ལས་བརྒྱ་ཐམ་པ་པ

ชื่อสันสกฤต (อักษรทิเบต ตามตัวบท) ཀརྨ་ཤ་ཏ་ཀ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๗๓ · หน้า 115b

སུ་ནི་དར་སུ་ནི་ཕོངས་ཤིང་འདུག་སུ་ནི་ཉམ་ང་བར་གྱུར་སུ་ནི་གནོད་པ་དང་ལྡན་སུ་ནི་ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན་སུ་ནི་ངན་སོང་དུ་གཞོལ་སུ་ནི་ངན་སོང་དུ་འབབ་སུ་ནི་ངན་སོང་དུ་བབ་སུ་ནི་ངས་ངན་སོང་ནས་ཕྱུང་སྟེ་མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་

བྱ། སུ་ནི་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་

བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི་སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ། །

རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། སྲིན་ལུང་བསྟན་པའི་དུས་ལ་བབ་སྟེ། དེ་ལ་བརྟེན་ནས་བདག་གིས་

གདུལ་བྱ་ཕལ་པོ་ཆེ་དྲང་དགོས་སོ་སྙམ་དུ་དགོངས་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་བོ་ཕལ་པོ་ཆེ་དེ་དག་དྲང་བའི་ཕྱིར་ཅི་ནས་ཕྱི་སའི་འདམ་དེའི་དྲི་མནམ་བས་མཉན་དུ་ཡོད་པ་ཐམས་ཅད་གང་བར་འགྱུར་བ་དེ་ལྟ་བུར་བྱིན་གྱིས་བརླབས་སོ། །དེ་ནས་དེར་སྐྱེ་བོ་ཕལ་པོ་ཆེ་སྔོན་གྱི་དགེ་

བའི་རྩ་བས་བསྐུལ་བ་དེ་དག་ངོ་མཚར་དུ་གྱུར་ཏེ་དྲི་མནམ་པ་འདི་དག་གང་ནས་བྱུང་སྙམ་ནས་སྐྱེ་བོ་སྟོང་ཕྲག་དུ་མ་ལྟད་མོ་ལྟ་འདོད་པར་གྱུར་ཏེ། དྲི་མནམ་པའི་ཕྱོགས་སུ་ཕྱི་སའི་འདམ་ག་ལ་བ་དེར་དོང་བ་དང་སྐྱེ་བོ་ཕལ་པོ་དེ་དག་གིས་ཕྱི་སའི་འདམ་དེ་ན་སྲིན་དེ་འདྲ་བ་ཕན་ཚུན་འཁོར་

ཞིང་འདུག་པ་དེ་མཐོང་ངོ་། །མཐོང་ནས་དེ་དག་གིས་བསམས་པ། སེམས་ཅན་འདི་ལྟ་བུ་སྡུག་བསྔལ་འདི་འདྲ་བ་མྱོང་བ་ཅི་ཡིན་ཞིག་གུ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། བདག་གི་གདུལ་བྱ་མཉན་དུ་ཡོད་པ་ན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ད་

เล่ม ๗๓ · หน้า 116a

ལྟར་ཚོགས་སོ་སྙམ་དུ་དགོངས་ནས། སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས་དགེ་སློང་གི་ཚོགས་ཀྱིས་ཞབས་འབྲིང་བྱས་ཏེ། མཉན་དུ་ཡོད་པར་གཤེགས་ནས་ཕྱི་སའི་འདམ་དེ་ག་ལ་བ་དེར་བྱོན་པ་དང་། སྐྱེ་བོ་ཕལ་

པོ་ཆེ་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་ཐག་རིང་པོ་ཞིག་ནས་མཐོང་ངོ་། །མཐོང་ནས་ཀྱང་གང་མ་དད་པ་དེ་དག་ན་རེ། དགེ་སྦྱོང་གཽ་ཏ་མ་ལྟད་མོ་འདོད་པ་དང་བྲལ་ལོ་ཞེས་གྲག་ན་དེ་ཡང་ལྟད་མོ་ལ་གནན་པར་གྱུར་ཏེ་འདིར་འོངས་སོ་ཞེས་ཟེར་ཏོ། །གང་དད་པ་

དང་ལྡན་པ་དག་ན་རེ་བཅོམ་ལྡན་འདས་ནི་སྲིན་འདི་ལས་བརྟེན་ཏེ་ངོ་མཚར་རྨད་དུ་བྱུང་བའི་ཆོས་འགའ་ཞིག་ལུང་སྟོན་པར་བཞེད་པའི་ཕྱིར་འདིར་གཤེགས་གོར་མ་ཆག་སྙམ་ནས། བཅོམ་ལྡན་འདས་ཀྱི་གདན་བཤམས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་

ལྡན་འདས་གཤེགས་པ་ལེགས་སོ། །བཅོམ་ལྡན་འདས་གདན་བཤམས་པ་ལ་བཞུགས་སུ་གསོལ་ཞེས་བྱས་ནས། བཅོམ་ལྡན་འདས་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། མ་ལ་བདག་ཅི་ནས་སྲིན་འདིས་སྔོན་གྱི་ཚེ་རབས་

དྲན་པར་འགྱུར་ལ་མིའི་སྐད་དུ་སྨྲ་ཞིང་བཅོམ་ལྡན་འདས་དང་གཏམ་ཟེར་ཤེས་པར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱའོ་སྙམ་དུ་དགོངས་སོ། །དེ་ནས་བཅོམ་ལྡན་འདས་ཅི་ནས་སྲིན་དེས་སྔོན་གྱི་ཚེ་རབས་དྲན་པར་འགྱུར་ལ་མི་སྐད་དུ་སྨྲ་ཞིང་བཅོམ་ལྡན་

འདས་དང་གཏམ་ཟེར་ཤེས་པར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེར་བཅོམ་ལྡན་འདས་ཀྱིས་སྲིན་དེ་ལ་བཀའ་སྩལ་པ། བཞིན་བཟངས་ཁྱོད་སྡེ་སྣོད་གསུམ་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་བདག་སྡེ་སྣོད་གསུམ་པ་ལགས་

སོ། །བཞིན་བཟངས་ཁྱོད་སྡེ་སྣོད་གསུམ་པ་ཡིན་ནམ། བདེ་བར་གཤེགས་པ་བདག་སྡེ་སྣོད་གསུམ་པ་ལགས་སོ། །བཀའ་སྩལ་པ། ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་རྣམས་ཀྱི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་ཡོད་དམ། བཅོམ་ལྡན་

เล่ม ๗๓ · หน้า 116b

འདས་ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མི་སྡུག་པ་མྱོང་བ་མཆིས་ལགས་སོ། །བདེ་བར་གཤེགས་པ་མི་སྡུག་པ་མྱོང་བ་མཆིས་ལགས་སོ། །བཀའ་སྩལ་པ། ཁྱོད་ཀྱི་མི་དགེ་བའི་བཤེས་གཉེན་སུ་ཡིན། གསོལ་

པ། བདག་གི་སེམས་ལགས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་སྐྱེ་བོ་ཕལ་པོ་ཆེ་དེ་དག་ངོ་མཚར་དུ་གྱུར་ཏེ། སེམས་ཅན་འདི་ལྟ་བུ་སྔོན་གྱི་ཚེ་རབས་དྲན་ལ་མི་སྐད་དུ་ཡང་སྨྲ་ཞིང་བཅོམ་ལྡན་འདས་དང་གཏམ་ཟེར་ཡང་ཤེས་པ་དེ་སུ་ཞིག་གུ་སྙམ་མོ། །སངས་རྒྱས་བཅོམ་

ལྡན་འདས་རྣམས་ནི་སྙན་སླེབས་པར་དཀའ་སྟེ། དེ་དག་གིས་བཅོམ་ལྡན་འདས་ལ་ཞུ་བའི་ཐུགས་མ་ཐུབ་ནས་དེ་དག་ཚེ་དང་ལྡན་པ་ཀུན་དགའ་བོའི་ཐད་དུ་སོང་སྟེ་དྲིས་པ། བཙུན་པ་སེམས་ཅན་འདི་ལྟ་བུ་སྔོན་གྱི་ཚེ་རབས་དྲན་ལ་མི་སྐད་དུ་སྨྲ་ཞིང་བཅོམ་ལྡན་འདས་དང་

གཏམ་ཟེར་ཤེས་པ་དེ་སུ་ཞིག་ལགས། ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ། བཅོམ་ལྡན་འདས་ལ་ཞུས་ཤིག །དེ་དག་གིས་སྨྲས་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྙན་སླེབས་པར་དཀའ་སྟེ། བདག་ཅག་གིས་ཞུ་བའི་ཐུགས་མི་ཐུབ་བོ། །ཚེ་དང་

ལྡན་པ་ཀུན་དགའ་བོས་སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བདག་གིས་ཀྱང་སྙན་སླེབས་པར་དཀའ་མོད་ཀྱི། འོན་ཀྱང་ཁྱེད་ལ་སྙིང་བརྩེ་བའི་ཕྱིར་ཞུ་བར་བྱའོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་བཅོམ་ལྡན་འདས་ག་

ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་སེམས་ཅན་འདི་ལྟ་བུ་སྔོན་གྱི་ཚེ་རབས་དྲན་ལ་མི་སྐད་དུ་ཡང་སྨྲ་ཞིང་། བཅོམ་ལྡན་འདས་ལ་བཀའ་མཆིད་གསོལ་འཚལ་བ་དང་འདི་ལྟ་བུའི་གནོད་པའི་སྡུག་བསྔལ་དག་ཀྱང་མྱོང་

ཞིང་མཆིས་པ་འདི་སུ་ཞིག་ལགས། དེ་ནས་དེར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སེམས་ཅན་འདི་ནི་སྡིག་པའི་ལས་བྱེད་བྱེད་པ་ཡིན་ཏེ། འདི་སྡིག་པའི་ལས་མང་དུ་བྱས་སོ། །ཀུན་དགའ་བོ་སྔོན་བྱུང་བ་འདས་པའི་

เล่ม ๗๓ · หน้า 117a

དུས་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་

མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་མཆོག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་ཁྱིམ་བདག་ཅིག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཆོག་གི་བསྟན་པ་ལ་དད་པ་རྙེད་དེ་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བླངས་

ནས་དེས་བསམས་པ་བདག་གིས་ཁྱིམ་ན་གནས་པ་བཏང་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཆོག་གི་བསྟན་པ་ལ་རབ་ཏུ་འབྱུང་ངོ་སྙམ་དུ་བསམས་ནས་ཁྱིམ་གྱི་འཁོར་བཏང་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཆོག་གི་བསྟན་པ་

ལ་རབ་ཏུ་བྱུང་ངོ་། །དེ་དེར་རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་བསླབས་ཏེ་རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པ་ཆོས་སྨྲ་བ། ཟས་དང་སྐོམ་དང་མལ་ཆ་དང་སྟན་དང་ནད་གསོས་དང་སྨན་ཟོང་རྣམས་རྙེད་པར་གྱུར་ནས་དེས་བསམས་པ། མ་ལ་བདག་གིས་རྙེད་པ་དང་བཀུར་སྟིའི་སྒོ་

ནས་རྙེད་པར་བྱ་བ་རྙེད་པ་དེས་བདག་གིས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཕན་གདགས་གོར་མ་ཆག་སྙམ་ནས། སྦྱིན་བདག་དང་སྦྱིན་པ་པོ་རྣམས་ལ་བསྐུལ་ཏེ། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་བསྙེན་བཀུར་བྱེད་པ་ལ་ཞུགས་སོ། །དེའི་ཚེ་ནོག་རི་ཞེས་བྱ་བའི་

སྟེང་དུ་སློབ་པ་དང་མི་སློབ་པའི་དགེ་འདུན་བདུན་ཁྲི་བདུན་སྟོང་དབྱར་གནས་པར་དམ་བཅའ་བར་འདོད་དེ། དེ་དག་གིས་བསམས་པ། བདག་ཅག་གིས་ཞལ་ཏ་བྱེད་པ་བསྐོས་ཏེ་གདོད་དབྱར་གནས་པར་དམ་བཅའོ་སྙམ་སྟེ། བདག་ཅག་དགེ་འདུན་གྱི་བསྙེན་བཀུར་བྱེད་ནུས་པ་སུ་

ཡོད་སྙམ་ནས། དེ་དག་གིས་བསམས་པ། སྡེ་སྣོད་གསུམ་པ་འདི་ནི་ཀུན་ལ་གྲགས་པ་བསོད་ནམས་ཆེན་པོ་དང་ལྡན་པ། ཟས་དང་སྐོམ་དང་མལ་ཆ་དང་སྟན་དང་ནད་གསོས་དང་སྨན་ཟོང་རྣམས་རྙེད་པ་ཡིན་གྱིས། བདག་ཅག་གིས་འདི་སྤྲོ་བ་བསྐྱེད་ལ་འདི་ཁོ་ནས་བདག་ཅག་

เล่ม ๗๓ · หน้า 117b

གི་ཞལ་ཏ་བྱས་ཏེ་དབྱར་གནས་པར་དམ་བཅའོ་སྙམ་ནས་དེའི་ཐད་དུ་སོང་སྟེ་སྨྲས་པ། བཙུན་པ་བདག་ཅག་དགེ་སློང་བདུན་ཁྲི་བདུན་སྟོང་ནོག་རིའི་སྟེང་དུ་དབྱར་གནས་པར་དམ་བཅའ་བར་འདོད་ལ། ཁྱོད་ཀྱིས་ནི་ཆོས་བཞིན་དུ་དགེ་འདུན་གྱི་ཞལ་ཏ་བྱེད་ནུས་ན་ཁྱོད་སྤྲོ་བར་

གྱིས་ཤིག་དང་། ཁྱོད་ལ་བརྟེན་ཏེ་བདག་ཅག་དབྱར་གནས་པར་དམ་བཅའོ། །སྡེ་སྣོད་གསུམ་པས་སྨྲས་པ། ཁྱེད་ཐུགས་མ་བསེར་ཅིག་དང་བདག་གིས་ཁྱེད་ཀྱི་ཡོ་བྱད་ཐམས་ཅད་སྦྱར་རོ། །དེ་ནས་དེ་ཐོས་མ་ཐག་ཏུ་དགེ་སློང་དེ་དག་རི་དེའི་སྟེང་དུ་སོང་ནས་སྡེ་སྣོད་གསུམ་པ་དེ་

ཁོ་ན་ལ་བརྟེན་ཏེ་དབྱར་གནས་པར་དམ་བཅས་སོ། །དེ་ནས་སྡེ་སྣོད་གསུམ་པས་བསམས་པ། བདག་གིས་དགེ་སློང་འདི་སྙེད་ལ་ཐུགས་མ་བསེར་ཅིག་ཅེས་བྱས་ནས་གྱིན་ད་འདུག་པས་མི་ནུས་ཀྱི་བདག་སོང་ལ་སྦྱིན་བདག་དང་སྦྱིན་པ་པོ་རྣམས་ལ་བསྐུལ་ཏེ། དགེ་འདུན་གྱི་

ཡོ་བྱད་ཐམས་ཅད་སྦྱར་རོ་སྙམ་དུ་བསམས་ནས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ཏེ་ལྷུང་བཟེད་ཐོགས་ནས་སྤྱོད་ཡུལ་གྱི་གྲོང་དུ་ཆས་སོ། །དེའི་ཚེ་རྒྱ་མཚོ་ཆེན་པོའི་ནང་ནས་ཚོང་པ་ལྔ་བརྒྱ་ཙམ་གྲུའི་དོན་གྲུབ་སྟེ་ལྷགས་ནས་རི་དེ་དང་ཐག་མི་རིང་བ་ཞིག་ཏུ་རྫས་ཕོག་སྟེ་

གནས་བཅས་ནས་ཚོང་པ་རྣམས་ཀྱིས་རི་དེའི་སྟེང་ན་དགེ་སློང་ཕལ་པོ་ཆེ་འཁོད་པ་མཐོང་ངོ་། །མཐོང་ནས་ཀྱང་དེ་དག་ལ་མཆོག་ཏུ་དགའ་བར་གྱུར་ཏོ། །དགེ་སློང་ཞལ་ཏ་བྱེད་པ་དེ་ཡང་དེ་དག་གི་ཐད་དུ་སོང་སྟེ། དེ་དེ་དག་གིས་མཐོང་ནས་སྨྲས་པ། བཙུན་པ་གར་

གཤེགས་སྡེ་སྣོད་གསུམ་པས་སྨྲས་པ། རི་འདིའི་སྟེང་ན་དགེ་སློང་བདུན་ཁྲི་བདུན་སྟོང་འཁོད་པ་རྣམས་བདག་ལ་བརྟེན་ཏེ་དབྱར་གནས་པར་དམ་བཅས་པས་ན། དེ་དག་གི་ཕྱིར་སྦྱིན་བདག་དང་སྦྱིན་པ་པོ་རྣམས་ལ་བསྐུལ་དུ་འགྲོའོ། །ཚོང་པ་རྣམས་ཀྱིས་སྨྲས་པ། བཙུན་

པ་ཐུགས་མ་བསེར་བར་ཅི་ཡང་བགྱི་མི་འཚལ་གྱིས་བདག་ཅག་གིས་དེ་དག་གི་ཡོ་བྱད་ཐམས་ཅད་སྦྱོར་བར་འཚལ་ལོ་ཞེས་བྱས་ནས། དེ་དག་གིས་དེ་ལ་གསེར་དངུལ་མང་དུ་ཕུལ་ནས་སྨྲས་པ། བཙུན་པ་ཁྱོད་ཀྱིས་དེང་སླན་ཅད་དགེ་སློང་དེ་དག་ལ་ཡོ་བྱད་ཐམས་ཅད་སྦྱོར་

เล่ม ๗๓ · หน้า 118a

ལ། གལ་ཏེ་གསེར་དངུལ་འདི་དག་གིས་འཚལ་ན་ནི་ལེགས། གལ་ཏེ་མ་འཚལ་ན་ནི་ཡང་གསེར་དངུལ་གཞན་ཡང་ཇི་ཙམ་འཚལ་བ་དེ་ཙམ་བདག་ཅག་དབུལ་ལོ། །དབྱར་གནས་པ་ལགས་པའི་མཇུག་ཏུ་ཡང་ན་བཟའ་དག་དབུལ་བར་འཚལ་

ལོ་ཞེས་བྱས་སོ། །དེས་ཞལ་ཏ་བྱེད་པ་དེས་དེ་ལྟར་བགྱིའོ་ཞེས་བྱས་ནས། གསེར་དངུལ་རྣམས་ཁྱེར་ཏེ་གཙུག་ལག་ཁང་དུ་སོང་ནས། དེས་གསེར་དངུལ་རྣམས་བལྟས་པ་དང་ཆགས་པ་སྐྱེས་ནས་དེས་གསེར་དངུལ་རྣམས་བསྐུངས་ཏེ། དགེ་སློང་རྣམས་ལ་ནི་ཟས་

དང་སྐོམ་ངན་པ་སྟོབས་པར་བྱེད་དོ། །དེ་ནས་ཕྱིས་དགེ་སློང་དེ་དག་གིས་ཞལ་ཏ་བྱེད་པ་དེ་ལ་བཤད་དེ། བཙུན་པ་བདག་ཅག་ཟས་དང་སྐོམ་ངན་པ་འདི་ལྟ་བུས་འཚོ་མི་ནུས་སོ། །དེས་སྨྲས་པ། བདག་གི་མཐུ་ནི་དེ་ཁོ་ནར་ཟད་དེ། དེ་ལས་མི་ནུས་ཀྱིས་གལ་ཏེ་ཁྱེད་དེས་

འཚོ་མི་ནུས་ན་ཁྱེད་བདག་ཅག་གིས་སྦྱིན་བདག་དག་ལ་བསྐུལ་ལ་འཚོ་བར་གྱིས་ཤིག་ཅེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་དགེ་སློང་དེ་དག་གིས་ཚོང་པ་དེ་དག་ལ་ཁྱེད་ཀྱིས་དགེ་སློང་བདུན་ཁྲི་བདུན་སྟོང་གི་ཟས་དང་སྐོམ་སྦྱར་བར་ནུས་སམ་ཞེས་སྨྲས་པ་དང་། ཚོང་པ་

རྣམས་ཀྱིས་སྨྲས་པ། བཙུན་པ་དག་བདག་ཅག་གིས་འཕགས་པ་ཞལ་ཏ་བགྱིད་པ་ལ་གསེར་དངུལ་མང་པོ་ཕུལ་ཏེ། གལ་ཏེ་འདི་ཙམ་གྱིས་འཚལ་ན་ཡང་ལེགས། གལ་ཏེ་མ་འཚལ་ན་ཡང་གསེར་དངུལ་གཞན་དབུལ་བར་འཚལ་ལོ་ཞེས་བགྱིས་ནས། ཅིའི་སླད་དུ་

དེས་ཁྱེད་ལ་ཟས་དང་སྐོམ་ངན་པ་གསོལ་ཅེས་བྱས་ནས། ཚོང་པ་དེ་དག་སྡེ་སྣོད་གསུམ་པའི་ཐད་དུ་དོང་ནས་སྨྲས་པ། བཙུན་པ་བདག་ཅག་གིས་གལ་ཏེ་གསེར་དངུལ་འདི་རྣམས་ཀྱིས་འཚལ་ན་ནི་ལེགས། གལ་ཏེ་མ་འཚལ་ན་ཡང་གསེར་དངུལ་གཞན་དབུལ་ལོ་ཞེས་མ་

བགྱིས་སམ། དེ་ཅིའི་སླད་དུ་ཁྱོད་ཀྱིས་དགེ་སློང་རྣམས་ལ་ཟས་དང་སྐོམ་ངན་པ་གསོལ་ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཞལ་ཏ་བྱེད་པ་དེ་སྐྱེངས་ནས་ཁྲོས་ཏེ་ཕྱིན་ཅད་དགེ་སློང་དེ་དག་གི་ཞལ་ཏ་བྱེད་དུ་མ་བཏུབ་བོ། །དེ་ནས་དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ།

เล่ม ๗๓ · หน้า 118b

བཙུན་པ་བདག་ཅག་ཁྱོད་ལ་བརྟེན་ཏེ་དབྱར་གནས་པར་དམ་བཅས་ན་ཅིའི་ཕྱིར་ཁྱོད་ཅང་མི་བྱེད་པར་འདུག །ཕྱིན་ཅད་དགེ་སློང་རྣམས་ཀྱི་ཡོ་བྱད་སྦྱར་བར་མ་དད་དམ་ཞེས་བྱས་པ་དང་དེ་ཁྲོས་ནས་སྨྲས་པ། ཁྱེད་ཀྱིས་ང་ཁོ་ནའི་དད་པས་བྱིན་པ་ལོངས་སྤྱོད་ལ་ང་ཉིད་དམའ་

འབེབས་པར་བྱེད་པས་ནི་ཁྱེད་ཕྱི་སའི་འདམ་དུ་བྱིང་སྟེ་བཤང་གཅི་ཟ་བར་གྱུར་ཀྱང་སླའོ་ཞེས་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་བསམས་པ། ཉོན་མོངས་པ་འདི་དམས་ཤིང་ཉམས་པར་གྱུར་ཏེ། འདི་ལྟར་སློབ་པ་དང་མི་སློབ་པ་བདུན་ཁྲི་བདུན་སྟོང་ལ་ཚིག་རྩུབ་

པོས་སྨྲས་ཀྱིས་མེད་ན་ད་ཡང་དེ་བས་ཆེས་དམས་ཤིང་ཉམས་པར་འགྱུར་ན་མ་ལེགས་ཀྱིས་ད་ནི་བདག་ཅག་གིས་འདི་ལ་ཅི་ཡང་སྨྲ་བར་མི་བྱའོ་སྙམ་ནས་ཅང་མི་ཟེར་བར་འདུག་གོ། །དེ་ནས་ཕྱི་ཞིག་སྡེ་སྣོད་གསུམ་པ་དེ་འགྱོད་པ་སྐྱེས་ཏེ་དེས་དགེ་སློང་དེ་དག་ལ་བཟོད་པ་

གསོལ་ནས། དེ་དག་གིས་སྨྲས་པ། བདག་ཅག་གིས་ནི་བཟོད་ན་ཁྱོད་ཀྱི་ལས་རྣམས་ཀྱིས་མི་བཟོད་པར་འགྱུར་རོ་ཞེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཆོག་གི་བསྟན་པ་ལ་རབ་ཏུ་བྱུང་

བའི་སྡེ་སྣོད་གསུམ་པར་གྱུར་པ་གང་ཡིན་པ་དེ་ནི་སྲིན་འདི་ཉིད་ཡིན་ཏེ། དེས་དེ་ལྟར་སློབ་པ་དང་མི་སློབ་པ་བདུན་ཁྲི་བདུན་སྟོང་ལ་ཚིག་རྩུབ་པོ་སྨྲས་པའི་ལས་དེའི་རྣམ་པར་སྨིན་པ་དེས་ནི་འདི་དུད་འགྲོར་སྐྱེས་ཏེ། དགེ་སློང་དག་ཡང་དག་པར་རྫོགས་པའི་སངས་

རྒྱས་ཐམས་ཅད་མཆོག་གི་རིང་ཕན་ཅད་ད་ལྟར་ངའི་རིང་ཚུན་ཅད་ཀྱི་བར་དུ་འདི་དུད་འགྲོ་ལས་ཤི་འཕོས་ཤིང་དུད་འགྲོ་འབའ་ཞིག་ཏུ་སྐྱེས་ཏེ། ཐམས་ཅད་དུ་ཡང་འདིས་ལུས་འདི་ལྟ་བུ་ཐོབ་པར་གྱུར་ལ་ཐམས་ཅད་དུ་ཡང་ཕྱི་སའི་འདམ་དུ་བྱིང་ནས་བཤང་གཅི་ཟ་བར་གྱུར་ཏོ། །

དགེ་སློང་དག་གིས་ཞུས་པ། བཙུན་པ་སེམས་ཅན་འདི་སྡུག་བསྔལ་འདི་ལས་ནམ་ཐར་པར་འགྱུར་ལགས། བཀའ་སྩལ་པ། དགེ་སློང་དག་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་ལྔ་བརྒྱ་འབྱུང་བར་འགྱུར་ཏེ། དེ་རྣམས་ཀྱི་འོག་ཏུ་ཡང་དག་པར་རྫོགས་པའི་

เล่ม ๗๓ · หน้า 119a

སངས་རྒྱས་སྣང་མཛད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་གསུང་རབ་ལ་འདི་དུད་འགྲོ་ལས་ཐར་ཏེ་མི་ལུས་ཐོབ་ནས་དེའི་བསྟན་པ་ལ་རབ་ཏུ་བྱུང་ནས་མཚམས་མེད་པའི་ལས་བྱེད་པར་འགྱུར་རོ། །དེ་དེ་ནས་ཤི་འཕོས་ཏེ་དུས་ལས་འདས་ནས་

སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་ཏེ། དེས་སེམས་ཅན་དམྱལ་བ་དེ་དག་ཏུ་ལོ་འབུམ་ཕྲག་དུ་མར་སྡུག་བསྔལ་མྱོང་བར་འགྱུར་རོ། །དེས་དེའི་ལས་མི་བཟད་པ་ཟད་ནས་ཡང་མི་ལུས་ཐོབ་པར་འགྱུར་ཏེ། དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་

མཛད་ཅེས་བྱ་བ་ཞིག་འཇིག་རྟེན་དུ་འབྱུང་སྟེ། དེའི་གསུང་རབ་ལ་འདི་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་ལ་དེ་ཀུན་ལ་གྲགས་ཤིང་བསོད་ནམས་ཆེན་པོ་དང་ལྡན་ཏེ། གོས་དང་ཟས་དང་མལ་ཆ་དང་སྟན་དང་ནད་

གསོས་དང་སྨན་ཟོང་རྣམས་རྙེད་པར་འགྱུར་ལ་དེ་དེར་ལུང་འབོགས་པ་རྣམས་ཀྱི་མཆོག་ཏུ་འགྱུར་ཏེ། དེས་དེར་སྐྱེ་བོ་མང་པོ་ལ་ཕན་བཏགས་ནས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། དེར་འདི་ཡི་སྡུག་

བསྔལ་གྱི་མཐའ་ཟད་པར་འགྱུར་རོ། །དེ་ནས་དེ་ཐོས་མ་ཐག་ཏུ་སྐྱེ་བོ་ཕལ་པོ་ཆེ་དེ་དག་སྐྱོ་བ་ཆེན་པོ་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་གི་ཡིད་སྐྱོ་བར་གྱུར་པར་ཐུགས་སུ་ཆུད་ནས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེ་ནས་སྐྱེ་བོ་མང་པོ་དེ་དག་གིས་སྟན་དེ་ལ་

འཁོད་བཞིན་དུ་ཁ་ཅིག་གིས་ནི་དྲོ་བར་གྱུར་པ་བསྐྱེད་དོ། །ཁ་ཅིག་གིས་ནི་རྩེ་མོ་དང་བདེན་པ་དང་འཐུན་པའི་བཟོད་པ་དང་འཇིག་རྟེན་གྱི་ཆོས་ཀྱི་མཆོག་དང་མཐོང་བའི་སྙོམས་པར་འཇུག་པ་བསྐྱེད་དོ། །ཁ་ཅིག་གིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་

གིས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བའི་ས་

เล่ม ๗๓ · หน้า 119b

བོན་བསྐྱེད་དོ། །ཁ་ཅིག་གིས་ནི་སྟོབས་ཀྱིས་འཁོར་ལོས་སྒྱུར་བར་འགྱུར་བ་དང་། ཁ་ཅིག་གིས་ནི་བརྒྱ་བྱིན་དུ་འགྱུར་བ་དང་། ཁ་ཅིག་གིས་ནི་ཚངས་པར་འགྱུར་བ་དང་། ཁ་ཅིག་གིས་ནི་ཉན་ཐོས་ཀྱི་བྱང་ཆུབ་དང་། ཁ་ཅིག་གིས་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་དང་

ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ས་བོན་བསྐྱེད་དོ། །འཁོར་དེ་དག་གི་ནང་ནས་ཕལ་ཆེར་ནི་སངས་རྒྱས་ལ་གཞོལ་ཆོས་ལ་འབབ་དགེ་འདུན་ལ་བབ་པར་བྱས་ཏེ་བཀོད་ནས། བཅོམ་ལྡན་འདས་གཙུག་ལག་ཁང་དུ་གཤེགས་སོ། །ལས་

བརྒྱ་ཐམ་པ་ལས་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པ་རྫོགས་སྷོ།། །།ལས་བརྒྱ་ཐམ་པ། བམ་པོ་བཅུ་པ། སྡོམ་ནི། ཀ་ཙང་ཀ་ལ་ཀཻ་ནེ་ཡ། བག་མ་གཏོང་གཉིས་གཅོད་པ་གཉིས། །ཟ་བ་དགའ་བྱེད་སྣག་བུ་དང་། །བུར་འདུ་ཤེས་

དང་ཞིང་པ་དང་། །ཤི་དང་ཀོ་ཀ་ལི་ཀ་དང་། །ཐང་བཅད་ཐ་མ་ཁམ་ཞེས་བྱ། །ཀ་ཙང་ཀ་ལ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཡུལ་ཨོ་ཏ་ལ་ན་ཨོ་ཏ་ལའི་ནགས་ཁྲོད་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ། ལྷུང་

བཟེད་བསྣམས་ནས་ཡུལ་ཨོ་ཏ་ལར་བསོད་སྙོམས་ལ་གཤེགས་སོ། །དེའི་ཚེ་བུད་མེད་ཅིག་བུམ་པ་ཁྱེར་ཏེ་ཆུ་ཆུར་སོང་བ་ལས་བུད་མེད་དེས་ཐག་རིང་པོ་ཞིག་ནས། བཅོམ་ལྡན་འདས་མཛེས་པ། དད་པ་སྐྱེ་བར་འགྱུར་བ་དབང་པོ་ཞི་བ་ཐུགས་ཞི་བ། ཐུགས་

མཆོག་ཏུ་ཞི་བ་དང་ལྡན་པ་གསེར་གྱི་མཆོད་སྡོང་བཞིན་དུ་དཔལ་དང་གཟི་བྱིན་འབར་བ་མཐོང་ངོ་། །མཐོང་ནས་ཀྱང་དེ་བཅོམ་ལྡན་འདས་ལ་བུའི་འདུ་ཤེས་སྐྱེས་ནས་དེས་བུམ་པ་དེ་ཕྱོགས་གཅིག་ཏུ་བཞག་སྟེ། ལག་པ་གཉིས་བརྐྱང་ནས་བཅོམ་ལྡན་འདས་ག་ལ་བ་དེར་

སོང་སྟེ་སྨྲས་པ་བུ་དང་ཕྲད་དོ། །བུ་དང་ཕྲད་དོ་ཞེས་ཟེར་ཞིང་། བཅོམ་ལྡན་འདས་ཀྱི་མགུལ་ནས་འཁྱུད་པར་འདོད་པ་ལས་དགེ་སློང་རྣམས་ཀྱིས་མཐོང་ནས་བཀག་གོ། །དེ་ནས་དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་བུད་མེད་འདི་

เล่ม ๗๓ · หน้า 120a

མ་དགག་ཅིག །གལ་ཏེ་བུད་མེད་འདི་དེ་བཞིན་གཤེགས་པའི་མགུལ་ནས་འཁྱུད་དུ་མ་བཅུག་ན། ཁ་ནས་ཁྲག་དྲོན་མོ་སྐྱུགས་ཏེ་འཆི་བར་འགྱུར་རོ། །དེ་ནས་དགེ་སློང་རྣམས་ཀྱིས་དེ་ཐོས་ནས་མ་བཀག་པར་བཞག་གོ། །དེ་ནས་དེས་བཅོམ་ལྡན་

འདས་ཀྱི་མགུལ་ནས་འཁྱུད་ནས་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་ཁམས་དང་རང་བཞིན་ཐུགས་སུ་ཆུད་ནས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེ་ནས་བུད་མེད་དེས་སྟན་དེ་ཁོ་ན་ལ་འདུག་

བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་

ལོགས་སུ་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་མའི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་

སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལ་གཏད་ནས། དེས་དེ་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་བྱས་ནས་དེ་ལ་ལུང་ཡང་ཕོག་གོ། །དེས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་

བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེས་དགྲ་བཅོམ་མ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་

སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་

เล่ม ๗๓ · หน้า 120b

ནས་དེ་བཅོམ་ལྡན་འདས་ཀྱིས་མཆོག་ཏུ་ལུང་བསྟན་ཏེ། དགེ་སློང་དག་ངའི་ཉན་ཐོས་ཀྱི་དགེ་སློང་མ་མདོ་རྣམ་པར་འབྱེད་པ་རྣམས་ཀྱི་མཆོག་ནི་འདི་ལྟ་སྟེ། དགེ་སློང་མ་ཀ་ཙང་ཀ་ལ་འདི་ཡིན་ནོ་ཞེས་ལུང་བསྟན་ཏོ། །དེ་ནས་དགེ་སློང་དག་གིས་སངས་རྒྱས་བཅོམ་

ལྡན་འདས་ལ་གསོལ་པ། བཙུན་པ་གཟིགས་ལགས་སམ་བུད་མེད་སྟོང་ཕྲག་དུ་མས་བཅོམ་ལྡན་འདས་མཐོང་ན་སུས་ཀྱང་བཅོམ་ལྡན་འདས་མཐོང་བ་ན་འདི་ལྟར་མ་བརྒྱུགས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཀ་ཙང་ཀ་ལ་འདི་ནི་ངའི་

འདས་མ་ཐག་པའི་ཚེ་རབས་ལྔ་བརྒྱར་མར་གྱུར་པས་ན། འདི་ནི་སྔོན་གྱི་བག་ཆགས་ཀྱི་གཞི་ཡོད་པའི་ཕྱིར་ང་མཐོང་ན་རྒྱུག་གོ། །དགེ་སློང་དག་གིས་གསོལ་པ། བཙུན་པ་གལ་ཏེ་འདི་བཅོམ་ལྡན་འདས་ཀྱི་འདས་མ་ཐག་པའི་ཚེ་རབས་ལྔ་བརྒྱར་ཡུམ་དུ་གྱུར་པ་ལགས་

ན། ཅིའི་སླད་དུ་ད་ལྟར་གྱི་ཡུམ་དུ་མ་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རྒྱུ་གཉིས་དང་རྐྱེན་གཉིས་ཀྱིས་ན་འདི་ངའི་ད་ལྟར་གྱི་མར་མ་གྱུར་ཏེ། ལྷ་མོ་སྒྱུ་འཕྲུལ་ཆེན་མོས་སྨོན་ལམ་བཏབ་སྟེ། ཀྱེ་མ་བདག་སངས་རྒྱས་ཀྱི་ཡུམ་དུ་གྱུར་

ཅིག་ཅེས་བྱས་པ་དེ་དང་། ང་ཡང་འདིས་ཡིད་བྱུང་བར་བྱས་ནས་ངས་ཀྱང་སྨོན་ལམ་བཏབ་སྟེ། ཕྱིན་ཅད་འདི་བདག་གི་མར་མ་གྱུར་ཅིག་ཅེས་བྱས་པའི་ཕྱིར་རོ། །གསོལ་པ། འདིས་ཅི་ལྟར་བཅོམ་ལྡན་འདས་ཐུགས་བྱུང་བར་བགྱིས་ལགས། བཀའ་སྩལ་པ། དགེ་སློང་

དག་བྱང་ཆུབ་སེམས་དཔའ་རྣམས་ནི་ངེས་པར་འབྱུང་བ་ལ་དགའ་བ་དང་སྦྱིན་པ་ལ་དགའ་བ་ཡིན་ན། འདིས་ཐམས་ཅད་དུ་ངའི་ངེས་པར་འབྱུང་བ་དང་སྦྱིན་པའི་བར་ཆད་བྱས་ཏེ་གཞི་དེས་ན་འདིས་ང་ཡིད་བྱུང་བར་བྱས་སོ། །དེ་ནས་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་

ཞུས་པ། བཙུན་པ་དགེ་སློང་མ་ཀ་ཙང་ཀ་ལས། ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས། དབུལ་མོར་གྱུར་ལ་རྒས་ནས་གདོད་རབ་ཏུ་བྱུང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བྱང་ཆུབ་སེམས་དཔའ་རྣམས་ནི་ངེས་པར་འབྱུང་བ་

เล่ม ๗๓ · หน้า 121a

ལ་དགའ་བ་དང་སྦྱིན་པ་ལ་དགའ་བ་ཡིན་ན། འདིས་ངའི་ཚེ་རབས་བགྲངས་པར་ངེས་པར་འབྱུང་བ་དང་སྦྱིན་པའི་བར་ཆད་བྱས་པས་ན། ལས་དེའི་རྣམ་པར་སྨིན་པས་ད་ལྟར་དབུལ་མོར་གྱུར་ལ་རྒས་ནས་གདོད་རབ་ཏུ་བྱུང་ངོ་། །བཙུན་པ་དགེ་སློང་མ་ཀ་

ཙང་ཀ་ལས། ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ད་ལྟར་བཅོམ་ལྡན་འདས་ཀྱིས་མདོ་རྣམ་པར་འབྱེད་པ་རྣམས་ཀྱི་མཆོག་ཏུ་བསྟན་ལ། འདིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ། མི་མཉེས་པར་མ་བགྱིས་ལ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ཡང་རབ་

ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །བཙུན་པ་འདིས་གང་དུ་སྨོན་ལམ་བཏབ་ལགས། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་

ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་

རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་གསུང་རབ་ལ་འདི་རབ་ཏུ་བྱུང་ནས། གང་ལས་རབ་ཏུ་བྱུང་བའི་མཁན་མོ་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་མདོ་རྣམ་པར་འབྱེད་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏེ། དེས་དེར་འདིས་ཚེ་

གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་པ། འདི་ལྟར་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ། ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ཅི་ཡང་མ་ཐོབ་ཀྱིས། ཡང་དག་པར་རྫོགས་པའི་སངས་

རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་

เล่ม ๗๓ · หน้า 121b

ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བདག་གི་མཁན་མོ་ཇི་ལྟར་མདོ་རྣམ་པར་འབྱེད་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་བཞིན་དུ། བདག་ཀྱང་ཤཱཀྱ་ཐུབ་པ་ཤཱཀྱའི་རྒྱལ་པོའི་མཆོག་དེས་མདོ་རྣམ་པར་འབྱེད་པ་རྣམས་

ཀྱི་མཆོག་ཏུ་བསྟན་པར་ཤོག་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དགེ་སློང་མར་གྱུར་པ་གང་ཡིན་པ་དེ་ནི་ཀ་ཙང་ཀ་ལ་འདི་ཉིད་ཡིན་ཏེ། དེར་འདིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་སྟེ། ཡང་དག་པར་རྫོགས་

པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ།

དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བདག་གི་མཁན་མོ་ཇི་ལྟར་མདོ་རྣམ་པར་འབྱེད་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་བཞིན་དུ། བདག་ཀྱང་ཤཱཀྱ་ཐུབ་པ་ཤཱཀྱའི་རྒྱལ་པོའི་མཆོག་དེས་མདོ་རྣམ་པར་འབྱེད་པ་

རྣམས་ཀྱི་མཆོག་ཏུ་བསྟན་པར་ཤོག་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་། ཤུགས་མཉམ་པ་དང་། མཛད་པ་མཉམ་པ་དང་། ཐབས་མཉམ་པ་བརྙེས་ནས། འདིས་ང་མཉེས་པར་བྱས་ཏེ་

མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས་ངས་འདི་མདོ་རྣམ་པར་འབྱེད་པ་རྣམས་ཀྱི་མཆོག་ཏུ་ཡང་བསྟན་ཏོ།། །།ཀཻ་ནེ་ཡ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཡུལ་

ཨ་དུ་མ་ན་འབྱུང་པོའི་ཁྱིམ་ཞེས་བྱ་བའི་གནས་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས། ཡུལ་ཨ་དུ་མའི་གྲོང་དུ་བསོད་སྙོམས་ལ་གཤེགས་སོ། །ཨ་དུ་མའི་གྲོང་དུ་བསོད་སྙོམས་མཛད་ནས། བཤོས་

เล่ม ๗๓ · หน้า 122a

གསོལ་ཏེ། ཟས་ཕྱིས་ལེན་པ་སྤངས་ནས་འབྱུང་པོའི་ཁྱིམ་གྱི་གནས་ཀྱི་ཕྱི་རོལ་དུ་ཞབས་བཀྲུས་ཏེ་ནང་དུ་ཡང་དག་འཇོག་གི་ཕྱིར་འབྱུང་པོའི་ཁྱིམ་གྱི་གནས་ཀྱི་ནང་དུ་གཤེགས་སོ། །དེའི་ཚེ་ཡུལ་ཨ་དུ་མར་འབྲུག་སྒྲ་ཡང་བྱུང་ཐོག་ཀྱང་བབ་སྟེ། གླང་

བཞི་དང་ཁྱིམ་བདག་ཞིང་པ་སྤུན་གཉིས་བསད་ནས། དེར་སྐྱེ་བོ་ཕལ་པོ་ཆེས་སྒྲ་བོ་ཆེ་དང་ཅ་ཅོ་ཆེན་པོའི་སྐད་ཕྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ཕྱེ་མ་རེད་ཀྱི་དུས་སུ་ནང་དུ་ཡང་དག་འཇོག་ལས་བཞེངས་ནས་འབྱུང་པོའི་ཁྱིམ་གྱི་གནས་ནས་བྱུང་སྟེ། འབྱུང་པོའི་ཁྱིམ་གྱི་གནས་

ཀྱི་གྲིབ་མའི་ཐང་གི་འཆག་ས་ན་འཆག་ཅིང་བཞུགས་སོ། །དེ་ནས་དེར་མི་ཞིག་ཀྱང་སྐྱེ་བོ་ཕལ་པོ་ཆེ་དེ་དག་གི་ནང་ནས་བྱུང་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་འཆག་པའི་སླད་

བཞིན་དུ་འབྲང་ཞིང་འཆག་གོ། །དེ་ནས་དེར་བཅོམ་ལྡན་འདས་ཀྱིས་མི་དེ་ལ་བཀའ་སྩལ་པ། ཀྭའི་མི་འདི་ཨ་དུ་མའི་གྲོང་ཁྱེར་དུ་སྐྱེ་བོ་ཕལ་པོ་ཆེའི་སྒྲ་བོ་ཆེ་དང་ཅ་ཅོ་ཆེན་པོའི་སྐད་གྲགས་པ་དེ་ཅི་ཞིག །མི་དེས་གསོལ་པ། བཙུན་པ་ད་གདོད་ཨ་དུ་མའི་གྲོང་དུ་འབྲུག་སྒྲ་ཡང་

བྱུང་ཐོག་ཀྱང་བབ་སྟེ། གླང་བཞི་དང་ཁྱིམ་བདག་ཞིང་པ་སྤུན་གཉིས་བཀུམ་ནས་དེར་སྐྱེ་བོ་ཕལ་པོ་ཆེས་སྒྲ་བོ་ཆེ་དང་ཅ་ཅོ་ཆེན་པོའི་སྐད་ཕྱུང་ན། ཅི་བཅོམ་ལྡན་འདས་ཀྱིས་འབྲུག་སྒྲ་དང་ཐོག་བབ་པའི་སྒྲ་མ་གསན་ཏམ། བཀའ་སྩལ་པ། ངས་མ་ཐོས་སོ། །གསོལ་པ། ཅི་

བཅོམ་ལྡན་འདས་གཟིམས་གཟིམས་སམ། བཀའ་སྩལ་པ། ང་ཅང་མ་ཉལ་ལོ། །གསོལ་པ། ཅི་བཅོམ་ལྡན་འདས་འདུ་ཤེས་དང་ལྡན་བཞིན་ལ་མ་གཟིམས་བཞིན་དུ་འབྲུག་སྒྲ་དང་ཐོག་བབ་པའི་སྒྲ་མ་གསན་ཏམ། བཀའ་སྩལ་པ། འདུ་ཤེས་དང་ལྡན་བཞིན་ལ་མ་ཉལ་

བཞིན་དུ་ངས་འབྲུག་སྒྲ་དང་ཐོག་བབ་པའི་སྒྲ་མ་ཐོས་སོ། །དེ་ནས་མི་དེས་འདི་སྙམ་དུ་སེམས་ཏེ། ཀྱེ་མ་འདི་ལྟར་འདུ་ཤེས་དང་ཡང་ལྡན་པ་ཞིག་ལ་གཟིམས་ཀྱང་མ་གཟིམས་པར་འབྲུག་སྒྲ་དང་ཐོག་བབ་པའི་སྒྲ་ཡང་མ་གསན་པ་ལས་ན། བཅོམ་ལྡན་འདས་གནས་པའི་བསམ་

เล่ม ๗๓ · หน้า 122b

གཏན་དེ་དེ་ཙམ་དུ་ཞི་བ་ནི་ངོ་མཚར་ཏོ་སྙམ་ནས་མི་དེ་དགའ་བར་གྱུར་ཏེ། དགའ་བར་གྱུར་པའི་ཡོན་ཡང་ཕུལ་ལོ། །དེའི་ཚེ་ཡུལ་ཨ་དུ་མའི་ནགས་ཁྲོད་ཅིག་ན་དྲང་སྲོང་ཀཻ་ནེ་ཡ་ཞེས་བྱ་བ་འཁོར་ལྔ་བརྒྱ་ཡོད་པ་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཞིག་གནས་སོ། །དེ་

དང་ཐག་མི་རིང་བ་གུད་ཀྱི་ནགས་ཁྲོད་ཅིག་ན་ནི་དེ་ཉིད་ཀྱི་སྲིང་མོའི་བུ་དྲང་སྲོང་རི་བོ་ཞེས་བྱ་བ་འཁོར་ལྔ་བརྒྱ་ཡོད་པ་ཞིག་གནས་སོ། །དྲང་སྲོང་དེ་གཉི་ག་ཡང་མཚོ་དལ་གྱིས་འབབ་ཀྱི་འགྲམ་ན་གནས་ཏེ། དེ་གཉིས་དེར་དུས་དུས་སུ་འགྲོ་ཞིང་ཉིན་པར་གནས་པར་བྱེད་དོ། །སངས་

རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་པུའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ།

སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་པ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པར་སེང་གེའི་སྒྲ་ཆེན་པོ་

སྒྲོགས་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ་མཚན་དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད་སུ་ནི་དར་སུ་ནི་ཕོངས་ཤིང་འདུག་སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན་སུ་ནི་ཕོངས་པ་དང་ཉམ་

ང་བ་དང་གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ། མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་

པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་ཡོངས་སུ་

เล่ม ๗๓ · หน้า 123a

སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ནི་སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ། །རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །

གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ་ངས་རྒྱལ་པོ་ཆེན་པོ་བཞི་ལ་གང་དུ་ཆོས་བཤད་ན། དེར་དྲང་སྲོང་ཀ་ནེ་ཡ་དང་རི་བོ་ཡང་ཞར་ལ་བདག་གིས་ཐུལ་བར་འགྱུར་ཞིག་གུ། མ་ལ་བདག་གིས་མཚོ་དལ་

གྱིས་འབབ་ཀྱི་འགྲམ་དུ་རྒྱལ་པོ་ཆེན་པོ་བཞི་ལ་ཆོས་བཤད་དང་། དེར་དྲང་སྲོང་ཀ་ནེ་ཡ་དང་། རི་བོ་ཡང་ཚེགས་ཆུང་ངུས་ཞར་ལ་བདག་གིས་ཐུལ་བར་འགྱུར་རོ་སྙམ་དུ་དགོངས་ནས། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་ཐུགས་བསྐྱེད་དེ། ཀྱེ་མ་རྒྱལ་པོ་ཆེན་པོ་བཞིས་བདག་གི་

སེམས་ཤེས་ཏེ། བཅོམ་ལྡན་འདས་ནི་བདག་ཅག་ལ་མཚོ་དལ་གྱིས་འབབ་ཀྱི་འགྲམ་དུ་ཆོས་བཤད་པར་བཞེད་དོ་སྙམ་དུ་རྟོགས་ན་ལེགས་སོ་སྙམ་དུ་དགོངས་སོ། །དེ་ནས་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ཀྱི་དགོངས་པ་ཁོང་དུ་ཆུད་ནས་གཡོག་རྣམས་བཏང་སྟེ།

ཁྱེད་དེང་ལ་མཚོ་དལ་གྱིས་འབབ་ཀྱི་འགྲམ་དུ་སོང་སྟེ་གདན་དག་ཤོམས་ཤིག །ས་གཞི་ཡང་མེ་ཏོག་སྣ་ཚོགས་ཀྱིས་གཏོར་ཅིག །སྤོས་ཆུའི་ཆག་ཆག་ཀྱང་ཐོབ་ཅིག །དྲང་སྲོང་ཀཻ་ནེ་ཡ་དང་རི་བོ་ལ་ཡང་མིའམ་མི་མ་ཡིན་པའམ་སྲིན་པོ་ལ་ལ་དག་གནོད་པ་བྱེད་ན་མི་རུང་གིས་

བསྲུང་བར་གྱིས་ཤིག་ཅེས་བསྒོའོ། །དེ་ནས་རྒྱལ་པོ་ཆེན་པོ་བཞིའི་གཡོག་རྣམས་ཀྱིས་བཀའ་བཞིན་འཚལ་ཞེས་བྱས་ཏེ། མཚོ་དལ་གྱིས་འབབ་ཀྱི་འགྲམ་དུ་སོང་ནས་གདན་ཡང་བཤམས། ས་གཞི་ཡང་མེ་ཏོག་སྣ་ཚོགས་ཀྱིས་གཏོར་ཏེ་སྤོས་ཆུའི་ཆག་ཆག་བཏབ་བོ། །དེ་ནས་

དྲང་སྲོང་ཀ་ནེ་ཡས་རྒྱལ་པོ་ཆེན་པོ་བཞིའི་གཡོག་རྣམས་ཀྱིས་མཚོ་དལ་གྱིས་འབབ་ཀྱི་འགྲམ་དུ་གདན་བཤམས་ནས། ས་གཞི་ཡང་མེ་ཏོག་སྣ་ཚོགས་ཀྱིས་གཏོར་ཏེ་སྤོས་ཆུའི་ཆག་ཆག་བཏབ་པ་མཐོང་ངོ་། །མཐོང་ནས་ཀྱང་དྲང་སྲོང་ཀཻ་ནེ་ཡས་ཁྱེད་ཅི་ཤོམ་ཞིང་འདུག་ཅེས་དྲིས་

เล่ม ๗๓ · หน้า 123b

སོ། །དེ་དག་གིས་སྨྲས་པ། རྒྱལ་པོ་ཆེན་པོ་བཞི་ལ་བཅོམ་ལྡན་འདས་ཆོས་སྟོན་པར་བཞེད་དེ་དེའི་ཕྱིར་གདན་ཤོམ་མོ། །དྲང་སྲོང་ཀ་ནེ་ཡས་སྨྲས་པ། ཅི་ངས་དེ་དག་ལ་ཆོས་བཤད་དམ་རྒྱལ་པོ་ཆེན་པོ་བཞིའི་གཡོག་རྣམས་ཀྱིས་སྨྲས་པ། དགེ་སྦྱོང་གཽ་ཏ་མ་དེ་དག་ལ་

ཆོས་སྟོན་པར་མཛད་ཀྱི་ཁྱོད་མ་ཡིན་ནོ། །དེས་སྨྲས་པ། འོ་ན་ཁྱེད་ངའི་ཕྱི་བཞིན་དུ་ཅིའི་ཕྱིར་འབྲང་། དེ་དག་གིས་སྨྲས་པ། དེ་དག་གི་ཕྱི་བཞིན་དུ་གཡོག་འཁོར་མང་པོ་འོང་བར་འགྱུར་ཏེ། དེ་དག་གིས་ཁྱོད་ལ་གནོད་པ་བྱེད་དུ་དོགས་པའི་ཕྱིར་བདག་ཅག་ཁྱོད་ལ་སྲུང་བར་བྱེད་

དོ། །དྲང་སྲོང་ཀཻ་ནེ་ཡས་སྨྲས་པ། ཅི་ཁྱེད་ང་འབའ་ཞིག་ལ་སྲུང་བར་བྱེད་དམ། འོན་ཏེ་དགེ་སྦྱོང་གཽ་ཏ་མ་ལ་ཡང་སྲུང་བར་བྱེད། རྒྱལ་པོ་ཆེན་པོ་བཞིའི་གཡོག་རྣམས་ཀྱིས་སྨྲས་པ། བདག་ཅག་ནི་དགེ་སྦྱོང་གཽ་ཏ་མ་ལ་སྲུང་བར་མི་བྱེད་དེ། དེ་ཉིད་ལྷ་དང་བཅས་པའི་འཇིག་རྟེན་

ལ་སྲུང་བར་མཛད་དོ། །དེ་ནས་ཀཻ་ནེ་ཡས་བསམས་པ། འདི་ལྟར་ལྷ་རྣམས་ཀྱང་དེ་ལ་མཆོད་པའི་ཕྱིར་ལས་བྱ་བ་ལ་བརྩོན་པར་བྱེད་པ་ལས་ན། དགེ་སྦྱོང་གཽ་ཏ་མ་ནི་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཞིག་གོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཡུལ་ཨ་དུ་མ་ནས་མི་སྣང་བར་གྱུར་ཏེ།

མཚོ་དལ་གྱིས་འབབ་ཀྱི་འགྲམ་དུ་གཤེགས་ནས་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དྲི་ཟ་སྟོང་ཕྲག་དུ་མས་གཡོག་བྱས་པ། ལྷའི་མེ་ཏོག་ཨུད་པ་ལ་དང་པད་མ་དང་ཀུ་མུ་ད་དང་པད་མ་དཀར་པོ་རྣམས་ཀྱིས་ཐུ་བ་བཀང་ནས་བཅོམ་

ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་ཨུད་པ་ལ་དང་པད་མ་དང་ཀུ་མུ་ད་དང་པད་མ་དཀར་པོ་རྣམས་ཀྱིས་གཏོར་ནས་ཤར་ཕྱོགས་ལོགས་སུ་བརྟེན་ཏེ། བཅོམ་ལྡན་འདས་ལ་མདུན་

གྱིས་ཕྱོགས་ཤིང་ནུབ་ཕྱོགས་སུ་ཁ་བལྟས་ཏེ་འདུག་གོ། །དེ་ནས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་གྲུལ་བུམ་སྟོང་ཕྲག་དུ་མས་གཡོག་བྱས་པ་རིན་པོ་ཆེས་ཐུ་བ་བཀང་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་རིན་པོ་ཆེས་གཏོར་ཏེ། བཅོམ་ལྡན་

เล่ม ๗๓ · หน้า 124a

འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ལྷོ་ཕྱོགས་ལོགས་སུ་བརྟེན་ཏེ། བཅོམ་ལྡན་འདས་ལ་མདུན་གྱིས་ཕྱོགས་ཤིང་བྱང་ཕྱོགས་སུ་ཁ་བལྟས་ཏེ་འདུག་གོ། །དེ་ནས་རྒྱལ་པོ་ཆེན་པོ་མིག་མི་བཟང་ཀླུ་སྟོང་ཕྲག་དུ་མས་གཡོག་བྱས་པ་མུ་ཏིག་

གིས་ཐུ་བ་བཀང་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་མུ་ཏིག་གིས་གཏོར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ནུབ་ཕྱོགས་ལོགས་སུ་བརྟེན་ཏེ། བཅོམ་ལྡན་འདས་ལ་མདུན་གྱིས་ཕྱོགས་ཤིང་ཤར་ཕྱོགས་

སུ་ཁ་བལྟས་ཏེ་འདུག་གོ། །དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་གནོད་སྦྱིན་སྟོང་ཕྲག་དུ་མས་གཡོག་བྱས་པ་གསེར་དངུལ་གྱིས་ཐུ་བ་བཀང་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་གསེར་དངུལ་གྱིས་གཏོར་ཏེ། བཅོམ་ལྡན་འདས་

ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བྱང་ཕྱོགས་སུ་བརྟེན་ཏེ། བཅོམ་ལྡན་འདས་ལ་མདུན་གྱིས་ཕྱོགས་ཤིང་ལྷོ་ཕྱོགས་སུ་ཁ་བལྟས་ཏེ་འདུག་གོ། །དེ་དག་གི་ནང་ན་གཉིས་ནི་ཡུལ་མཐའ་འཁོབ་པ་ཡིན་ལ། གཉིས་ནི་ཡུལ་དབུས་པ་ཡིན་ནོ། །དེ་ནས་བཅོམ་

ལྡན་འདས་ཀྱིས་དགོངས་པ། གལ་ཏེ་བདག་གིས་ཡུལ་དབུས་ཀྱི་སྐད་ཀྱིས་ཆོས་བཤད་ན་ནི། གཉིས་ཀྱིས་ནི་བརྡ་ཕྲད་ལ་གཉིས་ཀྱིས་ཕྲད་པར་མི་འགྱུར། དེ་སྟེ་ཡུལ་མཐའ་འཁོབ་ཀྱི་སྐད་ཀྱིས་ཆོས་བཤད་ན་ཡང་གཉིས་ཀྱིས་ནི་བརྡ་ཕྲད་ལ་གཉིས་ཀྱིས་ནི་བརྡ་ཕྲད་པར་

མི་འགྱུར་གྱིས། མ་ལ་བདག་གིས་འདི་དག་ལ་སོ་སོར་ཆོས་བཤད་པར་བྱའོ་སྙམ་དུ་དགོངས་ནས་དེར་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འདི་ལྟར་ལུས་དང་བྲལ་བ་དང་ཚོར་བ་བསིལ་བར་གྱུར་པ་དང་འདུ་ཤེས་

འགགས་པ་དང་འདུ་བྱེད་ཉེ་བར་ཞི་བ་དང་རྣམ་པར་ཤེས་པ་ནུབ་པར་གྱུར་པ་འདི་ཉིད་སྡུག་བསྔལ་གྱི་མཐར་ཐུག་པ་ཡིན་ནོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་དེ་དང་སྐལ་བ་མཉམ་པའི་ལྷ་སྟོང་ཕྲག་དུ་མ་ཆོས་རྣམས་ལ་ཆོས་ཀྱི་མིག་

เล่ม ๗๓ · หน้า 124b

རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེ་ནས་དེར་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འདི་ལ་ཁྱོད་ཀྱིས་མཐོང་བ་ལ་ནི་མཐོང་བ་ཙམ་གྱི་བློ་དང་ལྡན་པར་གྱིས་ཤིག །ཐོས་པ་ལ་ནི་ཐོས་པ་ཙམ་གྱི་བློ་དང་

ལྡན་པར་གྱིས་ཤིག །བྱེ་བྲག་ཕྱེད་པ་ལ་ནི་བྱེ་བྲག་ཕྱེད་པ་ཙམ་གྱི་བློ་དང་ལྡན་པར་གྱིས་ཤིག །རྣམ་པར་ཤེས་པ་ལ་ནི་རྣམ་པར་ཤེས་པ་ཙམ་གྱི་བློ་དང་ལྡན་པར་གྱིས་ཤིག་དང་འདི་ཉིད་སྡུག་བསྔལ་གྱི་མཐར་ཐུག་པ་ཡིན་ནོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན།

རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དང་དེ་དང་སྐལ་བ་མཉམ་པའི་ལྷ་སྟོང་ཕྲག་དུ་མས་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེ་ནས་དེར་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་མིག་མི་བཟང་ལ་བཀའ་སྩལ་པ། ཨེ་ནེ་མེ་ནེ། དབ་ཕུ། ད་དབ་

ཕུ། ཞེས་བྱ་བ་འདི་ཉིད་སྡུག་བསྔལ་གྱི་མཐར་ཐུག་པ་ཡིན་ནོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། རྒྱལ་པོ་ཆེན་པོ་མིག་མི་བཟང་དང་དེ་དང་སྐལ་བ་མཉམ་པའི་ལྷ་སྟོང་ཕྲག་དུ་མ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེ་ནས་དེར་

བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ལ་བཀའ་སྩལ་པ། མ་ཤཱ་ཏུ་ཤཱ། སང་ཤྭ་མཱ། སརྦ་ད་ཏྲ་བི་ར་ཏྲཱི། ཞེས་བྱ་བ་འདི་ཉིད་སྡུག་བསྔལ་གྱི་མཐར་ཐུག་པ་ཡིན་ནོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང་དེ་དང་སྐལ་

བ་མཉམ་པའི་ལྷ་སྟོང་ཕྲག་དུ་མ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེ་ནས་རྒྱལ་པོ་ཆེན་པོ་བཞིས་ཆོས་མཐོང་ཆོས་རྙེད་ཆོས་རྟོགས་ཆོས་ཀྱི་གཏིང་སླེབས་སོམ་ཉི་ལས་རྒལ་ཐེ་ཙོམ་ལས་བརྒལ་ཏེ། གཞན་གྱི་དྲིང་མི་འཇོག་ཅིང་གཞན་

གྱིས་བཀྲི་བ་མེད་ལ། སྟོན་པས་བསྟན་པའི་ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་

เล่ม ๗๓ · หน้า 125a

ཅག་ནི་ཞུགས་པ་ལགས་སོ། །ཞུགས་པ་ལགས་སོ། །སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་མཆིའོ། །སྐྱབས་སུ་མཆི་བ་དང་བསླབ་པའི་གཞི་གཟུང་བར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་གྲོགས་པོ་དག་ཁྱེད་ཟེར་བ་ནི་

ལེགས་པ་ཡིན་ནོ། །ཞེས་བཀའ་སྩལ་ཏོ། །དེ་ནས་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རངས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་ཐད་ནས་དོང་ངོ་། །དེ་

རྣམས་དོང་བའི་འོག་ཏུ་དགེ་སློང་དག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་རྒྱལ་པོ་ཆེན་པོ་བཞིས་ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་གཙོ་བོར་སྨོས་པར་གྱུར་ལ་གཉིས་ནི་ཡུལ་དབུས་པར་གྱུར། གཉིས་ནི་ཡུལ་མཐའ་འཁོབ་པར་གྱུར་ཏེ།

འདི་རྣམས་ཀྱིས་བཅོམ་ལྡན་འདས་ཀྱང་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་

དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་རི་རབ་ཀྱི་བང་རིམ་ལ་ཀླུའི་རྒྱལ་པོ་

དབུགས་དང་དབུགས་ཆེན་པོ་ཞེས་བྱ་བ་གཉིས་ཀྱང་གནས་ལ། བྱའི་རྒྱལ་པོ་ནམ་མཁའ་ལྡིང་སྒྲ་སྙན་དང་སྒྲ་ཆུང་ཞེས་བྱ་བ་གཉིས་ཀྱང་དེ་ན་གནས་པ་ལས། ཀླུ་དེ་གཉིས་ནམ་མཁའ་ལྡིང་དེ་གཉིས་ཀྱིས་འཇིགས་ནས་ཐུར་དུ་གསེར་གྱི་ས་གཞིའི་སྟེང་དུ་སོང་སྟེ་གནས་སོ། །

དེ་ནས་ཕྱི་ཞིག་ན་ཀླུའི་རྒྱལ་པོ་དབུགས་དང་དབུགས་ཆེན་སྤུན་གཉིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དགའ་བར་གྱུར་ཏེ། དེ་གཉིས་ཀྱིས་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བླངས་སོ། །དེར་གང་གི་ཚེ་དེ་གཉིས་ཀྱིས་སྐྱབས་སུ་

เล่ม ๗๓ · หน้า 125b

འགྲོ་བ་དང་བསླབ་པའི་གཞི་རྣམས་བླངས་པ་དེའི་ཚེ། ཀླུའི་རྒྱལ་པོ་དེ་གཉིས་ལ་ནམ་མཁའ་ལྡིང་གིས་མི་ཚུགས་པར་གྱུར་ནས་དེ་གཉིས་རྒྱ་མཚོ་ཆེན་པོའི་ནང་ནས་བྱུང་སྟེ་བག་ཡངས་སུ་འཁོད་དོ། །དེ་ནས་ནམ་མཁའ་ལྡིང་སྒྲ་སྙན་དང་སྒྲ་ཆུང་གཉིས་ཀྱིས་ཀླུའི་རྒྱལ་པོ་

དེ་གཉིས་རྒྱ་མཚོ་ཆེན་པོའི་ནང་ནས་བྱུང་ནས་བག་ཡངས་སུ་འཁོད་པ་མཐོང་ངོ་། །མཐོང་ནས་ཀྱང་བརྟུལ་ཏེ་ཤུགས་ཀྱིས་བཅུམ་པ་ལས་དེ་གཉིས་ལ་གནོད་པ་བྱེད་མ་ནུས་ཏེ། རི་རབ་ལ་བབ་པ་བཞིན་དུ་རྡུགས་ནས། དེ་གཉིས་ཀྱིས་དེ་གཉིས་ལ་དྲིས་པ། སྔོན་ཁྱེད་གཉིས་

ངེད་གཉིས་ཀྱིས་འཇིགས་ནས་ཐུར་དུ་གསེར་གྱི་ས་གཞི་ལ་སོང་སྟེ་གནས་ན། ད་ཅིའི་ཕྱིར་ཁྱེད་གཉིས་བག་ཡངས་སུ་འཁོད་ལ་ངེད་གཉིས་ཀྱིས་ཁྱེད་གཉིས་ལ་གནོད་པ་བྱེད་ཀྱང་མི་ནུས་པར་གྱུར། ཀླུ་གཉིས་ཀྱིས་སྨྲས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་

སྲུང་ལས། བདག་ཅག་གཉིས་ཀྱང་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བླངས་པས་ན། དེའི་ཕྱིར་ད་ནི་བདག་ཅག་གཉིས་ལ་ཁྱེད་གཉིས་ཀྱིས་མི་ཚུགས་པར་གྱུར་ཏོ། །ནམ་མཁའ་ལྡིང་གཉིས་ཀྱིས་སྨྲས་པ། སངས་རྒྱས་ཞེས་བྱ་བ་དེ་སུ་ཞིག །དེ་ནས་ཀླུ་

གཉིས་ཀྱིས་དེ་གཉིས་ལ་སངས་རྒྱས་ཀྱི་བསྔགས་པ་རྒྱས་པར་བཤད་དོ། །དེ་ནས་དེ་ཐོས་མ་ཐག་ཏུ་དེ་གཉིས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་ཤས་ཆེར་དགའ་བ་སྐྱེས་སོ། །དགའ་བ་སྐྱེས་ནས་དེ་གཉིས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་

གི་ཐད་དུ་སོང་སྟེ། སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བླངས་ནས་དེ་རྣམས་འཐུན་པར་གྱུར་ཏེ་ལྷན་ཅིག་འགྲོགས་ཤིང་འཁོད་ནས། དེ་རྣམས་ཀྱིས་ཚེ་གཅིག་ཏུ་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བསྲུངས་ཏེ། འཆི་ཀར་སྨོན་ལམ་བཏབ་པ། འདི་ལྟར་

བདག་ཅག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཚེ་གཅིག་ཏུ་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བསྲུངས་པའི་དགེ་བའི་རྩ་བ་འདིས་ན་བདག་ཅག་གང་དང་གང་དུ་སྐྱེ་བ་དེ་དང་དེར་གཙོ་བོར་སྨོས་པར་གྱུར་ཅིག །ཡང་དག་པར་རྫོགས་པའི་

เล่ม ๗๓ · หน้า 126a

སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་ཅག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་

ཀླུའི་རྒྱལ་པོ་དབུགས་དང་དབུགས་ཆེན་ཞེས་བྱ་བར་གྱུར་པ་གང་ཡིན་པ་དེ་གཉིས་ནི་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ་ཡུལ་དབུས་པར་གྱུར་པ་འདི་གཉིས་ཁོ་ན་ཡིན་ནོ། །དེའི་ཚེ་ནམ་མཁའ་ལྡིང་གི་རྒྱལ་པོ་སྒྲ་སྙན་དང་སྒྲ་ཆུང་ཞེས་བྱ་བར་གྱུར་པ་གང་ཡིན་པ་དེ་

གཉིས་ནི། རྒྱལ་པོ་ཆེན་པོ་མིག་མི་བཟང་དང་རྣམ་ཐོས་ཀྱི་བུ་ཞེས་བྱ་བ་ཡུལ་མཐའ་འཁོབ་པར་གྱུར་པ་འདི་གཉིས་ཁོ་ན་ཡིན་ནོ། །དེ་རྣམས་ཀྱིས་དེར་ཚེ་གཅིག་ཏུ་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བསྲུངས་ནས་འཆི་ཀར་སྨོན་ལམ་བཏབ་སྟེ། ཀྱེ་མ་དགེ་བའི་རྩ་བ་འདིས་

བདག་ཅག་གང་དང་གང་དུ་སྐྱེ་བ་དེ་དང་དེར་གཙོ་བོར་སྨོས་པར་གྱུར་ཅིག །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་ཅག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་

མ་གྱུར་ཅིག་ཅེས་བྱས་པའི་ལས་དེའི་རྣམ་པར་སྨིན་པས་ད་ལྟར་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་ན་གཙོ་བོར་སྨོས་པར་གྱུར་ཏེ། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་། ཤུགས་མཉམ་པ་དང་། མཛད་པ་མཉམ་པ་དང་།

ཐབས་མཉམ་པ་བརྙེས་པར་གྱུར་ནས། འདི་རྣམས་ཀྱིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་སོ། །དེར་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་ལ་ཆོས་བསྟན་ཏེ་དེ་དག་གི་ལས་ཀྱི་རྣམ་པ་ཡང་ལུང་བསྟན་པ་དེའི་ཚེ། དྲང་སྲོང་ཀཻ་ནེ་ཡ་ཡང་ཐག་མི་རིང་བ་

ཞིག་ན་འདུག་སྟེ་དེས་ཀྱང་ཐམས་ཅད་ཐོས་ཏེ། ཐོས་མ་ཐག་ཏུ་དེ་བཅོམ་ལྡན་འདས་ལ་དགའ་བར་གྱུར་ནས་དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་

เล่ม ๗๓ · หน้า 126b

ལྡན་འདས་ཀྱིས་དེའི་བསམ་པ་དང་བག་ལ་ཉལ་དང་ཁམས་དང་ཤེས་པ་དང་རང་བཞིན་ཐུགས་སུ་ཆུད་ནས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་དྲང་སྲོང་ཀཻ་ནེ་ཡས་བདེན་པ་མངོན་པར་རྟོགས་པའི་མོད་ལ་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །དེས་བདེན་པ་

མཐོང་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་དེང་གི་གདུགས་ལ།

ཕྱོགས་འདི་ཉིད་དུ་བཞུགས་ཏེ་དུས་མ་ལགས་པར་གསོལ་དུ་རུང་བའི་གུང་སྐྱེམས་བདག་གིས་སྦྱར་བ་གསོལ་དུ་ཅི་གནང་ཞེས་བྱས་ནས་བཅོམ་ལྡན་འདས་ཀྱིས་དྲང་སྲོང་ཀཻ་ནེ་ཡ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་དྲང་སྲོང་ཀཻ་ནེ་ཡས། བཅོམ་ལྡན་འདས་ཀྱིས་ཅང་མི་

གསུང་བས་གནང་བར་རིག་ནས་བཏུང་བའི་རྣམ་གྲངས་བརྒྱད་སྦྱར་ཏེ། ཀུ་ཤུ་དང་ཆུ་ཤིང་གི་འབྲས་བུ་དང་རྒྱ་ཤུག་གི་འབྲས་བུ་དང་ཨ་ཤྭད་ཐའི་འབྲས་བུ་དང་ཨུ་དུམ་བཱ་རའི་འབྲས་བུ་དང་པ་རུ་ཤ་ཀའི་འབྲས་བུ་དང་འབྲ་གོ་དང་རྒུན་འབྲུམ་རྣམས་ཀྱི་ཁུ་བའི་བཏུང་བ་ཁྱེར་ནས།

བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཏུང་བའི་རྣམ་གྲངས་བརྒྱད་པོ་འདི་དག་ནི་སྔོན་གྱི་དྲང་སྲོང་རྣམས་ཀྱིས་བསྟོད་པ་དང་ལེགས་པར་བརྗོད་པ་དང་བསྔགས་པ་དང་སྙན་པར་བརྗོད་པ་ལགས་ཀྱིས་ཐུགས་

བརྩེ་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་བཞེས་པར་གསོལ་ཞེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་ཕྱིར་དྲང་སྲོང་ཀཻ་ནེ་ཡའི་བཏུང་བའི་རྣམ་གྲངས་བརྒྱད་པོ་རྣམས་བཞེས་སོ། །དེ་ནས་དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ།

དགེ་སློང་དག་བཏུང་བའི་རྣམ་གྲངས་བརྒྱད་པོ་འདི་དག་ལས་རས་ཀྱིས་བཙགས་ཀྱང་རུང་མ་བཙགས་ཀྱང་རུང་དང་བ་ཡང་རུང་དང་བ་མ་ཡིན་པ་ཡང་རུང་རྙོག་པ་ཡང་རུང་རྙོག་པ་མ་ཡིན་པ་ཡང་རུང་མདོག་བཟང་བ་ཡང་རུང་མདོག་མི་བཟང་བ་ཡང་རུང་བ་རྣམས་ནི། དགེ་སློང་

เล่ม ๗๓ · หน้า 127a

དང་དགེ་སློང་མ་དང་དགེ་ཚུལ་ཕ་དང་དགེ་ཚུལ་མ་རྣམས་ལ་དུས་སུ་བཏུང་བར་ངས་གནང་གི་དུས་མ་ཡིན་པར་མི་གནང་ངོ་། །དགེ་སློང་དག་བཏུང་བའི་རྣམ་གྲངས་བརྒྱད་པོ་འདི་དག་ཉིད་ལས་རས་ཀྱིས་བཙགས་པ་དང་དང་བ་དང་མདངས་བཟང་བ་དང་རྙོག་

པ་མ་ཡིན་པ་དང་སྙིགས་མ་མེད་པ་རྣམས་ནི་དུས་མ་ཡིན་པར་བཏུང་བར་བྱ་བ་ཡིན་ནོ། །དེ་ནས་དྲང་སྲོང་ཀ་ནེ་ཡས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་སང་དགེ་སློང་གི་དགེ་འདུན་དང་

ཐབས་ཅིག་ཏུ་བདག་གི་དེར་བཤོས་གསོལ་བར་ཅི་གནང་ཞེས་གསོལ་ནས། བཅོམ་ལྡན་འདས་ཀྱིས་དྲང་སྲོང་ཀཻ་ནེ་ཡ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་དྲང་སྲོང་ཀཻ་ནེ་ཡས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ལ་འདི་སྐད་

ཅེས་གསོལ་ཏོ། །བཙུན་པ་འོ་ན་བདག་ཅག་མཆིས་པའི་གནས་ནགས་ཁྲོད་འདི་ཉིད་དུ་དོ་ནུབ་བཞུགས་པར་གསོལ། དེ་ནས་དྲང་སྲོང་ཁྱོད་ཇི་ལྟར་དགའ་བ་དེ་བཞིན་དུ་བྱའོ་ཞེས་བཀའ་སྩལ་ནས། བཅོམ་ལྡན་འདས་མཚོ་དལ་གྱིས་འབབ་ཀྱི་འགྲམ་ནས་མི་སྣང་བར་གྱུར་

ཏེ་དྲང་སྲོང་ཀཻ་ནེ་ཡ་འདུག་པའི་གནས་ནས་ཐག་མི་རིང་བའི་ནགས་ཁྲོད་དེ་ཉིད་དུ་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་དྲང་སྲོང་ཀཻ་ནེ་ཡ་ནམ་མ་ལངས་པར་ལངས་ནས་བྲམ་ཟེའི་ཁྱེའུ་རྣམས་ལ་བོས་ཏེ། འཕགས་པ་དག་ལོངས། བཞིན་བཟངས་དག་

ལོངས། ཤིང་དག་གཤོགས། མེ་དག་བུས། འབྲས་ཆན་ཚོས། སྐྱུ་རུམ་སྒྲོལ། ཁུར་བ་དག་གྱིས། བཀད་སའི་ཞལ་ཏ་གྱིས་ཞེས་ཟེར་རོ། །དེའི་ནུབ་མོ་དྲང་སྲོང་རི་བོ་ཡང་དྲང་སྲོང་ཀཻ་ནེ་ཡ་འདུག་པའི་གནས་ན་འདུག་པར་གྱུར་ཏེ། དྲང་སྲོང་རི་བོས་དྲང་སྲོང་ཀཻ་ནེ་

ཡ་ནམ་མ་ལངས་པར་ལངས་ནས་བྲམ་ཟེའི་ཁྱེའུ་རྣམས་ལ་བོས་ཏེ་འཕགས་པ་དག་ལོངས། བཞིན་བཟངས་དག་ལོངས། ཤིང་དག་གཤོགས། མེ་དག་བུས། འབྲས་ཆན་ཚོས། སྐྱུ་རུམ་དག་སྒྲོལ། ཁུར་བ་དག་གྱིས། བཀད་སའི་ཞལ་ཏ་གྱིས་ཞེས་ཟེར་བ་ཐོས་སོ། །

เล่ม ๗๓ · หน้า 127b

ཐོས་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། ཅི་དྲང་སྲོང་འདི་བག་མ་གཏོང་ངམ་བག་མ་ལེན་ཏམ་འོན་ཏེ་འདིས་ཡུལ་འཁོར་གྱི་མིའམ་ལག་བཟོའམ་ཕ་ཚན་ནམ་འཁོར་རམ་རྒྱལ་པོ་སྤྱན་འདྲེན་ནམ་སྙམ་ནས་དྲང་སྲོང་རི་བོས་དྲང་སྲོང་ཀཻ་ནེ་ཡ་ལ་འདི་སྐད་ཅེས་སྨྲས་སོ། །

ཅི་དྲང་སྲོང་ཁྱོད་བག་མ་གཏོང་ངམ་བག་མ་ལེན་ཏམ། འོན་ཏེ་ཁྱོད་ཡུལ་འཁོར་གྱི་མིའམ་ལག་བཟོའམ་ཕ་ཚན་ནམ་འཁོར་རམ་རྒྱལ་པོ་བཤོས་ལ་སྤྱན་འདྲེན་ནམ། དྲང་སྲོང་ཀཻ་ནེ་ཡས་སྨྲས་པ། བདག་ནི་བག་མ་གཏོང་བའམ་བག་མ་ལེན་པ་ཡང་མི་བྱེད་ལ། ཡུལ་

འཁོར་གྱི་མིའམ་ལག་བཟོའམ་ཕ་ཚན་ནམ་འཁོར་རམ་རྒྱལ་པོ་ཡང་སྤྱན་མི་འདྲེན་གྱི། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སང་བཤོས་ལ་སྤྱན་འདྲེན་ནོ། །དེ་ནས་དྲང་སྲོང་རི་བོས་སངས་རྒྱས་ཞེས་བྱ་བའི་སྒྲ་སྔོན་མ་ཐོས་པ་ཐོས་ནས་སྤུ་ཐམས་

ཅད་ཟིང་ཞེས་བྱེད་དེ་དགའ་བ་སྐྱེས་སོ། །དེ་ནས་དྲང་སྲོང་རི་བོས་དྲང་སྲོང་ཀཻ་ནེ་ཡ་ལ་སྨྲས་པ། དྲང་སྲོང་སངས་རྒྱས་ཞེས་བྱ་བ་དེ་སུ་ཞིག །དྲང་སྲོང་ཀཻ་ནེ་ཡས་སྨྲས་པ། དྲང་སྲོང་གངས་རིའི་འདབ་ན་ཆུ་ཀླུང་གང་གཱའི་འགྲམ་ན་དྲང་སྲོང་སེར་སྐྱ་འདུག་པའི་གནས་ནས་

ཐག་མི་རིང་བ་ཞིག་ན། ཤཱཀྱ་རྣམས་ཀྱི་ནང་དུ་བུ་ཞིག་སྐྱེས་པ་ཡོད་དོ། །དེ་བྲམ་ཟེ་མཚན་མཁན་བྱེ་བྲག་ཕྱེད་པ་རྣམས་ཀྱིས་ལུང་བསྟན་ཏེ་གལ་ཏེ་ཁྱིམ་གྱི་ནང་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །དེ་སྟེ་སྐྲ་དང་ཁ་སྤུ་དག་བྲེགས་ནས་ཆོས་གོས་ཚོན་ཅན་

དག་བགོས་ཏེ། ཡང་དག་པའི་དད་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན་ནི་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་ལས། དེ་སྐྲ་དང་ཁ་སྤུ་བྲེགས་ནས་ཆོས་གོས་ཚོན་ཅན་དག་བགོས་ཏེ།

ཡང་དག་པའི་དད་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དྲང་སྲོང་སངས་རྒྱས་ཞེས་བྱ་བ་ནི་དེ་ཡིན་ནོ། །དྲང་སྲོང་དགེ་འདུན་ཞེས་བྱ་བ་སུ་ཞིག །དྲང་སྲོང་རྒྱལ་རིགས་

เล่ม ๗๓ · หน้า 128a

མཁས་པ་དག་ཀྱང་ཡོད་བྲམ་ཟེ་མཁས་པ་དང་ཁྱིམ་བདག་མཁས་པ་དང་དགེ་སློང་མཁས་པ་དག་ཀྱང་ཡོད་དེ། དེ་དག་ལས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རབ་ཏུ་བྱུང་བ་དེའི་རྗེས་སུ་རབ་ཏུ་བྱུང་བ་དེ་དག་ནི་དྲང་

སྲོང་དགེ་འདུན་ཞེས་བྱ་བ་ཡིན་ཏེ། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་དེ་དག་བདག་གིས་སང་བཤོས་ལ་སྤྱན་འདྲེན་ནོ། །དེ་ནས་དྲང་སྲོང་རི་བོས་དྲང་སྲོང་ཀཻ་ནེ་ཡ་ལ་སྨྲས་པ། དྲང་སྲོང་བཅོམ་ལྡན་འདས་དེ་ད་ལྟར་གང་ན་བཞུགས། དྲང་སྲོང་ཀ་ནེ་ཡས་

སྨྲས་པ། དྲང་སྲོང་ཡུལ་ཨ་དུ་མ་འདི་ཉིད་ན་ནགས་ཁྲོད་འདི་ཁོ་ན་ན་བཞུགས་ཀྱིས། གལ་ཏེ་བལྟ་བར་འདོད་པ་ལྟ་ན། བྲམ་ཟེ་ནགས་ཁྲོད་ཉམས་དགའ་བ། །ག་ལ་འདུག་པ་དེར་སོང་དང་། །དྲི་ཟའི་རྒྱལ་པོ་འདྲ་བ་ཡི། །འདྲེན་པ་སངས་རྒྱས་མཐོང་བར་འགྱུར། །དེ་

ནས་དྲང་སྲོང་རི་བོས་དྲང་སྲོང་ཀཻ་ནེ་ཡའི་ཚིག་མཉན་ཏེ་ནགས་ཁྲོད་དེ་ག་ལ་འདུག་པ་དེར་སོང་ནས། དྲང་སྲོང་རི་བོས་ཐག་རིང་པོ་ཞིག་ནས། སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་ཅིང་སྦ་བར་བྱས་པ་མེ་ལུས་ཀྱི་དབྱིབས་སུ་

འདུག་པ་ལྟ་བུ་མེ་ལྕེ་མར་གྱིས་བཏབ་པ་ལྟ་བུ་མར་མེ་གསེར་གྱི་སྣོད་དུ་བཞག་པ་ལྟ་བུ། མཆོད་སྡོང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ལྟ་བུ་བློ་གསལ་ཞིང་དྲི་མ་མེད་ལ་རྣམ་པར་དག་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ་། །མཐོང་ནས་ཀྱང་མཆོག་ཏུ་

དགའ་བ་སྐྱེས་ཏེ་དགེ་བའི་རྩ་བ་བསགས་པའི་རྒྱུ་ལས་བྱུང་བའི་སེམས་ཅན་གྱིས་དང་པོ་སངས་རྒྱས་མཐོང་བའི་ཉམས་བདེ་བ་ཅི་འདྲ་བ་དེ་ལྟ་བུ་ནི་ལོ་བཅུ་གཉིས་ཀྱི་བར་དུ་ཞི་གནས་ཀྱི་སེམས་ལ་གོམས་པར་བྱས་པ་ལ་ཡང་ཉམས་བདེ་བ་དེ་ལྟ་བུ་སྐྱེ་བར་མི་འགྱུར་རོ། །དེ་

ལྟར་མཐོང་ནས་ཀྱང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་བག་ལ་ཉལ་དང་

เล่ม ๗๓ · หน้า 128b

ཁམས་དང་ཤེས་པ་དང་རང་བཞིན་ཐུགས་སུ་ཆུད་ནས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་དྲང་སྲོང་རི་བོས་སྟན་དེ་ཁོ་ན་ལ་འདུག་བཞིན་དུ་བདེན་པ་མངོན་པར་རྟོགས་པའི་མོད་ལ་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །དེས་བདེན་པ་མཐོང་ནས་སྟན་ལས་

ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་

པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་ཁྱོད་ཀྱིས་འཁོར་རྣམས་ལ་བཟླུགས་སམ། དྲང་སྲོང་རི་བོས་གསོལ་བ། བཙུན་པ་མ་བཟླུགས་ལགས་སོ། །བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་འོ་ན་འཁོར་རྣམས་ལ་ཇེ་ཟླུགས་ཤིག་དང་། འཁོར་ལ་བཟླུགས་པ་ནི་འདི་ལྟ་སྟེ། ཁྱེད་ལྟ་བུ་གྲགས་པ་དང་ལྡན་པ་ཀུན་གྱིས་ཤེས་པ་བསོད་ནམས་ཆེན་པོ་དང་ལྡན་པ་དག་ལ་ལེགས་པ་ཁོ་ན་ཡིན་ནོ། །དེ་ནས་དྲང་སྲོང་རི་བོ་བྲམ་ཟེའི་ཁྱེའུ་

རྣམས་ག་ལ་འཁོད་པ་དེར་སོང་སྟེ་ཕྱིན་ནས། བྲམ་ཟེའི་ཁྱེའུ་རྣམས་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་དག་ཤེས་པར་གྱིས་ཤིག །བདག་ནི་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འདོད་ན་ཁྱེད་ཇི་ལྟར་བྱེད། དེ་དག་གིས་སྨྲས་པ། བདག་ཅག་ཅི་འཚལ་བ་དེ་དག་

ཐམས་ཅད་ཀྱང་མཁན་པོ་ལས་བརྟེན་པར་བས་ཀྱིས་གལ་ཏེ་མཁན་པོ་དགེ་སྦྱོང་གཽ་ཏ་མའི་ཐད་དུ་རབ་ཏུ་འབྱུང་བ་ལྟ་ན། བདག་ཅག་ཀྱང་མཁན་པོ་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་འབྱུང་བར་འཚལ་ལོ། །དྲང་སྲོང་རི་བོས་སྨྲས་པ། བྲམ་ཟེའི་ཁྱེའུ་དག་ད་དེའི་དུས་ལ་བབ་པར་ཤེས་ན་

དེ་ལྟར་གྱིས་ཤིག །དེ་ནས་དྲང་སྲོང་རི་བོ་གཡོག་འཁོར་ལྔ་བརྒྱ་དང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་གིས་འཁོར་རྣམས་ལ་བཟླུགས་ལགས་

เล่ม ๗๓ · หน้า 129a

ན། བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་

ཀྱིས་དེ་དག་ལ་དགེ་སློང་ཚུར་ཤོག་ཅེས་བྱ་བ་བཀའ་སྩལ་ཏེ་དགེ་སློང་དག་ཚུར་ཤོག་ཚངས་པར་སྤྱོད་ཅིག་ཅེས་བཀའ་སྩལ་ནས། ཚིག་དེ་སྐད་ཅེས་བཀའ་སྩལ་པའི་མོད་ལ་སྐྲ་དང་ཁ་སྤུ་བྲེགས་ནས་ཞག་བདུན་ལོན་པ་ཙམ་དུ་གྱུར། སྤྱོད་ལམ་ནི་བསྙེན་པར་རྫོགས་ནས་ལོ་བརྒྱ་

ལོན་པ་ལྟ་བུར་གྱུར། ལག་ན་ནི་ལྷུང་བཟེད་དང་ཆུ་སྣོད་ཐོགས་པར་གྱུར་ཏོ། །འདིར་སྨྲས་པ། དེ་བཞིན་གཤེགས་པས་ཚུར་ཞེས་བཀའ་སྩལ་པས། །དེ་དག་མགོ་བྲེགས་ལུས་ལ་སྣམ་སྦྱར་གྱོན། །སངས་རྒྱས་ཀྱི་ནི་དགོངས་པས་གོས་བགོས་ནས། མོད་ལ་དབང་པོ་རབ་

ཏུ་ཞི་བར་གནས། །དེ་ནས་དྲང་སྲོང་ཀཻ་ནེ་ཡས་དེའི་ནུབ་མོ་ཉིད་དུ་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོ་སྟ་གོན་བྱས་ནས། ནང་པར་སྔར་ལངས་ནས་གདན་བཤམས་ནས་ཕྱག་ཆབ་ཀྱི་ཆུ་ར་བཀང་སྟེ། བཅོམ་ལྡན་འདས་ལ་ཕྲིན་གྱིས་གདུགས་ཚོད་བསྐུལ་བ། བཙུན་པ་གདུགས་

ཚོད་ལ་བབ་སྟེ། བཤོས་གསོལ་ལགས་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་ཏེ་གཤེགས་སུ་གསོལ་ཞེས་བསྐུལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས་དགེ་སློང་གི་ཚོགས་ཀྱིས་ཞབས་

འབྲིང་བྱས་ཏེ་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས། དྲང་སྲོང་ཀཻ་ནེ་ཡའི་བཀད་ས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་དྲང་སྲོང་ཀཻ་ནེ་ཡས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་རང་གི་ལག་ནས་བཟའ་བ་

དང་བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ཏེ་ཅི་བཞེད་པ་བསྟབས་སོ། །དེ་ནས་དྲང་སྲོང་ཀཻ་ནེ་ཡས་དྲང་སྲོང་རི་བོ་གཡོག་འཁོར་ལྔ་བརྒྱ་དང་རབ་ཏུ་བྱུང་སྟེ་གྲལ་དེ་ཉིད་ན་འཁོད་པ་མཐོང་ངོ་། །མཐོང་ནས་ཀྱང་དྲང་སྲོང་རི་བོ་ལ་སྨྲས་པ། དྲང་སྲོང་ཁྱོད་རབ་ཏུ་བྱུང་ངམ།

เล่ม ๗๓ · หน้า 129b

དྲང་སྲོང་རི་བོས་སྨྲས་པ། གྲོགས་པོ་བདག་རབ་ཏུ་བྱུང་ངོ་། །དྲང་སྲོང་ཀཻ་ནེ་ཡས་སྨྲས་པ་ལེགས་སོ། །ཤིན་ཏུ་ལེགས་སོ། །བདག་ཀྱང་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཤོས་གསོལ་ཟིན་ནས་རབ་ཏུ་འབྱུང་ངོ་ཞེས་སྨྲས་ནས། དྲང་སྲོང་ཀཻ་ནེ་ཡས་སངས་

རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་རང་གི་ལག་ནས་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོ་རྣམ་གྲངས་དུ་མས་ཚིམ་པར་བྱས་ཏེ་ཅི་བཞེད་པ་བསྟབས་ནས་བཅོམ་ལྡན་འདས་བཤོས་གསོལ་ཟིན་ཏེ། གསང་སྡེར་ནི་གྱུ་ཕྱག་ནི་བཅབས་པར་རིག་ནས་བླ་གོས་

ཕྲག་པ་གཅིག་ཏུ་གཟར་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་

འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་ཁྱོད་ཀྱིས་འཁོར་རྣམས་ལ་བཟླུགས་སམ། དྲང་སྲོང་ཀཻ་ནེ་ཡས་གསོལ་པ། བཙུན་པ་མ་བཟླུགས་ལགས་སོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་འོ་ན་འཁོར་རྣམས་ལ་ཇེ་ཟླུགས་ཤིག་དང་། འཁོར་ལ་བཟླུགས་པ་ནི་འདི་ལྟ་སྟེ། ཁྱོད་ལྟ་བུ་གྲགས་པ་དང་ལྡན་པ་ཀུན་གྱིས་ཤེས་པ་བསོད་ནམས་ཆེན་པོ་དང་ལྡན་པ་དག་ལ་ལེགས་པ་ཁོ་ན་ཡིན་ནོ། །དེ་ནས་དྲང་སྲོང་ཀཻ་ནེ་ཡ་བྲམ་ཟེའི་

ཁྱེའུ་རྣམས་ག་ལ་འཁོད་པ་དེར་སོང་སྟེ་ཕྱིན་ནས་བྲམ་ཟེའི་ཁྱེའུ་རྣམས་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་དག་ཤེས་པར་གྱིས་ཤིག །བདག་ནི་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འདོད་ན་ཁྱེད་ཇི་ལྟར་བྱེད། དེ་དག་གིས་སྨྲས་པ། བདག་ཅག་ཅི་འཚལ་བ་དེ་དག་

ཐམས་ཅད་ཀྱང་མཁན་པོ་ལས་བརྟེན་པར་བས་ཀྱིས་གལ་ཏེ་མཁན་པོ་དགེ་སྦྱོང་གཽ་ཏ་མའི་ཐད་དུ་རབ་ཏུ་འབྱུང་བ་ལྟ་ན། བདག་ཅག་ཀྱང་མཁན་པོ་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་འབྱུང་བར་འཚལ་ལོ། །དྲང་སྲོང་ཀཻ་ནེ་ཡས་སྨྲས་པ། བྲམ་ཟེའི་ཁྱེའུ་དག་ད་དེའི་དུས་ལ་བབ་པར་

เล่ม ๗๓ · หน้า 130a

ཤེས་ན་དེ་ལྟར་གྱིས་ཤིག །དེ་ནས་དྲང་སྲོང་ཀཻ་ནེ་ཡ་གཡོག་འཁོར་ལྔ་བརྒྱ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་གིས་

འཁོར་རྣམས་ལ་བཟླུགས་ལགས་ན། བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་

ལྡན་འདས་ཀྱིས་དེ་དག་ལ་དགེ་སློང་ཚུར་ཤོག་ཅེས་བྱ་བ་བཀའ་སྩལ་ཏེ་དགེ་སློང་དག་ཚུར་ཤོག །ཚངས་པར་སྤྱོད་ཅིག་ཅེས་བཀའ་སྩལ་ནས། ཚིག་འདི་སྐད་ཅེས་བཀའ་སྩལ་པའི་མོད་ལ་སྐྲ་དང་ཁ་སྤུ་ནི་བྲེགས་ནས་ཞག་བདུན་ལོན་པ་ཙམ་དུ་གྱུར། སྤྱོད་ལམ་ནི་བསྙེན་པར་

རྫོགས་ནས་ལོ་བརྒྱ་ལོན་པ་ལྟ་བུར་གྱུར། ལག་ན་ནི་ལྷུང་བཟེད་དང་ཆུ་སྣོད་ཐོགས་པར་གྱུར་ཏོ། །འདིར་སྨྲས་པ། དེ་བཞིན་གཤེགས་པས་ཚུར་ཞེས་བཀའ་སྩལ་པས། །དེ་དག་མགོ་བྲེགས་ལུས་ལ་སྣམ་སྦྱར་གྱོན། །སངས་རྒྱས་ཀྱི་ནི་དགོངས་པས་གོས་བགོས་ནས། །

མོད་ལ་དབང་པོ་རབ་ཏུ་ཞི་བར་གནས། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲང་སྲོང་རི་བོ་དང་ཀཻ་ནེ་ཡ་ལ་གདམས་ངག་བྱིན་ནས། དེ་གཉིས་ཀྱིས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་ལྷག་མ་

དེ་དག་ལས་ཀྱང་དགེ་སློང་ལྔ་བརྒྱ་ནི་ཚེ་དང་ལྡན་པ་བྲམ་ཟེ་ཀ་པི་ན་ཆེན་པོ་ལ་གཏད་དོ། །ཉིས་བརྒྱ་ལྔ་བཅུ་ནི་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་གཏད་དོ། །ཉིས་བརྒྱ་ལྔ་བཅུ་ནི་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ལ་གཏད་དེ། ཁྱེད་ཀྱིས་འདི་རྣམས་ལ་གདམས་ངག་སྟོན་ཅིག །འདི་རྣམས་

ལ་ཡིད་ལ་བྱེད་པའི་ལུང་ཡང་ཕོག་ཤིག །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་ཇི་སྐད་སྩལ་པ་དེ་བཞིན་དུ་འཚལ་ལོ་ཞེས་གསོལ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་ཚེ་དང་ལྡན་པ་མཽད་གལ་གྱི་བུ་དང་ཚེ་དང་ལྡན་པ་བྲམ་ཟེ་ཀ་པི་ན་ཆེན་པོ་རྣམས་ཀྱིས་དགེ་སློང་དེ་དག་ཁྲིད་དེ་ཆུ་

เล่ม ๗๓ · หน้า 130b

ཀླུང་གསེར་ལྡན་གྱི་འགྲམ་དུ་དབྱར་གནས་པར་དམ་བཅས་སོ། །དེ་རྣམས་ཀྱིས་དབྱར་གནས་པར་དམ་བཅས་ནས་དེ་དག་ལ་ཡིད་ལ་བྱེད་པའི་ལུང་ཕོག་སྟེ། དེར་ཚེ་དང་ལྡན་པ་བྲམ་ཟེ་ཀ་པི་ནས་དགེ་སློང་ལྔ་བརྒྱ་པོ་དེ་དག་དགྲ་བཅོམ་པ་ཉིད་ལ་བཀོད་དོ། །ཚེ་དང་ལྡན་

པ་མཽད་གལ་གྱི་བུས་ནི་ཉིས་བརྒྱ་ལྔ་བཅུ་པོ་དེ་དག་ཕྱིར་མི་འོང་བའི་འབྲས་བུ་ལ་བཀོད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་ནི་ཉིས་བརྒྱ་ལྔ་བཅུ་པོ་དེ་དག་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཉན་ཐོས་རྣམས་ནི་ཆོས་ཉིད་ཀྱིས་དུས་

གཉིས་སུ་ཕལ་པོ་ཆེ་འདུ་བར་འགྱུར་ཏེ། དབྱར་ཟླ་འབྲིང་པོ་ལ་དབྱར་གནས་པའི་དུས་ལ་བབ་པ་དང་། སྟོན་ཟླ་ཐ་ཆུངས་ཉ་ལ་འདུ་བར་འགྱུར་ཏེ། དབྱར་ཟླ་འབྲིང་པོ་ལ་དབྱར་གནས་པའི་དུས་ལ་བབ་པ་དེའི་ཚེ་ནི། དགེ་སློང་དག་གིས་ཡིད་ལ་བྱེད་པའི་ལུང་མནོས་ནས། རིའི་

སུལ་དང་རིའི་ཕུག་དང་སོག་མའི་ཕུག་དང་ཐང་དང་དུར་ཁྲོད་དང་ནགས་ཁྲོད་ཀྱི་གནས་དེ་དག་ཏུ་དབྱར་གནས་པར་དམ་འཆའ་བར་བྱེད་དོ། །སྟོན་ཟླ་ཐ་ཆུངས་ཉ་ལ་ནི་དེ་ནས་དོང་སྟེ། རྟོགས་པ་ནི་རྗོད་པར་བྱེད་ལ་མ་རྟོགས་པ་ནི་གོང་དུ་འདྲི་བར་བྱེད་དོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་

དང་ཚེ་དང་ལྡན་པ་མཽད་གལ་གྱི་བུ་གཉིས་ཀྱི་འཁོར་ལྔ་བརྒྱ་དང་ཚེ་དང་ལྡན་པ་བྲམ་ཟེ་ཀ་པི་ན་ཆེན་པོའི་འཁོར་ལྔ་བརྒྱ་པོ་དེ་དག་དབྱར་གནས་པར་བྱས་ཏེ། དབྱར་གནས་ཟིན་ནས་དབྱར་ཟླ་གསུམ་འདས་པའི་འོག་ཏུ་ཆོས་གོས་བྱས་ཏེ་ཆོས་གོས་ཟིན་ནས། ཆོས་གོས་གྱོན་ཏེ་ལྷུང་བཟེད་

ཐོགས་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རྟོགས་པ་ནི་རྗོད་པར་བྱེད་མ་རྟོགས་པ་ཡན་ཅད་ནི་ཞུ་བར་བྱེད་

དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་གོང་མའི་ཡིད་ལ་བྱེད་པའི་ལུང་ཕོག་ནས། དེ་དག་གིས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་དེ་དག་གིས་སངས་རྒྱས་བཅོམ་ལྡན་

เล่ม ๗๓ · หน้า 131a

འདས་ལ་གསོལ་པ། བཙུན་པ་ཚེ་དང་ལྡན་པ་བྲམ་ཟེ་ཀ་པི་ན་ཆེན་པོས་ནི་དགེ་སློང་ལྔ་བརྒྱ་པོ་འདི་རྣམས་དགྲ་བཅོམ་པ་ཉིད་ལ་བཀོད་ལ། ཚེ་དང་ལྡན་པ་མཽད་གལ་གྱི་བུས་ནི་ཕྱིར་མི་འོང་བའི་འབྲས་བུ་ལ་བཀོད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་སྡེ་ཚན་དང་ལྡན་

པ་གཉིས་པར་གྱུར་པས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ་འདས་པའི་དུས་ན་ཡང་དགེ་སློང་ཀ་པི་ནས་དགེ་སློང་ལྔ་བརྒྱ་པོ་འདི་དག་ཉིད་བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་ལ་ཇི་

ལྟར་བཀོད་པ་དང་། མཽད་གལ་གྱི་བུས་གཟུགས་མེད་པའི་ཁམས་སུ་ཇི་ལྟར་བཀོད་པ་དང་། ཤཱ་རིའི་བུས་གཟུགས་ཀྱི་ཁམས་སུ་ཇི་ལྟར་བཀོད་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་རི་ཞིག་ལ་དྲང་སྲོང་གཡོག་འཁོར་ལྔ་བརྒྱ་ལྔ་བརྒྱ་དང་ལྡན་པ་གཉིས་བརྟེན་

ཅིང་འདུག་སྟེ། རི་ངོས་གཅིག་ན་ནི་དྲང་སྲོང་གཡོག་འཁོར་ལྔ་བརྒྱ་དང་ལྡན་པ་གཅིག་འདུག་གོ། །ཕ་རོལ་གྱི་ངོས་ན་ནི་དྲང་སྲོང་གཡོག་འཁོར་ལྔ་བརྒྱ་དང་ལྡན་པ་གཅིག་འདུག་གོ། །དེ་ནས་ཕྱི་ཞིག་ན་དེ་གཉིས་ལས་དྲང་སྲོང་གཅིག་ཤི་ནས། བྲམ་ཟེའི་ཁྱེའུ་དེ་དག་གིས་དེའི་རུས་བུ་

ལ་རུས་བུའི་མཆོད་པ་བྱས་ནས་དྲང་སྲོང་ཅིག་ཤོས་ཀྱི་ཐད་དུ་དོང་ངོ་། །དྲང་སྲོང་དེས་ཀྱང་དེ་དག་འཁོར་དུ་བྱས་ནས་དྲང་སྲོང་དེས་བསམས་པ། མ་ལ་བདག་ཀྱང་ཤི་ན་ནི་བྲམ་ཟེའི་ཁྱེའུ་འདི་རྣམས་མགོན་མེད་པར་འགྱུར་གྱིས། བདག་གསོན་པའི་ཚེ་ན་འདི་རྣམས་བསྐྱང་བར་བྱ་དགོས་

སོ་སྙམ་ནས་དྲང་སྲོང་དེ་ལ་སློབ་མའི་མཆོག་གསུམ་ཡོད་པ་དེ་ལས་གཅིག་ལ་ནི་དྲང་སྲོང་དེས་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་གཏད་དོ། །གཉིས་ལ་ནི་ཉིས་བརྒྱ་ལྔ་བཅུ་ཉིས་བརྒྱ་ལྔ་བཅུ་གཏད་དོ། །འདི་སྐད་ཅེས་ཀྱང་བསྒོ་སྟེ། བདག་གསོན་པའི་ཚེ་ཡང་རུང་ཤི་བའི་འོག་ཏུ་ཡང་རུང་སྟེ་ཁྱེད་

ཀྱིས་འདི་རྣམས་སློབས་ཤིག །ཡིད་ལ་བྱེད་པ་ལ་ཡང་ཡང་དག་པར་བཟུང་བར་གྱིས་ཤིག་ཅེས་བྱས་སོ། །དེ་ནས་དེ་དག་གི་ནང་ནས་གཅིག་གིས་ནི་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་ལ་ཡང་དག་པར་བཀོད་དོ། །གཅིག་གིས་ནི་གཟུགས་མེད་ང་

เล่ม ๗๓ · หน้า 131b

པའི་ཁམས་སུ་བཀོད་དོ། །གཅིག་གིས་ནི་གཟུགས་ཀྱི་ཁམས་སུ་བཀོད་དོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་གང་གིས་བྲམ་ཟེའི་ཁྱེའུ་དེ་དག་བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་ལ་བཀོད་པ་དེ་ནི་བྲམ་ཟེ་ཀ་པི་ན་འདི་ཉིད་ཡིན་ནོ། །གང་གིས་དེ་དག་

གཟུགས་མེད་པའི་ཁམས་སུ་བཀོད་པ་དེ་ནི་མཽད་གལ་གྱི་བུ་འདི་ཉིད་ཡིན་ནོ། །དེའི་ཚེ་གང་གིས་དེ་དག་གཟུགས་ཀྱི་ཁམས་སུ་བཀོད་པ་དེ་ནི་ཤཱ་རིའི་བུ་འདི་ཉིད་ཡིན་ཏེ། དེའི་ཚེ་ཡང་དེ་རྣམས་ལས་འདི་དག་ཉིད་ལས་གཅིག་གིས་ནི་བསམ་གཏན་བཞི་དང་མངོན་པར་ཤེས་

པ་ལྔ་ལ་བཀོད་དོ། །གཅིག་གིས་ནི་གཟུགས་མེད་པའི་ཁམས་སུ་བཀོད་དོ། །གཅིག་གིས་ནི་གཟུགས་ཀྱི་ཁམས་སུ་བཀོད་དོ། །ད་ལྟར་ཡང་འདི་རྣམས་ལས་གཅིག་གིས་ནི་དགྲ་བཅོམ་པ་ཉིད་ལ་བཀོད་དོ། །གཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ་ལ་བཀོད་དོ། །

གཅིག་གིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་དོ། །གཞན་ཡང་དགེ་སློང་དག་བྲམ་ཟེ་ཀ་པི་ནའི་སློབ་མ་གང་ཡིན་པ་དེ་དག་ནི་དབང་པོ་རྣོན་པོ་ཡིན་ནོ། །མཽད་གལ་གྱི་བུའི་སློབ་མ་གང་ཡིན་པ་དེ་དག་ནི་དབང་པོ་འབྲིང་ངོ་། །ཤཱ་རིའི་བུའི་སློབ་མ་གང་ཡིན་པ་དེ་དག་ནི་

དབང་པོ་རྟུལ་པོ་ཡིན་ཏེ། དགེ་སློང་དག་གལ་ཏེ་ཤཱ་རིའི་བུའི་སློབ་མ་གང་ཡིན་པ་དེ་དག་བྲམ་ཟེ་ཀ་པི་ན་ལ་གཏད་དུ་ཟིན་ན། དྲོ་བར་གྱུར་པ་ཡང་དེ་དག་གིས་བསྐྱེད་མི་ནུས་ན། གོང་མའི་ཁྱད་པར་རྟོགས་པ་ལྟ་ག་ལ་འགྱུར། དེ་ནས་དགེ་སློང་དེ་དག་གིས་སངས་རྒྱས་བཅོམ་

ལྡན་འདས་ལ་ཞུས་པ། བཙུན་པ་དྲང་སྲོང་ཀ་ནེ་ཡ་དང་རི་བོ་གཡོག་འཁོར་དང་བཅས་པ་གཉིས་ཀྱིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་འདི་གཉིས་ཀྱིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་

ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །འདི་གཉིས་ཀྱིས་སྨོན་ལམ་གང་དུ་བཏབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་

เล่ม ๗๓ · หน้า 132a

སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་

བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་བཱ་རཱ་ཎ་སཱི་ན་ཁྱིམ་བདག་མཛའ་ཞིང་བཤེས་ལ་གཅུགས་པ་གཉིས་ཤིག་འཁོད་པ་ལས། ཕྱི་ཞིག་ན་དེ་གཉིས་ཀྱིས་ཡང་དག་པར་རྫོགས་པའི་སངས་

རྒྱས་འོད་སྲུང་གི་བསྟན་པ་ལ་དད་པ་རྙེད་ནས། དེ་གཉིས་ཀྱིས་ཁྱིམ་གྱི་འཁོར་བཏང་སྟེ་གཉི་ག་རབ་ཏུ་བྱུང་ངོ་། །རབ་ཏུ་བྱུང་ནས་དེ་གཉིས་ཀྱིས་སྡེ་སྣོད་གསུམ་བསླབས་ཏེ། དེ་གཉི་ག་རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པའི་ཆོས་སྨྲ་བར་གྱུར་ཏེ། དེ་གཉི་ག་གོས་དང་ཟས་དང་མལ་

ཆ་དང་སྟན་དང་སྙུན་གསོས་དང་སྨན་ཟོང་རྣམས་རྙེད་པར་གྱུར་ཏོ། །དེ་གཉི་གས་ཀྱང་སློབ་མ་ལྔ་བརྒྱ་ལྔ་བརྒྱ་བསྡུས་ནས་གཉི་ག་ཡང་འཁོར་གྱི་སློབ་དཔོན་དུ་གྱུར་ཏོ། །དེར་དེ་གཉིས་ཀྱིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་པ། ཡང་དག་པར་རྫོགས་པའི་སངས་རྒྱས་

འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་ཅག་གཉིས་ཀྱིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་

པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དེ་ནས་དེ་གཉིས་ལ་སློབ་མ་རྣམས་ཀྱིས་དྲིས་པ། ཁྱེད་གཉིས་ཀྱིས་སྨོན་ལམ་ཅི་ལྟ་བུ་ཞིག་བཏབ་ཅེས་བྱས་ནས། དེ་གཉིས་ཀྱིས་དེ་དག་ལ་རྒྱས་པར་བསྙད་དོ། །དེ་ནས་དེ་དག་གིས་སྨྲས་པ། བདག་ཅག་གིས་ཀྱང་ཁྱེད་

གཉིས་ལས་བརྟེན་ཏེ་སངས་རྒྱས་བཅོམ་ལྡན་འདས་དེ་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་

เล่ม ๗๓ · หน้า 132b

དག་ཇི་སྙམ་དུ་སེམས། དེའི་ཚེ་འཁོར་གྱི་སློབ་དཔོན་དུ་གྱུར་པ་གང་ཡིན་པ་དེ་གཉིས་ནི། ཀཻ་ནེ་ཡ་དང་རི་བོ་འདི་གཉིས་ཁོ་ན་ཡིན་ནོ། །དེའི་ཚེ་སློབ་མར་གྱུར་པ་གང་ཡིན་པ་དེ་དག་ནི་དགེ་སློང་སྟོང་པོ་འདི་དག་ཉིད་ཡིན་ཏེ། དེ་དག་གིས་དེར་སྨོན་ལམ་བཏབ་སྟེ་ཡང་དག་

པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་ཅག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་

ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པ་དེས་ན་དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་། ཤུགས་མཉམ་པ་དང་། མཛད་པ་མཉམ་པ་དང་། ཐབས་མཉམ་པ་བརྙེས་པར་གྱུར་

ནས། འདི་རྣམས་ཀྱིས་ང་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་ལ་ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །། ལས་བརྒྱ་ཐམ་པ། བམ་པོ་བཅུ་གཅིག་པ། བག་མ་

གཏོང་བ་ཞེས་བྱ་བ་གཉིས་ལ། བག་མ་གཏོང་བ་དང་པོ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་ཁྱིམ་བདག་མཛའ་ཞིང་བཤེས་ལ་གཅུགས་པ་གཉིས་ཤིག་འདུག་གོ། །དེ་ནས་ཕྱི་ཞིག་ན་དེ་གཉིས་གཅིག་ལ་གཅིག་སྨྲས་ཏེ། གྲོགས་པོ་བདག་

ཅག་གཉིས་ཀྱིས་ཅི་ནས་མཛའ་བ་ལས་ཅུང་ཟད་ཀྱང་འབྱེ་བར་མི་འགྱུར་བར་བྱའོ། །ཁྱིམ་བདག་ཅིག་ཤོས་ཀྱིས་སྨྲས་པ། འོ་ན་བདག་ཅག་གཉིས་ཀྱིས་ཇི་ལྟར་བྱ། ཁྱིམ་བདག་གཅིག་གིས་སྨྲས་པ་གཉེན་དུ་བྱའོ། །ཁྱིམ་བདག་གཅིག་གིས་སྨྲས་པ། ཁྱོད་ལ་བུ་ཁྱེའུའམ་

བུ་མོ་ལྟ་ཡོད་དམ། ཁྱིམ་བདག་གཅིག་གིས་སྨྲས་པ་མེད་དོ། །ཁྱིམ་བདག་གཅིག་གིས་སྨྲས་པ། འོ་ན་བདག་ལ་ཡང་བུ་ཁྱེའུ་ཡང་མེད་བུ་མོ་ཡང་མེད་ལ། ཁྱོད་ལ་ཡང་བུ་ཁྱེའུ་ཡང་མེད་བུ་མོ་ཡང་མེད་ན་བདག་ཅག་གཉིས་ཀྱིས་གཉེན་དུ་ཇི་ལྟར་བྱ། ཁྱིམ་བདག་གཅིག་

เล่ม ๗๓ · หน้า 133a

གིས་སྨྲས་པ། གཉེན་བྱ་བ་ལ་རྣམ་པ་འདི་གཉིས་ཡིན་ཏེ། སྐྱེས་ཟིན་པའི་གཉེན་དང་ད་དུང་མ་སྐྱེས་པའི་གཉེན་ནོ། །བདག་ཅག་གཉིས་ལ་བུ་ཁྱེའུ་ཡང་མེད་བུ་མོ་ཡང་མེད་མོད་ཀྱི། ད་དུང་མ་སྐྱེས་པའི་གཉེན་བྱར་རུང་སྟེ་གལ་ཏེ་བདག་གི་བུ་ཁྱེའུ་བཙས་ལ་

ཁྱོད་ཀྱི་བུ་མོ་བཙས་ན་ནི་དེ་བདག་གི་བུ་ལ་བྱིན་ཅིག །དེ་སྟེ་ཁྱོད་ཀྱི་བུ་ཁྱེའུ་བཙས་ལ་བདག་གི་བུ་མོ་བཙས་ན་ནི་བདག་གིས་དེ་ཁྱོད་ཀྱི་བུ་ལ་སྦྱིན་པར་བྱའོ་ཞེས་བྱས་ནས་དེ་གཉིས་ཀྱིས་ད་དུང་མ་སྐྱེས་པའི་གཉེན་བྱས་ཏེ་སོང་ངོ་། །དེ་ནས་ཕྱི་ཞིག་ན་གཅིག་གི་ཆུང་མ་ལ་བུ་ཆགས་པར་

གྱུར་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ནས། དེའི་བཙས་སྟོན་རྒྱས་པར་བྱས་ཏེ་རིགས་དང་འཐུན་པར་མིང་བཏགས་ནས། འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུས་བསྐྱེད་

བསྲིངས་སོ། །དེ་ནས་ཕྱི་ཞིག་ན་ཁྱིམ་བདག་ཅིག་ཤོས་ཀྱང་ཆུང་མ་དང་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་། བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་

ནས་རིགས་དང་འཐུན་པར་མིང་བཏགས་ཏེ། འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུས་བསྐྱེད་བསྲིངས་ནས། དེ་གང་གི་ཚེ་ཆེན་མོར་གྱུར་པ་དང་དེས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་རྙེད་ནས་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་ཀྱང་བླངས་སོ། །དེ་ནས་ཕྱི་

ཞིག་ན་དེས་ཕ་མ་གཉིས་ལ་སྨྲས་པ། ཡབ་ཡུམ་བདག་ནི་འདོད་པ་རྣམས་ལ་ལོངས་སྤྱོད་པའི་རྔོ་མི་ཐོགས་ཀྱིས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བར་གནང་བར་མཛད་དུ་གསོལ། ཕ་མ་གཉིས་ཀྱིས་སྨྲས་པ། བུ་མོ་ཁྱོད་མ་སྐྱེས་པའི་སྔ་རོལ་ནས་བདག་ཅག་གཉིས་

ཀྱིས་ཁྱིམ་ཐབ་ལ་བྱིན་ཟིན་གྱིས་བདག་ཅག་གཉིས་ཀྱིས་གནང་བར་བྱར་མི་རུང་ངོ་ཞེས་བྱས་པ་དང་། བུ་མོ་དེས་ཕ་མ་གཉིས་ལ་ཡང་དང་ཡང་དུ་དུས་ཀྱིས་གསོལ་ནས། དེའི་ཕ་མ་གཉིས་ཀྱིས་བསམས་པ། མ་ལ་བུ་མོ་འདི་ཉིད་ཀྱིས་བདག་ཅག་གི་ཚིག་མ་མཉན་ཏེ་རབ་ཏུ་འབྱུང་སྲིད་ཀྱིས་

เล่ม ๗๓ · หน้า 133b

བདག་ཅག་གིས་གྱོས་སྒྱུག་ལ་སྦྲན་ཏོ་སྙམ་ནས། དེ་གཉིས་ཀྱིས་དེའི་ཕ་མ་གཉིས་ལ་སྨྲས་པ། བུ་མོ་འདི་ནི་རབ་ཏུ་འབྱུང་བར་འདོད་དེ་བདག་ཅག་གཉིས་ཀྱིས་མ་མཐོང་བར་རབ་ཏུ་འབྱུང་སྲིད་ཀྱི། མ་ཐོགས་པ་ཁོ་ནར་བག་མ་ལོང་ལ་ཁྱེད་ཅག་གི་ཁྱིམ་དུ་ཁྲིད་ཅིག་ཅེས་བྱས་སོ། །

དེ་ནས་དེ་ཐོས་མ་ཐག་ཏུ་ཁྱིམ་བདག་དེས་བུ་ཆས་སུ་བཅུག་སྟེ། ཁྱེའུ་དེ་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་འབྱོར་པ་ཆེན་པོ་དང་ལྡན་པས་གྱོས་པོའི་ཁྱིམ་དུ་བཏང་ངོ་། །དེ་ནས་ཁྱིམ་བདག་དེས་ཀྱང་ཁྱིམ་ན་གནས་པ་རྣམས་ཀྱི་ཁྱིམ་པའི་ཆོས་བཞིན་དུ་བྱས་ནས་བུ་མོ་ཁྱིམ་ཐབ་ལ་

བཏང་ངོ་། །དེ་ནས་བག་མ་བླངས་ཟིན་པའི་འོག་ཏུ་བུ་མོ་དེ་བྲོས་ཏེ། དགེ་སློང་མའི་གཙུག་ལག་ཁང་དུ་སོང་ནས་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་སོ། །མཁན་མོས་ཀྱང་དེ་ལ་ལུང་ཕོག་ནས་དེས་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་

པ་ཉིད་མངོན་སུམ་དུ་བྱས་ནས་རྫུ་འཕྲུལ་ཡང་བསྒྲུབས་ཏེ། དབང་པོ་དང་ཉེ་དབང་དང་བཅས་པའི་འཇིག་རྟེན་གྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །ཁྱེའུ་དེས་ཀྱང་ཆུང་མ་བྲོས་པ་ཐོས་ནས་ཐོས་མ་ཐག་ཏུ་གཡོག་འཁོར་མང་པོ་དག་དང་ཆས་ཏེ། ཚོལ་ཞིང་དགེ་སློང་

མའི་གཙུག་ལག་ཁང་དུ་སོང་བ་ལས་ཁྱེའུ་དེས་བདག་གི་ཆུང་མ་སྐྲ་བྲེགས་ཏེ་ཆོས་གོས་ཚོན་ཅན་བགོས་ཏེ། སྐྱིལ་མོ་ཀྲུང་བཅས་ནས་བསམ་གཏན་བྱེད་པ་མཐོང་སྟེ། མཐོང་མ་ཐག་ཏུ་དེའི་ཐད་དུ་སོང་ནས་དེས་ལག་པ་ནས་བཟུང་བར་བྱས་པ་དང་དེ་སྟེང་གི་ནམ་མཁའ་ལ་འཕགས་ནས་

འབར་བ་དང་ལམ་མེར་འདུག་པ་དང་ཆར་འབབ་པ་དང་གློག་འགྱུ་བའི་ཆོ་འཕྲུལ་རྣམས་བསྟན་ནས། དེ་མཐོང་མ་ཐག་ཏུ་ཁྱེའུ་དེ་དང་སྐྱེ་བོ་མང་པོ་དེ་དག་ཤས་ཆེར་དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས་རྐང་པ་ལ་ཕྱག་འཚལ་ཏེ་སྨྲས་པ། སྐལ་བ་ཆེན་མོ་མར་སྤྱོན་མར་སྤྱོན། བདག་

ཅག་ཉེས་པར་སྤྱད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་དུ་གསོལ་ཞེས་བྱས་སོ། །དེ་ནས་དེ་ས་ལ་བབས་ནས་ཁྱེའུ་དེས་རྐང་པ་ལ་ཕྱག་འཚལ་ཏེ་བཟོད་པ་གསོལ་ནས་ཡོ་བྱད་ཐམས་ཅད་ཀྱང་བསྟབས་ཏེ་ཆོས་མཉན་པའི་ཕྱིར་དེའི་མདུན་དུ་འདུག་གོ། །དེས་ཀྱང་དེ་རྣམས་ཀྱི་བསམ་པ་དང་

เล่ม ๗๓ · หน้า 134a

བག་ལ་ཉལ་དང་ཁམས་དང་ཤེས་པ་དང་རང་བཞིན་རྟོགས་ནས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེ་ནས་ཁྱེའུ་དེ་དང་སྐྱེ་བོ་མང་པོ་དེ་དག་གིས་སྟན་དེ་དག་ཉིད་ལ་འཁོད་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་

འབྲས་བུ་མངོན་སུམ་དུ་བྱས་ཏེ། བདེན་པ་མཐོང་ནས་ཁྱེའུ་དེས་བསམས་པ། བུད་མེད་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། ཡོན་ཏན་གྱི་ཚོགས་འདི་ལྟ་བུ་དག་ཐོབ་པར་གྱུར་གྱིས་བདག་གིས་ཀྱང་ཁྱིམ་ན་གནས་པ་བཏང་ལ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་

ནས། ཆུ་བོ་རྣམས་ལས་བརྒལ་བར་བྱ་བ་དང་སྦྱོར་བ་རྣམས་ལས་འདའ་བར་བྱ་བའི་ཕྱིར་བརྩོན་པ་དང་བསྒྲུབ་པ་དང་འབད་པར་བྱའོ་སྙམ་ནས་ཕ་མ་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། དེས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་

སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས་རྫུ་འཕྲུལ་ཡང་བསྒྲུབས་ཏེ། དབང་པོ་དང་ཉེ་དབང་དང་བཅས་པའི་འཇིག་རྟེན་གྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་དགེ་སློང་མ་

འདིས་ལས་གང་དག་བགྱིས་ན། བག་མར་མཆིས་པའི་འོག་ཏུ་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལ་དགེ་སློང་འདིས་ཀྱང་འདི་ཁོ་ན་ལ་བརྟེན་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །བཙུན་པ་འདི་གཉིས་ཀྱིས་སྨོན་ལམ་གང་དུ་བཏབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་

སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་བཱ་རཱ་ཎ་སཱི་ན་ཁྱིམ་བདག་ཅིག་གི་བུ་མོ་

เล่ม ๗๓ · หน้า 134b

ཐབས་སྔ་མ་ཁོ་ན་ལྟར་རབ་ཏུ་བྱུང་ནས་དེའི་ཁྱིམ་ཐབ་ཀྱིས་ཀྱང་དེ་ཁོ་ན་ལས་བརྟེན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ནས། དགེ་སློང་མ་དེས་ཚེ་གཅིག་ཏུ་ཚངས་པར་སྤྱད་དེ་འཆི་ཀར་སྨོན་ལམ་བཏབ་པ། འདི་ལྟར་བདག་གིས་ཡང་དག་

པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཚེ་གཅིག་ཏུ་ཚངས་པར་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ཅི་ཡང་མ་ཐོབ་ཀྱིས། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེའི་བསྟན་པ་ལ་ཐབས་འདི་

ཁོ་ན་བཞིན་དུ་བག་མར་སོང་བའི་འོག་ཏུ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དེ་ནས་དེ་སྔོན་གྱི་ཁྱིམ་ཐབ་ཀྱིས་མཐོང་ནས་དྲིས་པ་བཟང་མོ་ཁྱོད་ཀྱིས་སྨོན་ལམ་ཇི་ལྟ་བུ་ཞིག་བཏབ། དེ་ནས་དེས་དེ་ལ་ཐམས་

ཅད་རྒྱས་པར་བསྙད་དོ། །དེ་ནས་དགེ་སློང་དེས་ཀྱང་སྨོན་ལམ་བཏབ་སྟེ། བཟང་མོ་ཇི་ལྟར་ཁྱོད་ལས་བརྟེན་ནས་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དད་པ་རྙེད་པ་དེ་བཞིན་དུ་དེ་ཁོ་ནའི་ཚེ་ཡང་ང་ཉིད་ཁྱོད་ཀྱི་ཁྱིམ་ཐབ་ཏུ་གྱུར་ཏེ་ཁྱོད་ཁོ་ན་ལས་བརྟེན་ནས་

བདག་གིས་བཅོམ་ལྡན་འདས་དེ་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་དེ་ཇི་སྙམ་དུ་སེམས། དེའི་

ཚེ་དགེ་སློང་མར་གྱུར་པ་གང་ཡིན་པ་དེ་ནི་དགེ་སློང་མ་འདི་ཉིད་ཡིན་ཏེ། དེས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་སྟེ། འདི་ལྟར་བདག་བག་མར་སོང་བའི་འོག་ཏུ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ནས་ཚེ་གཅིག་ཏུ་ཚངས་

པར་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ཅི་ཡང་མ་ཐོབ་ཀྱིས། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེའི་བསྟན་པ་ལ་བདག་ད་ལྟ་བཞིན་དུ་བག་མར་སོང་བའི་འོག་ཏུ་རབ་ཏུ་བྱུང་ནས་ཉོན་མོངས་པ་

เล่ม ๗๓ · หน้า 135a

ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་ཤུགས་མཉམ་པ་དང་མཛད་པ་མཉམ་པ་དང་ཐབས་མཉམ་པ་བརྙེས་པར་གྱུར་

ནས། ད་ལྟར་འདི་བག་མར་སོང་བའི་འོག་ཏུ་རབ་ཏུ་བྱུང་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེའི་ཚེ་ཁྱིམ་ཐབ་ཏུ་གྱུར་པ་གང་ཡིན་པ་དེ་ནི་དགེ་སློང་འདི་ཉིད་ཡིན་ཏེ། དེས་དེར་སྨོན་

ལམ་བཏབ་སྟེ། དེའི་ཚེ་ང་ཉིད་ཁྱོད་ཀྱི་ཁྱིམ་ཐབ་ཏུ་གྱུར་ནས་ཁྱོད་ཁོ་ན་ལས་བརྟེན་ཏེ་སངས་རྒྱས་བཅོམ་ལྡན་འདས་དེ་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་

མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པ་དེས་ན། ད་ལྟར་འདིས་འདི་ཁོ་ན་ལ་བརྟེན་ནས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།བག་མ་གཏོང་བ་

ཕྱི་མ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་རྒྱལ་པོ་གསལ་རྒྱལ་གྱི་བློན་པོའི་གཙོ་བོ་གཉིས་ཡོད་པ་ལ་གཅིག་གི་མིང་ནི་རི་དགས་འཛིན་ཅེས་བྱ། གཅིག་གི་མིང་ནི་བྱིན་པ་ཞེས་བྱའོ། །དེ་གཉིས་མཛའ་ཞིང་བཤེས་ལ་གཅུགས་པར་གྱུར་ཏེ། དེ་གཉིས་

ཀྱིས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་གཉིས་ཆུང་མ་དང་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་ནས་ཕྱི་ཞིག་ན་དེ་གཉིས་ལྷན་ཅིག་ཏུ་ཚོགས་ཏེ་སྨྲས་པ། གྲོགས་པོ་བདག་ཅག་གཉིས་ཀྱིས་ཅི་ནས་མཛའ་བ་འདི་ལས་ཇི་སྲིད་འཚོའི་བར་དུ་ཅུང་ཟད་ཀྱང་འབྱེ་བར་མི་བྱའོ་

ཞེས་སྨྲས་སོ། །དེ་ནས་རི་དགས་འཛིན་གྱིས་སྨྲས་པ། འོ་ན་བདག་ཅག་གཉིས་ཀྱིས་ཇི་ལྟར་བྱ། བྱིན་པས་སྨྲས་པ། གཉེན་དུ་བྱའོ། །རི་དགས་འཛིན་གྱིས་སྨྲས་པ། ཁྱོད་ལ་བུ་ཁྱེའུའམ་བུ་མོ་ལྟ་ཡོད་དམ། བྱིན་པས་སྨྲས་པ་མེད་དོ། །རི་དགས་འཛིན་གྱིས་སྨྲས་པ། འོ་ན་

เล่ม ๗๓ · หน้า 135b

བདག་ལ་བུ་ཁྱེའུ་ཡང་མེད་བུ་མོ་ཡང་མེད་ལ། ཁྱོད་ལ་ཡང་བུ་ཁྱེའུ་ཡང་མེད་བུ་མོ་ཡང་མེད་ན་བདག་ཅག་གཉིས་གཉེན་དུ་ཇི་ལྟར་བྱ། བྱིན་པས་སྨྲས་པ་གཉེན་དུ་བྱ་བ་ལ་རྣམ་པ་གཉིས་ཡོད་དེ། སྐྱེས་ཟིན་པའི་གཉེན་དང་ད་དུང་མ་སྐྱེས་པའི་གཉེན་ནོ། །བདག་ཅག་གཉིས་ལ་བུ་ཁྱེའུ་

ཡང་མེད་བུ་མོ་ཡང་མེད་མོད་ཀྱི་ད་དུང་མ་སྐྱེས་པའི་གཉེན་བྱར་རུང་སྟེ། གལ་ཏེ་བདག་གི་བུ་ཁྱེའུ་བཙས་ལ། ཁྱོད་ཀྱི་བུ་མོ་བཙས་ན་ནི་དེ་བདག་གི་བུ་ལ་བྱིན་ཅིག །དེ་སྟེ་ཁྱོད་ཀྱི་བུ་ཁྱེའུ་བཙས་ལ་བདག་གི་བུ་མོ་བཙས་ན་ནི་བདག་གིས་དེ་ཁྱོད་ཀྱི་བུ་ལ་སྦྱིན་པར་བྱའོ་ཞེས་བྱས་སོ། །དེ་ནས་

དེ་ལྟར་བྱའོ་ཞེས་སྨྲས་ནས་དེ་གཉིས་སོང་ངོ་། །དེ་ནས་ཕྱི་ཞིག་ན་རི་དགས་འཛིན་གྱི་ཆུང་མ་ལ་བུ་ཆགས་པར་གྱུར་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་བུ་ཁྱེའུ་ཞིག་བཙས་ཏེ། དེའི་མིང་ས་ག་ཞེས་བཏགས་སོ། །འདོད་པ་རྣམས་ནི་ཚ་ཆུ་དང་འདྲ་སྟེ་ཇི་ཙམ་དུ་བསྟེན་པ་དེ་ཙམ་དུ་ཕྱིར་ཞིང་སྐྱེ་

བར་འགྱུར་ཏེ། སྔ་ཕྱིར་དེའི་བུ་བདུན་བྱུང་ནས་དེ་རྣམས་ཀྱི་བཙས་སྟོན་རྒྱས་པར་བྱས་ཏེ་རིགས་དང་འཐུན་པར་མིང་བཏགས་ནས་བསྐྱེད་བསྲིངས་སོ། །དེ་ནས་ཕྱི་ཞིག་ན་བྱིན་པའི་ཆུང་མ་ལ་ཡང་བུ་ཆགས་པར་གྱུར་ནས་དེ་ཟླ་བ་དགུའམ་བཅུ་ལོན་པ་དང་བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་

མཛེས་པ་ཞིག་བཙས་ན། བུ་མོ་དེ་རང་བཞིན་གྱིས་ངུ་བར་གྱུར་ནས་ཕ་མ་གཉིས་ཀྱིས་དེ་ཐབས་ཅིས་ཀྱང་དགག་པར་མ་ནུས་སོ། །དེ་ནས་ཕྱི་ཞིག་ན་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ཁྱིམ་དེར་སོང་ནས་ཁྱིམ་བདག་དེ་ལ་ཆོས་བཤད་པ་དང་བུ་མོ་དེ་ཡང་ཆོས་ཐོས་ནས་ཁ་རོག་སྟེ་འདུག་གོ། །དེ་

ནས་གང་གི་ཚེ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་ཁྱིམ་བདག་དེ་ལ་ཆོས་བཤད་ནས་ཕྱིར་སོང་བ་དེའི་ཚེ་ཡང་བུ་མོ་དེ་ངུ་བ་ལ་ཞུགས་པ་དང་། ཁྱིམ་བདག་དེས་འཕྲིགས་ཏེ་བསམས་པ། བུ་མོ་འདི་ནི་ཆོས་ཉན་པ་འདོད་པ་ཞིག་ཡིན་གོར་མ་ཆག་སྙམ་མོ། །དེ་ནས་དེའི་བཙས་སྟོན་བྱས་ནས་བུ་

མོ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ་བུ་མོ་འདི་ཆོས་འདོད་ལ་བྱིན་པའི་བུ་མོ་ཡིན་པས་ན། བུ་མོ་འདིའི་མིང་ཆོས་བྱིན་མ་ཞེས་བྱ་བར་གདགས་སོ་ཞེས་ཟེར་རོ། །དེ་ནས་བུ་མོ་ཆོས་བྱིན་མ་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུས་བསྐྱེད་བསྲིངས་ནས།

เล่ม ๗๓ · หน้า 136a

དེ་གང་གི་ཚེ་ཆེན་མོར་གྱུར་པ་དེའི་ཚེ་དེས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་རྙེད་ནས་དེས་ཕ་མ་གཉིས་ལ་གསོལ་ཏེ། དུས་དུས་སུ་དགེ་སློང་རྣམས་དང་དགེ་སློང་མ་རྣམས་བཤོས་གསོལ་ནས་དེ་རྣམས་ཀྱི་མདུན་དུ་འདུག་སྟེ་ཆོས་ཉན་པར་བྱེད་དོ། །དེ་ནས་

དེས་ཆོས་ཐོས་ནས་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བླངས་ནས། དེ་ཁྱིམ་ན་གནས་བཞིན་དུ་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་ཏེ་རྫུ་འཕྲུལ་ཡང་བསྒྲུབས་སོ། །དེས་བདེན་པ་མཐོང་ནས་ཕ་མ་གཉིས་ལ་སྨྲས་པ། ཡབ་ཡུམ་བདག་བཅོམ་ལྡན་འདས་ཀྱི་བསྟན་

པ་ལ་རབ་ཏུ་འབྱུང་བར་གནང་བར་མཛད་དུ་གསོལ། ཕ་མ་གཉིས་ཀྱིས་སྨྲས་པ། བུ་མོ་ཁྱོད་མ་སྐྱེས་པའི་སྔ་རོལ་ནས། བདག་ཅག་གཉིས་ཀྱིས་ཁྱིམ་ཐབ་ལ་བྱིན་ཟིན་གྱིས་བདག་ཅག་གཉིས་ཀྱིས་གནང་བར་བྱར་མི་རུང་ངོ་། །བུ་མོ་དེས་སྨྲས་པ། བདག་ནི་འདོད་པ་རྣམས་

དོན་དུ་གཉེར་བ་མ་ལགས་ན། བདག་ལ་ཁྱིམ་ཐབ་ཅི་འཚལ། ཕ་མ་གཉིས་ཀྱིས་སྨྲས་པ། བདག་ཅག་གཉིས་ཀྱིས་ཁྱོད་ལ་གནང་བར་བྱར་མི་རུང་གིས་འོན་ཀྱང་ཁྱོད་ཉིད་ལས་བརྟེན་ཏེ། བདག་ཅག་གཉིས་ཀྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲང་

བར་བྱའོ། །རི་དགས་འཛིན་ལ་ཡང་བཟླུགས་ལ་ཁྱོད་བདག་ཉིད་ཀྱིས་ཁྱིམ་ཐབ་ལ་གསོལ་ཏེ་རབ་ཏུ་འབྱུང་བར་གྱིས་ཤིག་ཅེས་བྱས་ནས། ཁྱིམ་བདག་བྱིན་པས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲངས་ནས། དེ་ཉིད་ཀྱི་མཚན་མོ་བཟའ་བ་དང་བཅའ་བ་གཙང་མ་

བཟང་པོ་མང་པོ་བཤམས་ཏེ་ནང་པར་སྔར་ལངས་ནས་གདན་བཤམས་ཏེ་ཆུ་ར་བཀང་སྟེ་བཞག་ནས། བཅོམ་ལྡན་འདས་ལ་ཕྲིན་གྱིས་གདུགས་ཚོད་བསྐུལ་བ། བཙུན་པ་གདུགས་ཚོད་ལ་བབ་སྟེ་བཤོས་གསོལ་ལགས་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་ཏེ་

གཤེགས་སུ་གསོལ་ཞེས་བསྐུལ་ཏོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས་དགེ་སློང་གི་ཚོགས་ཀྱིས་ཞབས་འབྲིང་བྱས་ཏེ་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས། ཁྱིམ་བདག་བྱིན་པའི་བཀད་ས་ག་ལ་བ་དེར་

เล่ม ๗๓ · หน้า 136b

གཤེགས་ཏེ་བྱོན་ནས་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་ཁྱིམ་བདག་བྱིན་པས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས། རང་གི་ལག་ནས་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ཏེ་ཅི་བཞེད་པ་

བསྟབས་སོ། །དེ་ནས་བཅོམ་ལྡན་འདས་བཤོས་གསོལ་ཟིན་ཏེ་གསང་སྡེར་ནི་གྱུ་ཕྱག་ནི་བཅབས་པར་རིག་ནས་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ། །དེ་ནས་དེས་བུ་མོ་ཆོས་བྱིན་མ་རབ་ཏུ་འབྱུང་བར་འདོད་པ་ལས་བཟློག་མ་ནུས་ནས་ཁྱིམ་བདག་རི་དགས་འཛིན་ལ་སྦྲན་ཏེ་

ཁྱོད་ཉིད་འདིར་ཤོག་ལ་ཟློག་ཤིག་ཅེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་རི་དགས་འཛིན་གཡོག་འཁོར་དང་བཅས་པ་ལྷགས་ནས་ཁྱིམ་བདག་བྱིན་པའི་ཁྱིམ་ཕྱི་བསྐོར་ཏེ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་བྱིན་པ་གཡོག་འཁོར་དང་བཅས་པ་ཆོས་ཀྱི་

གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་ནས། གདན་ལས་བཞེངས་ཏེ་གཤེགས་སོ། །སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གཤེགས་ནས་དགེ་སློང་མའི་དགེ་འདུན་

ཡང་དོང་ངོ་། །བུ་མོ་ཆོས་བྱིན་མ་ཡང་དེ་དག་དང་ཐབས་ཅིག་ཏུ་སོང་ངོ་། །ཁྱེའུ་ས་ག་དང་རི་དགས་འཛིན་གཡོག་འཁོར་དང་བཅས་པས་ཀྱང་བུ་མོ་ཆོས་བྱིན་མ་ཁྱིམ་དེ་ནས་བྱུང་བ་མཐོང་ངོ་། །མཐོང་ནས་ཀྱང་ཁྱེའུ་ས་གས་བུ་མོ་ཆོས་བྱིན་མ་བཟུང་ཞེས་བྱས་ན། དེ་སྟེང་གི་ནམ་

མཁའ་ལ་འཕགས་ནས་འབར་བ་དང་ལམ་མེར་འདུག་པ་དང་ཆར་འབབ་པ་དང་གློག་འགྱུ་བའི་ཆོ་འཕྲུལ་རྣམས་བསྟན་ཏེ། དེ་མཐོང་ནས་ཁྱེའུ་ས་གས་བསམས་པ། འདིས་ཆོས་འདི་ལྟ་བུ་ཐོབ་པ་ལས་ན་འདི་བདག་དང་ལྷན་ཅིག་ཏུ་འདོད་པ་རྣམས་ལོངས་སྤྱོད་པར་ག་ལ་འགྱུར་སྙམ་མོ། །

སོ་སོའི་སྐྱེ་བོ་ནི་རྫུ་འཕྲུལ་གྱིས་མྱུར་དུ་དད་པར་འགྱུར་ཏེ། དེ་མཐོང་མ་ཐག་ཏུ་རྐང་པ་ལ་ཕྱག་འཚལ་ནས་སྨྲས་པ། སྐལ་བ་ཆེན་མོ་མར་སྤྱོན་མར་སྤྱོན། བདག་ཅག་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་གསོལ་ཞེས་བྱས་སོ། །དེ་ནས་དེ་ནམ་མཁའ་ལས་

เล่ม ๗๓ · หน้า 137a

བབས་ནས། ཁྱེའུ་ས་གས་ཀྱང་རྐང་པ་ལ་ཕྱག་འཚལ་ཏེ་བཟོད་པ་གསོལ་ནས་སྨྲས་པ། བདག་གིས་ཁྱོད་དེ་བཞིན་དུ་གནང་ངོ་། །ཡོ་བྱད་ཐམས་ཅད་ཀྱང་སྦྱར་བར་བྱ་སྟེ་ཁྱོད་ལ་ཅི་དགོས་པ་དེ་དག་ཐམས་ཅད་བདག་གིས་སྦྱིན་ནོ་ཞེས་བྱས་ནས། ཆོས་མཉན་

པའི་ཕྱིར་མདུན་དུ་འདུག་གོ། །དེ་ནས་ཆོས་བྱིན་མས་དེ་དག་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་བྱས་ནས་སོང་ངོ་། །དེ་ནས་དགེ་སློང་མའི་གཙུག་ལག་ཁང་དུ་སོང་སྟེ། རབ་

ཏུ་བྱུང་ནས་དགེ་སློང་མ་རྣམས་ཀྱིས་དེ་ལ་དགེ་ཚུལ་མའི་བསླབ་པའི་གཞི་རྣམས་ཀྱང་ཕོག །ཆོས་དྲུག་གི་བསླབ་པའི་སྡོམ་པ་ཡང་ཕོག་ནས་དེ་གང་གི་ཚེ་ལོ་གཉིས་ཀྱི་བར་དུ་ཆོས་དྲུག་ལ་བསླབས་ནས་བསྙེན་པར་རྫོགས་པར་འདོད་པ་དེའི་ཚེ། དགེ་སློང་མ་རྣམས་ཀྱིས་དེ་ལ་ཚངས་པར་

སྤྱོད་པའི་གནས་ཀྱི་སྡོམ་པ་ཕོག་སྟེ། བསྙེན་པར་རྫོགས་པར་བྱ་བའི་ཕྱིར་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཁྲིད་དོ། །དེ་ཡང་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཁ་དོག་རྒྱས་པ་མཆོག་དང་ལྡན་པ་ཡུལ་ན་བཟང་བ་བྱད་གཟུགས་དཔེ་མེད་པ་ཞིག་སྟེ། བཙས་མ་ཐག་ཏུ་སྐྱེ་བོ་

མང་པོས་བསླངས་ན་ཡང་ཁྱིམ་བདག་བྱིན་པས་སྔོན་གཞན་ལ་བྱིན་ཟིན་པའི་ཕྱིར་སུ་ལ་ཡང་མ་བྱིན་ནོ། །དེ་གང་གི་ཚེ་རབ་ཏུ་བྱུང་བ་དེའི་ཚེ་གཞན་དག་གི་སེམས་སྐྱེས་པ། འདི་ཁྱིམ་ན་གནས་པའི་ཚེ་ནི་བདག་ཅག་གིས་མ་ཐོབ་ན་ད་ནི་འདི་རབ་ཏུ་བྱུང་ཟིན་གྱིས། བདག་ཅག་གིས་ཅི་

དགའ་མགུར་བྱར་ཡོད་དོ་སྙམ་ནས་བསྐོར་བར་ཆད་དེ། ཐབས་ཇི་ལྟར་བྱས་ན་འདི་བདག་ཅག་གིས་དབྲོག་ནུས་པར་གྱུར་སྙམ་པ་དང་། ཁ་ཅིག་སོང་སྟེ་དགེ་སློང་མ་རྣམས་ལ་སྦྲན་ནས་དགེ་སློང་མ་རྣམས་ཀྱིས་བསམས་པ། ད་ནི་འདི་བདག་ཅག་གིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཁྲིད་དེ་

བསྙེན་པར་རྫོགས་པར་བྱེད་ཀྱང་མི་ནུས་ལ། དགེ་སློང་མའི་གཙུག་ལག་ཁང་འདིར་བཞག་པར་མི་ནུས་སོ་སྙམ་སྟེ་ཕའི་ཁྱིམ་དུ་ཁྲིད་ནས་དེར་བཞག་གོ །དེ་ནས་དགེ་སློང་མ་རྣམས་ཀྱིས་དེའི་གཏམ་རྒྱས་པར་བཅོམ་ལྡན་འདས་ལ་གསོལ་ཏེ། བཙུན་པ་བདག་ཅག་གིས་དགེ་སློང་

เล่ม ๗๓ · หน้า 137b

མ་ཆོས་བྱིན་མ་ཇི་ལྟར་བསྙེན་པར་རྫོགས་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོ་ན་དགེ་སློང་མ་ཆོས་བྱིན་མ་ཕྲིན་གྱིས་བསྙེན་པར་རྫོགས་པར་གནང་གིས། ཕྱིན་ཅད་གཞན་ཞིག་ཕྱི་རོལ་དུ་འབྱུང་བ་ལ། འདི་ཁོ་ན་དང་འདྲ་བའི་ཉེས་དམིགས་འབྱུང་བར་

འགྱུར་ན། དེ་ཡང་ཕྲིན་གྱིས་བསྙེན་པར་རྫོགས་པར་གྱིས་ཤིག་ཅེས་བཀའ་སྩལ་ནས། དེ་ཐོས་མ་ཐག་ཏུ་དགེ་སློང་མ་རྣམས་ཀྱིས་དེ་ཕྲིན་གྱིས་བསྙེན་པར་རྫོགས་པར་བྱས་ཏེ། གཞུང་ལས་ཇི་སྐད་འབྱུང་བ་བཞིན་དུ་རྒྱས་པར་བརྗོད་པར་བྱའོ། །དེ་ནས་ཕྲིན་གྱིས་བཟླུགས་

པའི་དགེ་སློང་མ་ཆོས་བྱིན་མའི་ཐད་དུ་སོང་ནས་བསྒོ་བ། ཆོས་བྱིན་མ་ཁྱོད་བསྙེན་པར་རྫོགས་ཟིན་གྱིས་བག་ཡོད་པར་ནན་ཏན་གྱིས་ཤིག་ཅེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཆོས་བྱིན་མས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་

དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ་ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ་ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ་རིག་པས་སྒོ་ངའི་སྦུབས་བཅོམ་པ་རིག་པ་དང་མངོན་པར་ཤེས་པ་དང་།

སོ་སོ་ཡང་དག་པར་རིག་པ་ཐོབ་པ་སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ་དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་

ཞུས་པ། བཙུན་པ་ཆོས་བྱིན་མས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ལ། བཅོམ་ལྡན་འདས་ཀྱང་འདིས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་

ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ནས་འདི་ཁོ་ན་ལས་བརྟེན་ཏེ། བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་ཕྲིན་གྱིས་བསྙེན་པར་རྫོགས་པར་གནང་བར་མཛད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་

เล่ม ๗๓ · หน้า 138a

ལས་གྱུར་ཏོ། །བཙུན་པ་འདིས་སྨོན་ལམ་གང་དུ་བཏབ་ལགས། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་

པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་བཱ་རཱ་ཎ་སཱི་ན་ཁྱིམ་བདག་ཅིག་གནས་པ་ལས་ཕྱི་ཞིག་ན་དེའི་བུ་མོ་གཟུགས་བཟང་ཞིང་

བལྟ་ན་སྡུག་ལ་མཛེས་པ་ཡུལ་ན་བཟང་བ་བྱད་གཟུགས་དཔེ་མེད་པ་ཞིག་བཙས་ནས། དེ་གང་གི་ཚེ་ཆེན་མོར་གྱུར་པ་དེའི་ཚེ་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དད་པ་རྙེད་ནས་དེས་ཕ་མ་ལ་གསོལ་ཏེ། རབ་ཏུ་བྱུང་ནས་དེ་བསྙེན་པར་རྫོགས་

པར་བྱ་བའི་ཕྱིར་ཕྱི་རོལ་དུ་བྱུང་བ་ལས་ཉེས་དམིགས་སུ་གྱུར་ནས། བཅོམ་ལྡན་འདས་འོད་སྲུང་གིས་དེ་ཕྲིན་གྱིས་བསྙེན་པར་རྫོགས་པར་གནང་སྟེ། གང་གི་ཚེ་ཕྲིན་གྱིས་བསྙེན་པར་རྫོགས་པར་གྱུར་པ་དེའི་ཚེ་ཕྲིན་གྱིས་བཟླུགས་པའི་དགེ་སློང་མ་དེའི་ཐད་དུ་སོང་ནས་བསྒོ་བ་མིང་

འདི་ཞེས་བྱ་བ་ཁྱོད་བསྙེན་པར་རྫོགས་ཟིན་གྱིས་བག་ཡོད་པར་ནན་ཏན་གྱིས་ཤིག་ཅེས་བྱས་སོ། །དེ་ནས་དེའི་ཚེ་དེས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཉིད་ཐོབ་ནས་འབར་བ་དང་ལམ་མེར་འདུག་པ་དང་ཆར་འབབ་པ་

དང་གློག་འགྱུ་བའི་ཆོ་འཕྲུལ་བསྟན་ཏེ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་ནས། མཁན་མོས་དེའི་སྐུ་གདུང་ལ་སྐུ་གདུང་གི་མཆོད་པ་བྱས་ཏེ། སྐུ་གདུང་གི་མཆོད་རྟེན་བརྩིགས་ནས་བདུག་པ་དང་ཕྱེ་མ་དང་སྤོས་དང་མེ་ཏོག་

གིས་བཀུར་སྟི་བྱས་ཏེ། ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་པ། འདི་ལྟར་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་ཅི་ཡང་མ་ཐོབ་ཀྱིས། ཡང་དག་པར་རྫོགས་

เล่ม ๗๓ · หน้า 138b

པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །ཇི་ལྟར་བདག་གི་སློབ་མ་ལས་བརྟེན་ནས་ཡང་དག་པར་རྫོགས་པའི་སངས་

རྒྱས་འོད་སྲུང་གིས་ཕྲིན་གྱིས་བསྙེན་པར་རྫོགས་པར་གནང་བ་དེ་བཞིན་དུ། བདག་ཀྱང་ཤཱཀྱ་ཐུབ་པ་ཤཱཀྱའི་རྒྱལ་པོའི་མཆོག་དེས་ཕྲིན་གྱིས་བསྙེན་པར་རྫོགས་པ་གནང་ནས། དེའི་བསྟན་པ་ལ་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་

སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དགེ་སློང་མར་གྱུར་པ་གང་ཡིན་པ་དེ་ནི་དགེ་སློང་མ་ཆོས་བྱིན་མ་འདི་ཉིད་ཡིན་ཏེ། དེས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་སྟེ། ཡང་དག་པར་རྫོགས་པའི་

སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་

པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག །ཇི་ལྟར་བདག་གི་སློབ་མ་ལས་བརྟེན་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ཕྲིན་གྱིས་བསྙེན་པར་རྫོགས་པར་གནང་བ་དེ་བཞིན་དུ་ཤཱཀྱ་ཐུབ་པ་ཤཱཀྱའི་རྒྱལ་པོའི་མཆོག་དེས་ཀྱང་། བདག་ལས་བརྟེན་ཏེ་ཕྲིན་གྱིས་བསྙེན་

པར་རྫོགས་པར་གནང་བར་གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་ཤུགས་མཉམ་པ་དང་མཛད་པ་མཉམ་པ་དང་ཐབས་མཉམ་པ་བརྙེས་པར་གྱུར་ནས། འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་

མ་བྱས་ལ་ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས་འདི་ཉིད་ལས་བརྟེན་ཏེ། ངས་དགེ་སློང་མ་རྣམས་ལ་ཕྲིན་གྱིས་བསྙེན་པར་རྫོགས་པར་གནང་བ་ཡིན་ནོ། །དེ་ནས་ཡང་དགེ་སློང་དག་གིས་སངས་རྒྱས་བཅོམ་

เล่ม ๗๓ · หน้า 139a

ལྡན་འདས་ལ་གསོལ་པ། བཙུན་པ་དགེ་སློང་མ་ཆོས་བྱིན་མ་འདི་སྐྱེ་བོ་མང་པོས་བསྟོད་ནས་ཚེགས་ཆེན་པོས་ཚངས་པར་སྤྱོད་པའི་གནས་ཇི་ལྟར་བསྲུངས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ་འདས་པའི་

དུས་ན་ཡང་འདི་སྐྱེ་བོ་མང་པོས་བསྟོད་ནས་ཚེགས་ཆེན་པོས་ཚངས་པར་སྤྱོད་པའི་གནས་ཇི་ལྟར་བསྲུངས་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེའི་ཚེ་བཱ་རཱ་ཎ་སཱི་ན་ཁྱིམ་བདག་

ཅིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་པ་ལས་དེ་ཕྱི་ཞིག་ན། དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དགུའམ་བཅུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ནས་དེའི་བཙས་སྟོན་རྒྱས་པར་བྱས་ཏེ། རིགས་དང་

འཐུན་པར་མིང་བཏགས་ནས། འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུས་བསྐྱེད་བསྲིངས་ཏེ། དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང་ཁོང་རྩིས་དང་ཤོད་དགོད་དང་ལག་རྩིས་དང་དབྱུང་བ་དང་སྦ་བ་དང་དགྲམ་པ་དང་གོས་བརྟག་པ་དང་ནོར་བུ་བརྟག་པ་དང་རིན་པོ་ཆེ་

བརྟག་པ་དང་སྤོས་བརྟག་པ་དང་སྨན་བརྟག་པ་དང་གླང་པོ་ཆེ་བརྟག་པ་དང་རྟ་བརྟག་པ་དང་གོ་མཚོན་བརྟག་པ་བསླབས་ཏེ། ཡི་གེ་མཁས་པ་དང་ཀློག་མཁས་པ་དང་མཛངས་པ་དང་བྱ་བ་ལ་གསལ་བ་དང་ཡིད་གཞུངས་པ་དང་བརྟག་པ་རྣམ་པ་བརྒྱད་ལ་བྱང་བར་གྱུར་ཏོ། །དེ་ནས་དེའི་

ཕ་མས་ཐབས་ཟླར་བབ་པ་ལས་དེའི་ཆུང་མ་བླངས་ནས་དེ་ཡང་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དེ། ཁྱེའུ་དེ་བུ་མོ་དེ་ལ་ཤས་ཆེར་ཆགས་ནས་དེ་མེད་ཀྱི་བར་དུ་འདུག་མི་འདོད་དེ། དེས་ཟོང་བཞག་པ་དང་ཚོང་ཁང་བོར་ནས་དེ་འབའ་ཞིག་དང་ལྷན་ཅིག་འདུག་གོ། །དེ་

ནས་ཁྱིམ་བདག་དེས་བསམས་པ། འདི་འདི་ལ་ཆགས་ན་ནོར་ཟས་ཐམས་ཅད་ཟད་པར་འོང་གིས་འདི་རོ་འདི་དང་དབྲལ་དགོས་སོ་སྙམ་ནས་སྨྲས་པ། བུ་ཅིག་རོ་འདི་ཅི་དགོས་གལ་ཏེ་ཁྱོད་འདི་བཞིན་དུ་འདུག་སྟེ་ལས་མི་བྱེད་ན་རྒས་པའི་ཚེ་ཕོངས་པར་འགྱུར་གྱིས། བུ་ཇི་སྲིད་ཀྱི་བར་དུ་

เล่ม ๗๓ · หน้า 139b

ཁྱོད་ཀྱི་འབྱུང་བ་ཆེན་པོ་རྣམས་ལ་མཐུ་ཡོད་ཀྱི་བར་དུ་ནོར་བསྒྲུབ་པར་གྱིས་ཤིག །ཕྱིས་ཆུང་མ་དང་སྡུག་པར་གྱུར་ཏ་རེ་ཞེས་སྨྲས་ནས། ཁྱིམ་བདག་དེས་ལེའུ་གློན་པའི་ཟོང་སྟ་གོན་བྱས་ནས་ཁྱེའུ་དེ་ཡུལ་གཞན་དུ་བཏང་ངོ་། །ཁྱེའུ་དེས་ཀྱང་རྔ་མོ་དང་བོང་བུ་ལ་སོགས་པ་ལ་ཟོང་བཀལ་

ནས་གྲོང་དང་གྲོང་ཁྱེར་དང་ནགས་ཁྲོད་ཀྱི་གྲོང་དང་ཡུལ་ཆེན་པོ་རྣམས་བགྲོད་དེ་རྒྱངས་ཆད་པ་ཞིག་ཏུ་ཕྱིན་ནས་དེ་ཆུང་མའི་ཕྱིར་རྩ་སྔོན་པོ་བརྔས་པ་སྐམས་པ་བཞིན་དུ་འདུག་སྟེ་དེས་བསམས་པ། བདག་དེ་དང་མྱུར་དུ་ཕྲད་པར་འགྱུར་བའི་ཐབས་ཇི་ཡོད་སྙམ་སྟེ་དེའི་ཐབས་སེམས་

ཤིང་འདུག་གོ། །དེ་ནས་དེའི་ཚེ་རི་ཁྲོད་ཀྱི་གྲོང་དེ་ན་ཤིང་མཁན་བཟོ་ཐབས་མཁན་ཤིང་གི་བཟོ་ཐབས་ཀྱི་ནམ་མཁའ་ལྡིང་ནམ་མཁའ་ལ་འགྲོ་བར་བྱེད་ཤེས་པ་ཞིག་འདུག་གོ། །དེ་ནས་ཁྱེའུ་དེས་ཀྱང་ཐོས་ནས་ཐོས་མ་ཐག་ཏུ་བསམས་པ། དེར་འགྲོ་བའི་ཐབས་བདག་གིས་རྙེད་

དོ་སྙམ་སྟེ་བཟོ་ཐབས་མཁན་གྱི་ཐད་དུ་སོང་ནས་སྨྲས་པ། ཀྱེ་མི་ཁྱོད་ཀྱིས་བཟོ་ཐབས་ཀྱི་ནམ་མཁའ་ལྡིང་འདི་བདག་ལ་བྱིན་ཅིག་དང་བདག་གིས་ཁྱོད་ལ་ཀཱར་ཥཱ་པ་ཎ་ལྔ་བརྒྱ་སྦྱིན་ནོ་ཞེས་བྱས་པ་དང་། དེ་ན་རེ་བདག་གིས་ཁྱོད་ལ་གཏན་སྦྱིན་དུ་ནི་མི་རུང་གིས་ཉི་མ་རེ་རེ་བདག་གི་ཐད་

ནས་ལོང་ལ་དོན་གཉེར་དུ་སོང་ནས་ཕྱིར་ཁྱེར་ཏེ་འོངས་ནས་བདག་ལ་ཕུལ་ཅིག་ཅེས་ཟེར་རོ། །དེ་ནས་ཁྱེའུས་སྨྲས་པ། ཁྱོད་ཇི་ལྟར་དགའ་བ་བཞིན་དུ་བགྱིའོ་ཞེས་བྱས་ནས་མི་དེས་ནམ་མཁའ་ལྡིང་དེ་བཅོས་ཏེ་འགྲོ་བ་དང་ཕྱིར་ལྡོག་པ་ཡང་བསླབས་ནས་བྱིན་ནོ། །དེ་ནས་དེ་

དེ་ལ་ཞོན་ནས་རང་གི་ཁྱིམ་དུ་སོང་སྟེ་ཆུང་མ་དང་ལྷན་ཅིག་ཏུ་དགའ་བ་ཉམས་སུ་མྱོང་ནས་ཕྱིར་ཡང་རི་ཁྲོད་ཀྱི་གྲོང་དེ་ཉིད་དུ་འགྲོའོ། །དེ་ནས་ཕྱི་ཞིག་ན་དེའི་ཆུང་མ་དེ་ལ་བུ་ཆགས་ནས་དེ་ཟླ་བ་དགུའམ་བཅུ་ལོན་ཏེ་བུ་བཙས་ལ་ཐུག་པ་དང་བཟོ་ཐབས་ཀྱི་སློབ་དཔོན་དེ་དོན་ཞིག་ལ་ཡུལ་

གཞན་དུ་སོང་ནས་ཕྱིན་ཅད་ཁྱེའུ་དེ་རང་གི་ཁྱིམ་དུ་འགྲོ་མི་ནུས་པར་གྱུར་ཏོ། །བུ་མོ་དེ་ཡང་གྱོས་སྒྱུག་གཉིས་ཀྱིས་སྨྲས་ཏེ་ཉེས་དམིགས་འདི་ལྟ་བུ་ཁྱོད་ཀྱིས་ཇི་ལྟར་བྱས་ཞེས་བྱས་པ་དང་དེ་ན་རེ་ཇོ་བོ་ཉིད་ཀྱིས་བྱས་སོ་ཞེས་ཟེར་རོ། །ཁྱིམ་བདག་གིས་སྨྲས་པ། ངའི་བུ་སོང་ནས་ལོ་དུ་མ་ལོན་ན་

เล่ม ๗๓ · หน้า 140a

དེས་འདི་ཇི་ལྟར་བྱས། དེ་ནས་བུ་མོ་དེས་དེ་གཉིས་ལ་གཏམ་དེ་རྒྱས་པར་བསྙད་པ་དང་དེ་གཉིས་ན་རེ་ཁྱོད་ཇི་སྐད་ཟེར་བ་དེ་ལྟ་ནི་མ་ཡིན་ནོ། །དེ་ནས་འཁང་བཞིན་དུ་ཉེས་པ་བྱས་སོ་སྙམ་སྟེ་ཁྱིམ་ནས་བསྐྲད་དོ། །དེ་ནས་དེ་བཱ་རཱ་ཎ་སཱི་ནས་བྱུང་སྟེ་ཕའི་ཁྱིམ་ལོགས་

སུ་ཆས་ཏེ་དེ་སོང་སོང་བ་ལས་རི་ཁྲོད་ཀྱི་གྲོང་ཞིག་ཏུ་ཕྱིན་ནས། དེ་དེར་སོང་སྟེ་ལམ་པོ་ཆེར་བཞག་པ་དང་། དེའི་ནུབ་མོ་བུ་བྱུང་ནས་དེ་ན་ཚ་མི་བཟོད་དེ་མྱོས་ཤིང་འདུག་པ་ལས་ཐག་ཉེ་བ་ཞིག་ན་ཁྱིམ་བདག་ཅིག་གནས་ཏེ། དེའི་ཁྱིམ་ན་ཁྱིའི་མིང་འབྱུང་པོ་ཞེས་བྱ་བ་ཞིག་ཡོད་

དེ། ཁྱི་དེ་ལམ་པོ་ཆེར་སོང་ནས་ཁྱེའུ་དེ་མཐོང་སྟེ་དེས་བུད་མེད་དེ་མྱོས་ཤིང་འདུག་པའི་བར་དུ་ཁྱེའུ་དེ་སོས་བཟུང་ནས་རང་གི་ཁྱིམ་དུ་སོང་བ་དང་། ཁྱིམ་བདག་དེས་ཀྱང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དེ་མཐོང་ནས་མཐོང་མ་ཐག་ཏུ་བསམས་པ། བུ་མ་རུངས་

པ་བས་ནི་གཞན་གྱི་བུ་ཡང་བུར་བྱར་རུང་ལ། བདག་ལ་བུ་ཡང་མེད་བུ་མོ་ཡང་མེད་པས་ན་ཁྱེའུ་འདི་ཁོ་ན་བླངས་ཏེ། གསོས་དང་འདི་བདག་གི་བུར་འགྱུར་རོ་སྙམ་དུ་བསམས་ནས་ཆུང་མ་ལ་སྨྲས་པ། བཟང་མོ་ཤེས་པར་གྱིས་ཤིག །བུ་མ་རུངས་པ་བས་ནི་གཞན་གྱི་བུ་ཡང་

བུར་བྱར་རུང་ལ། བདག་ཅག་གཉིས་ལ་བུ་ཡང་མེད་བུ་མོ་ཡང་མེད་པས་ཁྱེའུ་འདི་བདག་ཅག་གིས་གསོས་དང་འདི་བདག་ཅག་གི་བུར་འགྱུར་གྱིས་ཁྱོད་ནི་པང་དུ་ཞུགས་ཤིག །ངས་ནི་བཙས་སྟོན་བྱའོ་ཞེས་བྱས་ནས་བུད་མེད་དེའི་པང་དུ་ཞུགས་ཏེ་འདུག་གོ། །ཁྱིམ་བདག་དེས་ནི་རྔ་

བརྡུངས་ནས་ཁྱེའུ་དེའི་བཙས་སྟོན་བྱེད་པ་ལ་ཞུགས་སོ། །དེ་ནས་བུད་མེད་སྔ་མ་དེ་གང་གི་ཚེ་ན་ཚ་ཞི་བར་གྱུར་པ་དེའི་ཚེ་ལངས་ཏེ། བུ་བླང་ཞེས་བྱས་ན་བུ་མི་སྣང་ནས་དེས་ནང་པར་སྐྱེ་བོ་མང་པོ་ཉེ་འཁོར་ན་གནས་པ་རྣམས་ལ་ཁྱེད་ཀྱིས་བྱིས་པ་ལྟ་ཅི་མཐོང་ཞེས་དྲིས་པ་དང་། དེར་

སུས་མཐོང་བ་དེ་དག་གིས་དེ་ལ་སྨྲས་པ། ཁྱིམ་བདག་ཆེ་གེ་མོ་ཞིག་གི་ཁྱི་འབྱུང་པོ་ཞེས་བྱ་བ་དེས་ཁྱེའུ་ཞིག་ཁྱེར་ཏེ་ཁྱིམ་དེར་སོང་ངོ་ཞེས་བྱས་སོ། །དེ་ནས་བུད་མེད་དེས་བུད་མེད་གཞན་ཞིག་ལ་བརྩད་དེ་ཁྱིམ་དེར་བཏང་ནས་ཁྱོད་སོང་ལ་ཁྱེའུ་དེ་ཤིའམ་མ་ཤི་ལྟོས་ཤིག་ཅེས་བྱས་

เล่ม ๗๓ · หน้า 140b

སོ། །དེ་ནས་བུད་མེད་དེ་དེར་སོང་སྟེ་བལྟས་ནས། ཁྱེའུ་ཁྱིམ་བདག་དེས་བླངས་ཏེ་བུར་བྱས་པ་མཐོང་ནས་བུད་མེད་དེ་ཕྱིར་ལོག་སྟེ་བསྙད་དོ། །དེ་ནས་མས་བསམས་པ་ཁྱེའུ་དེ་དང་བདག་ཅག་གཉིས་ཀ་སྡུག་པར་འགྱུར་ན་མི་རུང་གིས་རེ་ཞིག་ཁྱེའུ་དེ་འདི་ཉིད་ན་འདུག་ཀྱང་རུང་ངོ་

སྙམ་དུ་བསམས་ནས། སོང་བ་དང་དེ་འགྲོན་པོ་དག་ཅིག་དང་ཕྲད་ནས་དེ་འགྲོན་པོ་རྣམས་ཀྱི་ནང་དུ་ཞུགས་པ་ལས་འགྲོན་པོ་དེ་དག་མི་རྒོད་ཀྱིས་བཅོམ་ནས་བུད་མེད་དེ་མི་རྒོད་ཀྱི་སྡེ་དཔོན་གྱིས་རང་གི་ཁྱིམ་དུ་ཁྲིད་དེ་ཆུང་མར་བྱ་བར་བྱས་ནས། དེ་ཉིད་ཀྱི་མཚན་མོ་དེ་དང་ལྷན་ཅིག་ཏུ་ཉལ་

བར་བྱས་པ་ལས། བུད་མེད་དེས་བསམས་པ། ཇི་ལྟར་བྱས་ན་འདིས་བདག་གི་ལག་ནས་གཟུང་བར་མི་ནུས་པའི་ཐབས་ཤིག་བདག་གིས་བྱའོ་སྙམ་ནས། སྐྲ་ནི་བཤིག་གོས་སྔོན་པོ་ནི་བགོས་ཁ་དང་སོ་ནི་རྒྱ་སྐྱེགས་ཀྱིས་བསྐུས་རལ་གྲི་ནི་ཐོགས་ནས་ཁང་ཕུགས་སུ་ཞུགས་

ཏེ་འདུག་པ་དང་མི་དེ་ཡང་ཁང་ཕུགས་དེར་སོང་སྟེ། བུད་མེད་དེ་དང་ལྷན་ཅིག་ཏུ་དགའ་བ་ཉམས་སུ་མྱོང་བར་བྱའོ་སྙམ་པ་དང་། བུད་མེད་དེས་རལ་གྲི་ཐོགས་བཞིན་དུ་དེའི་སྟེང་དུ་བརྒྱུགས་ནས་ཁྱོད་ད་གར་ཡང་ཐར་དུ་མ་རེ་ཞིག་ཅེས་བྱས་པ་དང་མི་དེ་འཇིགས་ཤིང་སྐྲག་ནས་རྐང་

པ་ལ་ཕྱག་འཚལ་ཏེ། བཟང་མོ་བདག་ལ་སྲོག་གི་སྦྱིན་པ་མཛད་དུ་གསོལ་ཞེས་གསོལ་བ་བཏབ་བོ། །དེ་ནས་བུད་མེད་དེ་ན་རེ། ཁྱོད་གསོན་པོར་འདུག་ཏུ་རུང་བའི་ཐབས་གཅིག་ཅིག་ཡོད་དེ། གལ་ཏེ་ཁྱོད་ཀྱིས་དེང་ཕྱིན་ཅད་ང་ལ་འདོད་པ་དང་ལྡན་པས་བསྒྲུབ་པར་མི་བྱེད་

ལ་ང་སུ་ལ་ཡང་བསྒྲགས་པར་མི་བྱེད་ན། ཁྱོད་གསོན་པོར་འདུག་ཏུ་རུང་ངོ་ཞེས་ཟེར་རོ། །མི་རྒོད་ཀྱི་སྡེ་དཔོན་གྱིས་སྨྲས་པ། ཁྱོད་ཇི་ལྟར་དགའ་བ་དེ་བཞིན་དུ་བྱའོ་ཞེས་བྱས་ནས་ཡིད་ཆེས་པའི་མནས་བསྒགས་ཏེ་བུད་མེད་དེ་ཁྱིམ་དེ་ཉིད་དུ་འདུག་གོ། །དེ་ནས་མི་རྒོད་ཀྱི་སྡེ་

དཔོན་གྱིས་བསམས་པ། བདག་གིས་འདི་ནམ་དུ་གསོ་ཞིང་འདུག་བདག་གིས་འདི་ཐབས་ཀྱིས་བཙོང་བར་བྱའོ་སྙམ་ནས། དེ་དེས་སྨད་འཚོང་མ་ཞིག་ལ་བཙོངས་པ་དང་སྨད་འཚོང་མས་དེ་ལ་བསྒོ་བ་བཟང་མོ་དེང་ཕྱིན་ཅད་འདིར་འདུག་ལ་སྨད་འཚོང་མ་གྱིས་ཤིག་ཅེས་བྱས་

เล่ม ๗๓ · หน้า 141a

སོ། །དེ་ནས་བུད་མེད་དེ་ན་རེ་བདག་ལ་སྨད་འཚོང་མ་ཅི་དགོས་བདག་ནི་སྐྱེས་པ་གཞན་ལ་རེག་མི་ཕོད་དོ། །སྨད་འཚོང་མས་སྨྲས་པ། བདག་གིས་དེའི་ཕྱིར་ནོར་ཡོངས་སུ་བཏང་སྟེ་ཁྱོད་ཉོས་པ་ཡིན་ནོ། །དེ་མ་ཡིན་ན་ཁྱོད་ང་ལ་ཅི་དགོས། དེ་ནས་བུད་

མེད་དེས་བསམས་པ། འདིར་ཡང་ཐབས་དེ་ཉིད་བྱ་དགོས་སོ་སྙམ་ནས་དེ་ཁོ་ན་བཞིན་དུ་སྲིན་མོའི་ཆ་ལུགས་སུ་ཞུགས་ནས་སྨད་འཚོང་མའི་ཐོག་ཏུ་བརྒྱུགས་ཏེ་ནགས་ཁུང་གི་སྲིན་མོ་མིང་འདི་ཞེས་བྱ་བ་ཁྱོད་ཀྱི་ཁྱིམ་དུ་ཞུགས་ན། ཁྱོད་ད་དུང་གསོན་ཞིང་འདུག་

གམ་ཞེས་བྱས་པ་དང་། བུད་མེད་དེ་འཇིགས་ཤིང་སྐྲག་ནས་རྐང་པ་ལ་ཕྱག་འཚལ་ཏེ་བདག་ལ་སྲོག་གི་སྦྱིན་པ་མཛད་དུ་གསོལ་ཞེས་བྱས་སོ། །དེ་ནས་བུད་མེད་དེ་ན་རེ་ཁྱོད་གསོན་པོར་འདུག་ཏུ་རུང་བའི་ཐབས་གཅིག་ཅིག་ཡོད་དེ། གལ་ཏེ་ཁྱོད་ཀྱིས་ང་འདི་ཉིད་ན་འདུག་

ན་ལས་འདི་ལྟ་བུ་བྱེད་དུ་མ་བཅུག་ལ་ང་སུ་ལ་ཡང་བསྒྲགས་པར་མི་བྱེད་ན་ཁྱོད་གསོན་པོར་འདུག་ཏུ་རུང་ངོ་ཞེས་ཟེར་རོ། །སྨད་འཚོང་མས་སྨྲས་པ། ཁྱོད་ཅི་ལྟར་དགའ་བ་དེ་བཞིན་དུ་བྱའོ་ཞེས་བྱས་ནས་ཡིད་ཆེས་པའི་མནས་བསྒགས་ཏེ་བཏང་ངོ་། །དེ་ནས་སྨད་འཚོང་མ་

ཆེ་གེ་མོའི་ཁྱིམ་ན་ནགས་ཁུང་གི་སྲིན་མོ་གནས་སོ་ཞེས་ཀུན་དུ་གཏམ་གྲགས་ཏེ། དེས་འཇིགས་ནས་ཕྱིན་ཅད་སུ་ཡང་ཁྱིམ་དེར་མི་འགྲོའོ། །དེ་ནས་སྨད་འཚོང་མས་བསམས་པ། བདག་གིས་འདི་ཁྱིམ་ནས་བསྐྲད་པའི་ཐབས་ལྟ་ཅི་ཡོད་སྙམ་མོ། །དེ་ནས་དེའི་བུ་དེ་ཡང་ཆེར་

སྐྱེས་ནས། དེའི་མིང་ཡང་ཁྱིམ་བདག་དེས་འབྱུང་པོ་ཞེས་བཏགས་ཏེ། དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང་ཁོང་རྩིས་དང་ཤོད་དགོད་པ་དང་ལག་རྩིས་དང་དབྱུང་བ་དང་སྦ་བ་དང་དགྲམ་པ་དང་གོས་བརྟག་པ་དང་ནོར་བུ་བརྟག་པ་དང་རིན་པོ་ཆེ་བརྟག་པ་དང་སྤོས་བརྟག་པ་

དང་སྨན་བརྟག་པ་དང་གླང་པོ་ཆེ་བརྟག་པ་དང་རྟ་བརྟག་པ་དང་གོ་མཚོན་བརྟག་པ་བསླབས་ཏེ། ཡི་གེ་མཁས་པ་དང་ཀློག་མཁས་པ་དང་མཛངས་པ་དང་བྱ་བ་ལ་གསལ་བ་དང་ཡིད་གཞུངས་པ་དང་བརྟག་པ་རྣམ་པ་བརྒྱད་ལ་བྱང་བར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་ཁྱེའུ་དེ་

เล่ม ๗๓ · หน้า 141b

གསོས་པའི་ཕ་དེ་ཤི་ནས། ཁྱེའུ་དེས་བསམས་པ་ད་ནི་ཕ་ཤི་བས་ན་ཁྱིམ་འདིའི་འཚོ་ཚིས་བདག་གིས་བྱ་དགོས་སོ་སྙམ་ནས་ཟོང་ཁྱེར་ཏེ་ཡུལ་གཞན་དུ་སོང་བ་ལས་དེ་མཐར་གྱིས་གང་ན་དེའི་མ་དེ་འདུག་པའི་གནས་དེར་ཕྱིན་ནས། དེ་གྲོང་ཁྱེར་དེར་སོང་བ་ལས་སྨད་

འཚོང་མ་དེའི་ཁྱིམ་དང་ཐག་ཉེ་བ་ཞིག་ཏུ་ཟོང་བཞག་པའི་སར་ཟོང་རྣམས་བཞག་ནས་འདུག་གོ། །བུད་མེད་དེ་ཡང་གར་སོང་བར་ཚོང་པ་རྣམས་ལ་འདྲི་བར་བྱེད་དེ་ཁྱེད་ཀྱིས་གནས་ག་གེ་མོ་ཞིག་ན་ཚོང་དཔོན་ཆེ་གེ་མོ་ཞིག་འདུག་པའི་བུ་ཤེས་སམ་ཞེས་དྲི་བར་བྱེད་དོ། །དེ་ནས་དེ་དག་ན་རེ་

དེད་དཔོན་འབྱུང་པོ་ཞེས་བྱ་བ་ཡོད་དེ། དེའི་ཕ་ནི་ཤིའོ་ཞེས་ཟེར་རོ། །དེ་ནས་ཕྱི་ཞིག་ན་ཁྱེའུ་དེ་ཉིད་ཀྱི་གཡོག་འཁོར་རྣམས་ལ་དྲིས་ན། དེ་དག་ན་རེ་དེད་དཔོན་འབྱུང་པོ་ཞེས་བྱ་བ་དེ་ནི་འདི་ཡིན་ནོ་ཞེས་ཟེར་རོ། །དེ་ནས་བུད་མེད་དེས་སྨྲས་པ། ཅིའི་ཕྱིར་ཕས་འདིའི་མིང་འབྱུང་པོ་

ཞེས་བཏགས། བྱིས་པ་རྣམས་ཀྱིས་སྨྲས་པ། ཁྱིམ་བདག་དེ་ལ་ཁྱི་འབྱུང་པོ་ཞེས་བྱ་བ་ཞིག་ཡོད་དེ། དེས་འདི་ལམ་པོ་ཆེ་ནས་ཁྱེར་ཏེ་འོངས་ནས་དེ་ལ་བྱིན་པས་ན་འདིའི་མིང་ཡང་འབྱུང་པོ་ཞེས་བཏགས་སོ། །དེ་ནས་བུད་མེད་དེས་བསམས་པ། བདག་གི་བུ་ནི་འདི་ཁོ་ན་

ཡིན་ནོ་སྙམ་སྟེ། དེ་ཁྱེའུ་དེའི་ཐད་དུ་སོང་ནས་ཁྱེའུ་དེ་ལ་གཏམ་དེ་དག་ཐམས་ཅད་བསྙད་དེ། དེ་ལྟ་བས་ན་བུ་ཁྱོད་ནི་ངའི་བུ་ཡིན་ནོ་ང་ནི་ཁྱོད་ཀྱི་མ་ཡིན་ནོ་ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཁྱེའུ་དེས་མ་དེ་སྨད་འཚོང་མ་ལས་ནོར་གྱིས་བླུས་ནས་བདག་གི་ཁྱིམ་དུ་ཁྲིད་དེ་ཁྱིམ་དུ་བཞག་གོ། །

ཁྱེའུ་དེའི་ཕ་ཡང་རྒྱ་མཚོའི་གྲུའི་དོན་གྲུབ་ནས་རང་གི་ཁྱིམ་དུ་འོངས་ཏེ་ཕ་མ་གཉིས་ཀྱི་མགུལ་ནས་འཇུས་ནས་རྫས་རྣམས་ནང་དུ་བཞག་པའི་འོག་ཏུ། རང་གི་གནས་སུ་སོང་ན་ཆུང་མ་དེ་མི་སྣང་ནས་དེས་ཕ་མ་གཉིས་ལ་དྲིས་སོ་བུ་མོ་དེའི་ཕའི་མིང་ནི་རླངས་པ་ཞེས་བྱ་སྟེ་དེས་དེའི་མིང་

ལས་ཆུང་མ་སྨོས་ཏེ། ཡབ་ཡུམ་རླངས་པའི་བུ་མོ་དེ་མི་གདའ་ན་གར་མཆིས་ཞེས་བྱས་པ་དང་། དེ་གཉིས་ན་རེ་བུ་མོ་དེས་ནི་ཁྱོད་ལ་ཆུ་གང་མ་བྱས་ཏེ་དེས་ཉེས་པ་བྱས་པས་ངེད་ཀྱིས་ཁྱིམ་ནས་བསྐྲད་དེ་བཏང་ངོ་ཞེས་ཟེར་རོ། །དེ་ནས་ཁྱེའུས་སྨྲས་པ། དེའི་ལྟོ་ན་བུ་འདུག་པ་དེ་ནི་

เล่ม ๗๓ · หน้า 142a

བདག་གི་བུ་ཁོ་ན་ལགས་ན་ཁྱོད་ཀྱིས་དེ་བསྐྲད་པ་ནོངས་སོ་ཞེས་བྱས་ནས་དེ་དེ་དང་བྲལ་བས་སྨྱོས་ཏེ། རླངས་པའི་བུ་མོ་གར་སོང་ཞིག་གུ་ཞེས་བླ་ཞིང་སོང་སྟེ་སུ་ལ་ཡང་འདྲི་ཞིང་ཁྱེད་ཀྱིས་རླངས་པའི་བུ་མོ་ལྟ་མཐོང་ངམ་ཞེས་ཟེར་ནས། དེ་ཕ་མ་གཉིས་ཀྱིས་

ཐབས་ཅི་ལྟར་བྱས་ཀྱང་ཞི་བར་བྱེད་མ་ནུས་ཏེ། དེ་སྒྲེན་མོར་བྱུང་ནས་བླ་ཞིང་གང་ན་དེའི་ཆུང་མ་དང་བུ་དེ་འདུག་པའི་གནས་དེར་ཕྱིན་ཏོ། །དེ་ནས་དེ་སྒྲེན་མོར་བྱུང་ལ་བླ་ཞིང་ཕན་ཚུན་འཁྱམ་པ་ལས་ཁྱེའུ་དེའི་ཁྱིམ་གྱི་སྒོར་ཕྱིན་ཏེ། ཁྱེའུས་མཐོང་ནས་མ་ལ་བསྙད་པ། ཡུམ་མི་

ཞིག་སྨྱོས་ཏེ་རླངས་པའི་བུ་མོ་གར་སོང་ཞེས་བླ་ཞིང་འཁྱམ་མོ་ཞེས་བྱས་ནས། དེ་ཐོས་མ་ཐག་ཏུ་བུད་མེད་དེ་དོགས་པ་སྐྱེས་ཏེ་མ་ལ་དེ་ཉིད་ཇོ་བོ་མ་ཡིན་ནམ་སྙམ་ནས། བདག་ཉིད་དེའི་ཐད་དུ་སོང་བ་དང་མཐོང་མ་ཐག་ཏུ་དེས་མི་དེ་ངོ་ཤེས་ནས་དེས་དེ་རང་གི་ཁྱིམ་དུ་ཁྲིད་དེ་སྨྲས་

པ། ཇོ་བོ་བདག་ནི་རླངས་པའི་བུ་མོ་དེ་ལགས་སོ་ཞེས་བྱས་ནས། དེ་ཐོས་མ་ཐག་ཏུ་མི་དེས་དྲན་པ་རྙེད་དོ། །དེ་ནས་བུད་མེད་དེས་མི་དེ་ལ་སྨྲས་པ། ཇོ་བོ་བདག་ནི་ཁྱོད་ཀྱི་བཙུན་མོ་ལགས། འདི་ནི་ཁྱོད་ཀྱི་སྲས་ལགས་ཀྱིས་ཚུར་སྤྱོན། བདག་ཅག་གི་ཁྱིམ་དུ་བཞུད་དོ་ཞེས་

བྱས་ནས། བུད་མེད་དེས་མི་དེ་ཁྲུས་བྱེད་དུ་བཅུག་ནས་ཁ་སྤུ་དག་བཅོས་ཏེ། གོས་བསྐོན་ནས་མཐར་གྱིས་རང་གི་ཁྱིམ་དུ་དོང་ངོ་། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་བུད་མེད་དུ་གྱུར་པ་གང་ཡིན་པ་དེ་ནི་ཆོས་བྱིན་མ་འདི་ཉིད་ཡིན་ཏེ། དེའི་ཚེ་ཡང་འདི་སྐྱེ་བོ་མང་པོས་བསྟོད་

ནས་ཚེགས་ཆེན་པོས་ཚངས་པར་སྤྱོད་པའི་གནས་བསྲུངས་ལ། ད་ལྟར་ཡང་འདི་སྐྱེ་བོ་མང་པོས་བསྟོད་ནས་ཚེགས་ཆེན་པོས་ཚངས་པར་སྤྱོད་པའི་གནས་བསྲུངས་སོ།། །།ལས་བརྒྱ་ཐམ་པ། བམ་པོ་བཅུ་གཉིས་པ། གཅོད་པ་རྣམ་པ་གཉིས་ལ། གཅོད་པ་དང་

པོ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ནི་ལུགས་ཀྱིས་དུས་དུས་སུ་སེམས་ཅན་དམྱལ་བར་རྒྱུ་བར་བྱེད། ཡི་དགས་ཀྱི་ནང་དུ་རྒྱུ་བར་བྱེད། དུད་འགྲོའི་ནང་དུ་རྒྱུ་བར་བྱེད། མིའི་ནང་དུ་རྒྱུ་བར་བྱེད། ལྷའི་ནང་དུ་རྒྱུ་བར་བྱེད་དེ་ཕྱིར་འོངས་

เล่ม ๗๓ · หน้า 142b

ནས་སེམས་ཅན་དམྱལ་བ་རྣམས་ཀྱི་གཅད་པ་དང་། གཏུབ་པ་དང་བརྡེག་པ་དང་བཙོ་བ་ལ་སོགས་པའི་སྡུག་བསྔལ་གང་ཡིན་པ་དེ་དག་མི་རྣམས་ལ་རྗོད་པར་བྱེད་དོ། །ཕྱིར་འོངས་ནས་ཡི་དགས་རྣམས་ཀྱི་བཀྲེས་པ་དང་། སྐོམ་པ་དང་འབར་བ་དང་བསྲེག་པ་དང་བཙོ་བ་ལ་

སོགས་པའི་སྡུག་བསྔལ་རྣམས་དང་། དུད་འགྲོ་རྣམས་ཀྱི་གཅིག་ལ་གཅིག་ཟ་བ་ལས་གྱུར་པའི་སྡུག་བསྔལ་རྣམས་དང་། མི་རྣམས་ཀྱི་ཚོལ་ཁྲོས་ཤ་ཐང་བའི་སྡུག་བསྔལ་རྣམས་དང་། ལྷ་རྣམས་ཀྱི་འཆི་འཕོ་དང་ལྟུང་བ་དང་རྣམ་པར་འཐོར་བ་དང་རྣམ་པར་འཇིག་པའི་

སྡུག་བསྔལ་གང་ཡིན་པ་དེ་དག་མི་རྣམས་ལ་རྗོད་པར་བྱེད་དེ། དེ་དག་གིས་དེ་ཐོས་ནས་སྐྱོ་བར་འགྱུར་ལ། སྐྱོ་བར་གྱུར་ནས་ཀྱང་གོང་དུ་ཁྱད་པར་འཐོབ་པར་འགྱུར་རོ། །དེ་ནས་ཕྱི་ཞིག་ན་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དུད་འགྲོའི་ནང་དུ་རྒྱུ་བར་ཆས་ནས་མཉན་དུ་ཡོད་པ་

ནས་མི་སྣང་བར་གྱུར་ཏེ། དེ་རྒྱ་མཚོའི་འགྲམ་དུ་འགྲེང་བ་དང་། དེ་ན་རྒྱ་མཚོ་ཆེན་པོ་ལ་བྱིངས་རིམ་པ་གསུམ་ཡོད་དེ། ཆུའི་བྱིངས་དང་པོ་ལ་ནི་དཔག་ཚད་ཉི་ཁྲི་བརྒྱད་སྟོང་ཡོད་དེ། དེའི་ནང་ན་ནི་ཆུ་སྲིན་ཉ་ཞེས་བྱ་བ་རྣམས་གནས་ཏེ། དེ་དག་གི་ལུས་ལ་ནི་དཔག་ཚད་བདུན་

བརྒྱ་ཡོད་དེ། གང་གི་ཚེ་དེ་དག་བཀྲེས་པ་ན་དེ་དག་ཆུའི་བྱིངས་དང་པོ་ནས་གྱེན་དུ་འཐོན་ཅིང་ཁ་གདངས་ཏེ་འཁོད་ནས། དེའི་ནང་ན་དེ་དག་པས་ཆེས་ཆུང་བའི་སྲོག་ཆགས་གང་ཡིན་པ་དེ་དག་ཆུ་དང་བཅས་པར་དེ་རྣམས་ཀྱི་ཁའི་ནང་དུ་འབབ་བོ། །དེ་ནས་གང་གི་ཚེ་དེ་རྣམས་ཀྱི་ལྟོ་གང་

བར་གྱུར་པ་དེའི་ཚེ་ཆུ་དེ་དག་སོས་བཙགས་ནས་ཕྱིར་ཕོའོ། །ལྟོ་ན་སྲོག་ཆགས་འཁོད་པ་དེ་དག་གིས་ནི་ཟས་ཀྱི་བྱ་བ་བྱེད་དོ། །ཆུའི་བྱིངས་གཉིས་པ་ལ་ནི་དཔག་ཚད་ཉི་ཁྲི་ལྔ་སྟོང་ཡོད་དེ། དེའི་ནང་ན་ནི་ཆུ་སྲིན་ཉ་མིད་ཅེས་བྱ་བ་རྣམས་གནས་ཏེ། དེ་དག་གི་ལུས་ལ་ནི་དཔག་ཚད་

སྟོང་བཞི་བརྒྱ་ཡོད་དེ། དེ་རྣམས་གང་གི་ཚེ་བཀྲེས་པ་ན་དེ་དག་ཆུའི་བྱིངས་དང་པོ་དང་གཉིས་པའི་ནང་ནས་གྱེན་དུ་འཐོན་ཏེ་ཟས་ཀྱི་བྱ་བ་བྱེད་དོ། །ཆུའི་བྱིངས་གསུམ་པ་ལ་ནི་དཔག་ཚད་ཉི་ཁྲི་ལྔ་སྟོང་ཡོད་དོ། །དེའི་ནང་ན་ནི་ཆུ་སྲིན་ཉ་མིད་མིད་ཅེས་བྱ་བ་རྣམས་གནས་ཏེ། དེ་དག་གི་ལུས་

เล่ม ๗๓ · หน้า 143a

ལ་ནི་དཔག་ཚད་ཉིས་སྟོང་ཆིག་བརྒྱ་ཡོད་དེ། གང་གི་ཚེ་དེ་རྣམས་བཀྲེས་པ་ན་ཆུའི་བྱིངས་དང་པོ་དང་གཉིས་པ་དང་གསུམ་པའི་བར་ནས་འཐོན་ཏེ་ཁ་ཟས་ཀྱི་བྱ་བ་བྱེད་དོ། །དེའི་ཚེ་རྒྱ་མཚོ་ཆེན་པོར་ཆུ་སྲིན་ཉ་མིད་ཅེས་བྱ་བ་ཞིག་སྐྱེས་ནས། དེ་བས་ཆེས་ཆུང་བའི་

ཆུ་སྲིན་གཞན་རྣམས་དེའི་དྲུང་དུ་ལྷགས་ཏེ། དེའི་ལུས་ལས་དུམ་བུ་དུམ་བུ་རྒྱང་གྲགས་གཅིག་ཙམ་དང་། རྒྱང་གྲགས་གཉིས་ཙམ་དང་། རྒྱང་གྲགས་གསུམ་ཙམ་དང་། དཔག་ཚད་བརྒྱ་ཙམ་གྱི་བར་དུ་བཅད་ཅིང་བཅད་ཅིང་ཟ་བར་བྱེད་དོ། །རྒྱུ་དེས་ན་དེས་སྡུག་

བསྔལ་དྲག་པ་དང་མི་བཟད་པ་དང་ཚ་བ་དང་ཡིད་དུ་མི་འོང་བའི་ཚོར་བ་མྱོང་བར་འགྱུར་རོ། །དེ་སྡུག་བསྔལ་གྱིས་ཉམ་ཐག་ནས་སྐྱབས་འདོད་པའི་ཕྱིར་ཐང་ལ་བྱུང་སྟེ། དེ་ཐང་ལ་བྱུང་བ་དང་དེའི་ལས་ལས་སྐྱེས་པའི་གནོད་སྦྱིན་ལྔ་བརྒྱ་བྱུང་ནས། དེ་དག་གིས་ཞག་ལྔ་བརྒྱའི་

བར་དུ་སྟ་རེ་ལྔ་བརྒྱས་རྩིབ་མ་ཞེ་གཅིག་གཅོད་པར་བྱེད་དོ། །དེ་ནས་གང་གི་ཚེ་དེ་དག་གིས་ཐབས་དེ་ལྟ་བུས་དེའི་རྩིབ་མ་ཐམས་ཅད་བཅད་པ་དང་། དེ་ན་ཚ་མི་བཟོད་པས་སྐད་པོ་ཆེ་ཕྱུང་སྟེ། ཕྱིར་ཡང་རྒྱ་མཚོ་ཆེན་པོའི་ནང་དུ་འགྲེས་ནས། འགྲེས་པའི་ཁྲག་གིས་རྒྱ་མཚོ་

ཆེན་པོ་འཁྲུགས་ཤིང་འདྲེས་ལ་ཁྲག་གི་མཚོ་བཞིན་དུ་སྣང་ངོ་། །དེ་དེའི་ནང་དུ་སོང་ནས་ཡང་སྲོག་ཆགས་དེ་དག་གིས་བཟའ་བར་བྱེད་དེ། དེ་ཐང་ལ་བྱུང་ཡང་རུང་ཆུའི་ནང་ན་འདུག་ཀྱང་རུང་སྟེ། སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་ངོ་། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་

ཆེན་པོས་སེམས་ཅན་འདི་ལས་ཅི་ཞིག་བྱས་ན། ལས་དེའི་རྣམ་པར་སྨིན་པས་སྡུག་བསྔལ་འདི་ལྟ་བུ་ཉམས་སུ་མྱོང་ཞིག་གུ་སྙམ་སྟེ། སེམས་པ་ལ་ཞུགས་ནས་དེ་རབ་ཀྱི་མཐའ་ལས་བྱུང་བའི་བསམ་གཏན་གྱི་བར་དུ་སྙོམས་པར་ཞུགས་ཀྱང་དེའི་ཚེ་རབས་ཀྱི་མཐའ་མ་རྟོགས་

ཏེ། དུད་འགྲོའི་ནང་ནས་ཤི་འཕོས་ནས། དུད་འགྲོ་འབའ་ཞིག་ཏུ་སྐྱེས་ཤིང་དེ་ལྟ་བུའི་སྡུག་བསྔལ་རྣམས་རྙེད་པ་ཙམ་ཞིག་ཤེས་པར་ཟད་ནས། དེས་བསམས་པ་བཅོམ་ལྡན་འདས་མ་གཏོགས་པར་འདིའི་ལས་བདག་ལ་ལུང་སྟོན་པར་ནུས་པ་གཞན་སུ་ཞིག་ཡོད་དེ། དེ་ནི་

เล่ม ๗๓ · หน้า 143b

ཡེ་ཤེས་གཟིགས་པ་ཐོགས་པ་མེད་པ་དང་ཡེ་ཤེས་གཟིགས་པ་མཐའ་ཡས་པ་དང་ལྡན་པ་ཡིན་ནོ་སྙམ་ནས། རྒྱ་མཚོའི་འགྲམ་ནས་མི་སྣང་བར་གྱུར་ཏེ་མཉན་དུ་ཡོད་པར་སོང་བ་དང་། དེའི་ཚེ་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་བཞུགས་ཏེ་ཆོས་སྟོན་ཏོ། །དེ་

ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུས་བསམས་པ། འདི་ནི་བདག་གིས་སྐྱེ་བོ་མང་པོ་སྐྱོ་བ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་ལ་ཞུ་བའི་དུས་ཡིན་ནོ་སྙམ་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་

གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ན་བདག་གི་ལུགས་ཀྱིས་དུས་དུས་སུ་སེམས་ཅན་དམྱལ་བར་རྒྱུ་བར་བགྱིད། ཡི་དགས་ཀྱི་ནང་དུ་རྒྱུ་བར་

བགྱིད། དུད་འགྲོའི་ནང་དུ་རྒྱུ་བར་བགྱིད། མིའི་ནང་དུ་རྒྱུ་བར་བགྱིད། ལྷའི་ནང་དུ་རྒྱུ་བར་བགྱིད་དེ། སླར་མཆིས་ནས་སེམས་ཅན་དམྱལ་བ་རྣམས་ཀྱི་གཅད་པ་དང་གཏུབ་པ་དང་བརྡེག་པ་དང་བཙོ་བ་ལ་སོགས་པའི་སྡུག་བསྔལ་གང་ལགས་པ་དེ་དག་མི་རྣམས་ལ་

རྗོད་པར་བགྱིད་ལགས་སོ། །སླར་མཆིས་ནས་ཡི་དགས་རྣམས་ཀྱི་བཀྲེས་པ་དང་སྐོམ་པ་དང་འབར་བ་དང་བསྲེག་པ་དང་བཙོ་བ་ལ་སོགས་པའི་སྡུག་བསྔལ་རྣམས་དང་། དུད་འགྲོ་རྣམས་གཅིག་ལ་གཅིག་ཟ་བ་ལས་གྱུར་པའི་སྡུག་བསྔལ་རྣམས་དང་། མི་རྣམས་ཀྱི་ཚོལ་ཁྲོས་

ཤ་ཐང་བའི་སྡུག་བསྔལ་རྣམས་དང་། ལྷ་རྣམས་ཀྱི་འཆི་འཕོ་དང་ལྟུང་བ་དང་རྣམ་པར་འཐོར་བ་དང་རྣམ་པར་འཇིག་པའི་སྡུག་བསྔལ་གང་ལགས་པ་དེ་དག་མི་རྣམས་ལ་རྗོད་པར་བགྱིད་དེ། རྒྱུ་དེས་ན་དེ་དག་སྐྱོ་བར་འགྱུར་ལ་དེ་ལྟར་སྐྱོ་བར་གྱུར་ནས་ཀྱང་གོང་དུ་ཁྱད་པར་འཐོབ་

པར་འགྱུར་ལགས་སོ། །བཙུན་པ་བདག་དུད་འགྲོའི་ནང་དུ་རྒྱུ་བར་ཆས་ནས་མཉན་དུ་ཡོད་པ་ནས་མི་སྣང་བར་གྱུར་ཏེ། རྒྱ་མཚོའི་འགྲམ་དུ་མཆིས་པ་ལས། བཙུན་པ་བདག་དེ་ན་མཆིས་པ་ན་སེམས་ཅན་ལུས་དཔག་ཚད་ཉིས་སྟོང་ཆིག་བརྒྱ་མཆིས་པ་དེ་ལྟ་བུ་ཞིག་མཐོང་སྟེ། དེ་བས་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด