་གཉིས་དང་། །ལྔ་པ་མགོ་ཡང་ཐོགས་གྱུར་ཅིང་། །ལུས་ཀྱང་ང་ཡི་ལུས་ལ་ཐོགས། །ཕྱི་ན་མ་ཐོགས་ཅི་ཞིག་ཡོད། །དེད་དཔོན་གྱིས་ཀྱང་ཚིགས་སུ་བཅད་པ་དག་སྨྲས་པ། ང་ཡི་ལག་གཉིས་རྐང་གཉིས་དང་། །
ལྔ་པ་མགོ་ཡང་ཐོགས་གྱུར་ཅིང་། །ལུས་ཀྱང་ཁྱོད་ཀྱི་ལུས་ལ་ཐོགས། །ཕྱི་ན་མ་ཐོགས་སེམས་ཡོད་དོ། །གསང་བ་ཇི་སྲིད་ཁོ་བོ་ཡི། །སེམས་དང་བརྩོན་འགྲུས་མ་ཉམས་པ། །དེ་སྲིད་ཁྱོད་དང་འགྱེད་བྱ་སྟེ། །བརྟན་བྱོས་ང་ལ་མི་གནོད་དོ། །སྲིན་པོས་ཀྱང་ཚིགས་
เล่ม ๘ · หน้า 164b
སུ་བཅད་པ་དག་སྨྲས་པ། གང་གིས་བརྩོན་འགྲུས་འདི་འདྲ་བ། །དཔའ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་བརྩོན་འགྲུས་འདི་འདྲ་བས། །སྡུག་བསྔལ་ཀུན་ལས་འབྲོས་པར་ནུས། །དཔའ་ཆེན་ཁྱོད་དང་འདྲ་བ་ཡི། །གང་ཟག་མེད་པར་བདག་གིས་ཤེས། །ཁྱོད་ཀྱི་མཐུ་
ཡིས་ཚོང་པ་དག །བདེ་ལེགས་སུ་ནི་འདོང་ལ་རག །འབྱུང་པོ་ཀུན་ལ་སྙིང་བརྩེ་བ། །དེད་དཔོན་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་མཐུ་ཡིས་ཚོང་པ་དག །ཞི་བ་ཉིད་དུ་འདོང་ལ་རག །དེ་ལྟར་དེ་ན་དེད་དཔོན་དཔའ་ཆེན་གྱིས་སྲིན་པོ་སྤུ་རལ་ཅན་ལ་གང་ཐོས་ནས་སྲིན་པོ་སྤུ་རལ་ཅན་ལས་དྲི་མ་ཅན་དང་ཕྲལ་ཏེ་
བརྟུལ་ཞུགས་ལྔ་པོ་དག་ལ་བཞག་པ་དེ་འདྲ་བའི་ཆོས་བསྟན་པ་བྱས་སོ། །དགེ་སློང་དག་དེའི་ཚེ་དེའི་དུས་ན་དེད་དཔོན་དཔའ་ཆེན་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ན་སྲིན་པོ་སྤུ་རལ་ཅན་གང་ཡིན་པ་དེ་ནི་གནོད་སྦྱིན་འབྲོག་གནས་ཡིན་ཏེ། དེའི་ཚེ་ཡང་ངས་འདི་
ལས་དྲི་མ་ཅན་དང་ཕྲལ་ཏེ་བརྟུལ་ཞུགས་ལྔ་ལ་བཞག་ལ། ད་ལྟར་ཡང་ངས་འདི་ལས་དྲི་མ་ཅན་དང་ཕྲལ་ཏེ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་དག་ལ་བཞག་གོ། །ཡང་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་
འདས་ལ་ཞུས་པ། བཙུན་པ་ལག་བརྒྱུད་འབྲོག་གནས་ཀྱིས་ལས་ཅི་བགྱིས་ན་དེས་སྐྱེས་མ་ཐག་ཏུ་གནོད་སྦྱིན་གྱི་གཏོར་མར་སྩལ་ཅིང་། བཅོམ་ལྡན་འདས་དེ་ཐར་བར་བགྱི་བའི་སླད་དུ་བརྩོན་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་
ལག་བརྒྱུད་འབྲོག་གནས་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས་ལག་བརྒྱུད་འབྲོག་གནས་ཀྱིས་ལས་བྱས་ཤིང་བསགས་པ་དག་
གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་ཏེ། འདི་
เล่ม ๘ · หน้า 165a
ལྟར་ལས་དགེ་བ་དང་། མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་དག་ཁོ་ན་ལ་རྣམ་པར་སྨིན་པར་འགྱུར་རོ། །ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་
རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ་བསྐལ་པ་ཆེན་པོ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་
པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་འཇིག་རྟེན་དུ་བྱུང་སྟེ། དེ་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་ཉེ་བར་རྟེན་ཅིང་བཞུགས་སོ། །དེའི་བསྟན་པ་ལ་
འདི་དགེ་བསྙེན་དུ་གྱུར་ཏོ། །རི་བྲགས་ཤིག་ན་རྒྱལ་པོ་ཞིག་འདུག་པ་དེ་ཤིན་ཏུ་བྱ་གག་ལ་དགའ་ནས་གང་ཡང་རུང་བ་ལ་རྒྱལ་པོའི་ཕོ་བྲང་དུ་བྱ་བ་ཅུང་ཟད་བྱུང་ན་དེ་སུག་ཏུ་བྱ་གག་ཐོགས་ཏེ་རྒྱལ་པོའི་གན་དུ་འགྲོའོ། །ཇི་ཙམ་དུས་གཞན་ཞིག་ན་དགེ་བསྙེན་དེ་ལ་རྒྱལ་པོའི་
ཕོ་བྲང་དུ་བྱ་བ་ཅུང་ཞིག་བྱུང་ནས་དེ་དེ་བཞིན་སོང་བ་དང་། རྒྱལ་པོ་དེས་དེའི་དགོས་པ་མ་བསྒྲུབས་ནས་གཞན་དག་གིས་དེ་ལ་སྨྲས་པ། རྒྱལ་པོ་འདི་བྱ་གག་ལ་དགའ་བས་གལ་ཏེ་ཁྱོད་ལ་དགོས་པ་འགྲུབ་པ་དགོས་ན། དེ་ལ་བྱ་གག་ཕུལ་ཅིག །དེས་རྒྱལ་པོ་ལ་བྱ་གག་
གཅིག་ཕུལ་བ་དང་། རྒྱལ་པོས་དེ་ཕྱག་ཙང་གི་ཚང་མང་དུ་གཏད་ནས། དགེ་བསྙེན་དེའི་དགོས་པ་ཡང་བསྒྲུབས་སོ། །དགེ་བསྙེན་དེས་བསམས་པ། བདག་གིས་བྱ་གག་ཕུལ་བ་མ་ལེགས་པ་བྱས་ཀྱི་སོང་ལ་རིན་གྱིས་བླུའོ་སྙམ་ནས། དེས་ཕྱག་ཙང་གི་ལག་
པར་རིན་བྱིན་ཏེ། བྱ་གག་ཐར་བར་བྱས་ནས་སྨོན་ལམ་བཏབ་པ། བདག་གིས་རྙེད་པ་འདོད་པའི་ཕྱིར་རྒྱལ་པོ་ལ་བྱ་གག་ཕུལ་བ་གང་ཡིན་པའི་ལས་དེའི་ཆ་དང་མཐུན་པར་མི་འགྱུར་བར་བདག་གིས་བྱ་གག་ཕོངས་པར་གྱུར་པ་ཐར་བར་བྱས་པའི་དགེ་བའི་རྩ་བ་འདིས་བདག་
เล่ม ๘ · หน้า 165b
ཕོངས་པར་གྱུར་པ་ཐར་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་བརྩོན་པར་གྱུར་ཅིག་ཅེས་བཏབ་བོ། །དགེ་སློང་དག་དེའི་ཚེ་དེའི་དུས་ན་དགེ་བསྙེན་གང་ཡིན་པ་དེ་ནི་ལག་བརྒྱུད་འབྲོག་གནས་འདི་ཡིན་ཏེ། དེས་རྙེད་པ་འདོད་པའི་ཕྱིར་རྒྱལ་པོ་ལ་བྱ་གག་ཕུལ་བ་གང་ཡིན་པའི་
ལས་དེའི་རྣམ་པར་སྨིན་པས་གནོད་སྦྱིན་གྱི་གཏོར་མར་བྱིན་ནོ། །ཕྱིས་འགྱོད་པ་སྐྱེས་ནས་ཐར་བར་བྱས་ཤིང་སྨོན་ལམ་བཏབ་པ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པས་ང་འདི་ཐར་བར་བྱ་བའི་ཕྱིར་བརྩོན་པར་གྱུར་ཅིང་ངས་འདི་གནོད་སྦྱིན་ལས་ཐར་བར་བྱས་སོ། །
ཡང་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ལག་བརྒྱུད་འབྲོག་གནས་སྔོ་བསངས་ཅན་ལས་ཐར་བར་མཛད་ནས་ཕྱིར་མི་འོང་བའི་འབྲས་བུ་ལ་བཞག་པ་ལ་གཟིགས།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་དུ་མ་ཟད་དེ། འདི་ལྟར་འདས་པའི་དུས་ན་ཡང་ངས་འདི་གཟུགས་ཅན་མ་ལས་ཐར་བར་བྱས་ནས་མངོན་པར་ཤེས་པ་ལྔ་ལ་བཞག་སྟེ། དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་བཱ་རཱ་ཎ་སཱི་ན་རྒྱལ་པོ་ཚངས་
བྱིན་ཞེས་བྱ་བས་རྒྱལ་སྲིད་འབྱོར་པ། རྒྱས་པ། བདེ་བ་ལོ་ལེགས་པ། སྐྱེ་བོ་དང་མི་མང་པོས་གང་བ། ཐབ་མོ་དང་། འཐབ་པ་དང་། ཕྱི་དགྲ་དང་ནང་འཁྲུག་རབ་ཏུ་ཞི་བ། ཆོམ་རྐུན་དང་མུ་གེ་དང་། ནད་དང་བྲལ་བ། སཱ་ལུ་དང་། བུ་རམ་ཤིང་གི་
ཕྲེང་བ་དང་། བ་ལང་དང་། མ་ཧེ་ཕུན་སུམ་ཚོགས་པ་བྱེད་དུ་བཅུག་སྟེ། ཆོས་དང་ལྡན་པའི་ཆོས་ཀྱི་རྒྱལ་པོས་ཆོས་ཀྱིས་རྒྱལ་སྲིད་བྱེད་དུ་བཅུག་གོ། །དེའི་མདུན་ན་འདོན་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད།
དགའ་མགུར་སྤྱོད་པར་བྱེད་དོ། །རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེའི་ཆུང་མ་ལ་དུས་གཞན་ཞིག་ན་སེམས་ཅན་ཞུགས་པར་གྱུར་ནས་དེ་ཟླ་བ་བརྒྱད་དམ། དགུ་འདས་ཏེ་བཙས་པ་ལས་ཁྱེའུ་རྐང་ལག་དྲ་བས་འབྲེལ་བ་ཞིག་
เล่ม ๘ · หน้า 166a
བྱུང་ངོ་། །དེའི་ཉེ་དུ་དག་འདུས་ཤིང་ལྷགས་ནས་ཉི་མ་བདུན་གསུམ་ཉི་ཤུ་གཅིག་ཏུ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས་ཁྱེའུའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དོ། །དེ་དག་འདི་སྙམ་དུ་སེམས་ཏེ། གང་གི་ཕྱིར་ཁྱེའུ་འདི་རྐང་ལག་དྲ་བས་
འབྲེལ་བ་དེའི་ཕྱིར་ཁྱེའུའི་མིང་རྐང་ལག་དྲ་བ་ཅན་ཞེས་བྱའོ་ཞེས་དེའི་མིང་རྐང་ལག་དྲ་བ་ཅན་ཞེས་བྱ་བར་བཏགས་སོ། །ཡང་དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེའི་ཆུང་མ་ལ་དུས་གཞན་ཞིག་ན་སེམས་ཅན་ཞུགས་པར་གྱུར་ནས་དེ་ཟླ་བ་བརྒྱད་
དམ། དགུ་འདས་ཏེ་བཙས་པ་ལས་ཁྱེའུ་རྐང་ལག་དྲ་བས་མ་འབྲེལ་བ་ཞིག་བྱུང་ངོ་། །དེའི་ཉེ་དུ་དག་འདུས་ཤིང་ལྷགས་ནས་ཉི་མ་བདུན་གསུམ་ཉི་ཤུ་གཅིག་ཏུ་བཙས་པའི་བཙས་སྟོན་རྒྱས་པར་བྱས་ནས་ཁྱེའུའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དོ། །དེ་དག་
འདི་སྙམ་དུ་སེམས་ཏེ། གང་གི་ཕྱིར་ཁྱེའུ་འདི་རྐང་ལག་དྲ་བས་འབྲེལ་བ་མེད་པ་དེའི་ཕྱིར་ཁྱེའུའི་མིང་རྐང་ལག་དྲ་བ་མེད་ཅེས་བྱའོ་ཞེས་དེའི་མིང་རྐང་ལག་དྲ་བ་མེད་ཅེས་བྱ་བར་བཏགས་སོ། །དེ་གཉིས་བསྲིངས་ཤིང་བསྐྱེད་དེ་ཆེན་པོར་གྱུར་ཏོ། །ཇི་ཙམ་ན་བུ་ཐུ་བོ་རྐང་ལག་དྲ་བ་
ཅན་གྱིས་ཕ་ཆོས་དང་ཆོས་མ་ཡིན་པས་མདུན་ན་འདོན་བྱེད་དུ་འཇུག་པ་མཐོང་ནས། དེས་བསམས་པ། བདག་འདི་འདས་ནས་མདུན་ན་འདོན་དུ་གྱུར་ན་བདག་ཀྱང་ཆོས་དང་ཆོས་མ་ཡིན་པས་མདུན་ན་འདོན་བྱེད་དུ་འཇུག་པར་འགྱུར་ན། བདག་ཆོས་དང་ཆོས་མ་ཡིན་པས་
མདུན་ན་འདོན་བྱེད་དུ་བཅུག་ནས་སེམས་ཅན་དམྱལ་བ་ལ་གཞོལ་བར་འགྱུར་ན་མི་རུང་གིས་རྣམ་པ་ཐམས་ཅད་དུ་རབ་ཏུ་འབྱུང་ངོ་སྙམ་ནས། དེ་ཕའི་གན་དུ་སོང་སྟེ་སྨྲས་པ། ཡབ་བདག་རབ་ཏུ་འབྱུང་བར་ཅི་གནང་། ཕས་སྨྲས་པ། བུ་གང་གི་ཕྱིར་མཆོད་སྦྱིན་སྦྱིན་པར་
བྱེད། སྦྱིན་སྲེག་སྲེག་པར་བྱེད། དཀའ་ཐུབ་ཀྱིས་གདུང་བར་བྱེད་པའི་མདུན་ན་འདོན་དེ་ཁྱོད་ཀྱི་ལག་མཐིལ་དུ་འོངས་ན་ཅིའི་ཕྱིར་རབ་ཏུ་འབྱུང་བར་བྱེད། དེས་ཚིགས་སུ་བཅད་པ་སྨྲས་པ། ནགས་ན་ཤིང་ཤུན་ཤུན་པའི་གོས་གྱོན་འབྲས་བུ་ཟ། །རི་དགས་གདུག་པ་
เล่ม ๘ · หน้า 166b
རྣམས་དང་ལྷན་ཅིག་གནས་བླ་ཡི། །མཁས་པ་འཇིག་རྟེན་ཕ་རོལ་འཇིགས་པས་རྒྱལ་སྲིད་ཕྱིར། །གསད་དང་བཅིང་དང་བརྡེག་པའི་ལས་དག་བྱར་མི་རུང་། །ཕས་དེ་དུས་ཀྱིས་འཆུ་བར་ཤེས་ནས་གནང་བ་དང་། དེ་དྲང་སྲོང་རྣམས་ཀྱི་ནང་དུ་སོང་སྟེ་རབ་ཏུ་བྱུང་ནས་དེས་སྤྲོ་
བ་དང་། འབད་པ་དང་། བརྩལ་བ་བྱས་པས་མངོན་པར་ཤེས་པ་ལྔ་བསྐྱེད་པར་གྱུར་ཏོ། །བུ་གཉིས་པ་རྐང་ལག་དྲ་བ་མེད་ནི་གསང་ཚིག་གི་ཕྱིར་གསང་ཚིག་ཚོལ་དུ་ཡུལ་གཞན་དུ་སོང་ངོ་། །ལྷོ་ལམ་ན་རི་བྲགས་ཤིག་ན་བྲམ་ཟེ་ཞིག་འདུག་པ་དེས་རིགས་མཉམ་པ་
ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེའི་ཆུང་མ་ལས་བུ་མོ་ཞིག་བཙས་ནས། དེས་བསམས་པ། བདག་གིས་བུ་མོ་འདི་རིགས་
ཀྱི་ཕྱིར་ཡང་མི་སྦྱིན། ནོར་གྱི་ཕྱིར་ཡང་མི་སྦྱིན་གྱི། རིགས་བྱེད་བཞི་བཀླགས་པ་ལ་སྦྱིན་པར་བྱ་སྟེ། གང་གིས་བདག་གི་དྲུང་ནས་རིག་བྱེད་བཞི་བཀླགས་པ་དེ་ལ་བདག་གིས་བུ་མོ་འདི་སྦྱིན་ནོ་སྙམ་མོ། །ཇི་ཙམ་ན་བྲམ་ཟེའི་ཁྱེའུ་རྐང་ལག་དྲ་བ་མེད་དེ་ཕན་ཚུན་འཁོར་བ་ན་ལྷོ་
ལམ་དུ་ཕྱིན་ནས་དེས་ཕྱོགས་གཞན་ཞིག་ཏུ་ལམ་གྱིས་དུབ་པ་ངལ་བསོས་ཏེ་ཐོས་པ་གཅིག་ནས་གཅིག་ཏུ་བརྒྱུད་པས་བྲམ་ཟེ་དེ་ཐོས་ནས་དེའི་གན་དུ་སོང་སྟེ། མངོན་དུ་སྨྲ་བ་བྱས་ནས་སྨྲས་པ་བདག་མཁན་པོའི་ཞབས་ལ་བསྙེན་བཀུར་བགྱིད་པར་འཚལ་ལོ། །ཅིའི་ཕྱིར། རིག་
བྱེད་བཀླག་པའི་སླད་དུའོ། །བུ་དེ་བཞིན་གྱིས་ཤིག །དེས་དེའི་གན་དུ་རིག་བྱེད་བཀླག་པར་བརྩམས་པ་དང་། དེ་སྤྱོད་པ་གསལ་བས་དེའི་དྲུང་ནས་དུས་ཅུང་ཟད་ཅིག་གིས་རིག་བྱེད་བཞི་ལྷོགས་སོ། །ལྷོགས་ནས་བྲམ་ཟེ་དེས་དེ་ལ་བུ་མོ་བྱིན་ནོ། །བྲམ་ཟེའི་ཁྱེའུ་དེ་དེ་དང་ལྷན་
ཅིག་ཁང་ཏོག་ན་ཉལ་བའི་ཚེ་ཇི་ཙམ་ན་བུ་མོ་དེའི་བསིལ་ཡབ་ཤོད་དུ་ལྷུང་བ་དང་། དེས་ལག་པ་གླང་པོ་ཆེའི་སྣ་ལྟ་བུ་བརྐྱང་སྟེ་དེས་བླངས་པ་དང་། དེས་དེ་མཐོང་ནས་སྔངས་པར་གྱུར་ཏོ། །ཡང་མར་མེ་ཤི་ལ་ཐུག་པ་དང་། དེས་ལག་པ་གླང་པོ་ཆེའི་སྣ་ལྟ་བུ་བརྐྱང་སྟེ་དེ་
เล่ม ๘ · หน้า 167a
གསོས་སོ། །དེ་ཡང་དེས་མཐོང་ནས་ཡང་རྒྱ་ཆེར་སྔངས་པར་གྱུར་ཏེ། དེ་དང་ལྷན་ཅིག་བག་ཡངས་སུ་དགའ་མགུར་སྤྱོད་པར་མི་བྱེད་དོ། །བུ་མོས་སྨྲས་པ། རྗེའི་སྲས་ཁྱོད་ཅིའི་ཕྱིར་བདག་མཐོང་ན་དབང་པོ་རྣམས་སྡུད་ཅིང་བདག་དང་ལྷན་ཅིག་བག་
ཡངས་སུ་གཅུགས་པར་མི་བྱེད། ཁྱེའུས་སྨྲས་པ། ཁྱོད་ཀྱིས་འཆི་བདག་དང་ལྷན་ཅིག་གཅུགས་པར་བྱེད་པ་འགའ་མཐོང་ངམ། བུ་མོས་སྨྲས་པ། རྗེའི་སྲས་མ་འཇིགས་ཤིག་དང་། ཁོ་མོ་ཁྱིམ་ཐབ་ལ་འཁུ་བའི་སེམས་མི་བསྐྱེད་དོ། །ཁྱེའུས་སྨྲས་པ། འདི་ལ་
ཁོ་བོས་དུས་ཤེས་པར་བྱའོ། །བུ་མོ་དེ་སྐྱེངས་ནས་དེ་གཉིད་ལོག་པ་ལ་སྡོད་ཅིང་འདུག་གོ། །ཁྱེའུ་དེས་གཉིད་མ་ལོག་བཞིན་དུ་གཉིད་ལོག་པའི་ཆ་ལུགས་སུ་བྱས་ཏེ་འདུག་པ་དང་། བུ་མོ་དེས་དེ་གཉིད་ལོག་པར་རིག་ནས་གཟུགས་ཅན་མ་རྣམས་ཀྱི་ནང་དུ་སོང་ངོ་། །
ཁྱེའུ་དེ་ཡང་དལ་བུས་ལངས་ཏེ་དེའི་རྗེས་བཞིན་དུ་སོང་བ་དང་། ཇི་ཙམ་གཟུགས་ཅན་མ་དེ་དག་ཐམས་ཅད་སྒྲེན་མོར་བྱུང་ཞིང་སྐྲ་བཤིག་སྟེ། འཇིགས་འཇིགས་ལྟར་འདུག་པ་དག་མཐོང་ནས་དེ་ཤིན་ཏུ་སྔངས་ཤིང་སྐྲག་ནས་ཕྱིར་ལོག་གོ། །དེ་ཡང་དེའི་རྗེས་བཞིན་དུ་འོངས་
པ་དང་། དེས་སྨྲས་པ། བཟང་མོ་ཁོ་བོ་འདུག་མི་ཕོད་ཀྱིས་འགྲོའོ། །དེས་དེ་གདོན་མི་ཟ་བར་དུས་ཀྱིས་འཆུ་བར་ཤེས་ནས་སྨྲས་པ། རྗེའི་སྲས་གལ་ཏེ་ངེས་པ་ཁོ་ནར་འགྲོ་འདོད་ན་སོང་ལ་སུ་ལ་ཡང་མ་ཟེར་ཅིག །དེ་ཅང་མི་ཟེར་བར་བྲམ་ཟེ་དེའི་གན་དུ་སོང་སྟེ་སྨྲས་པ།
མཁན་པོ་ཁྱོད་བལྟས་ཀྱིས་མཆིའོ། །དེས་སྨྲས་པ། བུ་གལ་ཏེ་དེ་ལྟ་ན་བུ་མོ་ཡང་ཁྲིད་ལ་སོང་ཤིག །མཁན་པོ་བདག་དེ་ཉིད་ཀྱིས་འཇིགས་པས་མཆིའོ། །བུ་ཅིའི་ཕྱིར་ཁྱོད་དེས་འཇིགས། མཁན་པོ་དེ་གཟུགས་ཅན་མ་ལགས་སོ། །བུ་ཅིའི་ཕྱིར་དེ་དེ་ལྟར་འགྱུར།
དེ་ཅང་མི་སྨྲ་བར་སོང་ངོ་། །བྲམ་ཟེ་དེས་བུ་མོ་ལ་སྨྲས་པ། བུ་མོ་ཁྱོད་ཁྱིམ་ཐབ་ཀྱང་རྗེས་སུ་མི་སྲུང་ངམ། ཡབ་དེ་ཇི་སྐད་མཆི། བུ་དེ་ན་རེ་ཁྱོད་གཟུགས་ཅན་མ་ཡིན་ཞེས་ཟེར་རོ། །ཡབ་བདག་གཟུགས་ཅན་མ་མ་ལགས་ཏེ། དེས་བདག་ལ་ཤོ་བེས་སྐུར་པ་བཏབ་
เล่ม ๘ · หน้า 167b
སྟེ་མཆིས་སོ། །དེ་ཅང་མི་སྨྲ་བར་འདུག་གོ། །གཟུགས་ཅན་མ་དེ་ཡང་ཀུན་ནས་དཀྲིས་པ་དྲག་པོས་ཀུན་ནས་དཀྲིས་པར་གྱུར་ནས། རྐང་ལག་དང་མིག་བསྒྱུར་ཏེ་ལམ་གར་སོང་ནས། དེའི་མདུན་དུ་འདུག་སྟེ་སྨྲས་པ། བུ་ཟན་མའི་བུ་ཁྱོད་ལ་ཁོ་མོས་སུ་ལ་ཡང་མ་ཟེར་
ཅིག་ཅེས་བྱས་ན། ཁྱོད་ཀྱིས་ཁོ་མོའི་ཕ་ཉིད་ལ་བྱས་ཀྱིས་ད་ནི་ཁྱོད་ལ་མཚམས་ཆེན་པོ་གཅད་པར་བྱའོ། །ཞེས་དེས་དེ་ལ་གནོད་པ་བྱ་བར་བརྩམས་པ་དང་། དེ་སྐྲག་པས་སྒྲ་ཆེན་པོ་ཕྱུང་སྟེ་འཕགས་པ་རྐང་ལག་དྲ་བ་ཅན་ལ་ཕྱག་འཚལ་ལོ། །འཕགས་པ་རྐང་ལག་
དྲ་བ་ཅན་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ལོ་ཞེས་བརྗོད་པ་དང་། དེ་ནས་རྐང་ལག་དྲ་བ་ཅན་ལ་མངོན་པར་དགའ་བའི་ལྷ་མོ་གང་ཡིན་པ་དེ་མྱུར་བ་མྱུར་བར་སོང་སྟེ་རྐང་ལག་དྲ་བ་ཅན་ལ་སྨྲས་པ། འཕགས་པ་ཁྱོད་ཀྱི་གཅུང་པོ་གནོད་པ་དང་། ཉམ་ང་བ་དང་། མི་བདེ་
བར་གྱུར་གྱིས་དེ་ལ་དགོངས་སུ་གསོལ། དེ་རྫུ་འཕྲུལ་གྱིས་དེའི་གན་དུ་སོང་སྟེ་སྨྲས་པ། བུ་མོ་འདི་ལ་གནོད་པ་མ་བྱེད་ཅིག །འདི་ཁྱོད་ལ་ཅི་ཉེས་བདག་གིས་འདི་བཟློག་ན་འདིས་བདག་གི་ཕ་ལ་བདག་གཟུགས་ཅན་མ་ལགས་སོ་ཞེས་བགྱིས་ཀྱིས་བདག་གིས་འདི་བཟས་
ཁྱོད་བཞུད་ཅིག །དེས་སྨྲས་པ། སྲིན་མོ་འདི་ནི་བཀྲེན་པ་ཡིན་པས་འཁྲུག་པས་ཆོག་གིས་ཐོང་ཤིག །དེས་སྨྲས་པ། འཕགས་པ་དམ་ཚིག་གིས་གཏང་བར་བགྱི་སྟེ། གལ་ཏེ་རབ་ཏུ་འབྱུང་ནའོ། །དེས་སྨྲས་པ། སྲིང་མོ་ཐོང་ཤིག་དང་རབ་ཏུ་དབྱུང་ངོ་། །དེས་དེ་
བཏང་ནས་དེས་ཀྱང་དེ་རབ་ཏུ་ཕྱུང་སྟེ། གདམས་ངག་བྱིན་ནས་དེས་སྤྲོ་བ་དང་། འབད་པ་དང་། བརྩལ་བ་བྱས་པས་མངོན་པར་ཤེས་པ་ལྔ་བསྒྲུབ་པར་གྱུར་ཏོ། །དགེ་སློང་དག་དེའི་ཚེ་དེའི་དུས་ན་མདུན་ན་འདོན་གྱི་བུ་ཐུ་བོ་རྐང་ལག་དྲ་བ་ཅན་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །
དེའི་ཚེ་དེའི་དུས་ན་དེའི་ནུ་བོ་རྐང་ལག་དྲ་བ་མེད་གང་ཡིན་པ་དེ་ནི་ལག་བརྒྱུད་འབྲོག་གནས་འདི་ཡིན་ནོ། །དེའི་ཚེ་དེའི་དུས་ན་གཟུགས་ཅན་མ་གང་ཡིན་པ་དེ་ནི་སྔོ་བསངས་ཅན་འདི་ཡིན་ཏེ། ངས་དེའི་ཚེ་ཡང་ལག་བརྒྱུད་འབྲོག་གནས་འདི་གཟུགས་ཅན་མ་ལས་ཐར་བར་
เล่ม ๘ · หน้า 168a
བྱས་ཏེ་མངོན་པར་ཤེས་པ་ལྔ་ལ་བཞག་ལ། ད་ལྟར་ཡང་ངས་འདི་སྔོ་བསངས་ཅན་ལས་ཐར་བར་བྱས་ཏེ་ཕྱིར་མི་འོང་བའི་འབྲས་བུ་ལ་བཞག་གོ། །གང་གི་ཚེ་ལག་བརྒྱུད་འབྲོག་གནས་དུས་ལ་བབ་པ་དེའི་ཚེ་ན་སྔོ་བསངས་ཅན་ཀཽ་ཤཱམྦཱིར་སོང་ནས། ཀཽ་
ཤཱམྦཱི་བའི་སྐྱེ་བོའི་ཚོགས་ཀྱིས་གང་གི་ཉིན་མོ་སྔོ་བསངས་ཅན་གྱིས་ལག་བརྒྱུད་འབྲོག་གནས་བཙལ་བ་དེའི་ཉིན་མོ་ལག་བརྒྱུད་འབྲོག་གནས་ཀྱིས་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པས་བུ་མོ་དེ་མ་སྨས་པ་ཁོ་ནར་འདིར་འོངས་སོ། །ཞེས་ཐོས་ནས་ཐོས་པ་གཅིག་ནས་གཅིག་
ཏུ་བརྒྱུད་པས་བད་སའི་རྒྱལ་པོ་ཤར་པས་ཐོས་པ་དང་། དེས་ཁྱིམ་བདག་གདངས་ཅན་བོས་ཏེ་སྨྲས་པ། ཁྱིམ་བདག་གང་གི་ཉིན་མོ་སྔོ་བསངས་ཅན་གྱིས་ལག་བརྒྱུད་འབྲོག་གནས་བཙལ་བ་དེའི་ཉིན་མོ་ལག་བརྒྱུད་འབྲོག་གནས་ཀྱིས་ཕྱིར་མི་འོང་བའི་འབྲས་བུ་ཐོབ་ནས་
བུ་མོ་དེ་མ་སྨས་པ་ཁོ་ནར་འདིར་འོངས་ཞེས་གྲག་ན། ཅི་དེ་བདེན་ནམ། འོན་ཏེ་བརྫུན། དེས་སྨྲས་པ། ལྷ་མད་དོ། །གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་ང་ལ་མི་སྦྱིན། ལྷ་གསོལ་ལོ། །རྒྱལ་པོས་བཙུན་མོའི་འཁོར་གྱི་ནང་དུ་བཅུག་སྟེ་བསྙེན་བཀུར་མ་ལྔ་བརྒྱ་ཡང་བྱིན། ཉི་མ་
རེ་རེ་ཞིང་དྲི་དང་ཕྲེང་བ་རྒྱུའི་རིན་ཀཱརྵཱ་པ་ཎ་སྟོང་སྟོང་ཡང་བྱིན། ཁང་བཟངས་མེ་ཏོག་གི་སོ་ཞེས་བྱ་བ་ཡང་བྱིན་ནོ། །དེ་ལ་བུ་མོ་མངག་གཞུག་མ་སྒུར་མཆོག་ཅེས་བྱ་བ་ཞིག་ཡོད་པ་དེ་ཉི་མ་རེ་རེ་ཞིང་ཀཱརྵཱ་པ་ཎ་སྟོང་སྟོང་གིས་དྲི་དང་ཕྲེང་བ་རྒྱུ་དག་ཉོ་བར་བྱེད་དོ། །དེ་དུས་གཞན་ཞིག་ན་
སྤོས་འཚོང་གི་ཁྱེའུ་ཞིག་དང་ལྷན་ཅིག་སྟེན་པར་གྱུར་ནས་དེས་ཀཱརྵཱ་པ་ཎ་ལྔ་བརྒྱས་ནི་དྲི་དང་མེ་ཏོག་ཕྲེང་བ་དག་ཉོ་བར་བྱེད། ལྔ་བརྒྱ་ནི་དེ་དང་ལྷན་ཅིག་ཟ་བར་བྱེད་དོ། །སྤོས་འཚོང་གི་ཁྱེའུ་དེ་དད་པ་ཅན་ཡིན་པས་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་
དུ་གདུགས་ཚོད་ལ་སྤྱན་དྲངས་ནས་དེས་སྒུར་མཆོག་ལ་སྨྲས་པ། ཁོ་བོས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ཀྱིས་ཁྱོད་ཀྱང་ཤོག་ལ་བྲིམས་ཤིག །དེས་དེའི་མཚན་མོ་བཅའ་བ་དང་བཟའ་བ་གཙང་ཞིང་བསོད་པ་སྟ་
เล่ม ๘ · หน้า 168b
གོན་བྱས་ནས་ནང་པར་སྔར་ལངས་ཏེ་གདན་བཤམས་ནས་ཆུ་ར་བཞག་སྟེ་སྤྱན་འདྲེན་བཏང་ནས། བཅོམ་ལྡན་འདས་ལ་བཙུན་པ་གདུགས་ཚོད་གཡར་དགོངས་འཚལ་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ་ཞེས་སྤྱན་དྲངས་སོ། །དེ་ནས་
བཅོམ་ལྡན་འདས་ཤམ་ཐབས་གསོལ་ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ། དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ཏེ། སྤོས་འཚོང་གི་ཁྱེའུའི་བཀད་ས་ག་ལ་བ་དེར་གཤེགས་ནས། དགེ་སློང་གི་དགེ་འདུན་གྱི་གོང་དུ་
གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་སྤོས་འཚོང་གི་ཁྱེའུ་སྒུར་མཆོག་དང་བཅས་པས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས། རང་གི་ལག་ནས་བཅའ་བ་དང་། བཟའ་བ་གཙང་ཞིང་བསོད་པས་ཚིམ་པར་བྱེད་སྟོབས་
པར་བྱེད་དོ། །རྣམ་གྲངས་དུ་མར་བཅའ་བ་དང་བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱས་ཤིང་བསྟབས་ནས། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་ཅིང་ཕྱག་བཅབས། ལྷུང་བཟེད་བཞག་པར་རིག་ནས་སྟན་ཆེས་
དམའ་བ་ཞིག་བླངས་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །བཅོམ་ལྡན་འདས་ཀྱིས་སྒུར་མཆོག་གི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་ནས་གང་ཐོས་ནས་སྒུར་མཆོག་གིས་སྟན་དེ་ཉིད་ལ་འདུག་
བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟར་འཕགས་པའི་བདེན་པ་བཞི་ཡང་དག་པར་སོ་སོར་རྟོགས་པར་བྱེད་པའི་ཆོས་བསྟན་པ་མཛད་དོ། །དེས་བདེན་པ་
མཐོང་ནས་གསོལ་པ། བཙུན་པ་བདག་གིས་དགེ་བའི་བཤེས་གཉེན་བཅོམ་ལྡན་འདས་ལ་བརྟེན་ནས། བཅོམ་ལྡན་འདས་ཀྱིས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་
เล่ม ๘ · หน้า 169a
ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང་། བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང་མཛའ་བཤེས་དང་། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་
རི་དག་ལས་ནི་བསྒྲལ། ངན་སོང་གི་སྒོ་དག་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་ཡི་དགས་དག་ནས་ནི་རྐང་པ་ཕྱུང་། ལྷ་དང་མི་རྣམས་ཀྱི་ནང་དུ་ནི་བཞག །འཁོར་བ་ནི་མཐར་བགྱིས། ཐོག་མ་མ་མཆིས་པའི་
དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་ནི་ཐོབ་སྟེ། བཙུན་པ་བདག་ནི་མངོན་པར་ཞུགས་པ་ལགས་སོ། །བཙུན་པ་བདག་ནི་མངོན་པར་ཞུགས་པ་ལགས་ཏེ། བཙུན་པ་བདག་
བཅོམ་ལྡན་འདས་དང་། ཆོས་དང་དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ཡིས། བདག་དགེ་བསྙེན་མར་གཟུང་དུ་གསོལ། དེང་སླན་ཆད་ནས་ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་རབ་ཏུ་དང་བས་སྐྱབས་སུ་མཆིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་གཉིས་ལ་ཆོས་
བསྟན་པ་མཛད་ནས་གཤེགས་སོ། །སྒུར་མཆོག་གིས་སྤོས་འཚོང་གི་ཁྱེའུ་དེ་ལ་སྨྲས་པ། རྗེའི་སྲས་ད་ནི་བདག་གིས་གཞན་གྱི་ཏིལ་གྱི་ཕུབ་མ་ཡང་མ་བྱིན་པར་ལེན་པའི་རྔོ་མི་ཐོག་གིས་ཀཱརྵཱ་པ་ཎ་སྟོང་གི་ཡོ་བྱད་དག་སྩོལ་ཅིག །དེས་སྨྲས་པ། མ་ཉེས་ཀྱིས་ཤེས་དེས་དེ་
ལ་ཀཱརྵཱ་པ་ཎ་སྟོང་གི་ཡོ་བྱད་དག་བྱིན་ནོ། །དེས་དེ་ཁྱེར་ཏེ་སྔོ་བསངས་ཅན་གྱི་གན་དུ་སོང་བ་དང་། དེས་སྨྲས་པ། སྒུར་མཆོག་ཁྱོད་ཀྱིས་དེང་འདི་མགོ་ཕྱིར་བསྟན་ཏེ་ཉལ་བ་གང་ལས་ཐོབ། དེས་སྨྲས་པ། ཇོ་མོ་སྔོན་ནི་བདག་གིས་བརྐུས་ཀྱིས། ད་ནི་བདག་གི་སླན་ཅད་ཉོན་
མོངས་པ་དེ་ལྟ་བུ་དག་ཀུན་དུ་སྤྱོད་པར་མི་འགྱུར་བའི་ཡོན་ཏན་གྱི་རྣམ་པ་དེ་ལྟ་བུ་རྟོགས་སོ། །ཁྱོད་ཀྱིས་དེང་ཅི་བྱས། དེ་ཐོས་པ་འཛིན་པ་ཡིན་པས་སྐབས་དེ་རྒྱས་པར་སྨྲས་པ་དང་། དེས་སྨྲས་པ། སྒུར་མཆོག་ཁྱོད་ཀྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ཆོས་མཉན་ནས་
เล่ม ๘ · หน้า 169b
ཁོ་མོ་ལ་སྨྲོས་ཤིག །ཁྱོད་ཀྱི་ལས་ནི་དེ་ཡིན་ནོ། །དེས་སྨྲས་པ། མ་ནོངས་ཀྱིས་དེ་ལྟར་བགྱིའོ། །དེ་ནས་སྒུར་མཆོག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ཆོས་མཉན་ནས་དེ་ལ་བརྗོད་དོ། །བཅོམ་ལྡན་འདས་ཀྱིས་སྒུར་མཆོག་ལ་རྨས་པ། སྒུར་མཆོག་ཁྱོད་བཙུན་མོའི་
འཁོར་ལ་ཆོས་སྟོན་ཏམ། བཅོམ་ལྡན་འདས་སྟོན་ཏེ། ཇི་ལྟར་སྟོན་བཅོམ་ལྡན་འདས་བདག་ནི་འགྲེང་སྟེ་སྟོན་ལ། དེ་དག་ནི་མཆིས་ཏེ་ཉན་ཏོ། །བཀའ་སྩལ་པ། གལ་ཏེ་དེ་དག་སྒུར་མཆོག་ཆོས་སྟོན་ཅིག་ཅེས་ཟེར་ན་མི་བསྟན་ཏོ་ཞེས་བརྗོད་པར་བྱའོ། །ཅིའི་
ཕྱིར་ཞེས་ཟེར་ན། འདི་ལྟར་བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་དཀའ་བ་སྤྱོད་པ་འབུམ་ཕྲག་དུ་མ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་ནས་བླ་ན་མེད་པའི་མཁྱེན་པ་ཐུགས་སུ་ཆུད་པ་ཡིན་ན། བདག་ཁྱེད་ཅག་གུས་པ་མེད་
པ། རྗེ་ས་མེད་པ། སྟན་ཆེས་མཐོན་པོ་ལ་འཁོད་པ་རྣམས་ལ་ག་ལ་སྟོན་ཅེས་བརྗོད་པར་བྱའོ། །ཇི་ཙམ་དུས་གཞན་ཞིག་ན་སྒུར་མཆོག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ཆོས་མཉན་ནས་བཙུན་མོའི་འཁོར་གྱི་ནང་དུ་སོང་བ་དང་། དེ་དག་གིས་དེ་ལ་སྨྲས་པ།
སྒུར་མཆོག་ཆོས་སྟོན་ཅིག །དེས་སྨྲས་པ། མི་སྟོན་ཏོ། །ཅིའི་ཕྱིར་འདི་ལྟར་བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་དཀའ་བ་སྤྱད་པ་འབུམ་ཕྲག་དུ་མ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་ནས་བླ་ན་མེད་པའི་མཁྱེན་པ་
ཐུགས་སུ་ཆུད་ན། བདག་ཁྱེད་ཅག་གུས་པ་མེད་པ་དང་། རྗེ་ས་མེད་པ་སྟན་ཆེས་མཐོན་པོ་ལ་འཁོད་པ་རྣམས་ལ་ག་ལ་སྟོན། སྔོ་བསངས་ཅན་གྱིས་ཐོས་ནས་སེང་གེའི་ཁྲི་བཙུགས་སོ། །གཞན་དག་གིས་ཀྱང་སྟན་ནང་ཚངས་ཅན་བཏིང་ངོ་། །གཞན་དག་གིས་ཀྱང་
བཏེག་སྟེ་དེ་ལྟར་བཞག་ནས། སྒུར་མཆོག་སེང་གེའི་ཁྲི་ལ་འདུག་སྟེ། དེ་དག་ལ་གང་ཐོས་ནས་སྔོ་བསངས་ཅན་ལ་སོགས་པ་བུད་མེད་ལྔ་བརྒྱས་ཁྱད་པར་ཆེན་པོ་རྟོགས་ཏེ། ཁ་ཅིག་གིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས། ཁ་ཅིག་གིས་ནི་ལན་
เล่ม ๘ · หน้า 170a
གཅིག་ཕྱིར་འོང་བའི་འབྲས་བུ། ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟར་ཆོས་བསྟན་པ་བྱས་སོ། །དེ་དག་སྒུར་མཆོག་ལ་ཆོས་ཀྱི་རྒྱུ་ལས་བྱུང་བའི་དད་པ་སྐྱེས་ནས་དེ་དག་གིས་བད་སའི་རྒྱལ་པོ་ཤར་པ་ལ་སྨྲས་པ། ལྷ་
བདག་ཅག་སངས་རྒྱས་མཐོང་བར་འཚལ་ལོ། །དེས་སྨྲས་པ། དེ་ལྟར་བྱ་སྟེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཇེ་འགྲོའོ་ཞེས་དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། མཐའ་གཅིག་ཏུ་འདུག་
གོ། །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་བད་སའི་རྒྱལ་པོ་ཤར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མཆིས་འབྲང་གི་འཁོར་བཅོམ་ལྡན་འདས་མཐོང་བར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་
བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་བཙུན་མོའི་འཁོར་གྱི་ནང་དུ་མི་འཇུག་གོ། །དེས་སོང་སྟེ་དེ་དག་ལ་སྨྲས་པ་དང་། སྔོ་བསངས་ཅན་གྱིས་སྨྲས་པ། ལྷ་གལ་ཏེ་བཅོམ་ལྡན་འདས་བཙུན་མོའི་འཁོར་གྱི་ནང་དུ་མི་གཤེགས་
ན་ཁང་བཟངས་མེ་ཏོག་གི་སོ་ལ་སྐར་ཁུང་མང་པོ་དག་གདོད་ཅིང་། བདག་ཅག་སྐར་ཁུང་དག་ནས་བཅོམ་ལྡན་འདས་ལ་ལྟ་བར་ཅི་གནང་། རྒྱལ་པོས་ཁང་བཟངས་མེ་ཏོག་གི་སོ་ལ་སྐར་ཁུང་ལྔ་བརྒྱ་བཏོད་དོ། །གང་གི་ཚེ་བཅོམ་ལྡན་འདས་ཕྱོགས་དེར་གཤེགས་
པ་དེའི་ཚེ་ན་བཙུན་མོའི་འཁོར་དེ་དག་གིས་བཅོམ་ལྡན་འདས་སྐར་ཁུང་ནས་མཐོང་ནས། མཆོད་པ་དང་བསྙེན་བཀུར་བྱེད་ཅིང་མེ་ཏོག་དག་དང་། སྤོས་དག་དང་། ན་བཟའ་དག་དང་། མེ་ཏོག་ཕྲེང་གི་ཆུན་པོ་དག་ཀྱང་འཐོར་བར་བྱེད་དོ། །སྣ་ཚོགས་གདུལ་ན་ཀུན་
དུ་རྒྱུ་མ་དུ་ཞེས་བྱ་བ་དེ་ལ་ཆུང་མ་བུར་མ་ཞེས་བྱ་བ་ཞིག་ཡོད་པ་དེ་ལས་བུ་མོ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། ཡན་ལག་དང་། ཉིང་ལག་ཐམས་ཅད་དང་ལྡན་པ་ཞིག་བཙས་ནས། དེའི་རུས་པ་དག་ཕྲ་ཞིང་ཤིན་ཏུ་ཕྲ་ལ་དཔེ་བྱ་བར་མི་ནུས་སོ། །
เล่ม ๘ · หน้า 170b
དེའི་ཉེ་དུ་དག་འདུས་ཤིང་ལྷགས་ནས་ཞག་བདུན་གསུམ་ཉི་ཤུ་གཅིག་ཏུ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས་བུ་མོའི་མིང་ཅིར་གདགས་ཞེས་དེའི་མིང་འདོགས་པར་བྱེད་དོ། །ཉེ་དུ་རྣམས་ཀྱིས་སྨྲས་པ། བུ་མོ་འདི་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་
པ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་ཞིང་། འདིའི་རུས་པ་དག་ཕྲ་ཞིང་ཤིན་ཏུ་ཕྲ་ལ་དཔེ་བྱ་བར་མི་ནུས་པས་བུ་མོ་འདི་ལ་དཔེ་མེད་པས་འདིའི་མིང་དཔེ་མེད་མ་ཞེས་བྱ་བར་གདགས་སོ་ཞེས་དེའི་མིང་དཔེ་མེད་མ་ཞེས་བྱ་བར་བཏགས་སོ། །དེ་བསྲིངས་ཤིང་བསྐྱེད་
ནས་ཆེན་མོར་གྱུར་ཏོ། །མ་དུས་བསམས་པ། བདག་གི་བུ་མོ་འདི་སུ་ལ་ཡང་རིགས་ཀྱི་ཕྱིར་ཡང་མི་སྦྱིན། ནོར་གྱི་ཕྱིར་ཡང་མི་སྦྱིན། ཐོས་པའི་ཕྱིར་ཡང་མི་སྦྱིན་གྱི། བདག་གིས་གང་འདི་དང་གཟུགས་མཉམ་པའམ། ལྷག་པ་དེ་ལ་སྦྱིན་ནོ་སྙམ་མོ། །དེའི་སྐབས་
སུ་བཅོམ་ལྡན་འདས་སྒྲ་མི་སྙན་དག་ཏུ་ལྗོངས་རྒྱུ་ཞིང་གཤེགས་པ་ན་སྣ་ཚོགས་གདུལ་དུ་བྱོན་ནས་སྣ་ཚོགས་གདུལ་ན་སྒྲ་མི་སྙན་གྱི་གྲོང་རྡལ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་གསོལ། ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ་སྣ་ཚོགས་གདུལ་
དུ་བསོད་སྙོམས་ལ་ཞུགས་སོ། །སྣ་ཚོགས་གདུལ་དུ་བསོད་སྙོམས་བརྒྱུས་ནས་ཟས་ཀྱི་བྱ་བ་མཛད་དེ། ཕྱི་མའི་ཟས་ཀྱི་བསོད་སྙོམས་ལས་སླར་ལོག་པས་ཇི་ལྟར་ལོངས་སྤྱད་པའི་གནས་མལ་མཁོས་སུ་ཕབ་སྟེ། ཤིང་ལྗོན་པ་ཞིག་གི་དྲུང་དུ་བརྟེན་ནས་བྲང་འགྲོའི་རྒྱལ་
པོ་ཉལ་བའི་ལུས་བསྐྱིལ་བ་ལྟར་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་སོ། །དེའི་ཚེ་ན་ཀུན་ཏུ་རྒྱུ་མ་དུ་མེ་ཏོག་དང་། ཡམ་སྲེག་ཤིང་གི་ཕྱིར་ཕྱི་རོལ་དུ་བྱུང་བ་དང་། ཀུན་དུ་རྒྱུ་མ་དུས་ཐག་རིང་པོ་ཁོ་ན་ནས་བཅོམ་ལྡན་འདས་ཤིང་ལྗོན་པ་ཞིག་གི་དྲུང་དུ་རྟེན་ཅིང་བྲང་འགྲོའི་
རྒྱལ་པོ་ཉལ་བའི་ལུས་བསྐྱིལ་བ་ལྟར་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་པ་མཛེས་པ། དད་པར་འགྱུར་བ། དབང་པོ་ཞི་བ། ཐུགས་ཞི་བ། མཆོག་ཏུ་སེམས་དུལ་བ། ཉེ་བར་ཞི་བ་དང་ལྡན་པ། གསེར་གྱི་མཆོད་སྡོང་ལྟར་འབར་བ་མཐོང་ངོ་། །མཐོང་
เล่ม ๘ · หน้า 171a
ནས་ཀྱང་དགའ་བ་དང་མཆོག་ཏུ་དགའ་བ་སྐྱེས་ཏེ་བསམས་པ། དགེ་སྦྱོང་མཛེས་པ་དད་པར་བྱ་བ་འདི་ལྟ་བུ་འདི་ནི་འཛམ་བུའི་གླིང་མཐའ་དག་གི་བདག་པོར་འོས་པ་ཡིན་ན། དཔེ་མེད་མའི་བདག་པོར་ལྟ་སྨོས་ཀྱང་ཅི་དགོས་ཏེ། བདག་གིས་མག་པ་རྙེད་དོ་
སྙམ་དུ་རིག་ནས། རང་གི་ཁྱིམ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཆུང་མ་ལ་སྨྲས་པ། བཟང་མོ་ཤེས་པར་གྱིས་ཤིག །ངས་བུ་མོའི་མག་པ་རྙེད་ཀྱིས་རྒྱན་བྱོས་ཤིག་དང་དཔེ་མེད་མ་སྦྱིན་ནོ། །དེས་སྨྲས་པ། སུ་ལ་སྦྱིན། དེས་སྨྲས་པ། དགེ་སྦྱོང་གཽ་ཏ་མ་ལའོ། །དེས་
སྨྲས་པ། ཇི་ལྟར་འདོང་ངོ་ཞེས་དེ་མ་དུ་དང་ལྷན་ཅིག་འཕགས་པ་དང་། ལམ་གར་དེ་ལ་དྲན་པ་སྐྱེས་ནས་དེས་ཚིགས་སུ་བཅད་པ་སྨྲས་པ། བྲམ་ཟེ་བདག་གིས་དྲང་སྲོང་ཆེན་པོ་དེ། །སྣ་ཚོགས་གདུལ་དུ་བསོད་སྙོམས་ཞུགས་མཐོང་ནས། །དེས་མནན་ས་ཕྱོགས་མཐོན་པོ་
དམར་འགྱུར་ཞིང་། །བཏེག་ན་དམའ་བའང་མཐོན་པོ་ཉིད་དུ་འགྱུར། །ཁྱིམ་ཐབ་དེ་ནི་གཞོན་ནུ་མི་སྟེན་གྱིས། །ཕྱིར་ལོག་རང་གི་སྡུམ་པ་ཉིད་དུ་འདོང་། །དེས་ཀྱང་ཚིགས་སུ་བཅད་པ་སྨྲས་པ། ཀྱེ་མ་བུར་མ་བཀྲ་མི་ཤིས་པ་ཁྱོད། །བཀྲ་ཤིས་དུས་སུ་བཀྲ་ཤིས་མ་ཡིན་སྨྲ། །
གལ་ཏེ་བརྟུལ་ཞུགས་ཐབས་ཀྱིས་བླངས་གྱུར་ན། །དེ་ནི་ཕྱིར་ཡང་འདོད་ཡོན་སྟེན་པར་འགྱུར། །དེས་དཔེ་མེད་མ་གོས་དང་རྒྱན་དག་གིས་བརྒྱན་ཏེ་འཕགས་པ་དང་། བཅོམ་ལྡན་འདས་ཀྱང་ནགས་ཁྲོད་དེ་ནས་ནགས་ཁྲོད་གཞན་དུ་གཤེགས་སོ། །ཀུན་དུ་རྒྱུ་མ་དུས་བཅོམ་
ལྡན་འདས་ཀྱི་གདན་རན་བཏིང་བ་མཐོང་ངོ་། །མཐོང་ནས་ཀྱང་ཆུང་མ་ལ་སྨྲས་པ། བཟང་མོ་ཤེས་པར་གྱིས་ཤིག །འདི་ནི་བུ་མོའི་མག་པའི་སྟན་རྩྭ་བཏིང་བ་ཡིན་ནོ། །དེས་ཚིགས་སུ་བཅད་པ་སྨྲས་པ། ཆགས་པར་གྱུར་པའི་མལ་ནི་འཁྲུགས་པར་འགྱུར། །སྡང་
བའི་མལ་ནི་གྱ་ཚོམ་བུར་མར་འགྱུར། །རྨོངས་པའི་མལ་ནི་རྐང་པའི་མཐར་འགྲོ་འགྱུར། །འདི་ནི་ཤིན་ཏུ་ཆགས་བྲལ་གནས་ཡིན་ཏེ། །ཁྱིམ་ཐབ་དེ་ནི་གཞོན་ནུ་མི་སྟེན་གྱིས། །ཕྱིར་ལོག་རང་གི་སྡུམ་པ་ཉིད་དུ་འདོང་། །དེས་ཀྱང་ཚིགས་སུ་བཅད་པ་སྨྲས་པ། ཀྱེ་མ་
เล่ม ๘ · หน้า 171b
བུར་མ་བཀྲ་མི་ཤིས་པ་ཁྱོད། །བཀྲ་ཤིས་དུས་སུ་བཀྲ་ཤིས་མ་ཡིན་སྨྲ། །གལ་ཏེ་བརྟུལ་ཞུགས་ཐབས་ཀྱིས་བླངས་གྱུར་ན། །དེ་ཡི་ཕྱིར་ཡང་འདོད་ཡོན་སྟེན་པར་འགྱུར། །ཀུན་དུ་རྒྱུ་མ་དུས་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་རྗེས་དག་མཐོང་ངོ་། །མཐོང་ནས་ཀྱང་
ཆུང་མ་ལ་སྨྲས་པ། བཟང་མོ་འདི་ནི་བུ་མོའི་མག་པའི་རྗེས་དག་ཡིན་ནོ། །དེས་ཚིགས་སུ་བཅད་པ་སྨྲས་པ། སྐྱེས་བུ་ཆགས་པའི་རྗེས་ནི་གསལ་མི་འགྱུར། །ཞེ་སྡང་ལྡན་པའི་རྗེས་ནི་ཟབ་པ་ཡིན། །རྨོངས་པར་གྱུར་པའི་རྗེས་ནི་ནོགས་པར་འགྱུར། །ཤིན་ཏུ་
ཆགས་བྲལ་རྗེས་ནི་འདི་འདྲ་སྟེ། །ཁྱིམ་ཐབ་དེ་ནི་གཞོན་ནུ་མི་སྟེན་གྱིས། །ཕྱིར་ལོག་རང་གི་སྡུམ་པ་ཉིད་དུ་འདོང་། །དེས་ཀྱང་ཚིགས་སུ་བཅད་པ་སྨྲས་པ། ཀྱེ་མ་བུར་མ་བཀྲ་མི་ཤིས་པ་ཁྱོད། །བཀྲ་ཤིས་དུས་སུ་བཀྲ་ཤིས་མ་ཡིན་སྨྲ། །གལ་ཏེ་བརྟུལ་ཞུགས་
ཐབས་ཀྱིས་བླངས་གྱུར་ན། །དེ་ནི་ཕྱིར་ཡང་འདོད་ཡོན་སྟེན་པར་འགྱུར། །བཅོམ་ལྡན་འདས་ཀྱིས་གསུང་བསལ་བའི་སྒྲ་མཛད་པ་དང་། ཀུན་དུ་རྒྱུ་མ་དུས་བཅོམ་ལྡན་འདས་ཀྱི་གསུང་བསལ་བའི་སྒྲ་ཐོས་སོ། །ཐོས་ནས་ཀྱང་ཆུང་མ་ལ་སྨྲས་པ། བཟང་མོ་འདི་
ནི་བུ་མོའི་མག་པའི་སྐད་བསལ་བའི་སྒྲ་གྲག་པ་ཡིན་ནོ། །དེས་ཚིགས་སུ་བཅད་པ་སྨྲས་པ། ཆགས་པའི་མི་ཡི་སྐད་ནི་ངར་ངར་པོ། །སྡང་བའི་མི་ཡི་སྐད་ནི་རྩུབ་པ་ཡིན། །རྨོངས་པའི་མི་ཡི་སྐད་ནི་འཁྲུགས་པར་འགྱུར། །ཚངས་པའི་རྔ་སྒྲ་འདི་ནི་སངས་རྒྱས་ཏེ། །
ཁྱིམ་ཐབ་དེ་ནི་གཞོན་ནུ་མི་སྟེན་གྱིས། །ཕྱིར་ལོག་རང་གི་སྡུམ་པ་ཉིད་དུ་འདོང་། །དེས་ཀྱང་ཚིགས་སུ་བཅད་པ་སྨྲས་པ། ཀྱེ་མ་བུར་མ་བཀྲ་མི་ཤིས་པ་ཁྱོད། །བཀྲ་ཤིས་དུས་སུ་བཀྲ་ཤིས་མ་ཡིན་སྨྲ། །གལ་ཏེ་བརྟུལ་ཞུགས་ཐབས་ཀྱིས་བླངས་གྱུར་ན། །དེ་
ནི་ཕྱིར་ཡང་འདོད་ཡོན་སྟེན་པར་འགྱུར། །བཅོམ་ལྡན་འདས་ཀྱིས་ཐག་རིང་པོ་ཁོ་ན་ནས་ཀུན་དུ་རྒྱུ་མ་དུ་ལ་གཟིགས་པ་དང་། ཀུན་དུ་རྒྱུ་མ་དུས་བཅོམ་ལྡན་འདས་གཟིགས་པ་མཐོང་ངོ་། །མཐོང་ནས་ཀྱང་ཆུང་མ་ལ་སྨྲས་པ། བཟང་མོ་འདི་ནི་བུ་མོའི་མག་པ་ལྟ་བ་ཡིན་
เล่ม ๘ · หน้า 172a
ནོ། །དེས་ཚིགས་སུ་བཅད་པ་སྨྲས་པ། ཆགས་པའི་མི་ནི་རིག་རིག་ལྟ་བར་བྱེད། །སྡང་བའི་མི་ནི་དུག་དྲག་སྦྲུལ་བཞིན་ལྟ། །རྨོངས་པའི་མི་ནི་མུན་ཁྲོད་རྟོག་བཞིན་ལྟ། །ཤིན་ཏུ་ཆགས་བྲལ་གཉའ་ཤིང་ཙམ་དུ་ལྟ། །ཁྱིམ་ཐབ་དེ་ནི་གཞོན་ནུ་མི་སྟེན་
གྱིས། །ཕྱིར་ལོག་རང་གི་སྡུམ་པ་ཉིད་དུ་འདོང་། །དེས་ཀྱང་ཚིགས་སུ་བཅད་པ་སྨྲས་པ། ཀྱེ་མ་བུར་མ་བཀྲ་མི་ཤིས་པ་ཁྱོད། །བཀྲ་ཤིས་དུས་སུ་བཀྲ་ཤིས་མ་ཡིན་སྨྲ། །གལ་ཏེ་བརྟུལ་ཞུགས་ཐབས་ཀྱིས་བླངས་གྱུར་ན། །དེ་ནི་ཕྱིར་ཡང་འདོད་ཡོན་སྟེན་པར་
འགྱུར། །བཅོམ་ལྡན་འདས་འཆག་པར་མཛད་པ་དང་། ཀུན་དུ་རྒྱུ་མ་དུས་བཅོམ་ལྡན་འདས་འཆག་པ་མཐོང་ངོ་། །མཐོང་ནས་ཀྱང་ཆུང་མ་ལ་སྨྲས་པ། བཟང་མོ་འདི་ནི་བུ་མོའི་མག་པ་འཆག་པ་ཡིན་ནོ། །དེས་ཚིགས་སུ་བཅད་པ་སྨྲས་པ། ཇི་ལྟར་འདི་
སྤྱན་ཇི་ལྟར་གཟིགས་པ་དང་། །ཇི་ལྟར་འདི་སྐུ་བརྟན་པར་གཤེགས་པ་དང་། །ཇི་ལྟར་འདི་ཡི་སྒྲོས་དང་ཞལ་དག་ནི། །རྡུལ་དང་བྲལ་བ་ཉིད་དུ་སྣང་བ་ལས། །ཁྱིམ་ཐབ་དེ་ནི་གཞོན་ནུ་མི་སྟེན་གྱིས། །ཕྱིར་ལོག་རང་གི་སྡུམ་པ་ཉིད་དུ་འདོང་། །དེས་ཀྱང་ཚིགས་
སུ་བཅད་པ་དག་སྨྲས་པ། ཀྱེ་མ་བུར་མ་བཀྲ་མི་ཤིས་པ་ཁྱོད། །བཀྲ་ཤིས་དུས་སུ་བཀྲ་ཤིས་མ་ཡིན་སྨྲ། །གལ་ཏེ་བརྟུལ་ཞུགས་ཐབས་ཀྱིས་བླངས་གྱུར་ན། །དེ་ནི་ཕྱིར་ཡང་འདོད་ཡོན་སྟེན་པར་འགྱུར། །གནས་འཇོག་གསེར་མདོག་ཨོ་ཏ་ལ་དག་ཀྱང་། །བུ་ཡི་དོན་དུ་
འདོད་པས་རྨོངས་གྱུར་ཏེ། །འདི་ནི་ཆོས་བཞིན་ཕུལ་བས་ཐུབ་རྣམས་ཀྱིས། །རྟག་པར་རྒྱུན་དུ་བུ་དག་བསྐྱེད་པར་གྱུར། །དེ་ནས་ཀུན་དུ་རྒྱུ་མ་དུ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་གི་བུ་མོ་དམ་པ་
གཟུགས་ལྡན་ཞིང་། །དར་བ་བརྒྱན་པ་འདོད་པ་དོན་གཉེར་བ། །ཁྱོད་ལ་འབུལ་བ་འདི་ལ་ཁྱོད་གཟིགས་ཤིང་། །མཁའ་ལ་དགུང་ཟླ་སྨིན་དྲུག་མཇལ་བ་ལྟར། །འདི་དང་ལྷན་ཅིག་ལེགས་པར་ཁྱོད་དགྱེས་མཛོད། །བཅོམ་ལྡན་འདས་ཀྱིས་དགོངས་པ། གལ་ཏེ་ངས་
เล่ม ๘ · หน้า 172b
དཔེ་མེད་མ་ལ་རྗེས་སུ་ཆགས་པའི་ཚིག་བརྗོད་ན་དཔེ་མེད་མ་འདོད་ཆགས་ཀྱིས་གདུངས་ཏེ་དུས་བྱེད་པར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་གྱིས་བདག་གིས་འདི་ལ་ཁོང་ཁྲོ་བའི་ཚིག་བརྗོད་པར་བྱའོ་སྙམ་དུ་རིག་ནས་ཚིགས་སུ་བཅད་པ་བཀའ་སྩལ་
པ། བྲམ་ཟེ་ང་ཡིས་བདུད་ཀྱི་བུ་མོ་ནི། །སྲེད་མ་དགའ་བྱེད་དེ་བཞིན་དགའ་མོ་དག །ཕམ་བྱས་འདོད་པ་དག་ལ་ལན་འགའ་ཡང་། །ང་ཡིས་འདུན་པའི་སེམས་བསྐྱེད་མ་གྱུར་པས། །བཤང་དང་གཅི་བས་གང་བ་འདི་ལ་ནི། །རྐང་པས་རེག་པར་སྤྲོ་བའང་མི་སྐྱེད་དོ། །མ་
དུས་ཚིགས་སུ་བཅད་པ་གསོལ་པ། བདག་གི་བུ་མོ་ཡན་ལག་ཉམས་གྱུར་ཅིང་། །འདོད་ལྡན་ཡོན་ཏན་བྲལ་བར་གཟིགས་སམ་ཅི། །ཇི་སླད་འདོད་སྤྱོད་ཡིད་འོང་གཟུགས་དག་ལ། །འདུན་དྲག་བགྱིད་ལྟར་འདི་ལ་ཁྱོད་མི་མཛད། །བཅོམ་ལྡན་འདས་ཀྱིས་ཀྱང་ཚིགས་
སུ་བཅད་པ་དག་བཀའ་སྩལ་པ། བྲམ་ཟེ་རྨོངས་པ་གང་ཞིག་ཡུལ་འདོད་པ། །དེ་ནི་ཁྱོད་ཀྱི་བུ་མོ་འདི་སྒྲུབ་ཅིང་། །ཡུལ་ལ་ཆགས་ཤིང་ཁྲོ་བར་ཞུགས་གྱུར་པ། །འདི་ལ་རབ་རྨོངས་སྐྱེ་བོ་ཆགས་བྲལ་མིན། །ང་ནི་སངས་རྒྱས་ཐུབ་གཙོ་མངའ་བདག་སྟེ། །ང་ཡིས་བྱང་
ཆུབ་བླ་མེད་ཞི་བ་བརྙེས། །ཇི་ལྟར་པད་མ་ཆུས་མི་ཆགས་པ་ལྟར། །ཆགས་པ་མེད་པ་ཉིད་དུ་འཇིག་རྟེན་རྒྱུ། །ཨུཏྤལ་སྔོན་པོ་རྫབ་དང་ཆུ་ནང་ན། །རྫབ་དང་ཆུ་ཡིས་གོས་པ་མེད་པ་ལྟར། །བྲམ་ཟེ་དེ་བཞིན་ང་ཡིས་འཇིག་རྟེན་ན། །འདོད་པ་དག་ལ་རྣམ་གྲོལ་སེམས་
ཀྱིས་སྤྱོད། །དེ་ནས་དཔེ་མེད་མ་བཅོམ་ལྡན་འདས་ཀྱིས་བཤང་བ་དང་གཅི་བ་ཞེས་བྱ་བའི་ཚིག་གིས་ཀུན་དུ་སྤྱད་པས་རངས་པ་དང་བྲལ་ཏེ། ཡིད་མི་བདེ་བར་གྱུར་ནས་དེའི་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་གང་ཡིན་པ་དེ་མེད་པར་གྱུར་ཅིང་། ཞེ་སྡང་གི་ཀུན་ནས་དཀྲིས་པ་
སྐྱེས་པས་རུས་པ་དག་སྦོམ་པོར་གྱུར་ཅིང་། མིག་གཉིས་ཀྱང་མཆིང་བུ་ལྟ་བུར་གྱུར་ཏོ། །དེའི་ཚེ་ན་རྒན་ཞུགས་ཤིག་བཅོམ་ལྡན་འདས་ཀྱི་སྣམ་ལོགས་ན་འདུག་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་རྒན་ཞུགས་དེས་འདི་སྐད་ཅེས་གསོལ་ཏོ། །ཀུན་ཏུ་གཟིགས་
ที่มาและสัญญาอนุญาต
ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด