ལས་བརྒྱ་ཐམ་པ་པ

ชื่อสันสกฤต (อักษรทิเบต ตามตัวบท) ཀརྨ་ཤ་ཏ་ཀ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๗๓ · หน้า 58b

ཀྱི་ནང་དུ་གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་དེར་ཉིང་མཚམས་འཛིན་པར་འགྱུར་རོ། །སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ནི་རྒྱལ་ཆེན་བཞིའི་རིས་རྣམས་དང་སུམ་ཅུ་རྩ་གསུམ་རྣམས་དང་འཐབ་བྲལ་རྣམས་དང་དགའ་ལྡན་རྣམས་དང་། འཕྲུལ་དགའ་རྣམས་དང་། གཞན་

འཕྲུལ་དབང་བྱེད་རྣམས་དང་། ཚངས་རིས་རྣམས་དང་། ཚངས་པའི་མདུན་ན་འདོན་པ་རྣམས་དང་། ཚངས་པ་ཆེན་པོ་རྣམས་དང་། འོད་ཆུང་རྣམས་དང་། ཚད་མེད་འོད་རྣམས་དང་། འོད་གསལ་རྣམས་དང་། དགེ་ཆུང་རྣམས་དང་། ཚད་མེད་དགེ་རྣམས་དང་། དགེ་རྒྱས་

རྣམས་དང་། སྤྲིན་མེད་རྣམས་དང་། བསོད་ནམས་སྐྱེས་རྣམས་དང་། འབྲས་བུ་ཆེ་རྣམས་དང་། མི་ཆེ་རྣམས་དང་། མི་གདུང་རྣམས་དང་། གྱ་ནོམ་སྣང་རྣམས་དང་། ཤིན་ཏུ་མཐོང་རྣམས་དང་། འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སོང་ནས། མི་རྟག་པ་དང་། སྡུག་

བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་སྒྲ་སྒྲོགས་སོ། །ཚིགས་སུ་བཅད་པ་གཉིས་ཀྱང་རྗོད་པར་བྱེད་དེ། ངེས་པར་འབྱུང་བ་བརྩམ་པར་གྱིས། །སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་

གྱིས། །གང་ཞིག་ཆོས་འདུལ་འདི་ཉིད་ལ། །བག་ཡོད་སྤྱོད་པར་བྱེད་པ་ནི། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཟད་པར་བྱེད་པར་འགྱུར། །ཞེས་རྗོད་པར་བྱེད་དོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་

ནས། བཅོམ་ལྡན་འདས་ཀྱི་ཕྱི་བཞིན་འབྲང་སྟེ་གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི་བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི་མདུན་ལོགས་སུ་མི་སྣང་བར་འགྱུར་རོ། །སེམས་ཅན་དམྱལ་

བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་རྟིང་པར་མི་སྣང་བར་འགྱུར་རོ། །ཡི་དགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་

เล่ม ๗๓ · หน้า 59a

ན་ནི་པུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི་ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི་ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །

ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་ཞལ་དུ་མི་སྣང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་དབུའི་གཙུག་ཏོར་དུ་མི་སྣང་བར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་

ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་ཞུས་པ། ཚོན་སྣ་སྟོང་གིས་སྤེལ་བ་སྣ་ཚོགས་ཅན། །མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། །དེ་ཡིས་ཕྱོགས་རྣམས་ཀུན་དུ་སྣང་བར་བགྱིས། །ཉི་མ་ཤར་བས་ཇི་ལྟར་བགྱིས་པ་བཞིན། །ཡང་ཚིགས་སུ་བཅད་དེ་གསོལ་པ། རྒོད་དང་བྲལ་

ཞིང་རྒྱགས་དང་མི་དགྱེས་སྤངས་པ་ཡི། །སངས་རྒྱས་འགྲོ་བ་དག་གི་དམ་པའི་རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུབ་རྣམས་ནི་རྒྱུ་རྐྱེན་མ་མཆིས་པར། །པད་མའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། །བརྟན་པོ་ཉིད་ཀྱི་བློ་ཡིས་དུས་བབ་མཁྱེན་ལགས་ན། །དགེ་སྦྱོང་རྒྱལ་དབང་ཉན་པ་

སོམ་ཉི་འཚལ་བ་རྣམས། །ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་བརྟན་པ་དང་། །བཟང་པོ་དག་གིས་ཐེ་ཚོམ་སྐྱེས་པ་བསལ་བར་གསོལ། །རྒྱ་མཚོ་དང་ནི་རི་རྒྱལ་ལྟ་བུར་བརྟན་པ་ཡི། །མགོན་པོ་རྫོགས་སངས་རྒྱས་རྣམས་གྱིན་ད་འཛུམ་མི་སྟོན། །གང་གི་དོན་དུ་དཔའ་བོ་འཛུམ་པ་

སྟོན་མཛད་པ། །དེ་ནི་ཁྱོད་ལ་སྐྱེ་བོ་ཕལ་ཆེན་ཉན་པར་འཚལ། །འབྲུག་སྒྲ་ལྟ་བུའི་གསུང་ལྡན་པ། །ཁྱུ་མཆོག་ལྟ་བུའི་ལྟ་སྟངས་ཅན། །མི་མཆོག་མཆོད་པ་བགྱིད་པ་ཡི། །འབྲས་བུ་ཅིར་འགྱུར་ལུང་བསྟན་གསོལ། །བཙུན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་

เล่ม ๗๓ · หน้า 59b

དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མ་མཆིས་རྐྱེན་མ་མཆིས་པར་འཛུམ་པ་སྟོན་པར་མི་མཛད་ན། བཙུན་པ་འཛུམ་པ་མཛད་པའི་རྒྱུ་གང་ལགས་རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ཀུན་དགའ་བོ་དེ་བཞིན་གཤེགས་

པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ་ཁྱོད་ཀྱིས་བྲམ་ཟེ་གང་གིས་དེ་བཞིན་གཤེགས་པ་ལ་ཤིང་རྟ་བསྟབས་པ་མཐོང་ངམ། བཙུན་པ་མཐོང་ལགས་སོ། །ཀུན་དགའ་བོ་བྲམ་ཟེ་འདི་ནི། དགེ་བའི་རྩ་བ་འདིས་

བསྐལ་པ་བཅུ་གསུམ་གྱི་བར་དུ་ལོག་པར་ལྟུང་བར་མི་འགྱུར་ཏེ། བསྐལ་པ་བཅུ་གསུམ་གྱི་བར་དུ་ལྷ་རྣམས་དང་མི་རྣམས་ཀྱི་ནང་དུ་ཉིང་མཚམས་སྦྱར་ཞིང་འཁོར་བར་གྱུར་ནས་སྲིད་པ་ཐ་མ་དང་གནས་ཐ་མ་ལ་མིར་སྐྱེ་བ་ཐོབ་སྟེ་རབ་ཏུ་འབྱུང་བར་འགྱུར་ལ། དེས་སློབ་དཔོན་མེད་པ་དང་མན་ངག་མེད་པར་བྱང་

ཆུབ་ཀྱི་ཕྱོགས་དང་འཐུན་པའི་ཆོས་སུམ་ཅུ་རྩ་བདུན་མངོན་དུ་བྱས་ནས། རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་བྱེད་པར་འགྱུར་ཏེ། རང་སངས་རྒྱས་ཤིང་རྟ་སྦྱིན་ཞེས་བྱ་བར་འགྱུར་རོ། །དེའི་སྦྱིན་པར་བྱ་བའི་ཆོས་ནི་འདི་ཡིན་ནོ།། །།སྒམ་པོ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་

པ་ན་བཞུགས་ཏེ། དེའི་ཚེ་སེམས་ཅན་ཞིག་སེམས་ཅན་དམྱལ་བར་སྐྱེས་ཏེ་ལུས་ཆེ་ཞིང་དམུས་ལོང་དུ་འདུག་ལ་དེའི་ལུས་རིལ་གྱིས་རྨས་ཞུ་ལུབ་ཏུ་ཡོག་སྟེ། དེའི་སྤྱི་བོ་མན་ཆད་རྐང་མཐིལ་ཡན་ཆད་སྲིན་ཞུགས་པས་དེ་ནད་མ་བཟོད་ནས་ཕན་ཚུན་རྒྱུག་པར་བྱེད་ལ། དེ་གལ་ཏེ་ཐང་ལ་འགྲོ་ན་ནི།

དེ་ལ་དེ་ཉིད་ནས་སེང་གེ་དང་། སྟག་དང་། གཟིག་དང་། དྲེད་ལ་སོགས་པ་ལྕགས་ཀྱི་མཆེ་བ་ཅན་དག་འབྱུང་བར་འགྱུར་ཏེ། དེ་དག་གིས་དེའི་ཤ་རྣམས་བཅད་ཅིང་བཅད་ཅིང་ཟའོ། །དེ་སྟེ་ཆུ་ལ་འབོག་ན་ནི་དེ་ལ་དེ་ཉིད་ནས་ཆུ་སྲིན་མ་ཀ་ར་ལྕགས་ཀྱི་མཆེ་བ་ཅན་དག་འབྱུང་བར་འགྱུར་ཏེ།

དེ་དག་གིས་ཀྱང་དེའི་ཤ་རྣམས་བཅད་ཅིང་བཅད་ཅིང་ཟའོ། །དེ་སྟེ་སྟེང་གི་ནམ་མཁའ་ལ་འགྲོ་ན་ནི་དེ་ལ་དེ་ཉིད་ནས། བྱ་རོག་དང་བྱ་རྒོད་དང་ཆུན་ལག་ལྕགས་ཀྱི་མཆུ་ཅན་དག་འབྱུང་བར་འགྱུར་ཏེ། དེ་དག་གིས་ཀྱང་དེའི་ཤ་རྣམས་བཅད་ཅིང་བཅད་ཅིང་ཟའོ། །དེ་སྟེ་ནགས་སྟུག་པོའི་ནང་དུ་

เล่ม ๗๓ · หน้า 60a

འགྲོ་ན་ནི་དེ་ལ་དེ་ཉིད་ནས་ཤིང་ཤལ་མ་ལིའི་ཚལ་འབྱུང་བར་འགྱུར་ཏེ། དེ་ལ་དེར་རལ་གྲི་དང་། མདུང་ཐུང་དང་། མདའ་བོ་ཆེ་དང་། རྡོ་རྗེ་རྩེ་གཅིག་པ་དང་། མདུང་ཁ་ལེབ་རྣམས་རླུང་གིས་སྤགས་ཏེ་དེའི་སྟེང་དུ་འབབ་བོ། །དེ་སྟེ་རྩིག་པའི་གསེབ་བམ་རིའི་

སུལ་ལམ་བྱ་སྐྱིབས་དག་ཏུ་འགྲོ་བར་འདོད་ན་ཡང་དེ་ལ་དེ་ཉིད་ནས་ལས་ལས་སྐྱེས་པའི་མི་དག་འབྱུང་བར་འགྱུར་ཏེ། རལ་གྲི་དང་། མདུང་ཐུང་དང་། མདའ་བོ་ཆེ་དང་། རྡོ་རྗེ་རྩེ་གཅིག་པ་དང་། མདུང་ཁ་ལེབ་རྣམས་ཐོགས་ནས་དེའི་ལུས་ལ་འདེབས་ཏེ། དེ་དག་གིས་དེའི་

ལུས་ཐམས་ཅད་བཅད་ཅིང་གཏུབ་པར་བྱེད་དེ། རྒྱུ་དེས་ན་དེས་སྡུག་བསྔལ་དྲག་པ་དང་མི་བཟད་པ་དང་ཚ་བ་དང་ཡིད་དུ་མི་འོང་བའི་ཚོར་བ་མྱོང་སྟེ། ཉམ་ཐག་པའི་སྐད་འབྱིན་ཅིང་ངུའོ། །སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་པུའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་ཡེ་

ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་

བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ་རྣམས་ནི་ཆོས་ཉིད་ཀྱིས་ཉིན་དུས་གསུམ་མཚན་དུས་གསུམ་སྟེ། ཉིན་མཚན་

དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག །སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན་སུ་ནི་ངན་སོང་དུ་གཞོལ་སུ་ནི་ངན་སོང་དུ་འབབ་སུ་ནི་

ངན་སོང་དུ་བབ་སུ་ནི་ངས་ངན་སོང་ནས་ཕྱུང་སྟེ་མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་

เล่ม ๗๓ · หน้า 60b

བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི་སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་

རྟེན་འབྲས་བུ་དང་བཅས་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ། །རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡིང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་

ནས། མཉན་དུ་ཡོད་པའི་སྐྱེ་བོ་ཕལ་པོ་ཆེ་འདུལ་བའི་དུས་ལ་བབ་ནས། བཅོམ་ལྡན་འདས་ཀྱིས་དགོངས་པ་ཅི་ཚར་གཅད་པས་འདུལ་བར་འགྱུར་རམ་འོན་ཏེ་བསྟོད་པས་འདུལ་བར་འགྱུར་རམ། འོན་ཏེ་སྐྱོ་བ་བསྐྱེད་པས་འདུལ་བར་འགྱུར་སྙམ་དུ་དགོངས་ནས། སྐྱོ་བ་བསྐྱེད་པས་

འདུལ་བར་འགྱུར་བར་བཅོམ་ལྡན་འདས་ཀྱིས་གཟིགས་ནས། དེ་དག་སྐྱོ་བ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་སེམས་ཅན་དེ་རྫུ་འཕྲུལ་གྱིས་བཀུག་སྟེ། ཆུ་ཀླུང་ཁང་ལྡན་གྱི་འགྲམ་དུ་བཞག་ན། དེར་ཡང་དེ་ནད་མི་བཟོད་ནས་ཕན་ཚུན་རྒྱུག་པར་བྱེད་ལ་དེར་ཡང་དེ་གལ་ཏེ་ཐང་

ལ་འགྲོ་ན་ནི་དེ་ལ་དེ་ཉིད་ནས་སེང་གེ་དང་སྟག་དང་། གཟིག་དང་དྲེད་ལ་སོགས་པ་ལྕགས་ཀྱི་མཆེ་བ་ཅན་དག་འབྱུང་བར་འགྱུར་ཏེ། དེ་དག་གིས་དེའི་ཤ་རྣམས་བཅད་ཅིང་བཅད་ཅིང་ཟའོ། །དེ་སྟེ་ཆུར་འབོག་ན་ནི་དེ་ལ་དེ་ཉིད་ནས་ཆུ་སྲིན་མ་ཀ་ར་ལྕགས་ཀྱི་མཆེ་བ་ཅན་དག་

འབྱུང་བར་འགྱུར་ཏེ། དེ་དག་གིས་ཀྱང་དེའི་ཤ་རྣམས་བཅད་ཅིང་བཅད་ཅིང་ཟའོ། །དེ་སྟེ་སྟེང་གི་ནམ་མཁའ་ལ་འགྲོ་ན་ནི་དེ་ལ་དེ་ཉིད་ནས་བྱ་རོག་དང་བྱ་རྒོད་དང་ཆུན་ལག་ལྕགས་ཀྱི་མཆུ་ཅན་དག་འབྱུང་བར་འགྱུར་ཏེ། དེ་དག་གིས་ཀྱང་དེའི་ཤ་རྣམས་བཅད་ཅིང་བཅད་ཅིང་ཟའོ། །

དེ་སྟེ་ནགས་སྟུག་པོའི་ནང་དུ་འགྲོ་ན་ནི་དེ་ལ་དེ་ཉིད་ནས་ཤིང་ཤལ་མ་ལིའི་ཚལ་འབྱུང་བར་འགྱུར་ཏེ། དེ་ལ་དེ་ཉིད་དུ་རལ་གྲི་དང་། མདུང་ཐུང་དང་། མདའ་བོ་ཆེ་དང་། རྡོ་རྗེ་རྩེ་གཅིག་པ་དང་། མདུང་ཁ་ལེབ་རྣམས་རླུང་གིས་སྤགས་ཏེ་དེའི་སྟེང་དུ་འབབ་བོ། །དེ་སྟེ་རྩིག་པའི་གསེབ་

เล่ม ๗๓ · หน้า 61a

བམ་རིའི་སུལ་ལམ་བྱ་སྐྱིབས་དག་ཏུ་འགྲོ་བར་འདོད་ན་ཡང་དེ་ལ་དེ་ཉིད་ནས་ལས་ལས་སྐྱེས་པའི་མི་དག་འབྱུང་བར་འགྱུར་ཏེ། རལ་གྲི་དང་། མདུང་ཐུང་དང་། མདའ་བོ་ཆེ་དང་། རྡོ་རྗེ་རྩེ་གཅིག་པ་དང་། མདུང་ཁ་ལེབ་རྣམས་ཐོགས་ནས་དེའི་ལུས་ལ་འདེབས་ཏེ། དེ་

དག་གིས་དེའི་ལུས་ཐམས་ཅད་བཅད་ཅིང་གཏུབ་པར་བྱེད་དེ། རྒྱུ་དེས་ན་སྡུག་བསྔལ་དྲག་པ་དང་། མི་བཟད་པ་དང་། ཚ་བ་དང་། ཡིད་དུ་མི་འོང་བའི་ཚོར་བ་མྱོང་སྟེ་ཉམ་ཐག་པའི་སྐད་འབྱིན་ཅིང་ངུའོ། །དེ་ནས་དེའི་ཀུ་ཅོའི་སྒྲས་མཉན་དུ་ཡོད་པ་ཐམས་ཅད་གང་བར་གྱུར་ཏོ། །

མཉན་དུ་ཡོད་པའི་སྐྱེ་བོ་ཕལ་པོ་ཆེས་འཇིགས་སུ་རུང་བའི་སྒྲ་དེ་ལྟ་བུ་ཐོས་སོ། །ཐོས་ནས་ཀྱང་སེམས་ཅན་སྟོང་ཕྲག་དུ་མ་མཉན་དུ་ཡོད་པ་ནས་བྱུང་སྟེ། སྒྲ་གྲག་པའི་ལོགས་སུ་ཆུ་ཀླུང་ཁང་ལྡན་ག་ལ་བ་དེར་དོང་ནས་སྐྱེ་བོ་ཕལ་པོ་ཆེ་དེ་དག་གིས། ཐག་རིང་པོ་ཞིག་ནས་སེམས་ཅན་དེ་

དེ་ལྟ་བུའི་གནོད་པའི་སྡུག་བསྔལ་ཉམས་སུ་མྱོང་བ་མཐོང་ངོ་། །མཐོང་ནས་ཀྱང་དེ་དག་གིས་བསམས་པ། སེམས་ཅན་འདི་ལྟ་བུ་གནོད་པའི་སྡུག་བསྔལ་འདི་འདྲ་བ་ཉམས་སུ་མྱོང་བ་འདི་སུ་ཞིག་སྙམ་མོ། །སངས་རྒྱས་བཅོམ་ལྡན་འདས་བཞུགས་ཤིང་གཞེས་ལ་འཚོ་བ་

རྣམས་ནི་ཆོས་ཉིད་ཀྱིས་དུས་དུས་སུ། གཙུག་ལག་ཁང་དང་། དུར་ཁྲོད་དང་། རི་དང་ཆུ་ཀླུང་དག་ཏུ་རྒྱུ་ཞིང་གཤེགས་ཏེ་དོན་འདིའི་ཕྱིར། བཅོམ་ལྡན་འདས་ཆུ་ཀླུང་དུ་རྒྱུ་ཞིང་གཤེགས་པར་བཞེད་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་

དགའ་བོ་སོང་ལ་དགེ་སློང་རྣམས་ལ་དེ་བཞིན་གཤེགས་པ་ནི་ཆུ་ཀླུང་དུ་རྒྱུ་ཞིང་གཤེགས་ཀྱིས་སུ་དེ་བཞིན་གཤེགས་པ་དང་ཐབས་ཅིག་ཏུ་རྒྱུ་ཞིང་འགྲོ་འདོད་པ་དེ་དག་ཆོས་གོས་དག་ཆོས་ཤིག་ཅེས་བསྒོ་ཤིག །དེ་སྐད་ཅེས་བཀའ་སྩལ་ཏེ་བསྒོ་ནས་བཅོམ་ལྡན་འདས་དགེ་སློང་གི་ཚོགས་

ཀྱིས་ཞབས་འབྲིང་བྱས་ཏེ་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས་ཆུ་ཀླུང་ཁང་ལྡན་ག་ལ་བ་དེར་གཤེགས་སོ། །དེ་ནས་སྐྱེ་བོའི་ཚོགས་ཀྱིས་ཐག་རིང་པོ་ནས་བཅོམ་ལྡན་འདས་མཐོང་ངོ་། །མཐོང་ནས་ཀྱང་མ་དད་པ་གང་ཡིན་པ་དེ་དག་ན་རེ་དགེ་སྦྱོང་གཽ་ཏ་མ་ལྟད་མོ་ལ་དགའ་

เล่ม ๗๓ · หน้า 61b

བ་མེད་དོ་ཞེས་གྲག་ན་དེ་ཡང་ལྟད་མོའི་དབང་དུ་གྱུར་ཏེ་འོངས་སོ་ཞེས་ཟེར་རོ། །དད་པ་དང་ལྡན་པ་གང་ཡིན་པ་དེ་དག་ན་རེ་བཅོམ་ལྡན་འདས་སེམས་ཅན་འདི་ལས་བརྟེན་ཏེ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཅིག་ལུང་སྟོན་པར་བཞེད་གོར་མ་ཆག་ཅེས་ཟེར་ནས། བཅོམ་ལྡན་འདས་ཀྱི་

གདན་བཤམས་ཏེ་སྨྲས་པ། བཅོམ་ལྡན་འདས་ཚུར་གཤེགས། བཅོམ་ལྡན་འདས་གཤེགས་པ་ལེགས་སོ་ལེགས་སོ། །བཅོམ་ལྡན་འདས་གདན་བཤམས་པ་ལ་བཞུགས་སུ་གསོལ་ཞེས་ཟེར་རོ། །དེ་ནས་བཅོམ་ལྡན་འདས་གདན་བཤམས་པ་ལ་བཞུགས་

ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། མ་ལ་བདག་སེམས་ཅན་འདི་ཅི་ནས་སྔོན་གྱི་ཚེ་རབས་རྗེས་སུ་དྲན་ལ་མིའི་སྐད་དུ་སྨྲ་ཞིང་བདག་དང་གཏམ་ཟེར་བར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱའོ་སྙམ་དུ་དགོངས་སོ། །དེ་ནས་བཅོམ་ལྡན་འདས་ཅི་ནས་སེམས་ཅན་དེས་

སྔོན་གྱི་ཚེ་རབས་དྲན་ལ་མིའི་སྐད་དུ་སྨྲ་ཞིང་། བཅོམ་ལྡན་འདས་དང་གཏམ་ཟེར་བར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེར་བཅོམ་ལྡན་འདས་ཀྱིས་སེམས་ཅན་དེ་ལ་བཀའ་སྩལ་པ། བཞིན་བཟངས་ཁྱོད་སྒམ་པོ་ཡིན་ནམ། བཅོམ་ལྡན་འདས་བདག་སྒམ་

པོ་ལགས་སོ། །བཞིན་བཟངས་ཁྱོད་སྒམ་པོ་ཡིན་ནམ། བདེ་བར་གཤེགས་པ་བདག་སྒམ་པོ་ལགས་སོ། །ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པའི་ལས་རྣམས་ཀྱི་འབྲས་བུ་མྱོང་བ་ཡོད་དམ། བཅོམ་ལྡན་འདས་མྱོང་བ་མཆིས་ལགས་སོ། །ལུས་དང་ངག་དང་ཡིད་ཀྱི་

ཉེས་པར་སྤྱོད་པའི་ལས་རྣམས་ཀྱི་འབྲས་བུ་མི་སྡུག་པ་ཡིན་ནམ། བདེ་བར་གཤེགས་པ་མི་སྡུག་པ་ལགས་སོ། །ཁྱོད་ཀྱི་མི་དགེ་བའི་བཤེགས་གཉེན་སུ་ཡིན། དེས་གསོལ་པ། རང་གི་སེམས་ལགས་སོ། །དེ་ནས་སྐྱེ་བོ་ཕལ་པོ་ཆེ་དེ་དག་འདི་སྙམ་དུ་སེམས་ཏེ། འདི་ལྟ་བུའི་

སེམས་ཅན་སྔོན་གྱི་ཚེ་རབས་དྲན་ལ་མིའི་སྐད་དུ་སྨྲ་ཞིང་བཅོམ་ལྡན་འདས་དང་གཏམ་ཟེར་བ་འདི་སུ་ཞིག་སྙམ་མོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྙན་སླེབས་པར་དཀའ་སྟེ། དེ་དག་གིས་བཅོམ་ལྡན་འདས་ཀྱི་སྙན་དུ་ཞུ་མ་ནུས་ནས་དེ་དག་གིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་དྲིས་པ། བཙུན་

เล่ม ๗๓ · หน้า 62a

པ་ཀུན་དགའ་བོ་འདི་ལྟ་བུའི་སེམས་ཅན་སྔོན་གྱི་ཚེ་རབས་དྲན་ལ་མིའི་སྐད་དུ་སྨྲ་ཞིང་། བཅོམ་ལྡན་འདས་དང་གཏམ་ཟེར་བ་འདི་སུ་ཞིག །ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ། བཅོམ་ལྡན་འདས་ལ་ཞུས་ཤིག །དེ་དག་གིས་སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་

རྣམས་ནི་སྙན་སླེབས་པར་དཀའ་ཞིང་གཟི་བྱིན་བཟོད་པར་དཀའ་བས་བདག་ཅག་གིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྙན་དུ་ཞུ་མི་ནུས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བདག་གིས་ཀྱང་སྙན་སླེབས་པར་དཀའ་མོད་ཀྱི། འོན་ཀྱང་ཁྱེད་

ལ་སྙིང་བརྩེ་བའི་ཕྱིར་ཞུ་བར་བགྱིའོ་ཞེས་སྨྲས་ནས། ཚེ་དང་ལྡན་པ་ཀུན་དགའ་བོས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ལྟ་བུའི་སེམས་ཅན་སྔོན་གྱི་ཚེ་རབས་

དྲན་ལ་མིའི་སྐད་དུ་སྨྲ་ཞིང་། བཅོམ་ལྡན་འདས་ལ་བཀའ་མཆིད་གསོལ་པ་འདི་སུ་ཞིག་ལགས། དེར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སེམས་ཅན་འདི་ནི་སྡིག་པའི་ལས་བྱེད་བྱེད་པ་ཡིན་ཏེ། འདིས་སྡིག་པའི་ལས་མང་དུ་

བྱས་སོ། །ཀུན་དགའ་བོ་སྔོན་བྱུང་བ་འདས་པའི་དུས་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ།

བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་ཟེར་ཅན། ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་དགྲ་བཅོམ་པ་ཞིག་དགྲ་བཅོམ་པ་ལྔ་

བརྒྱ་དང་ཐབས་ཅིག་ཏུ་ལྗོངས་རྒྱུ་ཞིང་སོང་བ་ལས་རྒྱལ་པོའི་ཕོ་བྲང་ཞིག་ཏུ་ཕྱིན་ནས། དེ་དག་རྒྱལ་པོ་དེའི་སྐྱེད་མོས་ཚལ་དུ་སོང་སྟེ། རྒན་རིམས་བཞིན་དུ་ཤིང་དྲུང་རེ་རེར་རྩྭ་བཏིང་ནས་སྐྱིལ་མོ་ཀྲུང་བཅས་ཏེ་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་

เล่ม ๗๓ · หน้า 62b

འཇུག་པའི་བདེ་བ་ཉམས་སུ་མྱོང་བར་བྱེད་དོ། །དེ་ནས་དེའི་ཚེ་རྒྱལ་པོའི་ཕོ་བྲང་དེ་ཉིད་ན་རྒྱལ་པོ་སྒམ་པོ་ཞེས་བྱ་བ་རྒྱལ་པོ་བྱེད་དེ། རྒྱལ་པོ་དེ་ནང་པར་སྔར་ལངས་ནས་བུད་མེད་ཀྱི་འཁོར་གྱིས་ཞབས་འབྲིང་བྱས་ཏེ་སྐྱེད་མོས་ཚལ་དེར་སོང་ངོ་། །དེ་དེར་སོང་ནས་ཕྱོགས་གཅིག་ཏུ་

འདུག་པ་དང་། བུད་མེད་དེ་དག་མེ་ཏོག་དང་འབྲས་བུ་ལ་སྲེད་པས་ཕན་ཚུན་དུ་འཁྱམ་ཞིང་དོང་བ་ལས་བུད་མེད་དེ་དག་གིས་དགེ་སློང་ལྔ་བརྒྱ་པོ་དེ་དག་ཤིང་དྲུང་དག་ན་ཀླུའི་རྒྱལ་པོ་ལྟར་ལུས་བསྐྱིལ་ཏེ་གཉིད་ལོག་པ་བཞིན་དུ་སྐྱིལ་མོ་ཀྲུང་བཅས་ཏེ་འཁོད་པ་མཐོང་ངོ་། །མཐོང་ནས་

ཀྱང་མཆོག་ཏུ་དགའ་བ་སྐྱེས་སོ། །དེ་དག་དགའ་བ་སྐྱེས་ནས་དེ་དག་གིས་ཞབས་ལ་ཕྱག་འཚལ་ཏེ། དེ་དག་གི་ནང་ན་ཆེས་རྒན་པ་གང་ཡིན་པ་དེའི་མདུན་དུ་ཆོས་མཉན་པའི་ཕྱིར་འཁོད་དོ། །དེ་ནས་རྒྱལ་པོ་དེས་སྐྱེད་མོས་ཚལ་དེའི་ནང་ནས་སྐྱེས་པའི་སྒྲ་ཐོས་སོ། །ཐོས་ནས་ཀྱང་རལ་

གྲི་རྣོན་པོ་མགུལ་དུ་ཐོགས་ཏེ། དགེ་སློང་དེ་དག་ག་ལ་བ་དེར་སོང་ནས་རྒྱལ་པོ་དེས་དགེ་སློང་ལྔ་བརྒྱ་དེ་དག་ཐག་རིང་པོ་ནས་མཐོང་ངོ་། །མཐོང་ནས་ཀྱང་དགེ་སློང་རྣམས་ཀྱིས་ངའི་བཙུན་མོའི་འཁོར་མཐོང་གིས་མེད་དོ་སྙམ་སྟེ། ཁྲོ་བའི་ཀུན་ནས་དཀྲིས་པ་ཆེན་པོ་སྐྱེས་ནས་མཐོང་མ་ཐག་

ཏུ་རྒྱལ་པོ་དེས་རྒྱལ་པོའི་ཞོ་ཤས་འཚོ་བ་རྣམས་ལ་བོས་ཏེ། དེ་དག་ལ་བསྒོ་བ། དགེ་སློང་འདི་རྣམས་ལྕག་གིས་གཞུས་ཤིག་ཅེས་བྱས་སོ། །དེ་ནས་རེ་ཞིག་ན་དེ་དག་ལྕག་གིས་བཞུས་ནས་དགེ་སློང་དེ་དག་གི་ལུས་རིལ་གྱིས་ཞུ་ལུབ་ཏུ་ཤ་སྣག་བུ་བཞིན་དུ་གྱུར་ཏོ། །དེ་ནས་དེས་

དགེ་སློང་དེ་རྣམས་སྙིང་ཚིམ་པར་བཞུས་ནས་གཤེད་མ་རྣམས་ལ་གཏད་དེ། ཁྱེད་དེང་ལ་རབ་ཏུ་བྱུང་བ་འདི་རྣམས་ལས་ཁ་ཅིག་ནི་གསོན་པོར་གསལ་ཤིང་ལ་ཚུགས་ལ་རལ་གྲི་དང་། མདུང་ཐུང་དང་། མདའ་བོ་ཆེ་དང་། རྡོ་རྗེ་རྩེ་གཅིག་པ་དང་། མདུང་ཁ་ལེབ་རྣམས་ཀྱིས་བསྣུན་ཅིག །

ཁ་ཅིག་ནི་གསོན་པོར་ཁྱི་རྣམས་ལ་བྱིན་ཅིག །ཁ་ཅིག་ནི་ལུས་དུམ་བུ་དྲུག་ཏུ་ཆོད་ལ་ཕྱོགས་ཀུན་དུ་བོར་ཞིག་ཅེས་བྱས་སོ། །དེ་ནས་རྒྱལ་པོའི་མི་དེ་དག་གིས་དེ་བཞིན་དུ་འཚལ་ལོ་ཞེས་བྱས་ནས། དགེ་སློང་ལྔ་བརྒྱ་པོ་དེ་དག་ཁ་ཅིག་ནི་གསོན་པོར་གསལ་ཤིང་ལ་བཙུགས་

เล่ม ๗๓ · หน้า 63a

ནས་རལ་གྲི་དང་། མདུང་ཐུང་དང་། མདའ་བོ་ཆེ་དང་། རྡོ་རྗེ་རྩེ་གཅིག་པ་དང་། མདུང་ཁ་ལེབ་རྣམས་ཀྱིས་བསྣུན་ཏོ། །ཁ་ཅིག་ནི་གསོན་པོར་ཁྱི་རྣམས་ལ་བྱིན་ནོ། །ཁ་ཅིག་ནི་ལུས་དུམ་བུ་དྲུག་ཏུ་བཅད་དེ་ཕྱོགས་ཀུན་དུ་བོར་རོ། །དགེ་སློང་དག་ཇི་སྙམ་དུ་སེམས།

དེའི་ཚེ་རྒྱལ་པོར་གྱུར་པ་གང་ཡིན་པ་དེ་ནི་སེམས་ཅན་འདི་ཉིད་ཡིན་ཏེ། དེས་དེར་དགྲ་བཅོམ་པ་ལྔ་བརྒྱ་པོ་དེ་དག་བསད་པའི་ལས་དེའི་རྣམ་པར་སྨིན་པས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེས་སོ། །དེས་དགེ་སློང་དེ་དག་ལ་སྡང་བའི་སེམས་ཀྱིས་བལྟས་པའི་ལས་དེའི་རྣམ་པར་སྨིན་པས་

ནི་དམུས་ལོང་དུ་གྱུར་ཏོ། །དེས་དགེ་སློང་དེ་དག་ལྕག་གིས་གཞུས་པའི་ལས་དེའི་རྣམ་པར་སྨིན་པས་ནི་ལུས་རིལ་གྱིས་རྨས་ཞུ་ལུབ་ཏུ་ཡོག་པར་གྱུར་ཏོ། །སྤྱི་བོ་མན་ཆད་རྐང་མཐིལ་ཡན་ཆད་དུ་སྲིན་ཞུགས་སོ། །དེས་དེ་དག་གཤེད་མ་ལ་གཏད་དེ་ཁ་ཅིག་ནི་གསོན་པོར་གསལ་ཤིང་ལ་

བཙུགས་ནས་རལ་གྲི་དང་། མདུང་ཐུང་དང་། མདའ་བོ་ཆེ་དང་། རྡོ་རྗེ་རྩེ་གཅིག་པ་དང་། མདུང་ཁ་ལེབ་རྣམས་ཀྱིས་བསྣུན་པ་དང་། ཁ་ཅིག་ནི་གསོན་པོར་ཁྱི་རྣམས་ལ་བྱིན་པ་དང་། ཁ་ཅིག་ནི་གསོན་པོར་ལུས་དུམ་བུ་དྲུག་ཏུ་བཅད་དེ་ཕྱོགས་ཀུན་དུ་གཏོར་བའི་ལས་དེའི་རྣམ་པར་སྨིན་

པས་ནི། གལ་ཏེ་ཐང་ལ་འགྲོ་ན་ནི་དེ་ལ་དེ་ཉིད་ནས་སེང་གེ་དང་། སྟག་དང་། གཟིག་དང་། དྲེད་ལ་སོགས་པ་ལྕགས་ཀྱི་མཆེ་བ་ཅན་དག་འབྱུང་བར་འགྱུར་ཏེ། དེ་དག་གིས་དེའི་ཤ་རྣམས་བཅད་ཅིང་བཅད་ཅིང་ཟའོ། །དེ་སྟེ་ཆུ་འབོག་ན་ནི་དེ་ལ་དེ་ཉིད་ལས་ཆུ་སྲིན་མ་ཀ་ར་ལྕགས་

ཀྱི་མཆེ་བ་ཅན་དག་འབྱུང་བར་འགྱུར་ཏེ། དེ་དག་གིས་ཀྱང་དེའི་ཤ་རྣམས་བཅད་ཅིང་བཅད་ཅིང་ཟའོ། །དེ་སྟེང་གི་ནམ་མཁའ་ལ་འགྲོ་ན་ནི་དེ་ལ་དེ་ཉིད་ནས་བྱ་རོག་དང་། བྱ་རྒོད་དང་། ཆུན་ལག་ལྕགས་ཀྱི་མཆུ་ཅན་དག་འབྱུང་བར་འགྱུར་ཏེ། དེ་དག་གིས་ཀྱང་དེའི་ཤ་རྣམས་

བཅད་ཅིང་བཅད་ཅིང་ཟའོ། །དེ་སྟེ་ནགས་སྟུག་པོའི་ནང་དུ་འགྲོ་ན་ནི། དེ་ལ་དེ་ཉིད་ནས་ཤིང་ཤལ་མ་ལིའི་ཚལ་འབྱུང་བར་འགྱུར་ཏེ། དེ་ལ་དེ་ཉིད་དུ་རལ་གྲི་དང་། མདུང་ཐུང་དང་། མདའ་བོ་ཆེ་དང་། རྡོ་རྗེ་རྩེ་གཅིག་པ་དང་། མདུང་ཁ་ལེབ་རྣམས་རླུང་གིས་སྤགས་ཏེ་དེའི་སྟེང་དུ་

เล่ม ๗๓ · หน้า 63b

འབབ་བོ། །དེ་སྟེ་རྩིག་པའི་གསེབ་བམ་རིའི་སུལ་ལམ་བྱ་སྐྱིབས་དག་ཏུ་འགྲོ་བར་འདོད་ན་ཡང་དེ་ལ་དེ་ཉིད་ནས་ལས་ལས་སྐྱེས་པའི་མི་དག་འབྱུང་བར་འགྱུར་ཏེ་རལ་གྲི་དང་། མདུང་ཐུང་དང་། མདའ་བོ་ཆེ་དང་། རྡོ་རྗེ་རྩེ་གཅིག་པ་དང་། མདུང་ཁ་ལེབ་རྣམས་ཐོགས་ནས་དེའི་ལུས་ལ་འདེབས་ཏེ།

དེ་དག་གིས་དེའི་ལུས་ཐམས་ཅད་བཅད་ཅིང་གཏུབ་པར་བྱེད་དེ་རྒྱུ་དེས་ན་དེས་སྡུག་བསྔལ་དྲག་པ་དང་མི་བཟད་པ་དང་། ཚ་བ་དང་ཡིད་དུ་མི་འོང་བའི་ཚོར་བ་མྱོང་སྟེ་ཉམ་ཐག་པའི་སྐད་འབྱིན་ཅིང་ངུའོ། །དགེ་སློང་དག་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་ཅན་གྱི་རིང་ཚུན་ཆད་ནས།

ད་ལྟར་ངའི་རིང་གི་བར་དུ་སེམས་ཅན་འདི་སེམས་ཅན་དམྱལ་བ་རྣམས་ནས་ཤི་འཕོས་ཤིང་སེམས་ཅན་དམྱལ་བ་རྣམས་འབའ་ཞིག་ཏུ་སྐྱེས་ཏེ་འདིས་འདི་ལྟ་བུའི་སྡུག་བསྔལ་རྙེད་པར་གྱུར་ཏོ། །བཙུན་པ་སེམས་ཅན་འདི་སྡུག་བསྔལ་འདི་ལས་ནམ་ཐར་བར་འགྱུར་ལགས། བསྐལ་པ་

བཟང་པོ་འདི་ཉིད་ལ་སངས་རྒྱས་ལྔ་བརྒྱ་འབྱུང་བར་འགྱུར་ཏེ། དེའི་བར་དུ་ཡང་སེམས་ཅན་འདི་སེམས་ཅན་དམྱལ་བ་རྣམས་ནས་ཤི་འཕོས་ཤིང་སེམས་ཅན་དམྱལ་བ་རྣམས་འབའ་ཞིག་ཏུ་སྐྱེ་བར་འགྱུར་ཏེ། འདི་ལྟ་བུའི་སྡུག་བསྔལ་ཤ་སྟག་རྙེད་ནས། དེའི་འོག་ཏུ་སེམས་ཅན་

དམྱལ་བའི་སྡུག་བསྔལ་ཟད་ནས་མིར་སྐྱེ་བ་ཐོབ་པར་འགྱུར་ཏེ། དེས་རིགས་ངན་གྱི་ཁྱིམ་དུ་ཉིང་མཚམས་སྦྱོར་བར་འགྱུར་རོ། །དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་རི་དགས་ཤོར་དུ་འགྲོ་བར་འགྱུར་ཏེ། དེ་དེར་སོང་བ་ན་ནགས་ཁྲོད་མེ་ཏོག་ཕུན་སུམ་ཚོགས་པ་འབྲས་བུ་ཕུན་སུམ་ཚོགས་

པ་བསིལ་གྲིབ་ཕུན་སུམ་ཚོགས་པ་ཞིག་ཏུ་ཕྱིན་ནས། དེས་བསམས་པ་གནས་འདི་ལྟ་བུར་ནི་རི་དགས་རྣམས་འདུ་བར་འགྱུར་རོ་སྙམ་ནས། དེས་དེར་འཁྲུལ་འཁོར་དང་རྙི་དང་གཏོར་བ་དང་རྙོང་རྣམས་བཙུགས་ནས་འགྲོ་བར་བྱེད་དོ། །དེ་ནས་དེའི་ཚེ་འཇིག་རྟེན་དུ་རང་སངས་རྒྱས་

ཤིག་བྱུང་སྟེ། དེ་ནགས་ཁྲོད་དེར་མཚན་མོ་གནས་འཆའ་བར་བྱེད་དེ། དེའི་དྲིས་རི་དགས་དེ་དག་དེའི་ཉིན་པར་ནགས་ཁྲོད་དེར་མི་འོང་ངོ་། །རྔོན་པ་དེ་ཡང་དེར་སོང་ནས་ནགས་ཁྲོད་དེར་རང་སངས་རྒྱས་དེ་འབའ་ཞིག་མཐོང་བ་ལས་གཞན་ཅི་ཡང་མ་རྙེད་ནས་དེས་འདི་སྙམ་དུ་སེམས་

เล่ม ๗๓ · หน้า 64a

ཏེ། རབ་ཏུ་བྱུང་བ་འདི་དག་ནི་གནས་འདི་ལྟ་བུ་ལ་དགའ་བར་སྐྱེད་པར་བྱེད་དེ། འདི་འདི་ན་འདུག་པར་གྱུར་ན་བདག་ལ་གནོད་པར་འགྱུར་གྱིས། མ་ལ་བདག་གིས་འདི་བསད་གོར་མ་ཆག་སྙམ་ནས་དེས་རང་སངས་རྒྱས་དེ་བསད་དེ། དེས་དེ་བསད་ནས་རྔོན་པ་དེ་ཤི་བའི་

འོག་ཏུ་ཡང་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེ་བར་འགྱུར་ཏེ། དེ་དེར་ལོ་བརྒྱ་ཕྲག་དུ་མ་དང་ལོ་སྟོང་ཕྲག་དུ་མའི་བར་དུ་སེམས་ཅན་དམྱལ་བའི་སྡུག་བསྔལ་མྱོང་བར་འགྱུར་རོ། །དེ་ནས་དེ་ལས་ཟད་ནས་ཡང་མིར་སྐྱེ་བ་ཐོབ་པར་ཡང་འགྱུར་ཏེ། དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་

བླ་མ་ཞེས་བྱ་བ་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། དེའི་གསུང་རབ་ལ་འདི་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་རོ། །དེས་དགྲ་བཅོམ་པ་ཉིད་ཐོབ་ནས་རྒྱལ་པོའི་ཕོ་བྲང་ཞིག་ཏུ་འགྲོ་བར་འགྱུར་ཏེ། དེ་རྒྱལ་པོའི་

སྐྱེད་མོས་ཚལ་དུ་གནས་འཆའ་བར་འགྱུར་རོ། །རྒྱལ་པོ་དེ་ཡང་བུད་མེད་ཀྱི་འཁོར་དག་གིས་ཞབས་འབྲིང་བྱས་ཏེ། སྐྱེད་མོས་ཚལ་དེར་འགྲོ་བར་འགྱུར་ལ། བུད་མེད་དེ་དག་ཀྱང་སྐྱེད་མོས་ཚལ་དེར་མེ་ཏོག་དང་འབྲས་བུ་ལ་སྲེད་པས་ཕན་ཚུན་འཁྱམ་ཞིང་འགྲོ་བ་ལས། དེའི་

ཐད་དུ་ཕྱིན་ཏེ་ཆོས་མཉན་པའི་ཕྱིར་མདུན་དུ་འཁོད་དོ། །རྒྱལ་པོ་དེ་ཡང་སྐྱེས་པའི་སྒྲ་ཐོས་ནས་དེའི་ཐད་དུ་འགྲོ་བར་འགྱུར་ལ། དེ་མཐོང་ནས་ཁྲོས་ཏེ་ལྕག་གིས་བཞུས་ནས་དེའི་ལུས་དུམ་བུ་དྲུག་ཏུ་བཅད་དེ། གསོན་པོར་གསལ་ཤིང་ལ་བཙུགས་ནས། རལ་གྲི་དང་། མདུང་

ཐུང་དང་། མདའ་བོ་ཆེ་དང་། རྡོ་རྗེ་རྩེ་གཅིག་པ་དང་མདུང་ཁ་ལེབ་རྣམས་ཀྱིས་ལུས་ལ་བསྣུན་ནས་ཁྱི་རྣམས་ལ་བྱིན་པར་གྱུར་ཏེ། དེའི་སྡུག་བསྔལ་གྱི་མཐའ་དེར་ཐུག་པར་འགྱུར་རོ། །དེ་ནས་དེ་ཐོས་མ་ཐག་ཏུ་སྐྱེ་བོ་ཕལ་པོ་ཆེ་དེ་དག་ཤས་ཆེར་སྐྱོ་བ་སྐྱེས་ཏེ། དེ་དག་གིས་

བསམས་པ། འཁོར་བ་ན་འཁོར་ན་བདག་ཅག་གིས་ཀྱང་སྡུག་བསྔལ་མི་བཟད་པ་དེ་ལྟ་བུ་རྙེད་པར་འགྱུར་རོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་གི་ཡིད་སྐྱོ་བར་གྱུར་པར་ཐུགས་སུ་ཆུད་ནས་དེ་དང་འཐུན་པའི་ཆོས་བསྟན་ཏེ། སྟན་དེ་ཉིད་ལ་འཁོད་བཞིན་དུ་ཁ་

เล่ม ๗๓ · หน้า 64b

ཅིག་གིས་ནི་དྲོ་བར་གྱུར་པ་བསྐྱེད་དོ། །ཁ་ཅིག་གིས་ནི་རྩེ་མོ་དང་། བདེན་པ་དང་། འཐུན་པའི་བཟོད་པ་དང་། འཇིག་རྟེན་གྱི་ཆོས་ཀྱི་མཆོག་དང་མཐོང་བའི་སྙོམས་པར་འཇུག་པ་བསྐྱེད་དོ། །ཁ་ཅིག་གིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་

ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བའི་ས་བོན་བསྐྱེད་དོ། །

ཁ་ཅིག་གིས་ནི་སྟོབས་ཀྱིས་འཁོར་ལོས་སྒྱུར་བར་འགྱུར་བ་དང་། ཁ་ཅིག་གིས་ནི་བརྒྱ་བྱིན་དུ་འགྱུར་བ་དང་། ཁ་ཅིག་གིས་ནི་ཚངས་པར་འགྱུར་བ་དང་། ཁ་ཅིག་གིས་ནི་ཉན་ཐོས་ཀྱི་བྱང་ཆུབ་དང་། ཁ་ཅིག་གིས་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་དང་། ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་

པར་རྫོགས་པའི་བྱང་ཆུབ་ཀྱི་ས་བོན་བསྐྱེད་དོ། །འཁོར་དེ་དག་གི་ནང་ནས་ཕལ་ཆེར་ནི་སངས་རྒྱས་ལ་གཞོལ། ཆོས་ལ་འབབ་དགེ་འདུན་ལ་བབ་པར་མཛད་དེ། བཀོད་ནས་གཙུག་ལག་ཁང་དུ་གཤེགས་སོ།། །།ལས་བརྒྱ་ཐམ་པ་བམ་པོ་དྲུག་པ། ས་འཚོ་མ་

ཞེས་བྱ་བ་ནི། གླེང་གཞི་སེར་སྐྱའི་གནས་ན་བཞུགས་ཏེ། གང་གི་ཚེ་ལྷ་སྦྱིན་གྱིས་ཨུད་པ་ལའི་ཁ་དོག་མ་བསད་ནས་དེ་རྒྱལ་པོ་གསལ་རྒྱལ་གྱིས་ཡུལ་ནས་བསྐྲད་པ་དེའི་ཚེ། དེ་ཡུལ་སེར་སྐྱའི་གནས་སུ་སོང་ནས་བསམས་པ་བདག་གིས་དགེ་སྦྱོང་གཽ་ཏ་མ་གསོད་ཀྱང་མ་ནུས་

ལ། སངས་རྒྱས་ཀྱི་ཐབས་ཀྱང་མ་ཐོབ་ཀྱིས་བདག་སོང་ལ་དོན་གྲུབ་ཀྱི་བཙུན་མོ་འཁོར་རྣམས་ཁ་དྲངས་ཏེ། དེ་དག་དང་བསྡོངས་ལ་རྒྱལ་ས་ཐོབ་ནས་རྒྱལ་པོ་བྱའོ་སྙམ་དུ་བསམས་ཏེ། དེས་གྲགས་འཛིན་མ་ལ་ཕྲིན་པ་ཞིག་བཏང་སྟེ། གྲགས་འཛིན་མ་ད་ནི་སྡིག་པ་ལ་དགའ་བ་དེས་

ཅི་བྱས་པ་ལ་ལྟོས། བུད་མེད་དྲུག་ཁྲི་ཆུང་མར་བླངས་ནས་སྡུག་པར་བྱས་པ་འདིས། གལ་ཏེ་དེས་འདོད་པ་རྣམས་ཡོངས་སུ་སྤྱད་པར་མི་འདོད་ན་ནི་བཙུན་མོ་བླངས་ཏེ་གཞག་ཀྱང་ཅི་དགོས། ད་ཡང་གལ་ཏེ་ཁྱོད་དགའ་ན་ནི་བདག་ཅག་གིས་ཀྱང་རྒྱལ་པོ་ཐོབ་པར་འགྱུར་ལ་

เล่ม ๗๓ · หน้า 65a

ཁྱོད་ཀྱང་སྔོན་བཞིན་དུ་དཔལ་དང་སྐལ་བ་དང་ལྡན་པར་འགྱུར་རོ་ཞེས་སྤྲིང་ངོ་། །དེ་ནས་དེ་ཐོས་མ་ཐག་ཏུ་གྲགས་འཛིན་མས་ས་འཚོ་མ་ལ་བསྙད་དེ། ས་འཚོ་མ་ལྷ་སྦྱིན་གྱིས་ནི་བདག་ལ་འདི་སྐད་ཅེས་སྤྲིང་ངོ་ཞེས་བྱས་སོ། །དེ་ནས་ས་འཚོ་མ་ན་རེ་འུ་བུ་ཅག་གིས་ཐབས་

ཤིག་གིས་དེ་ནང་དུ་བཀུག་ལ་དམའ་ཕབ་སྟེ་བཏང་ན། དེ་ཐ་མལ་པར་འདུག་པར་འགྱུར་རོ་ཞེས་ཟེར་རོ། །དེ་ནས་དེ་རྣམས་ཀྱིས་ལྷ་སྦྱིན་ལ་སྤྲིང་བ། ལྷ་སྦྱིན་རྒྱལ་པོའི་ཕོ་བྲང་གི་ནང་དུ་སྤྱོན་ཅིག་དང་འདིར་གཤེགས་ནས་ཐབས་ཇི་ལྟ་བུ་ཞིག་གིས་བདག་ཅག་གིས་ཁྱོད་རྒྱལ་སར་བཞུགས་པ་

བཀའ་གྲོས་མཛད་དོ་ཞེས་སྤྲིང་ངོ་། །དེ་ནས་ལྷ་སྦྱིན་གྱིས་དེ་ཐོས་མ་ཐག་ཏུ་དགའ་ཆེས་ནས་ད་ནི་དེ་དག་དགའ་བར་གྱུར་པས་རྒྱལ་སྲིད་ནི་བདག་གི་ཆང་པ་ཁོན་ན་འདུག་གོ་སྙམ་དུ་བསམས་ནས། རྒྱལ་པོའི་ཕོ་བྲང་དུ་སོང་སྟེ་བྱང་ཆུབ་སེམས་དཔའི་གདན་ལ་འདུག་པར་ཆས་པ་དང་ལྷ་རྣམས་

ཀྱིས་གདན་དེ་མི་མཐོང་བར་བྱས་སོ། །དེ་ནས་ས་འཚོ་མ་བཙུན་མོའི་འཁོར་གྱི་སྒོ་ལོགས་ཀྱི་ཐེམ་སྐས་ཀྱི་མགོ་ལ་འདུག་ནས་སྨྲས་པ། ལྷ་སྦྱིན་ཁྱོད་རེ་ཞིག་གདན་ལ་བཞུགས་ཅི་འཚལ། བཙུན་མོའི་འཁོར་ནང་དུ་ཇེ་གཤེགས་དང་བཀའ་གྲོས་མཛད་དོ། །དེ་ནས་ལྷ་སྦྱིན་གྱིས་ཀྱང་ས་འཚོ་

མའི་ཚིག་མཉན་ནས་སོར་མོ་བཅུའི་ཐལ་མོ་སྦྱར་ཏེ་དེའི་མདུན་དུ་འདུག་གོ། །དེ་ནས་ས་འཚོ་མས། དེའི་ཐལ་མོ་སྦྱར་བ་བཟུང་སྟེ། དྲག་ཏུ་བཙིར་ནས་དེའི་སོར་མོ་ཐམས་ཅད་ལས་ཁྲག་ཕྱུང་སྟེ། ལྷ་སྦྱིན་དེའི་ནད་ཀྱིས་ཉམ་ཐག་པས་ཁུས་བཏབ་བོ། །དེ་ནས་ས་འཚོ་མས་སྐས་

དེ་ཉིད་ལ་མགོ་ཐུར་ཀར་བསྟན་ཏེ། མགོ་བོར་རྡོག་པས་བསྣུན་ནས། སྐས་མགོ་ནས་བོར་རོ། །བུད་མེད་གཞན་རྣམས་ཀྱིས་ཀྱང་ཁ་ཅིག་གིས་ནི་དེའི་ལུས་བ་ལང་གི་ལྕི་བས་གཏོར་ཏོ། །ཁ་ཅིག་གིས་ནི་འབྲུ་མར་ཚན་མོས་གཏོར་ཏོ། །དེ་ནས་དེའི་ལུས་སྣད་ཅིང་རྨས་བཞིན་

དུ་དེའི་ནང་ནས་བྱུང་སྟེ་སོང་ནས། དེ་ཀོ་ཀ་ལི་ཀ་དང་ཁན་ད་དྲབ་བྱ་དང་ཀ་ཏ་མོ་ར་ཀ་ཏི་ཤྱ་དང་རྒྱ་མཚོས་བྱིན་རྣམས་ཀྱི་ཐད་དུ་སོང་སྟེ། དེ་དག་གིས་དེ་མཐོང་ནས་སྨྲས་པ། ལྷ་སྦྱིན་འདི་ཅི་ཞིག་བཙུན་མོའི་འཁོར་གྱི་གནང་ཆེན་ཁྱོད་ཀྱིས་བཙུན་མོའི་འཁོར་གྱི་བདེ་བ་དག་ལེགས་

เล่ม ๗๓ · หน้า 65b

པར་མྱོང་མོད། དེ་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་ཐོས་ནས་བཅོམ་ལྡན་འདས་ལ་གསོལ་ཏོ། །དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ས་འཚོ་མས་ལྷ་སྦྱིན་མི་མང་སར་ཇི་ལྟར་དམའ་ཕབ་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་

པ། ད་ལྟར་འབའ་ཞིག་ཏུ་མ་ཟད་ཀྱི་འདས་པའི་དུས་ན་ཡང་ས་འཚོ་མས་ལྷ་སྦྱིན་ཇི་ལྟར་དམའ་ཕབ་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། གྲོང་ཁྱེར་བཱ་རཱ་ཎ་སཱི་ན། རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་རྒྱལ་པོ་བྱེད་དོ། །ཡུལ་པི་དེ་ཧ་ན་ནི་རྒྱལ་པོ་དབང་

ཆེན་སྡེ་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེ་གཉིས་ཕན་ཚུན་མི་འཐུན་པས་དུས་དུས་སུ་སྐྱེ་བོ་མང་པོ་ཁ་འདོག་པར་བྱེད་དོ། །དེ་ནས་ཕྱི་ཞིག་ན་ཀཱ་ཤིའི་རྒྱལ་པོ་ཚངས་པས་བྱིན་བློན་པོའི་ཚོགས་ཀྱིས་ཞབས་འབྲིང་བྱས་ཏེ་འཁོད་པའི་ནང་དུ་བུད་མེད་ཀྱི་གཏམ་གྱི་གླེང་བསླངས་ནས། ཁྱེད་ཀྱི་

ནང་ན་སུ་དག་གིས་བུད་མེད་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དག་གང་དུ་མཐོང་ཞེས་དྲིས་ནས། དེར་སུས་བུད་མེད་ཇི་ལྟ་བུ་མཐོང་བ་དེས། རྒྱལ་པོ་དེ་ལ་དེ་ཁོ་ན་བཞིན་དུ་གསོལ་ཏོ། །དེར་གཅིག་ཅིག་གིས་སྨྲས་པ། ལྷ་དེ་དག་ཐམས་ཅད་ལྟ་ཞོག་གི་པི་དེ་ཧའི་རྒྱལ་པོའི་

བཙུན་མོ་དམ་པ་དེ་དང་བྱད་གཟུགས་འདྲ་བ་ནི། བུད་མེད་སུ་ཡང་མ་མཆིས་སོ་ཞེས་བྱས་ནས། དེ་ཐོས་མ་ཐག་ཏུ་རྒྱལ་པོ་དེ་འདོད་ཆགས་ཀྱི་མདས་ཕོག་ནས་དེས་བསམས་པ། བདག་གིས་རྒྱལ་པོ་དབང་ཆེན་སྡེ་དང་མི་འཐུན་བཞིན་དུ་ནི་དེ་དང་ཕྲད་པར་བྱ་མི་ནུས་ཀྱིས། བདག་

གིས་སྔར་དེ་དང་མཇལ་དུམ་བྱས་ནས། དེའི་འོག་ཏུ་སླ་བར་འགྱུར་རོ་སྙམ་དུ་བསམས་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་པི་དེ་ཧའི་རྒྱལ་པོ་དང་མཇལ་དུམ་བྱས་པའི་འོག་ཏུ་རྒྱལ་པོ་དབང་ཆེན་སྡེའི་བཙུན་མོ་ལ་བུད་མེད་ཕོ་ཉར་བཏང་སྟེ། བདག་གིས་དབང་ཆེན་སྡེ་དང་མཇལ་དུམ་བྱས་པ་

ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་ཁྱོད་ཀྱི་ཕྱིར་ཡིན་གྱིས་དེ་ཤེས་པར་གྱིས་ལ་ཅི་ནས་བདག་ཁྱོད་དང་ཕྲད་པར་འགྱུར་བ་དེ་ལྟར་གྱིས་ཤིག་ཅེས་སྤྲིང་ངོ་། །དེ་ནས་དབང་ཆེན་སྡེའི་བཙུན་མོས་རྒྱལ་པོ་ལ་སྦྲན་ཏེ། ལྷ་རྒྱལ་པོ་ཚངས་པས་བྱིན་དེ་ནི་བདག་འཚལ་ཞེས་དོན་དུ་སྒྲུབ་

เล่ม ๗๓ · หน้า 66a

ཅིང་མཆིས་ཀྱིས་གལ་ཏེ་ལྷས་བདག་ལ་བཀའ་སྩལ་ན་ནི་བདག་གིས་དེ་དམའ་དབབ་པར་འཚལ་ལོ་ཞེས་བྱས་སོ། །དེ་ནས་དེས་སྨྲས་པ། ཁྱོད་ཇི་ལྟར་དགའ་བ་དེ་བཞིན་དུ་གྱིས་ལ། ཅི་ནས་དེ་ངའི་ལག་ཏུ་འོང་བར་འགྱུར་བ་དེ་ལྟར་དགྱིས་ཤིག །དེས་སྨྲས་

པ། ལྷ་ཇི་ལྟར་དགྱེས་པ་བཞིན་དུ་མཛད་དུ་མཆིས་པར་བདག་གིས་བགྱི་བར་འཚལ་གྱིས། ཐུགས་མི་ཆུང་བར་གསོལ་ཞེས་བྱས་ནས་དེས་དེ་ལ་ཕོ་ཉའི་ལན་སྤྲིང་སྟེ། རྒྱལ་པོ་འདི་གསོན་པོར་འདུག་བཞིན་དུ་ནི། བདག་གིས་ཁྱོད་དང་མཇལ་བར་བགྱི་བའི་རྔོ་མི་ཐོགས་ཀྱིས་

འདི་སོད་ཅིག་དང་། དེའི་འོག་ཏུ་བདག་དང་མཇལ་བར་འགྱུར་རོ་ཞེས་སྤྲིང་ངོ་། །དེ་ནས་ཚངས་པས་བྱིན་གྱིས་བསམས་པ་མི་འཐུན་པར་མ་བྱས་ཀྱི་བར་དུ་ནི། བདག་གིས་དེ་བསད་དུ་མི་རུང་གིས་ཕྱིར་ཡང་བདག་གིས་དེ་དང་མི་འཐུན་པར་བྱའོ་སྙམ་དུ་བསམས་ནས། རྒྱལ་པོ་

ཚངས་པས་བྱིན་གྱིས་རྒྱལ་པོ་དབང་ཆེན་སྡེ་དང་ཕྱིར་ཡང་མི་འཐུན་པར་བྱས་ནས། དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ཏེ། ཡུལ་པི་དེ་ཧར་སོང་ནས། གྲོང་ཁྱེར་དཔུང་གི་ཚོགས་ཡན་ལག་བཞིས་བསྐོར་ཏེ་འདུག་གོ། །དེ་དེ་ན་འདུག་པས་སྐྱེ་བོ་ཕལ་པོ་ཆེ་ཁ་འདོག་པར་བྱེད་དོ། །

དེ་ནས་དབང་ཆེན་སྡེའི་བཙུན་མོས་ཕྲིན་སྤྲིང་སྟེ། ཁྱོད་འདིར་གཤེགས་པ་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་བདག་གི་ཕྱིར་དུ་བས་ན་སྐྱེ་བོ་མང་པོ་དགུམ་ཅི་འཚལ་གྱིས། ད་ཡང་མི་ཕལ་པའི་ཆ་ལུགས་སུ་ཞུགས་ལ་གྲོང་ཁྱེར་གྱི་ནང་དུ་གཤེགས་ཏེ། བདག་དང་མཇལ་བར་

མཛད་དུ་གསོལ་ཞེས་སྤྲིང་ངོ་། །དེ་ནས་དེ་ཐོས་མ་ཐག་ཏུ་ཀཱ་ཤིའི་རྒྱལ་པོ་ཚངས་པས་བྱིན་ཐབས་ཇི་ལྟར་བསྟན་པ་བཞིན་དུ་རྒྱལ་པོའི་ཕོ་བྲང་གི་ནང་དུ་འོངས་སོ། །དེ་འོངས་མ་ཐག་ཏུ་དབང་ཆེན་སྡེའི་བཙུན་མོ་དེས་བཟུང་ནས། རྒྱལ་པོ་ལ་སྦྲན་ཏེ། ལྷ་ཚངས་པས་བྱིན་ནི་

ལྷས་ཅི་དགྱེས་པར་མཛད་དུ་མཆིས་པར་གྱུར་ལགས་སོ་ཞེས་བྱས་སོ། །དེ་ནས་རྒྱལ་པོ་དབང་ཆེན་སྡེས་རྒྱལ་པོའི་སྲས་དང་། བློན་པོ་དང་། ཚོང་དཔོན་དང་། ཕྱུག་པོ་དང་། དེད་དཔོན་ཐམས་ཅད་བསགས་ནས། ཀཱ་ཤིའི་རྒྱལ་པོ་ཚངས་པས་བྱིན་གྱི་མགོ་བོར་

เล่ม ๗๓ · หน้า 66b

རྡོག་པས་བསྣུན་ཏེ་སྨྲས་པ། འདི་ཅི་ནས་ཕྱིན་ཆད་གཞན་གྱི་ཆུང་མ་ལ་བྱི་ཕོ་བྱེད་པར་མི་འགྱུར་བར་སོད་ཅིག་ཅེས་བྱས་སོ། །དེ་ནས་རྒྱལ་པོ་དབང་ཆེན་སྡེ་ལ་བཙུན་མོས་གསོལ་པ། ལྷ་འདི་སྨ་ཕབ་པ་འདི་ཉིད་གུམ་པ་བས་ཆེས་ཐུབ་མ་ལགས་སམ། ད་འདི་ལྷག་པར་དགུམ་

དུ་ཅི་མཆིས་ཀྱིས་ཐོང་ལགས་ཞེས་གསོལ་ནས་གསོན་པོར་གཏང་ངོ་། །དགེ་སློང་དག་ཇི་སྙམ་དུ་སེམས་དེའི་ཚེ་དེའི་དུས་ན་ཡུལ་པི་དེ་ཧའི་རྒྱལ་པོ་དབང་ཆེན་སྡེར་གྱུར་པ། བྱང་ཆུབ་ཀྱི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ན་བཙུན་མོར་གྱུར་པ་གང་ཡིན་

པ་དེ་ནི་ས་འཚོ་མ་འདི་ཉིད་ཡིན་ནོ། །དེའི་ཚེ་ཀཱ་ཤིའི་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བར་གྱུར་པ་གང་ཡིན་པ་དེ་ནི། ལྷ་སྦྱིན་འདི་ཉིད་ཡིན་ཏེ། དེའི་ཚེ་ཡང་དེས་འདི་མི་མང་སར་རྡོག་པས་བསྣུན་ཏེ་ཤིན་ཏུ་སྨ་ཕབ་བོ། །སྐྲ་ལྡན་མ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་

གནས་ན་བཞུགས་ཙམ་ན་ཡུལ་སེར་སྐྱའི་གནས་ན་རྒྱལ་པོ་སེང་གེའི་འགྲམ་རྒྱལ་པོ་བྱེད་དེ། དེ་བཙུན་མོ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་སྔ་ཕྱིར་བུ་ཕོ་བཞི་དང་བུ་མོ་བཞི་བཙས་ཏེ་ཟས་གཙང་དང་ཟས་དཀར་དང་བྲེ་བོ་ཟས་དང་བདུད་རྩི་ཟས་དང་གཙང་མ་དང་

དཀར་མོ་དང་བྲེ་བོ་མ་དང་བདུད་རྩི་མ་རྣམས་སོ། །དེའི་ཚེ་ཡུལ་སྤོང་བྱེད་ན་རྒྱལ་པོ་ཤཱཀྱ་རབ་སད་གནས་ཏེ། དེའི་བཙུན་མོ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལ་བུ་མོ་གཉིས་བཙས་ཏེ། གཅིག་གི་མིང་ནི་སྒྱུ་འཕྲུལ་ཞེས་བཏགས་སོ། །གཅིག་གི་མིང་ནི་སྒྱུ་

འཕྲུལ་ཆེན་མོ་ཞེས་བཏགས་སོ། །དེ་ནས་དེ་གཉིས་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་སྙིང་གུས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་དེ་གཉིས་ལ་མཚན་མཁན་རྣམས་ཀྱིས་བལྟས་ནས། བུ་

མོ་སྒྱུ་འཕྲུལ་ལས་ནི་བུ་མཚན་ཕུན་སུམ་ཚོགས་པ་ཞིག་བཙའ་བར་འགྱུར་ལ། སྒྱུ་འཕྲུལ་ཆེན་མོ་ལས་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཙའ་བར་འགྱུར་རོ་ཞེས་ལུང་བསྟན་ཏེ། དེ་གཉིས་ཀྱི་སྐྲ་ཏིལ་མར་གྱི་ཐིགས་པ་ཆུར་བླུགས་པ་བཞིན་དུ་རྒྱས་པར་གྱུར་ཏོ། །དེ་ནས་

เล่ม ๗๓ · หน้า 67a

རྒྱལ་པོ་སེང་གེ་འགྲམ་གྱིས་ཐོས་ནས། རྒྱལ་པོ་རབ་སད་ལ་ཕོ་ཉ་བཏང་སྟེ། ཁྱོད་ཀྱི་བུ་མོ་དེ་གཉིས་བདག་གི་བུའི་ཆུང་མར་བྱིན་ཅིག །འདི་ན་ཤཱཀྱ་རྣམས་ཀྱིས་ནི་སུས་ཀྱང་ཐབས་ཟླར་བབ་པའི་ཆུང་མ་གཉིས་མི་བླང་བའི་ནང་ཁྲིམས་དེ་ལྟ་བུ་བཅས་མོད་

ཀྱི། གལ་ཏེ་བདག་གིས་ཤཱཀྱ་རྣམས་ཀྱིས་དད་པ་གནང་བར་བྱེད་ནུས་ན་ཕྱིས་གཉི་ག་བླང་ངོ་ཞེས་སྤྲིང་ནས། སེང་གེ་འགྲམ་གྱིས་ཤཱཀྱ་རྣམས་ལ་གསོལ་བ་བཏབ་ནས། དེའི་བུ་མོ་གཉི་ག་ཁྱིམ་ན་གནས་པ་རྣམས་ཀྱི་ཁྱིམ་པའི་ཆོས་བཞིན་དུ་བྱས་ཏེ་ཟས་གཙང་གི་བཙུན་

མོར་བླངས་སོ། །དེར་རྒྱལ་པོ་རབ་སད་ཀྱིས་དེ་གཉིས་ལ་བུ་མོ་སྐྲ་ལྡན་མ་ཞེས་བྱ་བ་སྐྲ་མཁན་དུ་བྱིན་ནོ། །དེ་ནས་གང་གི་ཚེ་བྱང་ཆུབ་སེམས་དཔའ་བཙས་པ་ན། དེ་བཙས་ནས་ཞག་བདུན་ལོན་པའི་འོག་ཏུ་སྒྱུ་འཕྲུལ་ཆེན་མོ་ཤི་ནས་དེ་ཤི་བའི་འོག་ཏུ་སུམ་ཅུ་རྩ་གསུམ་པའི་ལྷ་

ཡུལ་དུ་སྐྱེས་སོ། །བུ་མོ་སྐྲ་ལྡན་མ་ནི་དེ་དང་བྲལ་བས་སྒྱུ་འཕྲུལ་ཆེན་མོའི་སྐྲ་ལ་འཇུས་ནས། ཤིན་ཏུ་མྱ་ངན་བྱེད་ཅིང་འབུབ་འདྲིལ་ལ་སྨྲེ་སྔགས་འདོན་ཅིང་བྲང་རྡུང་སྟེ། སུས་ཀྱང་དེའི་མྱ་ངན་བསང་མ་ནུས་སོ། །དེ་ནས་གང་གི་ཚེ་བྱང་ཆུབ་སེམས་དཔའ་སྐུ་ཆེར་འཁྲུངས་པ་དེའི་

ཚེ། དེས་རྒན་པོ་དང་ནད་པ་དང་ཤི་བ་གཟིགས་ནས་ནགས་ཀྱི་ནང་དུ་རྟེན་བཅས་ཏེ། ལོ་དྲུག་གི་བར་དུ་དཀའ་བ་སྤྱད་ནས་བླ་ན་མེད་པའི་ཡེ་ཤེས་བརྙེས་ཏེ། མཐར་གྱིས་འདུལ་བའི་དོན་མཛད་ཅིང་ཡུལ་སེར་སྐྱའི་གནས་སུ་གཤེགས་སོ། །དེ་དེར་གཤེགས་ནས་ཤཱཀྱ་རྣམས་

རབ་ཏུ་ཕྱུང་ངོ་། །སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ཡང་རབ་ཏུ་ཕྱུང་ངོ་། སྐྲ་ལྡན་མ་ཡང་རབ་ཏུ་ཕྱུང་སྟེ། དེས་ཀྱང་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་བཅོམ་ལྡན་འདས་ཀྱིས་བརྩོན་འགྲུས་བརྩམས་པ་རྣམས་ཀྱི་མཆོག་ཏུ་

བསྟན་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་སྐྲ་ལྡན་མས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་ཤཱཀྱའི་རིགས་སུ་སྐྱེས་ལགས། ལས་ཅི་བགྱིས་ན་དེས་བྲན་མོ་གཞན་གྱི་

เล่ม ๗๓ · หน้า 67b

མངག་གཞུག་བགྱིད་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །འདིས་གང་དུ་སྨོན་ལམ་བཏབ་ལགས། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་དགུ་བཅུ་རྩ་གཅིག་པ་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་

པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ།

དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་གྲོང་ཁྱེར་གཉེན་ལྡན་དུ་གཤེགས་ཏེ། དེ་ལྕམ་གཉིས་ཀྱིས་བཤོས་གསོལ་བ་ན། དེར་གཅིག་གིས་སྨོན་ལམ་བཏབ་པ། བདག་ལས་འདི་ལྟ་བུའི་སྐྱེས་བུ་རིན་པོ་ཆེ་བཙས་ཏེ། དེ་མཉེས་པར་

བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །བུ་མོ་ཅིག་ཤོས་ཀྱིས་སྨོན་ལམ་བཏབ་པ། བདག་ཀྱང་གང་དང་གང་དུ་སྐྱེ་བ་དེ་དང་དེར་ཁྱོད་དང་སྤུན་དུ་གྱུར་ཅིག །བདག་འདི་ལྟ་བུའི་སྐྱེས་བུ་རིན་པོ་ཆེ་དེ་འཚོ་བར་གྱུར་ཅིག་ཅེས་བྱས་སོ། །དེ་སྤུན་གཉིས་ཀྱི་

སྐྲ་མཁན་བྱེད་པའི་བུ་མོ་དེ་ཡང་དེ་ན་འདུག་པར་གྱུར་ཏེ། བུ་མོ་དེས་ཀྱང་དེ་གཉིས་ཀྱི་སྨོན་ལམ་དེ་ལྟ་བུ་དེ་བཏབ་པ་ཐོས་ནས། ཐོས་མ་ཐག་ཏུ་དེས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ལ་བཀུར་སྟི་བྱས་ཏེ། སྨོན་ལམ་བཏབ་པ་ཀྱེ་མ་བདག་ཀྱང་དགེ་བའི་རྩ་

བ་འདིས། འདི་གཉིས་གང་དང་གང་དུ་སྐྱེས་པ་དེ་དང་དེར་བདག་འདི་གཉིས་ཀྱི་སྐྲ་མཁན་མ་བསྙེན་བཀུར་བྱེད་པར་གྱུར་ནས། འདི་གཉིས་ཀྱི་བུ་རིན་པོ་ཆེ་དེ་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་ཏེ་དེར་འདིས་སྨོན་ལམ་འདི་ལྟ་བུ་བཏབ་བོ། །བཙུན་

པ་ལས་ཅི་བགྱིས་ན། འདིས་བཅོམ་ལྡན་འདས་ཀྱང་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ནས། བཅོམ་ལྡན་འདས་ཀྱིས་བརྩོན་འགྲུས་

เล่ม ๗๓ · หน้า 68a

བརྩམས་པ་རྣམས་ཀྱི་མཆོག་ཏུ་ཡང་བསྟན་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་རབ་ཏུ་བྱུང་སྟེ། གང་ལས་རབ་ཏུ་བྱུང་བའི་མཁན་མོ་དེ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་

འོད་སྲུང་གིས་བརྩོན་འགྲུས་བརྩམས་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དེ་ནས་དེས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས། འཆི་ཀར་སྨོན་ལམ་བཏབ་པ། འདི་ལྟར་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་ཚངས་པར་སྤྱོད་པ་སྤྱད་ཀྱང་། ཡོན་

ཏན་གྱི་ཚོགས་ཅི་ཡང་མ་ཐོབ་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་

མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག །ཇི་ལྟར་བདག་གིས་མཁན་མོ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བརྩོན་འགྲུས་བརྩམས་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་བཞིན་དུ་བདག་ཀྱང་ཤཱཀྱ་ཐུབ་པ། ཤཱཀྱའི་རྒྱལ་པོ་

དེས་བརྩོན་འགྲུས་བརྩམས་པ་རྣམས་ཀྱི་མཆོག་ཏུ་བསྟན་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་བའི་དགེ་སློང་མ་གང་ཡིན་པ་དེ་ནི་སྐྲ་ལྡན་མ་འདི་ཉིད་ཡིན་ཏེ། དེས་དེར་ཚེ་

གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །

དེའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག །ཇི་ལྟར་བདག་གི་མཁན་མོ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བརྩོན་འགྲུས་བརྩམས་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་བཞིན་དུ་བདག་ཀྱང་ཤཱཀྱ་ཐུབ་པ་

เล่ม ๗๓ · หน้า 68b

ཤཱཀྱའི་རྒྱལ་པོ་དེས་བརྩོན་འགྲུས་བརྩམས་པ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་ཤུགས་མཉམ་པ་དང་མཛད་པ་མཉམ་པ་དང་ཐབས་མཉམ་པ་བརྙེས་པར་གྱུར་ནས། འདིས་ང་

མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས། ད་ལྟར་ངས་བརྩོན་འགྲུས་བརྩམས་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ།། །།པད་མའི་མདོག་ཅེས་བྱ་བ་ནི། གླེང་གཞི་

མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་ཚེ་དང་ལྡན་པ་ཉེ་སྡེ་ཡུལ་སྲུང་བྱེད་དུ་ལྗོངས་རྒྱུ་ཞིང་སོང་བ་ལས་རི་ཁྲོད་ཅིག་ཏུ་ཕྱིན་ཏེ་དེའི་ཚེ་རི་ཁྲོད་དེ་ན། ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་བུའི་ནོར་དང་ལྡན་པ། རྣམ་

ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་ཀྱང་ཁྱིམ་བདག་དེ་བུ་མེད་ནས་དེ་ལག་པ་ལ་རྐོམ་ཚུགས་བཅས་ཏེ་བསམས་པ། བདག་གི་

ཁྱིམ་ནོར་དུ་མ་དང་ལྡན་དུ་ཟིན་ཀྱང་བདག་ལ་བུ་ཡང་མེད་བུ་མོ་ཡང་མེད་པས། བདག་འདས་པའི་འོག་ཏུ་ནི་བུ་མེད་པའི་ཕྱིར་ཅི་བདོག་པ་ཐམས་ཅད་རྒྱལ་པོ་དབང་བར་འགྱུར་རོ་སྙམ་སྟེ་སེམས་ཁོང་དུ་ཆུད་ཅིང་འདུག་གོ། །དེ་ནས་དགེ་སྦྱོང་དང་། བྲམ་ཟེ་དང་། ལྟས་མཁན་དང་།

མཛའ་བོ་དང་། གཉེན་དང་། རྩ་ལག་གཞན་དག་གིས་ལྷ་ལ་གསོལ་བ་ཐོབ་ཤིག་ཅེས་དེ་ལ་བསྒོའོ། །དེ་ནས་དེ་བུ་མེད་དེ་བུ་འདོད་པའི་ཕྱིར་ལྷ་གུ་ལང་དང་། ཆུ་ལྷ་དང་། ཀུ་བེ་ར་དང་། བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་དང་། ལྷའི་ཁྱད་པར་གཞན་དག་ལ་ཡང་གསོལ་

བ་འདེབས་ཏེ། འདི་ལྟ་སྟེ། ཀུན་དགའ་ར་བའི་ལྷ་དང་། ནགས་ཚལ་གྱི་ལྷ་དང་། ལམ་གྱི་བཞི་མདོའི་ལྷ་དང་། སུམ་མདོའི་ལྷ་དང་། གཏོར་མ་ལེན་པའི་ལྷ་དང་། ལྷན་ཅིག་སྐྱེས་པ་དང་། ཆོས་འཐུན་པ་དང་། རྟག་ཏུ་ཕྱི་བཞིན་འབྲང་བའི་ལྷ་རྣམས་ལ་

เล่ม ๗๓ · หน้า 69a

ཡང་གསོལ་བ་འདེབས་ཏེ། འཇིག་རྟེན་ན་ཡང་གསོལ་བ་བཏབ་པའི་རྒྱུས་བུ་དང་བུ་མོ་སྐྱེ་བར་འགྱུར་རོ་ཞེས་བགྱི་བའི་གཏམ་དེ་ཡོད་མོད་ཀྱི་དེ་ཡང་དེ་ལྟ་ནི་མ་ཡིན་ཏེ། གལ་ཏེ་གསོལ་བ་བཏབ་པའི་རྒྱུས་བུ་དང་བུ་མོ་སྐྱེ་བར་འགྱུར་དུ་ཟིན་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་

བཞིན་དུ་རེ་རེ་ལ་ཡང་བུ་སྟོང་སྟོང་ཡོད་པར་འགྱུར་བའི་རིགས་སོ། །ཡེ་ནི་གནས་གསུམ་ཚོགས་པ་ལས་བུ་དང་བུ་མོ་སྐྱེ་བར་འགྱུར་ཏེ། གསུམ་གང་ཞེ་ན། ཕ་མ་གཉིས་འདོད་ཆགས་ལངས་ཏེ་ཕྲད་པ་དང་། མ་དུས་ལ་བབ་ཅིང་ཟླ་མཚན་དང་ལྡན་པ་དང་དྲི་ཟ་འོངས་པ་སྟེ། གནས་འདི་

གསུམ་ཚོགས་པ་ལས་བུ་དང་བུ་མོ་སྐྱེ་བར་འགྱུར་རོ། །དེ་ནས་དེ་ཡང་གསོལ་བ་འདེབས་པ་ལྷུར་བྱེད་ཅིང་འདུག་ལ། སེམས་ཅན་ཞིག་ཀྱང་སེམས་ཅན་གྱི་རིས་ཤིག་ནས་ཤི་འཕོས་ཏེ། དེའི་ཆུང་མའི་ལྟོར་ཞུགས་སོ། །བུད་མེད་མཁས་པའི་རང་བཞིན་ཅན་ཁ་ཅིག་ལ་ནི་ཐུན་མོང་

མ་ཡིན་པའི་ཆོས་ལྔ་ཡོད་དེ། ལྔ་གང་ཞེ་ན། སྐྱེས་པ་ཆགས་པ་ཡང་ཤེས་ལ་མ་ཆགས་པ་ཡང་ཤེས་པ་དང་། དུས་ཀྱང་ཤེས་ལ་ཟླ་མཚན་ཡང་ཤེས་པ་དང་བུ་ཆགས་པ་ཤེས་པ་དང་། གང་ལས་བུ་ཆགས་པར་ཤེས་པ་དང་ཁྱེའུ་ཡང་ཤེས་ལ་བུ་མོ་ཡང་ཤེས་པ་སྟེ། གལ་ཏེ་ཁྱེའུ་

ཡིན་ན་ནི། ལྟོ་གཡས་ལོགས་སུ་རྟེན་ཅིང་གནས་སོ། །གལ་ཏེ་བུ་མོ་ཡིན་ན་ནི་ལྟོ་གཡོན་ལོགས་སུ་རྟེན་ཅིང་གནས་སོ། །དེ་ནས་དེ་དགའ་ཆེས་ནས་ཁྱིམ་ཐབ་ལ་སྦྲན་པ། ཇོ་བོ་བདག་ལ་སྲས་ཆགས་ཏེ། བདག་གི་རུམ་གཡས་ལོགས་སུ་རྟེན་ཅིང་གནས་པ་ལས་ན་ཁྱེའུར་འགྱུར་བར་

ངེས་ཀྱིས་དགྱེས་པ་བསྐྱེད་དུ་གསོལ་ཞེས་བྱས་ནས། དེ་ཡང་དགའ་ཆེས་ཏེ་རོ་སྟོད་ནི་བཏེག་ལག་པ་གཡས་པ་ནི་བརྐྱང་ནས་བདག་གིས་ཡུན་རིང་པོ་ནས་སྨོན་སྨོན་པའི་བུའི་ངོ་མཐོང་བར་འོང་ངོ་། །བདག་གི་བུ་རུང་བར་གྱུར་ཅིག །མི་རུང་བར་མ་གྱུར་ཅིག །བདག་གི་བྱ་བ་དག་བྱེད་པར་

ཤོག་ཅིག །གསོས་པའི་ལན་ཕྱིར་གསོ་བར་ཤོག་ཅིག །ནོར་སྐལ་ལ་སྤྱོད་པར་ཤོག་ཅིག །བདག་གི་རིགས་རྒྱུད་རིང་དུ་གནས་པར་ཤོག་ཅིག །བདག་ཅག་འདས་ཏེ་ཤི་བའི་འོག་ཏུ་ཡང་བདག་ཅག་གི་ཕྱིར་མང་ཡང་རུང་ཉུང་ཡང་རུང་སྟེ། སྦྱིན་པ་དག་བྱིན་ལ་བསོད་ནམས་དག་

เล่ม ๗๓ · หน้า 69b

བྱས་ནས། དེ་གཉིས་གང་དང་གང་དུ་སྐྱེས་ཤིང་འགྲོ་བ་དེར་འདི་སོང་ཅིག་ཅེས་ཡོན་སྔོ་བར་ཤོག་ཅིག་ཅེས་དགའ་བའི་ཚིག་བརྗོད་དོ། །དེ་ནས་དེས་བུ་ཆགས་པར་རིག་ནས་བུའི་རིམ་གྲོ་བྱ་བའི་ཕྱིར་ཁང་བཟངས་ཀྱི་སྟེང་དུ་ཉམ་རངས་སུ་བཞག་སྟེ་གྲང་བའི་ཚེ་གྲང་བའི་ཡོ་བྱད་རྣམས་དང་ཚ་བའི་ཚེ་ཚ་བའི་ཡོ་

བྱད་རྣམས་དང་། སྨན་པས་བསྟན་པའི་ཟས་རྣམས་དང་། ཧ་ཅང་ཁ་བ་མ་ཡིན་པ་རྣམས་དང་། ཧ་ཅང་སྐྱུར་བ་མ་ཡིན་པ་རྣམས་དང་། ཧ་ཅང་ལན་ཚྭ་ཆེ་བ་མ་ཡིན་པ་རྣམས་དང་། ཧ་ཅང་མངར་བ་མ་ཡིན་པ་རྣམས་དང་། ཧ་ཅང་རོ་ཚ་བ་མ་ཡིན་པ་རྣམས་དང་། ཧ་ཅང་བསྐ་

བ་མ་ཡིན་པ་རྣམས་ཏེ། ཁ་བ་དང་། སྐྱུར་བ་དང་། ལན་ཚྭ་དང་། མངར་བ་དང་། ཚ་བ་དང་། བསྐ་བ་མེད་པའི་ཟས་རྣམས་ཀྱིས་བསྟེན་ཅིང་དོ་ཤལ་དང་། སེ་མོ་དོས་ལུས་རྣམ་པར་བཀླུབས་ཏེ། ལྷའི་བུ་མོ་དགའ་བའི་ཚལ་ན་རྣམ་པར་རྒྱུ་བ་བཞིན་དུ་ཁྲིའི་སྟེང་ནས་ཁྲིའི་སྟེང་དང་།

ཁྲིའུའི་སྟེང་ནས་ཁྲིའུའི་སྟེང་དུ་རྒྱུ་ཞིང་འོག་གི་ས་གཞི་ལ་མི་འབབ་པ་དང་དེས་ཡིད་དུ་མི་འོང་བའི་སྒྲ་སྐད་ཅི་ཡང་མི་ཐོས་པར་བྱས་སོ། །དེ་ནས་དེ་ཟླ་བ་དགུའམ་བཅུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་མདོག་བཟང་བ་པད་མའི་སྙིང་པོའི་མདོག་

འདྲ་བ། མགོ་བོ་གདུགས་ལྟར་འདུག་པ། ལག་པ་རིང་བ་དང་དཔྲལ་བའི་དབྱེས་ཆེ་བ། སྣ་མཐོ་བ། སྣ་ལེགས་པ། སྨིན་མ་སྟུག་པ་ཞིག་བཙས་ནས། དེའི་ཚེ་བཙས་སྟོན་རྒྱས་པར་བྱས་ཏེ། ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཁྱེའུ་འདི་

པད་མའི་སྙིང་པོའི་མདོག་འདྲ་བས་ན་དེའི་ཕྱིར་ཁྱེའུ་འདིའི་མིང་པད་མའི་མདོག་ཅན་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་པད་མའི་མདོག་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་ཉིང་གུས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་

གྱུར་ཏོ། །དེ་ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང་ཁོང་རྩིས་དང་། ཤོད་དགོད་དང་། ལག་རྩིས་དང་། དབྱུང་བ་དང་། སྦ་བ་དང་། དགྲམ་པ་དང་། གོས་བརྟག་པ་དང་། ནོར་བུ་བརྟག་པ་དང་། རིན་པོ་ཆེ་བརྟག་པ་དང་། སྤོས་བརྟག་པ་དང་། སྨན་བརྟག་

เล่ม ๗๓ · หน้า 70a

པ་དང་། གླང་པོ་ཆེ་བརྟག་པ་དང་། རྟ་བརྟག་པ་དང་། གོ་མཚོན་བརྟག་པ་བསླབས་ཏེ། ཡི་གེ་མཁས་པ་དང་། ཀློག་མཁས་པ་དང་། མཛངས་པ་དང་། བྱ་བ་ལ་གསལ་བ་དང་། ཡིད་གཞུངས་པ་དང་། བརྟག་པ་རྣམ་པ་བརྒྱད་ལ་བྱང་བར་གྱུར་ཏོ། །

ཁྱིམ་བདག་དེའི་གཉེན་ནི་ཚེ་དང་ལྡན་པ་ཉེ་སྡེ་ཡིན་ཏེ། ཁྱེའུ་པད་མའི་མདོག་གིས་དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་རྙེད་དེ། དེས་ཕ་མ་ལ་གསོལ་ནས་ཚེ་དང་ལྡན་པ་ཉེ་སྡེ་ཉིད་ཀྱི་ཐད་དུ་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་སོ། །དེ་ནས་དེ་ཕྱི་ཞིག་ན་དེ་མཁན་པོ་ལ་

མ་ཞུས་པར་དོན་ཞིག་ལ་རི་ཁྲོད་དེ་ནས་སོང་ནས། དེ་མཐར་གྱིས་ལྗོངས་རྒྱུ་ཞིང་སོང་སོང་བ་ལས་ཡུལ་བཅོམ་བརླག་ཅེས་བྱ་བར་ཕྱིན་ཏེ། བཅོམ་བརླག་ན་བོང་བུའི་ཀུན་དགའ་ར་བ་ན་གནས་སོ། །དེ་ནས་ཚེ་དང་ལྡན་པ་པད་མའི་མདོག་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ཏེ་ལྷུང་

བཟེད་ཐོགས་ནས། ཡུལ་བཅོམ་བརླག་ཏུ་བསོད་སྙོམས་ལ་སོང་བ་དང་། ཚེ་དང་ལྡན་པ་དེ་སྤྱོད་ཡུལ་གྱི་རྒྱུས་མི་ཤེས་བཞིན་དུ་མཐར་གྱིས་བསོད་སྙོམས་བྱེད་པ་ལས་སྨད་འཚོང་མའི་ཁྱིམ་དུ་སོང་ངོ་། །སྨད་འཚོང་མ་དེ་ཡང་གཟུགས་བཟང་ཞིང་བལྟ་ན་སྡུག་པ་མཛེས་པ་རོ་རྩ་ལ་གཡེམ་པ་

ཞིག་གོ། །དེ་ནས་བུད་མེད་དེས་ཚེ་དང་ལྡན་པ་པད་མའི་མདོག་རྒྱང་ནས་མཐོང་ངོ་། །མཐོང་ནས་ཀྱང་འདོད་ཆགས་ཀྱི་མདའ་དྲག་པོས་ཕོག་སྟེ། དེ་འདོད་ཆགས་ཀྱི་དབང་དུ་གྱུར་ནས་ཚམ་ཚོམ་མེད་པར་ལངས་ཏེ་ཚེ་དང་ལྡན་པ་པད་མའི་མདོག་ག་ལ་བ་དེར་སོང་སྟེ། ཕྱིན་ནས་སྨྲས་པ།

འཕགས་པ་གདན་བཤམས་པ་འདི་ལ་བཞུགས་སུ་གསོལ། དེ་ནས་ཚེ་དང་ལྡན་པ་པད་མའི་མདོག་གིས་བསམས་པ། ཅི་འདི་དགེ་བསྙེན་མ་ཅིག་ཡིན་ནམ་སྙམ་ནས་སྟན་བཤམས་པ་དེ་ལ་འདུག་པ་དང་། བུད་མེད་དེས་འདོད་ཆགས་ཀྱི་ཤུགས་ཀྱིས་མི་བཟོད་ཆེས་ནས་པད་མའི་

མདོག་ལ་སྨྲས་པ། བཙུན་པ་ཁྱོད་ཀྱང་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པ་ལགས་ལ། བདག་ཀྱང་ཡན་ལག་ཐམས་ཅད་སྡུག་པ་ལགས་ཀྱིས་བདག་དང་གཟིམས་པར་གསོལ་ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཚེ་དང་ལྡན་པ་པད་མའི་མདོག་གིས་རྣ་བ་གཉིས་བཀག་

เล่ม ๗๓ · หน้า 70b

སྟེ་འདུག་ནས། བདག་ནི་སྡིག་པ་འདི་ལྟ་བུ་མི་བྱེད་དེ་བཅོམ་ལྡན་འདས་ཀྱི་བསྟན་པ་ཉམས་པར་བྱེད་མི་ཕོད་དོ་ཞེས་བྱས་སོ། །བུད་མེད་དེས་སྨྲས་པ། གནོད་ཅང་འདི་ལྟ་བུ་ཅི་འཚལ་གལ་ཏེ་ཁྱོད་འདོད་པ་རྣམས་མི་བཞེད་ན་སྨད་འཚོང་མའི་ཁྱིམ་དུ་བྱོན་ཏེ་ཅི་བགྱི། པད་མའི་མདོག་གིས་སྨྲས་

པ། བདག་གསར་དུ་འོངས་པས་སྤྱོད་ཡུལ་གྱི་རྒྱུས་མི་ཤེས་ཏེ་དེའི་ཕྱིར་འདིར་འོངས་པར་ཟད་ཀྱི་བདག་ནི་འདོད་པ་རྣམས་དོན་དུ་གཉེར་བ་མ་ཡིན་ཏེ་བདག་གིས་བྱ་བ་མ་ཡིན་པ་འདི་ལྟར་བྱར་མི་རུང་ངོ་། །མོས་སྨྲས་པ། ཁྱོད་མི་བཞེད་ན་ཡང་བདག་གིས་ཁྱོད་མཐུ་ཀར་བོར་ཏེ་ཉལ་དུ་

གཞུག་གོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཚེ་དང་ལྡན་པ་པད་མའི་མདོག་དངངས་ནས་སྟན་ལས་ལངས་ཏེ། ཕྱིར་བྱུང་ནས་བསོད་སྙོམས་མ་བྱས་པར་གཙུག་ལག་ཁང་དུ་སོང་ངོ་། །དེའི་ཕྱིར་བྱུང་སྟེ་སོང་ནས་སྨད་འཚོང་མ་དེ་འདོད་ཆགས་ཀྱི་མེས་ཡོངས་སུ་གདུངས་ཏེ། རིགས་ངན་

མོ་སྔགས་ཀྱི་མཐུ་ཡོད་པ་ཞིག་བཀུག་ནས་དེ་ལ་གཏམ་དེ་རྒྱས་པར་བསྙད་དེ་སྨྲས་པ། བདག་དགེ་སློང་དེ་དང་ཕྲད་པར་གྱིས་ཤིག་དང་བདག་གིས་ཁྱོད་ལ་གསེར་མང་དུ་སྦྱིན་ནོ་ཞེས་བྱས་སོ། །དེ་ནས་དེས་དེ་ལྟར་བགྱིའོ་ཞེས་སྨྲས་ནས། རིགས་ངན་མོ་དེས་བུད་མེད་དེ་རྒྱན་ཐམས་

ཅད་ཀྱིས་བཀླུབས་ཏེ་ཁྱིམ་དེ་ལྷ་ཁང་བཞིན་དུ་བྱས་ཏེ་བཞག་ནས། དཀྱིལ་འཁོར་བ་ལང་གི་ལྕི་བས་བྱུགས་ཏེ་བདུག་སྤོས་དང་མེ་ཏོག་དང་ལྷ་བཤོས་ཀྱི་ཆོ་ག་རྣམས་བཤམས་ནས་མེ་སྦར་ཏེ་ཡུངས་ཀར་ལ་སྔགས་ཀྱིས་བཏབ་ཅིང་མེའི་ནང་དུ་འདེབས་སོ། །ཚེ་དང་ལྡན་པ་དེ་ཡང་སྔགས་ཀྱི་

མཐུས་དྲངས་ནས་ཕྱིར་སྨད་འཚོང་མའི་ཁྱིམ་དེ་ཉིད་དུ་འོངས་སོ། །དེ་ནས་རིགས་ངན་མོ་དེས་ཚེ་དང་ལྡན་པ་པད་མའི་མདོག་ཁྱིམ་དེར་འོངས་པར་མཐོང་ངོ་། །མཐོང་ནས་སྨྲས་པ། བཙུན་པ་ཁྱོད་ཁྱིམ་འདིར་འོངས་པ་ལ་བྱ་བ་གཉིས་ཡོད་དེ་ཡང་ན་ནི་སྨད་འཚོང་མ་འདི་དང་ལྷན་ཅིག་ཏུ་

ཉོལ་ཅིག །ཡང་ན་ནི་མེ་འདིའི་ནང་དུ་མཆོངས་ཤིག་ཅེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཚེ་དང་ལྡན་པ་པད་མའི་མདོག་གིས་བསམས་པ། དེ་བཞིན་གཤེགས་པ་ནི་འཇིག་རྟེན་དུ་བརྒྱ་ལམ་བརྒྱ་ལམ་ན་འབྱུང་བར་ཟད་དེ་དཔེར་ན་ཨུ་དུམ་བཱ་རའི་མེ་ཏོག་དང་འདྲ་ལ། མིར་སྐྱེ་བ་

เล่ม ๗๓ · หน้า 71a

འཐོབ་པ་དང་ཡུལ་དབུས་སུ་སྐྱེ་བ་ཡང་རྙེད་པར་དཀའ་བས་ན། མེའི་ནང་དུ་མཆོང་བ་ནི་ལེགས་པ་ཡིན་གྱིས་འདི་དང་ཕྲད་པར་བྱ་བ་ནི་དེ་ལྟ་མ་ཡིན་ནོ་སྙམ་དུ་བསམས་ནས། གོས་རྣམས་ཕུད་དེ་རིགས་ངན་མོ་ལ་གཏད་ནས་སྨྲས་པ། ཆེ་ཞེ་གོས་འདི་རྣམས་གཙུག་ལག་ཁང་

དུ་ཁྱེར་ལ་བདག་གི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཕུལ་ཅིག །རིགས་ངན་མོས་སྨྲས་པ། བཙུན་པ་ཁྱོད་ཅི་བྱེད། པད་མའི་མདོག་གིས་སྨྲས་པ། མེའི་ནང་དུ་མཆོང་བར་ཆད་དོ། །དེས་དེའི་ཚིག་དེ་ཐོས་ནས་རིགས་ངན་མོ་མི་དགའ་བར་གྱུར་ཏེ་བསམས་པ། ཀྱེ་མ་བདག་

དབུལ་བས་བདག་གིས་འདི་ལྟ་བུའི་ཡོན་གནས་དག་ལ་ཉེས་པ་བྱེད་ཅིང་འདུག་སྟེ་བདག་གིས་འདི་ལྟ་བུའི་སེམས་ཅན་དག་པ་མི་དགའ་བར་བྱ་བ་ནི་བདག་གི་ཆ་མ་ཡིན་ནོ་སྙམ་ནས། དེས་ཆོ་ག་ཐམས་ཅད་བཏང་སྟེ་གུས་པར་བསྒྲིམ་པས་རྐང་པ་ལ་ཕྱག་འཚལ་ནས་སེམས་ཅན་དག་པ་བཟོད་པར་

གསོལ། བདག་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་གསོལ། པད་མའི་མདོག་གིས་སྨྲས་པ་ངས་ནི་བཟོད་ན་ཁྱོད་བདག་གི་ལས་རྣམས་ཀྱིས་མི་བཟོད་དོ། །དེ་ནས་སྨད་འཚོང་མ་དེ་ཡང་མཐོང་མ་ཐག་ཏུ་འདོད་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་དེ་ལ་དགའ་བ་སྐྱེས་སོ། །

དགའ་བ་སྐྱེས་ནས་རྐང་པ་ལ་ཕྱག་འཚལ་ཏེ་སྨྲས་པ། སྐལ་བ་ཆེན་པོ་དང་ལྡན་པ་བདག་འདོད་པའི་འདོད་ཆགས་ཀྱི་དབང་དུ་གྱུར་པས་ཁྱོད་མི་དགྱེས་པར་བགྱིས་པ་བཟོད་པར་གསོལ་ཞེས་སྨྲས་ནས། བུ་མོ་སྨད་འཚོང་མ་དེ་དང་རིགས་ངན་མོ་དེ་གཉིས་ཆོས་མཉན་པའི་ཕྱིར་ཚེ་དང་ལྡན་པ་པད་

མའི་མདོག་གི་མདུན་དུ་འདུག་གོ། །དེ་ནས་ཚེ་དང་ལྡན་པ་པད་མའི་མདོག་གིས་དེ་གཉིས་ལ་དེ་དང་འཐུན་པའི་ཆོས་བསྟན་ནས། དེ་གཉིས་ཀྱིས་སྟན་དེ་ལ་འདུག་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེ་གཉིས་ཀྱིས་བདེན་པ་མཐོང་ནས་སྨྲས་པ། བཙུན་པ་

བདག་ཅག་གཉིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་མའི་དངོས་པོ་འཐོབ་ཏུ་རུང་ན། བདག་ཅག་གཉིས་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་ཚེ་དང་ལྡན་པ་པད་མའི་མདོག་གིས་དེ་

เล่ม ๗๓ · หน้า 71b

གཉིས་དགེ་སློང་མའི་གཙུག་ལག་ཁང་དུ་ཁྲིད་དེ། དགེ་སློང་མ་རྣམས་ལ་གཏད་ནས་དགེ་སློང་མ་རྣམས་ཀྱིས་དེ་གཉིས་རབ་ཏུ་ཕྱུང་སྟེ། བསྙེན་པར་རྫོགས་པར་བྱས་ནས། དེ་གཉིས་ལ་ལུང་ཡང་ཕོག་གོ། །དེ་གཉིས་ཀྱིས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་

ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་གཉིས་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་

པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ་དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་། རྗེད་པ་དང་གུས་པར་སྨྲ་

བའི་གནས་སུ་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་པད་མའི་མདོག་གིས་བསམས་པ། འདི་ལྟར་བདག་གིས་གཞན་གྱི་རྒྱུད་ནི་དག་པར་བྱེད་ནུས་ན་བདག་གི་རྒྱུད་དག་པར་བྱེད་མ་ནུས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་མང་དུ་ཐོས་པ་ལ་ཕན་ཡོན་རྣམ་པ་ལྔ་ཡོད་དེ། ཕུང་པོ་

ལ་མཁས་པ་དང་ཁམས་ལ་མཁས་པ་དང་སྐྱེ་མཆེད་ལ་མཁས་པ་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པར་འགྱུར་རོ་ཞེས་གསུངས་ཀྱིས། བདག་གིས་ཀྱང་ཉོན་མོངས་པ་ཟད་པར་བྱ་བའི་ཕྱིར་བརྩམ་པར་བྱའོ་སྙམ་ནས།

དེས་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་

དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་

เล่ม ๗๓ · หน้า 72a

བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེས་དགྲ་བཅོམ་པ་ཉིད་ཐོབ་ནས་ཡུལ་བཅོམ་བརླག་ཏུ་ཇི་སྲིད་དགའ་བའི་བར་དུ་འདུག་འདུག་ནས་མཉན་དུ་ཡོད་པར་སོང་ངོ་། །དེ་དེར་སོང་ནས་གཏམ་དེ་རྒྱས་པར་དགེ་སློང་རྣམས་

ལ་བསྙད་དོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བུ་མོ་སྨད་འཚོང་མ་འདོད་པའི་འདོད་ཆགས་ཀྱི་དབང་དུ་གྱུར་པས། ཚེ་དང་ལྡན་པ་པད་མའི་མདོག་ཇི་ལྟར་མི་དགའ་བར་བགྱིས་པ་དང་སླར་དེ་ཉིད་ལ་བརྟེན་ནས་རབ་ཏུ་བྱུང་སྟེ། ཉོན་མོངས་

པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ནི་ཚེ་རབས་ལྔ་བརྒྱའི་བར་དུ་འདིའི་ཆུང་མར་གྱུར་ཏེ། དེའི་སྔོན་གྱི་བག་ཆགས་ཀྱི་གཞི་ཡོད་པས་ན་མཐོང་མ་ཐག་ཏུ་ཀུན་ཏུ་ཆགས་པར་གྱུར་

ཏོ། །བཙུན་པ་ཚེ་དང་ལྡན་པ་པད་མའི་མདོག་གིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ལ། བཅོམ་ལྡན་འདས་ཀྱང་འདིས་མཉེས་པར་བགྱིས་ནས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ།

ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །བཙུན་པ་འདིས་གང་དུ་སྨོན་ལམ་བཏབ་ལགས། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་

ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་

སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་བཱ་རཱ་ཎ་སཱི་ན་ཁྱིམ་བདག་ཅིག་གནས་པ་ལས་ཆུང་མ་གཉིས་ཡོད་དོ། །དེ་ནས་ཕྱི་ཞིག་ན་ཁྱིམ་བདག་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དད་པ་རྙེད་ནས་

เล่ม ๗๓ · หน้า 72b

དེས་ཆུང་མ་གཉིས་ལ་སྨྲས་པ། བཟང་མོ་གཉིས་ང་ནི། བཅོམ་ལྡན་འདས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་འབྱུང་དུ་འགྲོ། བག་དང་ལྡན་པར་ཁྱིམ་ན་གནས་པར་གྱིས་ཤིག །དེ་གཉིས་ཀྱིས་སྨྲས་པ། ཇོ་བོ་གལ་ཏེ་དེ་ལྟ་ན་བདག་ཅག་གཉིས་ཀྱང་ཇོ་བོ་རབ་ཏུ་འབྱུང་བའི་སླད་བཞིན་

དུ་རབ་ཏུ་འབྱུང་བར་འཚལ་ལོ། །ཁྱིམ་བདག་དེས་སྨྲས་པ། གལ་ཏེ་ཁྱེད་གཉིས་ཀྱང་རབ་ཏུ་འབྱུང་བར་འདོད་ན་ཁྱེད་གཉིས་ཇེ་རབ་ཏུ་འབྱུང་བར་གྱིས་ཤིག་དང་དེའི་འོག་ཏུ་ང་རབ་ཏུ་འབྱུང་བར་བྱའོ་ཞེས་དེ་སྐད་སྨྲས་ནས། ཁྱིམ་བདག་དེས་ཆུང་མ་དེ་གཉིས་དགེ་སློང་མའི་གཙུག་

ལག་ཁང་དུ་ཁྲིད་དེ་དགེ་སློང་མ་རྣམས་ལ་གཏད་དོ། །དགེ་སློང་མ་རྣམས་ཀྱིས་ཀྱང་དེ་གཉིས་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་བྱས་སོ། །དེ་གཉིས་རབ་ཏུ་བྱུང་ནས་ཁྱིམ་བདག་དེ་ཡང་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱས་ནས། བཅོམ་ལྡན་འདས་འོད་སྲུང་གི་བསྟན་

པ་ལ་རབ་ཏུ་བྱུང་ངོ་། །དེ་རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་བསླབས་ཏེ། རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པའི་ཆོས་སྨྲ་བ། གོས་དང་ཟས་དང་མལ་ཆ་དང་སྟན་དང་ནད་གསོས་དང་སྨན་ཟོང་རྣམས་རྙེད་པར་གྱུར་ཏོ། །དགེ་སློང་མ་དེ་གཉིས་ནི་རབ་ཏུ་བྱུང་ནས། འཐབ་

ཀྲོལ་ཅན་ཁ་ཚས་ངན་པར་གྱུར་ཏེ། དེ་གཉིས་ལས་གཅིག་གིས་ནི་དགེ་སློང་མ་རྣམས་ལ་རིགས་ངན་མོ་ཞེས་བྱ་བའི་ཚིག་སྨྲས་སོ། །གཅིག་གིས་ནི་སྨད་འཚོང་མ་ཞེས་བྱ་བའི་ཚིག་སྨྲས་སོ། །དེ་ནས་དགེ་སློང་དེས་དེ་གཉིས་འཐབ་ཀྲོལ་ཅན་དུ་གྱུར་པ་དེ་ལས་བཀག་ནས།

སྦྱིན་པ་དང་སྦྱིན་པའི་བགོ་བཤའ་བྱེད་པ་ལ་བཙུད་དོ། །དེ་ནས་ཕྱིས་དགེ་སློང་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཤོས་གསོལ་ཏེ། དབུ་སྐྲ་དང་སེན་མོའི་མཆོད་རྟེན་དག་ལ་ཡང་བཀུར་སྟི་བྱས་ནས་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་བདག་

གང་དང་གང་དུ་སྐྱེ་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཅིག །གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་ཡང་གྱུར་ཅིག །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་

เล่ม ๗๓ · หน้า 73a

རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དེ་ནས་

དགེ་སློང་མ་དེ་གཉིས་ཀྱིས་དེ་མཐོང་ནས་འཕགས་པ་ཁྱོད་ཀྱིས་སྨོན་ལམ་ཇི་ལྟ་བུ་ཅིག་བཏབ་ཅེས་དྲིས་སོ། །དེས་ཀྱང་དེ་གཉིས་ལ་རྒྱས་པར་བསྙད་ནས། དེ་གཉིས་ཀྱིས་ཀྱང་དེ་ཐོས་ནས་སྨོན་ལམ་བཏབ་པ། བདག་ཅག་གཉིས་ཀྱིས་ཀྱང་འཕགས་པ་ཁྱོད་ཉིད་ལས་བརྟེན་ཏེ་སངས་

རྒྱས་བཅོམ་ལྡན་འདས་དེ་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག །བདག་ཅག་གཉིས་ཀྱིས་དགེ་སློང་མ་མང་པོ་ཞིག་ལ་ཚིག་རྩུབ་

པོ་སྨྲས་པའི་ལས་དེའི་རྣམ་པར་སྨིན་པའི་སྐལ་བ་ཅན་དུ་བདག་ཅག་གཉིས་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དགེ་སློང་དུ་གྱུར་པ་གང་ཡིན་པ་དེ་ནི་པད་མའི་མདོག་འདི་ཉིད་ཡིན་ནོ། །དེའི་ཚེ་དགེ་སློང་མ་གཉིས་སུ་གྱུར་པ་གང་ཡིན་པ་དེ་གཉིས་ནི་

དགེ་སློང་མ་འདི་གཉིས་ཁོ་ན་ཡིན་ནོ། །དགེ་སློང་དེས་དེར་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་བདུན་བཤོས་གསོལ་ཏེ། དབུ་སྐྲ་དང་སེན་མོའི་མཆོད་རྟེན་རྣམས་ལ་བཀུར་སྟི་བྱས་ནས། སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་

བའི་རིགས་སུ་སྐྱེས་ཏེ། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་ཤུགས་མཉམ་པ་དང་མཛད་པ་མཉམ་པ་དང་ཐབས་མཉམ་པ་བརྙེས་པར་གྱུར་ནས། འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་

རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་མ་དེ་གཉིས་ཀྱིས་དེར་སྨོན་ལམ་བཏབ་སྟེ། བདག་ཅག་གཉིས་ཀྱིས་འདི་ཉིད་ལ་བརྟེན་ཏེ་སངས་རྒྱས་བཅོམ་ལྡན་འདས་དེ་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་

เล่ม ๗๓ · หน้า 73b

མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པས་ནི། འདི་གཉིས་ཀྱིས་འདི་ལས་བརྟེན་ནས་ད་ལྟར་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་

ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་གཉིས་ཀྱིས་དེར་དགེ་སློང་མ་མང་པོ་ཞིག་ལ་གཅིག་གིས་ནི་རིགས་ངན་མོ་ཞེས་བྱ་བའི་ཚིག་བརྗོད་ལ། གཅིག་གིས་ནི་སྨད་འཚོང་མ་ཞེས་བྱ་བའི་ཚིག་བརྗོད་པའི་ལས་དེའི་རྣམ་པར་སྨིན་པས་ནི།

གཅིག་རིགས་ངན་མོའི་རིགས་སུ་སྐྱེས་ལ་གཅིག་ནི་སྨད་འཚོང་མར་གྱུར་ཏོ། །བཙུན་པ་པད་མའི་མདོག་གིས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ལ། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ཏེ་

པད་མའི་སྙིང་པོའི་མདོག་འདྲ་བར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །བཙུན་པ་འདིས་གང་དུ་སྨོན་ལམ་བཏབ་ལགས། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་རི་ཁྲོད་ཅིག་ན་ཀུན་དགའ་ར་བའི་སྲུངས་མ་ཞིག་

གནས་པ་དེའི་ཀུན་དགའ་ར་བ་མེ་ཏོག་ཕུན་སུམ་ཚོགས་པ་དང་། འབྲས་བུ་ཕུན་སུམ་ཚོགས་པ་དང་། བསིལ་གྲིབ་ཕུན་སུམ་ཚོགས་པ་དང་། རྫིང་བུ་ཕུན་སུམ་ཚོགས་པ་དང་ལྡན་ཏེ། རྫིང་དེ་དག་ཀྱང་མེ་ཏོག་ཨུད་པ་ལ་དང་པད་མ་དང་ཀུ་མུ་ད་དང་། པད་མ་དཀར་པོས་

གང་བ་དང་ངང་པ་དང་ངུར་པ་དང་ཟལ་མོ་རྣམས་སྐད་འབྱིན་པ་དང་ལྡན་པར་འདུག་གོ། །སངས་རྒྱས་བཅོམ་ལྡན་འདས་མི་བཞུགས་པའི་ཚེ། རང་སངས་རྒྱས་སྡུག་ཅིང་ཕོངས་པ་རྣམས་ལ་སྙིང་བརྩེ་བ། བས་མཐའི་གནས་མལ་གྱིས་འཚོ་བ། བསེ་རུ་ལྟ་བུའི་འཇིག་རྟེན་

གྱི་ཡོན་གནས་གཅིག་པུ་རྣམས་འཇིག་རྟེན་དུ་འབྱུང་སྟེ། རང་སངས་རྒྱས་གཅིག་གིས་ཀུན་དགའ་ར་བ་དེར་གནས་བཅས་སོ། །དེ་ནས་ཀུན་དགའ་ར་བའི་སྲུངས་མ་དེ་ནང་པར་སྔར་ལངས་ཏེ་ཀུན་དགའ་ར་བ་དེར་སོང་བ་ལས། ཀུན་དགའ་ར་བའི་སྲུངས་མ་དེས་རང་སངས་རྒྱས་དེ་

เล่ม ๗๓ · หน้า 74a

ཀླུའི་རྒྱལ་པོ་ལུས་བསྐྱིལ་ཏེ་དེ་གཉིད་ཀྱིས་ལོག་པ་བཞིན་དུ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་པ་མཐོང་ངོ་། །མཐོང་ནས་ཀྱང་མཆོག་ཏུ་དགའ་བ་སྐྱེས་སོ། །དགའ་བ་སྐྱེས་ནས་རང་སངས་རྒྱས་དེ་ཀུན་དགའ་ར་བ་དེ་ཉིད་དུ་བཤོས་གསོལ་ནས་ན་བཟའ་ཡང་ཕུལ་ཏེ། མེ་ཏོག་

ཨུད་པ་ལ་དང་པད་མ་དང་ཀུ་མུ་ད་དང་པད་མ་དཀར་པོ་རྣམས་ཀྱིས་གཏོར་ནས་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་བདག་གང་དང་གང་དུ་སྐྱེ་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཅིག །གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་

ཡང་གྱུར་ཅིག །བདག་གི་ལུས་མདོག་པད་མའི་སྙིང་པོའི་ཁ་དོག་ལྟ་བུར་གྱུར་ཅིག །འདི་བས་ཀྱང་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །ཡོན་ཏན་གྱི་ཚོགས་འདི་ལྟ་བུ་དག་ཀྱང་ཐོབ་པར་གྱུར་ཅིག་ཅེས་བྱས་སོ། །

དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཀུན་དགའ་ར་བའི་སྲུངས་མར་གྱུར་པ་དེ་ནི་པད་མའི་མདོག་འདི་ཉིད་ཡིན་ཏེ། དེས་རང་སངས་རྒྱས་དེ་ལ་བཀུར་སྟི་བྱས་ནས་སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ནས་གཟུགས་

བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ཏེ་ལུས་ཀྱི་མདོག་པད་མའི་སྙིང་པོའི་ཁ་དོག་ལྟ་བུར་གྱུར་ཏེ། དགེ་སློང་དག་རང་སངས་རྒྱས་བྱེ་བ་ཕྲག་འབུམ་བས་ཀྱང་ཆེས་ལྷག་པར་ཁྱད་པར་དུ་འཕགས་པ་ང་ལྟ་བུ་འདིས་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་

པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།ཤན་པ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་ཤན་པ་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མར་བླངས་

པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དགུའམ་བཅུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ནས་དེ་ཕ་མའི་སྙིང་དུ་ཤས་ཆེར་སྡུག་ཅིང་ཕངས་ལ་ཡིད་དུ་འོང་བར་གྱུར་ཏོ། །དེ་ནས་དེའི་བཙས་སྟོན་རྒྱས་པར་བྱས་

เล่ม ๗๓ · หน้า 74b

ཏེ་རིགས་དང་འཐུན་པའི་མིང་བཏགས་ནས། འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུས་བསྐྱེད་བསྲིངས་ཏེ། དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཕ་མ་དེ་གཉིས་ཀྱིས་བཟའ་བ་དང་བཅའ་བ་བཟང་པོ་བྱིན་ལ་ལས་ཅི་ཡང་བྱེད་དུ་མི་འཇུག་གོ། །དེ་ནས་ཕྱིས་དེའི་ཕས་དེ་རང་གི་ལས་

བྱེད་དུ་བཅུག་པ་དང་དེ་ན་རེ་ཡབ་བདག་ནི་བདག་ཉིད་འགུམ་པའི་རྔོ་ནི་ཐོགས་ཀྱི། སྲོག་ཆགས་འགུམ་པའི་རྔོ་ནི་མི་ཐོགས་སོ་ཞེས་ཟེར་རོ། །ཤན་པའི་ཆུང་མས་སྨྲས་པ། ཇོ་བོ་ཁྱེའུ་འདི་ལ་གནོད་པར་མ་མཛད་ཅིག་དང་། བདག་ཅག་གིས་ལས་འདི་གླ་མི་བགྱིད་དུ་སྩལ་ཏོ། །དེ་

ནས་དེ་སྐད་ཅེས་ཐོས་པའི་མོད་ལ། ཤན་པ་དེས་ཁྱེའུ་དེ་དལ་བར་བཞག་གོ། །དེ་ནས་ཕྱི་ཞིག་ན་ཁྱེའུ་དེས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་རྙེད་ནས། དེ་དུས་དུས་སུ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་འགྲོ་ཞིང་བཅོམ་ལྡན་འདས་ལ་ཆོས་མཉན་པར་བྱེད་དོ། །དེ་ནས་ཕྱི་ཞིག་ན་དེ་

རབ་ཏུ་འབྱུང་བའི་སེམས་སྐྱེས་ནས། དེས་བསམས་པ། བདག་གིས་ཁྱིམ་ན་གནས་པ་བཏང་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་ངོ་སྙམ་ནས། ཕ་མ་གཉིས་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་པར་བྱས་སོ། །དེ་

ནས་དེས་བརྩོན་པ་དང་། བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ་ནམ་མཁའ་དང་ལག་མཐིལ་

དུ་འདྲ་བའི་སེམས་དང་ལྡན་པ་ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ་རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ་སྲིད་པའི་རྙེད་པ་དང་། ཆགས་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ་དབང་པོ་དང་ཉེ་དབང་དང་

བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དེས་དགྲ་བཅོམ་པ་ཉིད་ཐོབ་ནས་བསམས་པ། བདག་གིས་འདུལ་བར་འགྱུར་བ་འགའ་ལྟ་ཡོད་དམ་སྙམ་པ་དང་། དེས་ཐོག་མ་ཁོ་ནར་ཕ་མ་གཉིས་འདུལ་བར་འགྱུར་བ་མཐོང་ངོ་། །

เล่ม ๗๓ · หน้า 75a

མཐོང་ནས་ཀྱང་དེ་གཉིས་ཀྱི་ཐད་དུ་སོང་སྟེ་ཆོས་བསྟན་ནས། སྡིག་པའི་ལས་དེ་ལས་བཟློག་སྟེ། བདེན་པ་རྣམས་དང་སྐྱབས་སུ་འགྲོ་བ་དང་བསླབ་པའི་གནས་རྣམས་ལ་ཡང་བཀོད་དོ། །སྦྱིན་པ་དང་སྦྱིན་པའི་བགོ་བཤའ་བྱ་བ་ལ་ཡང་བཙུད་དེ་དེས་ཁྱིམ་དེ་སློང་བའི་སྐྱེ་བོ་

རྣམས་ཀྱི་ཆུ་དོང་ལྟ་བུར་གྱུར་པར་བྱས་སོ། །དགེ་སློང་དགྲ་བཅོམ་པ་ཉིད་ཐོབ་པ་དེ་ལ་ཡང་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་སྦྱར་ཏོ། །དེས་ཀྱང་བདག་ཉིད་ཀྱང་ལོངས་སྤྱོད་པར་བྱེད་ལ་ཚངས་པར་སྤྱོད་པ་གཞན་དག་ལ་ཡང་སྦྱིན་པར་བྱེད་དོ། །དེ་ནས་དགེ་སློང་རྣམས་

ཀྱིས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་དགེ་སློང་འདིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་ཤན་པའི་རིགས་སུ་ཡང་སྐྱེས་ལ། སྡིག་པའི་ལས་ལ་ཡང་སེམས་མ་ཞུགས། བཅོམ་ལྡན་འདས་ཀྱང་འདིས་མཉེས་པར་

བགྱིས་ཏེ། མི་མཉེས་པར་མ་བགྱིས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ཡང་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ཁྱིམ་པའི་ཚེ་དང་རབ་ཏུ་བྱུང་བའི་ཚེ་ན་ཡང་བཟའ་བ་དང་བཅའ་བ་བཟང་པོ་དང་ལྡན་པར་གྱུར་ལགས། བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །བཙུན་པ་འདིས་གང་དུ་སྨོན་ལམ་བཏབ་ལགས། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། རི་ཁྲོད་ཅིག་ན་ཤན་པ་མང་པོ་དག་ཅིག །སྐྱེད་མོས་ཚལ་གྱི་ནང་དུ་དོང་སྟེ་བཟའ་བ་དང་བཅའ་བ་བཟང་

པོ་མང་པོ་བཤམས་པ་ལས། རང་སངས་རྒྱས་ཞིག་སྐྱེད་མོས་ཚལ་དེར་བསོད་སྙོམས་ལ་འོངས་ནས། དེ་ཤན་པའི་མི་ཞིག་གིས་མཐོང་སྟེ། མཐོང་མ་ཐག་ཏུ་ཤན་པའི་མི་དེ་རང་སངས་རྒྱས་དེ་ལ་ཤིན་ཏུ་དགའ་བ་སྐྱེས་ཏེ། དགའ་བ་སྐྱེས་ནས་རང་སངས་རྒྱས་དེ་ལ་བཟའ་

བ་དང་བཅའ་བ་གཙང་མ་བཟང་པོ་མང་པོ་ཕུལ་ལོ། །བདག་ཉིད་ཆེན་པོ་དེ་དག་ནི་ལུས་ཀྱིས་ཆོས་སྟོན་པར་བྱེད་ཀྱི་ཚིག་གིས་ཆོས་སྟོན་པར་མི་བྱེད་དེ། དེས་དེར་བསོད་སྙོམས་བླངས་ནས། དེ་ཉིད་དུ་སྟེང་གི་ནམ་མཁའ་ལ་སོང་ངོ་། །དེ་ནས་མི་དེས་མཐོང་ནས་ལྷག་པར་ཡང་

เล่ม ๗๓ · หน้า 75b

དགའ་བ་སྐྱེས་སོ། །དེ་དགའ་བ་སྐྱེས་ནས་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་བདག་གང་དང་གང་དུ་སྐྱེ་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་ཤན་པའི་རིགས་སུ་སྐྱེས་ལ། བཟའ་བ་དང་བཅའ་བ་བཟང་པོ་དང་ཡང་ལྡན་པ་དང་བདག་སྡིག་པའི་ལས་དེ་

ཡང་མི་བྱེད་པ་དང་། འདི་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག །ཡོན་ཏན་གྱི་ཚོགས་འདི་ལྟ་བུ་དག་ཀྱང་ཐོབ་པར་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ་

དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཤན་པར་གྱུར་པ་གང་ཡིན་པ་དེ་ནི་དགེ་སློང་འདི་ཉིད་ཡིན་ཏེ། དེས་རང་སངས་རྒྱས་དེ་ལ་བཤོས་ཕུལ་ནས། སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས་

གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་ཤན་པའི་རིགས་སུ་སྐྱེས་ནས་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ཏེ། བཟའ་བ་དང་བཅའ་བ་བཟང་པོ་དང་ཡང་ལྡན་པར་གྱུར་ལ། དེས་སྡིག་པའི་ལས་ཀྱང་མ་བྱས་ཏེ། དགེ་སློང་དག་ང་

རང་སངས་རྒྱས་བྱེ་བ་ཕྲག་འབུམ་བས་ཀྱང་ཆེས་ལྷག་པར་ཁྱད་པར་དུ་འཕགས་པ། ང་ལྟ་བུ་འདིས་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །གཞན་

ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་འདི་རབ་ཏུ་བྱུང་ནས་དེར་འདིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་དེ་འཆི་ཀར་སྨོན་ལམ་བཏབ་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས། བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་

རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་

เล่ม ๗๓ · หน้า 76a

དག་ཇི་སྙམ་དུ་སེམས། དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་བའི་དགེ་སློང་དུ་གྱུར་པ་གང་ཡིན་པ་དེ་ནི། དགེ་སློང་འདི་ཉིད་ཡིན་ཏེ། དེས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས། འཆི་ཀར་སྨོན་ལམ་བཏབ་སྟེ། ཡང་དག་

པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་

བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་ཤུགས་མཉམ་པ་དང་མཛད་པ་མཉམ་པ་དང་ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ། མི་མཉེས་པར་

མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །། ལས་བརྒྱ་ཐམ་པ། བམ་པོ་བདུན་པ། གསེར་མདོག་ཅེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ།

དེའི་ཚེ་མཉན་དུ་ཡོད་པ་ན། རིགས་ངན་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལ་ཆུང་མ་བླངས་པ་ལས་ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དགུའམ་བཅུ་ལོན་པ་དང་བུ་མོ་མི་སྡུག་པ་མཆོག་ཏུ་མི་སྡུག་ལ་མི་སྡུག་པའི་སྣ་གྲངས་བཅྭ་བརྒྱད་དང་ལྡན་པ་ཞིག་བཙས་ནས་དེ་

མཐོང་མ་ཐག་ཏུ་ཕ་མ་གཉིས་ཤིན་ཏུ་མི་དགའ་བར་གྱུར་ཏེ། བདག་ཅག་གཉིས་ལ་བུ་མོ་འདི་འདྲ་བ་མི་དགོས་ཀྱིས་ནམ་སྲོས་པ་དང་ཕྱིར་ཕྱུང་ལ་ཁྱི་རྣམས་ལ་སྦྱིན་ནོ་ཞེས་ཟེར་རོ། །དེ་ནས་ཆུང་མ་ན་རེ་ཇོ་བོ་དེ་སྐད་མ་གསུང་ཞིག །འཇིག་རྟེན་ན་མི་གསོད་པ་ནི་རྣམ་པར་སྨད་པ་

ལགས་ཀྱིས། འདི་འདི་ཁོ་ན་ལྟར་མི་སྡུག་པའི་རྣམ་གྲངས་བཅྭ་བརྒྱད་དང་ལྡན་དུ་ལགས་ཀྱིས་ཀྱང་། འདི་བདག་ཅག་གཉིས་ཀྱི་བུ་མོ་ལགས་པས་ན། འདི་བཙས་མ་ཐག་ཏུ་བདག་ཅག་གིས་དོར་མི་ནུས་ཀྱིས་ནམ་ཆེར་སྐྱེས་པ་ན་བསྐྲད་པར་བགྱིའོ། །འོན་ཀྱང་འདི་དེའི་ཚེ་ཅིས་ཀྱང་

เล่ม ๗๓ · หน้า 76b

འཚོ་བ་ཚོལ་ནུས་པར་འགྱུར་རོ་ཞེས་བྱས་སོ། །དེ་ནས་འོ་ན་དེ་ལྟར་བྱའོ་ཞེས་སྨྲས་ནས། དེ་ཕ་མ་གཉིས་ཀྱིས་ལྐོག་ཏུ་གསོས་ཏེ། ཅི་ནས་སུས་ཀྱང་མི་ཤེས་པར་བྱས་སོ། །དེ་ནས་དེ་གང་གི་ཚེ་འགྲོ་ནུས་པར་གྱུར་པ་དེའི་ཚེ་དེ་མི་སྡུག་ཆེས་ནས། ཕ་མ་གཉིས་ཀྱིས་ཁྱིམ་ནས་བསྐྲད་

དེ་བཏང་ངོ་། །དེ་ནས་དེ་སློངས་མོ་བྱེད་ཅིང་སྲང་དེ་ཡན་མན་ན་གནས་པ་ལས། དེས་ས་སྒྲེན་པོ་ལ་གནས་པ་དང་ཁ་ཟས་ངན་པ་ཟ་ཟ་བས་ལུས་ལ་མཛེ་ནད་དང་རྨ་བྱུང་བར་གྱུར་ཏེ། དེ་ཕྱི་ཞིག་ན་ནད་བུ་ཅན་དུ་གྱུར་ནས། སྲང་དེ་ན་འགྱེལ་ཞིང་འདུག་སྟེ། ཤི་ལ་ཐུག་པ་དང་ཚེ་དང་

ལྡན་པ་ཀུན་དགའ་བོས་མཐོང་སྟེ། མཐོང་མ་ཐག་ཏུ་ཚེ་དང་ལྡན་པ་ཀུན་དགའ་བོ་སྙིང་རྗེ་སྐྱེས་ནས་དེ་དེའི་ཐད་དུ་སོང་སྟེ་སྨྲས་པ། ཆེ་གེ་ཅི་ཉེས་དེས་སྨྲས་པ། བཙུན་པ་ཀུན་དགའ་བོ་བདག་གིས་སྔོན་བསོད་ནམས་དག་མ་བགྱིས་པས་ན། དེས་བདག་འདི་ཁོ་ན་ལྟ་བུར་གྱུར་པ་ལགས་

ཀྱིས། བཙུན་པ་ཀུན་དགའ་བོ་ཅི་ནས་བདག་གི་མི་དགེ་བའི་ལས་འདི་ཡོངས་སུ་ཟད་པར་འགྱུར་བར་མཛད་དུ་གསོལ། ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ། ཆེ་གེ་སྙིང་མ་ཆུང་བར་སྤྲོ་བ་སྐྱེད་ཅིག་དང་། བདག་གིས་ཁྱོད་ཀྱི་མི་དགེ་བའི་ལས་འདི་བསལ་བར་བྱའོ། །དེ་

སྐད་ཅེས་སྨྲས་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་དེའི་དོན་དུ་ཏིལ་མར་དང་སྤོས་བཙལ་ནས་བུ་མོ་དེ་ག་ལ་བར་སོང་སྟེ་ཕྱིན་ནས་སྨྲས་པ། ཆེ་གེ་ལོངས་ལ་བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་སྤོས་ཀྱིས་བྱུགས་ཤིག །དེ་ནས་དེ་ཐོས་མ་ཐག་ཏུ་བུ་མོ་དེ་དགའ་བ་སྐྱེས་

ནས་ལངས་ཏེ་ཚེ་དང་ལྡན་པ་ཀུན་དགའ་བོའི་ཕྱི་བཞིན་སོང་ནས། ཀུན་དགའ་བོས། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཏིལ་མར་གྱི་བྱུག་པ་དང་། སྦྱར་བའི་སྤོས་ཀྱི་བྱུག་པ་དང་། གུར་གུམ་གྱི་བྱུག་པ་འབུལ་དུ་བཅུག་གོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་ཡང་ས་

ཕྱོགས་དེར་འོངས་ཏེ། དེས་ཚེ་དང་ལྡན་པ་ཀུན་དགའ་བོ་མཐོང་ནས་བཙུན་པ་ཀུན་དགའ་བོ་ཅི་མཛད་ཅེས་དྲིས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ། བུ་མོ་འདིའི་དབུལ་བ་ཡོངས་སུ་གཅད་པར་བྱའོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཀྱང་བུ་མོ་དེ་སྒྲེན་

เล่ม ๗๓ · หน้า 77a

མོར་འདུག་པ་མཐོང་ནས་གོས་བྱིན་ནོ། །བཅོམ་ལྡན་འདས་ཀྱང་བུ་མོ་དེ་ཁོ་ན་ལ་ཐུགས་བརྩེ་བའི་ཕྱིར་ས་ཕྱོགས་དེར་གཤེགས་ནས་བུ་མོ་དེས་སངས་རྒྱས་བཅོམ་ལྡན་འདས་མཛེས་ཤིང་ཡིད་དུ་འཐད་ལ། དབང་པོ་ཞི་བ། ཐུགས་ཞི་བ། ཐུགས་མཆོག་

ཏུ་དུལ་བ་དང་རྣམ་པར་ཞི་བ་དང་ལྡན་པ་གསེར་གྱི་མཆོད་སྡོང་ལྟར་དཔལ་འབར་བ་མཐོང་ངོ་། །མཐོང་ནས་ཀྱང་བུ་མོ་དེ་ཡང་མཆོག་ཏུ་དགའ་བ་སྐྱེས་སོ། །དགའ་བ་སྐྱེས་ནས་བསམས་པ། འདིའི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་དག་ལ་བཀུར་སྟི་བྱས་ན་ཡང་འབྲས་བུ་ཆེན་

པོར་འགྱུར་ན། འདི་ཉིད་ལ་བྱས་པ་ལྟ་ཅི་སྨོས་ཏེ། འབྲས་བུ་ཆེན་པོར་ཇི་སྟེ་མི་འགྱུར་སྙམ་ནས། དགའ་བ་སྐྱེས་ཏེ། གོས་དེ་ཁྱེར་ནས། བཅོམ་ལྡན་འདས་ག་ལ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་གོས་དེ་ཕུལ་ཏེ། ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་

ལ་རྟོག་ཅིང་འདུག་གོ། །དེ་ནས་དེ་བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་བཞིན་དུ་ཤི་འཕོས་ཏེ་དུས་ལས་འདས་ནས་མཉན་དུ་ཡོད་པ་དེ་ཉིད་དུ་ཚོང་དཔོན་ཞིག་གི་ཁྱིམ་དུ་ཆུང་མ་ཆེན་མའི་ལྟོར་ཉིང་མཚམས་སྦྱར་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་བུ་མོ་གསེར་

གྱི་མདོག་ཅན་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས། བུ་མོ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། བུ་མོ་འདི་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་ཏེ། གསེར་གྱི་མདོག་ཅན་ཡིན་པས་ན། དེའི་ཕྱིར་བུ་མོ་འདིའི་མིང་གསེར་

གྱི་མདོག་ཅེས་གདགས་སོ་ཞེས་ཟེར་རོ། །དེ་ནས་བུ་མོ་གསེར་གྱི་མདོག་ཅན་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུས་བསྐྱེད་བསྲིངས་ཏེ། དེ་གང་གི་ཚེ་བཙས་ནས། ལོ་བདུན་ལོན་པ་དེའི་ཚེ། དེས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་རྙེད་ནས་དེས་ཕ་

མ་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས། རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བར་གྱུར་ཏོ། །དེ་ནས་དེ་དགྲ་བཅོམ་པ་ཉིད་ཐོབ་ནས་བསམས་པ་བདག་གང་ནས་ཤི་འཕོས་ཏེ།

เล่ม ๗๓ · หน้า 77b

འདིར་སྐྱེས་སྙམ་པ་དང་དེས་མཉན་དུ་ཡོད་པ་དེ་ཉིད་དུ་རིགས་ངན་གྱི་བུ་མོ་མི་སྡུག་པའི་སྣ་གྲངས་བཅྭ་བརྒྱད་དང་ལྡན་པར་གྱུར་པ་ལས། དེར་བདག་གིས་འཕགས་པ་ཀུན་དགའ་བོ་ལ་བརྟེན་ནས་རིགས་ངན་གྱི་སྐྱེ་གནས་སྤངས་ཏེ། དེར་སྐྱེས་པ་མཐོང་ནས་དེའི་བློ་སྐྱེས་པ་འཕགས་པ་

ཀུན་དགའ་བོ་ནི་བདག་ལ་དཀའ་བ་བྱེད་བྱེད་པ་ཡིན་ནོ་སྙམ་དུ་རིག་ནས། དེར་རྟག་ཏུ་འགྲོ་ཞིང་བཀུར་སྟི་བྱེད་དོ། །དེ་ནས་དགེ་སློང་དག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་གསེར་མདོག་གིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་

ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། གསེར་གྱི་མདོག་ཅན་དུ་གྱུར་ལ། བཅོམ་ལྡན་འདས་ཀྱང་འདིས་མཉེས་པར་བགྱིས་ཏེ། མི་མཉེས་པར་མ་བགྱིས་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་

པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མཉན་དུ་ཡོད་པ་འདི་ཉིད་ནས་ས་ཕྱོགས་ག་གེ་མོ་ཞིག་ན། རིགས་ངན་གྱི་བུ་མོ་མི་སྡུག་པའི་སྣ་གྲངས་བཅྭ་བརྒྱད་དང་ལྡན་པ་ཞིག་འདུག་པ་ཁྱོད་ཀྱིས་མཐོང་ངམ། བཅོམ་ལྡན་འདས་

མཐོང་ལགས་སོ། །དེ་དེ་ནས་ཤི་འཕོས་ནས་འདིར་སྐྱེས་ཏེ། དེས་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་ཏིལ་མར་གྱི་བྱུག་པ་དང་། སྦྱར་བའི་སྤོས་ཀྱི་བྱུག་པ་དང་། གུར་གུམ་གྱི་བྱུག་པ་དང་། སྤོས་ཀྱི་བྱུག་པ་ཕུལ་ནས་ང་ལ་གོས་ཕུལ་ཏེ་ང་ལ་སེམས་དགའ་བ་བསྐྱེད་ནས་

ཤི་བའི་འོག་ཏུ་ལས་དེའི་རྣམ་པར་སྨིན་པས། འདི་ད་ལྟར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་གསེར་གྱི་མདོག་ཅན་དུ་གྱུར་ཏོ། །བཙུན་པ་བུ་མོ་འདིས་ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་

པས། རིགས་ངན་གྱི་རིགས་སུ་སྐྱེས་ཏེ། མི་སྡུག་པའི་སྣ་གྲངས་བཅྭ་བརྒྱད་དང་ལྡན་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་ཉིད་ཀྱིས་ལས་རྣམས་བྱས་ཤིང་བསགས་ཏེ་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་

เล่ม ๗๓ · หน้า 78a

པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་

བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་བཱ་རཱ་ཎ་སཱི་ན་ཁྱིམ་བདག་ཅིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཕྱི་ཞིག་ན། དེའི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་དགུ་

འམ་བཅུ་ལོན་པ་དང་བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ནས་དེའི་བཙས་སྟོན་རྒྱས་པར་བྱས་ཏེ། རིགས་དང་འཐུན་པའི་མིང་བཏགས་ནས་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུས་བསྐྱེད་བསྲིངས་ཏེ། དེ་གང་གི་ཚེ་ཆེན་མོར་གྱུར་པ་དེའི་ཚེ།

དེས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དད་པ་རྙེད་ནས། དེས་ཕ་མ་ལ་གསོལ་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ནས། དེ་འཐབ་ཀྲོལ་ཅན་ཁ་ཚས་ངན་པར་གྱུར་ཏོ། །དེས་བྱད་གཟུགས་དང་ལང་ཚོ་དང་དབང་

ཕྱུག་དང་ཆོ་རིགས་ཀྱི་རྒྱགས་པས་དྲེགས་ནས་སློབ་པ་དང་མི་སློབ་པའི་དགེ་སློང་མ་མང་པོ་ཞིག་ལ་བྱད་གཟུགས་མི་སྡུག་པའི་ལུས་དང་ངག་གི་ལས་རྣམས་ཀྱིས་དཔྱས་ཏེ། རིགས་ངན་ཞེས་བྱ་བའི་ཚིག་ཀྱང་སྨྲས་པ་ལས། ཕྱིས་དེ་འགྱོད་པ་སྐྱེས་སོ། །དེ་ནས་དེས་ཚེ་གཅིག་

ཏུ་ཚངས་པར་སྤྱོད་པ་སྤྱད་ནས། སྨོན་ལམ་བཏབ་པ། འདི་ལྟར་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་དག་སྤྱད་ཀྱང་། ཡོན་ཏན་གྱི་ཚོགས་ཅི་ཡང་མ་ཐོབ་ཀྱིས། ཡང་དག་པར་རྫོགས་པའི་སངས་རྒྱས་

འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་

เล่ม ๗๓ · หน้า 78b

མངོན་སུམ་དུ་བྱེད་པར་གྱུར་ཅིག །བདག་གིས་ཚངས་པ་མཚུངས་པར་སྤྱོད་པ་དེ་དག་ལ་ཚིག་རྩུབ་པོ་སྨྲས་པའི་སྡིག་པའི་ལས་དེའི་འབྲས་བུ་བདག་ལ་སྨིན་པར་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་

སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་བའི་དགེ་སློང་མར་གྱུར་པ་གང་ཡིན་པ་དེ་ནི། མི་སྡུག་པ་འདི་ཉིད་ཡིན་ཏེ། དེས་དེར་བྱད་གཟུགས་དང་ལང་ཚོ་དང་དབང་ཕྱུག་དང་ཆོ་རིགས་ཀྱི་རྒྱགས་པས་དྲེགས་ནས་དགེ་སློང་མ་མང་པོ་ཞིག་ལ་མི་སྡུག་པའི་ཚུལ་གྱིས། ལུས་ཀྱི་ལས་ཀྱིས་

འཕྱས་པ་དང་། རིགས་ངན་ཞེས་བྱ་བའི་ཚིག་བརྗོད་པའི་ལས་དེའི་རྣམ་པར་སྨིན་པས་གང་དང་གང་དུ་སྐྱེས་པ་དེ་དང་དེར་རིགས་ངན་གྱི་རིགས་སུ་སྐྱེས་ཏེ། མི་སྡུག་པའི་སྣ་གྲངས་བཅྭ་བརྒྱད་དང་ཡང་ལྡན་པར་གྱུར་ཏོ། །དེ་ནས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་

ནས་འཆི་ཀར་སྨོན་ལམ་བཏབ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་

བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་ཤུགས་མཉམ་པ་དང་མཛད་པ་མཉམ་པ་དང་ཐབས་

མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།བ་ལང་རྫི་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ།

དེའི་ཚེ་རྒྱལ་པོ་གསལ་རྒྱལ་གྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཟླ་བ་གསུམ་དུ་སྤྱན་དྲངས་ཏེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཡོ་བྱད་ཐམས་ཅད་སྦྱར་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་འདབ་ཏུ་བ་ལང་དང་མ་ཧེའི་ལྷས་བཅས་ཏེ། དགེ་སློང་རྣམས་པའི་

เล่ม ๗๓ · หน้า 79a

དར་བ་དང་མ་ཧེའི་དར་བས་ལོངས་སྤྱོད་པར་བྱེད་དོ། །དེས་ཟླ་བ་གསུམ་གྱི་བར་དུ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ནས། མཇུག་ཏུ་སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་ལ་ཞལ་ཟས་

རོ་བརྒྱ་དང་ལྡན་པ་གསོལ་ཏེ། བཅོམ་ལྡན་འདས་ལ་འབུམ་རི་བའི་ན་བཟའ་ཕུལ་ལོ། །དགེ་སློང་གཞན་དག་ལ་ཡང་རེ་རེ་ལ་ཡོ་བྱད་ཐམས་ཅད་ཕུལ་ཏེ། བ་ལང་རྫི་དང་མ་ཧེ་རྫི་ཐམས་ཅད་རང་རང་གི་གནས་སུ་སོ་སོར་བཀྱེ་ནས་རྒྱལ་པོ་སོང་ངོ་། །དེ་ནས་བ་ལང་རྫི་རྣམས་

ཀྱིས་བསམས་པ། རྒྱལ་པོ་འདི་སའི་མངའ་བདག་དབང་ཕྱུག་གི་མཐར་ཕྱིན་པ་ཡིན་མོད་ཀྱི་འདི་ཡང་ད་དུང་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་ལ། བདག་ཅག་ནི་གཞན་གྱི་ཁོལ་པོ་གཞན་གྱི་ངོར་བལྟ་བ་གཞན་གྱི་ཚལ་ཟ་བྱེད་ཅིང་འཚོ་བ་ཡིན་ཏེ། འདིས་འདི་ལྟ་

བུའི་གནས་ཐོབ་པ་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་སྦྱིན་པ་དང་དུལ་བ་དང་ཡང་དག་པར་སྡོམ་པའི་ལས་རྣམ་པ་གསུམ་གྱི་འབྲས་བུ་ཡིན་གྱིས། མ་ལ་བདག་ཅག་གིས་ཀྱང་དགེ་བའི་ཆོས་ཅུང་ཟད་ཙམ་ཡང་དག་པར་བླངས་ཏེ་གནས་པར་བྱ་གོར་མ་ཆག་སྙམ་དུ་བསམས་ནས། བ་ལང་རྫི་

ལྔ་བརྒྱས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲངས་ཏེ། བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོ་བཤམས་ནས་ནང་པར་སྔར་ལངས་ཏེ་ཆུ་ར་བཀང་ནས་བཅོམ་ལྡན་འདས་ལ་ཕྲིན་གྱིས་གདུགས་ཚོད་བསྐུལ་བ་བཙུན་པ་གདུགས་ཚོད་ལ་བབ་སྟེ་བཤོས་གསོལ་

ལགས་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་ཏེ་གཤེགས་སུ་གསོལ་ཞེས་བསྐུལ་ཏོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས། དགེ་སློང་གི་ཚོགས་ཀྱིས་ཞབས་འབྲིང་བྱས་ཏེ། དགེ་

སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས། བ་ལང་རྫི་དེ་དག་གི་བ་ལང་གི་ལྷས་དང་སྐོས་སའི་འདབ་ཏུ་གཤེགས་ཏེ་བྱོན་ནས་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་བ་ལང་རྫི་དེ་དག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་བདེ་བར་བཞུགས་པར་

เล่ม ๗๓ · หน้า 79b

རིག་ནས། རིང་གི་ལག་ནས་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོ་དང་། བའི་དར་བ་དང་མ་ཧེའི་དར་བས་ཚིམ་པར་བྱས་ཏེ་ཅི་བཞེད་པ་བསྟབས་ནས་བཤོས་གསོལ་ཟིན་ཏེ་གསང་སྡེར་ནི་གྱུ། ཕྱག་ནི་བཅབས་པར་རིག་ནས་སྟན་ཆེས་དམའ་བ་དག་ཁྱེར་ཏེ་ཆོས་མཉན་

པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བ་ལང་རྫི་ལྔ་བརྒྱ་པོ་དེ་དག་གི་བསམ་པ་དང་བག་ལ་ཉལ་དང་ཁམས་དང་རང་བཞིན་དང་ཤེས་པ་ཐུགས་སུ་ཆུད་ནས། དེ་དང་མཐུན་པའི་ཆོས་བསྟན་ཏེ། དེས་བ་ལང་རྫི་ལྔ་བརྒྱ་པོ་དེ་

དག་འཁོར་དང་བཅས་པས་སྟན་དེ་ཁོ་ན་ལ་འཁོད་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེ་དག་གིས་ཀྱང་བདེན་པ་མཐོང་ནས་གསོལ་པ། བཅོམ་ལྡན་འདས་བདག་ཅག་

ཁྱིམ་ན་གནས་པ་ལས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ལ། ཆུ་བོ་རྣམས་ལས་བརྒལ་བར་བགྱི་བ་དང་། སྦྱོར་བ་རྣམས་ལས་ཡང་དག་པར་འདའ་བར་བགྱི་བའི་སླད་དུ་བརྩོན་པར་བགྱི་བསྒྲུབ་པར་བགྱི་འབད་པར་བགྱི་བར་འཚལ་ལོ་ཞེས་གསོལ་ནས། རྒྱལ་པོ་གསལ་རྒྱལ་

ལ་གསོལ་ཏེ། བ་ལང་གི་ཁྱུ་དེ་རྣམས་བ་ལང་རྫི་གཞན་དག་ལ་གཏད་ནས་ཁྱིམ་གྱི་འཁོར་བཏང་སྟེ། བཅོམ་ལྡན་འདས་ཀྱི་ཐད་དུ་དོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཅག་ལེགས་

པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཅག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་དེ་དག་ལ་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་

ཅེས་བཀའ་སྩལ་ཏེ། དགེ་སློང་དག་ཚུར་ཤོག་ཚངས་པར་སྤྱོད་ཅིག་ཅེས་བཀའ་སྩལ་ནས། དེ་ཐོས་མ་ཐག་ཏུ་སྐྲ་ནི་བྱི་བར་གྱུར་ལུས་ལ་ནི་སྣམ་སྦྱར་གྱོན་པར་གྱུར་ཏེ། སྐྲ་དང་ཁ་སྤུ་ནི་བྲེགས་ནས་ཞག་བདུན་ལོན་པ་ཙམ་དུ་གྱུར་སྤྱོད་ལམ་ནི་བསྙེན་པར་རྫོགས་ནས་ལོ་བརྒྱ་

เล่ม ๗๓ · หน้า 80a

ལོན་པ་ལྟ་བུར་འདུག་པར་གྱུར། ལག་ན་ནི་ལྷུང་བཟེད་དང་ཆུ་སྣོད་ཐོགས་པར་གྱུར་ཏོ། །འདིར་སྨྲས་པ། དེ་བཞིན་གཤེགས་པས་ཚུར་ཞེས་བཀའ་སྩལ་པ། དེ་དག་མགོ་བྲེགས་ལུས་ལ་སྣམ་སྦྱར་གྱོན། །སངས་རྒྱས་ཀྱིས་ནི་དགོངས་པས་གོས་

བགོས་ནས། །མོད་ལ་དབང་པོ་རབ་ཏུ་ཞི་བར་གནས། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་ལུང་ཕོག་ནས། དེ་དག་གིས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས། དེ་དག་དགྲ་

བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ཏེ། གསེར་དང་བོང་བར་མཉམ་པ་ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ་ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་

ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་དག་གིས་དགྲ་བཅོམ་པ་ཉིད་ཐོབ་

ནས་བསམས་པ། བདག་ཅག་གིས་འདུལ་བར་འགྱུར་བ་འགའ་ལྟ་ཡོད་དམ་སྙམ་པ་དང་དེ་དག་གིས་ཉེ་དུ་དེ་དག་ཉིད་འདུལ་བར་འགྱུར་བར་མཐོང་ངོ་། །མཐོང་ནས་ཀྱང་དེ་དག་གི་ཐད་དུ་དོང་སྟེ་ཆོས་བསྟན་ནས་དད་པ་ཕུན་སུམ་ཚོགས་པ་ལ་ནི་བཀོད། སྐྱབས་སུ་

འགྲོ་བ་དང་བསླབ་པའི་གཞི་རྣམས་ལ་ནི་བཙུད་སྦྱིན་པ་དང་སྦྱིན་པའི་བགོ་བཤའ་བྱ་བ་ལ་ནི་ཡང་དག་པར་འཛིན་དུ་བཅུག་གོ། །དེ་དག་གི་ནང་ནས་བ་ལང་རྫི་མོ་གཅིག་ནི་མ་དད་དེ། བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོར་མི་བཏུབ་ནས་བ་ལང་རྫི་དེ་དག་གིས་དེ་ནན་གྱིས་

བཟུང་སྟེ། བཅོམ་ལྡན་འདས་ཀྱི་ཐད་དུ་ཁྲིད་ནས། བ་ལང་རྫི་མོ་དེས་ཐག་རིང་པོ་ཞིག་ནས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་ཅིང་སྤ་བར་བྱས་པ། མེ་ལུས་ཀྱི་དབྱིབས་སུ་འདུག་པ་ལྟ་བུ་མེ་ལྕེ་མར་གྱིས་

เล่ม ๗๓ · หน้า 80b

བཏབ་པ་ལྟ་བུ། མར་མེ་གསེར་གྱི་སྣོད་དུ་བཞག་པ་ལྟ་བུ་མཆོད་སྡོང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ལྟ་བུ། བློ་གསལ་ཞིང་དྲི་མ་མེད་ལ་རྣམ་པར་དག་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ་། །མཐོང་ནས་ཀྱང་མཆོག་ཏུ་དགའ་བ་སྐྱེས་ཏེ། དགེ་བའི་རྩ་བ་

བསགས་པའི་རྒྱུ་ལས་བྱུང་བའི་སེམས་ཅན་གྱིས་དང་པོ་སངས་རྒྱས་མཐོང་བའི་ཉམས་བདེ་བ་ཅི་འདྲ་བ་དེ་ལྟ་བུ་ནི་ལོ་བཅུ་གཉིས་ཀྱི་བར་དུ་ཞི་གནས་ཀྱི་སེམས་ལ་གོམས་པར་བྱས་པ་ལ་ཡང་ཉམས་བདེ་བ་དེ་ལྟ་བུ་སྐྱེ་བར་མི་འགྱུར་རོ། །དེ་ལྟར་མཐོང་ནས་ཀྱང་དགའ་བ་སྐྱེས་ཏེ་ཕན་ཚུན་དུ་

བལྟས་ནས་བཅོམ་ལྡན་འདས་ལ་མཆོད་པ་བྱ་ན། བདག་གིས་མེ་ཏོག་ག་ལས་བླང་བ་སྙམ་པ་དང་དེས་ཐག་མི་རིང་བ་ཞིག་ན་ཀོ་ཤ་ཏ་ཀའི་མེ་ཏོག་དག་ཅིག་མཐོང་ནས་དེས་དེ་དག་བླངས་ཏེ། བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ནས་བཅོམ་ལྡན་འདས་ལ་ཀོ་ཤ་ཏ་ཀའི་མེ་ཏོག་གིས་གཏོར་ཏེ།

བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་ན། བུ་མོ་འདི་ནི་ཚེ་ཐུང་སྟེ་རིང་པོ་མི་ཐོགས་པར་འཆི་བར་འགྱུར་རོ་སྙམ་དུ་ཐུགས་སུ་ཆུད་ནས་བཅོམ་ལྡན་འདས་ཀྱིས་དེ་

དང་འཚམ་པའི་ཆོས་བསྟན་ཏོ། །དེ་ནས་དེས་ཀྱང་བཅོམ་ལྡན་འདས་ཀྱི་བཀའ་མཆིད་ཀྱི་མཇུག་རྫོགས་པར་རིག་ནས་བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ་། །དེ་སོང་ནས་རིང་པོར་མ་ལོན་པར་འབྱུང་བ་ཆེན་པོ་མ་སྙོམས་པར་གྱུར་ནས་དེ་བཅོམ་ལྡན་འདས་ལ་སེམས་དགའ་བཞིན་དུ་ཤི་འཕོས་

ཏེ་དུས་ལས་འདས་ནས་ལྷ་ཡུལ་དུ་སྐྱེས་སོ། །ལྷའི་བུའམ་ལྷའི་བུ་མོ་སྐྱེས་མ་ཐག་པ་ནི་ཆོས་ཉིད་ཀྱིས་སེམས་རྣམ་པ་གསུམ་སྐྱེ་བར་འགྱུར་ཏེ། གང་ནས་ཤི་འཕོས་གང་དུ་སྐྱེས་ལས་གང་གིས་སྐྱེས་སྙམ་མོ། །དེ་ནས་བཅོམ་འདས་ལ་ཀོ་ཤ་ཏ་ཀའི་མེ་ཏོག་གིས་གཏོར་ཏེ་དེ་ལ་

སེམས་དགའ་བར་གྱུར་པར་དེས་མཐོང་ནས་བསམས་པ། བདག་ཞག་ལོན་ནས་གཟོད་བཅོམ་ལྡན་འདས་ལ་བལྟ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་འགྲོ་བ་ནི་བདག་གི་ཆ་མ་ཡིན་གྱིས་བདག་ཞག་མ་ལོན་པར་བཅོམ་ལྡན་འདས་ལ་བལྟ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་འགྲོའོ་སྙམ་མོ། །

เล่ม ๗๓ · หน้า 81a

དེ་ནས་རྣ་ཆ་གདུབ་ཀོར་དག་ཅིང་འགུལ་བ་ཐོགས་པ་ལུས་དོ་ཤལ་དང་སེ་མོ་དོས་བརྒྱན་པ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་ཅོད་པན་ཅན་ལུས་གུར་གུམ་དང་ཏ་མ་ལའི་ལོ་མ་དང་། སྤྲྀ་ཀ་ལ་སོགས་པས་བྱུགས་པ། ཁ་དོག་འཕགས་པ་དེས་

དེ་ཉིད་ཀྱི་མཚན་མོ་ལྷའི་མེ་ཏོག་ཨུད་པ་ལ་དང་། པད་མ་དང་ཀུ་མུ་ད་དང་། པད་མ་དཀར་པོ་དང་། མན་དཱ་ར་བ་རྣམས་ཀྱིས་ཐུ་བ་བཀང་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་ཨུད་པ་ལ་དང་པད་མ་དང་ཀུ་མུ་ད་དང་

པད་མ་དཀར་པོ་དང་མན་དཱ་ར་བ་རྣམས་ཀྱིས་གཏོར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་ཁམས་དང་།

རང་བཞིན་དང་ཤེས་པ་ཐུགས་སུ་ཆུད་ནས། དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་ལྷ་མོ་དེས་སྟན་དེ་ཁོ་ན་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་

བདེན་པ་མཐོང་ནས་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་དགེ་སློང་སྲོད་དང་ཐོ་རངས་མི་ཉལ་བར་བརྩོན་པ་ལྷུར་བྱེད་པ་

ལ་གནས་པ་རྣམས་ཀྱིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་མཐོང་ནས་བསམས་པ། ཅི་མདང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ་ལྷའི་དབང་པོ་བརྒྱ་བྱིན་ནམ། རྒྱལ་པོ་ཆེན་པོ་བཞི་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འོངས་སམ་སྙམ་

ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ན་བདག་ཅག་དགེ་སློང་མང་པོ་སྲོད་དང་ཐོ་རངས་མི་ཉལ་བར་བརྩོན་པ་ལྷུར་བགྱིད་པ་ལ་

เล่ม ๗๓ · หน้า 81b

གནས་པ་རྣམས་ཀྱིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་མཐོང་ལགས་ན་བཙུན་པ་ཅི་ལགས། མདང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ་ལྷའི་དབང་པོ་བརྒྱ་བྱིན་ནམ་རྒྱལ་པོ་ཆེན་པོ་བཞི་བཅོམ་ལྡན་འདས་ལ་བལྟ་བའི་སླད་དུ་མཆིས་ལགས་སམ།

དགེ་སློང་དག་མདང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ་ལྷའི་དབང་པོ་བརྒྱ་བྱིན་ནམ་རྒྱལ་པོ་ཆེན་པོ་བཞི་ང་ལ་བལྟ་བའི་ཕྱིར་འོངས་པ་མ་ཡིན་ཏེ། བ་ལང་རྫི་མོ་གང་གིས་ཀོ་ཤ་ཏ་ཀའི་མེ་ཏོག་གིས་ང་ལ་མཆོད་དེ་ངའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ང་ལས་ཆོས་ཐོས་ཏེ་སོང་

བ་གང་ཡིན་པ་དེ་ཁྱོད་ཀྱིས་མཐོང་ངམ། བཅོམ་ལྡན་འདས་མཐོང་ལགས་སོ། །དེ་ནི་སོང་ནས་རིང་པོར་མ་ལོན་པར་ང་ལ་སེམས་དགའ་བཞིན་དུ་ཤི་འཕོས་ཏེ། དུས་ལས་འདས་ནས་ལྷ་ཡུལ་དུ་སྐྱེས་ཏེ་ལྷ་མོར་གྱུར་ནས་ངའི་ཐད་དུ་འོངས་པ་དེ་ལ་ངས་ཆོས་བསྟན་ཏེ། དེས་ང་ལས་

ཆོས་ཐོས་ནས་བདེན་པ་མཐོང་སྟེ་བདེན་པ་མཐོང་ནས་རང་གི་གནས་སུ་སོང་ངོ་། །བཙུན་པ་བ་ལང་རྫི་མོ་དེས་ལས་ཅི་བགྱིས་ན་ལས་དེས་བ་ལང་རྫི་དབུལ་པོའི་རིགས་སུ་སྐྱེས་ལགས། ལས་ཅི་བགྱིས་ན་འདི་ནས་ཤི་འཕོས་ཏེ་ལྷའི་ཡུལ་དུ་སྐྱེས་ལགས། ལས་གང་གིས་ནི་

བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ། མི་མཉེས་པར་མ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདས་པའི་ལས་ཀྱི་ཤས་ཀྱང་ཡོད་དོ། །ད་ལྟར་བྱུང་བའི་ལས་ཀྱི་ཤས་ཀྱང་ཡོད་དོ། །འདས་པའི་ལས་ཅི་བགྱིས་ལགས།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡར་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་རབ་ཏུ་བྱུང་སྟེ། དགེ་སློང་མར་གྱུར་པ་ན་འཐབ་ཀྲོལ་ཅན་ཁ་ཚས་ངན་པར་གྱུར་ཏེ་ཁྲོས་ནས། དགེ་སློང་མ་མང་པོ་ཞིག་ལ་བ་ལང་རྫི་མོ་ཞེས་བྱ་བའི་ཚིག་སྨྲས་ནས། དེ་

དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཀར་འགྱོད་པ་སྐྱེས་ཏེ་སྨོན་ལམ་བཏབ་པ། འདི་ལྟར་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ཅི་ཡང་མ་ཐོབ་ཀྱིས། ཡང་དག་པར་རྫོགས་པའི་

เล่ม ๗๓ · หน้า 82a

སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །བདག་གིས་དགེ་སློང་མ་རྣམས་ལ་ཚིག་རྩུབ་པོ་སྨྲས་པའི་ལས་དེའི་འབྲས་བུ་

བདག་ལ་རྣམ་པར་སྨིན་པར་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས་དེའི་ཚེ་དགེ་སློང་མར་གྱུར་པ་གང་ཡིན་པ་དེ་ནི་བ་ལང་རྫི་མོ་དེ་ཉིད་ཡིན་ཏེ། དེས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་

འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་

མཉམ་པ་དང་ཤུགས་མཉམ་པ་དང་མཛད་པ་མཉམ་པ་དང་ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་པ་འདི་ནི་འདས་པའི་ལས་ཡིན་ནོ། །ད་ལྟར་བྱུང་བའི་ལས་གང་ཞེ་ན། བ་ལང་རྫི་མོར་གྱུར་པ་དེས་ཀོ་ཤ་ཏ་ཀའི་མེ་ཏོག་གིས་ང་

ལ་མཆོད་པ་བྱས་པ་དང་ང་ལ་སེམས་དགའ་བར་གྱུར་པ་དེས་ནི་ལྷ་ཡུལ་དུ་སྐྱེས་ཏེ། དགེ་སློང་དག་འདི་ནི་ད་ལྟར་བྱུང་བའི་ལས་ཡིན་ནོ། །བཙུན་པ་བ་ལང་རྫི་འདི་རྣམས་ཀྱིས་ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་བ་ལང་རྫི་དབུལ་པོའི་རིགས་སུ་སྐྱེས་ལགས། ལས་ཅི་

བགྱིས་ན་ལས་དེས་འདི་རྣམས་ཀྱིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་

པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་འདི་དག་ཐམས་ཅད་རབ་ཏུ་བྱུང་སྟེ། དགེ་སློང་འཐབ་ཀྲོལ་ཅན་ཁ་ཚས་ངན་པར་གྱུར་ནས། དེར་དེ་དག་ཁྲོས་ནས་དགེ་སློང་མང་པོ་ཞིག་ལ་བ་ལང་རྫི་ཞེས་བྱ་བའི་ཚིག་སྨྲས་ལ། དེར་དེ་དག་གིས་ཚེ་གཅིག་

เล่ม ๗๓ · หน้า 82b

ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་ཅག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་

ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག །བདག་ཅག་གིས་དགེ་སློང་མང་པོ་ལ་བ་ལང་རྫི་ཞེས་བྱ་བའི་ཚིག་སྨྲས་པའི་ལས་དེའི་འབྲས་བུ་བདག་ཅག་ལ་སྨིན་པར་མ་གྱུར་ཅིག་ཅེས་བྱས་སོ། །

དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་རབ་ཏུ་བྱུང་བའི་དགེ་སློང་ལྔ་བརྒྱར་གྱུར་པ་གང་ཡིན་པ་དེ་དག་ནི་བ་ལང་རྫི་ལས་རབ་ཏུ་བྱུང་བའི་དགེ་སློང་ལྔ་བརྒྱ་པོ་འདི་རྣམས་ཡིན་ཏེ། དེ་དག་གིས་དེར་རབ་ཏུ་བྱུང་ནས་འཆི་

ཀར་སྨོན་ལམ་བཏབ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་ཅག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་

ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་ཤུགས་མཉམ་པ་དང་མཛད་པ་མཉམ་པ་དང་ཐབས་མཉམ་

པ་བརྙེས་པར་གྱུར་ནས། འདི་རྣམས་ཀྱིས་ང་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་ལ་ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེར་དེ་དག་ཁྲོས་པས་དགེ་སློང་མང་པོ་ལ་བ་ལང་རྫི་ཞེས་

བྱ་བའི་ཚིག་སྨྲས་པ་དང་སྦྱིན་པ་ཡང་མ་བྱིན་པ་དེས་ནི་བ་ལང་རྫི་དབུལ་པོ་གཞན་གྱི་ཚལ་ཟ་བར་བྱེད་པས་འཚོ་བར་གྱུར་ཏོ།། །།མཛའ་སྡེ་རྣམས་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་མཛའ་སྡེ་བོ་ལྔ་བརྒྱ་ཙམ་འཁོད་

เล่ม ๗๓ · หน้า 83a

པ་རྣམས། དུས་དུས་སུ་མེ་ཏོག་གང་རྒྱས་པར་དེ་དག་ལོངས་སྤྱད་པའི་ཕྱིར་སྐྱེད་མོས་ཚལ་གྱི་ནང་དུ་སོང་ནས་རོལ་མོ་བྱེད་དེ། རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་ནས་ཕྱི་ཞིག་ན་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་།

པད་མ་དཀར་པོ་རྣམས་རྒྱས་པར་གྱུར་ནས། དེ་དག་ལོངས་སྤྱད་པར་བྱ་བའི་ཕྱིར་དེ་དག་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ། མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་རྣམས་ཀྱིས་ཕྲེང་བ་དང་། ཐོད་དང་། རྣ་རྒྱན་དང་། ཆུན་པོ་

རྣམས་རྒྱན་དུ་ཐོགས་ཤིང་ཨུད་པ་ལ་ཆང་པ་རེ་རེ་ཐོགས་ནས། སིལ་སྙན་སྣ་ཚོགས་དང་། ཕེག་རྡོབ་ཅིང་མཉན་དུ་ཡོད་པ་ནས་བྱུང་སྟེ། སྐྱེད་མོས་ཚལ་གྱི་ནང་དུ་ཆས་སོ། །བཅོམ་ལྡན་འདས་ཀྱང་དེ་དག་ལ་ཐུགས་བརྩེ་བའི་ཕྱིར་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་

ཏེ། ལྷུང་བཟེད་བསྣམས་ནས་མཉན་དུ་ཡོད་པར་བསོད་སྙོམས་ལ་གཤེགས་པ་དང་། མཛའ་སྡེ་བོ་དེ་དག་གིས་ཐག་རིང་པོ་ཞིག་ནས། སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་ཅིང་སྤ་བར་བྱས་པ། མེ་ལུས་ཀྱི་

དབྱིབས་སུ་འདུག་པ་ལྟ་བུ། མེ་ལྕེ་མར་གྱིས་བཏབ་པ་ལྟ་བུ། མར་མེ་གསེར་གྱི་སྣོད་དུ་བཞག་པ་ལྟ་བུ། མཆོད་སྡོང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ལྟ་བུ། བློ་གསལ་ཞིང་དྲི་མ་མེད་ལ་རྣམ་པར་དག་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ་། །མཐོང་ནས་

ཀྱང་དེ་དག་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བ་སྐྱེས་སོ། །དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ཨུད་པ་ལ་དང་པད་མ་དང་ཀུ་མུ་ད་དང་པད་མ་དཀར་པོ་རྣམས་ཀྱིས་གཏོར་ནས།

སིལ་སྙན་དང་། ཕེག་རྡོབ་བཞིན་དུ་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་དོང་ངོ་། །དེའི་སྐབས་སུ་བཅོམ་ལྡན་འདས་འཛུམ་པ་མཛད་དེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེའི་ཚེ་ཞལ་ནས་འོད་ཟེར་སྔོན་

เล่ม ๗๓ · หน้า 83b

པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་བྱུང་ནས། ཁ་ཅིག་ནི་འོག་ཏུ་འགྲོའོ། །ཁ་ཅིག་ནི་སྟེང་དུ་འགྲོའོ། །འོག་ཏུ་འགྲོ་བ་གང་ཡིན་པ་དེ་དག་ནི་སེམས་ཅན་དམྱལ་བ་ཡང་སོས་དང་། ཐིག་ནག་དང་། བསྡུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་

ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པ་དང་། ཆུ་བུར་ཅན་དང་། ཆུ་བུར་རྡོལ་དང་། སོ་ཐམས་ཐམས་དང་། ཀྱི་ཧུད་ཟེར་བ་དང་། ཨ་ཆུ་ཟེར་བ་དང་། ཨུད་པ་ལ་ལྟར་གས་པ་དང་། པད་མ་ལྟར་གས་པ་དང་། པད་མ་ལྟར་གས་པ་ཆེན་པོར་སོང་ནས།

ཚ་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་བསིལ་བར་གྱུར་ཏེ་འབབ་བོ། །གྲང་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་དྲོ་བར་གྱུར་ཏེ་འབབ་བོ། །དེས་ན་སེམས་ཅན་དེ་དག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ། །དེ་ནས་དེ་དག་འདི་

སྙམ་དུ་སེམས་ཏེ། ཀྱེ་ཅི་བདག་ཅག་འདི་ནས་ཤི་འཕོས་སམ་འོན་ཏེ་གཞན་དུ་སྐྱེས་སམ་སྙམ་མོ། །དེ་ནས་དེ་དག་དད་པ་སྐྱེད་པའི་ཕྱིར་བཅོམ་ལྡན་འདས་སྤྲུལ་པ་འགྱེད་པར་མཛད་དེ། དེ་དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། ཀྱེ་བདག་ཅག་ནི་འདི་ནས་ཀྱང་

ཤི་འཕོས་པར་མ་གྱུར་ལ། གཞན་དུ་ཡང་མ་སྐྱེས་མོད་ཀྱི་འོན་ཀྱང་སྔོན་མ་བྱུང་བའི་སེམས་ཅན་སྣང་བ་འདིའི་མཐུས། བདག་ཅག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ་སྙམ་མོ། །དེ་ནས་དེ་དག་སྤྲུལ་པ་དེ་ལ་སེམས་མངོན་པར་དགའ་བར་གྱུར་ནས། སེམས་

ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་ཟད་དེ་ལྷ་དང་། མི་རྣམས་ཀྱི་ནང་དུ་གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་དེར་ཉིང་མཚམས་འཛིན་པར་འགྱུར་རོ། །སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་པ་

རྣམས་དང་། འཐབ་བྲལ་རྣམས་དང་། དགའ་ལྡན་རྣམས་དང་། འཕྲུལ་དགའ་རྣམས་དང་། གཞན་འཕྲུལ་དབང་བྱེད་རྣམས་དང་། ཚངས་རིས་རྣམས་དང་། ཚངས་པའི་མདུན་ན་འདོན་པ་རྣམས་དང་། ཚངས་པ་ཆེན་པོ་རྣམས་དང་། འོད་ཆུང་རྣམས་

เล่ม ๗๓ · หน้า 84a

དང་ཚད་མེད་འོད་རྣམས་དང་། འོད་གསལ་རྣམས་དང་། དགེ་ཆུང་རྣམས་དང་། ཚད་མེད་དགེ་རྣམས་དང་། དགེ་རྒྱས་རྣམས་དང་། སྤྲིན་མེད་རྣམས་དང་། བསོད་ནམས་སྐྱེས་རྣམས་དང་། འབྲས་བུ་ཆེ་རྣམས་དང་། མི་ཆེ་རྣམས་དང་། མི་གདུང་

རྣམས་དང་། གྱ་ནོམ་སྣང་རྣམས་དང་། ཤིན་ཏུ་མཐོང་རྣམས་དང་། འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སོང་ནས་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་སྒྲ་སྒྲོགས་སོ། །ཚིགས་སུ་བཅད་པ་གཉིས་ཀྱང་རྗོད་པར་བྱེད་དེ། ངེས་པར་

འབྱུང་བ་བརྩམ་པར་གྱིས། །སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས། །གང་ཞིག་ཆོས་འདུལ་འདི་ཉིད་ལ། །བག་ཡོད་སྤྱོད་པར་བྱེད་པ་ནི། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །

སྡུག་བསྔལ་ཟད་པར་བྱེད་པར་འགྱུར། །ཞེས་རྗོད་པར་བྱེད་དོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས། བཅོམ་ལྡན་འདས་ཀྱི་ཕྱི་བཞིན་འབྲང་སྟེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་

བཞེད་ན་ནི་བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི་མདུན་ལོགས་སུ་མི་སྣང་བར་འགྱུར་རོ། །སེམས་ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །དུད་འགྲོར་སྐྱེ་བར་

ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་རྟིང་པར་མི་སྣང་བར་འགྱུར་རོ། །ཡི་དགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་པུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་སྒྱུར་

བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི་ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི་ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ལྟེ་བར་མི་སྣང་བར་འགྱུར་རོ། །

เล่ม ๗๓ · หน้า 84b

ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་ཞལ་དུ་མི་སྣང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་དབུའི་

གཙུག་ཏོར་དུ་མི་སྣང་བར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ། བཅོམ་

ལྡན་འདས་ལ་ཞུས་པ། ཚོན་སྣ་སྟོང་གིས་སྤེལ་བ་སྣ་ཚོགས་ཅན། །མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། །དེ་ཡིས་ཕྱོགས་རྣམས་ཀུན་དུ་སྣང་བར་བགྱིས། །ཉི་མ་ཤར་བས་ཇི་ལྟར་བགྱིས་པ་བཞིན། །ཡང་ཚིགས་སུ་བཅད་དེ་གསོལ་པ། རྒོད་དང་

བྲལ་ཞིང་རྒྱགས་དང་མི་དགྱེས་སྤངས་པ་ཡི། །སངས་རྒྱས་འགྲོ་བ་དག་གི་དམ་པའི་རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུབ་རྣམས་ནི་རྒྱུ་རྐྱེན་མ་མཆིས་པར། །པད་མའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། །བརྟན་པོ་ཉིད་ཀྱི་བློ་ཡིས་དུས་བབ་མཁྱེན་ལགས་ན། །དགེ་

སྦྱོང་རྒྱལ་དབང་ཉན་པ་སོམ་ཉི་འཚལ་བ་རྣམས། །ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་བརྟན་པ་དང་། །བཟང་པོ་དག་གིས་ཐེ་ཚོམ་སྐྱེས་པ་བསལ་བར་གསོལ། །རྒྱ་མཚོ་དང་ནི་རི་རྒྱལ་ལྟ་བུར་བརྟན་པ་ཡི། །མགོན་པོ་རྫོགས་སངས་རྒྱས་རྣམས་གྱིན་ད་འཛུམ་མི་

སྟོན། །གང་གི་དོན་དུ་དཔའ་བོ་འཛུམ་པ་སྟོན་མཛད་པ། །དེ་ནི་ཁྱོད་ལ་སྐྱེ་བོ་ཕལ་ཆེན་ཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་

པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ་ཁྱོད་ཀྱིས་མཛའ་སྡེ་བོ་འདི་དག་གིས་ང་ལ་འདི་ལྟ་བུའི་བཀུར་སྟི་བྱས་པ་མཐོང་ངམ། བཙུན་པ་མཐོང་ལགས་སོ། །ཀུན་དགའ་བོ་མཛའ་སྡེ་བོ་འདི་དག་དགེ་

เล่ม ๗๓ · หน้า 85a

བའི་རྩ་བ་དང་སེམས་བསྐྱེད་པ་དང་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས། བསྐལ་པ་བཅུ་གསུམ་གྱི་བར་དུ་ལོག་པར་ལྟུང་བར་མི་འགྱུར་ཏེ། བསྐལ་པ་བཅུ་གསུམ་གྱི་བར་དུ་ལྷ་དང་མི་རྣམས་ཀྱི་ནང་དུ་ཉིང་མཚམས་སྦྱོར་ཞིང་འཁོར་བར་གྱུར་ནས། སྲིད་

པ་ཐ་མ་དང་། གནས་ཐ་མ་ལ་མིར་སྐྱེ་བ་ཐོབ་ནས། རབ་ཏུ་བྱུང་སྟེ་སློབ་དཔོན་མེད་པ་དང་། ལུང་མེད་པར་བྱང་ཆུབ་ཀྱི་ཕྱོགས་དང་འཐུན་པའི་ཆོས་སུམ་ཅུ་རྩ་བདུན་མངོན་དུ་བྱས་ནས། རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་བྱེད་པར་འགྱུར་ཏེ། ཐམས་

ཅད་ཀྱང་རང་སངས་རྒྱས་སྨོན་པ་མེད་པ་ཞེས་བྱ་བ་ཤ་སྟག་ཏུ་འགྱུར་ཏེ། འདི་ནི་དེ་དག་གི་སྦྱིན་པར་བྱ་བའི་ཆོས་ཡིན་ནོ། །དེ་ནས་དགེ་སློང་དག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཕྲིན་ལས་ཅི་མཛད་ན། ལས་དེའི་

རྣམ་པར་སྨིན་པས་མཛའ་སྡེ་བོ་ལྔ་བརྒྱས་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དག་གིས་འདི་ལྟར་བཀུར་སྟི་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་པ་ཉིད་ཀྱིས་ལས་

དེ་ལྟ་བུ་བྱས་ཤིང་བསགས་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་

བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་

བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་གྲངས་མེད་པ་གཉིས་ལ་བབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་

เล่ม ๗๓ · หน้า 85b

བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་མར་མེ་མཛད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ལྗོངས་རྒྱུ་ཞིང་གཤེགས་པ་ལས། རྒྱལ་

པོའི་ཕོ་བྲང་མར་མེ་ལྡན་ཞེས་བྱ་བར་བྱོན་ཏོ། །དེའི་ཚེ་རྒྱལ་པོའི་ཕོ་བྲང་མར་མེ་ལྡན་ན་རྒྱལ་པོ་མར་མེ་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་། མི་མང་པོས་གང་

བ་དང་། རྩོད་པ་དང་། འཐབ་པ་ཞི་བ་དང་། འཁྲུག་པ་དང་། ནང་འཁྲུག་དང་། ཆོམ་རྐུན་དང་། ནད་དང་། མུ་གེ་མེད་པ་དང་། འབྲས་སཱ་ལུ་དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་

མེད་ཅིང་ཚེར་མ་དཀྲུགས་ལ་བུ་གཅིག་པ་སྡུག་པ་ལ་བྱ་བ་བཞིན་དུ་རྒྱལ་སྲིད་བྱེད་དོ། །དེ་ནས་རྒྱལ་པོ་མར་མེས་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་གྲོང་ཁྱེར་གྱི་ནང་དུ་ཞབས་ས་ལ་རེག་པར་བྱ་བའི་ཕྱིར་སྤྱན་དྲངས་ནས། རྒྱལ་པོ་མར་མེའི་འདབ་

ན་རྒྱལ་པོ་ནོར་ཅན་གྱི་བུ་ཞེས་བྱ་བ་འདུག་པ་དེ་ལ་དེས་ཕོ་ཉ་བཏང་སྟེ། ངས་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་གྲོང་ཁྱེར་གྱི་ནང་དུ་ཞབས་ས་ལ་རེག་པར་བྱ་བའི་ཕྱིར་སྤྱན་དྲངས་ཏེ། དེ་ལ་མཆོད་པ་བྱ་དགོས་ཀྱིས་ཤོག་ཅིག་ཅེས་སྤྲིང་ངོ་། །དེའི་ཚེ་

རྒྱལ་པོ་ནོར་ཅན་གྱི་བུས་ཀྱང་ལོ་བཅུ་གཉིས་ཀྱི་བར་དུ་མཆོད་སྦྱིན་བྱས་ནས། མཆོད་སྦྱིན་གྱི་མཇུག་ཏུ་འདི་ལྟ་སྟེ། གསེར་གྱི་འཁར་བ་དང་། གསེར་གྱི་རིལ་བ་དང་། གསེར་གྱི་གཞོང་པ་དང་། རིན་པོ་ཆེ་སྣ་བཞིས་སྤྲས་པའི་མལ་ཁྲི་དང་། ཀཱརྵ་པ་ཎ་ལྔ་

བརྒྱ་དང་། བུ་མོ་རྒྱན་ཐམས་ཅད་ཀྱིས་བཀླུབས་པ་སྟེ་རབ་ཏུ་སྦྱིན་པ་ཆེན་པོ་ལྔ་དངར་ཏོ། །དེའི་ཚེ་ལྗོངས་གཞན་ཞིག་ན་བྲམ་ཟེའི་ཁྱེའུ་གཉིས་ཤིག་གནས་པ་དེ་གཉིས་ཀྱིས་མཁན་པོ་ལས་རིག་བྱེད་འདོན་པ་བསླབས་ཏེ། ཆོས་ལུགས་ཀྱི་མཁན་པོ་ལ་ཡང་མཁན་

เล่ม ๗๓ · หน้า 86a

པོའི་ཡོན་དབུལ་བ་དང་། སློབ་དཔོན་ལ་ཡང་སློབ་དཔོན་གྱི་ཡོན་དབུལ་དགོས་པར་ཤེས་ནས་སེམས་ཤིང་འདུག་གོ། །དེ་ནས་དེ་གཉིས་ཀྱིས་རྒྱལ་པོ་ནོར་ཅན་གྱི་བུས་མཆོད་སྦྱིན་གྱི་མཇུག་ཏུ་རབ་ཏུ་སྦྱིན་པ་ཆེན་པོ་ལྔ་བཤམས་ཏེ། བྲམ་ཟེ་གང་ཁ་ཏོན་རྫོགས་

པར་ལོབས་པ་དེ་དབང་ངོ་ཞེས་ཟེར་བ་ཐོས་ནས་དེ་གཉིས་ཀྱིས་བསམས་པ། བླང་བར་བྱ་བ་དེ་ལེན་དུ་དེར་འདོང་ན་བདག་ཅག་གཉིས་ཀྱི་ནང་ན་མང་དུ་ཐོས་པའི་རབ་དང་ཁ་ཏོན་ལོབས་པའི་རབ་གང་ཡིན་པ་ངེས་པར་བྱའོ་སྙམ་ནས། རྒྱལ་པོ་ནོར་ཅན་གྱི་བུའི་གྲོང་ཁྱེར་ཆེན་པོ་ག་ལ་

བ་དེར་ཆས་སོ། །རྒྱལ་པོ་དེ་ཡང་ལྷས་སྦྲན་ཏེ། བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོ་དང་བློ་གྲོས་ཞེས་བྱ་བ་གཉིས་འདིར་འོང་གིས། དེ་གཉིས་ཀྱི་ནང་ན་བློ་གྲོས་བཟང་པོ་ཞེས་བྱ་བ་དེ་ལ་རབ་ཏུ་སྦྱིན་པ་ཆེན་པོ་འདི་དག་ཕུལ་ཅིག་དང་། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ལོ་

བཅུ་གཉིས་ཀྱི་བར་དུ་མཆོད་སྦྱིན་བྱས་པ་དེའི་འབྲས་བུ་བས་བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོ་དེ་ལ་རབ་ཏུ་སྦྱིན་པ་ཆེན་པོ་བྱིན་པ་དེའི་འབྲས་བུ་ཆེས་ཆེའོ་ཞེས་བྱས་སོ། །དེ་ནས་རྒྱལ་པོ་དེས་བསམས་པ། དེ་གཉིས་ཀྱི་ཕྱིར་ལྷས་ཀྱང་སྦྲན་པ་ལས་ན་དེ་གཉིས་ནི་བདག་ཉིད་ཆེ་བ་

ཡིན་གོར་མ་ཆག་སྙམ་མོ། །དེ་ནས་རྒྱལ་པོ་དེས་ཐག་རིང་པོ་ཞིག་ནས་བྲམ་ཟེའི་ཁྱེའུ་བྱད་བཞིན་བཟང་ཞིང་མཛེས་པ་དེ་གཉིས་འོང་བ་མཐོང་ངོ་། །དེ་གཉིས་ཀྱང་མཆོད་སྦྱིན་བྱེད་པའི་གནས་དེར་འོངས་ནས་བྲམ་ཟེའི་གྲལ་དུ་སྐབས་བྱེ་བའི་སར་སྟན་ལ་འདུག་གོ། །དེ་

ནས་རྒྱལ་པོ་ནོར་ཅན་གྱི་བུས་དེ་གཉིས་མཐོང་ནས་བསམས་པ། བདག་ལ་ལྷས་སྦྲན་པའི་བློ་གྲོས་བཟང་པོ་ཞེས་བྱ་བ་དེ་ནི་འདི་ཡིན་གོར་མ་ཆག་སྙམ་ནས། རྒྱལ་པོ་དེ་གྲལ་དཔོན་གྱི་མདུན་དུ་སོང་སྟེ། བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོ་ལ་དྲིས་པ། ཁྱོད་བློ་

གྲོས་བཟང་པོ་ཡིན་ནམ་དེས་སྨྲས་པ་ང་ཡིན་ནོ། །དེ་ནས་རྒྱལ་པོ་ནོར་ཅན་གྱི་བུས་བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོ་གྲལ་དཔོན་དུ་བཞག་སྟེ་ཟན་བྱིན་ནས། རབ་ཏུ་སྦྱིན་པར་བྱ་བ་ཆེན་པོ་རྣམ་པ་ལྔ་པོ་དེ་དག་བྱིན་པ་ལས། བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོས་རབ་ཏུ་སྦྱིན་

เล่ม ๗๓ · หน้า 86b

པ་ཆེན་པོས་གསེར་གྱི་འཁར་བ་དང་རིལ་བ་ལ་སོགས་པ་བཞི་ནི་བླངས་རབ་ཏུ་སྦྱིན་པའི་ནང་ནས་བུ་མོ་གཅིག་པུ་ནི་མ་བླངས་ཏེ། བདག་ནི་ཚངས་པར་སྤྱོད་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནས་བུ་མོ་དེས་བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོ་བྱད་བཞིན་བཟང་ཞིང་མཛེས་པ་མཐོང་ནས།

ཆགས་ཤིང་སྙིང་དུ་སྡུག་པར་གྱུར་ཏེ། ཁྱེའུ་བློ་གྲོས་བཟང་པོ་དེ་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་བདག་བཞེས་ཤིག །དེས་སྨྲས་པ། བདག་གིས་བླང་དུ་མི་རུང་ངོ་། །དེ་ནས་བུ་མོ་དེ་རྒྱལ་པོས་ཀྱང་རབ་ཏུ་སྦྱིན་པའི་བསམ་པས་ཡོངས་སུ་བཏང་སྟེ། ཕྱིར་མ་ཁྱེར་ལ་བྲམ་

ཟེའི་ཁྱེའུ་བློ་གྲོས་བཟང་པོས་ཀྱང་མ་བླངས་ནས། རྒྱལ་པོ་མར་མེའི་གྲོང་ཁྱེར་མར་མེ་ལྡན་དུ་སོང་ངོ་། །དེ་དེར་སོང་ནས་རང་གི་རྒྱན་རྣམས་ལུས་ལས་བཀྲོལ་ཏེ། མེ་ཏོག་ཕྲེང་བ་རྒྱུད་པ་ལ་བྱིན་ནས། རྒྱན་འདི་རིན་ཆེ་བ་ཡིན་གྱིས་ང་ལ་ཉིན་གཅིག་བཞིན་དུ་ལྷའི་མཆོད་

པར་ཨུད་པ་ལ་སྔོན་པོ་བྱིན་ཅིག་ཅེས་བྱས་སོ། །དེ་ནས་དེས་དེའི་ལུང་བཞིན་དུ་གསེར་གྱི་རྒྱན་དེ་བྱིན་ཏེ་ལྷའི་རིམ་གྲོ་བྱེད་པར་གྱུར་ཏོ། །བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོ་དེ་ཡང་རབ་ཏུ་སྦྱིན་པ་ཆེན་པོ་བཞི་པོ་དེ་དག་ཁྱེར་ཏེ་མཁན་པོའི་ཐད་དུ་སོང་ངོ་། །སོང་ནས་ཀྱང་རབ་ཏུ་

སྦྱིན་པ་ཆེན་པོ་རྣམ་པ་བཞི་པོ་དེ་དག་མཁན་པོ་ལ་ཕུལ་ལོ། །མཁན་པོས་ཀྱང་དེ་རྣམས་ཀྱི་ནང་ནས་རྣམ་པ་གསུམ་ནི་བླངས་ཀཱར་ཥཱ་པ་ཎ་ལྔ་བརྒྱ་ནི་བློ་གྲོས་བཟང་པོ་དེ་ཉིད་ལ་བྱིན་ནོ། །བློ་གྲོས་བཟང་པོས་ཀྱང་དེ་ཁོ་ནའི་ནུབ་མོ་རྨི་ལམ་རྣམ་པ་བཅུ་རྨིས་ཏེ། རྒྱ་མཚོ་ཆེན་པོ་བཏུང་ངོ་

སྙམ་པ་དང་། ནམ་མཁའ་ལ་འགྲོའོ་སྙམ་པ་དང་། ཉི་མ་དང་ཟླ་བ་མཐུ་ཆེ་བ་འདི་གཉིས་ལག་པས་རེག་ཅིང་གཟུང་བར་བྱའོ་སྙམ་པ་དང་། རྒྱལ་པོ་རྣམས་ཤིང་ཁྱེར་དུ་གཞུག་གོ་སྙམ་པ་དང་། དྲང་སྲོང་རྣམས་དང་། གླང་པོ་ཆེ་དཀར་པོ་རྣམས་དང་། ངང་པ་རྣམས་

དང་། སེང་གེ་རྣམས་དང་། བྲག་ཆེན་པོ་ལ་བཞོན་པར་བྱའོ་སྙམ་སྟེ། དེས་རྨི་ལམ་དེ་རྣམས་རྨིས་ནས་སད་དོ། །སད་ནས་དེས་བསམས་པ། བདག་གི་རྨི་ལམ་འདི་རྣམས་ལུང་སྟོན་ནུས་པ་སུ་ཡོད་སྙམ་མོ། །དེ་ནས་ཐག་མི་རིང་བ་ཞིག་ན་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด