ལས་བརྒྱ་ཐམ་པ་པ

ชื่อสันสกฤต (อักษรทิเบต ตามตัวบท) ཀརྨ་ཤ་ཏ་ཀ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๗๓ · หน้า 87a

ལྡན་པ་ཞིག་གནས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོ་ཐེ་ཚོམ་གཅད་པའི་ཕྱིར། དྲང་སྲོང་དེའི་ཐད་དུ་སོང་ནས་བློ་གྲོས་བཟང་པོས་དྲང་སྲོང་དེ་ལ་ཀུན་དུ་དགའ་བའི་གཏམ་བྱས་ནས་རྨི་ལམ་དེ་རྣམས་བསྙད་དེ། ཁྱོད་ཀྱིས་རྨི་ལམ་རྣམ་པ་བཅུ་

པོ་འདི་རྣམས་ཀྱི་དོན་ངེས་པར་གྱིས་ཤིག་ཅེས་བྱས་སོ། །དེ་ནས་དྲང་སྲོང་དེས་སྨྲས་པ། བདག་གིས་རྨི་ལམ་འདི་རྣམས་ལུང་སྟོན་མི་ནུས་ཀྱིས་རྒྱལ་པོའི་ཕོ་བྲང་མར་མེ་ལྡན་དུ་སོང་ཤིག་དང་། དེ་ན་རྒྱལ་པོ་མར་མེས་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་

ཞབས་ས་ལ་རེག་པར་བྱ་བའི་ཕྱིར། གྲོང་ཁྱེར་གྱི་ནང་དུ་སྤྱན་དྲངས་ཏེ། དེས་རྨི་ལམ་འདི་རྣམས་ལུང་སྟོན་པར་འགྱུར་རོ་ཞེས་བྱས་སོ། །དེ་ནས་རྒྱལ་པོ་ནོར་ཅན་གྱི་བུ་དེས་རྒྱལ་པོ་མར་མེས་སྤྲིང་བ་བཞིན་དུ་མཉན་ཏེ། བློན་པོ་བརྒྱད་ཁྲིས་ཞབས་འབྲིང་བྱས་ནས་རྒྱལ་པོའི་

ཕོ་བྲང་མར་མེ་ལྡན་དུ་ཕྱིན་ཏོ། །རྒྱལ་པོ་མར་མེས་ཀྱང་ཞག་བདུན་ལོན་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཞབས་ས་ལ་རེག་པར་བྱ་བའི་ཕྱིར། གྲོང་ཁྱེར་གྱི་ནང་དུ་སྤྱན་དྲང་བར་བྱའོ་སྙམ་སྟེ། ཡུལ་དང་གྲོང་ཁྱེར་ཐམས་ཅད་ནས་མེ་ཏོག་ཐམས་ཅད་བསྡུས་

སོ། །དེར་གང་གི་ཉིན་པར་རྒྱལ་པོ་མར་མེས་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཞབས་ས་ལ་རེག་པར་བྱ་བའི་ཕྱིར། གྲོང་ཁྱེར་གྱི་ནང་དུ་སྤྱན་འདྲེན་པ་དེའི་ཉིན་པར་བློ་གྲོས་བཟང་པོ་ཡང་དེར་འོངས་ནས། དེར་རྒྱལ་པོ་དེས་མེ་ཏོག་ཐམས་ཅད་བསྡུས་པར་གྱུར་ཏོ། །

བུ་མོ་ལྷའི་རིམ་གྲོ་བྱེད་པ་དེ་ཡང་མེ་ཏོག་ཕྲེང་བ་རྒྱུད་པའི་ཐད་དུ་སོང་ནས་ལྷའི་མཆོད་པ་བྱ་དགོས་ཀྱིས་བདག་ལ་ཨུད་པ་ལ་སྔོན་པོ་བྱིན་ཅིག་ཅེས་བྱས་སོ། །མེ་ཏོག་ཕྲེང་བ་རྒྱུད་པས་སྨྲས་པ། དེང་རྒྱལ་པོས་སངས་རྒྱས་སྤྱན་དྲང་བའི་ཕྱིར་མེ་ཏོག་ཐམས་ཅད་བསྡུས་སོ། །

དེས་སྨྲས་པ། མེ་ཏོག་གི་རྫིང་དེར་སོང་ལ་ཡང་ལྟོས་ཤིག་དང་གལ་ཏེ་བདག་གི་བསོད་ནམས་ཀྱིས་ཨུད་པ་ལ་སྔོན་པོ་མ་བཏོགས་པ་རྙེད་ཀྱང་སྲིད་དོ། །དེ་ནས་མེ་ཏོག་གི་རྫིང་དེར་བློ་གྲོས་བཟང་པོའི་བསོད་ནམས་ཀྱི་མཐུས་ཨུད་པ་ལ་སྔོན་པོ་བདུན་བྱུང་ངོ་། །

เล่ม ๗๓ · หน้า 87b

དེ་ནས་མེ་ཏོག་གི་ཕྲེང་བ་རྒྱུད་པ་དེ་སོང་ནས་དེས་མཐོང་ངོ་། །མཐོང་ནས་ཀྱང་བུ་མོ་དེས་མེ་ཏོག་ཕྲེང་བ་རྒྱུད་པ་ལ་སྨྲས་པ། ཨུད་པ་ལ་འདི་རྣམས་ཐོགས་ཤིག །མེ་ཏོག་ཕྲེང་བ་རྒྱུད་པས་སྨྲས་པ། བླ་ནས་བདག་ལ་གྱོད་རྨས་སུ་འོང་གིས་བདག་གིས་བཏོག་ཏུ་མི་རུང་ངོ་། །

དེ་ནས་དེས་སྨྲས་པ། ཁྱོད་ཀྱིས་སྔར་མེ་ཏོག་ཐམས་ཅད་བཏོགས་ཏེ། རྒྱལ་པོ་ལ་མ་ཕུལ་ལམ། མེ་ཏོག་ཕྲེང་བ་རྒྱུད་པས་སྨྲས་པ་ཕུལ་ལོ། །དེ་ནས་བུ་མོ་དེས་སྨྲས་པ། འདི་དག་ནི་བདག་གི་བསོད་ནམས་ལས་སྐྱེས་པ་ཡིན་གྱིས། འདི་རྣམས་ཐོགས་ལ་

བདག་ལ་བྱིན་ཅིག །མེ་ཏོག་ཕྲེང་བ་རྒྱུད་པས་སྨྲས་པ། བླ་ནས་མ་ཚོར་བར་འདི་དག་ཇི་ལྟར་ཁྱེར་བར་བྱ། བུ་མོས་སྨྲས་པ། བདག་གི་བསོད་ནམས་ཀྱི་མཐུ་ལས་བྱུང་བ་ཡིན་གྱིས་ཐོགས་ཤིག་དང་། བདག་གིས་ཆུའི་བུམ་པའི་ནང་དུ་བཅུག་སྟེ་ནང་དུ་བསྐུར་བར་

བྱའོ། །དེ་ནས་མེ་ཏོག་ཕྲེང་བ་རྒྱུད་པས་དེ་སྐད་ཅེས་ཐོས་ནས། དེ་དག་བཏོགས་ཏེ་བུ་མོ་དེ་ལ་བྱིན་ནོ། །དེས་ཀྱང་བླངས་ནས་ཆུའི་བུམ་པའི་ནང་དུ་བཅུག་སྟེ། བུམ་པ་དེ་ཆུས་བཀང་ནས་གྲོང་ཁྱེར་གྱི་ནང་དུ་ཆས་སོ། །བློ་གྲོས་བཟང་པོ་ཡང་གྲོང་ཁྱེར་གྱི་

ནང་དེར་ཕྱིན་ནས་དེས་བསམས་པ། བདག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པ་མི་བྱར་ག་ལ་རུང་སྙམ་སྟེ། དེས་མེ་ཏོག་ཕྲེང་བ་རྒྱུད་པའི་ཁྱིམ་རྣམས་བསྐོར་ཏེ། མེ་ཏོག་གོ་ཅོག་བཙལ་ན་མེ་ཏོག་གཅིག་ཀྱང་མ་རྙེད་དོ། །དེ་ནས་གྲོང་ཁྱེར་གྱི་ནུབ་

སྒོ་ནས་བྱུང་སྟེ། ཀུན་དགའ་ར་བ་ནས་ཀུན་དགའ་ར་བར་བསྐོར་ཏེ། མེ་ཏོག་རྣམས་བཙལ་ཀྱང་མེ་ཏོག་གཅིག་ཀྱང་མ་རྙེད་དོ། །དེ་ནས་འཁོར་འཁོར་ཏེ་སྐྱེད་མོས་ཚལ་དེར་ཕྱིན་ནས། བུ་མོ་དེ་ཡང་སྐྱེད་མོས་ཚལ་དེ་ནས་བྱུང་སྟེ། བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་

པོ་དང་ཐད་ཀར་ཕྲད་དོ། །དེ་ནས་བློ་གྲོས་བཟང་པོའི་བསོད་ནམས་ཀྱི་མཐུས་མེ་ཏོག་ཨུད་པ་ལ་དེ་དག་ཆུའི་བུམ་པ་དེའི་ནང་ནས་གྱེན་དུ་འཐོན་ཏོ། །དེ་ནས་བློ་གྲོས་བཟང་པོས་མེ་ཏོག་དེ་དག་མཐོང་ནས། བུ་མོ་དེ་ལ་སྨྲས་པ། ང་ལས་རིན་ཀཱར་ཥཱ་པ་ཎ་

เล่ม ๗๓ · หน้า 88a

ལྔ་བརྒྱ་ལོང་ལ་ཨུད་པ་ལ་འོ་ནི་རྣམས་ང་ལ་བྱིན་ཅིག །བུ་མོ་དེས་སྨྲས་པ། དེའི་ཚེ་ཁྱོད་ཀྱིས་བདག་བཞེས་སུ་མ་གནང་ན། ད་ཨུད་པ་ལ་རྣམས་བཞེད་དམ། བདག་མི་དབུལ་ལོ་ཞེས་དེ་སྐད་སྨྲས་ནས། ཡང་བྲམ་ཟེའི་ཁྱེའུ་བློ་གྲོས་

བཟང་པོ་ལ་སྨྲས་པ། འདི་རྣམས་ཀྱིས་ཅི་ཞིག་བགྱི། བློ་གྲོས་བཟང་པོས་སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པར་བྱའོ། །དེའི་འོག་ཏུ་བུ་མོ་དེས་སྨྲས་པ། བདག་ལ་ཀཱར་ཥཱ་པ་ཎ་ཅང་མི་འཚལ་གྱིས་གལ་ཏེ་ཁྱོད་ལ་ཨུད་པ་ལ་འདི་དག་ཕུལ་

བའི་འབྲས་བུས། ཚེ་རབས་ཐམས་ཅད་དུ་བདག་ཁྱོད་ཀྱི་བཙུན་མོར་འགྱུར་བར་བཞེད་དེ། གལ་ཏེ་སྦྱིན་པ་འདི་སྦྱིན་པ་ན་ཚེ་རབས་ཐམས་ཅད་དུ་ཁྱོད་བདག་གི་ཆུང་མར་གྱུར་ཅིག་ཅེས་དེ་སྐད་དུ་སྨོན་ལམ་འདེབས་ན་ནི། བདག་གིས་ཡེ་དབུལ་བར་འཚལ་ལོ། །

བློ་གྲོས་བཟང་པོས་སྨྲས་པ། ང་ནི་སྦྱིན་པ་ལ་དགའ་བ་ཡིན་ཏེ། བདག་གི་ཆུང་མ་དང་བུ་ཡང་ཡོངས་སུ་གཏོང་ལ། བདག་གི་ཤ་ཡང་ཡོངས་སུ་གཏོང་བར་བྱེད་དོ། །བུ་མོ་དེས་སྨྲས་པ། ཇི་སྨོན་ལམ་དེ་ལྟར་ཐོབ་ལ་སླད་ཀྱིས་སུ་ཅི་འདོད་པ་

དེ་ལ་བདག་སྩོལ་ཅིག །དེ་སྐད་ཅེས་སྨྲས་ནས། བུ་མོ་དེས་བློ་གྲོས་བཟང་པོ་ལ་ཨུད་པ་ལ་ལྔ་བྱིན་ནོ། །གཉིས་ནི་བདག་ཉིད་ཀྱིས་ཁྱེར་ནས་ཚིགས་སུ་བཅད་དེ་སྨྲས་པ། ཁྱོད་ཀྱིས་གང་དུ་སྨོན་པ་ཡི། །འདྲེན་པ་སངས་རྒྱས་བརྙེས་པ་དེར།

རྟག་ཏུ་འཐུན་པར་ཆོས་སྤྱོད་པའི། །ཁྱོད་ཀྱི་བཙུན་མོར་བདག་གྱུར་ཅིག །དེ་ནས་རྒྱལ་པོ་དེས་གྲོང་ཁྱེར་དེ་དག་ཐམས་ཅད་རྡོ་དང་། གསེག་མ་དང་། གྱོ་མོ་མེད་པར་བྱས་ནས། རྒྱལ་མཚན་དང་། བ་དན་དང་། རྟ་བབས་རྣམས་ནི་

བཙུགས། དར་གྱི་ལྡ་ལྡི་རྣམས་ནི་བྲེས། སྤོས་ཆབ་དང་། ཕྱེ་མ་རྣམས་ཀྱིས་ནི་གཏོར་ཏོ། །གྲོང་ཁྱེར་གྱི་སྒོ་ནས་གཙུག་ལག་ཁང་གི་བར་དུ་ཡང་རྡོ་དང་། གསེག་མ་དང་། གྱོ་མོ་རྣམས་མེད་པར་བྱས་ནས། རྒྱལ་མཚན་དང་། བ་དན་དང་།

เล่ม ๗๓ · หน้า 88b

རྟ་བབས་ནི་བཙུགས། དར་གྱི་ལྡ་ལྡི་ནི་བྲེས། སྤོས་ཆབ་དང་། ཕྱེ་མས་ནི་གཏོར་ཏོ། །རྒྱལ་པོ་དེ་ཉིད་ཀྱིས་ཀྱང་གདུགས་རྩིབས་བརྒྱ་པ་ཐོགས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་བསུའོ། །དེ་བཞིན་དུ་བློན་པོ་རྣམས་ཀྱིས་ཀྱང་བསུའོ། །དེ་

བཞིན་དུ་རྒྱལ་པོ་ནོར་ཅན་གྱི་བུ་བློན་པོ་དང་བཅས་པ་རྣམས་ཀྱིས་ཀྱང་བསུའོ། །དེ་ནས་རྒྱལ་པོས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་གྲོང་ཁྱེར་དུ་གཤེགས་སུ་གསོལ་ཞེས་གསོལ་བ་བཏབ་ནས། བཅོམ་ལྡན་

འདས་དེ་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ཏེ། གྲོང་ཁྱེར་ལོགས་སུ་ཆས་ཏེ་གཤེགས་སོ། །རྒྱལ་པོ་མར་མེ་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱི་སྟེང་དུ་གདུགས་རྩིབས་བརྒྱ་པ་ཐོགས་སོ། །དེ་བཞིན་དུ་བློན་པོ་རྣམས་དང་། རྒྱལ་པོ་

ནོར་ཅན་གྱི་བུ་བློན་པོ་དང་བཅས་པ་རྣམས་ཀྱང་གདུགས་ཐོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཅི་ནས་རེ་རེ་ནས་ད་བདག་ནི་བཅོམ་ལྡན་འདས་ཀྱི་གདུགས་ཐོགས་སོ། །སྙམ་དུ་སེམས་པར་འགྱུར་བ་དེ་ལྟ་བུར་རྫུ་འཕྲུལ་གྱི་བྱིན་གྱིས་བརླབས་སོ། །དེ་ནས་

བཅོམ་ལྡན་འདས་དེ་ལྟ་བུའི་མཛེས་པ་དང་ལྡན་པས་གྲོང་ཁྱེར་གྱི་སྒོར་གཤེགས་ནས། དེར་བཅོམ་ལྡན་འདས་ཀྱིས་ཆེད་དུ་མཛད་དེ། སྒོའི་ཐེམ་པ་ལ་ཞབས་བཞག་ནས། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་སྒོའི་ཐེམ་པ་ལ་ཞབས་བཞག་པ་དེ་ཁོ་ནའི་མོད་ལ་

ས་རྣམ་པ་དྲུག་ཏུ་གཡོས་ཏེ། འགུལ་རབ་ཏུ་འགུལ། ཀུན་དུ་རབ་ཏུ་འགུལ། ལྡེག་རབ་ཏུ་ལྡེག །ཀུན་དུ་རབ་ཏུ་ལྡེག་པར་གྱུར་ཏོ། །ཆོས་ཉིད་ཀྱིས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གང་གི་ཚེ་ཆེད་དུ་མཛད་དེ། སྒོའི་ཐེམ་པ་ལ་ཞབས་

འཇོག་པ་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་རྣམ་པ་སྣ་ཚོགས་འབྱུང་བར་འགྱུར་ཏེ། སྨྱོན་པ་རྣམས་ཀྱིས་ནི་རང་བཞིན་གྱིས་སེམས་ཐོབ་པར་འགྱུར་རོ། །ལོང་བ་རྣམས་ནི་མིག་གིས་མཐོང་བར་འགྱུར་རོ། །འོན་པ་རྣམས་ནི་རྣ་བས་ཐོས་པར་འགྱུར་རོ། །ལྐུགས་

เล่ม ๗๓ · หน้า 89a

པ་རྣམས་ནི་སྨྲ་ནུས་པར་འགྱུར་རོ། །འཕྱེ་བོ་རྣམས་ནི་འགྲོ་ནུས་པར་འགྱུར་རོ། །བུད་མེད་བུ་འབྱུང་དུ་མི་བཏུབ་པ་རྣམས་ནི་བདེ་བར་བཙས་པར་འགྱུར་རོ། །ཤིང་མིག་གི་གདོས་དང་རྐང་སྒྲིལ་དང་། ཨན་པན་བཏགས་པའི་སེམས་ཅན་རྣམས་

ནི་བཅིངས་པ་ལས་གྲོལ་བར་འགྱུར་རོ། །ཆུང་ངུ་ནས་འཁོན་བྱུང་བ་རྣམས་ནི་དེ་མ་ཐག་ཏུ་བྱམས་པའི་སེམས་ཐོབ་པར་འགྱུར་རོ། །བེའུ་རྣམས་ནི་བེའུ་གདང་བཅད་དེ་མའི་ཐད་དུ་འདོང་བར་བྱེད་དོ། །གླང་པོ་ཆེ་རྣམས་ཀྱང་སྐད་འབྱིན་ཏོ། །རྟ་རྣམས་ཀྱང་སྐད་

འབྱིན་ཏོ །ཁྱུ་མཆོག་རྣམས་ཀྱང་སྐད་འབྱིན་ཏོ། །ནེ་ཙོ་དང་། རི་སྐེགས་དང་། ཁུ་བྱུག་དང་། ཤང་ཤང་ཏེའུ་རྣམས་ཀྱང་སྐད་སྙན་པ་འབྱིན་ཏོ། །རོལ་མོའི་ཆ་བྱད་རྣམས་ཀྱང་མ་བརྡུངས་པར་སྒྲ་སྙན་པ་འབྱིན་ཏོ། །རྒྱན་སྣོད་དུ་བཅུག་

པ་རྣམས་ཀྱང་སྒྲ་སྙན་པ་འབྱིན་ཏོ། །ས་ཕྱོགས་མཐོ་བ་རྣམས་ནི་དམའ་བར་འགྱུར། དམའ་བ་རྣམས་ནི་མཐོ་བར་འགྱུར་རོ། །རྡོ་དང་། གསེག་མ་དང་། གྱོ་མོ་རྣམས་ཀྱང་མེད་པར་འགྱུར་རོ། །ལྷ་རྣམས་ཀྱང་བར་སྣང་ལས་ལྷའི་མེ་ཏོག་ཨུད་པ་ལ་དང་།

པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་རྣམས་འཐོར་བར་བྱེད་དོ། །ཨ་ག་རུའི་ཕྱེ་མ་དང་། རྒྱ་སྤོས་ཀྱི་ཕྱེ་མ་དང་། ཙན་དན་གྱི་ཕྱེ་མ་དང་། ཏ་མ་ལའི་ཕྱེ་མ་རྣམས་དང་། ལྷའི་མེ་ཏོག་མན་དཱ་ར་བ་རྣམས་ཀྱང་འཐོར་བར་བྱེད་དོ། །ཤར་ཕྱོགས་དམའ་ན་ནུབ་

ཕྱོགས་མཐོ། ནུབ་ཕྱོགས་དམའ་ན་ཤར་ཕྱོགས་མཐོ། ལྷོ་ཕྱོགས་དམའ་ན་བྱང་ཕྱོགས་མཐོ། བྱང་ཕྱོགས་དམའ་ན་ལྷོ་ཕྱོགས་མཐོ། དབུས་དམའ་ན་མཐའ་མཐོ། མཐའ་དམའ་ན་དབུས་མཐོ་བར་འགྱུར་རོ། །རྒྱལ་པོའི་ཕོ་བྲང་མར་མེ་ལྡན་དེ་ན་སྲོག་ཆགས་

འབུམ་ཕྲག་དུ་མ་མེ་ཏོག་དང་། བདུག་པ་དང་། སྤོས་རྣམས་ཀྱིས་བཀུར་སྟི་བྱེད་དོ། །བློ་གྲོས་བཟང་པོ་དང་། བློ་གྲོས་དང་། བུ་མོ་དེ་ཡང་པད་མ་ཁྱེར་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ག་ལ་བ་དེར་དོང་བ་ལས། དེ་དག་སྐྱེ་བོ་ཕལ་པོ་ཆེ་

เล่ม ๗๓ · หน้า 89b

མཆོད་པ་བྱེད་པས་གཏམས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མ་ཆུད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། སྐྱེ་བོ་ཕལ་པོ་ཆེ་འདི་རྣམས་པས་བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོ་བསོད་ནམས་ཆེས་འཕེལ་བར་འགྱུར་རོ་སྙམ་དུ་དགོངས་ནས་རྫི་ཆར་དྲག་པོ་ཆེན་པོ་ཞིག་

སྤྲུལ་ཏོ། །དེ་ནས་སྐྱེ་བོ་ཕལ་པོ་ཆེ་དེ་དག་གིས་གོ་སྐབས་ཕྱེ་ནས། བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོས་སྐབས་ཐོད་དེ་བཅོམ་ལྡན་འདས་ལ་བལྟ་བས་ཆོག་མི་ཤེས་པ་མཐོང་ནས་ཤིན་ཏུ་དགའ་བ་སྐྱེས་སོ། །དགའ་བ་སྐྱེས་ནས་ཨུད་པ་ལ་ལྔ་པོ་དེ་དག་བཅོམ་ལྡན་

འདས་ལ་གཏོར་ཏོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱིས། དེ་དག་ཤིང་རྟའི་འཕང་ལོ་ཙམ་ཤ་སྟག་ཏུ་བླ་རེར་ཆགས་ཤིང་འདུག་ལ། བཅོམ་ལྡན་འདས་གཤེགས་ན་ནི་འགྲོ་གཞེས་ན་ནི་སྡོད་པར་བྱིན་གྱིས་བརླབས་སོ། །དེ་ནས་

བུ་མོ་དེས་དེ་ལྟ་བུར་གྱུར་པ་མཐོང་ནས་དགའ་བ་སྐྱེས་ཏེ། ཨུད་པ་ལ་གཉིས་བཅོམ་ལྡན་འདས་ལ་གཏོར་ནས་དེ་གཉིས་ཀྱང་བཅོམ་ལྡན་འདས་ཀྱི་སྙན་གྱི་གོང་དུ་ཤིང་རྟའི་འཕང་ལོ་ཙམ་གྱིས་བླ་རེར་ཆགས་ཤིང་འདུག་པར་བྱིན་གྱིས་བརླབས་སོ། །ས་ཕྱོགས་དེ་དག་

ཀྱང་རྫི་ཆར་དྲག་པོ་ཆེན་པོས་འདམ་རྫབ་ཏུ་གྱུར་ནས། དེའི་འོག་ཏུ་ས་ཕྱོགས་འདམ་རྫབ་ཅན་དེར་བཅོམ་ལྡན་འདས་གཤེགས་པ་ན། བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོས་ས་ཕྱོགས་འདམ་རྫབ་ཅན་དེར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྐྲ་བཏིང་ནས་ཚིགས་སུ་བཅད་

དེ་སྨྲས་པ། བློ་ལྡན་སད་མཛད་གལ་ཏེ་བདག །བྱང་ཆུབ་ཏུ་ནི་འཚང་རྒྱ་ན། །སྐྱེ་རྒ་མེད་མཛད་ཞབས་གཉིས་ཀྱིས། །མྱུར་དུ་བདག་སྐྲ་བརྫི་བར་གསོལ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་དེས། བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོའི་

སྐྲའི་སྟེང་དུ་ཞབས་གཉིས་བཞག་གོ། །དེ་ནས་བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོའི་ཕྱི་བཞིན་འབྲང་ཞིང་འདུག་པ་དེ་ཁྲོས་ནས། ཀྱེ་ལྟོས་དང་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་འདིས། བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོའི་སྐྲ་ཕྱུགས་ལ་བྱ་བ་བཞིན་དུ་བརྫིས་ས་ཞེས་ཟེར་རོ། །

เล่ม ๗๓ · หน้า 90a

དེ་ནས་དེའི་འོག་ཏུ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱིས་བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོ་ལུང་བསྟན་ཏེ། ཁྱོད་ནི་ས་འདིར་འཇིག་རྟེན་རྣམས་ལ་ཕན་པའི་ཕྱིར། །སྟོན་པ་མངའ་བདག་འཇིག་རྟེན་གསུམ་ལས་རྣམ་གྲོལ་བ། །ཤཱཀྱའི་སྲས་པོ་ཤཱཀྱ་ཐུབ་པ་ཞེས་བྱ་བ། །

འཇིག་རྟེན་གསུམ་གྱི་སྙིང་པོ་འགྲོ་བའི་སྒྲོན་དུ་འགྱུར། །ཞེས་གསུངས་སོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱིས་བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོ་ལུང་བསྟན་མ་ཐག་པ་དེའི་མོད་ཁོ་ན་ལ་ནམ་མཁའ་ལ་ཏ་ལ་བདུན་སྲིད་ཙམ་དུ་འཕགས་སོ། །དེ་ནས་དེའི་སྐྲ་བྱི་ནས་སྐྲ་སར་

ཁྱད་པར་དུ་འཕགས་པ་བྱུང་ངོ་། །དེ་ནས་དེ་ནམ་མཁའ་ལ་འདུག་པ་སྐྱེ་བོ་ཕལ་པོ་ཆེས་མཐོང་ངོ་། །མཐོང་ནས་ཀྱང་སྨོན་ལམ་བཏབ་པ། གང་གི་ཚེ་འདིས་བླ་ན་མེད་པའི་ཡེ་ཤེས་བརྙེས་པར་འགྱུར་བ་དེའི་ཚེ་བདག་ཅག་འདིའི་ཉན་ཐོས་སུ་གྱུར་ཅིག་ཅེས་བྱས་སོ། །བུ་མོ་དེས་ཀྱང་སྨོན་ལམ་བཏབ་སྟེ།

ཁྱོད་ཀྱིས་གང་དུ་སྨོན་པ་ཡི། །འདྲེན་པ་སངས་རྒྱས་བརྙེས་པ་དེར། །རྟག་ཏུ་འཐུན་པར་ཆོས་སྤྱོད་པའི། །ཁྱོད་ཀྱི་བཙུན་མོར་བདག་གྱུར་ཅིག། །གང་ཚེ་ཁྱོད་ནི་རྫོགས་སངས་རྒྱས། །འཇིག་རྟེན་གཙོ་བོ་རྣམ་འདྲེན་འགྱུར། །དེ་ཡི་དུས་བབ་ཁྱོད་ཀྱི་ནི། །ཉན་ཐོས་མར་ཡང་བདག་གྱུར་ཅིག །

མཁའ་གནས་བྲམ་ཟེའི་ཁྱེའུ་མཐོང་ནས། །བརྒྱ་ཕྲག་དང་ནི་སྟོང་ཕྲག་རྣམས། །ཐམས་ཅད་མ་འོངས་དུས་དག་ཏུ། །ཉན་ཐོས་ཉིད་དུ་སྨོན་པར་བྱེད། །གང་ཚེ་ཁྱོད་ནི་རྫོགས་སངས་རྒྱས། །འཇིག་རྟེན་གཙོ་བོ་རྣམ་འདྲེན་འགྱུར། །དེ་ཡི་དུས་བབ་ཁྱོད་ཀྱི་ནི། །ཉན་ཐོས་བདག་ཅག་འགྱུར་བར་ཤོག །

ཅེས་བྱས་སོ། །དེ་ནས་གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱིས་བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོ་ལུང་བསྟན་པ་དེའི་ཚེ། རྒྱལ་པོ་མར་མེས་དེའི་སྐྲ་བླངས་ནས་རྒྱལ་པོ་ནོར་ཅན་གྱི་བུས་སྨྲས་པ། སྐྲ་འདི་དག་བདག་ལ་བྱིན་ཅིག །དེ་ནས་རྒྱལ་པོ་མར་མེས་སྐྲ་དེ་དག་དེ་ལ་བྱིན་ནས་

དེས་བླངས་ཏེ། བགྲངས་ན་སྐྲ་ཉག་མ་བརྒྱད་ཁྲི་བྱུང་ངོ་། །དེ་ནས་རྒྱལ་པོ་དེའི་བློན་པོ་རྣམས་ཀྱིས་གསོལ་པ། ལྷ་བདག་ཅག་ལ་སྐྲ་ཉག་མ་རེ་རེ་སྩལ་བར་གསོལ། འོན་ཀྱང་བདག་ཅག་གིས་དེ་རྣམས་མཆོད་རྟེན་དུ་བགྱི་བར་འཚལ་ལོ། །དེ་ནས་རྒྱལ་པོ་དེས་བློན་པོ་དེ་དག་ལ་སྐྲ་ཉག་མ་རེ་རེ་བྱིན་ནས་བློན་པོ་

เล่ม ๗๓ · หน้า 90b

དེ་དག་རང་རང་གི་ཡུལ་དུ་སོང་སྟེ་མཆོད་རྟེན་བརྩིགས་སོ། །གང་གི་ཚེ་བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དེའི་ཚེ། རྒྱལ་པོ་མར་མེ་དང་རྒྱལ་པོ་ནོར་ཅན་གྱི་བུ་དང་གྲོང་ཁྱེར་གྱི་མི་དང་ཡུལ་གྱི་མི་དུ་མས་མ་འོངས་པའི་དུས་ཀྱི་ཡོན་ཏན་ལ་བལྟས་ཏེ་ཡོ་

བྱད་ཐམས་ཅད་བསྟབས་སོ། །དེ་ནས་བློ་གྲོས་བཟང་པོས་བྲམ་ཟེའི་ཁྱེའུ་བློ་གྲོས་ལ་སྨྲས་པ། ང་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་ན་ཁྱོད་ཀྱིས་གང་དུ་སེམས་བསྐྱེད། དེས་སྨྲས་པ། བདག་ནི་མ་རུང་ངོ་། །བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོས་སྨྲས་པ། ཁྱོད་ཀྱིས་ཅི་ཞིག་བྱས་ན། མ་

རུང་བར་འགྱུར། དེས་སྨྲས་པ། གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱི་ཞབས་ཀྱིས་ཁྱོད་ཀྱི་སྐྲ་བརྫིས་པ་དེའི་ཚེ། བདག་ཁྲོས་ཏེ་སྨྲས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱིས། བྲམ་ཟེའི་སྐྲ་ཕྱུགས་ལ་བྱ་བ་བཞིན་དུ་རྐང་པས་

བརྫིས་སོ་ཞེས་བྱས་སོ། །དེ་ནས་བློ་གྲོས་བཟང་པོས་དེ་ལ་སྨྲས་པ། ཚུར་ཤོག་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐད་དུ་རབ་ཏུ་འབྱུང་བར་བྱའོ། །དེ་ནས་བློ་གྲོས་བཟང་པོ་དང་བློ་གྲོས་གཉིས་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱི་གསུང་རབ་ལ་རབ་ཏུ་བྱུང་སྟེ། བློ་གྲོས་བཟང་

པོ་ནི་རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་བསླབས་ཏེ་ཆོས་བཞིན་དུ་འཁོར་བསྡུས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོ་ཤི་འཕོས་ཏེ་དུས་ལས་འདས་ནས་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེས་སོ། །བྲམ་ཟེའི་ཁྱེའུ་བློ་གྲོས་ནི་ཤི་འཕོས་ཏེ་དུས་ལས་འདས་ནས་སེམས་ཅན་དམྱལ་བར་སྐྱེས་སོ། །དགེ་སློང་

དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོར་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ཏེ། ངས་དེར་སངས་རྒྱས་མར་མེ་མཛད་ལ་ཨུད་པ་ལ་སྔོན་པོ་དག་གིས་མཆོད་པ་བྱས་པའི་ལས་དེའི་རྣམ་པར་སྨིན་པས། འཁོར་བ་ན་བདེ་བ་ཆེན་

པོ་མྱོང་བར་གྱུར་ཏེ། དགེ་བའི་རྩ་བ་དེས་ན་ངའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཙམ་དང་རྐྱེན་ཙམ་དང་ཚོགས་ཙམ་དུ་གྱུར་ལ་ད་ལྟའི་བར་དུ་ཡང་ལས་དེའི་རྣམ་པར་སྨིན་པས་མཛའ་སྡེ་བོ་ལྔ་བརྒྱ་པོ་རྣམས་ཀྱིས་འདི་ལྟ་བུའི་མཆོད་པ་བྱས་པ་ཡིན་ནོ།། །།

เล่ม ๗๓ · หน้า 91a

ལས་བརྒྱ་ཐམ་པ། བམ་པོ་བརྒྱད་པ། འཇིགས་མེད་ཅེས་བྱ་བ་ནི། བཅོམ་ལྡན་འདས་མཉན་དུ་ཡོད་པ་ནས་རྒྱལ་པོའི་ཁབ་ཏུ་གཤེགས་པ་ལས། རི་ཁྲོད་ཅིག་ཏུ་བྱོན་ནས་དེ་དེར་གཤེགས་པ་ན། ཤིང་གི་གྲིབ་མ་ལ་སྐད་ཅིག་མཉེལ་བསོ་ནས་ཆས་ཏེ་

གཤེགས་སོ། །ལམ་དེ་ཡང་སེང་གེའི་འཇིགས་པ་ཆེན་པོ་དང་ལྡན་པ་ཞིག་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོས་ལམ་ཁ་གཉིས་སུ་གྱེས་པ་མཐོང་ནས། བཅོམ་ལྡན་འདས་ལ་འདི་སྐད་གསོལ་ཏོ། །བཙུན་པ་ཤུལ་འདི་ནི་ཁ་གཉིས་སུ་གྱེས་ཏེ། དེ་ལ་ཤུལ་གཅིག་ནི་

དྲང་ལ་འཇིགས་པ་དང་བཅས་པ་ལགས། ཤུལ་གཅིག་ནི་འཁྱོག་ལ་འཇིགས་པ་མ་མཆིས་པ་ལགས་ན། བཙུན་པ་ཤུལ་གང་དུ་གཤེགས་པར་མཛད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གང་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་

པའི་སངས་རྒྱས་རྣམས་བཞུགས་པ་དེ་ན་ནི། འཇིགས་པའམ་སྐྲག་པའམ་བག་ཚ་བ་ཅི་ཡང་མེད་ཀྱིས་ལམ་དྲང་པོ་ལོགས་སུ་དྲོངས་ཤིག་ཅེས་བཀའ་སྩལ་ཏོ། །གྲོང་མིའི་བྱིས་པ་གཉིས་ཀྱང་བཅོམ་ལྡན་འདས་ཀྱི་ཐད་ནས་ཐག་མི་རིང་བ་ཞིག་ན་རྩེ་ཞིང་འདུག་སྟེ། དེ་གཉིས་ལ་

གཅིག་ནི་རྔེའུ་ཆུང་ཐོགས་སོ། །གཅིག་ནི་མདའ་གཞུ་ཐོགས་སོ། །དེ་ནས་ཁྱེའུ་དེ་གཉིས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་ཅིང་སྤ་བར་བྱས་པ་རྒྱང་ནས་མཐོང་ངོ་། །མཐོང་ནས་ཀྱང་དགའ་བ་སྐྱེས་སོ། །དགའ་བ་སྐྱེས་

ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཤུལ་འདི་ན་སེང་གེའི་འཇིགས་པ་ནི་མཆིས་མོད་ཀྱི། འོན་ཀྱང་བཅོམ་ལྡན་འདས་གཤེགས་པ་དང་།

བདག་ཅག་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་བསེལ་བགྱི་བར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱེའུ་ཁྱོད་གཉིས་ཀྱིས་སེང་གེའི་འཇིགས་པ་བྱུང་ན་ཇི་ལྟར་བྱ། དེར་གཅིག་གིས་གསོལ་པ། བཙུན་པ་བདག་གིས་རོལ་མོའི་སྒྲས་སྐྲག་པར་བགྱིའོ། །གཅིག་

เล่ม ๗๓ · หน้า 91b

གིས་གསོལ་པ། བདག་གིས་ནི་མདའ་གཞུའི་སྒྲས་སྐྲག་པར་བགྱིའོ། །དེ་སྐད་ཅེས་གསོལ་ནས། ཁྱེའུ་དེ་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་མདུན་ལོགས་སུ་ཆས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། འདི་གཉིས་ཀྱིས་ནི་དགེ་བའི་རྩ་བ་རྣམས་

བསྐྱེད་ཟིན་ཏོ་སྙམ་དུ་དགོངས་ནས་བཀའ་སྩལ་པ། ཁྱེའུ་ཁྱེད་གཉིས་ཀྱིས་སེམས་དགའ་བ་བསྐྱེད་པ་དེ་ཙམ་གྱིས་བསེལ་བྱས་ཟིན་ཏེ་ཆོག་གིས་ཕྱིར་དེངས་ཤིག །དེ་ནས་ཁྱེའུ་དེ་གཉིས་ཕྱིར་ལོག་ནས། བཅོམ་ལྡན་འདས་འཛུམ་པ་མཛད་དེ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་

རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེའི་ཚེ་ཞལ་ནས་འོད་ཟེར་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་རྣམས་བྱུང་ནས་ཁ་ཅིག་ནི་འོག་ཏུ་འགྲོའོ། །ཁ་ཅིག་ནི་སྟེང་དུ་འགྲོའོ། །འོག་ཏུ་འགྲོ་བ་གང་ཡིན་པ་དེ་དག་ནི་སེམས་ཅན་དམྱལ་བ་ཡང་སོས་དང་ཐིག་ནག་དང་

འདུས་འཇོམས་དང་ངུ་འབོད་དང་ངུ་འབོད་ཆེན་པོ་དང་ཚ་བ་དང་རབ་ཏུ་ཚ་བ་དང་མནར་མེད་པ་དང་ཆུ་བུར་ཅན་དང་ཆུ་བུར་རྡོལ་དང་སོ་ཐམས་ཐམས་དང་ཀྱི་ཧུད་ཟེར་དང་ཨ་ཆུ་ཟེར་དང་ཨུད་པལ་ལྟར་གས་པ་དང་པད་མ་ལྟར་གས་པ་དང་པད་མ་ལྟར་གས་པ་ཆེན་པོར་སོང་ནས། ཚ་བའི་སེམས་ཅན་

དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་བསིལ་བར་གྱུར་ཏེ་འབབ་བོ། །གྲང་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་དྲོ་བར་གྱུར་ཏེ་འབབ་བོ། །དེས་ནས་སེམས་ཅན་དེ་དག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ། །དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ་ཅི་བདག་

ཅག་འདི་ནས་ཤི་འཕོས་སམ་འོན་ཏེ་གཞན་དུ་སྐྱེས་སམ་སྙམ་མོ། །དེ་ནས་དེ་དག་དད་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་སྤྲུལ་པ་འགྱེད་པར་མཛད་དེ། དེ་དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། ཀྱེ་བདག་ཅག་ནི་འདི་ནས་ཀྱང་ཤི་འཕོས་པར་མ་གྱུར་ལ། །

གཞན་དུ་ཡང་མ་སྐྱེས་མོད་ཀྱི། འོན་ཀྱང་སྔོན་མ་བྱུང་བའི་སེམས་ཅན་སྣང་བ་འདིའི་མཐུས། བདག་ཅག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ་སྙམ་མོ། །དེ་ནས་དེ་དག་སྤྲུལ་པ་ལ་སེམས་མངོན་པར་དགའ་བར་གྱུར་ནས། སེམས་ཅན་དམྱལ་བ་མྱོང་བར་

เล่ม ๗๓ · หน้า 92a

འགྱུར་བའི་ལས་དེ་ཟད་དེ། ལྷ་དང་མི་རྣམས་ཀྱི་ནང་དུ་གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་དེར་ཉིང་མཚམས་འཛིན་པར་གྱུར་ཏོ། །སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ནི་རྒྱལ་ཆེན་བཞིའི་རིས་རྣམས་དང་སུམ་ཅུ་རྩ་གསུམ་པ་རྣམས་དང་འཐབ་

བྲལ་རྣམས་དང་དགའ་ལྡན་རྣམས་དང་འཕྲུལ་དགའ་རྣམས་དང་གཞན་འཕྲུལ་དབང་བྱེད་རྣམས་དང་ཚངས་རིས་རྣམས་དང་ཚངས་པའི་མདུན་ན་འདོན་པ་རྣམས་དང་ཚངས་པ་ཆེན་པོ་རྣམས་དང་འོད་ཆུང་རྣམས་དང་ཚད་མེད་འོད་རྣམས་དང་འོད་གསལ་རྣམས་དང་དགེ་ཆུང་རྣམས་དང་།

ཚད་མེད་དགེ་རྣམས་དང་དགེ་རྒྱས་རྣམས་དང་སྤྲིན་མེད་རྣམས་དང་བསོད་ནམས་སྐྱེས་རྣམས་དང་འབྲས་བུ་ཆེ་རྣམས་དང་མི་ཆེ་རྣམས་དང་མི་གདུང་རྣམས་དང་གྱ་ནོམ་སྣང་རྣམས་དང་ཤིན་ཏུ་མཐོང་རྣམས་དང་འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སོང་ནས། མི་རྟག་པ་དང་སྡུག་བསྔལ་བ་

དང་སྟོང་པ་དང་བདག་མེད་པའི་སྒྲ་སྒྲོགས་སོ། །ཚིགས་སུ་བཅད་པ་གཉིས་ཀྱང་རྗོད་པར་བྱེད་དེ། ངེས་པར་འབྱུང་བ་བརྩམ་པར་གྱིས། །སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས། །གང་

ཞིག་ཆོས་འདུལ་འདི་ཉིད་ལ། །བག་ཡོད་སྤྱོད་པར་བྱེད་པ་ནི། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཟད་པར་བྱེད་པར་འགྱུར། །ཞེས་རྗོད་པར་བྱེད་དོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས་བཅོམ་

ལྡན་འདས་ཀྱི་ཕྱི་བཞིན་འབྲང་སྟེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི་བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི་མདུན་ལོགས་སུ་མི་སྣང་བར་འགྱུར་རོ། །སེམས་

ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་རྟིང་པར་མི་སྣང་བར་འགྱུར་རོ། །ཡི་དགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །

เล่ม ๗๓ · หน้า 92b

མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་པུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི་ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི་ཕྱག་གཡས་

པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་ཞལ་དུ་མི་སྣང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་སྨིན་མཚམས་ཀྱི་མཛོད་སྤུར་

མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་དབུའི་གཙུག་ཏོར་དུ་མི་སྣང་བར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་བཅོམ་ལྡན་འདས་ཀྱི་སྨིན་མཚམས་ཀྱི་མཛོད་

སྤུར་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་ཞུས་པ། ཚོན་སྣ་སྟོང་གིས་སྤེལ་བ་སྣ་ཚོགས་ཅན། །མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། །དེ་ཡིས་ཕྱོགས་རྣམས་ཀུན་ཏུ་སྣང་བར་བགྱིས། །ཉི་མ་ཤར་བས་ཇི་

ལྟར་བགྱིས་པ་བཞིན། །ཡང་ཚིགས་སུ་བཅད་དེ་གསོལ་བ། རྒོད་དང་བྲལ་ཞིང་རྒྱགས་དང་མི་དགྱེས་སྤངས་པ་ཡི། །སངས་རྒྱས་འགྲོ་བ་དག་གི་དམ་པའི་རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུབ་རྣམས་ནི་རྒྱུ་རྐྱེན་མ་མཆིས་པར། །པད་མའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་

མི་སྟོན། །བརྟན་པོ་ཉིད་ཀྱི་བློ་ཡིས་དུས་བབ་མཁྱེན་ལགས་ན། །དགེ་སྦྱོང་རྒྱལ་དབང་ཉན་པ་སོམ་ཉི་འཚལ་བ་རྣམས། །ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་བསྟན་པ་དང་། །བཟང་པོ་དག་གིས་ཐེ་ཚོམ་སྐྱེས་པ་བསལ་བར་གསོལ། །རྒྱ་མཚོ་དང་ནི་རི་རྒྱལ་ལྟ་བུར་

བརྟན་པ་ཡི། །མགོན་པོ་རྫོགས་སངས་རྒྱས་རྣམས་གྱིན་ད་འཛུམ་མི་སྟོན། །གང་གི་དོན་དུ་དཔའ་བོ་འཛུམ་པ་སྟོན་མཛད་པ། །དེ་ནི་ཁྱོད་ལ་སྐྱེ་བོ་ཕལ་ཆེན་ཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་ནི་དེ་བཞིན་ནོ། །དེ་

เล่ม ๗๓ · หน้า 93a

ནི་དེ་བཞིན་ཏེ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དེ། ཀུན་དགའ་བོ་ཁྱོད་ཀྱིས་ཁྱེའུ་འདི་གཉིས་ཀྱིས་ང་ལ་འདི་ལྟ་བུའི་བཀུར་སྟི་བྱས་

པ་མཐོང་ངམ། བཙུན་པ་མཐོང་ལགས་སོ། །ཀུན་དགའ་བོ་ཁྱེའུ་འདི་གཉིས་དགེ་བའི་རྩ་བ་དང་སེམས་བསྐྱེད་པ་དང་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས། བསྐལ་པ་བཅུ་གསུམ་གྱི་བར་དུ་ལོག་པར་ལྟུང་བར་མི་འགྱུར་ཏེ། བསྐལ་པ་བཅུ་གསུམ་གྱི་

བར་དུ་ལྷ་རྣམས་དང་མི་རྣམས་ཀྱི་ནང་དུ་ཉིང་མཚམས་སྦྱར་ཞིང་། འཁོར་བར་གྱུར་ནས་སྲིད་པ་ཐ་མ་དང་གནས་ཐ་མ་ལ་མིར་སྐྱེ་བ་ཐོབ་སྟེ་རབ་ཏུ་འབྱུང་བར་འགྱུར་ལ། དེས་སློབ་དཔོན་མེད་པ་དང་མན་ངག་མེད་པར་བྱང་ཆུབ་ཀྱི་ཕྱོགས་དང་འཐུན་པའི་ཆོས་སུམ་ཅུ་རྩ་བདུན་

མངོན་དུ་བྱས་ནས་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་བྱེད་པར་འགྱུར་ཏེ། དེ་ལ་གཅིག་ནི་རང་སངས་རྒྱས་རྔ་སྒྲ་ཞེས་བྱ་བར་འགྱུར་རོ། །གཅིག་ནི་འཇིགས་མེད་ཅེས་བྱ་བར་འགྱུར་ཏེ་དེ་གཉིས་ཀྱི་སྦྱིན་པར་བྱ་བའི་ཆོས་ནི་འདི་ཡིན་ནོ།། །།དབྱིག་མཚོ་ཞེས་བྱ་བ་

ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་ཐབས་

ཟླར་བབ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས། དེ་གང་གི་ཚེ་བུ་ཆགས་པར་གྱུར་པ་དེའི་ཚེ་དེ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་གྱུར་ལ། ཁང་བཟངས་ཐམས་ཅད་དུ་

གདུགས་དང་རྒྱལ་མཚན་དང་བ་དན་བསྒྲེང་སྟེ། མེ་ཏོག་སྣ་ཚོགས་ནི་བཀྲམ་སྤོས་ཆུས་ནི་ཆག་ཆག་བཏབ་པའི་ནང་ན། མལ་ཁྲི་ལ་འདུག་སྟེ་བུད་མེད་ཀྱི་འཁོར་གྱིས་བསྐོར་ཅིང་འདུག་གོ། །དེ་ནས་ཁྱིམ་བདག་དེས་བསམས་པ། མ་ལ་བདག་གི་ཆུང་མ་འདི་འབྱུང་པོ་

เล่ม ๗๓ · หน้า 93b

འགའ་ཞིག་གིས་ཐེབས་པར་མ་གྱུར་གྲང་སྙམ་ནས་ལྟས་མཁན་རྣམས་ལ་བསྟན་ན། ལྟས་མཁན་རྣམས་ན་རེ་འདི་ནི་འབྱུང་པོས་ཐེབས་པ་མ་ཡིན་གྱི། སེམས་ཅན་ལྟོ་ན་འདུག་པ་དེའི་མཐུ་ཡིན་ནོ་ཞེས་ཟེར་རོ། །དེ་ནས་ཟླ་བ་དགུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་

བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མངལ་གྱི་དྲི་མ་དང་ཤ་མའི་དྲི་མ་དང་ཁྲག་གི་དྲི་མས་མ་གོས་པ་ཞིག་བཙས་ནས། དེ་བུད་མེད་དེ་དག་གིས་བཀྲུ་བར་འདོད་དེ་རྒྱན་བཀྲོལ་ན་དེའི་རྒྱན་གཞན་བྱུང་སྟེ། བཀྲོལ་ཏེ་བོར་ཡང་གཞན་བྱུང་

བར་གྱུར་ནས་མས་སྨྲས་པ། རྒྱན་འདི་ནི་འདི་ཡི་བསོད་ནམས་ལས་སྐྱེས་པ་ཡིན་གྱིས། མ་བཀྲོལ་བར་རྒྱན་དང་བཅས་པར་ཁྲུས་ཤིག་ཅེས་བྱས་སོ། །དེ་ནས་བུད་མེད་དེ་དག་གིས་རྒྱན་དང་བཅས་ཏེ་བཀྲུས་ནས་མལ་ཁྲིའི་སྟེང་དུ་བཞག་པ་དང་། དེའི་མིའི་མལ་ཁྲི་མི་

སྣང་བར་གྱུར་ནས་ལྷའི་མལ་ཁྲི་བྱུང་བར་གྱུར་ཏོ། །ཁང་བཟངས་དེ་ཉིད་དུ་ཡང་དེའི་ལྷའི་ཁང་པ་བརྩེགས་པ་གདུགས་དང་རྒྱལ་མཚན་དང་བ་དན་བསྒྲེང་བ། མེ་ཏོག་སྣ་ཚོགས་བཀྲམ་པ་སྤོས་ཆུས་ཆག་ཆག་བཏབ་པ་བྱུང་བར་གྱུར་ཏོ། །ཁང་པ་བརྩེགས་པ་དེའི་

ནང་གི་མལ་ཁྲིའི་སྔས་སུ་ཡང་ལྷའི་མཆོད་སྡོང་རིལ་གྱིས་གསེར་ལས་བྱས་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་བྱུང་ངོ་། །མཆོད་སྡོང་དེའི་དྲུང་ནས་ཀྱང་གཏེར་ཆེན་པོ་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བ་ཁ་བྱེ་བ་བཞི་བྱུང་སྟེ། གལ་ཏེ་དེ་དག་ལས་བརྒྱ་འམ་སྟོང་བྱུང་དུ་ཟིན་ཀྱང་།

དེ་དག་འགྲིབ་པའམ་གང་བར་ཡང་མི་མངོན་ནོ། །དེ་ནས་ཕ་མ་གཉིས་ཀྱིས་མཐོང་མ་ཐག་ཏུ་ཤིན་ཏུ་དགའ་བར་གྱུར་ཏོ། །དེ་ནས་དེའི་བཙས་སྟོན་རྒྱས་པར་བྱས་ནས་ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཁྱེའུ་འདི་བཙས་པ་ན་ཁྱིམ་འདི་རིན་པོ་

ཆེ་སྣ་ཚོགས་ཀྱིས་མཚོ་བཞིན་དུ་གང་བར་གྱུར་པས་ན། དེའི་ཕྱིར་ཁྱེའུ་འདིའི་མིང་དབྱིག་མཚོ་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་དབྱིག་མཚོ་པང་ན་འཚོ་བའི་མ་མ་གཉིས་དང་ནུ་མ་སྣུན་པའི་མ་མ་གཉིས་དང་དྲི་མ་འཁྲུ་བའི་མ་མ་གཉིས་དང་རྩེ་བའི་མ་མ་གཉིས་ཏེ་མ་

เล่ม ๗๓ · หน้า 94a

མ་བརྒྱད་ལ་གཏད་ནས་དེ་མ་མ་བརྒྱད་ཀྱིས་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུ་དང་བུད་མེད་རྨ་བྱའི་མདོངས་ཆང་པ་ན་ཐོགས་པ་དང་བསྲུང་བའི་སྲད་བུ་རྣམས་ཀྱིས་བསྐྱེད་བསྲིངས་ཏེ་མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་

གང་དུ་འགྲོ་བ་དེར་མི་མ་ཡིན་པ་རྣམས་ཀྱིས་དེ་ལ་རས་སར་པ་མ་སྤྱད་པ་ཚར་ཚར་རིང་བ་རྣམས་ས་ལ་བཏིང་བར་བྱེད་དོ། །མེ་ཏོག་སྣ་ཚོགས་ཀྱང་ས་ལ་འགྲེམས་པར་བྱེད་དོ། །དེ་ནས་གང་གི་ཚེ་དེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང་ཁོང་རྩིས་དང་ཤོད་དགོད་པ་དང་ལག་རྩིས་དང་དབྱུང་

བ་དང་། སྦ་བ་དང་དགྲམ་པ་དང་གོས་བརྟག་པ་དང་ནོར་བུ་བརྟག་པ་དང་རིན་པོ་ཆེ་བརྟག་པ་དང་སྤོས་བརྟག་པ་དང་སྨན་བརྟག་པ་དང་གླང་པོ་ཆེ་བརྟག་པ་དང་རྟ་བརྟག་པ་དང་གོ་མཚོན་བརྟག་པ་བསླབས་ཏེ། ཡི་གེ་མཁས་པ་དང་ཀློག་མཁས་པ་དང་མཛངས་པ་དང་བྱ་བ་ལ་གསལ་བ་དང་

ཡིད་གཞུངས་པ་དང་བརྟག་པ་རྣམ་པ་བརྒྱད་ལ་བྱང་བར་གྱུར་ཏོ། །དེ་ནས་དེའི་ཕས་དགུན་དང་སོས་ཀ་དང་དབྱར་གནས་པའི་ཁང་པ་རྣམས་དང་སྐྱེད་མོས་ཚལ་རྣམས་བྱས་ནས་དེ་དག་ཀྱང་ལྷ་རྫས་སུ་གྱུར་ཏེ། གདུགས་དང་རྒྱལ་མཚན་དང་། བ་དན་ནི་བསྒྲེང་། མེ་ཏོག་སྣ་

ཚོགས་ནི་བཀྲམ་སྤོས་ཆུའི་ཆག་ཆག་ནི་བཏབ་པར་གྱུར་ཏོ། །དེ་ནས་དེ་གང་གི་ཚེ་འདོད་པ་ལ་ལོངས་སྤྱོད་པར་ནུས་པར་གྱུར་པ་དེའི་ཚེ། ལྷའི་བུ་མོ་དག་བྱུང་བར་གྱུར་ཏེ། དེ་ཁང་བཟངས་ཀྱི་སྟེང་དུ་འདུག་ནས། བུད་མེད་འབའ་ཞིག་དང་རོལ་མོ་བྱེད་དེ། རྩེ་ཞིང་དགའ་ལ་

དགའ་མགུར་སྤྱོད་དེ་རང་གི་བསོད་ནམས་ཀྱི་འབྲས་བུ་ཉམས་སུ་མྱོང་ངོ་། །དེ་ནས་དེ་ཕྱི་ཞིག་ན་སངས་རྒྱས་ལ་མངོན་པར་དགའ་བ་དང་ཆོས་ལ་མངོན་པར་དགའ་བ་དང་དགེ་འདུན་ལ་མངོན་པར་དགའ་བར་གྱུར་ནས་དེས་བསམས་པ། བདག་གིས་ལྷ་དང་མིའི་ལོངས་སྤྱོད་ནི་ཡོངས་

སུ་ལོངས་སྤྱད་ཟིན་གྱིས་མ་ལ་ང་ནི་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་སྟེ། ཆུ་བོ་རྣམས་ལས་ཡང་དག་པར་བརྒལ་བར་བྱ་བ་དང་སྦྱོར་བ་རྣམས་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་བརྩོན་པ་དང་བསྒྲུབ་པ་དང་འབད་པར་བྱ་གོར་མ་ཆག་སྙམ་དུ་

เล่ม ๗๓ · หน้า 94b

བསམས་ནས། སྦྱིན་པ་དག་ཀྱང་བྱིན་བསོད་ནམས་དག་ཀྱང་བྱས་ཏེ། དབུལ་པོ་དུ་མ་ཕྱུག་པར་བྱས་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ་། །དེ་རབ་ཏུ་བྱུང་ནས་དེ་ཕྱོགས་གང་དུ་གནས་པར་དམ་བཅས་པའི་ཕྱོགས་དེར་ལྷའི་མལ་ཁྲི་འབྱུང་བར་

འགྱུར་ལ། དེ་གང་དང་གང་དུ་འགྲོ་བ་དེ་དང་དེར་མི་མ་ཡིན་པ་རྣམས་ཀྱིས་རས་སར་པ་མ་སྤྱད་པ་ཚར་ཚར་རིང་བ་རྣམས་ས་ལ་འདིང་བར་བྱེད་དོ། །མེ་ཏོག་སྣ་ཚོགས་ཀྱང་ས་ལ་འགྲེམས་པར་བྱེད་དེ། དེ་དེ་ལྟ་བུས་ངོ་ཚ་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། སྙིང་ཐག་པ་ནས་དེ་ལ་མི་ལྟ་བའི་སེམས་སྐྱེད་ཅིག་དང་ཐམས་ཅད་མེད་པར་འགྱུར་རོ། །དེ་ནས་དེས་ཐོས་མ་ཐག་ཏུ་ཐམས་ཅད་ལ་མི་ལྟ་བའི་སེམས་བསྐྱེད་ནས་ཐམས་ཅད་མེད་པར་གྱུར་ཏོ། །དེ་ནས་དེས་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་

པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་

བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ་དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་

པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་དབྱིག་མཚོས་ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། གཟུགས་བཟང་ཞིང་

བལྟ་ན་སྡུག་ལ་མཛེས་པ་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་མངལ་གྱི་དྲི་མ་དང་ཤ་མའི་དྲི་མ་དང་ཁྲག་གི་དྲི་མས་མ་གོས་པར་བཙས་ལ། སྐྱེས་མ་ཐག་ཏུ་ཡང་ལྷའི་ཁང་པ་བརྩེགས་པ་དང་ལྷའི་མལ་ཁྲི་དང་ལྷའི་མཆོད་སྡོང་བྱུང་བར་གྱུར་ལ། དེ་གང་དང་གང་དུ་འགྲོ་བ་དེ་

เล่ม ๗๓ · หน้า 95a

དང་དེར་མི་མ་ལགས་པ་རྣམས་ཀྱིས་རས་སར་པ་མ་སྤྱད་པ་ཚར་ཚར་རིང་བ་དག་འདིང་བར་བགྱིས་པ་དང་། མེ་ཏོག་སྣ་ཚོགས་ཀྱང་ས་ལ་འགྲེམས་པར་བགྱིད་པ་དང་། ཆེར་སྐྱེས་པ་ན་ཡང་ལྷ་དང་མིའི་དཔལ་བྱུང་བར་གྱུར་ལ། འདིས་བཅོམ་ལྡན་

འདས་ཀྱང་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ནས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་

གྱུར་ཏོ། །བཙུན་པ་འདིས་སྨོན་ལམ་གང་དུ་བཏབ་ལགས། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་

རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་བཱ་རཱ་ཎ་སཱི་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ཡོངས་སུ་འཛིན་པ་ཡངས་

ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེ་ཕྱི་ཞིག་ན་སངས་རྒྱས་ལ་མངོན་པར་དགའ་བ་དང་ཆོས་ལ་མངོན་པར་དགའ་བ་དང་། དགེ་འདུན་ལ་མངོན་པར་དགའ་བར་གྱུར་ནས། དེས་ཕྱི་ཞིག་ན་རྣམ་པ་ཐམས་

ཅད་ཡོངས་སུ་རྫོགས་པའི་གཙུག་ལག་ཁང་བརྩིགས་ནས། གཙུག་ལག་ཁང་དེ་ཉིད་དུ་བཅོམ་ལྡན་འདས་འོད་སྲུང་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་ཆོ་ག་དང་ལྡན་པའི་ཁྲུས་དང་བཤོས་ལ་སྤྱན་དྲངས་ནས། དེའི་མཚན་མོ་ཆོ་ག་དང་ལྡན་པའི་ཁྲུས་དང་ཞལ་ཟས་

རོ་བརྒྱ་དང་ལྡན་པ་བཤམས་ཏེ། བཅོམ་ལྡན་འདས་འོད་སྲུང་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཆོ་ག་དང་ལྡན་པའི་ཁྲུས་གསོལ་ནས། བཅོམ་ལྡན་འདས་འོད་སྲུང་ལ་སོགས་པ་དགེ་སློང་གི་དགེ་འདུན་ཞལ་ཟས་རོ་བརྒྱ་དང་ལྡན་པས་ཚིམ་པར་བྱས་ཏེ། བཅོམ་ལྡན་

เล่ม ๗๓ · หน้า 95b

འདས་ཀྱི་དབུ་སྐྲ་དང་སེན་མོ་བདག་ཉིད་ཀྱིས་ཁྱེར་ནས་གཙུག་ལག་ཁང་དེ་ཉིད་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་བརྩིགས་ཏེ། ལས་བྱེད་པ་རྣམས་བསགས་ནས་དེས་རིང་པོ་མ་ཐོགས་པར་མཆོད་རྟེན་དེ་རྣམ་པ་ཐམས་

ཅད་ཡོངས་སུ་རྫོགས་པར་བྱས་སོ། །དེ་ནས་དེས་བལྟས་ནས་མཆོད་རྟེན་དེ་བྱ་རྣམས་ཀྱིས་མི་གཙང་བར་བྱས་པ་མཐོང་ནས། དེས་ཡང་མཆོད་རྟེན་དེ་ཉིད་དགབ་པའི་ཕྱིར་གཙང་ཁང་ཕྱུར་པོ་ལན་ཀན་དང་རྟ་བབས་དང་སྐར་ཁུང་ཁོལ་མ་ཅན་དང་སྐར་ཁུང་དྲ་བ་ཅན་དང་། ཆར་

གབ་ཀྱིས་བརྒྱན་པ་གདུགས་དང་རྒྱལ་མཚན་དང་བ་དན་རྣམས་བསྒྲེང་བ་ཞིག་བྱས་ནས། མཆོད་རྟེན་དེའི་ནང་གི་ས་གཞི་ལ་ཡང་གཞི་བཏིང་སྟེ་བདུག་པ་དང་ཕྱེ་མ་དང་སྤོས་དང་མེ་ཏོག་དང་རོལ་མོའི་སྒྲས་བཀུར་སྟི་བྱས་ནས་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་

བདག་གང་དང་གང་དུ་སྐྱེ་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཅིག །གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་བཞིན་དུ་སྐྱེ་བར་ཤོག་ཅིག །མངལ་གྱི་དྲི་མ་དང་ཤ་མའི་དྲི་མ་དང་ཁྲག་གི་དྲི་མས་མ་གོས་

པར་སྐྱེ་བར་ཤོག་ཅིག །བདག་སྐྱེས་མ་ཐག་ཏུ་ལྷའི་མལ་ཁྲི་དང་ལྷའི་ཁང་པ་བརྩེགས་པ་དང་ལྷའི་མཆོད་སྡོང་རིལ་གྱིས་གསེར་ལས་བྱས་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་འབྱུང་བར་ཤོག་ཅིག །དེའི་དྲུང་ནས་ཀྱང་གཏེར་ཆེན་པོ་ཁ་ཕྱེ་བ་མཆོད་སྡོང་དེ་དང་འབྲེལ་པ་ཞིག་བྱུང་

ལ། དེ་ལས་གལ་ཏེ་བརྒྱ་འམ་སྟོང་བླངས་སུ་ཟིན་ཀྱང་དེ་དག་འགྲིབས་པའམ་གང་བར་ཡང་མི་མངོན་པར་ཤོག་ཅིག །ཆེར་སྐྱེས་པ་ན་ཡང་ལྷ་དང་མིའི་དཔལ་འབྱུང་བར་ཤོག་ཅིག །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས། བྲམ་ཟེའི་ཁྱེའུ་བླ་མ་ལུང་

བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་

เล่ม ๗๓ · หน้า 96a

སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ཁྱིམ་བདག་ཏུ་གྱུར་པ་གང་ཡིན་པ་དེ་ནི་དབྱིག་མཚོ་འདི་ཉིད་ཡིན་ཏེ། དེས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་བཀུར་སྟི་བྱས་ནས།

དབུ་སྐྲ་དང་སེན་མོའི་མཆོད་རྟེན་བརྩིགས་ཏེ། རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ནས། སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས་གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། གཟུགས་བཟང་ཞིང་བལྟ་ན་སྡུག་

ལ་མཛེས་པ་དང་། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དང་། མངལ་གྱི་དྲི་མ་དང་ཤ་མའི་དྲི་མ་དང་། ཁྲག་གི་དྲི་མས་མ་གོས་པར་གྱུར་ལ། བཙས་མ་ཐག་ཏུ་ཡང་ལྷའི་མལ་ཁྲི་དང་ལྷའི་ཁང་པ་བརྩེགས་པ་དང་ལྷའི་མཆོད་སྡོང་བྱུང་བར་གྱུར་ཏོ། །ཆེར་སྐྱེས་པ་ན་ཡང་ལྷ་

དང་མིའི་དཔལ་བྱུང་བར་གྱུར་ཏེ། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་། ཤུགས་མཉམ་པ་དང་། མཛད་པ་མཉམ་པ་དང་། ཐབས་མཉམ་པ་བརྙེས་པར་གྱུར་ནས། འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་

ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།དབྱིག་དགའ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཡུལ་ཀཱ་ཤིའི་ཕྱོགས་སུ་ལྗོངས་རྒྱུ་ཞིང་གཤེགས་པ་ལས་བ་རཱ་ཎ་སཱིར་བྱོན་ཏེ། དེའི་ཚེ་བཱ་རཱ་ཎ་སཱི་ན་

དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་དགེ་སློང་ལྔ་སྡེ་རྣམས་གནས་སོ། །དེ་ནས་དགེ་སློང་ལྔ་སྡེ་རྣམས་ཀྱིས་ཐག་རིང་པོ་ཞིག་ནས་བཅོམ་ལྡན་འདས་མཐོང་ངོ་། །མཐོང་ནས་ཀྱང་ཕན་ཚུན་ནས་འདུས་ཏེ་ནང་ཁྲིམས་བཅས་ནས་འདི་སྐད་དུ། ཀྱེ་དགེ་སྦྱོང་གཽ་ཏ་མ་དེ་ནི་གཡེལ་བ་མང་དུ་

སོགས་པ་མང་དུ་སོགས་ཤིང་འཚོ་བ་སྤོང་བ་ལས་ཉམས་པ་སྟེ། དེ་ནི་ད་ཁ་ཟས་མང་དུ་ཟ་ཞིང་འབྲས་ཅན་དང་ཙང་ཕྱེ་ཟ་ལ་ཞུན་མར་དང་ཏིལ་མར་གྱིས་ལུས་རྣམས་སྐུད་པར་བྱེད་ཅིང་ཆུ་དྲོན་པོས་ལུས་འཁྲུ་བར་བྱེད་དེ། དེ་འུ་བུ་ཅག་གི་ཐད་དུ་འོང་གིས། ཀྱེ་གཽ་ཏ་མ་སྟན་དག་ཡོད་ཀྱིས་

เล่ม ๗๓ · หน้า 96b

གལ་ཏེ་འདོད་པ་ལྟ་ན་འདུག་ཅིག་ཅེས་དེ་སྐད་ཙམ་དག་སྨྲ་བར་བྱའི་གུས་པར་སྨྲ་བར་མི་བྱའོ། །ཕྱག་མི་བྱའོ། །ལྡང་བར་མི་བྱའོ། །ལངས་ཏེ་སྟན་བསྟབ་པར་མི་བྱའོ་ཞེས་ཟེར་རོ། །དེ་ནས་བཅོམ་ལྡན་འདས་དགེ་སློང་ལྔ་སྡེ་རྣམས་དང་ཇི་ཙམ་དུ་ཉེ་བར་བྱོན་པ། དེ་ཙམ་དུ་

དགེ་སློང་ལྔ་སྡེ་རྣམས་བཅོམ་ལྡན་འདས་ཀྱི་དཔལ་དང་གཟི་བརྗིད་མ་བཟོད་ནས་ཞེ་ས་མི་བྱ་བའི་ཐུགས་མ་ཐུབ་སྟེ། ཁ་ཅིག་ནི་སྟན་ལས་ལངས་ནས་བཅོམ་ལྡན་འདས་ཀྱི་གདན་ཤོམ་མོ། །ཁ་ཅིག་ནི་ཞབས་བསིལ་བའི་ཆུ་དང་ཞབས་རྟེན་ཕྱོགས་གཅིག་ཏུ་འཇོག་པར་བྱེད་

དོ། །ཁ་ཅིག་ནི་ལངས་ནས་ཆོས་གོས་རྣམས་འཛིན་པར་བྱེད་དེ། འདི་སྐད་དུ་ཀྱེ་གཽ་ཏ་མ་ཚུར་སྤྱོན། ཀྱེ་གཽ་ཏ་མ་ཁྱོད་གཤེགས་པ་ལེགས་སོ། །ཀྱེ་གཽ་ཏ་མ་ཁྱོད་གདན་བཤམས་པ་ལ་བཞུགས་ཞེས་ཟེར་རོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཀྱེ་མ་

མི་བླུན་པོ་འདི་རྣམས་ནི་རང་གི་ནང་ཁྲིམས་ལས་ཉམས་སོ་སྙམ་དུ་དགོངས་ནས་གདན་བཤམས་པ་དེ་ཉིད་ལ་བཞུགས་སོ། །དེ་ཙམ་ན་དགེ་སློང་ལྔ་སྡེ་རྣམས་བཅོམ་ལྡན་འདས་ལ་མིང་གི་ཚིག་དང་རུས་ཀྱི་ཚིག་དང་ཚེ་དང་ལྡན་པ་ཞེས་བྱ་བའི་ཚིག་འབའ་ཞིག་རྗོད་པར་བྱེད་དོ། །དེ་

ནས་དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་ལྔ་སྡེ་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་དེ་བཞིན་གཤེགས་པ་ལ་མིང་གི་ཚིག་དང་རུས་ཀྱི་ཚིག་དང་ཚེ་དང་ལྡན་པ་ཞེས་བྱ་བའི་ཚིག་འབའ་ཞིག་མ་བརྗོད་ཅིག །ཁྱེད་ཡུན་རིང་པོ་ནས་གནོད་པ་དང་མི་ཕན་པ་དང་སྡུག་བསྔལ་བར་

གྱུར་ཏ་རེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་གང་ལ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ། མིང་གི་ཚིག་དང་རུས་ཀྱི་ཚིག་དང་ཚེ་དང་ལྡན་པ་ཞེས་བྱ་བའི་ཚིག་འབའ་ཞིག་རྗོད་པར་བྱེད་ན། དེ་ནི་ཡུན་རིང་པོར་དེ་ལ་གནོད་པ་དང་མི་ཕན་པ་

དང་སྡུག་བསྔལ་བར་འགྱུར་བའི་ཕྱིར་རོ། །དེ་དག་གིས་སྨྲས་པ། གཽ་ཏ་མ་ཁྱོད་ཀྱི་སྤྱོད་ལམ་དང་སྤྱོད་པ་དང་དཀའ་བ་སྤྱོད་པ་སྔ་མ་དེས་མིའི་ཆོས་ལས་ལྷག་པ། མཐར་ཐུག་པ་འཕགས་པའི་ཁྱད་པར་ཡེ་ཤེས་སམ་གཟིགས་པའམ་བདེ་བར་རེག་པ་ལ་གནས་པ་ཡང་

เล่ม ๗๓ · หน้า 97a

རུང་སྟེ་ཅི་ཡང་མ་ཐོབ་ན། ད་ཁྱེད་གཡེལ་བ་མང་དུ་སོགས་པ་མང་དུ་སོགས་ཤིང་འཚོ་བ་སྤོང་བ་ལས་ཉམས་པ་དང་། ད་ཁྱོད་ཁ་ཟས་མང་དུ་ཟ་ཞིང་འབྲས་ཅན་དང་ཙང་ཕྱེ་ཟ་ལ་ཞུན་མར་དང་ཏིལ་མར་གྱིས་ལུས་རྣམས་སྐུད་པར་བྱེད་ཅིང་ཆུ་དྲོན་པོས་ལུས་འཁྲུ་

བར་བྱེད་པས་ལྟ་ག་ལ་ཐོབ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ལྔ་སྡེ་རྣམས་ལ་བཀའ་སྩལ་པ། དགེ་སློང་ཁྱོད་ཀྱིས་དེ་བཞིན་གཤེགས་པ་སྔོན་དང་ད་ལྟར་གྱི་བཞིན་མདོག་འགྱུར་བ་དང་དབང་པོ་རྣམས་མི་འདྲ་བར་གྱུར་པ་མཐོང་ངམ། དེ་དག་གིས་གསོལ་པ།

ཀྱེ་གཽ་ཏ་མ་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མཐའ་འདི་གཉིས་ནི་རབ་ཏུ་བྱུང་བས་བསྟེན་པར་མི་བྱ་བསྙེན་པར་མི་བྱ་ཡོངས་སུ་བསྟེན་པར་མི་བྱ་སྟེ། གཉིས་གང་ཞེ་ན་འདོད་པ་རྣམས་ཀྱི་འདོད་པའི་བསོད་ཉམས་ལ་སྟེན་པ། ངན་པ་

གྲོང་མིའི་ཆོས་ཕལ་པ་སོ་སོའི་སྐྱེ་བོའི་ཆོས་གང་ཡིན་པ་དང་། བདག་ཉིད་ཉོན་མོངས་པ་ལ་སྟེན་པ། སྡུག་བསྔལ་བ་འཕགས་པའི་ཆོས་མ་ཡིན་པ་གནོད་པ་དང་ལྡན་པ་གང་ཡིན་པ་སྟེ། མཐའ་འདི་གཉིས་ལ་མི་བསྟེན་པར་མངོན་པར་ཤེས་པར་འགྱུར་བ་དང་མངོན་པར་བྱང་ཆུབ་པར་

འགྱུར་བ་དང་མྱ་ངན་ལས་འདའ་བར་འགྱུར་བའི་མིག་སྐྱེད་པ་དང་ཡེ་ཤེས་སྐྱེད་པ་དང་ཉེ་བར་ཞི་བར་བྱེད་པའི་དབུ་མའི་ལམ་ཡོད་དེ། དབུ་མའི་ལམ་གང་ཞེ་ན་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ་འདི་ལྟ་སྟེ་ཡང་དག་པའི་ལྟ་བ་དང་ཡང་དག་པའི་རྟོག་པ་དང་ཡང་དག་པའི་ངག་དང་

ཡང་དག་པའི་ལས་ཀྱི་མཐའ་དང་ཡང་དག་པའི་འཚོ་བ་དང་ཡང་དག་པའི་རྩོལ་བ་དང་ཡང་དག་པའི་དྲན་པ་དང་ཡང་དག་པའི་ཏིང་ངེ་འཛིན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ལྔ་སྡེ་རྣམས་བརྡ་སྤྲད་པ་འདིས་བརྡ་སྤྲོད་པར་སྤྱོད་པར་གྱུར་ཏེ། སྔ་དྲོ་བཅོམ་ལྡན་འདས་དགེ་སློང་ལྔ་སྡེ་

གཉིས་ལ་གདམས་ངག་སྟོན་ན་དགེ་སློང་གསུམ་གྲོང་དུ་བསོད་སྙོམས་ལ་འགྲོ་སྟེ། གསུམ་གྱིས་ཁྱེར་ཏེ་འོངས་པ་གང་ཡིན་པ་དེས་དྲུག་ཅར་འཚོ་བར་བྱེད་དོ། །ཕྱི་དྲོ་བཅོམ་ལྡན་འདས་དགེ་སློང་ལྔ་སྡེ་གསུམ་ལ་གདམས་ངག་སྟོན་ན་དགེ་སློང་གཉིས་གྲོང་དུ་བསོད་སྙོམས་ལ་

เล่ม ๗๓ · หน้า 97b

འགྲོ་སྟེ། གཉིས་ཀྱིས་ཁྱེར་ཏེ་འོངས་པ་གང་ཡིན་པ་དེས་ལྔ་སྡེ་རྣམས་འཚོ་བར་བྱེད་དོ། །བཅོམ་ལྡན་འདས་ནི་སྔ་ནས་ཀྱང་བཤོས་དུས་སུ་གསོལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ལྔ་སྡེ་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་སྔོན་མ་ཐོས་པའི་ཆོས་རྣམས་

ལ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ལས། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །སྙམ་དུ་མིག་སྐྱེས་སོ། །ཡེ་ཤེས་དང་རིག་པ་དང་བློ་སྐྱེས་སོ། །དགེ་སློང་དག་སྔོན་མ་ཐོས་པའི་ཆོས་རྣམས་ལ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ལས། འདི་ནི་སྡུག་བསྔལ་ཀུན་འབྱུང་

བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྱུར་བའི་ལམ་འཕགས་པའི་བདེན་པའོ་སྙམ་དུ་མིག་སྐྱེས་སོ། །ཡེ་ཤེས་དང་རིག་པ་དང་བློ་སྐྱེས་སོ། །དགེ་སློང་དག་སྔོན་མ་ཐོས་པའི་ཆོས་རྣམས་ལ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ལས། སྡུག་

བསྔལ་འཕགས་པའི་བདེན་པ་དེ་ནི། མངོན་པར་ཤེས་པས་ཡོངས་སུ་ཤེས་པར་བྱ་བ་ཡིན་ནོ་སྙམ་དུ་མིག་སྐྱེས་སོ། །ཡེ་ཤེས་དང་རིག་པ་དང་བློ་སྐྱེས་སོ། །དགེ་སློང་དག་སྔོན་མ་ཐོས་པའི་ཆོས་རྣམས་ལ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ལས། སྡུག་བསྔལ་ཀུན་འབྱུང་བ་

འཕགས་པའི་བདེན་པ་དེ་ནི་མངོན་པར་ཤེས་པས་སྤང་བར་བྱ་བ་ཡིན་ནོ་སྙམ་དུ་མིག་སྐྱེས་སོ། །ཡེ་ཤེས་དང་རིག་པ་དང་བློ་སྐྱེས་སོ། །དགེ་སློང་དག་སྔོན་མ་ཐོས་པའི་ཆོས་རྣམས་ལ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ལས། སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་དེ་ནི་མངོན་

པར་ཤེས་པས་མངོན་སུམ་དུ་བྱ་བ་ཡིན་ནོ། །སྙམ་དུ་མིག་སྐྱེས་སོ། །ཡེ་ཤེས་དང་རིག་པ་དང་བློ་སྐྱེས་སོ། །དགེ་སློང་དག་སྔོན་མ་ཐོས་པའི་ཆོས་རྣམས་ལ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ལས། སྡུག་བསྔལ་འགོག་པར་འགྱུར་བའི་ལམ་འཕགས་པའི་བདེན་པ་དེ་ནི་མངོན་པར་

ཤེས་པས་བསྒོམ་པར་བྱ་བ་ཡིན་ནོ་སྙམ་དུ་མིག་སྐྱེས་སོ། །ཡེ་ཤེས་དང་རིག་པ་དང་བློ་སྐྱེས་སོ། །དགེ་སློང་དག་སྔོན་མ་ཐོས་པའི་ཆོས་རྣམས་ལ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ལས། སྡུག་བསྔལ་འཕགས་པའི་བདེན་པ་དེ་ནི་མངོན་པར་ཤེས་པས་ཡོངས་སུ་ཤེས་སོ་སྙམ་དུ་མིག་སྐྱེས་སོ། །

เล่ม ๗๓ · หน้า 98a

ཡེ་ཤེས་དང་རིག་པ་དང་བློ་སྐྱེས་སོ། །དགེ་སློང་དག་སྔོན་མ་ཐོས་པའི་ཆོས་རྣམས་ལ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ལས། སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་དེ་ནི་མངོན་པར་ཤེས་པས་སྤངས་སོ་སྙམ་དུ་མིག་སྐྱེས་སོ། །ཡེ་ཤེས་དང་རིག་པ་

དང་བློ་སྐྱེས་སོ། །དགེ་སློང་དག་སྔོན་མ་ཐོས་པའི་ཆོས་རྣམས་ལ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ལས། སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་དེ་ནི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་སོ་སྙམ་དུ་མིག་སྐྱེས་སོ། །ཡེ་ཤེས་དང་རིག་པ་དང་བློ་སྐྱེས་སོ། །དགེ་སློང་

དག་སྔོན་མ་ཐོས་པའི་ཆོས་རྣམས་ལ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ལས། སྡུག་བསྔལ་འགོག་པར་འགྱུར་བའི་ལམ་འཕགས་པའི་བདེན་པ་དེ་ནི་མངོན་པར་ཤེས་པས་བསྒོམས་སོ་སྙམ་དུ་མིག་སྐྱེས་སོ། །ཡེ་ཤེས་དང་རིག་པ་དང་བློ་སྐྱེས་སོ། །དགེ་སློང་དག་འཕགས་པའི་བདེན་པ་

བཞི་ལ། དེ་ལྟར་ངའི་རབས་གསུམ་རྣམ་པ་བཅུ་གཉིས་པའི་མིག་མ་སྐྱེས། ཡེ་ཤེས་མ་སྐྱེས། རིག་པ་མ་སྐྱེས། བློ་མ་སྐྱེས་ཀྱི་བར་དུ། དགེ་སློང་དག་ང་ལྷ་དང་བཅས་པ་དང་བདུད་དང་བཅས་པ་དང་ཚངས་པ་དང་བཅས་པའི་འཇིག་རྟེན་དང་། དགེ་སྦྱོང་དང་བྲམ་ཟེ་དང་བཅས་

པའི་སྐྱེ་དགུ་དང་ལྷ་དང་མི་དང་བཅས་པའི་སྐྱེ་དགུ་འདི་ལས་གྲོལ་བ་དང་ངེས་པར་བྱུང་བ་དང་། མི་ལྡན་པ་དང་རྣམ་པར་གྲོལ་བ་དང་ཕྱིན་ཅི་ལོག་དང་བྲལ་བའི་སེམས་ཀྱིས་ཤས་ཆེར་གནས་པར་ཡང་མ་གྱུར་ལ། དགེ་སློང་དག་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་

མངོན་པར་རྫོགས་པར་སངས་རྒྱས་སོ་སྙམ་དུ་ཡང་ངས་མ་རྟོགས་སོ། །དགེ་སློང་དག་འཕགས་པའི་བདེན་པ་བཞི་ལ་དེ་ལྟར་ངའི་རབས་གསུམ་རྣམ་པ་བཅུ་གཉིས་པའི་མིག་སྐྱེས། ཡེ་ཤེས་དང་རིག་པ་དང་བློ་སྐྱེས་ནས། གདོད་དགེ་སློང་དག་ང་ལྷ་དང་བཅས་པ་དང་བདུད་དང་

བཅས་པ་དང་ཚངས་པ་དང་བཅས་པའི་འཇིག་རྟེན་དང་དགེ་སྦྱོང་དང་བྲམ་ཟེ་དང་བཅས་པའི་སྐྱེ་དགུ་དང་། ལྷ་དང་མིར་བཅས་པའི་སྐྱེ་དགུ་འདི་ལས་གྲོལ་བ་དང་ངེས་པར་བྱུང་བ་དང་མི་ལྡན་པ་དང་རྣམ་པར་གྲོལ་བ་དང་ཕྱིན་ཅི་ལོག་དང་བྲལ་བའི་སེམས་ཀྱིས་ཤས་ཆེར་གནས་པར་ཡང་གྱུར་ལ།

เล่ม ๗๓ · หน้า 98b

དགེ་སློང་དག་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་སྙམ་དུ་ཡང་ངས་རྟོགས་སོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ཚེ་དང་ལྡན་པ་ཀཽཎྜི་ནྱ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེ་ནས་དེར་

བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀཽཎྜི་ནྱ་ལ་བཀའ་སྩལ་པ། ཀཽཎྜི་ནྱ་ཁྱོད་ཀྱིས་ཆོས་ཀུན་ཤེས་སམ། བཅོམ་ལྡན་འདས་ཀུན་འཚལ་ལགས་སོ། །ཀཽཎྜི་ནྱ་ཁྱོད་ཀྱིས་ཆོས་ཀུན་ཤེས་སམ། ཀུན་ཤེས་སམ། བདེ་བར་གཤེགས་པ་ཀུན་འཚལ་ལགས་སོ། །ཀུན་འཚལ་ལགས་

སོ། །དེ་ནས་ཚེ་དང་ལྡན་པ་ཀཽཎྜི་ནྱ་ཆོས་ཀུན་ཤེས་པར་གྱུར་པས་ན། དེའི་ཕྱིར་ཚེ་དང་ལྡན་པ་ཀཽཎྜི་ནྱའི་མིང་ཀུན་ཤེས་ཀཽཎྜི་ནྱ་ཞེས་བྱ་བར་གྱུར་ཏོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ས་ལ་གནས་པའི་གནོད་སྦྱིན་རྣམས་སྒྲ་རྗོད་ཅིང་སྐད་འབྱིན་པར་བྱེད་དེ། གྲོགས་པོ་དག་

བཅོམ་ལྡན་འདས་ཀྱིས་ནི་བ་རཱ་ཎ་སཱིར་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་སུ་སྐྱེ་བོ་མང་པོ་ལ་ཕན་པ་དང་སྐྱེ་བོ་མང་པོ་ལ་བདེ་བ་དང་འཇིག་རྟེན་ལ་ཐུགས་བརྩེ་བ་དང་ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བའི་ཕྱིར་ཆོས་དང་འཐུན་པ། རབས་གསུམ་རྣམ་པ་བཅུ་གཉིས་པའི་ཆོས་ཀྱི་འཁོར་

ལོ་འཇིག་རྟེན་དུ་དགེ་སྦྱོང་ངམ་བྲམ་ཟེའམ་ལྷའམ་བདུད་དམ་ཚངས་པའམ་གཞན་གང་སུ་ཡང་རུང་བས། ཆོས་དང་ལྡན་པར་མ་བསྐོར་བ་དེ་བསྐོར་གྱིས་ལྷའི་གནས་རྣམས་ནི་མངོན་པར་འཕེལ་བར་འགྱུར་རོ། །ལྷ་མ་ཡིན་གྱི་གནས་རྣམས་ནི་ཡོངས་སུ་འགྲིབ་པར་འགྱུར་རོ་ཞེས་ཟེར་ཏོ། །

ས་ལ་གནས་པའི་གནོད་སྦྱིན་རྣམས་ཀྱི་སྒྲ་ཐོས་ནས། བར་སྣང་ལ་གནས་པའི་གནོད་སྦྱིན་རྣམས་དང་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་སུམ་ཅུ་རྩ་གསུམ་པ་རྣམས་དང་འཐབ་བྲལ་བ་རྣམས་དང་དགའ་ལྡན་པ་རྣམས་དང་འཕྲུལ་དགའ་བ་རྣམས་དང་གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱང་སྒྲ་

རྗོད་ཅིང་སྐད་འབྱིན་པར་བྱེད་དེ། སྐད་ཅིག་དེ་དང་ཐང་ཅིག་དེ་དང་ཡུད་ཙམ་དེ་དང་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་ཚངས་པའི་འཇིག་རྟེན་དུ་སྒྲ་གྲག་གོ། །ཚངས་རིས་ཀྱི་ལྷ་རྣམས་ཀྱང་སྒྲ་རྗོད་ཅིང་སྐད་འབྱིན་པར་བྱེད་དེ། གྲོགས་པོ་དག་བཅོམ་ལྡན་འདས་ཀྱིས་ནི་བ་རཱ་ཎ་སཱིར་དྲང་སྲོང་སྨྲ་བ་

เล่ม ๗๓ · หน้า 99a

རི་དགས་ཀྱི་ནགས་སུ་སྐྱེ་བོ་མང་པོ་ལ་ཕན་པ་དང་སྐྱེ་བོ་མང་པོ་ལ་བདེ་བ་དང་འཇིག་རྟེན་ལ་ཐུགས་བརྩེ་བ་དང་ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བའི་ཕྱིར་ཆོས་དང་འཐུན་པ། རབས་གསུམ་རྣམ་པ་བཅུ་གཉིས་པའི་ཆོས་ཀྱི་འཁོར་ལོ་འཇིག་རྟེན་དུ་དགེ་སྦྱོང་

ངམ་བྲམ་ཟེའམ་ལྷའམ་བདུད་དམ་ཚངས་པའམ་གཞན་སུ་ཡང་རུང་བས་ཆོས་དང་ལྡན་པར་མ་བསྐོར་བ་དེ་བསྐོར་གྱིས། ལྷའི་གནས་རྣམས་ནི་མངོན་པར་འཕེལ་བར་འགྱུར་རོ། །ལྷ་མ་ཡིན་གྱི་གནས་རྣམས་ནི་ཡོངས་སུ་འགྲིབ་པར་འགྱུར་རོ་ཞེས་ཟེར་ཏོ། །བཅོམ་ལྡན་འདས་ཀྱིས་བ་

རཱ་ཎ་སཱིར་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་སུ་ཆོས་དང་འཐུན་པ། རབས་གསུམ་རྣམ་པ་བཅུ་གཉིས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བས་ན། དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བར་གྱུར་ཏོ། །དེ་ནས་དེར་ཡང་ལན་གཉིས་སུ་བཅོམ་ལྡན་འདས་

ཀྱིས་དགེ་སློང་ལྔ་སྡེ་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་བཞི་པོ་འདི་དག་ནི་འཕགས་པའི་བདེན་པ་ཡིན་ཏེ། སྡུག་བསྔལ་འཕགས་པའི་བདེན་པ་དང་སྡུག་བསྔལ་ཀུན་འབྱུང་བ་དང་སྡུག་བསྔལ་འགོག་པ་དང་སྡུག་བསྔལ་འགོག་པར་འགྱུར་བའི་ལམ་འཕགས་པའི་བདེན་པའོ། །

སྡུག་བསྔལ་འཕགས་པའི་བདེན་པ་གང་ཞེ་ན། སྐྱེ་བའི་སྡུག་བསྔལ་དང་རྒ་བའི་སྡུག་བསྔལ་དང་ན་བའི་སྡུག་བསྔལ་དང་འཆི་བའི་སྡུག་བསྔལ་དང་སྡུག་པ་དང་བྲལ་བའི་སྡུག་བསྔལ་དང་མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་དང་གང་འདོད་པ་བཙལ་ཏེ་མི་རྙེད་པ་དེ་ཡང་སྡུག་བསྔལ་བ་

དང་མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་བ་སྟེ། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བྱའོ། །དེ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་དག་པའི་ལྟ་བ་དང་ཡང་དག་པའི་རྟོག་པ་དང་ཡང་དག་པའི་ངག་དང་ཡང་དག་

པའི་ལས་ཀྱི་མཐའ་དང་ཡང་དག་པའི་འཚོ་བ་དང་ཡང་དག་པའི་རྩོལ་བ་དང་ཡང་དག་པའི་དྲན་པ་དང་བརྒྱད་པ་སྟེ་ཡང་དག་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་གང་ཞེ་ན། ཡང་སྲིད་པར་སྐྱེ་བར་བྱེད་པ་དང་དགའ་བ་དང་འདོད་ཆགས་

เล่ม ๗๓ · หน้า 99b

སྤེལ་མར་འབྱུང་བ་དང་དེ་དང་དེར་མངོན་པར་དགའ་བའི་སྲེད་པ་སྟེ། འདི་ནི་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་ཞེས་བྱའོ། །དེ་སྤང་བའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་དག་པའི་ལྟ་བ་དང་ཡང་དག་པའི་རྟོག་པ་དང་ཡང་དག་པའི་ངག་དང་ཡང་དག་

པའི་ལས་ཀྱི་མཐའ་དང་ཡང་དག་པའི་འཚོ་བ་དང་ཡང་དག་པའི་རྩོལ་བ་དང་ཡང་དག་པའི་དྲན་པ་དང་བརྒྱད་པ་སྟེ་ཡང་དག་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་གང་ཞེ་ན། ཡང་སྲིད་པར་སྐྱེ་བར་བྱེད་པ་དང་དགའ་བ་དང་འདོད་ཆགས་

སྤེལ་མར་འབྱུང་བ་དང་དེ་དང་དེར་མངོན་པར་དགའ་བའི་སྲེད་པ་གང་ཡིན་པ་དེ་ཉིད་མ་ལུས་པར་སྤངས་པ་དང་བོར་བ་དང་བསལ་བ་དང་ཟད་པ་དང་བྲལ་བ་དང་འགོག་པ་དང་ཉེ་བར་ཞི་བ་དང་ནུབ་པ་སྟེ། འདི་ནི་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་ཞེས་བྱའོ། །དེ་མངོན་སུམ་དུ་

བྱ་བའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་དག་པའི་ལྟ་བ་དང་ཡང་དག་པའི་རྟོག་པ་དང་ཡང་དག་པའི་ངག་དང་ཡང་དག་པའི་ལས་ཀྱི་མཐའ་དང་ཡང་དག་པའི་འཚོ་བ་དང་ཡང་དག་པའི་རྩོལ་བ་དང་ཡང་དག་པའི་དྲན་པ་དང་བརྒྱད་པ་སྟེ་ཡང་དག་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །

སྡུག་བསྔལ་འགོག་པར་འགྱུར་བའི་ལམ་འཕགས་པའི་བདེན་པ་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། འདི་ལྟ་སྟེ་ཡང་དག་པའི་ལྟ་བ་དང་ཡང་དག་པའི་རྟོག་པ་དང་ཡང་དག་པའི་ངག་དང་ཡང་དག་པའི་ལས་ཀྱི་མཐའ་དང་ཡང་དག་པའི་འཚོ་བ་དང་ཡང་དག་པའི་རྩོལ་

བ་དང་ཡང་དག་པའི་དྲན་པ་དང་བརྒྱད་པ་སྟེ་ཡང་དག་པའི་ཏིང་ངེ་འཛིན་ཏེ་དེ་ཡང་བསྒོམ་པར་བྱའོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་ནི། ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དགེ་སློང་ལྔ་སྡེ་གཞན་རྣམས་ནི་ཆོས་རྣམས་

ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེའི་ཚེ་འཇིག་རྟེན་དུ་དགྲ་བཅོམ་པ་གཅིག་བྱུང་སྟེ། བཅོམ་ལྡན་འདས་དང་གཉིས་སོ། །དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་ལྔ་སྡེ་གཞན་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་གཟུགས་ནི་བདག་མ་ཡིན་ནོ། །དགེ་

เล่ม ๗๓ · หน้า 100a

སློང་དག་གལ་ཏེ་གཟུགས་བདག་ཡིན་དུ་ཟིན་ན་གཟུགས་གནོད་པ་དང་སྡུག་བསྔལ་བར་འགྱུར་བར་མི་རིགས་ལ། གཟུགས་ལ་བདག་གི་གཟུགས་འདི་ལྟ་བུར་གྱུར་ཅིག །འདི་ལྟ་བུར་མ་གྱུར་ཅིག་ཅེས་བྱ་བའི་དབང་ཡང་ཡོད་པར་འགྱུར་བར་རིགས་ན།

དགེ་སློང་དག་གང་གི་ཕྱིར་གཟུགས་བདག་མ་ཡིན་པ་དེའི་ཕྱིར། གཟུགས་གནོད་པ་དང་གཟུགས་སྡུག་བསྔལ་བར་ཡང་འགྱུར་ལ། གཟུགས་ལ་བདག་གི་གཟུགས་འདི་ལྟ་བུར་གྱུར་ཅིག །འདི་ལྟ་བུར་མ་གྱུར་ཅིག་ཅེས་བྱ་བའི་དབང་ཡང་མེད་དོ། །དགེ་སློང་དག་ཚོར་བ་དང་འདུ་

ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ནི་བདག་མ་ཡིན་ནོ། །དགེ་སློང་དག་གལ་ཏེ་རྣམ་པར་ཤེས་པ་བདག་ཡིན་དུ་ཟིན་ན། རྣམ་པར་ཤེས་པ་གནོད་པ་དང་སྡུག་བསྔལ་བར་འགྱུར་བར་མི་རིགས་ལ། རྣམ་པར་ཤེས་པ་ལ་བདག་གི་རྣམ་པར་ཤེས་པ་འདི་ལྟ་བུར་

གྱུར་ཅིག །འདི་ལྟ་བུར་མ་གྱུར་ཅིག་ཅེས་བྱ་བའི་དབང་ཡང་ཡོད་པར་འགྱུར་བར་རིགས་ན། དགེ་སློང་དག་གང་གི་ཕྱིར་རྣམ་པར་ཤེས་པ་བདག་མ་ཡིན་པ་དེའི་ཕྱིར། རྣམ་པར་ཤེས་པ་གནོད་པ་དང་སྡུག་བསྔལ་བར་ཡང་འགྱུར་ལ། རྣམ་པར་ཤེས་པ་ལ་བདག་གི་

གཟུགས་འདི་ལྟ་བུར་གྱུར་ཅིག །འདི་ལྟ་བུར་མ་གྱུར་ཅིག་ཅེས་བྱ་བའི་དབང་ཡང་མེད་དོ། །དགེ་སློང་དག་ཇི་སྙམ་དུ་སེམས་གཟུགས་རྟག་པ་ཡིན་ནམ་འོན་ཏེ་མི་རྟག་པ་ཡིན། བཙུན་པ་དེ་ནི་མི་རྟག་པ་ལགས་སོ། །མི་རྟག་པ་གང་ཡིན་པ་དེ་སྡུག་བསྔལ་བ་ཡིན་ནམ་འོན་ཏེ་

སྡུག་བསྔལ་བ་མ་ཡིན། བཙུན་པ་དེ་ནི་སྡུག་བསྔལ་བ་ལགས་སོ། །ཅི་མི་རྟག་པ་དང་སྡུག་བསྔལ་བ་དང་འགྱུར་བའི་ཆོས་ཅན་གང་ཡིན་པ་དེ་ལ། ཐོས་པ་དང་ལྡན་པའི་འཕགས་པ་ཉན་ཐོས་རྣམས་འདི་ནི་བདག་གིའོ། །འདི་ནི་བདག་གོ། །འདི་ནི་བདག་གི་བདག་གོ་སྙམ་དུ་

བདག་ཏུ་འཛིན་པར་བྱེད་དམ། བཙུན་པ་འཛིན་པར་མི་བགྱིད་ལགས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་རྟག་པ་ཡིན་ནམ་འོན་ཏེ་མི་རྟག་པ་ཡིན། བཙུན་པ་དེ་ནི་མི་རྟག་པ་ལགས་སོ། །མི་རྟག་པ་གང་ཡིན་

เล่ม ๗๓ · หน้า 100b

པ་དེ་སྡུག་བསྔལ་བ་ཡིན་ནམ་འོན་ཏེ་སྡུག་བསྔལ་བ་མ་ཡིན། བཙུན་པ་དེ་ནི་སྡུག་བསྔལ་བ་ལགས་སོ། །ཅི་མི་རྟག་པ་དང་སྡུག་བསྔལ་བ་དང་རྣམ་པར་འགྱུར་བའི་ཆོས་ཅན་གང་ཡིན་པ་དེ་ལ་ཐོས་པ་དང་ལྡན་པའི་འཕགས་པ་ཉན་ཐོས་རྣམས་འདི་ནི་བདག་གིའོ། །འདི་

ནི་བདག་གོ། །འདི་ནི་བདག་གི་བདག་གོ་སྙམ་དུ་བདག་ཏུ་འཛིན་པར་བྱེད་དམ། བཙུན་པ་འཛིན་པར་མི་བགྱིད་ལགས་སོ། །དགེ་སློང་དག་དེ་བས་ན་གཟུགས་ཅི་ཡང་རུང་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་དང་ནང་གིའམ་ཕྱི་རོལ་གྱིའམ་རགས་པའམ་ཆ་ཕྲ་བ་

འམ་ངན་པའམ་བཟང་པོའམ་ཐག་རིང་བའམ་ཉེ་བ་དེ་དག་ཐམས་ཅད་ལ་འདི་ནི་བདག་གི་མ་ཡིན་ནོ། །འདི་ནི་བདག་མ་ཡིན་ནོ། །འདི་ནི་བདག་གི་བདག་མ་ཡིན་ནོ་སྙམ་དུ་དེ་དེ་ལྟར་ཡང་དག་པའི་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་དུ་བལྟ་བར་བྱའོ། །དགེ་སློང་དག་ཚོར་བ་ཅི་

ཡང་རུང་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ཅི་ཡང་རུང་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་དང་ནང་གིའམ་ཕྱི་རོལ་གྱིའམ་རགས་པའམ་ཆ་ཕྲ་བའམ་ངན་པའམ་བཟང་པོའམ་ཐག་རིང་བའམ་ཉེ་བ་དེ་དག་ཐམས་ཅད་ལ་འདི་ནི་བདག་གི་མ་ཡིན་ནོ། །

འདི་ནི་བདག་མ་ཡིན་ནོ། །འདི་ནི་བདག་གི་བདག་མ་ཡིན་ནོ་སྙམ་དུ་དེ་དེ་ལྟར་ཡང་དག་པའི་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་དུ་བལྟ་བར་བྱའོ། །དགེ་སློང་དག་དེ་བས་ན་ཐོས་པ་དང་ལྡན་པའི་འཕགས་པ་ཉན་ཐོས་ཀྱིས་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་བདག་ཀྱང་མ་ཡིན། བདག་

གི་ཡང་མ་ཡིན་པར་ཡང་དག་པར་མཐོང་ངོ་། །དེས་དེ་ལྟར་ཡང་དག་པར་མཐོང་བས་ན་འཇིག་རྟེན་ཅི་ཡང་མི་ལེན་ཏོ། །མི་ལེན་པས་ན་ཡོངས་སུ་ཡི་འཆད་པ་མེད་དོ། །ཡོངས་སུ་ཡི་འཆད་པ་མེད་པས་ན་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱད་པ་སྤྱད་ཟིན་ཏོ། །བྱ་བ་བྱས་སོ། །

སྲིད་པ་འདི་ལས་གཞན་མེད་དོ་སྙམ་དུ་རང་ཉིད་ཡོངས་སུ་མྱ་ངན་ལས་འདའོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་དགེ་སློང་ལྔ་སྡེ་པོ་གཞན་རྣམས་ཀྱང་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དེའི་ཚེ་འཇིག་རྟེན་དུ་དགྲ་བཅོམ་པ་ལྔ་བྱུང་སྟེ། བཅོམ་ལྡན་

เล่ม ๗๓ · หน้า 101a

འདས་དང་དྲུག་གོ། །དེ་ནས་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་ལྔ་སྡེ་རྣམས་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ཏེ་དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་རིན་པོ་ཆེ་རྣམས་ཀྱི་སྐལ་ཤས་སྩལ་ནས།

གཡུང་དྲུང་གི་མཐར་ཐུག་པའི་གྲུབ་པ་དང་བདེ་བ་མྱ་ངན་ལས་འདས་པ་ལ་བཀོད་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་འབའ་ཞིག་མ་ཡིན་ཏེ་འདས་པའི་དུས་ན་ཡང་ངས་དགེ་སློང་ལྔ་སྡེ་པོ་འདི་རྣམས་ལ་བདག་གི་སྲོག་དང་བསྡོས་ཏེ།

ཆུའི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་ནས། རིན་ཐང་ཆེ་བའི་རིན་པོ་ཆེ་རྣམས་ཀྱི་སྐལ་ཤས་ཇི་ལྟར་བྱིན་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བ་རཱ་ཎ་སཱིའི་གྲོང་ཁྱེར་ན་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང་རྒྱས་པ་དང་།

བདེ་བ་དང་ལོ་ལེགས་པ་དང་སྐྱེ་བོ་དང་མི་མང་པོས་གང་བ་དང་རྩོད་པ་དང་འཐབ་པ་ཞི་བ་དང་འཁྲུག་པ་དང་ནང་འཁྲུག་དང་ཆོམ་རྐུན་དང་ནད་དང་མུ་གེ་མེད་པ་དང་འབྲས་སཱ་ལུ་དང་བུ་རམ་ཤིང་དང་བ་ལང་དང་མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ་བུ་གཅིག་པ་

སྡུག་པ་ལ་བྱ་བ་བཞིན་དུ་ཆོས་བཞིན་དུ་རྒྱལ་སྲིད་བྱེད་དོ། །དེའི་ཚེ་བཱ་རཱ་ཎ་སཱི་ན་དེད་དཔོན་དབྱིག་ཅེས་བྱ་བ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས།

ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་དགའ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་ནས་ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དགུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་མདོག་བཟང་བ། གསེར་གྱི་ཁ་དོག་

ཅན་མགོ་བོ་གདུགས་ལྟར་འདུག་པ་ལག་པ་རིང་བ་དཔྲལ་བའི་དབྱེས་ཆེ་བ་སྣ་མཐོ་བ་སྣ་ལེགས་པ་སྨིན་མ་སྟུག་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཁྱེའུ་འདི་དབྱིག་གི་བུ་ཡིན་གྱིས་ཁྱེའུ་འདིའི་མིང་དབྱིག་

เล่ม ๗๓ · หน้า 101b

དགའ་ཞེས་གདགས་སོ་ཟེར་རོ། །དེ་ནས་ཁྱེའུ་དབྱིག་དགའ་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུས་བསྐྱེད་བསྲིངས་ཏེ་མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང་ཁོང་རྩིས་དང་ཤོད་དགོད་པ་དང་།

ལག་རྩིས་དང་དབྱུང་བ་དང་སྦ་བ་དང་དགྲམ་པ་དང་གོས་བརྟག་པ་དང་ནོར་བུ་བརྟག་པ་དང་རིན་པོ་ཆེ་བརྟག་པ་དང་སྤོས་བརྟག་པ་དང་སྨན་བརྟག་པ་དང་གླང་པོ་ཆེ་བརྟག་པ་དང་རྟ་བརྟག་པ་དང་གོ་མཚོན་བརྟག་པ་བསླབས་ཏེ། ཡི་གེ་མཁས་པ་དང་ཀློག་མཁས་པ་དང་མཛངས་

པ་དང་བྱ་བ་ལ་གསལ་བ་དང་ཡིད་གཞུངས་པ་དང་བརྟག་པ་རྣམ་པ་བརྒྱད་ལ་བྱང་བར་གྱུར་ཏོ། །ཁྱེའུ་དེ་ཡང་བྱམས་པའི་རང་བཞིན་ཅན་སྙིང་རྗེ་དང་ལྡན་པ་སེམས་ཅན་ལ་བྱམས་པ་སྦྱིན་པ་ལ་དགའ་བ་ཞིག་སྟེ། དེས་ཕ་མ་ལ་གསོལ་ནས་དགེ་སྦྱོང་དང་བྲམ་ཟེ་དང་སྤྱོད་པ་

པ་དང་ཀུན་ཏུ་རྒྱུ་དང་དམན་པ་དང་སྡུག་ཅིང་ཕོངས་པ་རྣམས་ལ། སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱ་བ་ལ་ཞུགས་སོ། །དེ་ནས་ཕྱི་ཞིག་ན་དེད་དཔོན་དབྱིག་དགའི་ཕ་ནད་ཀྱིས་ཐེབས་ནས། དེ་རྩ་བ་དང་སྡོང་བུ་དང་ལོ་མ་དང་མེ་ཏོག་དང་འབྲས་བུའི་སྨན་རྣམས་ཀྱིས་རིམ་

གྲོ་བྱས་ཀྱང་སོས་པར་མ་ནུས་ཏེ་ཤི་ནས། དེ་རས་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་རྣམས་ཀྱིས་བརྒྱན་པའི་ཁྱོགས་ལ་ཁྱེར་ཏེ། རུས་བུ་ལ་རུས་བུའི་མཆོད་པ་བྱས་ནས་ཡུན་མི་རིང་བ་ཞིག་ཏུ་མདུན་བྱས་པ་ལས་མདུན་བོར་ཏེ་འདུག་གོ། །དེ་ནས་དེའི་བུ་དབྱིག་དགའ་དེ་

རྒྱལ་པོ་ཚངས་པས་བྱིན་གྱི་དེད་དཔོན་ཆེན་པོར་དབང་བསྐུར་ཏེ་དེའི་ནོར་གྱིས་ཚོང་པ་མང་པོ་ཉོ་ཚོང་བྱེད་དོ། །དེ་ཡང་ཕ་ཤི་ནས་སྦྱིན་པ་རྒྱ་ཆེན་པོ་བྱེད་པ་ལ་ཞུགས་སོ། །དེ་ནས་ཕྱི་ཞིག་ན་དེས་བསམས་པ། ནོར་འདི་ནི་བདག་གི་ཕས་བསགས་པ་ཡིན་ཏེ། བདག་གིས་འདི་ལས་སྦྱིན་པ་

དག་བྱིན་ཞིང་བསོད་ནམས་དག་བྱས་ན་འདིའི་ཕྱིར་བདག་ལ་གཞན་དག་འཕྱ་བར་འགྱུར་ཏེ། འདི་ནི་གཞན་གྱིས་བསགས་པའི་རྫས་རྣམས་ཀྱིས་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་དེ། འདི་ལ་ངོ་མཚར་ཆེ་བ་ཅི་ཡོད་ཅེས་ཟེར་བར་འོང་གིས་མ་ལ་བདག་ཉིད་ཀྱིས་ནོར་བསྒྲུབས་ཏེ།

เล่ม ๗๓ · หน้า 102a

རང་གི་ཞོ་ཤས་བསྒྲུབས་ནས་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱ་གོར་མ་ཆག་སྙམ་ནས་དེས་དྲིལ་བསྒྲགས་ཏེ། སུ་དེད་དཔོན་དབྱིག་དགའ་དང་ལྷན་ཅིག་ཏུ་ཤོ་གམ་མེད་པ་དང་། ལ་གཅན་གྱི་བཙས་མེད་པ་དང་གྲུ་བཙས་མེད་པ་དང་བསེལ་རྔན་མེད་

པར་རྒྱ་མཚོ་ཆེན་པོར་འགྲོ་འདོད་པ་དེ་དག་ཟོང་སྟ་གོན་གྱིས་ཤིག་ཅེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཚོང་པ་ལྔ་བརྒྱ་འདུས་ནས་དེ་དག་གིས་རྔ་མོ་དང་བ་ལང་དང་བོང་བུ་དག་གིས་ཟོང་བསྐྱས་ཏེ། གྲོང་དང་གྲོང་རྡལ་དང་གྲོང་ཁྱེར་དང་ནགས་ཁྲོད་ཀྱི་གྲོང་དང་ཡུལ་པོ་ཆེ་རྣམས་

སུ་རྒྱུས་ནས་རྒྱ་མཚོ་ཆེན་པོའི་འགྲམ་དུ་ཕྱིན་ཏེ། ཀཱར་ཥཱ་པ་ཎ་ལྔ་བརྒྱས་གྲུའི་གླ་བྱས་ནས་ཞོ་ཤས་འཚོ་བ་རྣམ་པ་ལྔ་སྟེ། འཚོ་བ་སྦྱོར་བ་དང་ནན་ཐུར་བྱེད་པ་དང་ཞལ་ཏ་བྱེད་པ་དང་འཕྱག་པ་དང་དྲོད་པ་རྣམས་ཀྱང་ཁྲིད་དོ། །དེ་ལ་འཚོ་བ་སྦྱོར་བ་གང་ཞེ་ན། དེའི་ནང་དུ་ཟས་

དང་སྐོམ་སྦྱོར་བ་གང་ཡིན་པའོ། །ནན་ཏུར་བྱེད་པ་གང་ཞེ་ན། དེའི་ནང་དུ་རྩོད་པ་བྱུང་ངོ་ཅོག་ཞི་བར་བྱེད་པ་གང་ཡིན་པའོ། །ཞལ་ཏ་བྱེད་པ་གང་ཞེ་ན། དེའི་ནང་དུ་ནོར་རྫས་ཀྱི་ཞལ་ཏ་བྱེད་པ་གང་ཡིན་པའོ། །འཕྱག་པ་གང་ཞེ་ན། དེའི་ནང་དུ་ཆུ་འཕྱག་པ་གང་ཡིན་པའོ། །

དྲོད་པ་གང་ཞེ་ན། དེའི་ནང་དུ་རྒྱུ་སྐར་རྣམས་ལ་ལྟ་བ་གང་ཡིན་པའོ། །དེ་ནས་ཚོང་པ་དེ་དག་གིས་རྒྱ་མཚོ་ཆེན་པོ་མཐོང་ནས་འཇིགས་ཏེ་གྲུའི་ནང་དུ་འཇུག་མི་འདོད་པར་གྱུར་ཏོ། །དེ་ནས་དེད་དཔོན་གྱིས་དྲོད་པ་ལ་སྨྲས་པ། ཀྱེ་མི་ཁྱོད་ཀྱིས་རྒྱ་མཚོ་ཆེན་པོའི་བསྔགས་པ་ཇི་ལྟ་བ་

བཞིན་དུ་སྒྲོགས་ཤིག །དེ་ནས་དྲོད་པས་བསྒྲགས་ཏེ། ཀྱེ་འཛམ་བུའི་གླིང་པའི་ཚོང་པ་དག་ཉོན་ཅིག །རྒྱ་མཚོ་ཆེན་པོ་འདིའི་ནང་ན་ནོར་བུ་རིན་པོ་ཆེ་རིན་ཐང་ཆེ་བ་འདི་ལྟ་སྟེ། ནོར་བུ་དང་མུ་ཏིག་དང་བཻ་དཱུརྱ་དང་དུང་དང་ནོར་རྡོ་དང་བྱི་རུ་དང་དངུལ་དང་གསེར་དང་རྡོའི་སྙིང་པོ་དང་སྤུག་དང་།

པད་མ་རཱ་ག་དང་། དུང་གཡས་སུ་འཁྱིལ་བ་དེ་ལྟ་བུ་དག་ཡོད་ན། ཁྱེད་ཀྱི་ནང་ནས་སུ་རིན་པོ་ཆེ་དེ་ལྟ་བུ་དག་གིས་བདག་ཉིད་དང་ཕ་མ་དང་བུ་དང་ཆུང་མ་དང་བྲན་ཕོ་དང་བྲན་མོ་དང་ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་མཛའ་བོ་དང་བློན་པོ་དང་ཉེ་དུ་དང་རྒན་རབས་རྣམས་ཡང་དག་པའི་

เล่ม ๗๓ · หน้า 102b

བདེ་བས་ཚིམ་པར་བྱ་བ་དང་། དུས་དུས་སུ་དགེ་སྦྱོང་དང་བྲམ་ཟེ་རྣམས་ལ་གྱེན་དུ་འགྲོ་བར་འགྱུར་བ་དང་། སྐལ་བ་དང་ལྡན་པར་འགྱུར་བ་དང་། རྣམ་པར་སྨིན་པ་བདེ་བར་འགྱུར་བ་དང་། ཕྱི་མ་ལ་ཡང་མཐོ་རིས་སུ་སྐྱེ་བར་འགྱུར་བའི་ཡོན་དབུལ་བར་འདོད་པ་དེ་ནི་རྒྱ་མཚོ་

ཆེན་པོའི་ནང་དུ་འགྲོ་བར་གྱིས་ཤིག་ཅེས་བྱས་པ་དང་འཇིག་རྟེན་པ་དག་ནི་འབྱོར་པ་འདོད་པ་སྟེ། སྐྱེ་བོ་ཕལ་པོ་ཆེ་གྲུའི་ནང་དུ་ཞུགས་ནས་གྲུ་དེས་མི་ཐེག་པར་གྱུར་ཏེ། དེད་དཔོན་དེས་བསམས་པ་ད་ནི་ཕྱིར་ཕྱུང་ཤིག་ཅེས་ཀྱང་ཇི་སྐད་བྱ་སྙམ་ནས་དེས་དྲོད་པ་ལ་སྨྲས་པ། ཀྱེ་མི་ཁྱོད་

ཀྱིས་རྒྱ་མཚོ་ཆེན་པོའི་བསྔགས་པ་མ་ཡིན་པ་ཇི་ལྟ་བ་བཞིན་དུ་སྒྲོགས་ཤིག །དེ་ནས་དྲོད་པས་བསྒྲགས་ཏེ། ཀྱེ་འཛམ་བུའི་གླིང་པའི་ཚོང་པ་དག་ཉོན་ཅིག །རྒྱ་མཚོ་ཆེན་པོ་འདིའི་ནང་ན་ཤིན་ཏུ་འཇིགས་པ་ཆེན་པོ་འདི་ལྟ་བུ་དག་ཡོད་དེ། འདི་ལྟ་སྟེ། ཉའི་འཇིགས་པ་དང་། ཉ་མིད་

ཀྱི་འཇིགས་པ་དང་། ཉ་མིད་མིད་ཀྱི་འཇིགས་པ་དང་། རླབས་ཀྱི་འཇིགས་པ་དང་། ཀློང་གི་འཇིགས་པ་དང་། ཆུ་སྲིན་ཀུམ་བྷི་རའི་འཇིགས་པ་དང་། ཆུ་སྲིན་ཤི་ཤུ་མཱ་རའི་འཇིགས་པ་དང་། ཆུའི་ནང་གི་རི་རྣམས་ལ་ཐུག་པའི་འཇིགས་པ་དང་། རླུང་ནག་པོའི་འཇིགས་པ་དང་།

དེར་ཆོམ་རྐུན་གོས་སྔོན་པོ་དང་། ནག་པོ་གྱོན་ལ་ནོར་ཕྲོག་ཅིང་འོང་སྟེ། དེ་དག་གིས་ཁྱེད་གཏན་དུ་སྲོག་དང་བྲལ་བར་བྱེད་པ་དག་ཀྱང་ཡོད་ན། ཁྱེད་ཀྱི་ནང་ན་སུ་བདག་ཉིད་ཕངས་པ་དང་། ཕ་མ་གཉིས་དང་། བུ་དང་། ཆུང་མ་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་།

ཞོ་ཤས་འཚོ་བ་དང་། མཛའ་བོ་དང་། བློན་པོ་དང་། ཉེ་དུ་དང་། རྒན་རབས་རྣམས་འདོར་ཕོད་པ་དེ་ནི། རྒྱ་མཚོ་ཆེན་པོའི་ནང་དུ་འགྲོ་བར་གྱིས་ཤིག །ཅེས་བྱས་པ་དང་དཔའ་བོ་ནི་ཉུང་སྡར་མ་ནི་མང་སྟེ། སྐྱེ་བོ་ཕལ་པོ་ཆེ་ཕྱིར་འཐོན་ནས་གྲུ་དེས་ཐེག་པར་གྱུར་ཏོ། །དེ་ནས་དྲོད་པས་

ལན་གསུམ་གྱི་བར་དུ་སྒྲ་བསྒྲགས་ཏེ། དེའི་འོག་ཏུ་ཉག་ཐག་གཅིག་བཀྲོལ་ལོ། །དེ་ནས་ཉག་ཐག་གཉིས་དང་གསུམ་ཡང་བཀྲོལ་ལོ། །དེ་ནས་གྲུ་དེ་དྲོད་པ་ཆེན་པོས་ནི་བསྡམས་རླུང་མཐུ་ཆེན་པོས་ནི་ཁྱེར་ནས་སྤྲིན་ཆེན་པོ་བཞིན་དུ་ཆས་ཏེ། རླུང་དྲང་པོར་འགྲོ་བས་རིན་པོ་ཆེའི་གླིང་དུ་

เล่ม ๗๓ · หน้า 103a

ཕྱིན་པར་བྱས་སོ། །དེ་ནས་དྲོད་པས་སྒྲ་བསྒྲགས་པ། ཀྱེ་འཛམ་བུའི་གླིང་པའི་ཚོང་པ་རྣམས་རིན་པོ་ཆེའི་གླིང་འདི་ན་མཆིང་བུ་ནོར་བུ་རིན་པོ་ཆེ་འདྲ་བ་དག་ཡོད་དེ། དེ་དག་ཁྱེད་ཀྱིས་བརྟག་ཅིང་བརྟག་ཅིང་བླང་བར་གྱིས་ཤིག །ཁྱེད་འཛམ་བུའི་གླིང་དུ་སོན་

པའི་འོག་ཏུ་འགྱོད་པར་གྱུར་ཏ་རེ། རིན་པོ་ཆེའི་གླིང་འདི་ཉིད་ན་སྲིན་མོ་ཁྲུང་ཁྲུང་གཞོན་ནུ་མ་ཞེས་བྱ་བ་དག་ཀྱང་གནས་ཏེ། ཐབས་ཇི་ལྟ་བུས་ཀྱང་སྐྱེས་པ་བྲིད་ནས་འདི་ཉིད་དུ་མ་རུངས་པར་བྱེད་ཅིང་སྡུག་བསྔལ་བར་བྱེད་དོ། །རིན་པོ་ཆེའི་གླིང་འདི་ཉིད་ན་མྱོས་པར་བྱེད་པའི་ཤིང་ཏོག་

དག་ཡོད་དེ། དེ་དག་སུས་ཟོས་པ་དེ་ཞག་བདུན་གྱི་བར་དུ་བརྒྱལ་ཏེ་འདུག་པར་འགྱུར་གྱིས་དེ་དག་ཁྱེད་མ་ཟ་ཞིག །རིན་པོ་ཆེའི་གླིང་འདི་ཉིད་ན་མི་མ་ཡིན་པ་དག་ཀྱང་གནས་ཏེ། དེ་དག་ནི་གཞན་ཞག་བདུན་གྱི་བར་དུ་འདུག་པར་ནི་བཟོད་ཀྱི། ཞག་བདུན་ལས་འདས་ནས་དོན་གང་

བསྒྲུབས་པ་དེ་དག་མ་ཟིན་པར་རླུང་གང་གིས་གྲུ་ཁྱེར་བར་བྱེད་པ་དེ་ལྟ་བུའི་རླུང་གཏོང་བར་བྱེད་དོ་ཞེས་བསྒོ་ནས། དེ་ཐོས་པས་ཚོང་པ་རྣམས་ཀྱིས་བསྒྲིམས་ཏེ་བག་ཡོད་པར་འདུག་ནས། དེ་དག་གིས་རིན་པོ་ཆེ་རྣམས་བརྟག་ཅིང་བརྟག་ཅིང་གྲུ་དེ་བཀང་སྟེ། དཔེར་ན། ཏིལ་དང་། འབྲས་

དང་། བ་ད་རའི་འབྲས་བུ་དང་རྒྱ་སྲན་གྱིས་གང་བ་བཞིན་དུ་བྱས་ཏེ། དེ་དག་རླུང་དྲང་པོས་འཛམ་བུའི་གླིང་དུ་ཕྱིན་པར་བྱས་སོ། །དེས་ཐབས་དེ་ལྟ་བུར་རྒྱ་མཚོའི་གྲུའི་དོན་ལན་དྲུག་གི་བར་དུ་བསྒྲུབས་ཏེ། བ་རཱ་ཎ་སཱིར་འོངས་ནས་སྦྱིན་པ་དག་སྦྱིན་པ་དང་བསོད་ནམས་དག་བྱེད་པ་ལ་

ཞུགས་སོ། །དེའི་ཚེ་དེ་མ་ཡིན་པའི་གྲོང་ཁྱེར་ལྔ་ན་དེད་དཔོན་ལྔ་གནས་ཏེ། དེ་དག་ནི་སོང་སྟེ་བོར་ཡང་གྲུ་རྣམས་མ་རུངས་པར་གྱུར་ནས་དེ་དག་གིས་བསམས་པ། སེམས་ཅན་བསོད་ནམས་ཀྱིས་ཆེ་བར་གྲགས་པ་གཅིག་གི་མཐུས་སེམས་ཅན་མང་པོ་བདེ་བར་འགྱུར་ལ། དེད་

དཔོན་ཆེན་པོ་དབྱིག་དགའ་དེ་ནི། བསོད་ནམས་ཀྱིས་ཆེ་བར་གྲགས་པ་ཡིན་ཏེ། དེས་རྒྱ་མཚོའི་གྲུའི་དོན་ལན་དྲུག་གི་བར་དུ་བསྒྲུབས་ཀྱིས། གལ་ཏེ་བདག་ཅག་གིས་དེ་སྤྲོ་བ་བསྐྱེད་པར་ནུས་ན་ནི། དེའི་མཐུས་བདག་ཅག་གིས་ནོར་བསྒྲུབ་པར་ནུས་པར་འགྱུར་རོ་སྙམ་སྟེ།

เล่ม ๗๓ · หน้า 103b

ལྷན་ཅིག་ཏུ་འདུས་ནས་བཱ་རཱ་ཎ་སཱིར་སོང་སྟེ་དེད་དཔོན་དབྱིག་དགའི་ཐད་དུ་སོང་ནས་སྨྲས་པ། དེད་དཔོན་བདག་ཅག་སོང་སྟེ་བོར་ཡང་ནོར་གྱི་གྲུ་རྣམས་མ་རུངས་པར་གྱུར་ཏེ། ཁྱོད་ནི་བསོད་ནམས་ཀྱིས་ཆེ་བར་གྲགས་པ་ལགས་ཀྱིས། བདག་ཅག་ལ་ཐུགས་བརྩེ་བའི་སླད་

དུ། རྒྱ་མཚོ་ཆེན་པོའི་ནང་དུ་བཞུད་དང་ཁྱོད་ཀྱི་མཐུས་བདག་ཅག་གིས་ནོར་བསྒྲུབ་ནུས་པར་འགྱུར་རོ། །དེས་སྨྲས་པ། ཀྱེ་རྒྱ་མཚོ་ཆེན་པོའི་ཆོས་ཀྱིས་ནི། གྲུ་བདུན་པ་མ་རུངས་པར་འགྱུར་ཏེ། སྔན་ཆད་གང་གིས་ཀྱང་རྒྱ་མཚོའི་གྲུའི་དོན་ལན་བདུན་གྲུབ་པ་སུ་ཡང་མེད་དོ། །

འོན་ཀྱང་ཁྱེད་ཀྱིས་བསམས་པ་ཡོངས་སུ་བསྐང་བར་བྱ་སྟེ། ཁྱེད་ཁོ་ན་ལ་སྙིང་བརྩེ་བའི་ཕྱིར། ལན་བདུན་དུ་རྒྱ་མཚོའི་ནང་དུ་འགྲོ་བར་བྱའོ་ཞེས་སྨྲས་ནས། དེད་དཔོན་ཆེན་པོ་དབྱིག་དགས་དེད་དཔོན་ལྔ་པོ་དེ་དག་ཁྲིད་དེ་རྒྱ་མཚོ་ཆེན་པོའི་ནང་དུ་སོང་བ་ལས་དེ་རིན་པོ་ཆེའི་

གླིང་དུ་ཕྱིན་ནས་རིན་པོ་ཆེ་བསྡུས་ཏེ་ཡང་འཛམ་བུའི་གླིང་ལོགས་སུ་གྲུ་བཏང་ངོ་། །དེ་ནས་དེད་དཔོན་ཆེན་པོ་དབྱིག་དགའ་རྒྱ་མཚོ་ཆེན་པོའི་ནང་ན་འདུག་བཞིན་དུ་འདི་སྙམ་དུ་སེམས་ཏེ། བདག་ཅག་རྒྱ་མཚོ་ཆེན་པོའི་ནང་ན་འཁོད་པ་རྣམས་ཉེ་ཞོ་མེད་པ་དང་བདེ་བླག་ཏུ་ཕ་རོལ་ཏུ་

སོན་པར་འགྱུར་དུ་མངོན་པ་མེད་ཀྱིས། མ་ལ་བདག་གིས་རིན་པོ་ཆེ་རིན་ཐང་ཆེན་པོ་རྣམས་ཀྱིས་སྒྱེའུ་བཀང་སྟེ། རྐེད་པ་ལ་བཅིང་བར་བྱའོ་སྙམ་ནས། དེས་རིན་པོ་ཆེ་རིན་ཐང་ཆེན་པོ་རྣམས་ཀྱིས་སྒྱེའུ་བཀང་སྟེ། རྐེད་པ་ལ་བཅིངས་ནས་ཚོང་པ་དེ་དག་ལ་སྨྲས་པ། ཀྱེ་གལ་ཏེ་

བརྒྱ་ལ་གྲུ་མ་རུངས་པར་གྱུར་ན། ཁྱེད་ངའི་ལུས་ལ་འཇུས་ཤིག །དེ་ནས་ཕྱི་ཞིག་ན་ཆུའི་ནང་ན་འདུག་པའི་རིས་དེ་དག་གི་གྲུ་བཤིག་ནས། དེད་དཔོན་ལྔ་པོ་དེ་དག་དེད་དཔོན་དབྱིག་དགའི་ལུས་ལ་འཇུས་སོ། །དེ་ནས་དེད་དཔོན་དབྱིག་དགས་བསམས་པ། བདག་གསོན་པོར་

འདུག་བཞིན་དུ་ནི་འདི་རྣམས་རྒྱ་མཚོ་ཆེན་པོ་ལས་བསྒྲལ་བར་མི་ནུས་ལ། རྒྱ་མཚོ་ཆེན་པོ་ནི་ཤི་བའི་རོ་དང་ལྷན་ཅིག་གནས་པ་མི་སྲིད་ཅིང་སྐབས་མེད་དེ། དེ་ནི་གནས་མ་ཡིན་པས་ན། བདག་ཤི་བ་དང་། རྒྱ་མཚོ་ཆེན་པོ་ལས་མྱུར་དུ་རྒལ་བར་འགྱུར་རོ་སྙམ་ནས། དེད་དཔོན་

เล่ม ๗๓ · หน้า 104a

རྣམས་ལ་སྨྲས་པ། ཀྱེ་ཁྱེད་རྣམས་བརྟན་ཞིང་སྤྲོ་བ་ཆེར་སྐྱེད་ཅིག་དང་། ངས་ཁྱེད་ཅི་ནས་ཀྱང་ཉེ་ཞོ་མེད་པར་བདེ་བླག་ཏུ་རྒྱ་མཚོ་ཆེན་པོ་ལས་བརྒལ་བར་བྱའོ། །བརྒལ་ཟིན་ནས་ཀྱང་ངའི་ལུས་མ་དོར་བར་ངས་རིན་པོ་ཆེ་རིན་ཐང་ཆེན་པོ་རྣམས་ཀྱིས་

སྒྱེའུ་བཀང་སྟེ། རྐེད་པ་ལ་བཅིངས་པ་དེ་ཁྱེད་ཀྱིས་བགོ་བཤའ་གྱིས་ལ་ཁྱེར་ཅིག་དང་། དེས་ཁྱེད་ཀྱི་གཉི་གའི་ཕྱོགས་ཀྱི་བདུན་རྒྱུད་འཚོ་བར་འགྱུར་རོ་ཞེས་སྨྲས་པ་དང་། དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་ན་

བདག་འཇིག་རྟེན་ལོང་བ་འདྲེན་པ་མེད་ཅིང་ཡོངས་སུ་འདྲེན་པ་མེད་པ་དང་སྟོན་པ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་

བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་ཅིག་ཅེས་བྱས་སོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་ནས། མཚོན་རྣོན་པོ་བླངས་ཏེ་མགུལ་པ་བཅད་དོ། །རྒྱ་མཚོ་ཆེན་པོ་ནི་ཤི་བའི་རོ་དང་ལྷན་

ཅིག་གནས་མི་སྲིད་ཅིང་སྐབས་མེད་དེ། འདི་ནི་གནས་མ་ཡིན་པས་ན། དེ་ཀླུ་གཙང་སྦྲ་ལ་དགའ་བ་རྣམས་ཀྱིས་འགྲམ་དུ་ཕུལ་ནས་ཐང་ལ་བོར་རོ། །དེ་ནས་དེ་དག་གིས་དེའི་རོ་ལས་རིན་པོ་ཆེ་དེ་དག་བཀྲོལ་ཏེ་བགོ་བཤའ་བྱས་ནས། དེའི་རུས་བུ་ལ་མཆོད་པ་བྱས་ཏེ་དོང་ངོ་། །

དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེད་དཔོན་དབྱིག་དགའ་ཞེས་བྱ་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པར་གྱུར་པ་གང་ཡིན་པ་དེ་ནི་ང་ཡིན་ནོ། །དེའི་ཚེ་དེད་དཔོན་ལྔ་པོར་གྱུར་པ་གང་ཡིན་པ་དེ་དག་ནི་དགེ་སློང་ལྔ་སྡེ་པོ་འདི་རྣམས་ཡིན་ཏེ། དེའི་ཚེ་ན་ཡང་འདི་

རྣམས་ངས་རང་གི་སྲོག་དང་བསྡོས་ཏེ། ཆུའི་རྒྱ་མཚོ་ལས་བསྒྲལ་ནས། རིན་པོ་ཆེ་རིན་ཐང་ཆེན་པོ་དག་གི་སྐལ་ཤས་བྱིན་ཏེ། ཉེ་ཞོ་མེད་ཅིང་བདེ་བའི་གནས་སུ་བཀོད་ལ། ད་ལྟར་ཡང་ངས་འདི་རྣམས་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ཏེ། དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་

เล่ม ๗๓ · หน้า 104b

ཡན་ལག་རིན་པོ་ཆེའི་སྐལ་ཤས་བྱིན་ནས། གཡུང་དྲུང་གི་མཐར་ཐུག་པའི་གྲུབ་པ་དང་། བདེ་བ་མྱ་ངན་ལས་འདས་པ་ལ་བཀོད་དོ།། །།ལས་བརྒྱ་ཐམ་པ། བམ་པོ་དགུ་པ། དོམ་གཉིས་ཞེས་བྱ་བ་དེ་ལ་དོམ་དང་པོ་ནི། གླེང་གཞི་རྒྱལ་པོའི་ཁབ་ན་

བཞུགས་ཏེ། བཅོམ་ལྡན་འདས་ཡུལ་ག་ཡཱར་གཤེགས་པ་ན། ཆམ་པས་བཏབ་ནས་སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱིས་ལྕགས་མདའ་ཞེས་བྱ་བའི་སྨན་མར་ཕན་ཞེས་གསོལ་ནས། དེ་ཉིད་ཀྱིས་སྨན་མར་བསྐོལ་ཏེ། བཅོམ་ལྡན་འདས་ལ་སྨན་མར་གསོལ་ཏོ། །དེ་ནས་དེ་ལས་

ལྷག་པར་གྱུར་ནས་འཚོ་བྱེད་ཀྱིས་གསོལ་པ། བཙུན་པ་ཆབ་མར་གྱི་ལྷག་མ་བདག་གིས་སུ་ལ་སྩལ་བར་འཚལ། དེ་ནས་དེར་བཅོམ་ལྡན་འདས་ཀྱིས་འཚོ་བྱེད་ལ་བཀའ་སྩལ་པ། འཚོ་བྱེད་དགེ་འདུན་ལ་བྲིམས་ལ་སུ་འདོད་པ་ལ་བྱིན་ཅིག །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ་བཞིན་འཚལ་ལོ་ཞེས་གསོལ་ནས། འཚོ་བྱེད་ཀྱིས་མར་གྱི་ལྷག་མ་དེ་དགེ་འདུན་ལ་བྲིམས་ནས། དེར་དགེ་སློང་རྣམས་ཀྱིས་གཅིག་གིས་ཀྱང་མ་བླངས་ཏེ། ལྷས་བྱིན་གྱིས་མཐོང་ནས་སྨྲས་པ་འཚོ་བྱེད་དེ་ཅི། འཚོ་བྱེད་ཀྱིས་སྨྲས་པ། བཅོམ་ལྡན་འདས་ཀྱིས་

ལྕགས་མདའ་ཞེས་བྱ་བའི་སྨན་མར་གསོལ་བ་དེའི་ལྷག་མ་འདི། དགེ་སློང་རྣམས་ལ་བྲིམས་ན་སུས་ཀྱང་མ་བླངས་སོ། །ལྷས་བྱིན་གྱིས་སྨྲས་པ། ངས་བླང་གིས་དགེ་སྦྱོང་གཽ་ཏ་མས་ཇི་ཙམ་འཐུངས་པ་དེ་ཙམ་བྱིན་ཅིག །འཚོ་བྱེད་ཀྱིས་སྨྲས་པ། ལྷས་བྱིན་བཅོམ་ལྡན་

འདས་ནི་སྐུ་ཡང་ཆེ་ལ་ཉམ་སྟོབས་ཀྱང་ཆེའོ། །ཁྱོད་ཀྱིས་ནི་དེ་སྙེད་འཇུ་བར་མི་ནུས་སོ། །དེས་སྨྲས་པ། དགེ་སྦྱོང་གཽ་ཏ་མས་ཞུ་ན་ངས་ཅིའི་ཕྱིར་མི་ཞུ་ཞེས་སྨྲས་ནས། ལྷས་བྱིན་གྱིས་འཚོ་བྱེད་ཀྱི་ཚིག་དེ་མ་མཉན་ནས། བཅོམ་ལྡན་འདས་ཀྱིས་ཇི་ཙམ་གསོལ་བ་དེ་ཙམ་

ཞིག་དེས་ཀྱང་འཐུངས་སོ། །དེ་ནས་དེར་བཅོམ་ལྡན་འདས་ཀྱིས་ཕྱི་དེ་ཉིན་འབྲས་ཐུག་སླ་བའི་ཆོ་ག་མཛད་དེ་བཤོས་གསོལ་ཏོ། །དེ་ནས་ལྷས་བྱིན་གྱིས་འབྲས་ཐུག་སླ་བའི་ཆོ་ག་མཛད་དེ། བཤོས་གསོལ་ཏོ་ཞེས་ཐོས་ནས་འཚོ་བྱེད་ལ་སྨྲས་པ། འཚོ་བྱེད་བདག་གིས་ཀྱང་

เล่ม ๗๓ · หน้า 105a

འབྲས་ཐུག་སླ་བའི་ཆོ་ག་བྱའོ། །དེ་ནས་འཚོ་བྱེད་ཀྱིས་དེའི་བཞིན་མདོག་བལྟས་ནས་སྨྲས་པ། ལྷས་བྱིན་ཁྱོད་ཀྱིས་མར་ཉིད་ཀྱང་མ་ཞུ་ན་འབྲས་ཐུག་སླ་བའི་ཆོ་ག་ཇི་ལྟར་བྱ། དེས་སྨྲས་པ། དགེ་སྦྱོང་གཽ་ཏ་མས་ཞུ་ན་ངས་ཅིའི་ཕྱིར་མི་ཞུ་ཞེས་དེ་སྐད་

སྨྲས་ཏེ། དེས་ཀྱང་འབྲས་ཐུག་སླ་བའི་ཆོ་ག་བྱས་ནས། དེས་འཐུངས་མ་ཐག་ཏུ་ལྟོ་ནད་ཀྱིས་བཏབ་སྟེ། དེ་ནད་མི་བཟོད་ནས་ས་ལ་འགྲེ་ལྡོག་པར་བྱེད་དོ། །འཇིག་རྟེན་ན་ནི་མཛའ་བོ་དང་དགྲ་བོ་དང་བར་མ་ཡོད་དེ། ཁ་ཅིག་ནི་དོང་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་སྦྲན་པ།

བཙུན་པ་ཀུན་དགའ་བོ་ལྷས་བྱིན་ནི་ལྟོ་ནད་ཀྱིས་ཤི་ལ་ཐུག་གོ་ཞེས་བྱས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་དེ་ཐོས་ནས་སྤུན་ལ་གདུང་བས་མི་དགའ་བར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ནས་གསོལ་པ། བཙུན་པ་ལྷས་བྱིན་ནི་ལྟོ་ནད་ཀྱིས་གུམ་ལ་ཐུག་ན། བཅོམ་

ལྡན་འདས་ཀྱིས་དེའི་སྐྱབས་མཛད་པར་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་གསན་མ་ཐག་ཏུ་སྙིང་རྗེ་ཆེན་པོས་ཟིན་ནས། ལྷས་བྱིན་ག་ལ་བ་དེར་གཤེགས་ཏེ། བྱོན་ནས་ལྷས་བྱིན་གྱི་མགོ་བོ་ལ་ཕྱག་བཞག་སྟེ་བཀའ་སྩལ་པ། ལྷས་བྱིན་བདེན་པ་དང་བདེན་པའི་ཚིག་གང་

གིས་གཤེད་མའི་མི་ཁྱོད་དང་། སྒྲ་གཅན་ཟིན་ཐལ་མོ་སྦྱོར་བ་གཉིས་ལ་ངའི་སེམས་སྙོམས་ན། བདེན་པ་དང་བདེན་པའི་ཚིག་དེས་ཁྱོད་ནད་མེད་པར་གྱུར་ཅིག །དེ་ནས་དེ་སྐད་ཅེས་བཀའ་སྩལ་པའི་མོད་ལ་ལྷས་བྱིན་བདེ་བར་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་

པ། ལྷས་བྱིན་བཅོམ་ལྡན་འདས་ནི་ཁྱོད་ལ་དཀའ་བ་མཛད་པ་དང་སྲོག་ཕངས་པ་སྦྱིན་པ་ཡིན་ནོ། །དེས་སྨྲས་པ་དེ་ལ་ངོ་མཚར་ཆེ་བ་ཅི་ཡོད་དེ། གལ་ཏེ་འདིས་སྨན་དཔྱད་མ་བསླབས་སུ་ཟིན་ན། འདི་ཇི་ལྟར་ཚོགས་འདི་སྙེད་འཆོས་ནུས་ཞེས་དེ་སྐད་ཅེས་སྨྲས་ནས། དེ་བཅོམ་ལྡན་

འདས་དགྲོངས་པའི་ཐབས་འབའ་ཞིག་ཤོམ་མོ། །དེ་ནས་དགེ་སློང་རྣམས་ཀྱིས་ཚོར་ནས། བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ལྷས་བྱིན་གྱི་སྐྱབས་མཛད་ན། ཁོ་ནི་བཅོམ་ལྡན་འདས་དགྲོངས་པ་འབའ་ཞིག་གི་སླད་དུ་འབད་ཅིང་། དགྲོངས་པ་

เล่ม ๗๓ · หน้า 105b

འབའ་ཞིག་གི་ཐབས་ཤོམ་པ་ལ་གཟིགས། བཙུན་པ་ལྷས་བྱིན་ནི་བྱས་པ་མི་ཤེས་པ་དང་བྱས་པ་མི་གཟོ་བ་དང་། བྱས་པ་ཆུད་གཟོན་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ་འདས་པའི་དུས་ན་ཡང་འདིས་ཇི་ལྟར་བྱས་པ་མི་

ཤེས་པ་དང་། བྱས་པ་མི་གཟོ་བ་དང་། བྱས་པ་ཆུད་གཟོན་པར་གྱུར་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་རི་ཁྲོད་ཀྱི་གྲོང་ཞིག་ན། མི་དབུལ་པོ་ཞིག་གནས་པ་དེ་རྩྭ་དང་ཤིང་དག་འཚོང་ཞིང་འཚོ་བར་བྱེད་པ་ལས། དེ་ཕྱི་ཞིག་ན་དེ་རི་ལ་ཤིང་བརྔར་སོང་བ་དང་།

དེ་རི་ལ་སོང་བའི་བར་དུ་ཁ་བ་བབ་ནས། དེ་ལྷགས་པས་ཉེན་ཅིང་ཡུལ་ངན་གྱིས་སྦྲེབས་པས་བྲག་ཕུག་ཆེན་པོ་ཞིག་གི་ནང་དུ་སོང་བ་དང་། དེའི་ཚེ་བྱང་ཆུབ་སེམས་དཔའ་དོམ་དུ་སྐྱེས་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་ལུས་ཀྱིས་ལོག་པར་ལྟུང་བར་འགྱུར་དུ་ཟིན་ཀྱང་

སེམས་ཀྱིས་ལོག་པར་ལྟུང་བར་མི་འགྱུར་ཏེ། དེ་ཡང་བདག་ཉིད་ཆེ་བ་བྱམས་པའི་རང་བཞིན་ཅན་སྙིང་རྗེ་དང་ལྡན་པ། སེམས་ཅན་ལ་མཉེས་གཤིན་པ་མི་འཚེ་བའི་བསམ་པ་དང་ལྡན་པ་ཞིག་གོ། །དེ་སུ་ལ་ཡང་འཚེ་བར་མི་འདོད་པས་རྩ་བ་དང་འབྲས་བུས་འཚོ་བར་བྱེད་དེ། དེས་

ཕུག་དེར་རྩ་བ་དང་འབྲས་བུ་བསགས་ནས་ལྷགས་པས་ཉེན་པའི་ཚེ། དེའི་ནང་དུ་ཞུགས་ཏེ་གནས་པ་དེ་མི་ཕུག་ཏུ་སོང་བ་དེས་མཐོང་ནས། མཐོང་མ་ཐག་ཏུ་འཇིགས་པ་ཆེན་པོ་སྐྱེས་ཏེ། བདག་ནི་འདིའི་ལག་ཏུ་ཤི་ཟིན་ཏོ། །བདག་ནི་འདིའི་ལག་ནས་འབྲོས་མི་ནུས་སོ་སྙམ་མོ། །དེ་ནས་དེ་

བྱང་ཆུབ་སེམས་དཔས་མཐོང་ནས། མི་འདི་ནི་ལྷགས་པས་ཀྱང་ཉེན་ལ་སྐྲག་ཅིང་ཡང་འདུག་གོ་སྙམ་དུ་རིག་ནས། དེས་དེ་ལ་སྙིང་བརྩེ་བའི་ཕྱིར་མི་སྐད་དུ་སྨྲས་ཏེ། གྲོགས་པོ་མ་འཇིགས་ཤིག །ཁྱོད་ང་ལ་འཇིགས་མི་དགོས་སོ་ཞེས་སྨྲས་ནས། བྱང་ཆུབ་སེམས་དཔས་མི་དེ་རང་གི་

ལུས་ཀྱིས་བསྐྱབས་ཏེ། རྩ་བ་དང་འབྲས་བུ་དག་བསྟབས་སོ། །དེ་ལྟར་ཞག་བདུན་གྱི་བར་དུ་མི་དེ་དེ་བཞིན་དུ་རང་གི་ལུས་ཀྱིས་བསྐྱབས་ཏེ། རྩ་བ་དང་འབྲས་བུ་དག་གིས་ཡོངས་སུ་བསྐྱངས་ནས། ཞག་བདུན་ལོན་ཏེ་ཡུལ་ངན་མེད་པར་གྱུར་པའི་འོག་ཏུ། བྱང་ཆུབ་སེམས་

เล่ม ๗๓ · หน้า 106a

དཔས་བསྒོ་བ། ཀྱེ་མི་ཁྱོད་ཁྱིམ་དུ་སོང་ལ་ང་ལ་དགྲ་མང་དུ་ཡོད་པས་ཤའི་ཕྱིར་བསད་དུ་འོང་གིས་ང་འདི་ན་འདུག་ཅེས་སུ་ལ་ཡང་མ་ཟེར་ཅིག་ཅེས་བྱས་ནས། བྱང་ཆུབ་སེམས་དཔས་མི་དེ་ཕྱིར་བཏང་ངོ་། །དེ་ནས་མི་དེ་ཤིང་ཁུར་ཁྱེར་ཏེ་རི་ཁྲོད་ཀྱི་གྲོང་ལོགས་སུ་ཆས་

སོ། །རི་ཁྲོད་ཀྱི་གྲོང་དེ་ནས་ཀྱང་རྔོན་པ་གཉིས་རི་དགས་ཤོར་དུ་འགྲོ་བར་ཆས་ནས། དེ་གཉིས་ཀྱིས་ཤིང་ཁུར་ཁྱེར་ཏེ་འོང་བའི་མི་དེ་མཐོང་ནས། དེ་གཉིས་ཀྱིས་བསམ་པ་མི་འདི་རི་ཁྲོད་འདི་ནས་ཞག་བདུན་ལོན་པའི་འོག་ཏུ་ཕྱིར་འོངས་ནས། འདི་ཞག་བདུན་གྱི་བར་དུ་གང་ན་ཅི་ཟ་

ཟ་ཞིག་གུ་སྙམ་ནས་དེ་གཉིས་ཀྱིས་མི་དེ་ལ་དྲིས་སོ། །དེས་ཀྱང་དེ་གཉིས་ལ་གཏམ་དེ་རྒྱས་པར་བསྙད་དོ། །དེ་ནས་དེ་ཐོས་མ་ཐག་ཏུ་དེ་གཉིས་ཀྱིས་མི་དེ་ལ་སྨྲས་པ། ཀྱེ་མི་ཁྱོད་ཚུར་ལ་ཤོག་ལ་དོམ་ག་ལ་འདུག་པ་བདག་ཅག་གཉིས་ལ་སྟོན་ཅིག་དང་བདག་ཅག་གཉིས་ཀྱིས་

དོམ་དེ་བསད་ལ་ཁྱོད་ལ་ཡང་དོམ་ཤའི་སྐལ་ཤས་སྦྱིན་ནོ། །དེ་ནས་མི་དེས་བསམས་པ་མ་ལ་དོམ་དེས་ཞག་བདུན་གྱི་བར་དུ་བདག་ཡོངས་སུ་བསྐྱངས་མོད་ཀྱི། དེས་ང་ལ་ཅི་བྱར་ཡང་མེད་ལ་བདག་གི་ཁྱིམ་ན་ཡང་བཟའ་བ་མེད་ཀྱིས། བདག་གིས་བསྟན་པ་དང་། དེས་བདག་གི་

ཁྱིམ་མི་རྣམས་ཀྱིས་ཞག་མང་དུ་བཟར་ཡོད་པར་འགྱུར་རོ་སྙམ་ནས། དེས་མི་དེ་གཉིས་ལ་སྨྲས་པ། ཀྱེ་མི་ཁྱེད་གཉིས་ལ་ངས་དོམ་ག་ལ་འདུག་པ་དེ་བསྟན་ཏོ་ཞེས་བྱས་ནས། དེ་ཕུག་ན་འདུག་པ་ཁོ་ན་རྔོན་པ་དེ་གཉིས་ལ་བསྟན་ནས། དེ་གཉིས་ཀྱིས་དོམ་དེ་དུག་མདས་བསྣུན་ཏེ།

བྱང་ཆུབ་སེམས་དཔའ་འཆི་ཀའི་ན་ཚས་ཐེབས་ནས། དེ་ཤི་ལ་ཐུག་པ་ན་ཚིགས་སུ་བཅད་པ་སྨྲས་པ། རི་སུལ་སྟུག་པོར་གནས་པ་ན། །བདག་གིས་སུ་ཡི་ཅི་ཞིག་ཕྲོགས། །རྩྭ་དང་རྩ་བ་འབྲས་བུ་ཟ། །སུ་ལའང་འཚེ་བར་མི་བྱེད་ན། །འཆི་བའི་དུས་ལ་བབ་ཟིན་གྱིས། །ད་ནི་

བདག་གིས་ཅི་བྱར་མེད། །ལུས་ཅན་རྣམས་ཀྱི་སྐྱིད་སྡུག་ནི། །ལས་རྣམས་ལ་ནི་བརྟེན་པར་བྱ། །དེ་ནས་དེ་མི་དེ་གཉིས་ཀྱིས་བསད་ནས་པགས་པ་བཤུས་ཏེ། ཤ་དེ་དག་ཆ་གསུམ་དུ་བགོས་ནས་མི་དེ་ལ་སྨྲས་པ། ཀྱེ་མི་ཁྱོད་རང་གི་སྐལ་བ་ཁྱེར་ཅིག །དེ་ནས་དེ་ཐོས་མ་ཐག་ཏུ་མི་དེས་

เล่ม ๗๓ · หน้า 106b

ལག་པ་གཉིས་བརྐྱང་སྟེ་བླང་ཞེས་བྱས་པ་དང་། དེའི་ལག་པ་གཉིས་ས་ལ་ལྷུང་ངོ་། །དེ་ནས་དེ་མཐོང་མ་ཐག་ཏུ་རྔོན་པ་དེ་གཉིས་ཀྱིས་མི་དེ་ལ་སྨྲས་པ། ཀྱེ་དེ་ཅི་དེས་སྨྲས་པ། འདིས་ང་ཞག་བདུན་གྱི་བར་དུ་རླུང་དང་ཡུལ་ངན་བྱུང་བའི་ཚེ་རང་གི་ལུས་ཀྱིས་བསྐྱབས་ཏེ། རྩ་བ་དང་འབྲས་བུ་དག་གིས་

ཡོངས་སུ་བསྐྱངས་པ་ལས་དེ་ལ་བདག་གིས་བྱས་པ་མི་གཟོ་བ་བྱས་པ་དེས་ན་བདག་ལ་འབྲས་བུ་འདི་འོངས་སོ་ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་རྔོན་པ་དེ་གཉིས་མི་དགའ་བ་ཆེན་པོ་སྐྱེས་ཏེ། དེ་གཉིས་མི་དགའ་བར་གྱུར་ནས་བསམས་པ། འདི་ནི་སེམས་ཅན་ངན་ངོན་མ་ཡིན་ཏེ།

བདག་ཅག་གཉིས་ཀྱིས་དེ་ལྟ་བུའི་ཤ་བྱམས་པས་ཡོངས་སུ་བསྒོས་པ་དག་བཟའ་བར་མི་ནུས་ཏེ། འདི་དག་ནི་མཆོད་པའི་འོས་ཡིན་ནོ་སྙམ་མོ། །དེའི་ཚེ་འཇིག་རྟེན་དུ་སངས་རྒྱས་བྱུང་བས་བརྒྱན་ཏེ། དེ་གཉིས་ཀྱིས་ཤ་དེ་དག་ཁྱེར་ཏེ་གཙུག་ལག་ཁང་དུ་སོང་ངོ་། །གཙུག་ལག་

ཁང་དུ་སོང་ནས་ཀྱང་དགེ་འདུན་ལ་ཕུལ་ལོ། །དེ་ནས་ཤ་དེ་དག་དགྲ་བཅོམ་པ་ཞིག་གིས་མཐོང་ནས་དེས་བསམས་པ། ཤ་འདི་དག་ནི་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་བྱམས་པས་ཡོངས་སུ་བསྒོས་པ་ཡིན་ནོ་སྙམ་ནས་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་

དག་ཤ་འདི་དག་ནི་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་བྱམས་པས་ཡོངས་སུ་བསྒོས་པ་ཡིན་ཏེ། མཆོད་པའི་འོས་ཡིན་གྱིས་འདི་དག་ལ་བདག་ཅག་གིས་མཆོད་པར་བྱའོ་ཞེས་བྱས་ནས། ཚིགས་སུ་བཅད་དེ་སྨྲས་པ། རི་དགས་སྐལ་བ་ཆེན་པོ་འདི། །བྱང་ཆུབ་སེམས་དཔའ་

གཉའ་ཤིང་འཛིན། །སྙིང་རྗེ་ཆེ་དང་ལྡན་པ་སྟེ། །འཇིག་རྟེན་གསུམ་ན་མཆོད་གནས་ཡིན། །དེ་སྐད་ཅེས་སྨྲས་ནས། དགྲ་བཅོམ་པ་དེ་དང་། དགེ་སློང་དེ་རྣམས་དང་རྔོན་པའི་མི་དེ་གཉིས་ཀྱིས་ཤ་དེ་དག་བསྲེགས་ནས། སྐུ་གདུང་གི་མཆོད་རྟེན་བྱས་ཏེ་མཆོད་པ་ཆེན་པོ་བྱས་ནས་

དོང་ངོ་། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དོམ་དུ་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་མིར་གྱུར་པ་གང་ཡིན་པ་དེ་ནི་ལྷས་བྱིན་འདི་ཉིད་ཡིན་ཏེ། འདི་ནི་དེའི་ཚེ་ཡང་བྱས་པ་མི་ཤེས་པ་དང་བྱས་པ་མི་གཟོ་བ་དང་བྱས་པ་ཆུད་

เล่ม ๗๓ · หน้า 107a

གཟོན་པར་གྱུར་ཏོ།། །།དོམ་གཅིག་ནི། གླེང་གཞི་དེ་ཉིད་དང་འདྲ་བ་ལས། བཅོམ་ལྡན་འདས་ལ་དགེ་སློང་དག་གིས་གསོལ་པ། བཙུན་པ་ལྷས་བྱིན་ནི་བྱས་པ་མི་ཤེས་པ་དང་བྱས་པ་མི་གཟོ་བ་དང་། བྱས་པ་ཆུད་གཟོན་པ་ལགས་སོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་འདི་ཇི་ལྟར་བྱས་པ་མི་ཤེས་པ་དང་། བྱས་པ་མི་གཟོ་བ་དང་། བྱས་པ་ཆུད་གཟོན་པར་གྱུར་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། རི་ཁྲོད་ཀྱི་གྲོང་ཞིག་

ན་མི་དབུལ་པོ་ཞིག་གནས་པ་དེ། རྩྭ་དང་ཤིང་དག་འཚོང་ཞིང་འཚོ་བར་བྱེད་པ་ལས། དེ་ཕྱི་ཞིག་ན་ནགས་ཀྱི་ནང་དུ་ཤིང་བརྔར་སོང་བ་དང་སེང་གེས་གཙེས་ནས། དེ་འཇིགས་ཤིང་སྐྲག་སྟེ་ཤིང་ལ་འཛེགས་པ་དང་། དོམ་ཞིག་ཀྱང་སེང་གེ་དེས་འཇིགས་ནས་སྔར་ཤིང་དེ་ལ་

འཛེགས་ཏེ་འདུག་གོ། །དེ་ནས་མི་དེས་དེ་མཐོང་ནས་འཇིགས་པ་ཆེན་པོ་སྐྱེས་ཏེ། བདག་ནི་སེང་གེའི་འཇིགས་པ་ལས་ཐར་ཀྱང་འདིས་བདག་སྡུག་བསྔལ་བར་བྱེད་པར་འགྱུར་རོ་སྙམ་མོ། །དོམ་དེ་ཡང་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ཡིན་ཏེ། བྱང་ཆུབ་སེམས་

དཔའ་རྣམས་ནི་ལུས་ཀྱིས་ལོག་པར་ལྟུང་དུ་ཟིན་ཀྱང་སེམས་ཀྱིས་ལོག་པར་ལྟུང་བར་མི་འགྱུར་ཏེ། བྱང་ཆུབ་སེམས་དཔས་དེ་མཐོང་ནས་མི་འདི་ནི་འཇིགས་ཤིང་སྐྲག་པར་གྱུར་ཏོ་སྙམ་དུ་རིག་ནས་དེ་ཉིད་ལ་སྙིང་བརྩེ་བའི་ཕྱིར་མི་སྐད་དུ་སྨྲས་ཏེ་བསྒོ་བ། གྲོགས་པོ་མ་འཇིགས་ཤིག །

ཁྱོད་ང་ལ་འཇིགས་མི་དགོས་སོ་ཞེས་སྨྲས་ནས། བྱང་ཆུབ་སེམས་དཔས་ལག་པ་བརྐྱང་སྟེ་མི་དེ་ཡང་དྲངས་ནས་རང་གི་ལུས་ཀྱིས་བསྐྱབས་ཏེ་བཞག་ནས། བྱང་ཆུབ་སེམས་དཔའ་དེས་དེ་ལ་སྨྲས་པ། ཁྱོད་ཤེས་པར་གྱིས་ཤིག །སེང་གེ་འདི་ནི་བདག་ཅག་ལ་གསོད་པ་དང་

རྒོལ་བ་དང་དགྲ་ཡིན་གྱིས། ཁྱོད་ཀྱིས་ཀྱང་ང་ཉལ་བའི་ཚེ་སྲུངས་ཤིག །ངས་ཀྱང་ཁྱོད་ཉལ་བའི་ཚེ་བསྲུང་བར་བྱའོ། །དེ་ལྟར་བདག་ཅག་གཉིས་གཅིག་གིས་གཅིག་སྲུངས་དང་། བདེ་བ་ལ་རེག་པར་གནས་པར་འགྱུར་རོ། །དེ་ནས་མི་དེས་ཀྱང་དེ་ལྟར་བྱའོ་ཞེས་སྨྲས་ནས།

เล่ม ๗๓ · หน้า 107b

མི་དེ་བྱང་ཆུབ་སེམས་དཔའི་པང་དུ་སྔས་བཅས་ཏེ་ཉལ་ལོ། །དེ་ནས་དེ་ཉལ་བ་ན་རི་དགས་ཀྱི་རྒྱལ་པོ་སེང་གེས་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། མི་རྣམས་ནི་བྱས་པ་མི་གཟོ་བ་ཡིན་གྱིས་མི་འོ་ནི་འོར་ཅིག་དང་། ངས་འོ་ནི་ཟོས་ནས་འགྲོའོ། །ང་སོང་ནས་ཁྱོད་ཀྱང་

གར་དགའ་བར་འགྲོར་ཡོད་དོ། །བྱང་ཆུབ་སེམས་དཔས་སྨྲས་པ། བདག་ནི་སྐྱབས་སུ་འོངས་པ་གཏོང་མི་ཕོད་དེ། བདག་ནི་རང་གི་སྲོག་འདོར་ནུས་ཀྱི་སྐྱབས་སུ་འོངས་པ་ནི་འདོར་མི་ནུས་སོ། །དེ་ནས་དེའི་སྐབས་སུ་མི་དེ་སད་ནས། བྱང་ཆུབ་སེམས་དཔས་སྨྲས་པ།

ཀྱེ་མི་ཁྱོད་ཉལ་བ་ན་ངས་བསྲུངས་ཀྱིས་ཁྱོད་ཀྱིས་ཀྱང་ང་ཉལ་བ་ན་སྲུངས་ཤིག་ཅེས་བྱས་ནས། བྱང་ཆུབ་སེམས་དཔས་མི་དེའི་པང་དུ་སྔས་བཅས་ཏེ་ཉལ་ལོ། །བྱང་ཆུབ་སེམས་དཔའ་ཉལ་བ་ན། མི་དེ་ལ་སེང་གེས་སྨྲས་པ། ཀྱེ་མི་ཁྱོད་ཀྱིས་དོམ་འོ་ནི་འོར་ཅིག་དང་ངས་འོ་

ནི་ཟོས་ནས་འགྲོའོ། །ང་སོང་ནས་ཁྱོད་ཀྱང་གར་དགའ་བར་འགྲོར་ཡོད་དོ། །དེ་ལྟར་མ་བྱས་ན་ང་སོང་བའི་འོག་ཏུ་འོ་ནིས་ཁྱོད་གསོད་པར་འོང་ངོ་། །དེ་ནས་མི་དེས་བསམས་པ་སེང་གེ་འདི་ཟེར་བ་ནི་བདེན་ནོ་སྙམ་ནས། འཇིག་རྟེན་ཕ་རོལ་བཏང་བ། སྙིང་ལ་སྙིང་རྗེ་མེད་པ་

དེས། དོམ་དེ་ཤིང་དེ་ལས་ཕུལ་ནས་དེ་ཤིང་དེ་ལས་ལྷུང་བཞིན་དུ་ཚིགས་སུ་བཅད་དེ་སྨྲས་པ། ཀྱི་ཧུད་འཇིག་རྟེན་འདི་དག་ན། །ཆོས་མིན་འདིས་ནི་ཤིན་ཏུ་འཇིགས། །སྡིག་ཏོའི་མི་རྣམས་ནང་དག་ན། །བསེན་ལ་གནོད་པ་བྱེད་པའང་ཡོད། །དེ་ནས་དེ་ལྷུང་མ་ཐག་ཏུ་

རི་དགས་ཀྱི་རྒྱལ་པོ་སེང་གེས་བསད་དེ། དེས་དེ་ཟོས་ནས་ཕྱོགས་དེ་ནས་སོང་ངོ་། །དེ་ནས་མི་དེས་ཚིགས་སུ་བཅད་པ་དེ་ཐོས་ནས། འགྱོད་པ་ཆེན་པོ་སྐྱེས་ཏེ་བདག་ཅི་དང་ཅི་བྱེད་བྱེད་བདག་ཉལ་བའི་ཚེ་དེས་ལེགས་པར་རིམ་གྲོ་བྱས་ཏེ། སྲོག་བསྐྱབས་ན་བདག་གིས་དེ་ལ་ཆུ་གང་བོར་

གྱིས་མེད་དོ་ཞེས་ཟེར་ཏེ། སྨྱོ་བླ་ཞིང་ཕན་ཚུན་འཁྱམས་ཏེ། ཀྱི་ཧུད་འཇིག་རྟེན་འདི་དག་ན། །ཆོས་མིན་འདིས་ནི་ཤིན་ཏུ་འཇིགས། །སྡིག་ཏོའི་མི་རྣམས་ནང་དག་ན། །བསེན་ལ་གནོད་པ་བྱེད་པའང་ཡོད། །ཅེས་ཟེར་རོ། །དེ་ནས་མི་དེའི་ཕུ་ནུ་རྣམས་ཀྱིས་སྨན་པ་ལ་

เล่ม ๗๓ · หน้า 108a

བསྟན་ཏེ། འདི་ཇི་ལྟར་གྱུར་ཅེས་བྱས་ནས། སྨན་པ་ན་རེ་འདི་ནི་འབྱུང་པོས་སེམས་འཁྲུགས་པར་བྱས་པ་མ་ཡིན་ཏེ། འདི་ནི་བདག་གིས་གསོ་མི་ནུས་སོ་ཞེས་ཟེར་རོ། །དེ་ནས་རི་ཁྲོད་ཀྱི་གྲོང་དེ་དང་། ཐག་མི་རིང་བ་དབེན་ས་ཞིག་ན་དྲང་སྲོང་མངོན་པར་

ཤེས་པ་དང་ལྡན་པ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཞིག་གནས་ཏེ། མི་དེའི་ཕུ་ནུ་བོ་རྣམས་ཀྱིས་དྲང་སྲོང་དེའི་ཐད་དུ་ཁྲིད་དེ། བསྟན་ནས་འདི་ཅི་ཞིག་གི་མཐུས་སྨྱོས་པར་གྱུར་ཅེས་བྱས་པ་དང་། དྲང་སྲོང་དེས་དེའི་ཕུ་ནུ་བོ་རྣམས་ལ་གཏམ་དེ་རྒྱས་པར་བསྙད་དེ། ཆུ་གང་བོར་བ་

དེས་ན་འདི་སྨྱོས་པར་གྱུར་ཏོ་ཞེས་བྱས་ནས། དྲང་སྲོང་དེས་ཅི་ནས་མི་དེས་སེམས་ཀྱི་རང་བཞིན་ཐ་མལ་པར་འགྱུར་བ་དེ་ལྟ་བུའི་ཆོས་མི་དེ་ལ་བསྟན་ཏེ། དེའི་ཚེ་དྲང་སྲོང་དེས་མི་དེ་ལ་སྨྲས་པ། ཀྱེ་མི་ཁྱོད་ཀྱིས་ཆུ་གང་བོར་ཏེ། སེམས་ཅན་དེ་ལྟ་བུ་ལ་དེ་ལྟ་བུས་བྱས་

པ་ནི་མ་ལེགས་པ་བྱས་སོ་ཞེས་སྨྲས་ནས། དྲང་སྲོང་དེས་མི་དེ་ལ་རྒྱ་གང་ཚིགས་སུ་བཅད་དེ་སྨྲས་པ། འདུག་པ་དང་ནི་ཉལ་བ་དང་། །འགྲེང་བ་དང་ནི་འགྲོ་ཡང་རུང་། །གནས་སྐབས་གང་དུ་བབ་པ་ན། །བསེན་འཁུས་བདེ་བ་ཐོབ་མི་འགྱུར། །དེ་ནི་རྦབ་ཏུ་ལྷུང་བཞིན་དུ། །

སྙིང་རྗེ་བ་ཡི་ཚིག་སྨྲས་པ། །དེས་ན་བློ་ངན་ཁྱོད་བསྲེགས་ཏེ། །ཁན་ད་བ་ཡི་ཚལ་བཞིན་འབར། །བདེ་མིན་སྡུག་བསྔལ་རེག་པ་ཡི། །རབ་འཇིགས་ལས་ནི་བྱས་པས་ན། །དེ་ཕྱིར་འཇིག་རྟེན་ཕ་རོལ་ཏུ། །ན་ཚ་ཁྱོད་ཀྱིས་མྱོང་བར་འགྱུར། །ཁྱོད་ནི་ངུ་འབོད་རབ་འཇིགས་

པར། །ཀྱི་ཧུད་ཟེར་ཞིང་ཆོ་ངེས་འདེབས། །དེ་ཚེ་སྡུག་བསྔལ་ཆེན་པོ་ནི། །ངན་པ་ཐམས་ཅད་མྱོང་བར་འགྱུར། །སྡིག་པའི་ལས་ནི་མི་བཟད་པ། །ཁྱོད་ལ་དེ་ཡིས་ཅི་ཞིག་བྱས། །སྡིག་ཏོའི་མི་རྣམས་ནང་དག་ན། །བསེན་ལ་གནོད་པ་བྱེད་པའང་ཡོད། །ཆོས་དང་

མི་འཐུན་འཇིགས་པ་ཡི། །སྡིག་ལ་ཁྱོད་ཀྱིས་སེམས་གནས་ཏེ། །ཁྱོད་ཀྱིས་སྡིག་པ་ཅི་བྱས་པ། །དོམ་དང་སེང་གེ་དྲན་པར་གྱིས། །བློ་ངན་ཁྱོད་ནི་བསེན་རྣམས་ལ། །ཇི་ལྟར་བྱ་བ་མི་ཤེས་ཏེ། །གསོད་པ་གསོད་དང་ཕྲད་པར་འགྱུར། །འཁོན་པ་འཁོན་དང་ཕྲད་པར་

เล่ม ๗๓ · หน้า 108b

འགྱུར། །འཇིགས་ཆེན་སེང་གེ་ཕྲད་པ་ན། །རིང་དུ་ཁྱོད་ཀྱི་རིམ་གྲོ་བྱས། །ཁྱོད་ནི་རྦབ་ཏུ་ལྷུང་ལས་བསྲུངས། །དེ་ནི་ཁྱོད་ཀྱིས་ཡོད་མ་བསྲུངས། །བསེན་འཁུ་འཆིང་བའི་མཆོག་ཡིན་ཞེས། །ཆོས་སྨྲ་རྣམས་ནི་དེ་སྐད་སྟོན། །བློ་རུལ་ཁྱོད་ནི་ཤི་བ་ན། །དམྱལ་བ་

རྣམས་སུ་སྐྱེ་བར་འགྱུར། །ཚིགས་སུ་བཅད་པ་འདི་རྣམས་ཀྱི་སྡོམ་ནི། ཀྱི་འདུག་དེ་བདེ་ཁྱོད་སྡིག་ཆོས་བློ་འཇིགས་བསེན། དེ་ནས་མི་དེས་དྲང་སྲོང་གི་རྒྱ་གང་དེས་ཐོས་ནས་སྐྱོ་བ་སྐྱེས་ཏེ། དེ་དྲང་སྲོང་དེ་ཉིད་ཀྱི་ཐད་དུ་རབ་ཏུ་བྱུང་ངོ་། །དགེ་སློང་དག་ཇི་སྙམ་དུ་སེམས།

དེའི་ཚེ་དོམ་དུ་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་མིར་གྱུར་པ་གང་ཡིན་པ་དེ་ནི་ལྷས་བྱིན་འདི་ཉིད་ཡིན་ཏེ། དེའི་ཚེ་ཡང་འདི་བྱས་པ་མི་ཤེས་པ་དང་བྱས་པ་མི་གཟོ་བ་དང་བྱས་པ་ཆུད་གཟོན་པར་འགྱུར་རོ།། །།སྒུར་ཆུང་

ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་བྲམ་ཟེ་དབུལ་པོ་འཚོ་བ་ཕོངས་པ་སློངས་མོའི་ཟས་ཀྱིས་འཚོ་བ་ཞིག་གནས་པ་ལས་ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས། དེ་མའི་ལྟོར་ཞུགས་ཕྱིན་ཅད་བྲམ་ཟེ་དེ་ལྷག་པར་ཡང་སློངས་མོ་

ཡང་ཆེར་ཡང་མི་རྙེད་པར་གྱུར་ཏོ། །དེ་ནས་དེ་ཟླ་བ་དགུའམ་བཅུ་ལོན་པ་དང་ཁྱེའུ་མདོག་ངན་པ་དང་བྱད་ངན་པོ་རིད་ཅིང་སྦེག་ལ་སྒུར་བ་ཞིག་བཙས་ཏེ། དེའི་བཙས་སྟོན་ཅི་འབྱོར་ཙམ་ཞིག་བྱས་ནས། ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཁྱེའུ་འདི་ཆུང་

ལ་སྒུར་བས་ན་དེའི་ཕྱིར་འདིའི་མིང་སྒུར་ཆུང་ཞེས་གདགས་སོ་ཟེར་རོ། །དེ་ནས་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུས་བསྐྱེད་བསྲིངས་ཏེ། དེ་ནས་ཕྱི་ཞིག་ན་སེམས་ཅན་དེའི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་མའི་ནུ་ཞོ་སྐམས་སོ། །དེ་ནས་དེའི་མས་དེ་བ་དང་མ་

ཧེའི་འོ་མས་གསོས་པ་དང་དེ་ཡང་ལེགས་པར་མི་འབྱོར་ཏོ། །སྲིད་པ་ཐ་མ་པའི་སེམས་ཅན་བར་མ་དོར་འཆི་བ་ནི་གནས་མེད་ཅིང་སྐབས་མེད་དེ། དེའི་བ་དང་མ་ཧེའི་འོ་མ་རེས་འགའ་ནི་འབྱོར་རེས་འགའ་ནི་མི་འབྱོར་ནས་དེ་ངན་ངོན་ཞིག་གསོས་ཏེ། ཆེར་སྐྱེས་པ་དང་ཕས་དེ་ལ་སྨྲས་པ།

เล่ม ๗๓ · หน้า 109a

བུ་བདག་ཅག་ནི་སློངས་མོས་འཚོ་བ་ཁོ་ནར་ཟད་དེ། ཞིང་རྨོ་བ་ཡང་མེད་ཚོང་བྱ་བ་ཡང་མེད་ཀྱིས་སློངས་མོ་ལ་སོང་ལ་སློངས་མོའི་ཟས་ཀྱིས་འཚོ་བར་གྱིས་ཤིག་ཅེས་བྱས་སོ། །དེ་ནས་བཀའ་བཞིན་འཚལ་ཞེས་བྱས་ནས་ཁྱེའུ་དེ་སློངས་མོ་ལ་ཞུགས་ནས། དེས་

ཡུན་རིང་དུ་བསྐོར་ཀྱང་སྲོག་གཟུངས་ཅུང་ཟད་ཙམ་ལས་མི་རྙེད་དོ། །དེ་ནས་ཕྱི་ཞིག་ན་ཁྱེའུ་དེ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་རྙེད་དེ་དགེ་སློང་ཞིག་གི་ཐད་དུ་སོང་ནས་སྨྲས་པ། བཙུན་པ་བདག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་ཤིང་

དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དགེ་སློང་གིས་སྨྲས་པ། ཁྱོད་ཀྱི་ཕ་མ་གསོན་ནམ་དེས་སྨྲས་པ་གསོན་ནོ། །དགེ་སློང་གིས་སྨྲས་པ། ཁྱོད་ཀྱིས་ཕ་མ་ལ་བཟླུགས་སམ་བཙུན་པ་མ་

བཟླུགས་སོ། །དགེ་སློང་གིས་སྨྲས་པ། བུ་སངས་རྒྱས་རྣམས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་ནི་ཕ་མས་མ་གནང་བར་རབ་ཏུ་འབྱིན་པ་མི་མཛད་ཀྱིས། སོང་ལ་ཕ་མ་གཉིས་ལ་བཟླུགས་ལ་ཕྱིར་ཤོག་ཅིག་དང་དེའི་འོག་ཏུ་ཁྱོད་ཀྱི་སླ་བར་འགྱུར་རོ། །དེ་ནས་ཁྱེའུ་སྒུར་ཆུང་

གིས། དགེ་སློང་དེའི་ཚིག་མཉན་ནས་ཕ་མའི་ཐད་དུ་སོང་སྟེ་སྨྲས་པ། ཡབ་ཡུམ་བདག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བར་གནང་བར་མཛད་དུ་གསོལ། དེ་ནས་ཕ་མ་གཉིས་ཀྱིས་བསམས་པ། ད་ལྟ་འདི་ཡང་མཆོག་ཏུ་སྡུག་བསྔལ་ལ། བདག་ཅག་གཉིས་ཀྱང་

སྡུག་བསྔལ་ཏེ། འདི་ཙམ་ཞིག་ཀྱང་བདེ་བར་གྱུར་ན་ལེགས་ཀྱིས་རབ་ཏུ་བྱུང་ཡང་སླའམ། འོན་ཀྱང་ཚེ་འདི་དང་ཚེ་ཕྱི་མ་ལ་ཡང་བདེ་བ་འཐོབ་པར་འགྱུར་རོ་སྙམ་ནས་སྨྲས་པ། བུ་གནང་གིས་གལ་ཏེ་ཁྱོད་ཀྱིས་ཁྱད་པར་འགའ་ཞིག་ཐོབ་པར་གྱུར་ན་ངེད་གཉིས་ལ་ཡང་སྟོན་ཅིག །དེ་ནས་

བཀའ་བཞིན་འཚལ་ཞེས་བྱས་ཏེ། ཁྱེའུ་སྒུར་ཆུང་ཕ་མས་གནང་ནས་རྒྱལ་བུ་རྒྱལ་བྱེད་ཀྱིས་ཚལ་དུ་སོང་སྟེ། དགེ་སློང་དེའི་ཐད་དུ་ཕྱིན་ནས་སྨྲས་པ། བཙུན་པ་བདག་གིས་ཕ་མ་གཉིས་ལ་བཟླུགས་ནས་བདག་ཕ་མ་གཉིས་ཀྱིས་གནང་ལགས་ན། བཙུན་པ་བདག་ལེགས་པར་

เล่ม ๗๓ · หน้า 109b

གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པར་འཚལ་ལོ་ཞེས་བྱས་སོ། །བདག་ཉིད་ཆེན་པོ་དེ་དག་ནི་གཞན་ལ་ཕན་འདོགས་པ་ལ་ཞུགས་པ་ཡིན་ཏེ།

དགེ་སློང་དེས་དེ་རབ་ཏུ་ཕྱུང་ནས་བསྙེན་པར་རྫོགས་པར་བྱས་སོ། །དེ་ནས་དེས་ཞག་གཉིས་སམ་གསུམ་གྱི་བར་དུ་ཁ་ཟས་ཀྱིས་བཤུགས་ནས་སྨྲས་པ། བུ་རི་དགས་ཀྱིས་རི་དགས་མི་སོས་ཀྱིས་ཁྱོད་ཀྱིས་ཕས་ཕོག་པའི་ཡུལ་རང་གི་སྤྱོད་ཡུལ་བསོད་སྙོམས་ལ་སོང་ཤིག་ཅེས་

བསྒོའོ། །དེ་ནས་དེས་མཁན་པོའི་ཚིག་མཉན་ཏེ་རེས་འགའ་ནི་བསོད་སྙོམས་ལ་འགྲོའོ། །རེས་འགའ་ནི་དགེ་འདུན་གྱི་གྲལ་དུ་ཟན་ཟ་བར་བྱེད་དེ། གལ་ཏེ་དགེ་འདུན་གྱི་གྲལ་དུ་ཟན་ཟ་ན་ནི་དེ་ལ་འདྲིམ་པའི་ཚེ། དེའི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་ཟས་གང་འདྲིམ་

པ་དེ་དེའི་ཐད་དུ་ཕྱིན་པ་དང་ཟས་དང་སྐོམ་ཟད་པར་འགྱུར་རོ། །ཡང་ན་དེ་དག་ལ་གློ་བུར་གྱི་རྐྱེན་འབྱུང་བར་འགྱུར་རོ། །དེ་ནས་དེ་དག་ཕྱིར་འོངས་ན་ཡང་དེ་ལས་ཐལ་ནས་འོག་མ་ལ་བྱིན་ཏེ་འདྲིམ་པར་བྱེད་པས། དེ་དེ་ན་འདུག་ཀྱང་ཁ་ཅིག་ནི་འཐོབ་ཁ་ཅིག་ནི་མི་འཐོབ་བོ། །

དེ་ནས་དགེ་སློང་རྣམས་ཀྱིས་ཚོར་ནས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་འོག་ན་འདུག་པའི་ནན་ཏན་དུ་བྱ་བའི་ཆོས་བཅའ་བར་བྱས་ཏེ། འོག་ན་འདུག་པའི་དགེ་སློང་གིས་ཇི་སྲིད་དུ་གོང་ན་འདུག་པས་མ་བླངས་

ཀྱི་བར་དུ་བཟའ་བ་དང་བཅའ་བ་བླང་བར་མི་བྱའོ། །ཡང་ན་ཐབས་ཅི་ཞིག་ལྟར་ཐལ་ཏེ་བླངས་པར་གྱུར་ན་ཡང་དེས་མ་ཐོབ་ཀྱི་བར་དུ་བསྒྲུབ་པ་མི་གཏོང་བར་བྱའོ། །དེ་སྟེ་སྦྱིན་དུ་གཞུག་མ་ནུས་ན་བདག་གི་ཟས་ལས་དེ་ལ་ཕྱེད་སྦྱིན་པར་བྱའོ། །ཕྱེད་ནི་བདག་གིས་བཟའ་བར་བྱ་སྟེ། དེ་

ལྟར་བྱིན་ན་ནི་ལེགས་མ་བྱིན་ན་ཉེས་པ་དང་བཅས་པར་འགྱུར་རོ། །གལ་ཏེ་བསོད་སྙོམས་ལ་འགྲོ་ན་ནི་དེས་བསོད་སྙོམས་བཀའ་འཁོར་དུ་རྙེད་པར་འགྱུར་རོ། །དེ་ནས་ཕྱི་ཞིག་ན་ཚེ་དང་ལྡན་པ་སྒུར་ཆུང་གིས། བཅོམ་ལྡན་འདས་ཀྱི་དྲི་གཙང་ཁང་ཕྱག་དར་བྱས་ནས་དེས་དེའི་ཉིན་

เล่ม ๗๓ · หน้า 110a

པར་བཟའ་བ་དང་བཅའ་བ་བཟང་པོ་རྙེད་དོ། །དེ་བཞིན་དུ་ཞག་གཉིས་དང་ཞག་གསུམ་གྱི་བར་དུ་ཡང་བཅོམ་ལྡན་འདས་ཀྱི་དྲི་གཙང་ཁང་ཕྱག་དར་བྱས་ན་ཡང་། དེའི་ཉིན་པར་བཟའ་བ་དང་བཅའ་བ་བཟང་པོ་རྙེད་ནས། དེའི་ལུས་མཐུ་དང་ལྡན་པ་དང་

ལས་སུ་རུང་བ་དང་སྤོང་ནུས་པར་གྱུར་ཏེ། དེས་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་

མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུ་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་།

ཆགས་པ་དང་། བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེས་དགྲ་བཅོམ་པ་ཉིད་ཐོབ་ཀྱང་དེའི་སྔོན་གྱི་ལས་མངོན་དུ་སྨིན་ནས། དེའི་ཉིན་པར་དགེ་སློང་གཞན་ཞིག་

གིས། བཅོམ་ལྡན་འདས་ཀྱི་དྲི་གཙང་ཁང་ཕྱག་དར་བྱས་སོ། །དེ་ནས་དེ་ཕྱགས་མ་ཐོགས་ཏེ་སོང་ནས་བཅོམ་ལྡན་འདས་ཀྱི་དྲི་གཙང་ཁང་ཕྱག་དར་བྱའོ་སྙམ་པ་དང་། དེས་དགེ་སློང་གཞན་ཞིག་གིས་ཕྱག་དར་བྱས་པར་མཐོང་ནས་དེའི་བློ་སྐྱེས་པ། གལ་ཏེ་ན་དེང་བདག་

སྨྱུང་བར་འོང་སྲིད་དོ་སྙམ་ནས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གྱོན་ཏེ་ལྷུང་བཟེད་ཐོགས་ནས་མཉན་དུ་ཡོད་པར་བསོད་སྙོམས་ལ་སོང་ངོ་། །དེ་དེར་སོང་བ་ལས་ཅི་ཡང་མ་རྙེད་དེ། དེ་དེའི་ཉིན་པར་སྨྱུང་བར་འདུག་གོ། །དེ་ནས་ཕྱི་དེ་ཉིན་པར་ཡང་དགེ་སློང་གཞན་ཞིག་གིས་བཅོམ་

ལྡན་འདས་ཀྱི་དྲི་གཙང་ཁང་ཕྱག་དར་བྱས་སོ། །དེ་ནས་ཚེ་དང་ལྡན་པ་སྒུར་ཆུང་ཕྱགས་མ་ཐོགས་ཏེ་སོང་ནས། བཅོམ་ལྡན་འདས་ཀྱི་དྲི་གཙང་ཁང་ཕྱག་དར་བྱའོ་སྙམ་པ་དང་། དགེ་སློང་གཞན་ཞིག་གིས་ཕྱག་དར་བྱས་པར་དེས་མཐོང་ནས། དེའི་བློ་སྐྱེས་པ་བདག་དེང་དུ་

เล่ม ๗๓ · หน้า 110b

ལན་གཉིས་སྨྱུང་བར་འོང་སྲིད་དོ་སྙམ་ནས་རང་གི་གནས་ཁང་དུ་སོང་ངོ་། །དེ་ནས་དེ་དེ་ན་འདུག་པ་ལས་ཁྱིམ་བདག་ཅིག་གིས་བཅོམ་ལྡན་འདས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་དུ་བཤོས་ལ་སྤྱན་དྲངས་སོ་ཞེས་ཐོས་ནས། དེའི་བློ་སྐྱེས་པ་བདག་ད་ཡང་བསོད་སྙོམས་

ལ་འགྲོ་ཅི་དགོས་ཀྱིས་ཁྱིམ་གང་དུ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཤོས་གསོལ་བ་དེ་ཁོ་ནར་སོང་ལ་ཟན་བཟའོ་སྙམ་ནས་གནས་ཁང་དུ་ཞུགས་ཏེ་སྐྱིལ་མོ་ཀྲུང་བཅས་ནས་བསམ་གཏན་ལྷུར་བྱེད་ཅིང་འདུག་གོ། །དེ་ནས་ཁྱིམ་བདག་དེ་ལ་དོན་ཆེད་ཆེན་པོ་ཞིག་བྱུང་

ནས་དེས་སྔ་རབ་ཏུ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་ལ་བསྐུལ་ནས། དེས་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ནས་སོང་ངོ་། །བཅོམ་ལྡན་འདས་ནི་ཁྱིམ་དེའི་མི་རྣམས་ལ་ཆོས་ཀྱི་གཏམ་མཛད་ནས་གཙུག་ལག་ཁང་

དུ་ཆས་ཏེ་གཤེགས་སོ། །དེ་ནས་ཚེ་དང་ལྡན་པ་སྒུར་ཆུང་གིས་དྲོ་ལ་བབ་པར་ཤེས་ནས་ལངས་ཏེ་ཆོས་གོས་བགོས་ནས་ལྷུང་བཟེད་ཐོགས་ཏེ་སོང་བ་ལས། བཅོམ་ལྡན་འདས་ནི་ལམ་ལོགས་ཤིག་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་གཤེགས་སོ། །དེ་ནི་ལམ་ལོགས་ཤིག་ནས་

ཁྱིམ་བདག་གི་ཁྱིམ་དེར་སོང་ངོ་། །དེ་ནས་དེ་དེར་སོང་ནས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཤོས་གསོལ་ཏེ་གཤེགས་པར་ཤེས་སོ། །དེ་ནས་དེ་དེའི་ཉིན་བར་དུ་ལན་གཉིས་སུ་སྨྱུང་བར་གྱུར་ཏོ། །དེའི་ཕྱི་དེ་ཉིན་པར་ཡང་དགེ་སློང་གཞན་ཞིག་གིས་བཅོམ་

ལྡན་འདས་ཀྱི་དྲི་གཙང་ཁང་ཕྱག་དར་བྱས་སོ། །དེ་ནས་ཚེ་དང་ལྡན་པ་སྒུར་ཆུང་ཕྱགས་མ་ཐོགས་ཏེ་སོང་ནས། བཅོམ་ལྡན་འདས་ཀྱི་དྲི་གཙང་ཁང་ཕྱག་དར་བྱའོ་སྙམ་པ་དང་། དེས་དགེ་སློང་གཞན་ཞིག་གིས་ཕྱགས་པར་མཐོང་ངོ་། །མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་

ཏེ། བདག་དེང་དུ་ལན་གསུམ་སྨྱུང་བར་འོང་སྲིད་དོ་སྙམ་ནས་གནས་ཁང་དུ་སོང་ངོ་། །དེ་དེར་སོང་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཚེ་དང་ལྡན་པ་སྒུར་ཆུང་ལན་གཉིས་སྨྱུང་བར་གྱུར་ཏོ་ཞེས་ཐོས་སོ། །ཐོས་ནས་ཀྱང་དེས་དེའི་དོན་དུ་སྦྱིན་བདག་ཅིག་ལ་བསྐུལ་ནས་ཚེ་དང་ལྡན་པ་

เล่ม ๗๓ · หน้า 111a

སྒུར་ཆུང་གི་ཐད་དུ་སོང་སྟེ་སྨྲས་པ། ཚེ་དང་ལྡན་པ་སྒུར་ཆུང་ཁྱོད་དེང་ཁྱིམ་བདག་ཆེ་གེ་མོ་ཞིག་གི་ཁྱིམ་དུ་སོང་ལ་ཟན་ཟོ་ཤིག་ཅེས་བྱས་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ཉིད་ནི་ཆོས་གོས་བགོས་ཏེ་ལྷུང་བཟེད་ཐོགས་ནས་མཉན་དུ་ཡོད་པར་བསོད་སྙོམས་ལ་

སོང་ངོ་། །ཚེ་དང་ལྡན་པ་སྒུར་ཆུང་ཡང་ཐག་གི་ཟད་ཙམ་གྱི་བར་དུ་སྡོད་སྡོད་ནས་སྔ་དྲོ་ཆོས་གོས་བགོས་ཏེ་ལྷུང་བཟེད་ཐོགས་ནས་ཁྱིམ་བདག་དེའི་ཁྱིམ་དུ་སོང་ན། དེའི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་ཁྱིམ་བདག་དེ་ལ་དོན་ཆེད་ཆེན་པོ་ཞིག་བྱུང་ནས་དེས་བརྗེད་དེ་ཁྱིམ་མི་སུ་ལ་ཡང་མ་བྱས་

པར་གྲོང་གཞན་ཞིག་ཏུ་སོང་ངོ་། །དེ་ནས་ཚེ་དང་ལྡན་པ་སྒུར་ཆུང་གིས་དེར་སོང་ཡང་མ་རྙེད་ནས་དེའི་ཉིན་བར་དུ་ལན་གསུམ་སྨྱུང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་དེའི་ཉིན་བར་དུ་ཚེ་དང་ལྡན་པ་སྒུར་ཆུང་ལན་གསུམ་དུ་སྨྱུང་བར་གྱུར་ཏོ་ཞེས་ཐོས་ནས་དེས་བསམས་

པ། བདག་ཉིད་ཀྱིས་བསོད་སྙོམས་བླངས་ལ་འདི་ལ་བསྟབས་པར་བྱའོ་སྙམ་ནས། ཚེ་དང་ལྡན་པ་སྒུར་ཆུང་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་སྒུར་ཆུང་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་སྒུར་ཆུང་ཁྱོད་སྙིང་མ་ཆུང་ཤིག་དང་། བདག་གིས་སང་ཁྱོད་ལ་ཁ་ཟས་

བསྟབས་སོ་ཞེས་སྨྲས་ནས། དེ་གནས་ཁང་དུ་སོང་ངོ་། །དེ་ནས་དེ་ཕྱི་དེ་ཉིན་པར་ལྷུང་བཟེད་གཉིས་ཐོགས་ཏེ་མཉན་དུ་ཡོད་པར་སོང་ནས། དེས་བསོད་སྙོམས་ལྷུང་བཟེད་དོ་བསླངས་ཏེ་གཅིག་ནི་བདག་ཉིད་ཀྱིས་ཟོས་སོ། །གཅིག་ནི་དེའི་དོན་དུ་ཁྱེར་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་

དུ་ཆས་ཏེ་སོང་བ་ལས་དེའི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་ལམ་དུ་ལས་ལས་སྐྱེས་པའི་ཁྱི་དག་བྱུང་སྟེ། དེ་དག་གིས་ཁ་ཟས་དེ་ཕྲོགས་ནས་ཟོས་སོ། །དེ་ནས་དེས་བསམས་པ་ད་བདག་ཕྱིར་མཉན་དུ་ཡོད་པར་སོང་ན་ནི་དྲོ་ཡོལ་བར་འགྱུར་རོ་སྙམ་སྟེ་གཙུག་ལག་ཁང་དུ་སོང་ནས།

ཚེ་དང་ལྡན་པ་སྒུར་ཆུང་དེའི་ཉིན་བར་དུ་ལན་བཞི་སྨྱུང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུས་ཚེ་དང་ལྡན་པ་སྒུར་ཆུང་ལན་བཞི་སྨྱུང་བར་གྱུར་ཏོ་ཞེས་ཐོས་ནས་དེས་བསམས་པ། བདག་གིས་སང་ནང་པར་དེ་ལ་ཁ་ཟས་བསྟབས་པར་བྱའོ་སྙམ་ནས་གནས་ཁང་དུ་སོང་ངོ་། །

เล่ม ๗๓ · หน้า 111b

དེ་ནས་དེ་ཕྱི་དེ་ཉིན་པར་ལྷུང་བཟེད་གཉིས་ཐོགས་ཏེ། མཉན་དུ་ཡོད་པར་བསོད་སྙོམས་ལ་སོང་ནས་དེས་བསོད་སྙོམས་ལྷུང་བཟེད་དོ་བསླངས་ཏེ་གཅིག་ནི་བདག་ཉིད་ཀྱིས་ཟོས་སོ། །གཅིག་ནི་དེའི་དོན་དུ་ཁྱེར་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཆས་ཏེ་སོང་བ་ལས། དེའི་

སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་ལམ་དུ་ལས་ལས་སྐྱེས་པའི་བྱ་རོག་དག་བྱུང་ནས། དེ་དག་གིས་ཁ་ཟས་དེ་ཕྲོགས་ནས་ཟོས་སོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུས་བསམས་པ། ད་བདག་མཉན་དུ་ཡོད་པར་སོང་ན་ནི་དྲོ་ཡོལ་བར་འགྱུར་རོ་སྙམ་སྟེ་གཙུག་ལག་ཁང་དུ་

སོང་ནས། ཚེ་དང་ལྡན་པ་སྒུར་ཆུང་དེའི་ཉིན་བར་དུ་ལན་ལྔ་སྨྱུང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་སྒུར་ཆུང་ལན་ལྔ་སྨྱུང་བར་གྱུར་ཏོ་ཞེས་ཐོས་ནས་དེས་བསམས་པ། བདག་གིས་སང་ནང་པར་དེ་ལ་ཁ་ཟས་བསྟབས་པར་བྱའོ་སྙམ་ནས་ཚེ་དང་ལྡན་པ་

སྒུར་ཆུང་གི་ཐད་དུ་སོང་སྟེ་སྨྲས་པ། ཚེ་དང་ལྡན་པ་སྒུར་ཆུང་ཁྱོད་སྙིང་མ་ཆུང་ཅིག་དང་བདག་གིས་སང་ནང་པར་ཁྱོད་ལ་ཁ་ཟས་བསྟབས་སོ་ཞེས་སྨྲས་ནས་དེ་གནས་ཁང་དུ་སོང་ངོ་། །དེ་ནས་དེ་ཕྱི་དེ་ཉིན་པར་ལྷུང་བཟེད་གཉིས་ཐོགས་ཏེ་མཉན་དུ་ཡོད་པར་སོང་ནས་དེས་བསོད་སྙོམས་

ལྷུང་བཟེད་དོ་བསླངས་ཏེ་གཅིག་ནི་བདག་ཉིད་ཀྱིས་ཟོས་སོ། །གཅིག་ནི་དེའི་དོན་དུ་ཁྱེར་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཆས་ཏེ་སོང་བ་ལས། དེའི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་དེ་འགྲོ་བ་ན་མི་མ་ཡིན་པ་རྣམས་ཀྱིས་ཁ་ཟས་དེ་མི་སྣང་བར་བྱས་སོ། །དེ་ནས་དེས་བསམས་པ་

ད་བདག་ཕྱིར་མཉན་དུ་ཡོད་པར་སོང་ན་ནི་དྲོ་ཡོལ་བར་འགྱུར་རོ་སྙམ་སྟེ། ཅང་མི་ཟེར་བར་འདུག་ནས། ཚེ་དང་ལྡན་པ་སྒུར་ཆུང་དེའི་ཉིན་པར་དུ་ལན་དྲུག་སྨྱུང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བསམས་པ། བདག་གིས་སང་ནང་པར་དེ་ལ་ཁ་ཟས་བསྟབས་པར་བྱའོ་

སྙམ་ནས། ཚེ་དང་ལྡན་པ་སྒུར་ཆུང་གི་ཐད་དུ་སོང་སྟེ་སྨྲས་པ། ཚེ་དང་ལྡན་པ་སྒུར་ཆུང་ཁྱོད་སྙིང་མ་ཆུང་ཤིག་དང་བདག་གིས་སང་ཁྱོད་ལ་ཁ་ཟས་བསྟབས་སོ་ཞེས་སྨྲས་ནས་དེ་གནས་ཁང་དུ་སོང་ངོ་། །དེ་ནས་དེའི་ཕྱི་དེ་ཉིན་པར་ལྷུང་བཟེད་གཉིས་ཐོགས་ཏེ་མཉན་དུ་ཡོད་པར་སོང་

เล่ม ๗๓ · หน้า 112a

ནས། དེས་བསོད་སྙོམས་ལྷུང་བཟེད་དོ་བསླངས་ཏེ་གཅིག་ནི་བདག་ཉིད་ཀྱིས་ཟོས་སོ། །གཅིག་ནི་ཁྱེར་ཏེ་ཚེ་དང་ལྡན་པ་སྒུར་ཆུང་གི་གནས་ཁང་དུ་སོང་བ་ལས། ཚེ་དང་ལྡན་པ་སྒུར་ཆུང་གི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་གནས་ཁང་གི་སྒོ་ཡང་མེད་སྐར་

ཁུང་ཡང་མེད་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་རྫུ་འཕྲུལ་གྱིས་སྒོ་སྤྲུལ་ཏེ་ནང་དུ་སོང་ནས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་སྒུར་ཆུང་ལོངས་ལ་ཁ་གདོང་ཁྲུས་ཤིག །དེས་སྨྲས་པ་བདག་གིས་ཁ་གདོང་བཀྲུས་ཟིན་ནོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཚེ་དང་ལྡན་པ་ཤཱ་

རིའི་བུས་ལྷུང་བཟེད་དང་ཆུ་ཚགས་ཕྱོགས་གཅིག་ཏུ་བཞག་ནས། ཚེ་དང་ལྡན་པ་སྒུར་ཆུང་གི་ལག་ཏུ་ཆུ་བཏང་སྟེ། དེའི་མདུན་དུ་ལྷུང་བཟེད་ཀྱི་ཞབས་རྟེན་བཞག་ནས་ལྷུང་བཟེད་བླང་ཞེས་བྱས་པ་དང་། ལྷུང་བཟེད་དེ་ཐུར་དུ་གསེར་གྱི་ས་གཞིའི་སྟེང་དུ་སོང་ནས། ཚེ་དང་ལྡན་

པ་ཤཱ་རིའི་བུས་ལག་པ་གླང་པོ་ཆེའི་སྣ་ལྟ་བུ་བརྐྱང་སྟེ་ལྷུང་བཟེད་དེ་ཕྱུང་ནས་ལག་པ་གཡོན་པའི་སྟེང་དུ་བཞག་སྟེ། ལག་པ་གཡས་པས་ལེགས་པར་བྱིན་གྱིས་བརླབས་ནས་སྨྲས་པ། ཚེ་དང་ལྡན་པ་སྒུར་ཆུང་ད་ཟོ་ཤིག །དེ་ནས་དེས་ལྷུང་བཟེད་དེའི་ནང་ནས་ཁམ་གཅིག་བླངས་ཏེ་

བཟའ་ཞེས་བྱས་ན། དེའི་ཁམ་གཅིག་པོ་དེ་ཡང་མི་སྣང་བར་གྱུར་ཏོ། །དེ་བཞིན་དུ་ཁམ་བླངས་སོ་ཅོག་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བདག་ཉིད་ཀྱི་ལག་པ་གཡས་པས་ཁམ་གཅིག་བླངས་ཏེ་ཁར་གཞུག་ཅེས་བྱས་ན། དེའི་ཁ་མེད་པར་བྱིལ་པོར་

གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུའི་རྫུ་འཕྲུལ་གྱི་སྟོབས་ཅི་ཡོད་པ་བྱས་ཀྱང་དེའི་ཁ་གདོད་མ་ནུས་ཏེ། དེའི་སྐབས་སུ་དྲོ་ཡོལ་བར་གྱུར་ཏོ། །དྲོ་ཡོལ་བའི་འོག་ཏུ་ནི་དེའི་ཁ་དོད་པར་གྱུར་ཏེ། སྔ་མཁོ་བཞིན་དུ་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་དྲིས་པ་ཚེ་དང་

ལྡན་པ་སྒུར་ཆུང་ཁྱོད་ལ་ནང་ན་ཅི་མི་བཟོད་པར་གནོད། དེས་སྨྲས་པ། བཙུན་པ་ཤཱ་རིའི་བུ་བདག་སྐོམ་གྱིས་གདུངས་ཀྱིས་ཆུ་བྱིན་ཅིག་དང་བཏུང་ངོ་། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ལྷུང་བཟེད་ཆུས་བཀང་སྟེ་བྱིན་ནས། ཚེ་དང་ལྡན་པ་སྒུར་ཆུང་གིས་བླངས་ཏེ་ཁར་

เล่ม ๗๓ · หน้า 112b

གཏུགས་ནས་བཏུང་ཞེས་བྱས་ནས། དེའི་ལས་ལས་སྐྱེས་པའི་མི་དག་བྱུང་ནས་ལྷུང་བཟེད་དེའི་ནང་དུ་ཐལ་བ་བླུགས་སོ། །དེ་ནས་དེས་མཐོང་ནས་བདག་གིས་མྱོང་བར་འགྱུར་བར་ངེས་པའི་ལས་འདི་དག་བྱས་ཤིང་བསགས་ཏེ། དེ་དག་ནི་གདོན་མི་ཟ་བར་འོང་བ་དང་རྐྱེན་གྲུབ་

པ་དང་ལྡན་པ་དང་ཚོགས་བསགས་པ་ཡིན་པས་ལས་དེ་དག་ནི་གཞན་དག་གི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་རྣམ་པར་སྨིན་ཅིང་མྱོང་བར་མི་འགྱུར་རོ་སྙམ་ནས་ཐལ་སྐྱོ་དེ་ཉིད་འཐུངས་ཏེ། གཞི་དེ་ཉིད་ཀྱིས་འབར་བ་དང་ལམ་མེར་འདུག་པ་དང་ཆར་འབབ་པ་དང་གློག་འགྱུ་

བའི་ཆོ་འཕྲུལ་རྣམས་བསྟན་ནས་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་དེའི་སྐུ་གདུང་ལ་མཆོད་པ་བྱས་ཏེ། སྐུ་གདུང་གི་མཆོད་རྟེན་བརྩིགས་ནས་བདུག་པ་དང་ཕྱེ་མ་དང་སྤོས་དང་མེ་ཏོག་གིས་མཆོད་པ་བྱས་སོ། །དེ་ནས་དགེ་སློང་

རྣམས་ཀྱིས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་སྒུར་ཆུང་གིས་ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ལྟོགས་ཏེ་ཤིན་ཏུ་ཕོངས་ནས་དགུང་བདུན་གྱི་བར་དུ་སྨྱུང་བར་གྱུར་ལ་ཐལ་སྐྱོ་འཚལ་ནས་ཡོངས་སུ་མྱ་ངན་ལས་འདས་ལགས། བཅོམ་ལྡན་འདས་

ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན་དེ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་

ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་མེའི་ཁམས་དང་རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་

རྣམས་ནི་ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་

เล่ม ๗๓ · หน้า 113a

པའི་དུས་ན་རི་ཁྲོད་ཀྱི་གྲོང་ཞིག་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་

ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་ཁྱེའུ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་རིགས་དང་འཐུན་པར་མིང་བཏགས་ཏེ། འོ་མ་དང་ཞོ་དང་མར་

དང་ཞུན་མར་དང་མར་གྱི་ཉིང་གུས་བསྐྱེད་བསྲིངས་སོ། །དེ་ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང་ཁོང་རྩིས་དང་ཤོད་དགོད་དང་ལག་རྩིས་དང་དབྱུང་བ་དང་སྦ་བ་དང་དགྲམ་པ་དང་གོས་བརྟག་པ་དང་ནོར་བུ་བརྟག་པ་དང་རིན་པོ་ཆེ་བརྟག་པ་དང་སྤོས་བརྟག་པ་དང་སྨན་

བརྟག་པ་དང་གླང་པོ་ཆེ་བརྟག་པ་དང་རྟ་བརྟག་པ་དང་གོ་མཚོན་བརྟག་པ་བསླབས་ཏེ། ཡི་གེ་མཁས་པ་དང་ཀློག་མཁས་པ་དང་མཛངས་པ་དང་བྱ་བ་ལ་གསལ་བ་དང་ཡིད་གཞུངས་པ་དང་བརྟག་པ་རྣམ་པ་བརྒྱད་ལ་བྱང་བར་གྱུར་ཏོ། །ཁྱིམ་བདག་དེ་ནི་སྦྱིན་པ་ལ་དགའ་བ་

ཞིག་སྟེ། ཁྱིམ་དེ་ན་དགེ་སྦྱོང་དང་བྲམ་ཟེ་དང་སྤྱོད་པ་པ་དང་ཀུན་དུ་རྒྱུ་དང་སྡུག་ཅིང་ཕོངས་པ་དང་བཀྲེན་པ་རྣམས་ལ་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་དོ། །དེ་ནས་ཕྱི་ཞིག་ན་ཁྱིམ་བདག་དེ་ཤི་ནས་དེ་ཤི་བའི་འོག་ཏུ་ཡང་བུད་མེད་དེ་ཁྱིམ་ཐབ་ལ་གདུང་བས་སྔ་མའི་

ལུགས་བཞིན་དུ་སྦྱིན་པ་བྱེད་པའི་རྒྱུན་མ་བཅད་དོ། །དེ་ནས་བུ་དེས་སྨྲས་པ། ཡུམ་ཁྱིམ་འདི་མ་གཞིག་ཅིག །ཁྱིམ་འདི་ཇི་ལྟར་བདག་གི་ཕས་བཙུགས་པ་བཞིན་དུ་བདག་གིས་གཟུགས་མི་ནུས་སོ་ཞེས་བྱས་ཏེ་དེ་ལྟར་དེ་ལན་མང་དུ་བཀག་ཀྱང་མ་ཕན་ཏོ། །དེ་ནས་ཁྱེའུས་

བསམས་པ། འདི་ནི་བདག་གིས་ཇི་ལྟར་བྱས་ཀྱང་མི་ཕན་གྱིས་བདག་གིས་འདི་གསད་དོ་སྙམ་ནས། དེ་ནས་མ་དེ་ཁང་ཕུགས་སུ་བཅུག་སྟེ་སྒོ་བཅད་ནས་ཟན་དང་སྐོམ་བཅད་དོ། །དེ་ནས་དེས་སྨྲས་པ། བུ་བདག་ཐོང་ཤིག་དང་ཕྱིན་ཅད་སུ་ལ་ཡང་སྦྱིན་པར་མི་བྱེད་ལ་

เล่ม ๗๓ · หน้า 113b

ཕྱིན་ཅད་ཁྱིམ་འདིར་ཡང་མི་འདུག་གོ། །ཁྱེའུས་སྨྲས་པ། བདག་གིས་ཁྱོད་གསོན་བཞིན་དུ་གཏོང་མི་ནུས་སོ་ཞེས་སྨྲས་ནས། དེས་མ་དེ་ཁང་ཕུགས་དེ་ཉིད་དུ་ཞག་བདུན་གྱི་བར་དུ་ཟན་བཅད་དེ་བསྲུངས་སོ། །དེ་ནས་དེའི་ཁྱིམ་མིས་ཉེ་དུ་གཞན་དག་ལ་བསྙད་ནས་

ཉེ་དུ་རྣམས་ལྷགས་ཏེ་དེ་བཏང་ངོ་། །དེ་ཁང་ཕུགས་དེ་ནས་སྲོག་རྒྱུ་ཙམ་སྟེ་བྱུང་ནས་དེས་བུ་ལ་ཆུ་བསླངས་ན་ཁྱེའུ་དེས་དེ་ལ་ཐལ་སྐྱོ་བྱིན་ཏེ། ཐབས་འདིས་ན་འདི་འཆི་བར་འགྱུར་གྲང་སྙམ་མོ། །དེ་ནས་དེ་ལུས་ཉམ་ཆུང་བས་ཐལ་སྐྱོ་དེ་འཐུངས་པ་དང་གཞི་དེ་ཉིད་ཀྱིས་ཤིའོ། །

དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཁྱེའུར་གྱུར་པ་གང་ཡིན་པ་དེ་ནི་སྒུར་ཆུང་འདི་ཉིད་ཡིན་ཏེ། དེས་མ་ལྟོགས་སུ་བོར་ནས་ཐལ་སྐྱོས་བསད་པའི་ལས་དེའི་རྣམ་པར་སྨིན་པས། ལོ་སྟོང་ཕྲག་དུ་མའི་བར་དུ་སེམས་ཅན་དམྱལ་བ་རྣམས་སུ་བཙོས་སོ། །དེ་དེ་ནས་ཐར་

ནས་ཀྱང་གང་དང་གང་དུ་སྐྱེས་པ་དེ་དང་དེར་ལྟོགས་ནས་ཐལ་སྐྱོ་འཐུངས་ཏེ་ཤིའོ། །ད་ལྟ་སྲིད་པ་ཐ་མ་དང་ལུས་ཐ་མ་དང་གནས་ཐ་མར་གྱུར་ཏེ། དགྲ་བཅོམ་པ་ཉིད་ཐོབ་པའི་བར་དུ་ཡང་ལྟོགས་ནས་ཐལ་སྐྱོ་འཐུངས་ཏེ་དེ་ཁོ་ནའི་རྐྱེན་གྱིས་ཡོངས་སུ་མྱ་ངན་ལས་འདས་སོ། །འདི་ཉིད་

ཀྱིས་ལས་གཞན་ཡང་བྱས་པ་ཡོད་དེ། ལས་དེའི་རྣམ་པར་སྨིན་པས་ལྟོགས་ནས་སྡུག་བསྔལ་ཆེན་པོ་རྙེད་དེ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་

སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་བཱ་རཱ་ཎ་སཱི་ན་ཁྱིམ་བདག་ཅིག་གནས་པ་ལས་

ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་བུ་གཉིས་མཚེ་མར་བྱུང་སྟེ། དེ་གཉིས་ཀྱི་བཙས་སྟོན་རྒྱས་པར་བྱས་ནས་རིགས་དང་འཐུན་པར་མིང་བཏགས་ཏེ། འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུས་བསྐྱེད་བསྲིངས་ནས་གང་གི་ཚེ་དེ་

เล่ม ๗๓ · หน้า 114a

གཉིས་ཆེར་སྐྱེས་པ་དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དད་པ་རྙེད་ནས་དེ་གཉིས་ཀྱི་ཕ་མ་ལ་གསོལ་ཏེ། རབ་ཏུ་བྱུང་ནས་དེ་གཉིས་ཀྱིས་སྡེ་སྣོད་གསུམ་བསླབས་ཏེ་རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པའི་ཆོས་སྨྲ་བར་

གྱུར་ཏེ། དེ་གཉིས་གང་དང་གང་དུ་གནས་པ་དེ་དང་དེར་ལྷན་ཅིག་ན་གནས་སོ། །དེ་གཉིས་ལས་གཅིག་ནི་གོས་དང་ཟས་དང་མལ་ཆ་དང་སྟན་དང་ནད་གསོས་དང་སྨན་ཟོང་རྣམས་རྙེད་པ་དང་ལྡན་པར་གྱུར་ཏེ། དེས་བསམས་པ་མ་ལ་བདག་ནི་ཚེགས་ཆུང་ངུས་ཡོ་བྱད་ཐམས་ཅད་

འབྱོར་ལ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ནི་ཡོ་བྱད་མེད་པས་ཕོངས་ཀྱིས། བདག་གིས་ཆོས་བཞིན་དུ་དགེ་འདུན་གྱི་ཞལ་ཏ་བྱ་གོར་མ་ཆག་སྙམ་ནས་ཆོས་བཞིན་དུ་དགེ་འདུན་གྱི་ཞལ་ཏ་བྱེད་པ་ལ་ཞུགས་ཏེ། གོས་དང་ཟས་དང་མལ་ཆ་དང་སྟན་དང་ནད་གསོས་དང་

སྨན་ཟོང་རྣམས་དང་ཡོ་བྱད་ཐམས་ཅད་སྦྱོར་བར་བྱེད་དོ། །དེ་ནས་དེའི་ཕུ་ནུ་ཟླ་བོ་དེས་བསམས་པ། བདག་གི་ཕུ་ནུ་འདི་ནི་བདག་གི་གྲོགས་ཡིན་ཏེ་འདི་ནི་བདག་དང་དགེ་བའི་ཕྱོགས་ཀྱིས་འབྲེལ་པ་ཡིན་ན། འདི་ནི་དགེ་འདུན་གྱི་ཞལ་ཏའི་ལས་བྱེད་འདོད་པས་འདི་ནི་བདག་གི་

དགེ་བའི་ཕྱོགས་ཀྱི་བར་ཆད་བྱེད་དོ་སྙམ་ནས་དེ་ལ་སྨྲས་པ། ཕུ་ནུ་ཁྱོད་དགེ་བའི་ཕྱོགས་སྤངས་ཏེ། དགེ་འདུན་གྱི་ཞལ་ཏའི་ལས་འདོད་པར་མ་བྱེད་ཅིག །དེ་ནས་དེས་ཕུ་ནུ་ཟླ་བོ་དེ་ལ་སྨྲས་པ། བདག་ནི་ཚེགས་ཆུང་ངུས་ཡོ་བྱད་ཐམས་ཅད་འབྱོར་པ་དང་ལྡན་ལ་ཚངས་པ་མཚུངས་

པར་སྤྱོད་པ་རྣམས་ནི་ཡོ་བྱད་མེད་པས་ཕོངས་ནས། ངས་འདི་དག་གི་དོན་བྱ་བར་ཅི་སྟེ་མི་འདོད་ཅེས་ཟེར་ནས་དེ་དེས་ལན་དུ་མ་བཀག་ཀྱང་མ་ཕན་ནས། དེའི་བློ་སྐྱེས་པ་འདི་ནི་ཇི་སྲིད་དུ་འདུག་པའི་བར་དུ་བདག་གིས་མི་ཟློགས་ཀྱིས། མ་ལ་བདག་གིས་ཐབས་དང་སྦྱར་ལ་

ཡུལ་གཞན་དུ་ཁྲིད་དེ་དགག་པར་བྱའོ་སྙམ་དུ་བསམས་ནས། ཕུ་ནུ་ཟླ་བོ་དེས་ཐབས་དང་སྦྱར་ཏེ་ཡུལ་གཞན་དུ་ཁྲིད་ནས་དེ་ཉིད་ན་འཁོད་དོ། །དེ་ནས་དེ་དེ་ན་འདུག་པས་དགེ་སློང་རྣམས་ཀྱི་རྙེད་པའི་བར་ཆད་དུ་གྱུར་ཏོ། །དེས་ཀྱང་དེ་ན་འདུག་བཞིན་དུ་དགེ་སློང་རྣམས་ཇི་

เล่ม ๗๓ · หน้า 114b

ལྟར་ཡོ་བྱད་ཀྱིས་ཕོངས་པར་གྱུར་པ་ཐོས་ནས་ཐོས་མ་ཐག་ཏུ་ཕུ་ནུ་ཟླ་བོ་ལ་བཟླུགས་ཏེ་བདག་དེར་སོང་ལ་དགེ་སློང་རྣམས་ཡོ་བྱད་ཀྱིས་མི་ཕོངས་པར་བྱའོ་ཞེས་བྱས་སོ། །དེ་ནས་དེའི་ཕུ་ནུ་ཟླ་བོས་སྨྲས་པ། ཕུ་ནུ་དགེ་སློང་དེ་དག་ནི་རྟག་པར་ཡི་དགས་བཞིན་དུ་གཞན་འབའ་ཞིག་ལ་

རེ་ཞིང་འཁོད་ན་ཁྱོད་དགེ་བའི་ཕྱོགས་སྤངས་ཏེ། ཡང་དེར་འགྲོའམ་ཕུ་ནུ་ཟླ་བོས་སྨྲས་པ། ཁྱོད་ཀྱིས་ངག་རྩུབ་པོ་སྨྲས་ཀྱིས་ཉེས་པ་ལ་ཉེས་སོ་ཞེས་བཤགས་པར་གྱིས་ཤིག །ལས་འདིའི་འབྲས་བུ་མི་སྡུག་པ་རྙེད་པར་གྱུར་ཏ་རེ་ཞེས་བྱས་ནས་དེ་ཡང་འགྱོད་པ་ཆེན་པོ་སྐྱེས་ཏེ།

དེས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་པ་དེ་ལྟར་བདག་གིས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཚིག་རྩུབ་པོ་ཡང་སྨྲས། རྙེད་པའི་བར་ཆད་ཀྱང་བྱས་པའི་ལས་དེའི་འབྲས་བུ་བདག་གིས་མྱོང་བར་མ་གྱུར་ཅིག །འདི་ལྟར་བདག་གིས་ཡང་

དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་ཅི་ཡང་མ་ཐོབ་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་

གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དགེ་སློང་དུ་གྱུར་པ་གང་ཡིན་པ་དེ་ནི་

སྒུར་ཆུང་འདི་ཉིད་ཡིན་ཏེ། དེས་དེར་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཚིག་རྩུབ་པོ་སྨྲས་པ་དང་རྙེད་པའི་བར་ཆད་བྱས་པའི་ལས་དེའི་རྣམ་པར་སྨིན་པས་ཚེ་རབས་ལྔ་བརྒྱར་ཡི་དགས་སུ་སྐྱེས་སོ། །དེ་ནས་ཤི་འཕོས་ནས་ཀྱང་ལས་དེ་ཁོ་ནའི་རྣམ་པར་སྨིན་པས་གང་དང་

གང་དུ་སྐྱེས་པ་དེ་དང་དེར་ལྟོགས་ཏེ་ཤིའོ། །ད་ལྟར་དགྲ་བཅོམ་པ་ཉིད་ཐོབ་པའི་བར་དུ་ཡང་ལས་དེ་ཁོ་ནའི་རྣམ་པར་སྨིན་པས་ལྟོགས་ཏེ་ཡོངས་སུ་མྱ་ངན་ལས་འདས་སོ། །དེས་དེར་སྨོན་ལམ་བཏབ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་

เล่ม ๗๓ · หน้า 115a

བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག།།དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་

བྱེད་པར་གྱུར་ཅིག་ཅེས་བྱས་པ་དེས་ནི། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་། ཤུགས་མཉམ་པ་དང་། མཛད་པ་མཉམ་པ་དང་། ཐབས་མཉམ་པ་བརྙེས་ནས་འདིས་ང་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་ལ་

ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།སྲིན་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་ཕྱི་སའི་འདམ་ཞིག་ཏུ་སྲིན་མགོ་བོ་དགེ་སློང་གི་

མགོ་བོ་འདྲ་བ་ཞིག་བྱུང་སྟེ། དེའི་ལུས་ཐམས་ཅད་སྲིན་བུ་ཁབ་ཀྱི་རྩེ་མོ་འདྲ་བ་ཤ་སྟག་གིས་གང་སྟེ། དེ་ལ་བའི་སྤུ་བཞིན་དུ་དེའི་ལུས་ལས་སྲིན་བུ་དེ་དག་བྱུང་ངོ་། །དེ་དག་དེ་ལ་ཟ་བས་ན་ཚ་མི་བཟོད་ནས་ཕྱི་སའི་འདམ་དེའི་ནང་ན་ཕན་ཚུན་རྒྱུག་ལ་མི་བཟོད་པར་བཀྲེས་ཏེ་

ཕྱི་ས་ཟའོ། །དེ་ན་ཚ་མི་བཟོད་དེ་ཕན་ཚུན་འཁོར་བས་ཕྱི་སའི་འདམ་དེའི་ནང་ཐམས་ཅད་དཀྲུགས་སློངས་སོ། །སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་པུའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་ཡེ་ཤེས་ལ་མངའ་བརྙེས་པ་མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་

གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་

འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་སེང་གེའི་སྒྲ་སྒྲོགས་པ་རྣམས་ནི་ཆོས་ཉིད་ཀྱིས་ཉིན་དུས་གསུམ་མཚན་དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด