ལས་བརྒྱ་ཐམ་པ་པ

ชื่อสันสกฤต (อักษรทิเบต ตามตัวบท) ཀརྨ་ཤ་ཏ་ཀ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๗๓ · หน้า 200b

ལག་ཁང་ཞིག་བརྩིགས་ཏེ། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་ལ་ཕུལ་ལོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་དགེ་སློང་ལྔ་བརྒྱ་པོ་འདི་རྣམས་ཀྱིས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་

པས་འདི་རྣམས་ཀྱིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་

གྱི་དབང་ལས་གྱུར་ཏོ། །བཙུན་པ་འདི་རྣམས་ཀྱིས་སྨོན་ལམ་གང་དུ་བཏབ་ལགས། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་

གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་གསུང་རབ་ལ་འདི་དག་ཐམས་ཅད་རབ་ཏུ་བྱུང་ནས། དེར་འདི་རྣམས་ཀྱིས་

ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་པ། འདི་ལྟར་བདག་ཅག་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་རབ་ཏུ་བྱུང་ནས། ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ཅི་ཡང་མ་ཐོབ་ཀྱིས་ཡང་དག་པར་རྫོགས་

པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ། བདག་ཅག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་

ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་ཤོག་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་རབ་ཏུ་བྱུང་བའི་དགེ་སློང་ལྔ་བརྒྱ་པོ་དེ་དག་ནི་དགེ་སློང་ལྔ་བརྒྱ་པོ་འདི་དག་ཉིད་ཡིན་ཏེ། དེ་རྣམས་ཀྱིས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཀར་སྨོན་

เล่ม ๗๓ · หน้า 201a

ལམ་བཏབ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་ཅག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་

ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པ་དེས་ན་དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་ཤུགས་མཉམ་པ་དང་མཛད་པ་མཉམ་པ་དང་ཐབས་མཉམ་པ་བརྙེས་

པར་གྱུར་ནས། འདི་རྣམས་ཀྱིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།ཐོས་པ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་

ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས། ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་

ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཕྱི་ཞིག་ན། དེའི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་མདོག་བཟང་བ་གསེར་གྱི་ཁ་དོག་ཅན། མགོ་བོ་གདུགས་ལྟར་འདུག་པ་ལག་པ་རིང་བ། དཔྲལ་

བའི་དབྱེས་ཆེ་བ། སྣ་མཐོ་བ་སྣ་ལེགས་པ། སྨིན་མ་སྟུག་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་རིགས་དང་འཐུན་པར་མིང་བཏགས་ཏེ། འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུས་བསྐྱེད་བསྲིངས་ནས་རྫིང་གི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་

ཏོ། །དེ་ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ། ཡི་གེ་དང་ཁོང་རྩིས་དང་ཤོད་དགོད་པ་དང་ལག་རྩིས་དང་དབྱུང་བ་དང་སྦ་བ་དང་དགྲམ་པ་དང་གོས་བརྟག་པ་དང་ནོར་བུ་བརྟག་པ་དང་རིན་པོ་ཆེ་བརྟག་པ་དང་སྤོས་བརྟག་པ་དང་སྨན་བརྟག་པ་དང་གླང་པོ་ཆེ་བརྟག་པ་དང་རྟ་

เล่ม ๗๓ · หน้า 201b

བརྟག་པ་དང་གོ་མཚོན་བརྟག་པ་བསླབས་ཏེ། ཡི་གེ་མཁས་པ་དང་ཀློག་མཁས་པ་དང་མཛངས་པ་དང་བྱ་བ་ལ་གསལ་བ་དང་ཡིད་བཞུངས་པ་དང་བརྟག་པ་རྣམ་པ་བརྒྱད་ལ་བྱང་བར་གྱུར་ཏོ། །དེ་ནས་དེའི་ཕས་དེའི་དགུན་ས་དང་སོས་ཀའི་ས་དང་དབྱར་སའི་ཁྱིམ་ཁ་གསུམ་དུ་

བརྩིགས་ཏེ། སྐྱེད་མོས་ཚལ་ཡང་ཁ་གསུམ་དུ་བཅས་ནས་ཆུང་མ་ཆེན་མ་དང་འབྲིང་མ་དང་ཆུན་མ་གསུམ་ཡང་བླངས་ཏེ། དེ་ཁང་བཟངས་ཀྱི་སྟེང་ན་འདུག་ཅིང་བུད་མེད་འབའ་ཞིག་གི་རོལ་མོས་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དེ་རང་གི་བསོད་ནམས་ཀྱི་འབྲས་བུ་མྱོང་ངོ་། །དེ་ནས་

ཕྱི་ཞིག་ན་དེ་དཔྱིད་ཀྱི་དུས་སུ་ཤིང་ལྗོན་པ་མང་པོ་མེ་ཏོག་རྒྱས་ཤིང་། ནེ་ཙོ་དང་རི་སྐེགས་དང་ཁུ་བྱུག་དང་རྨ་བྱ་དང་ཤང་ཤང་ཏེའུ་རྣམས་སྐད་འབྱིན་པའི་སྐྱེད་མོས་ཚལ་གྱི་ནགས་ཁྲོད་དུ་གཡོག་འཁོར་དང་བཅས་པར་དོང་ནས། ཕེག་རྡོབ་པས་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །

བཅོམ་ལྡན་འདས་བགྲོད་པ་གཅིག་པུའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་

མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་སེང་གེའི་སྒྲ་

ཆེན་པོ་སྒྲོགས་པ་རྣམས་ནི་ཆོས་ཉིད་ཀྱིས། ཉིན་དུས་གསུམ་མཚན་དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ལ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད་སུ་ནི་དར་སུ་ནི་ཕོངས་ཤིང་འདུག་སུ་ནི་ཉམ་ང་བར་གྱུར་སུ་ནི་གནོད་པ་དང་ལྡན་སུ་ནི་ཕོངས་པ་དང་ཉམ་

ང་བ་དང་གནོད་པ་དང་ལྡན་སུ་ནི་ངན་སོང་དུ་གཞོལ་སུ་ནི་ངན་སོང་དུ་འབབ་སུ་ནི་ངན་སོང་དུ་བབ་སུ་ནི་ངས་ངན་སོང་ནས་ཕྱུང་སྟེ་མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་

เล่ม ๗๓ · หน้า 202a

ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་དགེ་བའི་རྩ་བ་

རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི་སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ། །རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་

སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་གི་བུ་དེ་གདུལ་བར་བྱ་བའི་དུས་ལ་བབ་པར་དགོངས་ནས། བཅོམ་ལྡན་འདས་ཀྱིས་སྐྱེད་མོས་ཚལ་དེ་དང་ཉེ་བ་ཞིག་ཏུ་སྐྱེད་མོས་ཚལ་གཅིག་

སྤྲུལ་ཏེ། སྐྱེད་མོས་ཚལ་དེར་སྐྱེ་བོ་ཕལ་པོ་ཆེ་ལ་ཚངས་པའི་གསུང་གིས་ཆོས་སྟོན་པར་བརྩམས་སོ། །དེ་ནས་ཁྱིམ་བདག་གི་བུ་དེས་སྐྱེད་མོས་ཚལ་དེ་ནས་བཅོམ་ལྡན་འདས་ཀྱི་གསུང་གི་གདངས་གྲག་པ་ཐོས་སོ། །ཐོས་ནས་ཀྱང་བདག་གིས་སྔན་ཅད་མིར་གྱུར་པའི་སྐད་

ཀྱི་གདངས་འདི་ལྟ་བུ་མ་ཐོས་སོ་སྙམ་སྟེ་ངོ་མཚར་དུ་བཟུང་ནས། བདག་དེར་སོང་ལ་སྐད་ཀྱི་གདངས་འདི་ལྟ་བུ་དང་ལྡན་པ་སུ་ཡིན་པ་བརྟག་གོ་སྙམ་མོ། །དེ་ནས་སྒྲ་གར་གྲག་པ་ལོགས་སུ་སྐྱེད་མོས་ཚལ་ཅིག་ཤོས་ཀྱི་ནང་དུ་སོང་བ་དང་། ཁྱིམ་བདག་གི་བུ་དེ་གཡོག་འཁོར་དང་བཅས་པས་

སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་ཅིང་སྤ་བར་བྱས་པ། མེ་ལུས་ཀྱི་དབྱིབས་སུ་འདུག་པ་ལྟ་བུ། མེ་ལྕེ་མར་གྱིས་བཏབ་པ་ལྟ་བུ། མར་མེ་གསེར་གྱི་སྣོད་དུ་བཞག་པ་ལྟ་བུ། མཆོད་སྡོང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་

པ་ལྟ་བུ། བློ་གསལ་ཞིང་དྲི་མ་མེད་ལ་རྣམ་པར་དག་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ་། །མཐོང་ནས་ཀྱང་མཆོག་ཏུ་དགའ་བ་སྐྱེས་ཏེ། དགེ་བའི་རྩ་བ་བསགས་པའི་རྒྱུ་ལས་བྱུང་བའི་སེམས་ཅན་གྱིས་དང་པོ་སངས་རྒྱས་མཐོང་བའི་ཉམས་བདེ་བ་

เล่ม ๗๓ · หน้า 202b

ཅི་འདྲ་བ་དེ་ལྟ་བུ་ནི་ལོ་བཅུ་གཉིས་ཀྱི་བར་དུ་ཞི་གནས་ཀྱི་སེམས་ལ་གོམས་པར་བྱས་པ་ལ་ཡང་ཉམས་བདེ་བ་དེ་ལྟ་བུ་སྐྱེ་བར་མི་འགྱུར་རོ། །དེ་ལྟར་མཐོང་ནས་ཀྱང་ཁྱིམ་བདག་གི་བུ་དེ་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བ་སྐྱེས་སོ། །དགའ་བ་སྐྱེས་ནས་བཅོམ་ལྡན་འདས་

ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་གི་བུ་དེའི་བསམ་པ་དང་བག་ལ་ཉལ་བ་དང་ཁམས་དང་ཤེས་པ་དང་རང་བཞིན་ཐུགས་སུ་ཆུད་ནས་དེ་དང་འཐུན་པའི་ཆོས་

བསྟན་ཏེ་དེ་ཐོས་ནས། ཁྱིམ་བདག་གི་བུ་དེས་སྟན་དེ་ཁོ་ན་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་

གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན།

བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞོན་ནུ་ཁྱོད་ཀྱིས་ཕ་མ་ལ་བྱས་སམ། བཙུན་པ་མ་བགྱིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞོན་ནུ་སངས་རྒྱས་རྣམས་དང་

སངས་རྒྱས་ཀྱི་ཉན་ཐོས་རྣམས་ནི་ཕ་མས་མ་གནང་བར་རབ་ཏུ་འབྱིན་པར་མི་མཛད་ཀྱིས་ཕ་མ་ལ་གསོལ་ཏེ་ཕྱིར་ཤོག་ཅིག་དང་། དེའི་འོག་ཏུ་ཁྱོད་ཀྱི་སླ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དེ་བཞིན་དུ་འཚལ་ལོ་ཞེས་གསོལ་ནས། ཁྱིམ་བདག་གི་བུ་དེ་ཕ་

མའི་གན་དུ་སོང་སྟེ། སྨྲས་པ་ཡབ་ཡུམ་བདག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བར་གནང་བར་མཛད་དུ་གསོལ་ཞེས་བྱས་སོ། །དེ་ནས་ཕ་མ་གཉིས་ཀྱིས་བསམས་པ་བདག་ཅག་གིས་འདི་བཟློག་མི་ནུས་སོ་སྙམ་ནས་སྨྲས་པ། བུ་གནང་གིས་ཁྱོད་ཀྱིས་གང་གི་ཚེ་ཅུང་

เล่ม ๗๓ · หน้า 203a

ཟད་ཁྱད་པར་འགའ་ཞིག་ཐོབ་པར་གྱུར་པ་དེའི་ཚེ་བདག་ཅག་ལ་ལྟར་ཤོག་ཅིག་ཅེས་བྱས་སོ། །དེ་ནས་དེ་ལྟར་བགྱིའོ་ཞེས་སྨྲས་ནས་ཁྱེའུ་དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བླ་གོས་

ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཕ་མས་གནང་བ་ལགས་ན། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་

ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན་བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་གི་བུ་དེ་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་མཛད་ནས་དེ་ལ་ལུང་ཡང་ཕོག་

གོ། །དེས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ་ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་

སེམས་དང་ལྡན་པ་ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ་རིག་པས་སྒོ་ངའི་སྦུབས་བཅོམ་པ་རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ་སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་

མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེས་དགྲ་བཅོམ་པ་ཉིད་ཐོབ་ནས་ཕ་མ་གཉིས་བདེན་པ་རྣམས་ལ་བཀོད་དེ། སྦྱིན་པ་དང་སྦྱིན་པའི་བགོ་བཤའ་རྣམས་ལ་ཡང་བཙུད་ནས་ཁྱིམ་དེ་ཆུ་དོང་ལྟ་བུར་གྱུར་པར་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་

ལྡན་འདས་ལ་ཞུས་པ། བཙུན་པ་ཁྱིམ་བདག་གི་བུ་འདིས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ནས། བཅོམ་ལྡན་འདས་ཀྱང་འདིས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལ། བཅོམ་ལྡན་

เล่ม ๗๓ · หน้า 203b

འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ནས། འདི་ལྟར་འདི་ཉིད་ལས་བརྟེན་ཏེ་ཁྱིམ་གྱི་ནང་མི་ཐམས་ཅད་ཀྱིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལགས། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །བཙུན་པ་འདིས་སྨོན་ལམ་གང་དུ་བཏབ་ལགས། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་དགུ་བཅུ་རྩ་གཅིག་པ་ལ་སྐྱེ་དགུའི་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་

དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གང་གི་ཚེ་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་

མཛད་ནས། ཤིང་ཟད་པའི་མེ་བཞིན་དུ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ནས་གྲོང་ཁྱེར་གཉེན་ལྡན་གྱི་རྒྱལ་པོས་དེའི་སྐུ་གདུང་གི་མཆོད་རྟེན་བརྩིགས་ཏེ་མཆོད་རྟེན་དེ་ལ་སྲོག་ཤིང་གཟུགས་པར་བསམས་ནས་དེར་སྐྱེ་བོ་ཕལ་པོ་ཆེ་འདུས་

པ་དང་། རྒྱལ་པོ་དེས་སྐྱེ་བོ་མང་པོ་དེ་དག་ལ་བསྒོ་བ་སུ་མཆོད་རྟེན་འདི་ལ་ནོར་མང་དུ་སྐྱེད་པར་བྱེད་པ་དེས་མཆོད་རྟེན་འདི་ལ་སྲོག་ཤིང་ཚུགས་ཤིག་ཅེས་བསྒོའོ། །དེ་ནས་དེའི་ཚེ་ཁྱིམ་བདག་གི་བུ་ཞིག་ས་ཕྱོགས་དེར་ཕྱིན་ནས་ཁྱིམ་བདག་གི་བུ་དེར་རྒྱལ་པོ་དེས་དེ་སྐད་ཅེས་བསྒོ་བ་ཐོས་སོ། །

ཐོས་ནས་ཀྱང་དེའི་བློ་སྐྱེས་པ། བདག་གིས་མཆོད་རྟེན་འདི་ལ་ནོར་ཆེས་མང་དུ་བསྐྱེད་དེ་སྲོག་ཤིང་གཟུགས་པར་བྱ་ན། བདག་ལ་དེ་ཙམ་གྱི་འབྱོར་པ་དག་ནི་མེད་ཀྱིས། མ་ལ་བདག་གིས་ཉེ་དུ་རྣམས་ཀྱི་ཐད་དུ་སོང་ལ་བཙལ་ཏེ་ནོར་བསྐྱེད་པར་བྱའོ་སྙམ་ནས། ཁྱིམ་བདག་གི་བུ་དེས་

ཉེ་དུ་རྣམས་ལ་གསོལ་བ་བཏབ་པ་དང་། དེ་དག་གིས་སྨྲས་པ་བརྟན་པོར་བྱོས་ལ་སྤྲོ་བ་ཆེན་པོ་སྐྱེད་ཅིག་དང་ཁྱོད་ཀྱིས་ནོར་ཇི་ཙམ་དུ་བསྐྱེད་པ་དེ་སྙེད་ངེད་ཀྱིས་ཁྱོད་ལ་སྦྱིན་པར་བྱའོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཁྱེའུ་དེ་དང་རྒྱལ་པོ་དེས་གོང་ནས་གོང་དུ་བསྐྱེད་དེ། གསེར་བྱེ་བ་ཕྲག་དྲུག་ཅུའི་

เล่ม ๗๓ · หน้า 204a

བར་དུ་བསྐྱེད་དོ། །དེ་ནས་རྒྱལ་པོ་དེ་གཞི་དེ་ལས་མི་དགའ་བར་གྱུར་ཏེ། བདག་གིས་བདག་ལ་གནོད་པ་འདི་ལྟ་བུ་འདི་ཅི་དང་ཅི་བྱ་སྙམ་ནས་ཡིད་མི་བདེ་ཞིང་འདུག་གོ། །དེ་ནས་བློན་པོ་རྣམས་ཀྱིས་གསོལ་པ། ལྷ་བརྟན་པོར་མཛོད་ལ་སྤྲོ་བ་ཆེན་པོར་བསྐྱེད་པར་གསོལ།

བདག་ཅག་གིས་ལྷ་ལ་ནོར་དབུལ་བར་འཚལ་ལོ་ཞེས་བྱས་སོ། །ཁྱེའུ་དེ་ལ་ཡང་གཉེན་འདུན་མང་པོ་རྣམས་ཀྱིས་བཀག་སྟེ། རྒྱལ་པོ་འདིའི་ཐུགས་སྲུང་དགོས་ཀྱིས་རྒྱལ་པོ་དང་མ་འགྲན་ཅིག་ཅེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཁྱེའུ་དེས་བཏང་ངོ་། །དེ་ནས་རྒྱལ་པོ་དེ་གཞི་དེ་ལས་

དགའ་བར་གྱུར་ཏེ། ཁྱེའུ་དེ་ལ་ལོངས་སྤྱོད་ཀྱི་ཚོགས་ཆེན་པོ་བྱིན་ནས་མཆོད་རྟེན་དེ་ལ་སྲོག་ཤིང་བཙུགས་ཏེ། རིང་པོ་མ་ཐོགས་པར་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་སོ། །མཆོད་རྟེན་དེ་ལ་བདུག་པ་དང་ཕྱེ་མ་དང་སྤོས་དང་མེ་ཏོག་རྣམས་ཀྱིས་བཀུར་སྟི་བྱས་ཏེ། མཆོད་རྟེན་

དེའི་དུས་སྟོན་གྱི་ལུགས་བཅས་སོ། །དེ་ནས་ཁྱིམ་བདག་གི་བུ་དེས་བསམས་པ། མཆོད་རྟེན་འདི་ལ་བདག་གིས་གསེར་བྱེ་བ་ཕྲག་དྲུག་ཅུ་བསྔོས་པའི་རྫས་འདི་དག་བདག་ཉིད་ཀྱིས་ལོངས་སྤྱད་མི་ཕོད་ཀྱིས་བདག་གིས་མཆོད་རྟེན་འདི་ཉིད་ལ་ཐམས་ཅད་དབུལ་བར་བྱའོ་སྙམ་ནས། ཁྱེའུ་དེ་

ཉེ་དུ་དང་བཅས་པས་མཆོད་རྟེན་དེ་ལ་བཀུར་སྟི་ཆེན་པོ་བྱས་ནས་སྨོན་ལམ་བཏབ་པ་དགེ་བའི་རྩ་བ་འདིས་བདག་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཅིག །གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་ཤོག་ཅིག །སྟོན་པ་

འདི་ལྟ་བུ་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་ཤོག་ཅིག་ཅེས་བྱས་སོ། །དེ་ནས་ཉེ་དུ་མང་པོ་རྣམས་ཀྱིས་དེ་ལ་སྨྲས་པ། བུ་ཁྱོད་ཀྱིས་སྨོན་ལམ་ཇི་

སྐད་བཏབ། དེ་ནས་ཁྱེའུ་དེས་དེ་རྣམས་ལ་ཐམས་ཅད་བསྙད་ནས། ཐོས་མ་ཐག་ཏུ་དེ་རྣམས་ཀྱིས་ཀྱང་སྨོན་ལམ་བཏབ་སྟེ། བདག་ཅག་གིས་ཀྱང་ཁྱོད་ཁོ་ན་ལས་བརྟེན་ཏེ། སྟོན་པ་འདི་ལྟ་བུ་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་

เล่ม ๗๓ · หน้า 204b

དག་ཇི་སྙམ་དུ་སེམས། དེའི་ཚེ་ཁྱིམ་བདག་གི་བུར་གྱུར་པ་གང་ཡིན་པ་དེ་ནི་འདི་ཉིད་ཡིན་ཏེ། དེས་དེར་མཆོད་རྟེན་ལ་བཀུར་སྟི་བྱས་ནས་སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས། གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་

ནས། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ཏེ། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་དང་ཤིན་ཏུ་མཉམ་པ་དང་། ཤུགས་མཉམ་པ་དང་། མཛད་པ་མཉམ་པ་དང་། ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་

པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེའི་ཚེ་ཉེ་དུར་གྱུར་པ་གང་ཡིན་པ་དེ་དག་ནི་ཉེ་དུ་འདི་དག་ཉིད་ཡིན་ཏེ། དེ་དག་གིས་དེར་སྨོན་ལམ་བཏབ་སྟེ། བདག་ཅག་གིས་ཀྱང་

ཁྱོད་ཁོ་ན་ལས་བརྟེན་ནས་སངས་རྒྱས་བཅོམ་ལྡན་འདས་དེ་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །ཅེས་བྱས་པ་དེས་ན་དགེ་སློང་དག་འདི་རྣམས་ཀྱིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་སོ། །ལས་བརྒྱ་ཐམ་པ་ལས་སྡོམ་གྱི་ཚིགས་སུ་བཅད་པ་བཞི་

པ་རྫོགས་སྷོ།། །།སྡོམ་ནི། མི་སྡུག་བདེ་བྱེད་གདོལ་པ་དང་། །རབ་བཟང་དང་ནི་ལྷར་བཅས་གླང་། །སྙིང་རྗེ་བཟང་པོ་གེལ་པོ་དང་། །ནག་པོ་མདའ་ཐོགས་བརྫིས་དང་ཝ། །མི་སྡུག་པ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཡུལ་གར་ག་ཞེས་བྱ་བར་ལྗོངས་རྒྱུ་

ཞིང་གཤེགས་པ་ལས། ཤི་ཤུ་མ་རིའི་རི་ལ་བྱོན་ནས། ཤི་ཤུ་མ་རིའི་རི་འཇིགས་བྱེད་ཀྱི་ཚལ་རི་དགས་ཀྱི་ནགས་ན་བཞུགས་སོ། །དེའི་ཚེ་ཤི་ཤུ་མ་རིའི་རི་ལ་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ།

རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཕྱི་ཞིག་ན། དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དགུའམ་བཅུ་ལོན་པ་དང་ཁྱེའུ་མི་སྡུག་པའི་སྣ་གྲངས་བཅྭ་བརྒྱད་དང་ལྡན་

เล่ม ๗๓ · หน้า 205a

པ་ཞིག་བཙས་ནས། དེ་མཐོང་མ་ཐག་ཏུ་ཕ་མ་གཉིས་སྡུག་བསྔལ་ཆེན་པོ་དང་ལྡན་པར་གྱུར་ཏེ། བདག་ཅག་གཉིས་ཀྱི་བུ་བཙས་ནས་ཀྱང་འདི་ཁོ་ན་ལྟ་བུར་སྐྱོན་ཅན་དུ་གྱུར་ན། འདི་འདྲ་བ་ཅི་དགོས་ཀྱིས་འདི་ནི་ཤི་ཡང་སླས་ཕྱེམ་རེད་ནམ་སྲོས་པ་དང་ཁྱི་རྣམས་ལ་

སྦྱིན་ནོ་སྙམ་མོ། །དེ་ནས་ཁྱིམ་བདག་གི་ཆུང་མས་སྨྲས་པ། མི་གསོད་པ་ནི་འཇིག་རྟེན་ན་དམད་པའི་སྟེང་དུ། སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བའི་ལས་བྱས་པར་འགྱུར་གྱིས་དེ་ལྟར་མི་བགྱིས་པར། བུ་འདི་དེ་ལྟར་སྐྱོན་ཅན་དུ་གྱུར་གྱིས་ཀྱང་འདི་བདག་གིས་དབེན་པའི་ཕྱོགས་

ཤིག་ཏུ་གསོས་ལ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ། ཁྱིམ་ནས་བསྐྲད་དེ་བཏང་བ་དང་འདི་འཚོ་བ་ངན་ངོན་ཚོལ་བར་འགྱུར་རོ་ཞེས་བྱས་ནས། དེ་གཉིས་ཀྱིས་ཁྱེའུ་དེ་དབེན་པའི་ཕྱོགས་ཤིག་ཏུ་གསོས་སོ། །དེ་ནས་དེ་ཆེར་སྐྱེས་པ་དང་དེའི་མིང་མི་སྡུག་པ་ཞེས་བཏགས་སོ། །དེ་ནས་

དེ་ཁྱིམ་ནས་བསྐྲད་དེ་བཏང་ནས། དེ་བཀྲེས་ཤིང་སྐོམ་པས་ལུས་རིད་པར་གྱུར་ནས་འཁར་བ་དང་སྣོད་ཐོགས་ཏ་སློང་བ་ལ་ཞུགས་སོ། །དེ་ནས་དེ་གང་གི་ཁྱིམ་སྒོའམ་ཟོང་བཞག་པའི་སའམ་ཚོང་ཁང་དུ་འོངས་པ་དེར་གྲོང་མིའི་བྱིས་པ་རྣམས་ཀྱིས་དེ་ལ་ཁུ་ཚུར་དང་ཐལ་ལྕག་དང་དབྱིག་པ་

དང་བོང་བ་རྣམས་ཀྱིས་བརྡེགས་ཏེ། འདྲེ་འོངས་སོ་ཞེས་ཟེར་ཞིང་སྐྲོད་པར་བྱེད་དོ། །དེ་ནས་དེ་སྡུག་བསྔལ་ཆེན་པོ་སྐྱེས་ཏེ། བདག་གིས་ལས་མི་དགེ་བ་ཅི་ཞིག་བྱས་ན། ལས་དེའི་རྣམ་པར་སྨིན་པས་བདག་གིས་སྡུག་བསྔལ་འདི་ལྟ་བུ་མྱོང་བར་གྱུར་ཞིག་གུ། བདག་གྲོང་ཁྱེར་ན་

གནས་པ་བཏང་ལ་གྲོང་ཁྱེར་ནས་བྱུང་སྟེ། སྐྱེད་མོས་ཚལ་དེ་དང་དེ་དག་ཏུ་སོང་ལ་སློངས་མོ་བྱས་ཀྱང་དེར་བདག་གིས་ལྟོ་གང་ཙམ་རྙེད་གྲང་སྙམ་ནས་གྲོང་ཁྱེར་ནས་བྱུང་སྟེ། སྐྱེད་མོས་ཚལ་དེ་དང་དེ་དག་ཏུ་རྒྱུ་བ་ལ་ཞུགས་ནས། དེར་ཡང་དེ་ལ་འདྲེ་ཡིན་ནོ་སྙམ་ནས་དེ་དག་གིས་ཁུ་

ཚུར་དང་ཐལ་ལྕག་དང་དབྱུག་པ་དང་བོང་བ་རྣམས་ཀྱིས་བརྡེགས་ནས་སྐྲོད་པར་བྱེད་དོ། །དེ་ནས་དེ་བརྡེགས་པས་འཇིགས་ཤིང་སྐྲག་ལ་མིས་འཇིགས་ཤིང་སྐྲག་ནས། ཚང་ཚིང་དག་གི་ནང་དུ་ཞུགས་ཏེ་ཉིན་མོ་ཟད་པར་བྱེད་ལ། ཉི་མ་ནུབ་པའི་འོག་ཏུ་སྐྱེད་མོས་ཚལ་དེ་དང་དེ་དག་

เล่ม ๗๓ · หน้า 205b

ཏུ་སོང་ནས་དེ་དག་ཏུ་ཁ་ཟས་བྲུལ་བ་གང་ཡིན་པ་དེ་དག་ཙམ་གྱིས་འཚོ་བར་བྱེད་དོ། །སྲིད་པ་ཐ་མ་པའི་སེམས་ཅན་བར་མ་དོར་འཆི་བ་ནི་གནས་མེད་ཅིང་སྐབས་མེད་དོ། །དེས་དེར་སྲོག་ཟུངས་ཅུང་ཟད་ཙམ་དག་རྙེད་དོ། །སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་པུའི་ལམ་སྟོན་

པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ་མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་

ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ་རྣམས་ནི་ཆོས་ཉིད་ཀྱིས་ཉིན་དུས་གསུམ་མཚན་

དུས་གསུམ་སྟེ་ཉིན་མཚན་དུས་དྲུག་ཏུ། སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད་སུ་ནི་དར་སུ་ནི་ཕོངས་ཤིང་འདུག་སུ་ནི་ཉམ་ང་བར་གྱུར་སུ་ནི་གནོད་པ་དང་ལྡན་སུ་ནི་ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན་སུ་ནི་ངན་སོང་དུ་གཞོལ་སུ་ནི་ངན་སོང་དུ་འབབ་

སུ་ནི་ངན་སོང་དུ་བབ་སུ་ནི་ངས་ངན་སོང་ནས་ཕྱུང་སྟེ། མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལ་གནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་

གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི་སངས་རྒྱས་

བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ། །རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་

เล่ม ๗๓ · หน้า 206a

བཅོམ་ལྡན་འདས་ཀྱིས་ཁྱེའུ་མི་སྡུག་པ་གདུལ་བའི་དུས་ལ་བབ་པར་དགོངས་ནས་འགོག་པའི་སྙོམས་པར་ཞུགས་ཏེ། འགོག་པའི་སྙོམས་པར་ཞུགས་པ་ལས་བཞེངས་ནས། དེ་ཁོ་ན་གདུལ་བའི་ཕྱིར་སངས་རྒྱས་ཉིད་དེ་བས་ཀྱང་ཆེས་མི་སྡུག་པ་ཞིག་ཏུ་

སྤྲུལ་ཏེ། བཟའ་བ་དང་བཅའ་བས་གྱོ་མོ་བཀང་ནས་ས་ཕྱོགས་གང་ན་ཁྱེའུ་མི་སྡུག་པ་འདུག་པའི་ས་ཕྱོགས་དེར་གཤེགས་སོ། །དེ་ནས་ཁྱེའུ་མི་སྡུག་པས་ཐག་རིང་པོ་ཞིག་ནས་བཅོམ་ལྡན་འདས་མཐོང་ངོ་། །མཐོང་ནས་ཀྱང་བྲོས་ཏེ་འདི་ཡང་འོངས་པ་དང་བདག་ལ་རྡེག་ཏུ་

འོང་ངོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཅི་ནས་དེ་འབྲོས་མི་ནུས་པ་དེ་ལྟ་བུར་བྱིན་གྱིས་བརླབས་སོ། །དེ་ཡང་བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས་ལྟ་འདོད་པར་གྱུར་ཏེ། འདི་ལྟ་བུ་སུ་ཡིན་པ་དེ་རེ་ཞིག་བལྟའོ་སྙམ་ནས་ཕྱིར་ལོག་སྟེ། ཁྱེའུ་མི་སྡུག་པས་སྤྲུལ་པ་

མཆོག་ཏུ་མི་སྡུག་པ་དེ་མཐོང་ནས་མཐོང་མ་ཐག་ཏུ་དེའི་བློ་སྐྱེས་པ། འདི་ཁོ་ན་འདྲ་བ་ཁྱོད་སུ་ཞིག་ཅེས་དྲིའོ་སྙམ་ནས་སངས་རྒྱས་ཀྱི་སྤྲུལ་པ་དེ་ག་ལ་བ་དེར་སོང་བ་དང་སངས་རྒྱས་ཀྱི་སྤྲུལ་པས་ཁྱེའུ་མི་སྡུག་པ་མཐོང་ནས། འབྲོས་པ་ལྟར་བྱས་པ་དང་ཁྱེའུ་མི་སྡུག་པ་དེས་སྨྲས་པ།

གྲོགས་པོ་ཁྱོད་ཀྱིས་བདག་མཐོང་ན་ཅི་ཕྱིར་འབྲོས་སངས་རྒྱས་ཀྱི་སྤྲུལ་པས་སྨྲས་པ། གྲོགས་པོ་བདག་ནི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་ལུས་འདི་ལྟ་བུར་གྱུར་ཏེ། ཁྱོད་ཀྱིས་བདག་ལ་འདྲེ་ཡིན་ནོ་སྙམ་སྟེ་བརྡེགས་སུ་དོགས་ནས་བདག་གིས་ཁྱོད་མཐོང་ནས་འབྲོས་སོ། །

ཁྱེའུ་མི་སྡུག་པས་སྨྲས་པ། གྲོགས་པོ་བདག་ཀྱང་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་འདི་ལྟར་མི་སྡུག་པར་གྱུར་ཏེ། བདག་མི་སྡུག་པའི་ཕྱིར་ཕ་མས་ཁྱིམ་ནས་བསྐྲད་དེ། བདག་སློངས་མོ་ལ་གང་དང་གང་དུ་འགྲོ་བ་དེ་དང་དེར་ཁུ་ཚུར་དང་ཐལ་ལྕག་དང་དབྱིག་པ་དང་བོང་

བ་དག་གིས་བརྡེགས་ཤིང་བསྐྲད་དེ། བདག་མིས་བརྡེགས་པས་འཇིགས་ཤིང་སྐྲག་ནས་ཚང་ཚིང་འདིའི་ནང་དུ་ཞུགས་ཏེ་འདུག་གིས་ཁྱོད་ཀྱང་ཚུར་ཤོག་དང་ལྷན་ཅིག་འགྲོགས་ཏེ་རྒྱུ་བར་བྱའོ། །དེ་ནས་སྤྲུལ་པ་དེས་དེ་ལྟར་བྱའོ་ཞེས་སྨྲས་ནས། དེ་ཉིད་དུ་འདུག་སྟེ་དེས་དེ་ལ་

เล่ม ๗๓ · หน้า 206b

ཁ་ཟས་ཀྱི་བགོ་བཤའ་བྱས་ནས། དེ་ཟོས་ཏེ་འགྲངས་ཤིང་ངོམས་ལ་དབང་པོ་བརྟས་ནས་སྤྲུལ་པ་དེ་ལ་སེམས་དགའ་བར་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་མི་སྡུག་པའི་གཟུགས་མི་སྣང་བར་མཛད་དེ། རང་བཞིན་གྱི་སྐུ་བསྟན་ནས་ཁྱེའུ་མི་སྡུག་པས་བཅོམ་ལྡན་འདས་

སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་ཅིང་སྤ་བར་བྱས་པ། མེ་ལུས་ཀྱི་དབྱིབས་སུ་འདུག་པ་ལྟ་བུ་མེ་ལྕེ་མར་གྱིས་བཏབ་པ་ལྟ་བུ། མར་མེ་གསེར་གྱི་སྣོད་དུ་བཞག་པ་ལྟ་བུ། མཆོད་སྡོང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ལྟ་བུ། བློ་གསལ་ཞིང་དྲི་མ་

མེད་ལ་རྣམ་པར་དག་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ་། །མཐོང་ནས་ཀྱང་མཆོག་ཏུ་དགའ་བ་སྐྱེས་ཏེ། དགེ་བའི་རྩ་བ་བསགས་པའི་རྒྱུ་ལས་བྱུང་བའི་སེམས་ཅན་གྱིས་དང་པོ་སངས་རྒྱས་མཐོང་བའི་ཉམས་བདེ་བ་ཇི་འདྲ་བ་དེ་ལྟ་བུ་ནི། ལོ་བཅུ་གཉིས་ཀྱི་བར་དུ་

ཞི་གནས་ཀྱི་སེམས་ལ་གོམས་པར་བྱས་པ་ལ་ཡང་ཉམས་བདེ་བ་དེ་ལྟ་བུ་སྐྱེ་བར་མི་འགྱུར་ཏེ། དེ་ལྟར་མཐོང་ནས་ལྷག་པར་ཡང་བཅོམ་ལྡན་འདས་ལ་དགའ་བར་གྱུར་ཏེ། དེ་དགའ་བར་གྱུར་ནས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་ཕྱོགས་གཅིག་ཏུ་འདུག་

གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་བག་ལ་ཉལ་དང་ཁམས་དང་ཤེས་པ་དང་རང་བཞིན་ཐུགས་སུ་ཆུད་ནས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེ་ནས་ཁྱེའུ་མི་སྡུག་པ་སྟན་དེ་ཉིད་ལ་འདུག་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ་དེས་བདེན་པ་

མཐོང་ནས་བསམས་པ། གལ་ཏེ་བདག་གིས་ལུས་འདི་ལྟ་བུར་མ་གྱུར་དུ་ཟིན་ན་བདག་ཀྱང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་ཞིང་ཆུ་བོ་རྣམས་ལས་བརྒལ་བར་བྱ་བ་དང་སྦྱོར་བ་རྣམས་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་བརྩོན་པ་དང་བསྒྲུབ་པ་དང་འབད་པར་བྱ་

བ་ཞིག་སྙམ་མོ། །དེ་ནས་རབ་ཏུ་འབྱུང་བའི་སེམས་བསྐྱེད་མ་ཐག་ཏུ་ཁྱེའུ་དེའི་མི་སྡུག་པ་མེད་པར་གྱུར་ནས་བྱད་གཟུགས་བཟང་པོར་གྱུར་ཏེ། ཁ་དོག་རྒྱས་པ་མཆོག་དང་ལྡན་པར་གྱུར་ཏོ། །དེ་ནས་དེ་ལྷག་པར་ཡང་བཅོམ་ལྡན་འདས་ལ་དགའ་བར་གྱུར་ནས་སྟན་ལས་ལངས་ཏེ་

เล่ม ๗๓ · หน้า 207a

བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་ཤིང་

དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན་བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་མཛད་ནས་དེ་ལ་ལུང་ཡང་ཕོག་གོ། །དེས་ཀྱང་བརྩོན་

པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་

ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ་རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་

ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་མི་སྡུག་པས་ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ལ། མི་སྡུག་

པའི་སྣ་གྲངས་བཅྭ་བརྒྱད་དང་ལྡན་པར་གྱུར་ནས། འདི་མི་སྡུག་པའི་ཕྱིར་ཕ་མ་གཉིས་ཀྱིས་ཁྱིམ་ནས་བསྐྲད་ལ། རབ་ཏུ་བྱུང་བའི་སེམས་བསྐྱེད་མ་ཐག་ཏུ་དེའི་མི་སྡུག་པ་མ་མཆིས་པར་གྱུར་ཏེ། བྱད་གཟུགས་བཟང་པོར་གྱུར་ནས་འདིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཤིང་། མི་

མཉེས་པར་མ་བགྱིས་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མི་སྡུག་པ་ཉིད་ཀྱིས་ལས་དེ་ལྟ་བུ་བྱས་ཤིང་བསགས་

เล่ม ๗๓ · หน้า 207b

ཏེ་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་རི་ཁྲོད་ཀྱི་གྲོང་ཞིག་ན། ཁྱིམ་བདག་སེར་སྣ་ཅན་འཇུངས་པ་ཡོ་བྱད་ཀུན་དུ་འཛིན་པ་ཞིག་གནས་པ་ལས་ཕྱི་ཞིག་ན་དེ་ཁྱིམ་ན་འདུག་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་མི་བཞུགས་པའི་ཚེ། རང་སངས་རྒྱས་རྣམས་འཇིག་

རྟེན་དུ་འབྱུང་སྟེ། རང་སངས་རྒྱས་ཤིག་ཁྱིམ་བདག་དེའི་ཁྱིམ་དུ་བསོད་སྙོམས་ལ་འོངས་ནས། ཁྱིམ་བདག་དེས་དེ་ལ་བསོད་སྙོམས་ཕུལ་བ་ལས་བསོད་སྙོམས་ཕུལ་བའི་འོག་ཏུ་འགྱོད་པ་སྐྱེས་ཏེ། བདག་གིས་ཟས་འདི་དགེ་སྦྱོང་མགོ་རེག་ལས་མེད་པ་འདི་ལ་བྱིན་པ་བས་ནི་ཚལ་

ཟའམ་ལས་བྱེད་པ་ལ་བྱིན་དང་རུང་བ་ཞིག་སྙམ་སྟེ། དེ་འགྱོད་པར་གྱུར་པས་ཁ་ཟས་དེ་ཕྱིར་ཕྲོགས་ནས་ལུས་དང་ངག་གི་ལས་ཚུལ་མི་སྡུག་པ་ཐོ་བཙམས་ཏེ་ཁྱིམ་ནས་བསྐྲད་དོ། །དེ་ནས་རང་སངས་རྒྱས་དེས་བསམས་པ་ཉོན་མོངས་པ་འདི་ནི་དམས་ཤིང་ཉམས་པར་གྱུར་ཏེ།

གཏན་དུ་དམས་པར་གྱུར་ན་མི་རུང་གིས་འདིའི་ར་མདའ་བྱ་དགོས་སོ་སྙམ་ནས་སྟེང་གི་ནམ་མཁའ་ལ་འཕགས་ཏེ། འབར་བ་དང་ལམ་མེར་འདུག་པ་དང་ཆར་པ་འབབ་པ་དང་གློག་འགྱུ་བའི་ཆོ་འཕྲུལ་རྣམས་བསྟན་ཏོ། །སོ་སོའི་སྐྱེ་བོ་རྣམས་ནི་རྫུ་འཕྲུལ་གྱིས་མྱུར་དུ་དད་པར་བྱེད་

དེ། དེ་ཤིང་ལྗོན་པ་སོག་ལེས་བཅད་པ་བཞིན་དུ་ཞབས་ལ་ཕྱག་འཚལ་ནས་སྨྲས་པ། སྐལ་བ་ཆེན་པོ་དང་ལྡན་པ་མར་གཤེགས། བདག་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བའི་ལག་ནས་དྲང་དུ་གསོལ་ཞེས་བྱས་སོ། །རང་སངས་རྒྱས་དེ་ཡང་དེ་ཁོ་ན་ལ་སྙིང་བརྩེ་

བའི་ཕྱིར། ས་ལ་བབས་ནས་དེས་རྐང་པ་ལ་ཕྱག་འཚལ་ཏེ། བཟོད་པ་གསོལ་ནས། ཡང་བསོད་སྙོམས་ཕུལ་ཏེ་སྨོན་ལམ་བཏབ་པ། འདི་ལྟར་བདག་གིས་ཡོན་གནས་འདི་ལྟ་བུ་ལ་གནོད་པ་བྱས་པའི་ལས་འདིའི་སྐལ་བ་ཅན་དུ་བདག་མ་གྱུར་ཅིག །འདི་ལྟར་བདག་གིས་

ཕྱིར་ཡང་བཀུར་སྟི་བྱས་པའི་དགེ་བའི་རྩ་བ་འདིས་ན་བདག་གང་དང་གང་དུ་སྐྱེ་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཅིག །འདི་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་

เล่ม ๗๓ · หน้า 208a

གྱུར་ཅིག །ཡོན་ཏན་འདི་ལྟ་བུ་དག་ཀྱང་ཐོབ་པར་གྱུར་ཅིག །གལ་ཏེ་སྡིག་པའི་ལས་འདིའི་འབྲས་བུ་གདོན་མི་ཟ་བར་བདག་ལ་སྨིན་པར་གྱུར་ན་ཡང་རབ་ཏུ་འབྱུང་བའི་སེམས་བསྐྱེད་མ་ཐག་ཏུ་བདག་གི་མི་སྡུག་པ་མེད་པར་གྱུར་ཏེ་བྱད་གཟུགས་བཟང་པོར་གྱུར་ཅིག་

ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཁྱིམ་བདག་ཏུ་གྱུར་པ་གང་ཡིན་པ་དེ་ནི་མི་སྡུག་པ་འདི་ཁོ་ན་ཡིན་ཏེ། དེས་དེར་རང་སངས་རྒྱས་ལ་བསོད་སྙོམས་ཕུལ་བའི་འོག་ཏུ་ཕྱིར་ཕྲོགས་ཏེ་ལུས་དང་ངག་གི་ལས་ཚུལ་མི་སྡུག་པས་ཐོ་བཙམས་ནས། ཁྱིམ་ནས་

བསྐྲད་པའི་ལས་དེའི་རྣམ་པར་སྨིན་པས་ནི་གང་དང་གང་དུ་སྐྱེས་པ་དེ་དང་དེར་མི་སྡུག་པར་གྱུར་ཏེ་ཁྱིམ་ནས་བསྐྲད་དོ། །དེས་རང་སངས་རྒྱས་ལ་ཕྱིར་ཡང་བསོད་སྙོམས་ཕུལ་ནས་སྨོན་ལམ་བཏབ་སྟེ། གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་

སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཅིག །འདི་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །ཡོན་ཏན་འདི་ལྟ་བུ་དག་ཀྱང་ཐོབ་པར་གྱུར་ཅིག་ཅེས་བྱས་པའི་ལས་དེའི་རྣམ་པར་སྨིན་པས་ནི་གང་དང་གང་

དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། དགེ་སློང་དག་ང་རང་སངས་རྒྱས་བྱེ་བ་ཕྲག་འབུམ་བས་ཀྱང་ཆེས་ལྷག་པར་ཁྱད་པར་དུ་འཕགས་པ་ང་ལྟ་བུ་འདིས་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་

བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་འདི་རབ་ཏུ་བྱུང་ནས། དེས་འདིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་

སྟེ། འདི་ལྟར་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ནས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ཅི་ཡང་མ་ཐོབ་ཀྱིས། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་

เล่ม ๗๓ · หน้า 208b

པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པ་དེས་ན།

དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་ཤུགས་མཉམ་པ་དང་མཛད་པ་མཉམ་པ་དང་ཐབས་མཉམ་པ་བརྙེས་པར་གྱུར་ནས། འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་

ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།ལས་བརྒྱ་ཐམ་པ། བམ་པོ་བཅྭ་བརྒྱད་པ། བདེ་བྱེད་ཅེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་རྒྱལ་པོ་གསལ་རྒྱལ་རྒྱལ་པོ་བྱེད་དོ། །གྲོང་ཁྱེར་བཱ་རཱ་ཎ་

སཱི་ན་ནི་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་རྒྱལ་པོ་བྱེད་དེ་དེ་གཉིས་ཕན་ཚུན་མི་འཐུན་པར་གྱུར་ནས་དུས་དུས་སུ་སྐྱེ་བོ་མང་པོ་ཁ་འདོག་པར་བྱེད་དོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོ་ཚངས་པས་བྱིན་གྱི་དཔུང་གི་ཚོགས་ཡན་ལག་བཞི་སྟེ། གླང་པོ་ཆེའི་ཚོགས་དང་རྟའི་ཚོགས་དང་

ཤིང་རྟའི་ཚོགས་དང་དཔུང་བུ་ཆུང་གི་ཚོགས་རྣམས་གོ་བསྐོན་ནས། གཡུལ་འགྱེད་པའི་ཕྱིར་རྒྱལ་པོ་གསལ་རྒྱལ་གྱི་ཐོག་ཏུ་དྲངས་ཏེ། ཆུ་ཀླུང་ཁང་ལྡན་གྱི་འགྲམ་དུ་ཕྲུ་མ་བཏབ་སྟེ་འདུག་གོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་ཡུལ་ཀཱ་ཤིའི་རྒྱལ་པོ་ཚངས་པས་བྱིན་གྱིས་

དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ནས། གཡུལ་འགྱེད་པའི་ཕྱིར་བདག་གི་ཐོག་ཏུ་དྲངས་ཏེ། དེས་ཆུ་ཀླུང་ཁང་ལྡན་གྱི་འགྲམ་དུ་ཕྲུ་མ་བཏབ་སྟེ་འདུག་གོ་ཞེས་ཐོས་ནས། ཐོས་མ་ཐག་ཏུ་དེས་ཀྱང་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ནས། གཡུལ་འགྱེད་

པའི་ཕྱིར་རྒྱལ་པོ་ཚངས་པས་བྱིན་གྱི་སྟེང་དུ་དྲངས་ཏེ། དེས་ཀྱང་ཆུ་ཀླུང་ཁང་ལྡན་གྱི་འགྲམ་དུ་ཕྲུ་མ་བཏབ་སྟེ་འདུག་ནས། དེ་གཉིས་དེ་ན་འདུག་ཅིང་དུས་དུས་སུ་སྐྱེ་བོ་མང་པོ་ཁ་འདོག་པར་བྱེད་དེ། དེ་གཉི་ག་ཡང་མཐུ་ཆེ་བས་གཅིག་གིས་གཅིག་མི་ཐུབ་སྟེ། དེ་གཉིས་

เล่ม ๗๓ · หน้า 209a

དེར་ཡུན་རིང་མོ་ཞིག་ལོན་ནོ། །དེ་ནས་ཕྱི་ཞིག་ན་དེ་ན་དེ་འཁོད་བཞིན་དུ་རྒྱལ་པོ་ཚངས་པས་བྱིན་གྱི་བཙུན་མོ་ལ་བུ་ཆགས་པར་གྱུར་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེ་བཙས་མ་

ཐག་ཏུ་ཕོ་བྲང་འཁོར་དེར་ཀུན་དགའ་བའི་རོལ་མོའི་སྒྲ་བསྒྲགས་སོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་རྒྱལ་པོ་ཚངས་པས་བྱིན་གྱི་བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་སོ་ཞེས་ཐོས་ནས། ཐོས་མ་ཐག་ཏུ་དགའ་བར་གྱུར་ཏེ། ཚངས་པས་བྱིན་དང་

གཉེན་དུ་བྱས་པའི་ཐབས་བདག་གིས་རྙེད་དོ། །བུ་མོ་དེ་ལ་བརྟེན་ཏེ་འདི་དང་བདག་འཁོན་མེད་པར་བྱའོ་སྙམ་བསམས་ནས། རྒྱལ་པོ་གསལ་རྒྱལ་གྱིས་རྒྱལ་པོ་ཚངས་པས་བྱིན་ལ་ཕོ་ཉ་བཏང་སྟེ། གྲོགས་པོ་འཁོན་མེད་པར་བྱའོ། །བུ་མོ་འདི་ལས་བརྟེན་ཏེ་བདག་ཅག་

འཁོན་མེད་པར་བྱ་ཡིས། བུ་མོ་འོ་ནི་བདག་གི་ཆུང་མར་བྱིན་ཅིག་ཅེས་བྱས་སོ། །དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་དེ་ཐོས་མ་ཐག་ཏུ་དགའ་བར་གྱུར་ཏེ་བསམས་པ། འདི་དང་བདག་གིས་དུས་དུས་སུ་སྐྱེ་བོ་མང་པོ་ཁ་འདོག་པར་བྱེད་ཀྱིས་བུ་མོ་དེ་ལ་བརྟེན་ཏེ། འདི་

དང་འཁོན་མེད་པར་བྱའོ་སྙམ་བསམས་ནས། དེས་ཀྱང་དེ་ལ་ཕོ་ཉའི་ལན་བཏང་སྟེ། ཁྱོད་ཇི་ལྟར་དགའ་བ་དེ་བཞིན་དུ་བྱའོ་ཞེས་བྱས་ནས། མཇལ་དུམ་བྱས་ཏེ། མགུལ་ནས་འཁྱུད་ནས་བུ་མོ་སྦྱིན་པར་བྱས་ཏེ་རང་གི་ཡུལ་དུ་སོང་ངོ་། །དེ་རང་གི་ཡུལ་དུ་སོང་བ་དང་

བུ་མོ་འདིའི་བཙས་སྟོན་བྱས་ནས། བུ་མོ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོག་པར་བྱེད་དེ། བུ་མོ་འདི་བཙས་པ་ན་ཡུལ་ཁམས་གཉིས་བདེ་བར་གྱུར་པས་ན་བུ་མོ་འདིའི་མིང་བདེ་བྱེད་མ་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་བུ་མོ་བདེ་བྱེད་མ་འོ་མ་དང་ཞོ་དང་མར་དང་ཞུན་

མར་དང་མར་གྱི་ཉིང་གུས་བསྐྱེད་བསྲིངས་སོ། །འདོད་པ་རྣམས་ནི་ཚྭ་ཆུ་དང་མཚུངས་ཏེ་ཇི་ཙམ་དུ་བརྟེན་པ་དེ་ཙམ་དུ་རབ་ཏུ་འཕེལ་བར་འགྱུར་རོ། །དེ་ནས་ཕྱི་ཞིག་ན་ཡང་རྒྱལ་པོ་ཚངས་པས་བྱིན་གྱི་བཙུན་མོ་ལ་བུ་ཆགས་པར་གྱུར་ནས། དེ་ཟླ་བ་དགུའམ་བཅུ་ལོན་

เล่ม ๗๓ · หน้า 209b

པ་དང་བུ་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ་དེའི་བཙས་སྟོན་ཡང་རྒྱས་པར་བྱས་ནས། ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོག་པར་བྱེད་དེ། ཁྱེའུ་འདི་སྲིང་མོ་བདེ་བྱེད་མའི་འོག་ཏུ་བཙས་པས་ན། ཁྱེའུ་འདིའི་མིང་བདེ་བྱེད་ཅེས་

གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་བདེ་བྱེད་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུས་བསྐྱེད་བསྲིངས་ནས་མཚོའི་ནང་གི་པད་མ་ལྟར་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་དེ་གཉིས་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་བུ་མོ་བདེ་བྱེད་མ་དང་ཁྱེའུ་བདེ་བྱེད་གཉིས་ཤིན་ཏུ་

མཛའ་བར་གྱུར་ཏེ། སྐད་ཅིག་ཙམ་ཡང་གཅིག་མེད་པར་གཅིག་འདུག་མི་ཕོད་དོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོ་གསལ་རྒྱལ་གྱིས་རྒྱལ་པོ་ཚངས་པས་བྱིན་ལ་ཕོ་ཉ་བཏང་སྟེ། བུ་མོ་བུ་ལ་བླང་ངོ་ཞེས་སྤྲིང་ངོ་། །དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་ཀྱང་ཐོས་མ་ཐག་ཏུ།

རྒྱལ་པོ་གསལ་རྒྱལ་ལ་ཕོ་ཉའི་ལན་བཏང་སྟེ། འདི་ལ་ཐོགས་པ་ཅི་ཡང་མེད་ཀྱིས་ཆེ་གེ་མོ་ཞིག་གི་ཉིན་པར་ཤོག་ཅིག་ཅེས་བྱས་སོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་ཀྱང་དེ་ལྟར་བྱའོ་ཞེས་བྱས་ནས། འབྱོར་པ་ཆེན་པོ་དང་རྒྱལ་པོའི་མཐུ་ཆེན་པོ་དང་ལྡན་པས་ཡུལ་

ཀཱ་ཤིར་སོང་ནས། རྒྱལ་པོ་ཚངས་པས་བྱིན་གྱིས་ཁྱིམ་པ་རྣམས་ཀྱི་ཁྱིམ་པའི་ཆོས་གང་ཡིན་པ་དེ་བཞིན་དུ་བྱས་ནས་བུ་མོ་བྱིན་ནོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་བུ་མོ་ཁྱེར་ཏེ་རང་གི་ཡུལ་དུ་ཆས་སོ། །དེ་ནས་ཁྱེའུ་བདེ་བྱེད་ཀྱིས་ཕ་མ་ལ་སྨྲས་པ། ཆེ་ཞེ་བདེ་བྱེད་མ་

མཆིས་པར་བདག་མཆི་མི་ཕོད་ཀྱིས་བདག་ཀྱང་འདི་དང་ལྷན་ཅིག་མཆིའོ་ཞེས་བྱས་ནས། རྒྱལ་པོ་ཚངས་པས་བྱིན་གྱིས་འདི་སྐད་ཅེས་སྨྲས་སོ། །བུ་ཁྱོད་ནི་ངའི་བུ་གཅིག་པ་སྡུག་ཅིང་ཕངས་པ་རྒྱལ་ཚབ་ཡིན་ཏེ་ང་འདས་པའི་འོག་ཏུ་རྒྱལ་པོ་བྱ་དགོས་སོ། །དེ་བས་ན་ཁྱོད་

ཡུལ་གཞན་དུ་འགྲོར་མི་རུང་ངོ་ཞེས་བྱས་ཏེ། དེ་རྒྱལ་པོས་ལན་མང་དུ་བཀག་ཀྱང་དགག་མ་ནུས་སོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་སྨྲས་པ། ལྷ་བདག་གིས་འདི་མིང་སྲིང་གཉིས་བསྐྱང་བར་བགྱིས་མཆི་ཡང་མི་དངོའོ་ཞེས་བྱས་སོ། །དེ་ནས་རྒྱལ་པོ་ཚངས་པས་བྱིན་

เล่ม ๗๓ · หน้า 210a

གྱིས་དེ་ལྟར་བྱའོ་ཞེས་བྱས་ནས་དེ་བཏང་ངོ་། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་བུ་མོ་བདེ་བྱེད་མ་དང་ཁྱེའུ་བདེ་བྱེད་གཉིས་ཁྲིད་དེ་མཉན་དུ་ཡོད་པར་སོང་ངོ་། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་ཁྱེའུ་དེ་ཡི་གེ་སློབ་ཏུ་བཅུག་སྟེ། རྒྱལ་རིགས་སྤྱི་བོ་ནས་

དབང་བསྐུར་བའི་རྒྱལ་པོ་རྣམས་ཀྱིས་བཟོའི་གནས་དང་ལས་ཀྱི་གནས་ཐ་དད་པ་གང་ཡིན་པ་དེ་དག་ཀྱང་བསླབས་ཏེ། འདི་ལྟ་སྟེ་གླང་པོ་ཆེ་ཞོན་པ་དང་རྟ་ཞོན་པ་དང་མཚོན་ཆ་བཅང་བ་དང་འཕོང་དང་མདུན་དུ་བསྣུར་བ་དང་ཕྱིར་བསྣུར་བ་དང་། གཡུལ་ལས་འབྱུང་བར་

བྱ་བ་དང་། ལྕགས་ཀྱུ་བཟུང་བ་དང་། ཞགས་པ་བཟུང་བ་དང་། མདའ་བོ་ཆེ་འཕང་བ་དང་། རྡོ་རྗེ་རྩེ་གཅིག་པ་འཕང་བ་དང་། མཚོན་རྩེ་གཅིག་པ་གདབ་པ་དང་། འཁོར་ལོ་འཕང་བ་དང་། གཅད་པ་དང་། གཤེག་པ་དང་། ལག་པས་གཟུང་བ་དང་། རྐང་པའི་སྟངས་

དང་། མགོ་བོ་བསྐྱབ་པ་དང་། རྒྱང་མར་འཕང་བ་དང་། སྒྲ་གྲག་པར་འཕང་བ་དང་། གནད་དུ་འཕང་བ་དང་། གདོན་མི་ཟ་བར་ཕོག་པར་བྱ་བ་དང་ཚབས་ཆེར་བཏང་བ་རྣམས་ཀྱང་བསླབས་ནས་གནས་ལྔ་ལ་བྱང་བར་གྱུར་ཏོ། །དེ་ནས་དེ་ནན་ཏུར་མ་བྱས་པས་མ་

གྲངས་ཏེ་འཕྱོན་མ་ལ་ཡང་ཞུགས་སོ། །དེས་ཡུལ་དེར་ཚུལ་མ་ཡིན་པ་བརྒྱ་ཙམ་བྱས་ཏེ། རྒྱལ་པོ་གསལ་རྒྱལ་དང་སྲིང་མོ་བདེ་བྱེད་མས་ལན་མང་དུ་བཀག་ཀྱང་དགག་པར་མ་ནུས་ནས། རྒྱལ་པོ་གསལ་རྒྱལ་གྱིས་རྒྱལ་པོ་ཚངས་བྱིན་ལ་ཕོ་ཉ་བཏང་སྟེ། ཁྱོད་ཀྱི་བུ་འདི་ན་

འདུག་པས་མི་རིགས་པ་བརྒྱ་ཙམ་བྱས་ཏེ་དགག་ཀྱང་མ་ནུས་སོ་ཞེས་སྤྲིང་ངོ་། །དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་ཐོས་མ་ཐག་ཏུ་བུ་ལ་སྤྲིང་བ། བུ་ཁྱོད་འོ་ནིར་མ་འདུག་པར་འདིར་ཤོག་ཅིག །ང་འདས་པའི་འོག་ཏུ་རྒྱལ་པོའི་དབང་ཕྱུག་གི་མངའ་བདག་བྱ་དགོས་ཀྱིས།

མི་རིགས་པ་མ་བྱེད་པར་འདིར་འདུག་ཅིག་ཅེས་བྱས་སོ། །འོན་ཀྱང་དེ་ཕས་སྤྲིང་བ་ལྟར་རང་གི་ཡུལ་དུ་ཡང་མ་འོངས། བག་མེད་པ་དེ་དག་ཀྱང་མ་སྤངས་ནས། དེ་གང་གི་ཚེ་དགག་པར་མ་ནུས་པ་དེའི་ཚེ་རྒྱལ་པོ་ཚངས་པས་བྱིན་གྱིས་བུ་མ་ཡིན་པར་བསྒྲགས་སོ། །རྒྱལ་པོ་གསལ་

เล่ม ๗๓ · หน้า 210b

རྒྱལ་གྱིས་ཀྱང་སྤངས་ནས་རྒྱལ་པོའི་ཕོ་བྲང་དུ་ཡོང་དུ་མ་གནང་ངོ་། །དེ་ནས་ཕྱི་ཞིག་ན་དེ་རྒྱལ་པོའི་ཕོ་བྲང་དུ་འགྲོ་འདོད་པ་ལས་ཆབ་སྒོ་བས་བཀག་པ་དང་ནན་གྱིས་ནང་དུ་སོང་སྟེ། སྲིང་མོ་དང་ཕྲད་པར་བྱའོ་ཞེས་ཟེར་ཞིང་བཙུན་མོའི་སྒོར་འདུག་གོ། །རྒྱལ་པོ་གསལ་རྒྱལ་ཡང་

བཙུན་མོ་བདེ་བྱེད་མ་དང་ལྷན་ཅིག་ཏུ་པི་བང་ལེན་ཅིང་འདུག་གོ། །དེ་ནས་ཁྱེའུ་བདེ་བྱེད་ཀྱིས་ཚོར་ནས་ཁྱེའུ་དེའི་ལག་ཏུ་མདའ་གཞུ་ཡང་བཅང་སྟེ། དེ་ཁྲོས་ནས་རྒྱལ་པོ་གསལ་རྒྱལ་གསད་པའི་ཕྱིར་མདའ་འཕངས་པ་ལས་མདའ་དེས་པི་བང་གི་རྒྱུད་བཅད་དེ་ས་ལ་ལྟུང་ངོ་། །དེ་

ནས་རྒྱལ་པོ་གསལ་རྒྱལ་གྱིས་དེ་མཐོང་མ་ཐག་ཏུ་འཇིགས་ཤིང་སྐྲག་སྟེ་བྲོས་ནས་ཤས་ཆེར་ཁྲོས་ཏེ་དེས་བསམས་པ། གལ་ཏེ་བདག་གིས་འདི་གྱིན་དས་བསད་ན་ནི་རྒྱལ་པོ་ཚངས་པས་བྱིན་གྱིས་ཀྱང་ཁྲེལ་བར་འོང་གིས། འདི་བདག་གིས་ཤགས་ཀྱིས་ཕམ་པར་བྱས་

ཏེ་གསད་པར་བྱའོ་སྙམ་མོ། །རྒྱལ་པོ་གསལ་རྒྱལ་གྱི་ལུགས་ཀྱིས་ན། གལ་ཏེ་དོན་ཆུང་ངུ་ཞིག་གི་ཕྱིར་ཤགས་འགྱེད་ན་ནི་དུང་སྒྲིལ་མ་འབུད་དུ་འཇུག་གོ། །དེ་སྟེ་ཤགས་ཆེན་པོ་ཞིག་འགྱེད་ན་ནི་དེའི་ཚེ་རྔ་བོ་ཆེ་ཡང་རྡུང་ལ་དུང་སྒྲིལ་མ་ཡང་འབུད་དུ་འཇུག་སྟེ། རྒྱལ་པོ་

གསལ་རྒྱལ་གྱིས་རྣམ་པ་གཉིས་ཀ་བྱེད་དུ་བཅུག་ནས། ཐོས་མ་ཐག་ཏུ་མཉན་ཡོད་ན་མིའི་གཙོ་བོ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་རྒྱལ་པོའི་ཕོ་བྲང་དུ་འདུས་ཏེ། རྒྱལ་པོ་གསལ་རྒྱལ་གྱིས་རྒྱལ་པོའི་བུ་དེ་ཤགས་ཀྱིས་ཕམ་པར་བྱས་ནས། ཀ་ར་བཱི་རའི་མེ་ཏོག་གི་ཕྲེང་བས་

མགུལ་པ་དཀྲིས་ཏེ་གཤེད་མ་ལ་གཏད་ནས། གཤེད་མའི་མི་གོས་སྔོན་པོ་བགོས་ལ་རལ་གྲི་ཕྱུང་སྟེ་རྔ་སྒྲ་དྲག་པོར་སྒྲོགས་པ་དག་གིས་ཁྲིད་ནས། ལམ་པོ་ཆེའི་མདོ་རྣམས་སུ་བསྒྲགས་ཏེ་གསོད་པའི་སར་ཕྱིན་དུ་ཉེ་བ་དང་། ཁྱེའུ་བདེ་བྱེད་སྙིང་རྗེ་རྗེ་སྐད་དུ་བླ་ཞིང་ཕན་ཚུན་དུ་

ལྟ་སྟེ། བདག་ཕོངས་ཤིང་དཀོས་ཐག་པ་དང་སྡུག་པའི་སྐྱབས་བྱེད་པ་དང་སྲོག་ཕངས་པ་སྦྱིན་པ་སུ་ཞིག་ཡོད་ཅིག་གུ་སྙམ་མོ། །སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་པུའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་

เล่ม ๗๓ · หน้า 211a

པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ།

མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ་རྣམས་ནི་ཆོས་ཉིད་ཀྱིས་ཉིན་དུས་གསུམ་མཚན་དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་

རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག །སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་

ནས་ཕྱུང་སྟེ། མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་

རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི་སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་

པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ། །རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱེའུ་བདེ་བྱེད་གདུལ་བའི་དུས་ལ་བབ་བོ་

སྙམ་དུ་དགོངས་ཏེ། ཤམ་ཐབས་དང་ཆོས་གོས་གསོལ་ནས་ལྷུང་བཟེད་བསྣམས་ཏེ་མཉན་དུ་ཡོད་པར་བསོད་སྙོམས་ལ་གཤེགས་ནས། ཁྱེའུ་བདེ་བྱེད་ཀྱིས་ཐག་རིང་པོ་ཞིག་ནས་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་

เล่ม ๗๓ · หน้า 211b

སུ་སོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་བཅོམ་ལྡན་འདས་ནི་དཀའ་བ་མཛད་ཅིང་སྲོག་ཕངས་པ་སྩོལ་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞོན་ནུ་མ་འཇིགས་ཤིག་ད་ཁྱོད་ཀྱི་སྲོག་ཆུད་ཟ་བར་མི་འགྱུར་རོ། །དེ་ནས་བཅོམ་

ལྡན་འདས་ཀྱིས་གཤེད་མའི་མི་རྣམས་ལ་བཀའ་སྩལ་པ། བཞིན་བཟངས་དག་གཞོན་ནུ་འདི་ཐོང་ཤིག །གཤེད་མ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་ཅག་ལ་མགོ་གཉིས་མཆིས་སམ་ཅི་ན་བདག་ཅག་གིས་ཁྱེའུ་འདི་གཏང་བར་བགྱི། བཅོམ་ལྡན་འདས་ཀྱིས་

དེ་དག་ལ་བཀའ་སྩལ་པ། བཞིན་བཟངས་དག་ང་རྒྱལ་པོ་དང་མ་ཕྲད་ཀྱི་བར་དུ་རེ་ཞིག་ཟུང་ཤིག །དེ་དག་གིས་གསོལ་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བཞིན་དུ་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་རྒྱལ་པོ་གསལ་རྒྱལ་ག་ལ་བ་དེར་གཤེགས་ཏེ་བྱོན་ནས།

བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གསལ་རྒྱལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་ཁྱེའུ་དེ་ཐོང་ཤིག །རྒྱལ་པོས་གསོལ་པ། བཙུན་པ་གལ་ཏེ་རབ་ཏུ་འབྱུང་བ་ན་ནི་གཏང་བར་འཚལ་ལོ་ཞེས་གསོལ་ནས། རྒྱལ་པོ་གསལ་རྒྱལ་གྱིས་གསད་པ་ལས་བཟློག་སྟེ་བཅོམ་ལྡན་

འདས་ལ་ཕུལ་ནས། བཅོམ་ལྡན་འདས་ཀྱིས་ཁྱེའུ་དེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཁྲིད་དེ་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་མཛད་ནས། དེ་ལ་ལུང་ཡང་ཕོག་སྟེ་དེས་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་

སུམ་དུ་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་རྒྱལ་པོའི་བུ་བདེ་བྱེད་མ་གྲངས་ཏེ་གསོད་དུ་བཏང་བ་དེ་བཅོམ་ལྡན་འདས་ཀྱིས་ཐར་བར་མཛད་དེ། གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་བདེ་བའི་མྱ་ངན་ལ་འདས་པ་ལ་གཞག་

པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་འདི་མ་གྲངས་ཤིང་གཡེམ་པར་གྱུར་ནས་ཚངས་པས་བྱིན་གྱིས་གསོད་དུ་བཏང་བ་ལས། ངས་སྐྱབས་བྱས་ཏེ། བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་ལ་ཇི་

เล่ม ๗๓ · หน้า 212a

ལྟར་བཞག་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྒྱལ་པོ་ཚངས་པས་བྱིན་རྒྱལ་པོ་བྱེད་དེ། དེའི་ཚེ་བཱ་རཱ་ཎ་སཱི་དེ་ཉིད་ན་མི་ཞིག་མ་གྲངས་ཤིང་གཡེམ་སྟེ། གཞི་དེ་ལས་གྲོང་ཁྱེར་པ་རྣམས་འཁྲུགས་ནས་སྐྱེ་བོ་མང་པོ་རྣམས་

ཀྱིས་དེ་བཟུང་སྟེ། རྒྱལ་པོ་ཚངས་པས་བྱིན་ལ་ཕུལ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་གསོད་དུ་བཏང་སྟེ། དེ་གཤེད་མ་རྣམས་ཀྱིས་ཁྲིད་ནས་གསད་པའི་སར་ཕྱིན་ཏེ། དེ་གསད་པས་འཇིགས་སྐྲག་ནས་ཕན་ཚུན་ལྟ་ཞིང་འདུག་སྟེ། བདག་ལ་དཀའ་བ་བྱེད་པ་དང་སྲོག་ཕངས་པ་

བྱིན་པར་བྱེད་པ་སུ་ཞིག་ཡོད་ཞིག་གུ་སྙམ་མོ། །དེ་ནས་དེའི་ཚེ་བཱ་རཱ་ཎ་སཱིའི་ཕྱོགས་ཤིག་ན་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཞིག་ཡོད་པ་དེ་བཱ་རཱ་ཎ་སཱིར་སྤྱོད་ཡུལ་ལ་སོང་བ་ལས་མི་དེས་མཐོང་སྟེ། མཐོང་མ་ཐག་ཏུ་རྐང་པ་ལ་ཕྱག་འཚལ་ནས་

སྨྲས་པ། དྲང་སྲོང་དག་བདག་ལ་དཀའ་བ་མཛད་ཅིང་སྲོག་ཕངས་པ་སྩལ་བར་གསོལ་ཞེས་བྱས་སོ། །དེ་ནས་དྲང་སྲོང་དེས་གཤེད་མ་རྣམས་ལ་སྨྲས་པ། བཞིན་བཟངས་དག་མི་འདི་མ་གསད་པར་ཐོང་ཤིག །གཤེད་མ་རྣམས་ཀྱིས་སྨྲས་པ། དྲང་སྲོང་བདག་ཅག་ལ་མགོ་བོ་གཉིས་

མཆིས་སམ་ཅི་ན། བདག་ཅག་གིས་འདི་བཏང་བར་བགྱི། དྲང་སྲོང་གིས་སྨྲས་པ། ང་རྒྱལ་པོ་དང་མ་ཕྲད་ཀྱི་བར་དུ་རེ་ཞིག་ཟུང་ཤིག་ཅེས་བྱས་ནས། དྲང་སྲོང་དེ་རྒྱལ་པོ་ཚངས་པས་བྱིན་ག་ལ་བ་དེར་སོང་ནས་སྨྲས་པ། རྒྱལ་པོ་ཆེན་པོ་མི་དེ་མ་གསད་པར་ཐོང་ཤིག །རྒྱལ་པོ་

ཚངས་པས་བྱིན་གྱིས་སྨྲས་པ། དྲང་སྲོང་གལ་ཏེ་རབ་ཏུ་འབྱུང་ན་ནི་བཏང་བར་བགྱིའོ་ཞེས་བྱས་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་མི་དེ་ཕྲིན་གྱིས་གསད་པ་ལས་བཟློག་སྟེ་དྲང་སྲོང་དེ་ལ་ཕུལ་ནས། དྲང་སྲོང་དེས་དཀའ་ཐུབ་ཀྱི་གནས་སུ་ཁྲིད་དེ་རབ་ཏུ་བྱུང་ནས་ལུང་ཡང་ཕོག་གོ། །མི་དེས་

ཀྱང་དཀའ་ཐུབ་ཀྱི་གནས་དེ་ཉིད་ན་འདུག་བཞིན་དུ་བསམ་གཏན་དང་མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དྲང་སྲོང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ང་ཡིན་ནོ། །དེའི་ཚེ་མི་གང་ཡིན་པ་དེ་ནི་ཁྱེའུ་བདེ་བྱེད་ཡིན་ནོ། །དེའི་

เล่ม ๗๓ · หน้า 212b

ཚེ་རྒྱལ་པོར་གྱུར་པ་གང་ཡིན་པ་དེ་ནི། རྒྱལ་པོ་གསལ་རྒྱལ་འདི་ཉིད་ཡིན་ཏེ། དེའི་ཚེ་ཡང་དེས་འདི་གསོད་དུ་བཏང་བ་ལས་ངས་སྐྱབས་བྱས་ཏེ། རབ་ཏུ་ཕྱུང་ནས་བསམ་གཏན་བཞི་དང་། མངོན་པར་ཤེས་པ་ལྔ་ལ་བཞག་གོ། །ད་ཡང་འདི་རྒྱལ་པོ་གསལ་

རྒྱལ་གྱིས་གསོད་དུ་བཏང་བ་ལས་ངས་བསྐྱབས་ཏེ། གཡུང་དྲུང་གི་མཐར་ཐུག་པའི་གྲུབ་པ་དང་། བདེ་བའི་མྱ་ངན་ལས་འདས་པ་ལ་བཞག་གོ། །གསོལ་པ། བཙུན་པ་གཞོན་ནུ་བདེ་བྱེད་ཀྱིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་

སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ལ། བཅོམ་ལྡན་འདས་ཀྱང་འདིས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་

མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །བཙུན་པ་འདིས་གང་དུ་སྨོན་ལམ་བཏབ་ལགས། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་

པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་གསུང་རབ་ལ་འདི་རབ་ཏུ་བྱུང་ནས་དགེ་སློང་ཞལ་ཏ་བྱེད་པར་གྱུར་ཏེ།

དེས་དེར་ཆོས་བཞིན་དུ་དགེ་འདུན་གྱི་ཞལ་ཏ་བྱས་ནས། བྱམས་པའི་སེམས་ཀྱིས་ཏིང་ངེ་འཛིན་ཀྱང་བསྐྱེད་དོ། །དེས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་

སངས་རྒྱས་བཅོམ་ལྡན་འདས་དེ། བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་

เล่ม ๗๓ · หน้า 213a

དུ་སེམས། དེའི་ཚེ་དགེ་སློང་ཞལ་ཏ་བར་གྱུར་པ་གང་ཡིན་པ་དེ་ནི་རྒྱལ་པོའི་བུ་བདེ་བྱེད་འདི་ཉིད་ཡིན་ཏེ། དེས་དེར་ཆོས་བཞིན་དུ་ཞལ་ཏ་བྱས་པ་དང་བྱམས་པའི་སེམས་ཀྱི་ཏིང་ངེ་འཛིན་བསྒོམས་ཤིང་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་སྟེ། ཡང་

དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ། གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་

སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་། ཤུགས་མཉམ་པ་དང་། མཛད་པ་མཉམ་པ་དང་། ཐབས་མཉམ་པ་བརྙེས་པར་གྱུར་ནས། འདིས་ང་མཉེས་

པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེས་དེར་ཆོས་བཞིན་དུ་ཞལ་ཏ་བྱས་པ་དེས་ནི། ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་སོ། །དེས་བྱམས་

པའི་སེམས་ཀྱི་ཏིང་ངེ་འཛིན་བསྒོམས་པ་དེས་ན། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ཏོ།། །།གདོལ་པའི་ཁྱེའུ་ཞེས་བྱ་བ་ནི། བཅོམ་ལྡན་འདས་གྲོང་ཁྱེར་གྱེན་དུ་རྒྱལ་ཞེས་བྱ་བ་ན། གྲོང་གི་བྱང་ཕྱོགས་ཤིང་ཤ་པའི་ཚལ་ན་བཞུགས་ཏེ། དེའི་ཚེ་ཡུལ་

གྱེན་དུ་རྒྱལ་ན་རྒྱལ་པོ་རབ་སྣང་ཞེས་བྱ་བ་རྒྱལ་པོ་བྱེད་དོ། །ཡུལ་སུ་བི་ར་ཞེས་བྱ་བ་ན་ནི་རྒྱལ་པོ་འཆར་ཀ་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེ་གཉིས་མཛའ་ཞིང་བཤེས་ལ་གཅུགས་ཏེ་དུས་དུས་སུ་ཕོ་ཉ་དང་སྐྱེས་ཀྱིས་འདྲུལ་ལོ། །རྒྱལ་པོ་རབ་སྣང་གི་ཡུལ་ན་ཨ་མྲ་རབ་ཏུ་དཀོན་ཏེ། སུ་བི་

རའི་རྒྱལ་པོས་རྒྱལ་པོ་རབ་སྣང་དགའ་བར་བྱ་བའི་ཕྱིར། ཨ་མྲ་མང་པོ་སྐྱེས་སུ་བསྐུར་རོ། །དེ་ནས་རྒྱལ་པོ་རབ་སྣང་གིས་ཁ་ཅིག་ནི་བཙུན་མོ་ལ་བྱིན་ནོ། །ཁ་ཅིག་ནི་བུ་རྣམས་ལ་བྱིན་ནོ། །ཁ་ཅིག་ནི་བློན་པོ་རྣམས་ལ་བྱིན་ནོ། །དེ་ནས་རྒྱལ་པོ་གཏུམ་པོ་རབ་སྣང་གིས་ཨ་མྲ་

เล่ม ๗๓ · หน้า 213b

ཟོས་ནས་བློ་སྐྱེས་པ། བདག་གི་ཡུལ་འདི་ན་ཨ་མྲ་མེད་ཀྱིས་བདག་གིས་ཨ་མྲའི་ས་བོན་འདི་རྣམས་བདག་གིས་སྐྱེད་མོས་ཚལ་དུ་རྨོའོ་སྙམ་དུ་བསམས་ནས། དེས་ཨ་མྲའི་ས་བོན་དེ་དག་ཁྱེར་ཏེ། རང་གི་སྐྱེད་མོས་ཚལ་དུ་རྨོས་ནས། དེ་དག་རིང་པོ་མ་ཐོགས་པར་སྐྱེས་ཏེ།

ཆེར་གྱུར་ནས་རིང་པོ་མ་ཐོགས་པར་ཚལ་ཆེན་པོར་གྱུར་ཏེ་ཡལ་ག་རྣམས་རྒྱས་པར་གྱུར་ཏོ། །ཕྱི་ཞིག་ན་དེ་དག་མེ་ཏོག་རྒྱས་ཤིང་འབྲས་བུ་ཆགས་ནས། རྒྱལ་པོ་རབ་སྣང་གིས་དེ་དག་གཞན་དག་མི་ཟ་བར་བྱ་བའི་ཕྱིར། གདོལ་པ་རྣམས་ཨ་མྲ་དེ་དག་གི་སྲུངས་མར་བསྐོས་

སོ། །དེ་ནས་ཕྱི་ཞིག་ན་གདོལ་པ་དེ་དག་ཉིད་ཀྱིས་ཨ་མྲ་དེ་རྣམས་ཟོས་ནས་རྐུན་པོ་བྱུང་ཞེས་བསྒྲགས་ཏེ། འདི་འདི་དག་ནི་རྐུན་པོས་ཟོས་སོ་ཞེས་ཟེར་ཏོ། །དེ་ནས་རྒྱལ་པོ་གཏུམ་པོ་རབ་སྣང་གིས་འཕྲིགས་ཏེ། གདོལ་པ་འདི་དག་ཉིད་ཀྱིས་ཨ་མྲ་འདི་དག་ཟོས་གྲང་སྙམ་དུ་

བསམས་ནས། དེས་རྒྱལ་པོའི་ཞབས་འབྲིང་བ་རྣམས་བཏང་སྟེ། གདོལ་པའི་ཁྱིམ་ཚོལ་དུ་བཅུག་པ་ལས། དེ་དག་དེར་སོང་བ་དང་ཨ་མྲའི་རུས་པ་དེ་དག་མཐོང་ནས། དེ་ནས་རྒྱལ་པོའི་ཞབས་འབྲིང་བ་རྣམས་ཀྱིས་རྒྱལ་པོ་གཏུམ་པོ་རབ་སྣང་ལ་གསོལ་ཏོ། །དེ་ནས་

གཏུམ་པོ་རབ་སྣང་ཁྲོས་པས་གདོལ་པ་འཁོར་དང་བཅས་པ་ཁྱིམ་གྱི་ནང་དུ་བཙུད་དེ། ཁྱིམ་གྱི་ཁོ་ར་ཁོར་ཡུག་ནས་རྩྭ་སྤུངས་ཏེ་མེ་བཏང་ནས་བསྲེགས་སོ། །གྲོང་དེའི་ནང་ནས་གདོལ་པའི་ཁྱེའུ་གཅིག་གདོལ་པའི་ལས་ཀྱིས་ངོ་ཚ་ནས་ལྷོ་ཕྱོགས་སུ་སོང་ངོ་། །དེར་སོང་ནས་བྲམ་

ཟེའི་ཆ་ལུགས་སུ་ཞུགས་ཏེ་ལུས་མི་སྣང་བར་འགྱུར་བའི་རིག་པ་བསླབས་སོ། །དེས་དེ་བསླབས་ནས། ཕྱིར་གྲོང་ཁྱེར་གྱེན་དུ་རྒྱལ་དུ་ཕྱིར་འོངས་ནས། རང་གི་ཁྱིམ་དུ་སོང་སོང་བ་ལས་དེ་བལྟས་ན་གྲོང་ཐམས་ཅད་མེས་ཚིག་པར་མཐོང་ནས། མཐོང་མ་ཐག་ཏུ་གྲོང་འདི་སུས་མ་རུང་

བར་བྱས་ཞེས་དྲིས་ན། དེས་རྒྱལ་པོ་གཏུམ་པོ་རབ་སྣང་གིས་བྱས་སོ་ཞེས་ཐོས་ནས་དེས་སྨྲས་པ། བདག་གི་ཉེ་དུ་དེ་རྣམས་གར་སོང་། དེ་དག་གིས་སྨྲས་པ། རྒྱལ་པོ་གཏུམ་པོ་རབ་སྣང་ཁྲོས་པས་རྩྭ་སྤུངས་པས་བསྐོར་ཏེ་འཁོར་དང་བཅས་པ་མེས་བསྲེགས་སོ་ཞེས་བྱས་སོ། །

เล่ม ๗๓ · หน้า 214a

དེ་ནས་དེ་ཐོས་མ་ཐག་ཏུ་ཁྱེའུ་དེ་སྡུག་བསྔལ་ཆེན་པོས་ཐེབས་ནས་དེས་བསམས་པ། སྐྱེས་པ་རྣམས་ཀྱིས་ནི་དངོས་སུ་ཉེས་པར་བྱས་པས། དེ་དག་ལ་ནི་དེས་ཁྲིམས་བཞིན་དུ་བྱས་ན། བྱིས་པ་དང་བུད་མེད་རྣམས་ཀྱིས་དེ་ལ་ཉེས་པ་ཅི་ཞིག་བྱས་ན་དེ་དག་ཀྱང་

མེས་བསྲེགས། ད་ནི་ངས་ཀྱང་དུས་ངན་པའི་རྒྱལ་པོ་དེས་བྱས་པའི་ཤ་གླན་པར་བྱའོ་སྙམ་དུ་བསམས་ནས་བདག་ཉིད་མི་སྣང་བར་བྱས་ཏེ། རྒྱལ་པོའི་ཕོ་བྲང་དུ་སོང་ནས། དེས་རྒྱལ་པོ་ལ་མགོ་ལྕག་གིས་གཞུས་ཏེ། དུས་ངན་པའི་རྒྱལ་པོ་ཁྱོད་ལ་གདོལ་པ་དེ་དག་གིས་ཉེས་

པ་ཅི་བྱས། རྒྱལ་པོ་གཏུམ་པོ་རབ་སྣང་གིས་སྨྲས་པ། དེ་དག་གིས་ངའི་ཨ་མྲ་རྣམས་མེད་པར་བྱས་སོ། །གདོལ་པའི་ཁྱེའུས་སྨྲས་པ། གལ་ཏེ་སྐྱེས་པ་རྣམས་ཀྱིས་ཉེས་སུ་ཟིན་ཀྱང་བུད་མེད་དང་ཁྱེའུ་དང་བུ་མོ་རྣམས་ཀྱིས་ཉེས་པ་ཅི་བྱས། ད་ནི་རྒྱལ་པོ་འཆལ་བ་ཁྱོད་

བྱ་བ་ཅི་ཡོད་པ་དང་དོན་ཅི་ཡོད་པ་དེ་བྱོས་ཤིག །ཁྱོད་གསོན་པའི་དུས་ཟད་དེ་ཞག་བདུན་ན་འཆི་དགོས་སོ་ཞེས་བྱས་ནས། གདོལ་པའི་ཁྱེའུ་དེ་ཉིན་གཅིག་བཞིན་རྒྱལ་པོའི་ཕོ་བྲང་དུ་འགྲོ་སྟེ་རྒྱལ་པོ་ལ་རྡེག་ཅིང་འདི་སྐད་དུ། ཆེ་གེ་མོའི་ཉིན་པར་ཁྱོད་མེད་པར་བྱའོ་ཞེས་

ཀྱང་ཟེར་རོ། །དེ་ནས་རྒྱལ་པོ་གཏུམ་པོ་རབ་སྣང་འཇིགས་ཤིང་སྐྲག་ནས། བློན་པོ་རྣམས་ཀྱིས་གསོལ་པ། ལྷ་མི་བསྙེངས་སུ་གསོལ། བདག་ཅག་གིས་འཕགས་པ་ཀཱ་ཏྱཱ་ཡ་ན་ལ་གསོལ་པ་གདབ་བོ་ཞེས་སྨྲས་ནས། བློན་པོ་རྣམས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ནའི་

ཐད་དུ་སོང་ནས་སྨྲས་པ། འཕགས་པ་རྒྱལ་པོ་ལ་མི་མ་ཡིན་པ་རྣམས་ཀྱིས་གནོད་པ་བགྱིད་ན་དེའི་སྐྱབས་མཛད་པར་གསོལ་ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་འཕགས་པ་ཀཱ་ཏྱཱ་ཡ་ནས། གདོལ་པའི་ཁྱེའུ་དེའི་རིག་སྔགས་དེ་ཅི་ནས་ཕྱིན་ཆད་མི་སྣང་བར་བྱེད་མི་

ནུས་པར་བྱས་སོ། །དེ་ནས་དེས་བསམས་པ། བདག་གི་རིག་སྔགས་སུ་ཞིག་གིས་མ་རུང་བར་བྱས་ཞིག་གུ་སྙམ་ནས། བློན་པོ་དེ་རྣམས་ལ་དྲིས་པ། ཀྱེ་རྒྱལ་པོ་མི་མ་ཡིན་པའི་འཇིགས་པ་དེ་ལས་སུ་ཞིག་གིས་སྐྱབས་བྱས་བློན་པོ་རྣམས་ཀྱིས་སྨྲས་པ། འཕགས་

เล่ม ๗๓ · หน้า 214b

པ་ཀཱ་ཏྱཱ་ཡ་ནས་བྱས་སོ། །དེ་ནས་ཐོས་མ་ཐག་ཏུ་གདོལ་པའི་ཁྱེའུ་དེ། ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ག་ལ་བ་དེར་སོང་ནས་སྨྲས་པ། བཙུན་པ་ཁྱོད་ཀྱིས་ཅིའི་སླད་དུ་བདག་གིས་རིག་སྔགས་རེངས་པར་མཛད། ཀཱ་ཏྱཱ་ཡ་ནས་སྨྲས་པ། བུ་འདུག་ཤིག་དང་ཁྱོད་ལ་རྒྱས་པར་བསྙད་པར་

བྱའོ། །དེ་ནས་གདོལ་པའི་ཁྱེའུ་དེས། འཕགས་པ་ཀཱ་ཏྱཱ་ཡ་ནའི་རྐང་པ་ལ་ཕྱག་འཚལ་ནས་མདུན་དུ་འདུག་གོ། །དེ་ནས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ནས། དེ་ལ་མཐར་གྱིས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་གདོལ་པའི་ཁྱེའུ་དེས་སྟན་དེ་ཁོ་ན་ལ་འདུག་བཞིན་དུ་

འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ག་ལ་བ་དེ་ལོགས་སུ་ཐལ་མོ་

སྦྱར་བ་བཏུད་དེ། ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་

པ་སྤྱད་པར་འཚལ་ལོ། །དེ་ནས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ནས་དེ་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་པར་བྱས་ནས་དེ་ལ་ལུང་ཡང་ཕོག་གོ། །དེས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་

པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་

ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་བློན་པོ་དེ་དག་གིས་ཐོས་ནས་རྒྱལ་པོ་

เล่ม ๗๓ · หน้า 215a

གཏུམ་པོ་རབ་སྣང་ལ་གསོལ་པ། ལྷ་ཁྱོད་གང་གིས་འཇིགས་ཤིང་སྐྲག་པར་གྱུར་པ་དེ་ནི་འཕགས་པ་ཀཱ་ཏྱཱ་ཡ་ནས་རབ་ཏུ་ཕྱུང་ལགས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་དེ་ཡིད་དགའ་བར་གྱུར་ནས། ཀཱ་ཏྱཱ་ཡ་ན་ག་ལ་བ་དེར་སོང་སྟེ་ཕྱིན་ནས། འཕགས་

པ་ཀཱ་ཏྱཱ་ཡ་ནའི་རྐང་པ་ལ་ཕྱག་འཚལ་ཏེ་སྨྲས་པ། འཕགས་པ་ནི་བདག་ལ་དཀའ་བ་མཛད་པ་དང་། སྲོག་ཕངས་པ་སྩོལ་བ་ལགས་ཀྱིས། དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་བདག་གི་ཁྱིམ་དུ་དགུང་བདུན་བཤོས་གསོལ་བར་ཅི་གནང་། ཀཱ་ཏྱཱ་ཡ་ནས་སྨྲས་པ།

ལྷ་གྱེན་དུ་རྒྱལ་འདི་ཉིད་ན་བཅོམ་ལྡན་འདས་བཞུགས་ཀྱིས། བཅོམ་ལྡན་འདས་སྤྱན་དྲོངས་ཤིག་ཅེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཆོས་མཉན་

པའི་ཕྱིར་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས། དེ་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་ནས་ཅང་མི་གསུང་བར་བཞུགས་སོ། །དེ་ནས་

རྒྱལ་པོ་གཏུམ་པོ་རབ་སྣང་གིས་བཅོམ་ལྡན་འདས་ཀྱི་གཏམ་མཇུག་རྫོགས་པར་རིག་ནས། སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །

འཕགས་པ་ཀཱ་ཏྱཱ་ཡ་ནའི་སླད་དུ། དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་བདག་གི་ཁྱིམ་དུ་དགུང་བདུན་བཤོས་གསོལ་བར་ཅི་གནང་། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གཏུམ་པོ་རབ་སྣང་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ཅང་མི་གསུང་བས་

གནང་བར་རིག་ནས་རྒྱལ་པོ་གཏུམ་པོ་རབ་སྣང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རངས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ་། །དེ་ནས་དེས་ཕོ་བྲང་གི་ནང་དུ་

เล่ม ๗๓ · หน้า 215b

སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཞག་བདུན་གྱི་བར་དུ་བཤོས་གསོལ་ནས། ཐ་མའི་ཉིན་པར་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ། ཞལ་ཟས་རོ་བརྒྱ་དང་ལྡན་པ་གསོལ་ནས། བཅོམ་ལྡན་འདས་ལ་ན་བཟའ་འབུམ་རི་བ་ཕུལ་ལོ། །དགེ་

སློང་གཞན་རྣམས་ལ་ནི་རེ་རེ་ལ་རས་བཅོས་བུ་ཟུང་རེ་ཕུལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གཏུམ་པོ་རབ་སྣང་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན་ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད་ཡང་དག་པར་དགའ་བར་མཛད་ནས་

གདན་ལས་བཞེངས་ཏེ་གཤེགས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་གདོལ་པའི་ཁྱེའུ་འདིས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལ། བཅོམ་

ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་ཉིད་ཀྱིས་ལས་འདི་བྱས་ཤིང་བསགས་ཏེ། དགེ་སློང་དག་སྔོན་བྱུང་བ་འདས་པའི་

དུས་ན། འདི་ནས་བསྐལ་པ་དགུ་བཅུ་རྩ་གཅིག་པ་ན་སྐྱེ་དགུའི་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་

དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གང་གི་ཚེ་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་མཛད་ནས། ཤིང་ཟད་པའི་མེ་བཞིན་དུ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་

ངན་ལས་འདས་སོ། །དེ་ནས་རྒྱལ་པོ་མཉན་ཡོད་ཀྱིས་ས་ཕྱོགས་གོ་སྐབས་ཡངས་པ་ཞིག་ཏུ་འབྱོར་པ་ཆེན་པོ་དང་ལྡན་པས། སྤོས་ཀྱི་ཤིང་རྣམས་སྤུངས་ནས་དེའི་རིང་བསྲེལ་ཞུགས་ལ་བཞེན་ཏོ། །དེ་ནས་དེའི་སྐུ་གདུང་རྣམས་གཞན་གྱིས་མི་ཁྱེར་བར་བྱ་བའི་ཕྱིར། སྐུ་

เล่ม ๗๓ · หน้า 216a

གདུང་བཞུགས་པ་དེ་ནས་ཐག་མི་རིང་བ་ཞིག་ན་གདོལ་པ་དག་ཅིག་སྲུངས་མར་བསྐོས་ཏེ། གདོལ་པ་དེ་དག་ས་ཕྱོགས་དེར་ཉལ་བ་ལས་གདོལ་པ་ཞིག་སྟག་གིས་ཁྱེར་ནས། གདོལ་པ་གཞན་ཞིག་འཇིགས་ཤིང་སྐྲག་སྟེ། སངས་རྒྱས་ལ་ཕྱག་འཚལ་

ལོ་ཞེས་བརྗོད་ནས། དེ་སངས་རྒྱས་ཀྱི་མཐུས་ལྷ་རྣམས་ཀྱིས་སྐྱབས་བྱས་སོ། །དེ་ནས་གང་གི་ཚེ་དེར་རྒྱལ་པོ་མཉན་ཡོད་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་སྐུ་གདུང་གི་མཆོད་རྟེན་བརྩིགས་ཏེ། རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་

ནས། དུས་སྟོན་གྱི་ལུགས་སུ་གཏོད་པ་དེའི་ཚེ་གདོལ་པ་དེའི་བློ་སྐྱེས་པ། བདག་གསོན་པོར་གྱུར་པ་ནི་ཅི་ཡང་རུང་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་མཐུ་ཡིན་ནོ་སྙམ་དུ་རིག་ནས། དེས་མཆོད་རྟེན་དེ་ལ་བཀུར་སྟི་ཆེན་པོ་བྱས་ཏེ་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་

རྩ་བ་འདིས་ན། འདི་ཁོ་ན་དང་འདྲ་བའི་སྟོན་པ་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་

དག་ཇི་སྙམ་དུ་སེམས། དེའི་ཚེ་གདོལ་པར་གྱུར་པ་གང་ཡིན་པ་དེ་ནི་གདོལ་པའི་ཁྱེའུ་འདི་ཁོ་ན་ཡིན་ཏེ། དེས་མཆོད་རྟེན་དེ་ལ་བཀུར་སྟི་བྱས་ནས་སྨོན་ལམ་བཏབ་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་དང་། ཤིན་ཏུ་

མཉམ་པ་དང་། ཤུགས་མཉམ་པ་དང་། མཛད་པ་མཉམ་པ་དང་། ཐབས་མཉམ་པ་བརྙེས་པར་གྱུར་ནས། འདིས་ང་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་

སུམ་དུ་བྱས་སོ། །གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དགེ་སློང་འཐབ་ཀྲོལ་ཅན་ཁ་མི་མཁས་པ་ཞིག་ཏུ་གྱུར་ནས། དེས་དེར་དགེ་སློང་མང་པོ་དག་ལ་ཁྲོས་ཏེ། གདོལ་པ་ཞེས་བྱ་བའི་ཚིག་བརྗོད་ནས་ཕྱི་ཞིག་ན་

เล่ม ๗๓ · หน้า 216b

དེ་འགྱོད་པ་སྐྱེས་ཏེ། དེས་དགེ་སློང་དེ་དག་ལ་བཟོད་པ་གསོལ་ནས། ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ཅི་ཡང་མ་ཐོབ་སྟེ་འཆི་ཀར་སྨོན་ལམ་བཏབ་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་

ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་

བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་བའི་དགེ་སློང་གང་ཡིན་པ་དེ་ནི་གདོལ་པའི་ཁྱེའུ་འདི་ཁོ་ན་ཡིན་ཏེ། དེས་དེར་དགེ་སློང་མང་པོ་ལ་གདོལ་པ་ཞེས་བྱ་བའི་ཚིག་བརྗོད་པའི་

ལས་དེའི་རྣམ་པར་སྨིན་པས་ནི། ཚེ་རབས་ལྔ་བརྒྱར་གདོལ་པའི་རིགས་སུ་སྐྱེས་སོ། །དེས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་

ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་

པའི་ལས་དེའི་རྣམ་པར་སྨིན་པས་ནི། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་། ཤུགས་མཉམ་པ་དང་། མཛད་པ་མཉམ་པ་དང་། ཐབས་མཉམ་པ་བརྙེས་པར་གྱུར་ནས། འདིས་ང་མཉེས་པར་བྱས་ཏེ། མི་མཉེས་

པར་མ་བྱས་ལ་ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།རབ་བཟང་ཞེས་བྱ་བ་ནི། རྒྱལ་པོ་ཟས་གཙང་གི་ཁ་ལོ་པ་རབ་བཟང་ཞེས་བྱ་བ་ཞིག་ཡོད་དེ། དེས་ཐབས་ཟླར་བབ་པ་ལས་

เล่ม ๗๓ · หน้า 217a

ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་ཀྱང་དེ་ལ་བུ་མེད་དེ། བུ་འདོད་པའི་ཕྱིར་ལྷ་གུ་ལང་དང་། ཆུ་ལྷ་དང་། ཀུ་བེ་ར་དང་། བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་དང་། ཀུན་དགའ་ར་བའི་ལྷ་དང་། ནགས་ཚལ་

གྱི་ལྷ་དང་། ལམ་གྱི་བཞི་མདོའི་ལྷ་དང་། སུམ་མདོའི་ལྷ་དང་། གཏོར་མ་ལེན་པའི་ལྷ་དང་། ལྷན་ཅིག་སྐྱེས་པ་དང་། ཆོས་འཐུན་པ་དང་རྟག་ཏུ་ཕྱི་བཞིན་འབྲང་བའི་ལྷ་རྣམས་ལ་ཡང་གསོལ་བ་འདེབས་ཏེ། དེ་དེ་ལྟར་གསོལ་བ་འདེབས་པ་ལྷུར་ལེན་དུ་ཟིན་ཀྱང་བུ་ཡང་

མ་བྱུང་བུ་མོ་ཡང་མ་བྱུང་ངོ་། །དེར་གང་གི་ཚེ་བྱང་ཆུབ་སེམས་དཔའ་སྐུ་བལྟམ་པ་དེའི་ཚེ། མཚན་མཁན་རྣམས་ཀྱིས་ལུང་བསྟན་པ། གལ་ཏེ་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་བྲེགས་ཏེ། ཆོས་གོས་ཚོན་

ཅན་དག་བགོས་ནས་ཡང་དག་པའི་དད་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན་ནི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གྲགས་པ་དང་ལྡན་པར་འགྱུར་རོ་ཞེས་ལུང་བསྟན་ནས་ཚིག་དེ་ཁ་ལོ་བ་རབ་བཟང་གིས་ཐོས་

ནས། ཐོས་མ་ཐག་ཏུ་དེ་སྡུག་བསྔལ་ཆེན་པོ་སྐྱེས་ཏེ། གལ་ཏེ་བདག་གི་བུ་ཞིག་ཡོད་ན་ནི་དེ་གཞོན་ནུའི་ཁ་ལོ་པར་འགྱུར་ཏེ། དེ་ལྟ་ན་ཁ་ལོ་པ་རབས་ཆད་པར་མི་འགྱུར་ཞིག་གུ་སྙམ་དུ་བསམས་ནས། ལྷག་པར་ཡང་ལྷ་སོ་སོ་ལ་གསོལ་བ་འདེབས་པ་ལ་

ཞུགས་སོ། །དེའི་ཚེ་དེར་བྱང་ཆུབ་སེམས་དཔས་རྒན་པོ་དང་ནད་པ་དང་ཤི་བ་མཐོང་ནས་ནགས་ཀྱི་ནང་དུ་གནས་བཅས་ཏེ། དེ་དེར་སོང་ནས་ལོ་དྲུག་གི་བར་དུ་དཀའ་བ་སྤྱད་དེ། དེ་དེར་ལོ་དྲུག་གི་བར་དུ་དཀའ་བ་སྤྱད་ནས་སེ་རི་ཀའི་གྲོང་མིའི་བུ་མོ་དགའ་མོ་དང་དགའ་

སྟོབས་ལས་འོ་མ་ལན་བཅུ་དྲུག་ཏུ་ཉིང་གུར་བྱས་པའི་འོ་ཐུག་སྦྲང་རྩི་དང་སྦྱར་བ་བཞེས་སོ། །དེ་ནས་རྩྭ་འཚོང་བཀྲ་ཤིས་ལྡན་ལས་རྩྭ་བཞེས་སོ། །དེ་ནས་ཀླུའི་རྒྱལ་པོ་ནག་པོས་མངོན་པར་བསྟོད་ཅིང་བྱང་ཆུབ་ཀྱི་སྙིང་པོར་གཤེགས་ཏེ། ཉིད་ཀྱིས་རྩྭ་རྣམས་མ་འཁྲུགས་

เล่ม ๗๓ · หน้า 217b

པར་བཏིང་ནས། སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་ནས། ནམ་བླ་ན་མེད་པའི་ཡེ་ཤེས་མ་ཐོབ་ཀྱི་བར་དུ་སྐྱིལ་མོ་ཀྲུང་མི་བཤིག་གོ་ཞེས་ཐུགས་དམ་བརྟན་པོར་བསམས་སོ། །དེས་དེར་བདུད་ཀྱི་འཁོར་འབྱུང་པོ་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་བཅོམ་ནས། བླ་ན་མེད་པ་ཡང་དག་

པར་རྫོགས་པའི་ཡེ་ཤེས་བརྙེས་སོ། །དེ་ནས་ཚངས་པས་བསྐུལ་ནས་བཱ་རཱ་ཎ་སཱིར་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་སུ་ཆོས་ཀྱི་འཁོར་ལོ་ཚུལ་བཞིན་བསྐོར་ཏེ་ལྔ་སྡེ་རྣམས་རབ་ཏུ་ཕྱུང་ངོ་། །དེ་ནས་ཉེ་བའི་ལྔ་སྡེ་རྣམས་དང་བཟང་སྡེའི་ཕ་ཚན་པ་དྲུག་ཅུ་དང་གྲོང་གི་

བྱིས་པ་གཙོ་བོའི་མཆོག་ལྔ་བཅུ་དང་དགའ་མོ་དང་དགའ་སྟོབས་སྤུན་གཉིས་བདེན་པ་ལ་བཀོད་ནས། ལྟེང་རྒྱས་འོད་སྲུང་དང་ཆུ་ཀླུང་འོད་སྲུང་སྤུན་གཉིས་རབ་ཏུ་ཕྱུང་སྟེ་ག་ཡཱར་གཤེགས་ནས། ཆོ་འཕྲུལ་རྣམ་པ་གསུམ་གྱིས་བཏུལ་ཏེ་སྨྱིག་མའི་ནགས་ཁྲོད་དུ་གཤེགས་ནས་

རྒྱལ་པོ་གཟུགས་ཅན་སྙིང་པོ་ལྷ་བརྒྱད་ཁྲི་དང་ཡུལ་མ་ག་དྷཱའི་བྲམ་ཟེ་དང་། ཁྱིམ་བདག་སྟོང་ཕྲག་དུ་མ་དང་ལྷན་ཅིག་ཏུ་བདེན་པ་ལ་བཀོད་དོ། །དེ་ནས་རྒྱལ་པོའི་ཁབ་ཏུ་གཤེགས་ཏེ། འོད་མའི་ཚལ་བཞེས་ནས་དགེ་སློང་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་རབ་ཏུ་

ཕྱུང་སྟེ་མཉན་དུ་ཡོད་པར་གཤེགས་ནས། རྒྱལ་པོ་གསལ་རྒྱལ་གཞོན་ནུ་ལྟ་བུའི་མདོ་སྡེས་བཏུལ་ཏེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་བཞེས་ནས་སེར་སྐྱའི་གནས་སུ་གཤེགས་ཏེ། ཡབ་སྲས་མཇལ་ནས་སེར་སྐྱའི་གནས་སུ་རྟེན་བཅས་ཏེ། གདུལ་བར་བྱ་བ་རྣམས་ཀྱི་དོན་

མཛད་ཅིང་བཞུགས་སོ། །དེ་ནས་ཁ་ལོ་པ་རབ་བཟང་གི་སེམས་སྐྱེས་པ། བདག་ནི་ད་ལྟར་བུ་མེད་དེ་བདག་ཤི་སྟེ་དུས་ལས་འདས་ན་ནི། ཅི་བདོག་པ་ཐམས་ཅད་རྒྱལ་པོ་དབང་བྱེད་པར་འགྱུར་གྱིས། མ་ལ་བདག་གིས་འཇིག་རྟེན་ཕ་རོལ་ཏུ་བསྐྱ་བར་བྱའོ་སྙམ་ནས།

དེས་ཕྱི་དེ་ཉིན་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཤོས་ལ་སྤྱན་དྲངས་ཏེ། རང་གི་ལག་ནས་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ཏེ་ཅི་བཞེད་པ་བསྟབས་ནས། བསྩང་སྡེར་ནི་གྱུ་ཕྱག་ནི་བཅབས་པར་རིག་ནས། སྟན་ཆེས་

เล่ม ๗๓ · หน้า 218a

དམའ་བ་ཞིག་བླངས་ཏེ་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་དེ།

ཆོས་ཀྱི་གཏམ་རྣམ་གྲངས་དུ་མས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་ནས། ཅང་མི་གསུང་བར་བཞུགས་སོ། །དེ་ནས་ཁ་ལོ་པ་རབ་བཟང་གིས་བཅོམ་ལྡན་འདས་ཀྱི་གཏམ་གྱི་

མཇུག་རྫོགས་པར་རིག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ནི་བདག་གི་ཡུན་རིང་པོའི་སྟོན་པ་ལགས་ཏེ། ཀྱེ་མ་བདག་ལ་བུ་ཞིག་སྐྱེས་ན་ནི། ཇི་ལྟར་བདག་རྒྱལ་པོ་ཟས་གཙང་གི་ཁ་ལོ་པ་འཚལ་བ་དེ་བཞིན་དུ། དེ་ཡང་གཞོན་

ནུའི་ཁ་ལོ་པར་འགྱུར་བ་ཞིག་ན། ད་ནི་བཅོམ་ལྡན་འདས་ལ་རབ་ཏུ་ཕྱུང་སྟེ། དེ་ལྟར་གྱུར་གྱིས་ཀྱང་གལ་ཏེ་ད་དུང་ཡང་བདག་གི་བུ་ཞིག་བྱུང་ན་ནི། བཅོམ་ལྡན་འདས་ཀྱི་ཞབས་འབྲིང་དུ་དབུལ་བར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མ་འོངས་པའི་ཡོན་ཏན་གཟིགས་

ནས་བཀའ་སྩལ་པ། ཁོང་དགེ་བ་རྣམས་ནི་དམ་བཅས་པ་ལ་བརྟན་པ་ཡིན་ནོ་ཞེས་གསུངས་ནས། དེའི་ཁྱིམ་ནས་བཅོམ་ལྡན་འདས་སླར་གཤེགས་སོ། །དེ་ནས་ཕྱི་ཞིག་ན་ཁ་ལོ་པ་རབ་བཟང་གི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་བུ་བཙས་ཏེ་

ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ནས་དེའི་བཙས་སྟོན་རྒྱས་པར་བྱས་ཏེ། ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཁྱེའུ་འདི་རབ་བཟང་གི་བུ་ཡིན་པས་ན། ཁྱེའུ་འདིའི་མིང་བཟང་པོ་ཞེས་གདགས་སོ་ཟེར་རོ། །དེ་

ནས་ཁྱེའུ་བཟང་པོ་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་ཉིང་གུ་རྣམས་ཀྱིས་བསྐྱེད་བསྲིངས་ནས་དེ་མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་དེ་དག་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ། ཡི་གེ་དང་། ཁོང་རྩིས་དང་། ཤོད་དགོད་པ་

เล่ม ๗๓ · หน้า 218b

དང་། ལག་རྩིས་དང་། དབྱུང་བ་དང་། སྦ་བ་དང་། དགྲམ་པ་དང་། གོས་བརྟག་པ་དང་། ནོར་བུ་བརྟག་པ་དང་། རིན་པོ་ཆེ་བརྟག་པ་དང་། སྤོས་བརྟག་པ་དང་། སྨན་བརྟག་པ་དང་། གླང་པོ་ཆེ་བརྟག་པ་དང་། རྟ་བརྟག་པ་དང་། གོ་མཚོན་བརྟག་པ་བསླབས་ཏེ། ཡི་གེ་

མཁས་པ་དང་། ཀློག་མཁས་པ་དང་། མཛངས་པ་དང་། བྱ་བ་ལ་གསལ་བ་དང་། ཡིད་གཞུངས་པ་དང་། བརྟག་པ་རྣམ་པ་བརྒྱད་ལ་བྱང་བར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན། བཅོམ་ལྡན་འདས་ཀྱིས་ཁྱེའུ་དེ་རབ་ཏུ་འབྱུང་བའི་དུས་ལ་བབ་པར་གཟིགས་ནས། ཁ་

ལོ་པ་རབ་བཟང་ལ་བཀའ་སྩལ་པ་རབ་བཟང་ཁྱེའུ་འདི་ནི་མ་བཙས་པའི་སྔ་རོལ་ནས་ཁྱོད་ཀྱིས་ང་ལ་ཕུལ་ཏེ། ཁོང་དགེ་བ་རྣམས་ནི་དམ་བཅས་པ་ལ་བརྟན་པ་ཡིན་ན་དེ་ཁོ་ན་ལྟར་དམ་མ་བཅས་སམ། རབ་བཟང་གིས་གསོལ་པ། བཅོམ་ལྡན་འདས་དེ་ཁོ་ན་ལྟར་དམ་བཅས་

ལགས་སོ་ཞེས་གསོལ་ནས། རབ་བཟང་གིས་ཁྱེའུ་དེ་ལག་པ་གཉིས་ཀྱིས་བཟུང་སྟེ། བཅོམ་ལྡན་འདས་ལ་ཕུལ་ནས། སྨྲས་པ་བུ་ཁྱོད་མ་བཙས་པའི་སྔ་རོལ་ནས་ངས་བཅོམ་ལྡན་འདས་ལ་ཕུལ་གྱིས། སོང་ལ་བཅོམ་ལྡན་འདས་ཀྱི་ཞབས་འབྲིང་གྱིས་ཤིག །ཁྱེའུས་

སྨྲས་པ། དེ་ནི་བདག་ལ་ཕན་བཏགས་པ་ལགས་སོ་ཞེས་སྨྲས་ནས། ཁྱེའུ་དེ་བཅོམ་ལྡན་འདས་ཀྱི་ཕྱི་བཞིན་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁ་ལོ་པ་རབ་བཟང་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་

བསྟོད། ཡང་དག་པར་དགའ་བར་མཛད་ནས། བཅོམ་ལྡན་འདས་ཀྱིས་ཁྱེའུ་དེ་ཁྲིད་དེ་གཙུག་ལག་ཁང་དུ་གཤེགས་སོ། །དེ་དེར་ཁྲིད་ནས། རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་མཛད་ནས་དེ་ལ་ལུང་ཡང་ཕོག་གོ། །དེས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་འབད་པས་

ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེས་དགྲ་བཅོམ་པ་ཉིད་ཐོབ་ནས་བསམས་པ། བཅོམ་ལྡན་འདས་ནི་བདག་གི་སྡུག་བསྔལ་དང་ཡིད་མི་བདེ་བ་མང་པོ་སེལ་བར་མཛད་པ་དང་བདེ་བ་དང་ཡིད་བདེ་བ་རྣམ་པ་དུ་མ་སྒྲུབ་པར་

เล่ม ๗๓ · หน้า 219a

མཛད་པ་དང་། སྡིག་པ་མི་དགེ་བའི་ཆོས་རྣམ་པ་དུ་མ་སེལ་བར་མཛད་པ་དང་། དགེ་བའི་ཆོས་རྣམ་པ་དུ་མ་སྒྲུབ་པར་མཛད་པ་ཡིན་ན་བདག་གིས་བཅོམ་ལྡན་འདས་ཀྱི་བཀའ་དྲིན་ཇི་ལྟར་བསབ་པར་བྱ་སྙམ་སྟེ། དེས་བསམས་པ་སངས་རྒྱས་རྣམས་འཇིག་

རྟེན་དུ་འབྱུང་བ་གང་ཡང་རུང་བ་དེ་དག་ཐམས་ཅད་ནི། སེམས་ཅན་ལ་ཕན་པའི་ཕྱིར་འབྱུང་བར་ཟད་ཀྱི། མ་ལ་བདག་གིས་ཀྱང་སེམས་ཅན་གྱི་དོན་བྱའོ་སྙམ་སྟེ་བདག་གིས་འདུལ་བར་འགྱུར་བ་ལྟ་འགའ་མཆིས་སམ་ཞེས་བསམས་ཏེ། དེས་བལྟས་ན་ཐོག་མ་ཁོ་ནར་

ཕ་མ་གཉིས་འདུལ་བར་འགྱུར་བར་རིག་ནས་དེ་གཙུག་ལག་ཁང་ནས་མི་སྣང་བར་གྱུར་ཏེ། བདག་གི་ཁྱིམ་དུ་ཕ་མ་གཉིས་ཀྱི་མདུན་ནས་ས་བརྟོལ་ཏེ་བྱུང་ནས་དེ་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟར་སྟེང་གི་ནམ་མཁའ་ལ་འཕགས་ནས། ཕ་མ་གཉིས་ཀྱི་མདུན་དུ་འབར་བ་དང་

ལམ་མེར་འདུག་པ་དང་ཆར་འབབ་པ་དང་གློག་འགྱུ་བའི་ཆོ་འཕྲུལ་རྣམས་བསྟན་ནས་ས་ལ་བབས་ཏེ། དེས་ཕ་མ་གཉིས་ཀྱི་བསམ་པ་དང་བག་ལ་ཉལ་དང་ཁམས་དང་ཤེས་པ་དང་རང་བཞིན་རྟོགས་ནས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེ་ཐོས་ནས་ཕ་མ་གཉིས་སྟན་དེ་ཁོ་ན་

ལ་འདུག་བཞིན་དུ། འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེ་གཉིས་ཀྱིས་བདེན་པ་མཐོང་ནས་སྨྲས་པ། བུ་བདག་ཅག་གཉིས་ཀྱང་ཁྱིམ་ན་གནས་པ་བཏང་ལ། ཁྱོད་

རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་འབྱུང་བར་བྱའོ། །བཟང་པོས་སྨྲས་པ། ཁྱེད་གཉིས་ཇི་ལྟར་དགའ་བ་དེ་བཞིན་དུ་བགྱིའོ་ཞེས་བྱས་ནས། ཚེ་དང་ལྡན་པ་བཟང་པོ་དེ་གཉིས་ཀྱི་ཁྱིམ་ནས་ཕྱིར་སོང་ངོ་། །དེ་ནས་དེའི་ཕ་མ་གཉིས་ཀྱིས་ཁྱིམ་གྱི་འཁོར་བཏང་སྟེ། སྦྱིན་

པ་དག་སྦྱིན་ཞིང་བསོད་ནམས་དག་བྱས་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་

เล่ม ๗๓ · หน้า 219b

འདས་ལ་ཞུས་པ། བཙུན་པ་བཟང་པོས་ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ནས། བཅོམ་ལྡན་འདས་ཀྱང་མཉེས་པར་བགྱིས་ཏེ། མི་

མཉེས་པར་མ་བགྱིས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། དེའི་ཕ་མ་གཉིས་ཀྱིས་ཀྱང་ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་འདི་ཁོ་ན་ལས་བརྟེན་ནས། བཅོམ་

ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །

གསོལ་པ། བཙུན་པ་འདི་རྣམས་ཀྱིས་སྨོན་ལམ་གང་དུ་བཏབ་པ་ལགས། བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་བཞི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་

ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཁོར་བ་འཇིག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གང་གི་ཚེ་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་

མཛད་ནས་ཤིང་ཟད་པའི་མེ་བཞིན་དུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་རྒྱལ་པོ་མཛེས་པས་བཅོམ་ལྡན་འདས་ཀྱི་སྐུ་གདུང་ལ་སྐུ་གདུང་གི་མཆོད་པ་བྱས་ནས། རིན་པོ་ཆེ་སྣ་བཞི་ལས་བྱས་པའི་མཆོད་

རྟེན་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གཅིག་ཡོད་ལ་འཕང་དུ་རྒྱང་གྲགས་གཅིག་ཡོད་པ་ཞིག་བརྩིག་པར་བརྩམས་ཏེ། དེས་དེར་བློན་པོ་མ་དད་པ་ཞིག་ལག་དཔོན་དུ་བསྐོས་ནས། བློན་པོ་དེས་བུ་དེ་ལ་སྨྲས་པ་བུ་ངས་ནི་རྒྱལ་པོའི་བསྒྲུབ་པ་དང་རྒྱལ་པོའི་བྱ་བ་དག་བྱ་དགོས་ཏེ།

เล่ม ๗๓ · หน้า 220a

ངས་གཉི་ག་ལག་གིས་མི་ཁྱབ་པའི་སྟེང་དུ། འདི་འབའ་ཞིག་ལ་འཚལ་ན་བདག་གིས་རྒྱལ་པོའི་ཕོ་བྲང་དུ་བྱ་བ་རྣམས་ཤོར་བར་འགྱུར་གྱིས། ཁྱོད་ཀྱིས་འདིར་མཆོད་རྟེན་གྱི་ལག་གི་ཞལ་ཏ་གྱིས་ཤིག་དང་ངས་རྒྱལ་པོའི་ཞབས་འབྲིང་བྱའོ། །ཁྱེའུས་

སྨྲས་པ། ཡབ་ཇི་ལྟར་དགྱེས་པ་དེ་བཞིན་དུ་བགྱིའོ་ཞེས་བྱས་ནས་དེ་དེ་ན་མཆོད་རྟེན་གྱི་ལག་གི་ཞལ་ཏ་བྱེད་ཅིང་འདུག་སྟེ། དེ་དེར་ལས་བྱེད་པ་ལ་ཞུགས་སོ། །དེ་དེ་ན་ལས་བྱེད་པ་ན་སངས་རྒྱས་འཁོར་བ་འཇིག་གི་བསྟན་པ་ལ་དད་པ་རྙེད་ནས་སྐྱབས་སུ་འགྲོ་བ་དང་བསླབ་པའི་

གཞི་རྣམས་བླངས་སོ། །དེས་དེར་ཕ་མ་གཉིས་ཀྱང་དད་པ་ཕུན་སུམ་ཚོགས་པ་ལ་བཀོད་དེ། སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་ལ་ཡང་བཀོད་དོ། །དེར་གང་གི་ཚེ་རྒྱལ་པོ་མཛེས་པས་མཆོད་རྟེན་དེ་རྣམ་པ་ཐམས་ཅད་དུ་ཟིན་པར་བྱས་ནས་མཆོད་པ་ཆེན་པོ་

བྱས་ཏེ། མཆོད་རྟེན་གྱི་དུས་སྟོན་གྱི་ལུགས་གཏོད་པ་དེའི་ཚེ། བློན་པོ་དེ་གཟའ་བྲན་དང་བློན་པོའི་བུ་དེས་མཆོད་རྟེན་དེ་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པར་མཐོང་ནས་མཆོག་ཏུ་དགའ་བར་གྱུར་ཏེ། མཆོག་ཏུ་དགའ་བར་གྱུར་ནས་དེ་དག་གིས་མཆོད་རྟེན་དེ་ལ་བཀུར་

སྟི་ཆེན་པོ་བྱས་ཏེ། བློན་པོའི་བུ་དེས་མཆོད་རྟེན་གྱི་ཞབས་ལ་ཕྱག་འཚལ་ནས་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་ན་བདག་གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཅིག །གཟུགས་བཟང་ཞིང་བལྟ་ན་

སྡུག་ལ་མཛེས་པར་གྱུར་ཅིག །སྟོན་པ་འདི་འདྲ་བ་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་ཤོག་ཅིག་ཅེས་བྱས་སོ། །

དེ་ནས་ཕ་མ་གཉིས་ཀྱིས་དེ་མཐོང་ནས། བུ་ཁྱོད་ཀྱིས་སྨོན་ལམ་ཇི་སྐད་བཏབ་ཅེས་དྲིས་པ་དང་། དེས་དེ་གཉིས་ལ་ཐམས་ཅད་རྒྱས་པར་བསྙད་ནས། དེ་ཐོས་མ་ཐག་ཏུ་དེ་གཉིས་ཀྱིས་ཀྱང་སྨོན་ལམ་བཏབ་སྟེ། ཀྱེ་མ་དགེ་བའི་རྩ་བ་འདིས་ན་བདག་ཅག་གཉིས་ཀྱང་གང་

เล่ม ๗๓ · หน้า 220b

དང་གང་དུ་སྐྱེ་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཅིག །འདི་ཉིད་བདག་ཅག་གི་བུར་གྱུར་ནས་འདི་ཁོ་ན་ལས་བརྟེན་ཏེ། བདག་ཅག་གཉིས་ཀྱིས་སྟོན་པ་འདི་འདྲ་བ་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་

ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་ཤོག་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་བློན་པོའི་བུར་གྱུར་པ་གང་ཡིན་པ་དེ་ནི་བཟང་པོ་འདི་ཁོ་ན་ཡིན་ནོ། །

དེའི་ཚེ་ཕ་མར་གྱུར་པ་གང་ཡིན་པ་དེ་གཉིས་ནི་ཕ་མ་འདི་གཉིས་ཁོ་ན་ཡིན་ནོ། །དེས་མཆོད་རྟེན་དེ་ལ་བཀུར་སྟི་བྱས་ནས་སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས་ནི། གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། དགེ་

སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་དང་ཤིན་ཏུ་མཉམ་པ་དང་། ཤུགས་མཉམ་པ་དང་། མཛད་པ་མཉམ་པ་དང་། ཐབས་མཉམ་པ་བརྙེས་པར་གྱུར་ནས། འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་

ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེར་ཕ་མ་དེ་གཉིས་ཀྱིས་མཆོད་རྟེན་དེ་ལ་བཀུར་སྟི་བྱས་ནས་སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས་ནི་གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་

སྤྱོད་ཆེ་བའི་རིགས་སུ་སྐྱེས་ནས། བུ་འདི་ཁོ་ན་ལས་བརྟེན་ཏེ་འདི་གཉིས་ཀྱིས་ང་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་པ་ལ་ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །གཞན་ཡང་ཡང་དག་

པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཡང་འདི་གསུམ་ཆར་རབ་ཏུ་བྱུང་སྟེ། དེར་འདི་རྣམས་ཀྱིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་དབང་པོ་ཡོངས་སུ་སྨིན་པར་བྱས་ཏེ་དེས་ན་ད་ལྟར་རྣམ་པར་གྲོལ་བར་གྱུར་ཏོ།། །།ལས་བརྒྱ་ཐམ་པ། བམ་པོ་བཅུ་དགུ་

เล่ม ๗๓ · หน้า 221a

པ། ལྷར་བཅས་ཞེས་བྱ་བ་ནི། ཡུལ་སེར་སྐྱའི་གནས་ན་རྒྱལ་པོ་སེང་གེ་འགྲམ་ཞེས་བྱ་བ་ནི་རྒྱལ་པོ་བྱེད་དོ། །ཡུལ་ལྷ་མཐོང་ཞེས་བྱ་བ་ན་ནི་རྒྱལ་པོ་ལེགས་རྟོགས་རྒྱལ་པོ་བྱེད་དེ། དེ་གཉིས་མཛའ་ཞིང་བཤེས་ལ་གཅུགས་པར་གྱུར་ཏོ། །དེ་ནས་རྒྱལ་

པོ་སེང་གེ་འགྲམ་ཡིད་སྨོན་བྱེད་པ། ཀྱེ་མ་བདག་གི་རྒྱུད་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱུང་ན་ཅི་མ་རུང་སྙམ་མོ། །དེ་ནས་མཐར་གྱིས་དེའི་བུ་བཞི་བྱུང་སྟེ། ཟས་གཙང་དང་བྲེ་བོ་ཟས་དང་བདུད་རྩི་ཟས་དང་ཟས་དཀར་རྣམས་བྱུང་ངོ་། །བུ་མོ་ཡང་བཞི་བྱུང་སྟེ། དག་

མ་དང་། བྲེ་མོ་མ་དང་། བདུད་རྩི་མ་དང་། དཀར་མོ་རྣམས་བྱུང་ངོ་། །དེ་ནས་རྒྱལ་པོ་ལེགས་རྟོགས་ཡིད་སྨོན་བྱེད་པ། ཀྱེ་མ་བདག་སེང་གེ་འགྲམ་དང་གཉེན་དུ་གྱུར་ཀྱང་ཅི་མ་རུང་སྙམ་མོ། །དེ་ནས་དེ་ཡང་བཙུན་མོ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་

པ་ལས་བུ་བཙས་ཏེ་དེའི་མིང་ལྷར་བཅས་ཞེས་བཏགས་སོ། །དེ་ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཁྱེའུ་དེ་ཡི་གེ་སློབ་ཏུ་བཅུག་སྟེ། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་རྣམས་ཀྱི་བཟོའི་གནས་དང་ལས་ཀྱི་གནས་ཐ་དད་པ་འདི་ལྟ་སྟེ། གླང་པོ་ཆེ་ཞོན་པ་དང་། རྟ་ཞོན་

པ་དང་། མཚོན་ཆ་བཅང་བ་དང་། འཕོང་དང་མདུན་དུ་བསྣུར་བ་དང་། ཕྱིར་བསྣུར་བ་དང་། གཡུལ་ལས་འབྱུང་བར་བྱ་བ་དང་། ལྕགས་ཀྱུ་གཟུང་བ་དང་། ཞགས་པ་གཟུང་བ་དང་། མདའ་བོ་ཆེ་འཕང་བ་དང་། རྡོ་རྗེ་རྩེ་གཅིག་པ་འཕང་བ་དང་། མཚོན་རྩེ་གཅིག་པ་གདབ་

པ་དང་། འཁོར་ལོ་འཕང་བ་དང་། གཅད་པ་དང་། གཤེག་པ་དང་། ལག་པས་གཟུང་བ་དང་། རྐང་པའི་སྟབས་དང་། མགོ་བོ་བསྐྱབ་པ་དང་། རྒྱང་མར་འཕང་བ་དང་། སྒྲ་གྲག་པར་འཕང་བ་དང་། གནད་དུ་འཕང་བ་དང་གདོན་མི་ཟ་བར་ཕོག་པར་བྱ་བ་དང་

ཚབས་ཆེར་གཏང་བ་རྣམས་ཀྱང་བསླབས་ནས་གནས་ལྔ་ལ་བྱང་བར་གྱུར་ཏེ་དེ་འདྲ་བའི་ཟླ་གཞན་མེད་དོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོ་ལེགས་རྟོགས་ལ་བུ་མོ་གཉིས་བྱུང་སྟེ། དེ་ལ་གཅིག་གི་མིང་ནི་སྒྱུ་འཕྲུལ་ཞེས་བཏགས་སོ། །གཅིག་གི་མིང་ནི་སྒྱུ་འཕྲུལ་ཆེན་མོ་ཞེས་བཏགས་ཏེ།

เล่ม ๗๓ · หน้า 221b

དེ་གཉིས་བྲམ་ཟེ་མཚན་མཁན་བྱེ་བྲག་ཕྱེད་པ་རྣམས་ཀྱིས་ལུང་བསྟན་པ། གཅིག་ལ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཙའ་བར་འགྱུར་རོ། །ཅིག་ཤོས་ལ་ནི་གཞོན་ནུ་མཚན་དང་ལྡན་པ་བཙའ་བར་འགྱུར་རོ། །ཞེས་ལུང་བསྟན་ཏོ། །དེ་ནས་རྒྱལ་པོ་སེང་གེ་འགྲམ་གྱིས་ཐོས་ནས་

དེ་གཉིས་ཟས་གཙང་གི་བཙུན་མོར་བླངས་སོ། །དེ་ནས་ཕྱི་ཞིག་ན་བྱང་ཆུབ་སེམས་དཔའ་ལྷའི་རིས་དགའ་ལྡན་གྱི་གནས་ནས་ཤི་འཕོས་ནས་ཡུམ་གྱི་ལྷུམས་སུ་ཞུགས་ཏེ། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་སྲས་བལྟམ་སྟེ། དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་སློབ་ཏུ་བཅུག་

ནས་དེ་ཡི་གེ་མཐར་ཕྱིན་པར་གྱུར་ཏོ། །བསྟན་བཅོས་ཐམས་ཅད་ཀྱང་དེས་རྟོགས་སོ། །གར་དང་གླུ་དང་རོལ་མོའི་སྒྲ་ཐམས་ཅད་ལ་ཡང་མཐར་ཕྱིན་ཏོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་བསམས་པ། ད་ནི་གཞོན་ནུ་ལ་འཕོང་བསླབ་དགོས་སོ་སྙམ་ནས་ཤཱཀྱ་རྣམས་ལ་དྲིས་

པ། འདི་ན་འཕོང་གི་སློབ་དཔོན་གྱི་མཆོག་སུ་ཡོད་སུ་ལ་བསླབས་ན་གཞོན་ནུ་འཕོང་ལོབས་པར་འགྱུར་ཞེས་སྨྲས་སོ། །ཤཱཀྱ་རྣམས་ཀྱིས་སྨྲས་པ། ལྷ་འཕོང་གི་སློབ་དཔོན་གཞན་ལྟ་ཞོག་སྟེ། རྒྱལ་པོ་ལེགས་རྟོགས་ཀྱི་བུ་ལྷར་བཅས་ཞེས་བགྱི་བ་འཕོང་གི་སློབ་དཔོན་

གྱི་མཆོག་ཅིག་མཆིས་ཏེ། དེ་འདྲ་བའི་ཟླ་གཞན་མ་མཆིས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་ཟས་གཙང་གིས་ལྷར་བཅས་ཕོ་ཉས་བཀུག་ནས་སྨྲས་པ། ལྷར་བཅས་ཁྱོད་ཀྱིས་གཞོན་ནུ་འདི་ལ་འཕོང་སློབས་ཤིག །ལྷར་བཅས་ཀྱིས་སྨྲས་པ། ཇི་ལྟར་ལྷས་དགོངས་

པ་བཞིན་དུ་བགྱིའོ་ཞེས་བྱས་ནས་དེ་གཞོན་ནུ་འཕོང་སློབ་པ་ལ་ཞུགས་ཏེ། །དེས་བྱང་ཆུབ་སེམས་དཔའ་ལ་ཅི་བྱའོ་ཅོག་བསྟན་ནས་ཐམས་ཅད་ལོབས་སོ། །བྱང་ཆུབ་སེམས་དཔས་ཀྱང་གང་ལ་ལྷར་བཅས་ཀྱི་ཡུལ་མ་ཡིན་པའི་ཐབས་གཞན་དག་བསྟན་ཏོ། །དེ་ནས་ལྷར་བཅས་

ཀྱིས་བྱང་ཆུབ་སེམས་དཔའི་བརྩོན་པ་དང་སྔོན་མ་བྱུང་བའི་ཐབས་རྣམས་མཐོང་ནས་ངོ་མཚར་དུ་གྱུར་ཏེ། དེས་འཕོང་གི་ཐབས་དེ་དག་གི་སློབ་མ་བྱས་ནས་བྱང་ཆུབ་སེམས་དཔའ་ལས་བསླབས་སོ། །དེས་གང་གི་ཚེ་བྱང་ཆུབ་སེམས་དཔས་རྒན་པོ་དང་ནད་པ་དང་ཤི་བ་མཐོང་ནས།

เล่ม ๗๓ · หน้า 222a

ནགས་ཀྱི་ནང་དུ་གནས་བཅས་པ་དེའི་ཚེ། ལྷར་བཅས་ནི་ཡངས་པ་ཅན་དུ་སོང་ནས་དེ་ན་འདུག་པ་དང་ཡངས་པ་ཅན་གྱི་མི་རྣམས་ཀྱིས་དེ་ལ་གཞོན་ནུ་ལྔ་བརྒྱ་གཏད་དེ། ཁྱོད་ཀྱིས་གཞོན་ནུ་འདི་རྣམས་གནས་ལྔ་པོ་རྣམས་སློབས་ཤིག་ཅེས་བྱས་ནས།

དེས་རིང་པོ་མ་ཐོགས་པར་གཞོན་ནུ་ལྔ་བརྒྱ་པོ་རྣམས་ལ་འཕོང་བསླབས་ཏེ། དེ་དག་གནས་ལྔའི་མཐར་ཕྱིན་པར་གྱུར་ཏོ། །དེ་ནས་དེ་དག་འདི་ལྟ་བུའི་རྒྱགས་པ་སྐྱེས་ཏེ། སུ་ཡང་བདག་ཅག་ལས་གཟུགས་དང་སྟོབས་དང་ཤེས་པས་མཚུངས་པ་ཡང་མེད་ན་ལྷག་པ་ལྟ་ཅི་

སྨོས་སྙམ་མོ། །དེ་ནས་དེ་དག་ལ་ལྷར་བཅས་ཀྱིས་སྨྲས་པ། བུ་དག་རྒྱགས་པར་མ་བྱེད་ཅིག །ཁྱོད་ནི་ཤཱཀྱ་དག་གི་ནང་དུ་གཞོན་ནུ་སྐྱེས་པ་དེའི་རྐང་པའི་རྡུལ་དང་ཡང་མི་མཚུངས་ན། བྱད་གཟུགས་སམ་སྟོབས་སམ་ཤེས་པས་མཉམ་པ་ལྟ་ཅི་སྨོས་ཞེས་བྱས་སོ། །དེ་

ནས་དེ་ཐོས་མ་ཐག་ཏུ་གཞོན་ནུ་དེ་དག་ལྟ་འདོད་པར་གྱུར་ཏེ། བདག་ཅག་དོང་ལ་གཞོན་ནུ་དེ་བལྟ་བར་བྱའོ་ཞེས་ཟེར་ཏོ། །དེ་ནས་ལྷར་བཅས་ཀྱིས་སྨྲས་པ། གཞོན་ནུ་དེས་ནི་ནགས་ཀྱི་ནང་དུ་གནས་བཅས་ཏེ། ད་ཁྱོད་ཀྱིས་དེ་མཐོང་བར་མི་འགྱུར་རོ་ཞེས་བྱས་སོ། །དེ་ནས་

དེའི་བར་སྐབས་སུ་བཅོམ་ལྡན་འདས་གདུལ་བར་བྱ་བའི་དོན་མཛད་ཅིང་། མཐར་གྱིས་ཡངས་པ་ཅན་དུ་གཤེགས་སོ། །དེ་ནས་ལྷར་བཅས་ཀྱིས་དེ་ཐོས་ནས་གཞོན་ནུ་དེ་དག་ལ་སྦྲན་ཏེ། དེ་ཐོས་མ་ཐག་ཏུ་གཞོན་ནུ་ལྔ་བརྒྱ་པོ་དེ་དག་ལྟ་འདོད་ཆེས་ནས། ལྷར་བཅས་དང་ལྷན་ཅིག་

ཏུ་བཅོམ་ལྡན་འདས་ག་ལ་བ་དེར་དོང་ནས། གཞོན་ནུ་ལྔ་བརྒྱ་པོ་དེ་དག་གིས་བཅོམ་ལྡན་འདས་མཛེས་ཤིང་ཡིད་དུ་འཐད་ལ་དབང་པོ་ཞི་བ་ཐུགས་ཞི་བ་ཐུགས་མཆོག་ཏུ་དུལ་བ་དང་རྣམ་པར་ཞི་བ་དང་ལྡན་པ་གསེར་གྱི་མཆོད་སྡོང་ལྟར་དཔལ་དང་གཟི་བརྗིད་འབར་བ་མཐོང་ངོ་། །

མཐོང་ནས་ཀྱང་དེ་དག་གི་གཟུགས་ཀྱི་རྒྱགས་པ་གང་ཡིན་པ་དེ་དག་མེད་པར་གྱུར་ཏེ། དེ་རྣམས་ཀྱིས་བསམས་པ། འདི་བདག་ཅག་ལས་བྱད་གཟུགས་ཀྱིས་ནི་ཆེས་ལྷག་མོད་ཀྱི་སྟོབས་ཀྱིས་ནི་དེ་ལྟ་མ་ཡིན་ནོ་སྙམ་དུ་བསམས་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་

เล่ม ๗๓ · หน้า 222b

སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། འདི་རྣམས་ཀྱི་ང་རྒྱལ་བཅག་དགོས་སོ་སྙམ་དུ་དགོངས་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་དགོངས་པ་བསྐྱེད་

དེ། ཀྱེ་མ་ལྷའི་དབང་པོ་བརྒྱ་བྱིན་གྱིས་མདའ་གཞུ་བླངས་ཏེ་ང་ལ་ལྟར་འོངས་ན་ལེགས་སོ་སྙམ་དུ་དགོངས་ནས། བཅོམ་ལྡན་འདས་ཀྱིས་དགོངས་པ་བསྐྱེད་པའི་མོད་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་མདའ་གཞུ་བླངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་འོངས་སོ། །

དེ་ནས་བཅོམ་ལྡན་འདས་ཀྱིས་གཞོན་ནུ་དེ་དག་གི་ང་རྒྱལ་བཅག་པའི་ཕྱིར། རང་བཞིན་གྱི་སྐུ་མི་སྣང་བར་མཛད་དེ་ལྷའི་ལུས་ལྟ་བུར་སྤྲུལ་ནས། གཞོན་ནུ་དེ་དག་དང་ཐག་མི་རིང་བ་ཞིག་ཏུ་ལྕགས་ཀྱི་ཏ་ལ་བདུན་དང་། འཁོར་ལོ་བདུན་དང་། རྔ་བོ་ཆེ་བདུན་དང་། ཕག་བདུན་

སྤྲུལ་ནས། བཅོམ་ལྡན་འདས་ཀྱིས་གཞོན་ནུ་དེ་དག་ལ་བཀའ་སྩལ་པ། བུ་དག་ཁྱེད་ཀྱིས་མདའ་གཞུ་འདི་ལོང་ལ་འབེན་འདི་ལ་མདའ་འཕོངས་ཤིག་ཅེས་གསུངས་ནས་དེ་ཐོས་མ་ཐག་ཏུ་གཞོན་ནུ་དེ་དག་གིས་གཞུ་བླངས་ཏེ་བདུང་ཞེས་བྱས་ན། བདུང་ཡང་མ་ནུས་ནས་བཅོམ་

ལྡན་འདས་ཀྱིས་བདེ་བླག་ཏུ་བདུངས་ཏེ། མདའ་ཡང་བླངས་ནས་མདའ་དེ་འབེན་དེ་དག་ལ་འཕངས་ཏེ། དེས་ལྕགས་ཀྱི་ཏ་ལ་བདུན་དང་། འཁོར་ལོ་བདུན་དང་། རྔ་བོ་ཆེ་བདུན་དང་། ཕག་བདུན་ལས་ཐལ་ནས་མདའ་དེ་སའི་འོག་ཏུ་སོང་ངོ་། །དེ་ནས་དེ་མཐོང་མ་ཐག་ཏུ་

གཞོན་ནུ་དེ་དག་གི་སྟོབས་ཀྱིས་རྒྱགས་པར་གྱུར་པ་གང་ཡིན་པ་དེ་ཡང་མེད་པར་གྱུར་ཏོ། །བཅོམ་ལྡན་འདས་ལ་ཡང་དགའ་བར་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་དེ་དག་ཡིད་དགའ་བར་གྱུར་པར་ཐུགས་སུ་ཆུད་ནས། དེ་དང་འཐུན་པའི་ཆོས་བསྟན་ཏེ། དེ་ནས་གཞོན་ནུ་

ལྔ་བརྒྱ་པོ་དེ་དག་གིས་སྟན་དེ་ཁོ་ན་ལ་འཁོད་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེ་དག་གིས་བདེན་པ་མཐོང་ནས། སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་

เล่ม ๗๓ · หน้า 223a

ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་

རུང་ན། བདག་ཅག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་དེ་དག་ལ་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ། བསྙེན་པར་རྫོགས་པར་མཛད་ནས་དེ་དག་ལ་ལུང་ཡང་ཕོག་གོ། །དེ་དག་གིས་

ཀྱང་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དག་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་

དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ་རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ་སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ་དབང་པོ་དང་ཉེ་དབང་དང་བཅས་

པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་གཞོན་ནུ་ལྔ་བརྒྱ་པོ་རྣམས་ལྷར་བཅས་ལས་བརྟེན་ཏེ། ང་རྒྱལ་བཅག་ནས་གཡུང་དྲུང་གི་

མཐར་ཕྱིན་པ་དང་། གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་གཞག་པ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་འདི་རྣམས་ལྷར་བཅས་ལས་བརྟེན་ཏེ། དྲེགས་པ་བཅོམ་ནས། བསམ་གཏན་

བཞི་དང་མངོན་པར་ཤེས་པ་ལྔ་ལ་བཀོད་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་ཙམ་པ་ཞེས་བྱ་བ་ན། རྒྱལ་པོ་གང་ཆེན་མཚོའི་ལྷ་ཞེས་བྱ་བ་རྒྱལ་པོ་བྱེད་དེ། ཕྱི་ཞིག་ན་དེའི་བཙུན་མོ་ལ་བུ་ཆགས་ནས། དེ་ཟླ་བ་དགུའམ་ཟླ་བ་བཅུ་ལོན་

เล่ม ๗๓ · หน้า 223b

པ་དང་བུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཚན་པོ་ཆེའི་སྟོབས་དང་ལྡན་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས། ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཁྱེའུ་འདི་གང་ཆེན་མཚོའི་ལྷའི་བུ་ཡིན་པས་ན་ཁྱེའུ་འདིའི་

མིང་རྒྱ་མཚོའི་ལྷ་ཞེས་གདགས་སོ་ཞེས་ཟེར་ཏོ། །དེ་ནས་ཁྱེའུ་རྒྱ་མཚོའི་ལྷ་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུ་རྣམས་ཀྱིས་བསྐྱེད་བསྲིངས་ཏེ། དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཁྱེའུ་དེ་ཡི་གེ་སློབ་ཏུ་བཅུག་སྟེ། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་

རྒྱལ་པོ་རྣམས་ཀྱིས་བཟོའི་གནས་དང་ལས་ཀྱི་གནས་ཐ་དད་པ་འདི་ལྟ་སྟེ། གླང་པོ་ཆེ་ཞོན་པ་དང་། རྟ་ཞོན་པ་དང་། མཚོན་ཆ་བཅང་བ་དང་། འཕོང་བ་དང་། མདུན་དུ་བསྣུར་བ་དང་། ཕྱིར་བསྣུར་བ་དང་། གཡུལ་ལས་འབྱུང་བར་བྱ་བ་དང་། ལྕགས་ཀྱུ་གཟུང་བ་དང་། ཞགས་

པ་གཟུང་བ་དང་། མདའ་བོ་ཆེ་འཕང་བ་དང་། རྡོ་རྗེ་རྩེ་གཅིག་པ་འཕང་བ་དང་། མཚོན་རྩེ་གཅིག་པ་གདབ་པ་དང་། འཁོར་ལོ་འཕང་བ་དང་། གཅད་པ་དང་། གཤེག་པ་དང་། ལག་པས་གཟུང་བ་དང་། རྐང་པའི་སྟབས་དང་། མགོ་བོ་བསྐྱབ་པ་དང་། རྒྱང་མར་འཕང་བ་དང་།

སྒྲ་གྲག་པར་འཕང་བ་དང་། གནད་དུ་འཕང་བ་དང་། གདོན་མི་ཟ་བར་ཕོག་པར་བྱ་བ་དང་། ཚབས་ཆེར་གཏང་བ་རྣམས་ཀྱང་བསླབས་ནས་གནས་ལྔ་ལ་བྱང་བར་གྱུར་ཏོ། །དེ་ནས་དེས་བལྟས་ན། ཕ་ཆོས་བཞིན་དང་། ཆོས་བཞིན་མ་ཡིན་པར་རྒྱལ་སྲིད་བྱེད་པ་མཐོང་ནས་

དེའི་བློ་སྐྱེས་པ། ཕ་འདས་པའི་འོག་ཏུ་བདག་གིས་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱ་དགོས་པར་འགྱུར་གྱིས། བདག་གིས་ཁྱིམ་ན་གནས་པ་བཏང་ལ་ནགས་ཀྱི་ནང་དུ་གནས་བཅའ་བར་བྱའོ་སྙམ་དུ་བསམས་ནས། ཡབ་ལ་གསོལ་ཏེ་ནགས་ཀྱི་ནང་དུ་གནས་བཅས་

སོ། །དེས་དེར་སོང་ནས་བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དེ་རབ་ཏུ་བྱུང་བ་དང་རྒྱལ་པོའི་བློན་པོ་ལྔ་བརྒྱའི་བུ་བཙས་ནས། དེ་དག་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ། དེ་དག་ཡི་གེ་སློབ་ཏུ་བཅུག་སྟེ་གནས་ལྔའི་བར་དུ་བྱང་བར་གྱུར་ཏོ། །དེ་དག་བློ་

เล่ม ๗๓ · หน้า 224a

འདི་ལྟ་བུ་སྐྱེས་ཏེ་གཞན་སུ་ཡང་བྱད་གཟུགས་དང་སྟོབས་དང་ཤེས་པས་བདག་ཅག་དང་མཉམ་པ་ཡང་མེད་ན་ལྷག་པ་ལྟ་ཅི་སྨོས་སྙམ་མོ། །དེ་ནས་འཕོང་གི་སློབ་དཔོན་གྱིས་དེ་དག་ལ་སྨྲས་པ། བུ་དག་དེ་སྐད་མ་ཟེར་ཅིག །ཁྱོད་ནི་རྒྱལ་པོ་འདི་ཉིད་ཀྱི་བུ་རབ་

ནགས་ཀྱི་ནང་དུ་གནས་བཅས་པ་དེའི་བྱད་གཟུགས་དང་སྟོབས་དང་ཤེས་པའི་བརྒྱའི་ཆར་ཡང་མི་ཕོད་སྟོང་གི་ཆར་ཡང་མི་ཕོད་དོ་ཞེས་བྱས་ནས། དེ་ཐོས་མ་ཐག་ཏུ་གཞོན་ནུ་དེ་དག་དྲང་སྲོང་དེ་ལྟ་འདོད་པར་གྱུར་ཏེ། འཕོང་གི་སློབ་དཔོན་དེ་ཉིད་དང་ལྷན་ཅིག་ཏུ་དྲང་སྲོང་དེ་ག་ལ་བ་དེར་དོང་

ནས། གཞོན་ནུ་ལྔ་བརྒྱ་པོ་དེ་དག་གིས་ཐག་རིང་པོ་ཞིག་ནས་དྲང་སྲོང་མཛེས་ཤིང་ཡིད་དུ་འཐད་ལ་དབང་པོ་ཞི་ཞིང་ཡིད་ཞི་བ་དེ་མཐོང་ངོ་། །མཐོང་ནས་ཀྱང་དེ་དག་གི་གཟུགས་ཀྱི་རྒྱགས་པ་གང་ཡིན་པ་དེ་མེད་པར་གྱུར་ཏེ། དེ་དག་གིས་བསམས་པ། བདག་ཅག་གི་སློབ་དཔོན་གྱིས་

འདིའི་བྱད་གཟུགས་མཛེས་པ་དང་ཡོན་ཏན་རྣམས་བསྔགས་པ་ལས། འདིའི་བྱད་གཟུགས་དེ་ཁོ་ན་བཞིན་དུ་གྱུར་པ་ལས་ན། འདིའི་ཡོན་ཏན་རྣམས་ཀྱང་དེ་ཁོ་ན་བཞིན་དུ་ཡོད་པར་ངེས་ཀྱིས། བདག་ཅག་ཁྱིམ་ན་གནས་པ་བཏང་ལ་འདི་ཉིད་ཀྱི་ཐད་དུ་ཚངས་པར་སྤྱོད་པར་སྤྱད་

པར་བྱའོ་སྙམ་དུ་བསམས་ནས་དེ་ཉིད་ཀྱི་ཐད་དུ་རབ་ཏུ་བྱུང་སྟེ། དེ་དག་དེར་རབ་ཏུ་བྱུང་ནས་བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དྲང་སྲོང་དུ་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ང་ཉིད་

ཡིན་ནོ། །དེའི་ཚེ་གཞོན་ནུ་ལྔ་བརྒྱར་གྱུར་པ་གང་ཡིན་པ་དེ་དག་ནི་འདི་དག་ཉིད་ཡིན་ནོ། །དེའི་ཚེ་འཕོང་གི་སློབ་དཔོན་དུ་གྱུར་པ་གང་ཡིན་པ་དེ་ནི་ལྷར་བཅས་འདི་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་འདི་རྣམས་ལྷར་བཅས་འདི་ཁོ་ན་ལ་བརྟེན་ཏེ། ངས་དྲེགས་པ་བཅོམ་ནས་བསམ་གཏན་

བཞི་དང་མངོན་པར་ཤེས་པ་ལྔ་ལ་བཀོད་དོ། །ད་ལྟར་ཡང་འདི་རྣམས་ལྷར་བཅས་ཁོ་ན་ལས་བརྟེན་ཏེ། ངས་གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་དོ། །གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་འདི་

เล่ม ๗๓ · หน้า 224b

དག་ཐམས་ཅད་རབ་ཏུ་བྱུང་སྟེ། དེར་འདི་རྣམས་ཀྱིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་ཅག་གིས་

མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་ཤོག་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས་དེའི་ཚེ། ཡང་དག་པར་

རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་རབ་ཏུ་བྱུང་བའི་དགེ་སློང་ལྔ་བརྒྱ་པོ་གང་ཡིན་པ་དེ་དག་ནི། ད་ལྟར་རབ་ཏུ་བྱུང་བ་འདི་དག་ཉིད་ཡིན་ཏེ། དེ་དག་གིས་དེར་རབ་ཏུ་བྱུང་ནས་ཚེ་གཅིག་གི་བར་དུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་སྟེ། ཡང་དག་

པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་ཅག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པ་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་

ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་ཤོག་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་། ཤུགས་མཉམ་པ་དང་། མཛད་པ་མཉམ་པ་དང་། ཐབས་མཉམ་པ་བརྙེས་པར་གྱུར་

ནས། འདི་རྣམས་ཀྱིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ་ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།གླང་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་

མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ནས་ཐག་མི་རིང་བ་ཞིག་ན། བ་ལང་གི་ཁྱུ་དག་ཅིག་འཁོད་དེ། དེར་གླང་ཁྱུ་མཆོག་གཉིས་འཐབས་ནས་གཅིག་གིས་གཅིག་བརྡུངས་ནས་གཅིག་གི་ལྟོ་དྲལ་ཏེ། དེའི་རྒྱུ་མ་ས་ལ་ལྷུང་ནས་ཟླ་དེ་ལ་སྡང་བའི་སེམས་སྐྱེས་ཏེ་ས་ལ་

เล่ม ๗๓ · หน้า 225a

སྒྱེལ་ཏོ། །སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་པུའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་

ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ།

ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ་རྣམས་ནི་ཆོས་ཉིད་ཀྱིས་ཉིན་དུས་གསུམ་མཚན་དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ། སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག །སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་

པ་དང་ལྡན། སུ་ནི་ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ། མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་

ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་དགེ་བའི་

རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི་སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ། །རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །

གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། གལ་ཏེ་གླང་དེ་ད་ལྟའི་སྐབས་སུ་ཤི་བར་གྱུར་ན་ནི། སེམས་ཅན་དམྱལ་བར་འགྲོ་བར་འགྱུར་ཏེ། འདི་ངན་སོང་ལས་དབྱུང་བའི་དུས་ལ་བབ་པོ་སྙམ་

เล่ม ๗๓ · หน้า 225b

དུ་དགོངས་ནས། བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ནས་མི་སྣང་བར་གྱུར་ཏེ་གླང་གི་དྲུང་དུ་གཤེགས་ནས། བཅོམ་ལྡན་འདས་ཀྱིས་གླང་དེའི་རྒྱུ་མ་རྣམས་ཕྱིར་ལྟོའི་ནང་དུ་བཅུག་སྟེ། རྨ་ཁ་དྲུབས་ནས་རྩྭ་དང་ཆུ་ཡང་བྱིན་ཏེ་བཀའ་སྩལ་པ། བཞིན་བཟངས་འདི་

ལྟར་འདུ་བྱེད་ཐམས་ཅད་ནི་མི་རྟག་གོ། །ཆོས་ཐམས་ཅད་ནི་བདག་མེད་དོ། །མྱ་ངན་ལས་འདས་པ་ནི་ཞི་བའོ། །ང་ལ་སེམས་དགའ་བར་གྱིས་ཤིག་དང་དུད་འགྲོའི་སྐྱེ་གནས་དང་བྲལ་བར་འགྱུར་ཡང་སྲིད་དོ་ཞེས་བཀའ་སྩལ་ཏོ། །དེ་ནས་དེ་བཅོམ་ལྡན་འདས་ལ་སེམས་

དགའ་བར་གྱུར་ཏེ། ཤི་འཕོས་ནས་དུས་ལས་འདས་ཏེ་མཉན་དུ་ཡོད་པ་དེ་ཉིད་དུ་ཚོང་དཔོན་ཞིག་གི་ཁྱིམ་དུ་ཉིང་མཚམས་སྦྱར་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ནས། དེའི་བཙས་སྟོན་རྒྱས་པར་བྱས་

ཏེ། རིགས་དང་འཐུན་པར་མིང་བཏགས་ནས། འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུ་རྣམས་ཀྱིས་བསྐྱེད་བསྲིངས་ཏེ། དེ་གང་གི་ཚེ་ལོ་བདུན་ལོན་པར་གྱུར་པ་དེའི་ཚེ། དེས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་རྙེད་ནས། དེས་ཕ་མ་གཉིས་ལ་གསོལ་

ཏེ་རབ་ཏུ་བྱུང་ནས། དེས་ལོ་བདུན་ལོན་པ་ཁོ་ན་ཉིད་ན་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དེས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ་དེས་དགྲ་བཅོམ་པ་ཐོབ་ནས་རྫུ་འཕྲུལ་གྱིས་འགྲོ་ཞིང་། གནས་གཞན་དང་གཞན་དག་ནས་ལོ་མའི་

ནང་དུ་མེ་ཏོག་དང་འབྲས་བུ་རྣམས་བཅུག་སྟེ། ཁྱེར་ཏེ་འོང་ཞིང་དགེ་འདུན་ལ་འབུལ་བར་བྱེད་དོ། །དེ་ནས་དགེ་སློང་རྣམས་ཀྱིས་དེ་མཐོང་ནས་ཡ་མཚན་དུ་གྱུར་ཏོ། །ཡ་མཚན་དུ་གྱུར་ནས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་དགེ་ཚུལ་པ་འདིས་ལོ་བདུན་ལོན་ལགས་

ན་ཡོན་ཏན་འདི་ལྟ་བུ་རྟོགས་པ་ལ་གཟིགས། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། ཁྱེད་ཀྱིས་གླང་གི་རྒྱུ་མ་ངས་ལྟོར་བཅུག་ནས་ཆོས་ཚིག་གསུམ་བསྟན་པ་དེ་མཐོང་ངམ། གསོལ་པ། བཙུན་པ་མཐོང་ལགས་སོ། །བཀའ་སྩལ་པ།

เล่ม ๗๓ · หน้า 226a

དེ་ང་ལ་སེམས་དགའ་བར་བྱས་ནས་ཤི་འཕོས་ཏེ་དུས་ལས་འདས་ནས། མཉན་དུ་ཡོད་པ་འདི་ཉིད་དུ་ཚོང་དཔོན་གྱི་ཁྱིམ་དུ་སྐྱེས་ནས། དེ་ངའི་བསྟན་པ་ལ་རབ་ཏུ་བྱུང་སྟེ། ལོ་བདུན་ལོན་པ་ཁོ་ན་ན་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་

དུ་བྱས་སོ། །གསོལ་པ། བཙུན་པ་དགེ་ཚུལ་ཕ་འདིས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་གླང་དུ་སྐྱེས་ལགས་ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས། དེ་ནས་ཤི་འཕོས་ནས་མིར་སྐྱེས་ལ་འདིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ། མི་མཉེས་

པར་མ་བགྱིས་ནས་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པ་རྣམས་ཕམ་པར་བགྱིས་ཏེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་ཉིད་ཀྱིས་ལས་དེ་བྱས་ཤིང་བསགས་ཏེ།

དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་

པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་གསུང་རབ་ལ་རབ་ཏུ་བྱུང་སྟེ་དགེ་སློང་ཆུའི་ཞལ་ཏ་བྱེད་པར་གྱུར་ཏེ། དེ་དགེ་འདུན་ལ་རིལ་བ་སྤྱི་བླུགས་ཀྱིས་ཆུ་འདྲིམ་པ་ལས། དགེ་སློང་དགྲ་བཅོམ་པ་

གཞན་ཞིག་ཡེངས་པར་གྱུར་ཏེ། དེ་དེ་དང་ཐུག་ནས་ཆུའི་ཞལ་ཏ་བྱེད་པ་དེའི་རིལ་བ་ལག་ནས་ཤོར་ཏེ་ཆག་ནས། དེ་ཁྲོས་པས། དགྲ་བཅོམ་པ་དེ་ལ་སྨྲས་པ། འདི་ནི་གླང་དིར་པོ་བཞིན་དུ་ཆེ་ཞིང་ཚོར་ཕྲིག་མེད་པ་ཞིག་གོ་ཞེས་བྱས་ནས། དེའི་ཚིག་དེ་དགྲ་བཅོམ་པ་དེས་

ཐོས་ནས་དེས་དེ་ཕྱོགས་གཅིག་ཏུ་ཁྲིད་དེ་སྨྲས་པ། བཙུན་པ་ཁྱོད་བདག་སུ་ཡིན་པ་དང་ང་སུ་ཡིན་པ་ཤེས་སམ་དེས་སྨྲས་པ། ངས་ཤེས་ཏེ། ཁྱོད་ཀྱང་རབ་ཏུ་བྱུང་བ་ཡིན་ལ། ང་ཡང་རབ་ཏུ་བྱུང་བ་ཡིན་ནོ། །དེས་སྨྲས་པ། འོ་བུ་ཅག་རབ་ཏུ་བྱུང་བར་འདྲ་མོད་ཀྱི། ཁྱོད་ནི་བཅིང་

เล่ม ๗๓ · หน้า 226b

བ་ཐམས་ཅད་ཀྱིས་བཅིངས་པའི་སོ་སོའི་སྐྱེ་བོ་ཡིན་ལ། ང་ནི་འཆིང་བ་ཐམས་ཅད་ལས་གྲོལ་བ་ཡིན་ན། ཁྱོད་ཀྱིས་ཚིག་རྩུབ་པོ་སྨྲས་ཀྱིས། ཉེས་པ་ལ་ཉེས་སོ་ཞེས་བཤགས་པར་གྱིས་ཤིག །ཁྱོད་འཁོར་བ་ན་འཁོར་ཞིང་མི་སྡུག་པའི་ལས་ཀྱི་འབྲས་བུ་རྙེད་ཏ་རེ་ཞེས་བྱས་སོ། །དེ་ནས་

དེ་ཐོས་མ་ཐག་ཏུ་དགེ་སློང་དེ་འགྱོད་པ་ཆེན་པོ་སྐྱེས་ཏེ། དེས་དགེ་སློང་དེའི་རྐང་པ་ལ་ཕྱག་འཚལ་ནས་བཟོད་པ་གསོལ་ཏེ། ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་པ་བདག་གིས་འདི་འདྲ་བའི་ཡོན་གནས་ཀྱི་མཆོག་ལ་ཚིག་རྩུབ་པོ་སྨྲས་པའི་ལས་འདི་ཅི་ནས་ཀྱང་

བདག་ལ་སྨིན་པར་མ་གྱུར་ཅིག །འདི་ལྟར་བདག་གིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ཅི་ཡང་མ་ཐོབ་ཀྱིས། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་

གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཆུའི་ཞལ་ཏ་

བྱེད་པར་གྱུར་པ་གང་ཡིན་པ་དེ་ནི་དགེ་ཚུལ་པ་འདི་ཉིད་ཡིན་ཏེ། དེས་དེར་ཁྲོས་ནས་དགྲ་བཅོམ་པ་དེ་ལ་ཚིག་རྩུབ་པོ་སྨྲས་པའི་ལས་དེའི་རྣམ་པར་སྨིན་པས་ཚེ་རབས་ལྔ་བརྒྱར་གླང་དུ་སྐྱེས་སོ། །དེས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་སྟེ། ཡང་དག་

པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་

སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་། ཤུགས་མཉམ་པ་དང་། མཛད་པ་མཉམ་པ་དང་། ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་པར་

เล่ม ๗๓ · หน้า 227a

བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།སྙིང་རྗེ་བཟང་པོ་ཞེས་བྱ་བ་ནི། གླེང་གཞི་ཡངས་པ་ཅན་ན་བཞུགས་ཏེ། དེའི་ཚེ་ཡངས་པ་ཅན་ན་སྡེ་དཔོན་སེང་

གེ་ཞེས་བྱ་བ་ཞིག་འདུག་སྟེ། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དགུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཚན་པོ་ཆེའི་སྟོབས་དང་ལྡན་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་མིང་སྙིང་རྗེ་བཟང་པོ་ཞེས་བཏགས་སོ། །དེ་ནས་ཁྱེའུ་

སྙིང་རྗེ་བཟང་པོ་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུ་རྣམས་ཀྱིས་བསྐྱེད་བསྲིངས་ཏེ། དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཁྱེའུ་དེ་ཡི་གེ་སློབ་ཏུ་བཅུག་སྟེ། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་རྣམས་ཀྱིས་བཟོའི་གནས་དང་། ལས་ཀྱི་གནས་ཐ་དད་པ་འདི་ལྟ་

སྟེ་གླང་པོ་ཆེ་ཞོན་པ་དང་། རྟ་ཞོན་པ་དང་། མཚོན་ཆ་བཅང་བ་དང་། འཕོང་དང་མདུན་དུ་བསྣུར་བ་དང་། ཕྱིར་བསྣུར་བ་དང་། གཡུལ་ལས་འབྱུང་བར་བྱ་བ་དང་། ལྕགས་ཀྱུ་གཟུང་བ་དང་། ཞགས་པ་གཟུང་བ་དང་། མདའ་བོ་ཆེ་འཕང་བ་དང་། རྡོ་རྗེ་རྩེ་གཅིག་པ་འཕང་

བ་དང་། མཚོན་རྩེ་གཅིག་པ་གདབ་པ་དང་། འཁོར་ལོ་འཕང་བ་དང་། གཅད་པ་དང་། གཤེག་པ་དང་། ལག་པས་གཟུང་བ་དང་། རྐང་པའི་སྟབས་དང་། མགོ་བོ་བསྐྱབ་པ་དང་། རྒྱང་མར་འཕང་བ་དང་། སྒྲ་གྲག་པར་འཕང་བ་དང་། གནད་དུ་འཕང་བ་དང་། གདོན་མི་ཟ་བར་ཕོག་

པར་བྱ་བ་དང་། ཚབས་ཆེར་གཏང་བ་རྣམས་ཀྱང་བསླབས་ནས་གནས་ལྔ་ལ་བྱང་བར་གྱུར་ཏོ། །དེ་ནས་དེ་མ་གྲངས་ནས་འཕྱོན་མ་རྣམས་ལ་ཡང་ཞུགས་སོ། །ཕྱིས་རེ་ཞིག་ན་དེ་ཕས་མཛའ་སྡེའི་ཁྲོད་དུ་བཏང་ནས་མཛའ་སྡེ་དེ་དག་དཔྱིད་ཀྱི་དུས་སུ་ཤིང་གྲིབ་མེ་ཏོག་རྒྱས་པ། ནེ་ཙོ་དང་རི་སྐེགས་

དང་རྨ་བྱ་དང་ཁུ་བྱུག་དང་ཤང་ཤང་ཏེའུ་རྣམས་སྐད་འབྱིན་པའི། སྐྱེད་མོས་ཚལ་གྱི་ནགས་ཁྲོད་དུ་སྨད་འཚོང་མའི་གཙོ་མོ་ཁྲིད་དེ་སོང་ནས་དེ་དག་དེ་ན་འཁོད་པ་ལས་སྨད་འཚོང་མའི་ཕྱིར་ཐབ་མོ་བྱུང་སྟེ། ཁྱེའུ་སྙིང་རྗེ་བཟང་པོ་ཁྲོས་པས་མཛའ་སྡེ་གསུམ་བསད་ནས། མཛའ་སྡེ་

เล่ม ๗๓ · หน้า 227b

རྣམས་དོང་སྟེ་སྡེ་དཔོན་སེང་གེ་ལ་སྨྲས་སོ། །དེ་ནས་སྡེ་དཔོན་སེང་གེས་དེ་ཐོས་ནས་བུ་དེ་བུ་མ་ཡིན་པར་བསྒྲགས་ཏེ་ཁྱིམ་ནས་ཀྱང་བསྐྲད་དོ། །དེ་ནས་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ཀྱིས་དེ་གསོད་དུ་བཏང་སྟེ། ཀ་ར་བཱི་རའི་མེ་ཏོག་གི་ཕྲེང་བས་མགུལ་པ་དཀྲིས་ནས། གཤེད་མ་ལ་

གཏད་དེ། གཤེད་མའི་མི་གོས་སྔོན་པོ་བགོས་ལ་རལ་གྲི་ཕྱུང་སྟེ་རྔ་སྒྲ་དྲག་པོ་སྒྲོགས་པ་དག་གིས། ཁྲིད་ནས་ལམ་པོ་ཆེའི་མདོ་རྣམས་སུ་བསྒྲགས་ཏེ། གསད་པའི་སར་ཕྱིན་ཏུ་ཉེ་བ་དང་དེ་སྲོག་གི་ཕྱིར་འཇིགས་ཤིང་སྐྲག་ནས་ཕན་ཚུན་དུ་ལྟ་སྟེ། བདག་ཕོངས་ཤིང་དཀོས་ཐག་པ་དང་

སྡུག་པའི་སྐྱབས་བྱེད་པ་དང་སྲོག་ཕངས་པ་སྦྱིན་པ་སུ་ཞིག་ཡོད་ཞིག་གུ་སྙམ་མོ། །སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་པུའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ།

མི་འཇིགས་པ་བཞིས་མི་འཇིག་པ། འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་

འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ་རྣམས་ནི་ཆོས་ཉིད་ཀྱིས་ཉིན་དུས་གསུམ་མཚན་དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་

ཤིང་འདུག །སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ། མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ།

སུ་ནི་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་

เล่ม ๗๓ · หน้า 228a

ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི་སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ། །རྒྱ་མཚོ་ཆུ་

སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱེའུ་སྙིང་རྗེ་བཟང་པོ་གདུལ་བའི་དུས་ལ་བབ་བོ་སྙམ་དུ་དགོངས་ནས་སྤྲེའུ་རྫིང་གི་

འགྲམ་ནས་མི་སྣང་བར་གྱུར་ཏེ། ཁྱེའུ་སྙིང་རྗེ་བཟང་པོའི་མདུན་དུ་བཞུགས་སོ། །དེ་ནས་ཁྱེའུ་སྙིང་རྗེ་བཟང་པོས་ཐག་རིང་པོ་ཞིག་ནས་བཅོམ་ལྡན་འདས་མཐོང་ངོ་། །མཐོང་ནས་ཀྱང་ཞབས་ལ་ཕྱག་འཚལ་ཏེ་གསོལ་པ། བཅོམ་ལྡན་འདས་བདག་ལ་དཀའ་བ་མཛད་ཅིང་སྲོག་

ཕངས་པའི་སྦྱིན་པ་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞོན་ནུ་ཁྱོད་ད་ནི་སྲོག་ཆུད་ཟ་བར་འགྱུར་བའི་འཇིགས་པ་མེད་ཀྱིས་མ་སྐྲག་ཤིག་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་ཀྱིས་ཡངས་པ་ཅན་གྱི་མི་རྣམས་ལ་བཀའ་སྩལ་པ། བཞིན་

བཟངས་དག་ཁྱེའུ་འདི་བསད་དེ་ཅི་རུང་གིས་ཐོང་ཤིག །ཡངས་པ་ཅན་གྱི་མི་རྣམས་ཀྱིས་གསོལ་པ། བཙུན་པ་གལ་ཏེ་རབ་ཏུ་བྱུང་ན་ནི་བཏང་བར་འཚལ་ལོ་ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཁྱེའུ་དེ་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་མཛད་ནས། དེ་ལ་ལུང་ཡང་ཕོག་སྟེ།

དེས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་ཁྱེའུ་སྙིང་རྗེ་བཟང་པོ་མ་གྲངས་པའི་སླད་དུ། ཡངས་པ་ཅན་གྱི་མི་རྣམས་ཀྱིས་གསོད་

དུ་བཏང་བ་ལས་བཅོམ་ལྡན་འདས་ཀྱིས་ཐར་བར་མཛད་དེ། གཡུང་དྲུང་གི་མཐར་ཐུག་པ། གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཞག་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་འདི་མ་གྲངས་

เล่ม ๗๓ · หน้า 228b

ཤིང་གཡེམ་པར་གྱུར་ནས་སྐྱེ་བོ་ཕལ་པོ་ཆེས་གསོད་དུ་བཏང་བ་ལས། ངས་སྐྱབས་བྱས་ཏེ། བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་ལ་ཇི་ལྟར་བཞག་པ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་རི་ཁྲོད་ཀྱི་གྲོང་ཞིག་ན། ཡུལ་མི་ཁ་མི་མཁས་ཤིང་གཡེམ་པ་ཞིག་

འདུག་ནས། སྐྱེ་བོ་མང་པོ་གླགས་ཚོལ་ཞིང་འདུག་པ་ལས། དེ་དག་གིས་གླགས་རྙེད་ནས་གཞན་གྱི་ཆུང་མ་ལ་བྱི་པོ་བྱེད་པ་ལས་བཟུང་སྟེ། རྒྱལ་པོ་ལ་ཕུལ་ནས་རྒྱལ་པོས་དེ་གསོད་དུ་བཏང་སྟེ། དེ་གཤེད་མ་རྣམས་ཀྱིས་ཁྲིད་དེ་གསད་པའི་སར་ཕྱིན་དུ་ཉེ་བ་དང་། རི་ཁྲོད་ཀྱི་གྲོང་དེ་ནས་ཐག་མི་

རིང་བ་དཀའ་ཐུབ་ཀྱི་གནས་ཞིག་ན་དྲང་སྲོང་ཞིག་གནས་ཏེ། དྲང་སྲོང་དེ་སྤྱོད་ཡུལ་ལ་ཆས་ནས་མི་དེ་དེས་མཐོང་ནས། མཐོང་མ་ཐག་ཏུ་རྐང་པ་ལ་ཕྱག་འཚལ་ཏེ། སྨྲས་པ་དྲང་སྲོང་བདག་ལ་དཀའ་བ་མཛད་པ་དང་། སྲོག་གི་སྦྱིན་པ་མཛད་དུ་གསོལ། དེ་ནས་དྲང་སྲོང་དེས་རྒྱལ་པོ་ལ་

གཏོད་དུ་བཅུག་ནས། དཀའ་ཐུབ་ཀྱི་གནས་སུ་ཁྲིད་དེ་རབ་ཏུ་ཕྱུང་ནས། དེར་བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དྲང་སྲོང་དུ་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ང་ཡིན་ནོ། །དེའི་ཚེ་མི་དེ་ནི་

ཁྱེའུ་སྙིང་རྗེ་བཟང་པོ་འདི་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་འདི་སྐྱེ་བོ་ཕལ་པོ་ཆེས་གསོད་དུ་བཏང་བ་ལས། ངས་སྐྱབས་བྱས་ནས་བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་ལ་བཞག་གོ། །ད་ལྟར་ཡང་འདི་མ་གྲངས་པའི་ཕྱིར་ཡངས་པ་ཅན་གྱི་མི་རྣམས་ཀྱིས་གསོད་དུ་བཏང་བ་ལས་

ངས་དེ་ལས་ཐར་བར་བྱས་ནས་གཡུང་དྲུང་གི་མཐར་ཕྱིན་པ་གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཞག་གོ། །གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་འདི་རབ་ཏུ་བྱུང་ནས། དེར་འདིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་

ཀར་སྨོན་ལམ་བཏབ་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด