ལས་བརྒྱ་ཐམ་པ་པ

ชื่อสันสกฤต (อักษรทิเบต ตามตัวบท) ཀརྨ་ཤ་ཏ་ཀ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๗๓ · หน้า 229a

ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དགེ་སློང་དུ་གྱུར་པ་གང་ཡིན་པ་དེ་ནི་སྙིང་རྗེ་བཟང་པོ་འདི་ཁོ་ན་ཡིན་ཏེ། དེས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་

ནས་འཆི་ཀར་སྨོན་ལམ་བཏབ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་

པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་། ཤུགས་མཉམ་པ་དང་། མཛད་པ་མཉམ་པ་དང་།

ཐབས་མཉམ་པ་བརྙེས་པར་གྱུར་ནས། འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ་ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།གེལ་པོ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་

ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་བྲམ་ཟེ་ཞིག་གནས་པ་དེ་བུ་མེད་དེ་བུ་འདོད་པའི་ཕྱིར་ལྷའི་གནས་སོ་ཅོག་ཏུ་གསོལ་བ་འདེབས་སོ། །དེ་ནས་ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་

ཚོ་ཞིང་པགས་པ་དང་ཤ་དང་ཁྲག་རྒྱས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས། ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ་ཁྱེའུ་འདི་ཚོ་ཞིང་པགས་པ་དང་ཤ་དང་ཁྲག་རྒྱས་པས་ན། དེའི་ཕྱིར་ཁྱེའུ་འདི་གེལ་པོ་ཞེས་གདགས་སོ་ཞེས་ཟེར་རོ། །

དེ་ནས་ཁྱེའུ་གེལ་པོ་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུས་བསྐྱེད་བསྲིངས་ནས། དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང་། བྲམ་ཟེའི་སྤྱོད་ལམ་དང་། སྤྱོད་པ་དང་། ཨོཾ་ཞེས་བྱ་བ་དང་། བྷོ་ཞེས་བྱ་བ་དང་། གཙང་སྦྲ་དང་། ཆོ་ག་དང་། ཐལ་བ་བླང་བ་དང་། རིལ་བ་ཐོགས་

เล่ม ๗๓ · หน้า 229b

པ་དང་། ངེས་བརྗོད་ཀྱི་རིག་བྱེད་དང་། མཆོད་སྦྱིན་གྱི་རིག་བྱེད་དང་། སྙན་ཚིག་གི་རིག་བྱེད་དང་། སྲིད་སྲུང་གི་རིག་བྱེད་དང་། མཆོད་སྦྱིན་བྱ་བ་དང་། མཆོད་སྦྱིན་བྱེད་དུ་གཞུག་པ་དང་། སྦྱིན་པ་དང་། བླང་བ་དང་། ཁ་ཏོན་བྱ་བ་དང་། ཁ་ཏོན་སློབ་ཏུ་གཞུག་པའི་ཐབས་བསླབས་ནས་

ལས་རྣམ་པ་དྲུག་ལ་མཁས་པའི་བྲམ་ཟེར་གྱུར་ཏེ། དེ་མཐར་གྱིས་རིག་པའི་གནས་བཅྭ་བརྒྱད་ལ་བྱང་བར་གྱུར་ཏོ། །བྲམ་ཟེ་དེའི་ཁྱིམ་ཡང་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཁྱིམ་ནས་ཐག་མི་རིང་བ་ཞིག་ན་འདུག་སྟེ། བྲམ་ཟེའི་ཁྱེའུ་དེ་ཡང་མགོན་མེད་ཟས་སྦྱིན་དང་འགྲོགས་

པས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དགའ་བར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་དེའི་ཕ་མ་གཉིས་ཤིའོ་དེ་གཉིས་ཤི་ནས་དེ་དོན་ཞིག་ལ་གྲོང་ཁྱེར་ཤུར་པ་ར་ཀར་ཆས་ཏེ། དེ་མཐར་གྱིས་རྒྱུ་ཞིང་སོང་སོང་བ་ལས་མཉན་དུ་ཡོད་པ་དང་ཤུར་པ་ར་ཀའི་གྲོང་ཁྱེར་གྱི་བར་གྱི་རིའི་སུལ་ཞིག་

ན་ནགས་ཁུང་ཞིག་ཡོད་དེ། ནགས་ཁུང་དེ་ན་དྲང་སྲོང་ཞིག་གནས་པ་སྟེ། བྲམ་ཟེའི་ཁྱེའུ་དེས་ཤེས་ནས་དེ་དེའི་ཐད་དུ་སོང་སྟེ་རྐང་པ་ལ་ཕྱག་འཚལ་ནས་ཆོས་མཉན་པའི་ཕྱིར་མདུན་དུ་འདུག་གོ། །དེ་ནས་དྲང་སྲོང་དེས་ཀྱང་དེ་ལ་ངེས་པར་འབྱུང་བའི་བསྔགས་པ་བརྗོད་ནས།

དེ་ཐོས་མ་ཐག་ཏུ་དེ་ངེས་པར་འབྱུང་བ་དང་འཐུན་པའི་སེམས་སྐྱེས་ཏེ། དེ་དྲང་སྲོང་དེ་ཉིད་ལས་རབ་ཏུ་བྱུང་ནས་ནགས་ཁྲོད་དེ་ན་གནས་ཀྱང་དེས་ཁྱད་པར་ཅི་ཡང་མ་ཐོབ་བོ། །དེ་ནས་ཕྱི་ཞིག་ན་དྲང་སྲོང་དེ་ཤི་ནས་གེལ་པོ་དེ་ཡང་དཀའ་ཐུབ་ཀྱི་གནས་དེ་ཉིད་ན་གནས་སོ། །དེ་ནས་གང་

གི་ཚེ་བཅོམ་ལྡན་འདས་ཤུར་པ་ར་ཀར་གཤེགས་པ་ན། ཁྱེའུ་གེལ་པོས་བཅོམ་ལྡན་འདས་རྒྱང་ནས་གཤེགས་པ་མཐོང་ངོ་། །མཐོང་མ་ཐག་ཏུ་བསམས་པ། འདི་ནི་ཤཱཀྱའི་རིགས་དཀའ་བ་མཛད་པ་ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པ་དེ་ཡིན་ཏེ། ལམ་འདི་ནས་

ཚུར་གཤེགས་ཀྱིས། བདག་གིས་བསྙེན་བཀུར་མི་བྱར་མི་རུང་ངོ་སྙམ་ནས། ཡང་དེས་བསམས་པ། གལ་ཏེ་བདག་བྲག་འདི་ལས་རྐང་གིས་བབས་ན་ནི། བཅོམ་ལྡན་འདས་ཐལ་བར་འགྱུར་གྱིས། བྲག་ཀ་འདི་ནས་བདག་གིས་མཆོངས་པ་དང་བདག་གིས་བསྙེན་བཀུར་

เล่ม ๗๓ · หน้า 230a

བྱེད་ཁོམ་མོ་སྙམ་དུ་བསམས་ནས་བྲག་ཀ་དེ་ཉིད་ནས་མཆོངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེར་ས་གཞི་སྟན་ཤིང་བལ་གྱི་ནང་ཚངས་ཅན་འདྲ་བར་བྱིན་གྱིས་བརླབས་ནས། དེ་ལྷུང་མ་ཐག་ཏུ་རྐང་པ་འགྲེང་བར་གྱུར་ཏེ། དེ་དགའ་བར་གྱུར་ནས་བཅོམ་ལྡན་འདས་

ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱི་བཞིན་དུ་འབྲང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་ཐུགས་བརྩེ་བའི་ཕྱིར་ལམ་ནས་བཟུང་སྟེ་ཕྱོགས་གཅིག་ཏུ་བཞུགས་ནས། དེས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་

ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་བྲམ་ཟེའི་ཁྱེའུ་གེལ་པོས་སྟན་དེ་ཉིད་ལ་འདུག་བཞིན་དུ་བདེན་པ་རྟོགས་པའི་མོད་ལ་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་

བྱས་ཏེ་དེས་བདེན་པ་མཐོང་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་

བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་དེ་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་མཛད་ནས་དེ་ལ་

ལུང་ཡང་ཕོག་གོ། །དེས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་

མཐིལ་དུ་འདྲ་བའི་སེམས་དང་ལྡན་པ་ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ་རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ་སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ་དབང་པོ་དང་ཉེ་དབང་དང་བཅས་

เล่ม ๗๓ · หน้า 230b

པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དད་པ་དང་མོས་པ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་ཚེ་དང་ལྡན་པ་གེལ་པོས་བཅོམ་

ལྡན་འདས་མཐོང་ནས། བྲག་ཀ་ནས་རང་གིས་མཆོངས་པ་དང་གཞན་ཡང་འདིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་

བགྱིས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟ་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་འདིས་ཇི་ལྟར་ང་མཐོང་ནས་བྲག་ཀ་ནས་རང་གིས་མཆོངས་ཏེ། ངའི་ཐད་དུ་རབ་ཏུ་བྱུང་ནས་བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་བསྐྱེད་པ་དེ་ཉོན་ཅིག །དགེ་

སློང་དག་སྔོན་བྱུང་བ་འདས་པའི་དུས་ན། དྲང་སྲོང་ཞིག་འཁོར་ལྔ་བརྒྱ་དང་ལམ་དུ་ཞུགས་ཏེ། དེ་བྲག་དྲུང་ལོགས་ནས་འགྲོ་བ་ལས་ཕྱོགས་གཅིག་ཏུ་འདུག་གོ། །བྲག་དེའི་ཁ་ན་ནི་དཀའ་ཐུབ་ཅན་ཞིག་འདུག་པ་ལས། དེས་དྲང་སྲོང་བྲག་དྲུང་དེ་ན་འདུག་པ་དེ་མཐོང་ནས། མཐོང་

མ་ཐག་ཏུ་དེ་ལ་ཤིན་ཏུ་དགའ་བ་སྐྱེས་ཏེ། དེས་བསམས་པ། བདག་དྲང་སྲོང་དེ་ལ་བསྙེན་བཀུར་བྱེད་དུ་འགྲོའོ་སྙམ་ནས། དེས་ཡང་བསམས་པ་གལ་ཏེ་བདག་རྐང་གིས་བབས་ན་ནི་དྲང་སྲོང་དེ་ཐལ་དུ་འོང་ངོ་སྙམ་ནས། རང་གིས་བྲག་དེའི་ཁ་ནས་མཆོངས་པ་ལས། དྲང་སྲོང་

དེས་ལྷ་ལ་བསྒོ་ནས་ལག་ནས་བཟུང་སྟེ་ས་ལ་བཞག་གོ། །དེ་ནས་དེའི་ཐད་དུ་སོང་སྟེ་རྐང་པ་ལ་ཕྱག་འཚལ་ནས་ཆོས་མཉན་པའི་ཕྱིར་མདུན་དུ་འདུག་གོ། །དེ་ནས་དྲང་སྲོང་དེས་དེ་ལ་ངེས་པར་འབྱུང་བ་དང་འཐུན་པའི་གཏམ་བྱས་ནས། དེ་དེའི་ཐད་དུ་རབ་ཏུ་བྱུང་ངོ་། །དེ་རབ་

ཏུ་བྱུང་ནས་བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དྲང་སྲོང་དུ་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ང་ཡིན་ནོ། །དེའི་ཚེ་དཀའ་ཐུབ་ཅན་དུ་གྱུར་པ་གང་ཡིན་པ་དེ་ནི་གེལ་པོ་འདི་ཁོ་ན་ཡིན་

เล่ม ๗๓ · หน้า 231a

ཏེ། དེའི་ཚེ་ཡང་འདིས་ང་མཐོང་ནས་བྲག་ཀ་ནས་རང་གིས་མཆོངས་ཏེ། ངའི་ཐད་དུ་རབ་ཏུ་བྱུང་ནས་བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་བསྐྱེད་དོ་ད་ལྟར་ཡང་ང་མཐོང་ནས་བྲག་ཀ་ནས་རང་གིས་མཆོངས་ཏེ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་

ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཡང་ཞུས་པ། བཙུན་པ་གེལ་པོ་འདིས་ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་འདིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་

ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ནས། བཅོམ་ལྡན་འདས་ཀྱིས་དད་པ་དང་མོས་པ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་

ལམ་གྱི་དབང་ལས་གྱུར་ཏོ། །གསོལ་པ། བཙུན་པ་འདིས་གང་དུ་སྨོན་ལམ་བཏབ་ལགས། བཀའ་སྩལ་པ་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་

སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་ཞབས་འབྲིང་འཁོར་ཉི་ཁྲི་དང་ལྗོངས་རྒྱུ་ཞིང་གཤེགས་པ་ལས་

ནགས་ཁྲོད་ཅིག་ཏུ་བྱོན་ཏེ། ནགས་ཁྲོད་དེ་ན་དྲང་སྲོང་ལྔ་བརྒྱ་འཁོད་དེ་དྲང་སྲོང་ལྔ་བརྒྱ་པོ་དེ་དག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཐག་རིང་པོ་ཞིག་ནས་མཐོང་ངོ་། །མཐོང་ནས་ཀྱང་དེ་དག་ཤིན་ཏུ་དགའ་བར་གྱུར་ཏོ། །དེ་དག་དགའ་བར་གྱུར་ནས་ཡང་དག་

པར་རྫོགས་པའི་སངས་རྒྱས་འོད་སྲུང་འཁོར་དང་བཅས་པ་དཀའ་ཐུབ་ཀྱི་གནས་སུ་རྩ་བ་དང་འབྲས་བུ་ལ་སྤྱན་དྲངས་ཏེ་ཕུལ་ལོ། །དེ་ལྟར་ཕུལ་ནས་ཆོས་མཉན་པའི་ཕྱིར་སྤྱན་སྔར་འཁོད་དོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས། དེ་དག་གི་བསམ་པ་དང་བག་

เล่ม ๗๓ · หน้า 231b

ལ་ཉལ་དང་ཁམས་དང་ཤེས་པ་དང་རང་བཞིན་ཐུགས་སུ་ཆུད་ནས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེ་ནས་དྲང་སྲོང་ལྔ་བརྒྱར་གཅིག་གིས་མ་ཚང་བ་རྣམས་ཀྱིས་བདེན་པ་རྟོགས་པའི་མོད་ལ། ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེ་དག་གིས་བདེན་པ་མཐོང་ནས་སྟན་

ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་

རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཅག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་དྲང་སྲོང་ལྔ་བརྒྱ་པོ་དེ་དག་དགེ་སློང་རྣམས་ལ་གཏད་ནས། དགེ་སློང་རྣམས་

ཀྱིས་དྲང་སྲོང་ལྔ་བརྒྱ་པོ་དེ་དག་རབ་ཏུ་ཕྱུང་སྟེ། བསྙེན་པར་རྫོགས་པར་བྱས་ནས་དེ་དག་ལ་ལུང་ཡང་ཕོག་གོ། །དེ་དག་ཀྱང་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དྲང་སྲོང་གཅིག་གིས་ནི་དེར་ཐ་ན་དྲོ་

བ་ཙམ་གྱི་ཡོན་ཏན་ཡང་ཅུང་ཟད་ཀྱང་མ་ཐོབ་བོ། །དེ་གང་ལས་རབ་ཏུ་བྱུང་བའི་མཁན་པོ་དེ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས། དད་པ་དང་མོས་པ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དེ་ནས་དེས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་

ཀར་སྨོན་ལམ་བཏབ་པ། འདི་ལྟར་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ཅི་ཡང་མ་ཐོབ་ཀྱིས། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་

བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཇི་ལྟར་ཡང་

เล่ม ๗๓ · หน้า 232a

དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བདག་གི་མཁན་པོ་དད་པ་དང་མོས་པ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་བཞིན་དུ། བདག་ཀྱང་ཤཱཀྱ་ཐུབ་པ་ཤཱཀྱའི་རྒྱལ་པོའི་མཆོག་གིས་དད་པ་དང་མོས་པ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་པར་གྱུར་ཅིག་ཅེས་

བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དྲང་སྲོང་དུ་གྱུར་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་རབ་ཏུ་བྱུང་བ་གང་ཡིན་པ་དེ་ནི་གེལ་པོ་འདི་ཁོ་ན་ཡིན་ཏེ། དེས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་སྟེ། ཡང་དག་

པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་

ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག །སངས་རྒྱས་བཅོམ་ལྡན་འདས་དེས་ཀྱང་བདག་དད་པ་དང་མོས་པ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་པར་གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་།

ཤུགས་མཉམ་པ་དང་། མཛད་པ་མཉམ་པ་དང་། ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས། ངས་འདི་དད་པ་དང་མོས་པ་དང་ལྡན་

པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ།། །།ལས་བརྒྱ་ཐམ་པ། བམ་པོ་ཉི་ཤུ་པ། ནག་པོ་ཞེས་བྱ་བ་ནི། གླེང་གཞི་རྒྱལ་པོའི་ཁབ་ན་བཞུགས་ཏེ། དེའི་ཚེ་རྒྱལ་པོའི་ཁབ་ན་བྲམ་ཟེ་འབྱུང་པོ་ཞེས་བྱ་བ་ཞིག་འདུག་སྟེ། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དགུའམ་བཅུ་ལོན་

པ་དང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ན་མདོག་ནག་པོར་འདུག་གོ། །དེ་ནས་དེའི་བཙས་སྟོན་རྒྱས་པར་བྱས་ནས། ཁྱེའུ་འདིའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དེ། ཁྱེའུ་འདི་མདོག་ནག་པས་ན་དེའི་ཕྱིར་ཁྱེའུ་འདི་ནག་པོ་ཁོ་ནར་གདགས་སོ་ཞེས་

เล่ม ๗๓ · หน้า 232b

ཟེར་རོ། །དེ་ནས་ཁྱེའུ་ནག་པོ་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུས་བསྐྱེད་བསྲིངས་ཏེ་དེ་མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང་། བྲམ་ཟེའི་སྤྱོད་ལམ་དང་། སྤྱོད་པ་དང་། ཨོཾ་ཞེས་བྱ་བ་དང་། བྷོ་ཞེས་བྱ་བ་དང་།

གཙང་སྦྲ་དང་། ཆོ་ག་དང་། ཐལ་བ་བླང་བ་དང་། རིལ་བ་ཐོགས་པ་དང་། ངེས་བརྗོད་ཀྱི་རིག་བྱེད་དང་། མཆོད་སྦྱིན་གྱི་རིག་བྱེད་དང་། སྙན་ཚིག་གི་རིག་བྱེད་དང་། སྲིད་སྲུང་གི་རིག་བྱེད་དང་། མཆོད་སྦྱིན་བྱ་བ་དང་། མཆོད་སྦྱིན་བྱེད་དུ་གཞུག་པ་དང་། སྦྱིན་པ་དང་། བླང་བ་དང་། ཁ་ཏོན་བྱ་བ་

དང་། ཁ་ཏོན་སློབ་ཏུ་གཞུག་པའི་ཐབས་བསླབས་ནས་ལས་རྣམ་པ་དྲུག་ལ་མཁས་པའི་བྲམ་ཟེར་གྱུར་ཏེ། དེ་མཐར་གྱིས་རིག་པའི་གནས་བཅྭ་བརྒྱད་ལ་བྱང་བར་གྱུར་ཏོ། །དེའི་ཕ་ནི་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་ལ་བྲམ་ཟེའི་སྔགས་སློབ་པར་བྱེད་དོ། །དེ་ནས་ཕྱི་ཞིག་ན་དེ་རྒས་པར་གྱུར་

ཏེ་བསམས་པ། ད་ནི་བདག་རྒས་པས་ཕྱིན་ཅད་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་པོ་འདི་རྣམས་སྔགས་སློབ་མི་ནུས་ཀྱིས། བདག་གིས་ཁྱེའུ་འདི་སྡེ་ཚན་གྱི་སློབ་དཔོན་བྱེད་དུ་གཞུག་གོ་སྙམ་ནས་བུ་ལ་བསྒོ་བ། བུ་ནག་པོ་ང་ནི་ད་རྒས་པས་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་པོ་འདི་དག་ཕྱིན་ཅད་སྔགས་སློབ་

མི་ནུས་ལ། ཁྱོད་ཀྱང་སྔགས་ཀྱི་མཐར་ཕྱིན་པ་ཡིན་གྱིས་བྲམ་ཟེའི་ཁྱེའུ་འདི་རྣམས་ཀྱི་སྔགས་ཀྱི་སློབ་དཔོན་གྱིས་ཤིག །བུས་སྨྲས་པ། མཁན་པོས་ཇི་སྐད་བཀའ་སྩལ་པ། དེ་བཞིན་དུ་འཚལ་ལོ་ཞེས་སྨྲས་ནས། དེ་ནས་དེ་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་པོ་དེ་དག་སྔགས་སློབ་པ་ལ་

ཞུགས་སོ། །དེའི་ཚེ་རྒྱལ་པོའི་ཁབ་དེ་ཉིད་དུ་བྲམ་ཟེ་གཞན་ཞིག་གིས་མཆོད་སྦྱིན་བྱས་ཏེ། བྲམ་ཟེ་རྣམས་ལ་ཡོན་མང་པོ་ཕུལ་ལོ། །མཆོད་སྦྱིན་བྱེད་པ་དེར་བྲམ་ཟེ་ཁ་ཅིག་ན་རེ་ཁོ་བོ་ཅག་ཡོན་དབང་གི་ཁྱེད་མི་དབང་ངོ་ཞེས་ཟེར་རོ། །གྲོང་ན་གནས་པ་རྣམས་ན་རེ། ངེད་ནི་དག་པ་

ཡིན་གྱི་ཁྱེད་ནི་རྒྱལ་པོའི་ཞམ་རིང་བའི་གཡོག་བྱེད་པ་ཡིན་པས་ན། ཡོན་འདི་རྣམས་ངེད་དབང་གི་ཁྱེད་མི་དབང་ངོ་ཞེས་ཟེར་རོ། །དེ་ནས་བྲམ་ཟེ་ནག་པོས་བསམས་པ། བྲམ་ཟེ་འདི་རྣམས་ཐབ་མོ་ཆེན་པོ་འབྱུང་སྟེ། གཞན་གྱིས་ནི་ཞི་བར་བྱེད་མི་ནུས་ཀྱིས་མ་ལ་ང་ཉིད་ཀྱིས་བསྒྲིམ་དགོས་

เล่ม ๗๓ · หน้า 233a

སོ་སྙམ་དུ་བསམས་ནས། དེས་བྲམ་ཟེ་དེ་དག་དགག་པར་བརྩམ་པ་ལས་ཐབ་མོ་ཞི་བར་བྱེད་མ་ནུས་ནས། དེ་གཞི་དེ་ལས་ཤས་ཆེར་སྐྱོ་བ་སྐྱེས་ཏེ། བདག་གིས་འཁོར་རྣམས་གཏང་ལ་གཅིག་པུ་ནགས་ཁྲོད་དུ་གནས་བཅས་ཏེ་འདུག་པར་བྱའོ་སྙམ་ནས་དེས་འཁོར་དེ་རྣམས་

བོར་ཏེ་ནགས་ཁྲོད་ཅིག་ཏུ་སོང་ངོ་། །ནགས་ཁྲོད་དེ་ན་གནོད་སྦྱིན་ནག་པོ་ཞེས་བྱ་བ་དྲག་ཅིང་འཇིགས་ལ་མདངས་འཕྲོག་པ་ཞིག་ཀྱང་གནས་ཏེ། དེས་སེམས་ཅན་སྟོང་ཕྲག་དུ་མ་གྱིན་ད་ལ་སྡུག་བསྔལ་སྐྱེད་པར་བྱེད་དོ། །ནགས་ཁྲོད་དེ་ན་དྲང་སྲོང་ཞིག་ཀྱང་གནས་ཏེ་དྲང་སྲོང་དེ་ལ་གནོད་

སྦྱིན་དེ་ཤིན་ཏུ་དགའོ། །དེ་ནས་བྲམ་ཟེ་ནག་པོས་དྲང་སྲོང་དེ་ཐག་རིང་པོ་ཞིག་ནས་མཐོང་ངོ་། །མཐོང་ནས་ཀྱང་དེ་ལ་དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས་དེ་ཉིད་ཀྱི་ཐད་དུ་རབ་ཏུ་ཕྱུང་སྟེ། དེས་དེ་ལ་ཡིད་ལ་བྱ་བའི་ལུང་ཕོག་ནས། དེས་དེར་བསམས་གཏན་བཞི་དང་མངོན་པར་ཤེས་

པ་ལྔ་བསྐྱེད་དོ། །དེ་ནས་ཕྱི་ཞིག་ན་དྲང་སྲོང་རྒན་པོ་དེ་ཤིའོ། །དེ་ཤི་ནས་དྲང་སྲོང་ནག་པོ་གནས་དེ་ཉིད་དུ་འདུག་གོ། །དེ་ནས་ཕྱི་ཞིག་ན་བཅོམ་ལྡན་འདས་ལ་རྒྱལ་པོའི་ཁབ་ཀྱི་མི་རྣམས་ཀྱིས་གསོལ་བ་བཏབ་སྟེ། བཙུན་པ་གནོད་སྦྱིན་ནག་པོ་འདི་ནི། བདག་ཅག་ལ་འཁོན་མ་མཆིས་པར་

འཁོན་དུ་འཛིན་པ་ལགས། དགྲ་ཟླ་མ་ལགས་པར་དགྲ་ཟླ་བགྱིད་པ་ལགས་ཏེ། སེམས་ཅན་སྟོང་ཕྲག་དུ་མ་ལ་གནོད་པ་བགྱིད་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་ནི་ཀླུ་མ་རུངས་པ་དགའ་བོ་དང་ཉེ་དགའ་བོ་ལ་སོགས་པ་གཞན་དག་ཀྱང་བཏུལ། གནོད་སྦྱིན་མ་རུངས་པ་

འབྲོག་གནས་ལ་སོགས་པ་གཞན་དག་ཀྱང་བཏུལ་ལགས་ན། གནོད་སྦྱིན་ནག་པོ་ཡང་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་སླད་དུ་བཏུལ་ན་ལེགས་ལགས་སོ་ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་ཁབ་ཀྱི་མི་རྣམས་ལ་ཅང་མི་གསུང་བས་གནང་ནས།

བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་དེ་རྫུ་འཕྲུལ་གྱིས་བཀུག་ནས་བཀའ་སྩལ་པ། ཀྱེ་སེམས་ཅན་རྣམས་ལ་གནོད་པ་མ་བྱེད་ཅིག །སྡིག་པའི་ལས་འདི་ཐོང་ཤིག་ཅེས་བཀའ་སྩལ་ཏོ། །དེས་གསོལ་པ། བཅོམ་ལྡན་འདས་ཀྱིས་བདག་ལ་ཇི་ལྟར་བཀའ་སྩལ་པ་དེ་བཞིན་དུ་

เล่ม ๗๓ · หน้า 233b

འཚལ་ལོ་ཞེས་གསོལ་ནས། བཅོམ་ལྡན་འདས་ལས་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་བླངས་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་དེང་སླན་ཆད་བདག་གིས་རྒྱལ་པོའི་ཁབ་ཀྱི་མི་རྣམས་ལ་བསྲུང་བ་དང་བསྐྱབ་པར་འཚལ་ལོ་ཞེས་གསོལ་ནས། བཅོམ་ལྡན་འདས་ཀྱི་ཞབས་

ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ནས་དེ་རང་གི་གནས་སུ་སོང་སྟེ་འདུག་གོ། །དེ་དེ་ན་འདུག་ནས་བསམས་པ། དྲང་སྲོང་ནག་པོ་དེ་དཀའ་ཐུབ་དོན་མེད་པ། འདིས་ཉོན་མོངས་པའི་སྟེང་དུ་ཞག་བདུན་ན་འཆི་བར་མཐོང་ནས། དེ་དེ་ལ་སྙིང་བརྩེ་བའི་ཕྱིར་དེའི་ཐད་དུ་

སོང་སྟེ་སྨྲས་པ། དྲང་སྲོང་ཁྱོད་ཀྱི་དཀའ་ཐུབ་དྲག་པོ་འདི་ཅི་དགོས། དེའི་སྟེང་དུ་ཁྱོད་ད་སྟེ་ཞག་བདུན་ན་འཆི་བར་འགྱུར་རོ་ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་དྲང་སྲོང་དེ་སྡུག་བསྔལ་ཆེན་པོ་སྐྱེས་ནས། དེ་མྱ་ངན་གྱི་དབང་གིས་རྫུ་འཕྲུལ་དེ་ལས་ཉམས་ཏེ། དེ་གཞི་དེ་ལས་ལྷག་པར་ཡང་མྱ་

ངན་སྐྱེས་ནས་ཤིན་ཏུ་སྨྲེ་སྔགས་འདོན་ཅིང་འདུག་གོ། །དེ་ནས་གནོད་སྦྱིན་དེས་སྨྲས་པ། དྲང་སྲོང་ཧ་ཅང་མྱ་ངན་མ་བྱེད། ཧ་ཅང་མྱ་ངན་མ་བྱེད། ཉོན་མོངས་པར་མ་བྱེད། སྨྲེ་སྔགས་འདོན་པར་མ་བྱེད། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་ཏེ། དེ་ནི་འཆི་བར་འགྱུར་བའི་ལམ་

མཁྱེན་པ་ཡིན་གྱིས། སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་སོང་ཤིག་དང་། དེས་ན་ཁྱོད་ལ་ལེགས་པ་ཐམས་ཅད་མཛད་པར་འགྱུར་རོ་ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་དྲང་སྲོང་ནག་པོས་ཐམས་ཅད་སྤངས་ཏེ་འོད་མའི་ཚལ་དུ་སོང་ངོ་། །དེའི་ཚེ་བཅོམ་ལྡན་འདས་འཁོར་བརྒྱ་

ཕྲག་དུ་མའི་གུང་ལ་བཞུགས་ཏེ་ཆོས་སྟོན་ཏོ། །དེ་ནས་དྲང་སྲོང་ནག་པོས་ཐག་རིང་པོ་ཞིག་ནས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་ཅིང་སྤ་བར་བྱས་པ། མེ་ལུས་ཀྱི་དབྱིབས་སུ་འདུག་པ་ལྟ་བུ། མེ་ལྕེ་མར་གྱིས་བཏབ་པ་ལྟ་བུ།

མར་མེ་གསེར་གྱི་སྣོད་དུ་བཞག་པ་ལྟ་བུ། མཆོད་སྡོང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ལྟ་བུ། བློ་གསལ་ཞིང་དྲི་མ་མེད་ལ་རྣམ་པར་དག་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ་། །མཐོང་ནས་ཀྱང་མཆོག་ཏུ་དགའ་བ་སྐྱེས་ཏེ། དགེ་བའི་རྩ་བ་བསགས་པའི་རྒྱུ་ལས་བྱུང་བའི་

เล่ม ๗๓ · หน้า 234a

སེམས་ཅན་གྱིས་དང་པོ་སངས་རྒྱས་མཐོང་བའི་ཉམས་བདེ་བ་ཇི་འདྲ་བ་དེ་ལྟ་བུ་ནི་ལོ་བཅུ་གཉིས་ཀྱི་བར་དུ་ཞི་གནས་ཀྱི་སེམས་ལ་གོམས་པར་བྱས་པ་ལ་ཡང་ཉམས་བདེ་བ་དེ་ལྟ་བུ་སྐྱེ་བར་མི་འགྱུར་རོ། །དེ་ལྟར་མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བར་གྱུར་ཏོ། །དེ་

དགའ་བར་གྱུར་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་བག་ལ་ཉལ་དང་། ཁམས་དང་ཤེས་པ་དང་རང་བཞིན་ཐུགས་

སུ་ཆུད་ནས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་དེས་སྟན་དེ་ཁོ་ན་ལ་འདུག་བཞིན་དུ་བདེན་པ་མཐོང་བའི་མོད་ལ། ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་

ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་

འཚལ་ལོ། །དེ་ནས་དེ་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་མཛད་ནས་དེ་ལ་ལུང་ཡང་ཕོག་གོ། །དེས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་

དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་

ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ་དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་དྲང་སྲོང་འདི་

เล่ม ๗๓ · หน้า 234b

འཆི་བས་འཇིགས་ཤིང་སྐྲག་ནས་བཅོམ་ལྡན་འདས་ཀྱི་ཐད་དུ་མཆིས་ཏེ། བཅོམ་ལྡན་འདས་ཀྱིས་རབ་ཏུ་ཕྱུང་ནས་གཡུང་དྲུང་གི་མཐར་ཐུག་པ། གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཞག་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་

ཏེ། ཇི་ལྟར་འདས་པའི་དུས་ན་ཡང་འདི་ཉིད་འཆི་བས་འཇིགས་ཤིང་སྐྲག་ནས་ངས་རབ་ཏུ་ཕྱུང་སྟེ། བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་ལ་བཀོད་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། དཀའ་ཐུབ་ཀྱི་གནས་ཞིག་ན་དྲང་སྲོང་མངོན་པར་ཤེས་པ་ལྔ་

དང་ལྡན་པ། རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཞིག་གནས་པ་དེའི་སློབ་མ་བྲམ་ཟེའི་ཁྱེའུ་ལེ་ལོ་ཅན་ཚེ་ཐུང་ངུ་ཞིག་ཡོད་དེ། དེས་དེ་ལ་ལུང་ཕོག་ཀྱང་དེ་ལེ་ལོ་ཆེ་བའི་ཕྱིར་སྒྲིམ་དུ་མི་བཏུབ་བོ། །དེ་ནས་ཕྱི་ཞིག་ན་དྲང་སྲོང་དེས་བལྟས་ནས་བྲམ་ཟེའི་ཁྱེའུ་དེ་ཞག་བདུན་ན་འཆི་བར་འགྱུར་བར་མཐོང་

ལ། དེས་ཅི་ཡང་མ་ཐོབ་པར་རིག་ནས། དེས་དེ་སྐྱོ་བ་བསྐྱེད་པའི་ཕྱིར་སྨྲས་པ། བྲམ་ཟེའི་ཁྱེའུ་ལེ་ལོ་མ་བྱེད་ཅིག །ཁྱོད་ཞག་བདུན་ན་འཆི་བར་འགྱུར་རོ་ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་བྲམ་ཟེའི་ཁྱེའུ་དེ་ཤིན་ཏུ་མི་དགའ་བར་གྱུར་ཏེ། མི་དགའ་བར་གྱུར་པ་དེས་ན་བསམ་གཏན་

བཞི་དང་མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དྲང་སྲོང་དུ་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་བྲམ་ཟེའི་ཁྱེའུར་གྱུར་པ་གང་ཡིན་པ་དེ་ནི་ནག་པོ་འདི་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་འདི་འཆི་བས་

འཇིགས་ཤིང་སྐྲག་ནས། ངས་བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་ལ་བཞག་གོ། །ད་ལྟར་ཡང་འདི་འཆི་བས་འཇིགས་ཤིང་སྐྲག་ནས་ངས་རབ་ཏུ་ཕྱུང་སྟེ། གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཞག་གོ། །གཞན་ཡང་ཡང་དག་པར་རྫོགས་

པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་འདི་རབ་ཏུ་བྱུང་བར་གྱུར་ཏེ། དེར་འདིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་པ་དང་དབང་པོ་ཡོངས་སུ་སྨིན་པར་བྱས་པ་དེས་ན་ད་ལྟར་རྣམ་པར་གྲོལ་བར་གྱུར་ཏོ།། །།མདའ་ཐོགས་ཞེས་བྱ་བ་ནི། ཡུལ་སེར་སྐྱའི་གནས་ན་ཤཱཀྱ་དབྱུག་

เล่ม ๗๓ · หน้า 235a

ཐོགས་ཞེས་བྱ་བ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས། རིགས་མཉམ་པ་ལས་ཆུང་མ་བླངས་ཏེ་དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་

སྤྱོད་པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དགུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་ཁྱེའུ་འདི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཁྱེའུ་འདི་དབྱུག་ཐོགས་ཀྱི་བུ་

ཡིན་པས་ན། ཁྱེའུ་འདིའི་མིང་མདའ་ཐོགས་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་མདའ་ཐོགས་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུ་རྣམས་ཀྱིས་བསྐྱེད་བསྲིངས་ནས་དེ་མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་

ཚེ། ཁྱེའུ་དེ་ཡི་གེ་སློབ་ཏུ་བཅུག་སྟེ། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་རྣམས་ཀྱི་བཟོའི་གནས་དང་། ལས་ཀྱི་གནས་ཐ་དད་པ་འདི་ལྟ་སྟེ། གླང་པོ་ཆེ་ཞོན་པ་དང་། རྟ་ཞོན་པ་དང་། མཚོན་ཆ་བཅང་བ་དང་། འཕང་བ་དང་། མདུན་དུ་བསྣུར་བ་དང་། ཕྱིར་བསྣུར་བ་དང་།

གཡུལ་ལས་འབྱུང་བར་བྱ་བ་དང་། ལྕགས་ཀྱུ་གཟུང་བ་དང་། ཞགས་པ་གཟུང་བ་དང་། མདའ་བོ་ཆེ་འཕང་བ་དང་། རྡོ་རྗེ་རྩེ་གཅིག་པ་འཕང་བ་དང་། མཚོན་རྩེ་གཅིག་པ་གདབ་པ་དང་། འཁོར་ལོ་འཕང་བ་དང་། གཅད་པ་དང་། གཤེག་པ་དང་། ལག་པས་གཟུང་བ་དང་། རྐང་

པའི་སྟངས་དང་། མགོ་བོ་བསྐྱབ་པ་དང་། རྒྱང་མར་འཕང་བ་དང་། སྒྲ་གྲགས་པར་འཕང་བ་དང་། གནད་དུ་འཕང་བ་དང་། གདོན་མི་ཟ་བར་ཕོག་པར་བྱ་བ་དང་། ཚབས་ཆེར་གཏང་བ་རྣམས་ཀྱང་བསླབས་ནས། གནས་ལྔ་ལ་བྱང་བར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་ཡང་ཤཱཀྱ་དབྱུག་

ཐོགས་ཀྱི་ཆུང་མ་ལ། བུ་ཆགས་ནས་དེ་ཟླ་བ་དགུའམ་བཅུ་ལོན་པ་དང་བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེ་བཙས་མ་ཐག་ཏུ། ཤཱཀྱ་ལག་ན་དབྱུག་ཐོགས་ཀྱི་བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཁ་དོག་རྒྱས་པ། མཆོག་དང་ལྡན་པ་ཞིག་

เล่ม ๗๓ · หน้า 235b

བཙས་སོ་ཞེས་བྱ་བའི་སྒྲ་སེར་སྐྱའི་གནས་ཐམས་ཅད་དུ་གྲགས་སོ། །དེ་ནས་དེའི་བཙས་སྟོན་རྒྱས་པར་བྱས་ནས་བུ་མོ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། བུ་མོ་འདི་བཙས་པ་ན་སེར་སྐྱའི་གནས་ཐམས་ཅད་དུ་གཏམ་སྙན་པ་གྲགས་པས་ན། བུ་མོ་འདིའི་མིང་གྲགས་

འཛིན་མར་གདགས་སོ་ཞེས་ཟེར་རོ། །དེ་ནས་བུ་མོ་གྲགས་འཛིན་མ་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུ་རྣམས་ཀྱིས་བསྐྱེད་བསྲིངས་ནས་དེ་མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ། བྱང་ཆུབ་སེམས་དཔའི་བཙུན་མོར་

ཕུལ་ལོ། །དེ་ནས་གྲགས་འཛིན་མའི་རྐྱེན་གྱིས། བྱང་ཆུབ་སེམས་དཔའ་ཁྱེའུ་མདའ་ཐོགས་དང་ཤིན་ཏུ་མཛའ་བར་གྱུར་ཏོ། །དེ་ནས་གང་གི་ཚེ་བྱང་ཆུབ་སེམས་དཔས་རྒན་པོ་དང་ནད་པ་དང་ཤི་བ་གཟིགས་ནས་ནགས་ཀྱི་ནང་དུ་གནས་བཅས་པ་དེའི་ཚེ། ཁྱེའུ་མདའ་ཐོགས་ཤིན་ཏུ་མི་

དགའ་བར་གྱུར་ཏེ། ཅི་ཞིག་མཐོང་ན་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དང་བདག་གི་སྲིང་མོ་བོར་ཏེ་རབ་ཏུ་བྱུང་ཞིག་གུ་སྙམ་མོ། །དེ་ནས་གང་གི་ཚེ་བྱང་ཆུབ་སེམས་དཔས་བླ་ན་མེད་པའི་ཡེ་ཤེས་བརྙེས་ནས། གདུལ་བར་བྱ་བའི་དོན་མཛད་ཅིང་སེར་སྐྱའི་གནས་སུ་གཤེགས་ཏེ། ཡབ་

སྲས་གདན་འཛོམ་པར་མཛད་པ་དེར། ཤཱཀྱ་སྟོང་ཕྲག་དུ་མ་བཅོམ་ལྡན་འདས་ལ་བལྟ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་དོང་ངོ་། །ཤཱཀྱ་མདའ་ཐོགས་ནི་སྔར་མི་དགའ་བར་གྱུར་པས། བཅོམ་ལྡན་འདས་ལ་ལྟ་ཞིང་འགྲོར་མ་བཏུབ་ནས་དེ་ཤཱཀྱ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་ཐད་དུ་ནན་

གྱིས་ཁྲིད་ནས། གཞོན་ནུ་མདའ་ཐོགས་ཀྱིས་ཀྱང་ཤཱཀྱ་རྣམས་ཀྱི་སེམས་བསྲུང་བའི་ཕྱིར། བཅོམ་ལྡན་འདས་ལས་བསླབ་པའི་གཞི་ལྔ་མནོས་སོ། །དེ་ནས་ཕྱི་ཞིག་ན་དེ་སྔོན་མི་དགའ་བའི་ཕྱིར་བློ་སྐྱེས་པ། བདག་གིས་དེ་ལས་བསླབ་པའི་གཞི་ལྔ་བླངས་མོད་ཀྱི། འོན་ཀྱང་བདག་གིས་དེའི་

བསླབ་པའི་གཞི་ལྔར་མཚར་ཅིག་བསྲུང་མི་དགོས་སོ་སྙམ་ནས། དེས་སྔོན་མི་དགའ་བའི་ཕྱིར་བསླབ་པའི་གཞི་ལྔ་ཉམས་པར་བྱས་སོ། །དེ་ནས་དེར་ཤཱཀྱ་རྣམས་ཀྱིས་ཚོར་ཏེ་བསླབ་པའི་གཞི་རྣམས་དེས་འདི་ལྟར་ཉམས་པར་བྱས་སོ་སྙམ་དུ་རིག་ནས། དེ་དག་དེ་ལ་སྙིང་རྗེ་སྐྱེས་ཏེ་འདིས་

เล่ม ๗๓ · หน้า 236a

བསླབ་པའི་གཞི་རྣམས་ཉམས་པར་བྱས་པས་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་ན་མི་རུང་ངོ་སྙམ་མོ། །དེ་ནས་ཕྱི་ཞིག་ན་ཤཱཀྱ་མང་པོ་རྣམས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་

འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་ཤཱཀྱ་རྣམས་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཤཱཀྱ་མདའ་ཐོགས་ཀྱིས་ནི་བསླབ་པའི་གཞི་རྣམས་ཉམས་པར་བགྱིས་ཏེ་སྐྱེམས་འཚལ་ན། བཅོམ་ལྡན་འདས་ཀྱིས་དགོངས་ཏེ་ངན་སོང་དུ་མི་མཆི་བར་མཛད་དུ་གསོལ།

དེ་ནས་བཅོམ་ལྡན་འདས་ཀྱིས་ཤཱཀྱ་མང་པོ་རྣམས་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་ཤཱཀྱ་མང་པོ་རྣམས་ཀྱིས་རིག་ནས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ཀྱི་ཞབས་

ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་ཐད་ནས་དོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། དེའི་དབང་པོ་ཡོངས་སུ་སྨིན་པར་བྱ་དགོས་སོ་སྙམ་དུ་དགོངས་ནས། བཅོམ་ལྡན་འདས་ཀྱིས་རེ་ཞིག་དེ་ལ་ཅི་ཡང་བཀའ་མ་སྩལ་པ་ལས། ཚེའི་ལྷག་མ་ཞག་བདུན་ལུས་

པར་གཟིགས་ནས། དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། ཤཱཀྱ་མདའ་ཐོགས་ནི་དེ་ནས་ཞག་བདུན་ན་འཆི་བར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །དེ་ནས་སྒྲ་དེ་འབྲུ་མར་བཙིར་བ་བཞིན་དུ་གྲགས་མ་ཐག་ཏུ་ཤཱཀྱ་མདའ་ཐོགས་ཀྱིས། བདག་ཞག་བདུན་ན་

འཆི་བར་ལུང་བསྟན་ཏོ་ཞེས་ཐོས་ནས། དེ་བཅོམ་ལྡན་འདས་ལ་མ་དད་པར་གྱུར་ཏེ། ཁང་བཟངས་ཀྱི་སྟེང་ན་འདུག་ཅིང་སྐྱེས་པ་དང་མ་འདྲེས་པའི་རོལ་མོའི་སྒྲས་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ་ངས་དེ་ལ་ཇེ་ཉན་ཐོས་ཆེན་པོ་

དག་བཏང་ལ་ཕྱིས་ང་ཉིད་འགྲོ་བར་བྱའོ་སྙམ་དུ་དགོངས་ནས། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མ་འགགས་པ་ལ་བཀའ་སྩལ་པ། མ་འགགས་པ་ཁྱོད་སོང་ལ་ཤཱཀྱ་མདའ་ཐོགས་ལ་སོམས་ཤིག །དེ་ནས་ཚེ་དང་ལྡན་པ་མ་འགགས་པས་བཙུན་པ་དེ་ལྟར་འཚལ་ལོ་

เล่ม ๗๓ · หน้า 236b

ཞེས་གསོལ་ནས། ཕྱི་བཞིན་འབྲང་བའི་དགེ་སློང་ཞིག་དང་ཤཱཀྱ་མདའ་ཐོགས་ཀྱི་ཁྱིམ་དུ་སོང་ངོ་། །དེ་ནས་ཤཱཀྱ་མདའ་ཐོགས་ཀྱིས་དགེ་སློང་མ་འགགས་པ་བདག་གི་ཁྱིམ་དུ་འོངས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ཕུ་ནུ་བོ་ལ་དགའ་བའི་ཕྱིར་དེའི་ཐད་དུ་སོང་ནས་རྐང་པ་ལ་ཕྱག་འཚལ་ཏེ་ཆོས་

མཉན་པའི་ཕྱིར་མདུན་དུ་འདུག་གོ། །དེ་ནས་ཚེ་དང་ལྡན་པ་མ་འགགས་པས་དེ་ཡོངས་སུ་སྨིན་པར་འགྱུར་བའི་གཏམ་བྱས་ནས་ཕྱིར་སོང་ངོ་། །དེ་ནས་ཕྱིས་ཉིན་ཞག་གཉིས་པ་ལ་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་བཏང་ངོ་། །ཞག་གསུམ་པ་ལ་ནི་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་

པོ་བཏང་ངོ་། །ཞག་བཞི་པ་ལ་ནི་ཚེ་དང་ལྡན་པ་ཤཱ་རིའི་བུ་བཏང་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། དེ་ལ་ཅི་ནས་དེ་བཅོམ་ལྡན་འདས་ལ་དད་པ་སྐྱེ་བར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ནས་དེ་འཆི་བས་འཇིགས་ཤིང་སྐྲག་པར་གྱུར་ཏོ། །དེ་ནས་ཞག་ལྔ་པ་ལ་བཅོམ་ལྡན་འདས་ཀྱིས་

དེའི་སེམས་ཐུགས་ཀྱིས་མཁྱེན་ནས། ཉིད་མདའ་ཐོགས་ཀྱི་ཁྱིམ་དུ་གཤེགས་སོ། །དེ་ནས་ཤཱཀྱ་མདའ་ཐོགས་ཀྱིས་བཅོམ་ལྡན་འདས་ཐག་རིང་པོ་ཞིག་ནས་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས་བཅོམ་ལྡན་འདས་

ཀྱི་གདན་བཤམས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཚུར་གཤེགས་བཅོམ་ལྡན་འདས་གཤེགས་པ་ལེགས་སོ་ལེགས་སོ། །བཅོམ་ལྡན་འདས་གདན་བཤམས་པ་ལ་བཞུགས་སུ་གསོལ། །དེ་ནས་བཅོམ་ལྡན་འདས་གདན་བཤམས་པ་

ལ་བཞུགས་ནས། ཤཱཀྱ་མདའ་ཐོགས་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ། །དེར་བཅོམ་ལྡན་འདས་ཀྱིས་ཤཱཀྱ་མདའ་ཐོགས་ལ་བཀའ་སྩལ་པ། མདའ་ཐོགས་འདི་ལྟར་འཆི་བའི་འཇིགས་པ་འདི་ནི་འཇིགས་པ་

རྣམས་ཀྱི་ནང་ན་ཕྲན་ཚེགས་ཙམ་དུ་ཟད་དོ། །འདི་ལྟ་སྟེ། སེམས་ཅན་དམྱལ་བ་དང་དུད་འགྲོ་དང་། ཡི་དགས་རྣམས་ཀྱི་ངན་སོང་གི་འཇིགས་པ་འདི་ནི་འཇིགས་པ་རྣམས་ཀྱི་ནང་ན་མཆོག་ཡིན་ནོ། །དེས་གསོལ་པ། བཙུན་པ་སེམས་ཅན་དམྱལ་བ་དེ་དག་ཇི་ལྟ་བུ་ལགས།

เล่ม ๗๓ · หน้า 237a

དེ་ནས་བཅོམ་ལྡན་འདས་ཀྱིས་དེ་སྐྱོ་བ་བསྐྱེད་པའི་ཕྱིར་རྫུ་འཕྲུལ་གྱིས་ཁྲིད་དེ། སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་བསྟན་ནས། དེས་གསོལ་པ། བཙུན་པ་ལས་གང་གིས་འདིར་སྐྱེ་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲོག་གཅོད་པ་ཀུན་ཏུ་བསྟེན་ཅིང་

བསྒོམས་ཏེ། མང་དུ་བྱས་པས་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །གལ་ཏེ་དེ་ནས་ཤི་འཕོས་ནས་མི་རྣམས་དང་སྐལ་བ་མཉམ་པར་འདིར་སྐྱེས་ན་ཡང་ཚེ་ཐུང་བར་འགྱུར་རོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས། དེ་ལ་མི་དགེ་བ་བཅུའི་ལས་ཀྱི་ལམ་རྒྱས་པར་བསྟན་ནས། དེ་

ཐོས་མ་ཐག་ཏུ་དེ་ལྷག་པར་ཡང་འཇིགས་པ་སྐྱེས་ཏེ། བདག་གིས་བཅོམ་ལྡན་འདས་ལས་བསླབ་པའི་གཞི་བླངས་པ་ལས་མ་བསྲུངས་ན། བདག་སེམས་ཅན་དམྱལ་བ་དང་དུད་འགྲོ་དང་ཡི་དགས་རྣམས་སུ་སྐྱེ་བར་མི་འགྱུར་གྲང་སྙམ་དུ་བསམས་ན ས། དེས་བསླབ་པ་ཉམས་པ་དེ་དག་

བཤགས་ནས་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་ཤཱཀྱ་མདའ་ཐོགས་ཀྱིས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་

མངོན་སུམ་དུ་བྱས་སོ། །དེས་བདེན་པ་མཐོང་སྟེ་ཤི་ནས་ལྷར་སྐྱེས་ཏེ། དེ་ལྷར་སྐྱེས་མ་ཐག་ཏུ་བསམས་པ། བདག་གང་ནས་ཤི་འཕོས་སྙམ་པ་དང་དེས་མི་ལས་ཤི་འཕོས་པར་མཐོང་ངོ་། །གང་དུ་སྐྱེས་སྙམ་པ་དང་ལྷར་སྐྱེས་པ་མཐོང་ངོ་། །ལས་ཅི་ཞིག་བྱས་སྙམ་པ་དང་འཆི་ཀར་བསླབ་

པའི་གཞི་རྣམས་བསྲུངས་པ་དང་བཅོམ་ལྡན་འདས་ལ་ཡང་སེམས་དགའ་བ་སྐྱེད་པར་མཐོང་ནས། དེས་བསམས་པ། བདག་ཞག་ལོན་ནས་གདོད་བཅོམ་ལྡན་འདས་ལ་བལྟ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་འགྲོ་བ་ནི་བདག་གི་ཆ་མ་ཡིན་ནོ་སྙམ་ནས། རྣ་ཆ་གདུབ་ཀོར་དག་ཅིང་འགུལ་

པ་ཐོགས་པ། ལུས་དོ་ཤལ་དང་སེ་མོ་དོས་བརྒྱན་པ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་ཅོད་པན་ཅན། ལུས་གུར་གུམ་དང་ཏ་མ་ལའི་ལོ་མ་དང་སྤྲྀ་ཀ་ལ་སོགས་པས་བྱུགས་པ་དེས། དེ་ཉིད་ཀྱི་མཚན་མོ་ལྷའི་མེ་ཏོག་ཨུད་པ་ལ་དང་པད་མ་དང་ཀུ་མུ་ད་དང་པད་མ་དཀར་པོ་

เล่ม ๗๓ · หน้า 237b

དང་མན་དཱ་ར་བ་རྣམས་ཀྱིས་ཐུ་བ་བཀང་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ལྷའི་མེ་ཏོག་རྣམས་ཀྱིས་གཏོར་ཏེ་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དང་འཐུན་པའི་ཆོས་བསྟན་ཏེ་ཅང་མི་གསུང་བར་བཞུགས་སོ། །དེ་ནས་དེས་

བཅོམ་ལྡན་འདས་ཀྱི་གཏམ་གྱི་མཇུག་རྫོགས་པར་རིག་ནས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རངས་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ཤི་བའི་ཚེ་ཤཱཀྱ་རྣམས་ཐེ་ཚོམ་སྐྱེས་ཏེ། ཤཱཀྱ་

མདའ་ཐོགས་ཀྱིས་བསླབ་པ་ཉམས་པར་བྱས་ཏེ་ཆང་འཐུངས་ན། དེའི་འགྲོ་བ་ནི་གང་ཡིན་སྐྱེ་གནས་ནི་གང་ཡིན་ཚེ་ཕྱི་མ་ནི་གང་ཡིན་ཞིག་གུ་མ་ལ་བདག་ཅག་གིས་དོན་འདི་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་ཇི་སྐད་ལུང་བསྟན་པ་དེ་བཞིན་དུ་གཟུང་བར་

བྱའོ་ཞེས་ཟེར་རོ། །དེ་ནས་ཤཱཀྱ་མང་པོ་དག་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་ཤཱཀྱ་མང་པོ་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་

ཅེས་གསོལ་ཏོ། །བཙུན་པ་ཤཱཀྱ་མདའ་ཐོགས་ཀྱིས་བསླབ་པ་ཉམས་པར་བགྱིས་ཏེ་སྐྱེམས་འཚལ་ན། བཙུན་པ་དེའི་འགྲོ་བ་ནི་གང་ལགས་སྐྱེ་གནས་ནི་གང་ལགས་ཚེ་ཕྱི་མ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་ལྷར་སྐྱེས་སོ། །དེ་དག་གིས་

གསོལ་པ། བཙུན་པ་ཤཱཀྱ་མདའ་ཐོགས་ཀྱིས་བསླབ་པ་ཉམས་པར་བགྱིས་ཏེ་སྐྱེམས་འཚལ་ན། དེ་ཇི་ལྟར་ལྷར་སྐྱེས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱཀྱ་མདའ་ཐོགས་ཀྱིས་འཆི་ཀར་བསླབ་པ་ཉམས་པ་བཤགས་ཏེ། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ནས་

ལྷར་སྐྱེས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཤཱཀྱ་རྣམས་ཡ་མཚན་དུ་གྱུར་ཏེ། དེ་དག་རྣམས་ཡ་མཚན་དུ་གྱུར་ནས་ཡང་སྨྲས་པ། ཀྱེ་མ་སངས་རྒྱས། ཀྱེ་མ་ཆོས། ཀྱེ་མ་དགེ་འདུན། ཀྱེ་མ་ཆོས་ལེགས་པར་གསུངས་པ་འདི་ལྟར་ངན་སོང་དུ་འགྲོ་བའི་སེམས་ཅན་དག་ཀྱང་ངན་སོང་

เล่ม ๗๓ · หน้า 238a

ནས་ཕྱུང་སྟེ། མཐོ་རིས་སུ་འགྲོ་བར་བྱེད་དོ་ཞེས་ཟེར་ནས། ལྷག་པར་ཡང་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་བཀུར་སྟི་བྱེད་པ་ལ་ཞུགས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་ཤཱཀྱ་མདའ་ཐོགས་འཆི་བས་

འཇིགས་ཤིང་སྐྲག་པ་ལས་བཅོམ་ལྡན་འདས་ཀྱིས་འཆི་བའི་འཇིགས་པ་ལས་སྐྱབས་མཛད་དེ། གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཞག་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། ཇི་ལྟར་

འདས་པའི་དུས་ན་ཡང་འདི་འཆི་བས་འཇིགས་ཤིང་སྐྲག་ནས། ཞག་བདུན་བསླབ་པ་བསྲུངས་ཏེ། གཞི་དེ་ལས་མཐོ་རིས་སུ་སྐྱེས་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་

སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་གྲོང་ཁྱེར་བཱ་རཱ་ཎ་སཱིར་ཚོང་པ་

དབུལ་པོ་ཞིག་འདུག་པ་དེས། ཕྱི་ཞིག་ན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དད་པ་རྙེད་དོ། །ཚོང་པ་དེ་ཡང་སྦྱིན་པ་ལ་སྲེད་པ་ཞིག་སྟེ། སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་འདོད་ནས་དེས་བསམས་པ། ཅི་བདོག་པ་འདི་ཙམ་གྱིས་ནི་བདག་

གིས་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་མི་ནུས་ཀྱིས། བདག་གིས་རྒྱ་མཚོའི་གྲུ་བོ་ཆེའི་དོན་བསྒྲུབ་བོ། །གལ་ཏེ་བདག་གིས་རྒྱ་མཚོའི་གྲུ་བོ་ཆེའི་དོན་ལན་ཅིག་ཙམ་ཞིག་བསྒྲུབ་པར་ནུས་ན་ཡང་། བདག་གིས་ཕ་མའི་བདུན་རྒྱུད་ཀྱི་བར་དུ་དར་བར་བྱེད་ནུས་པར་

འགྱུར་རོ་སྙམ་དུ་བསམས་ནས། ཟོང་ཁྱེར་ཏེ་རྒྱ་མཚོ་ཆེན་པོར་ཞུགས་ནས། དེས་རྒྱ་མཚོའི་གྲུ་བོ་ཆེའི་དོན་བསྒྲུབས་ཏེ། སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་པ་ལ་ཞུགས་སོ། །དེ་ཡང་ཚེ་ཐུང་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་དེ་ཉིད་སྐྱོ་བ་

เล่ม ๗๓ · หน้า 238b

བསྐྱེད་པའི་ཕྱིར། ཞག་བདུན་ན་འཆི་བར་འགྱུར་རོ་ཞེས་དགེ་སློང་རྣམས་ལ་བཀའ་སྩལ་ཏེ། དགེ་སློང་དག་ཚོང་པ་ཆེ་གེ་མོ་ནི་ཞག་བདུན་ན་འཆི་བར་འགྱུར་རོ་ཞེས་བཀའ་སྩལ་ནས། སྒྲ་དེ་འབྲུ་མར་བཙིར་བ་བཞིན་དུ་ཀུན་ཏུ་གྲགས་སོ། །ཚོང་པ་དེས་ཀྱང་ཐོས་ནས། ཡང་དག་པར་རྫོགས་པའི་

སངས་རྒྱས་འོད་སྲུང་གིས་ཇི་ལྟར་བདག་ཞག་བདུན་ན་འཆི་བར་འགྱུར་རོ། །ཞེས་ལུང་བསྟན་པ་དེ་ཐོས་མ་ཐག་ཏུ། དེ་འཆི་བའི་འཇིགས་པ་ཆེན་པོ་སྐྱེས་ཏེ། དེ་འཇིགས་ཤིང་སྐྲག་ནས་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ག་ལ་བ་དེར་དོང་སྟེ་ཕྱིན་ནས། སངས་རྒྱས་འོད་སྲུང་ལ་

སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བླངས་ནས། དེ་ཤི་འཕོས་ཏེ་དུས་ལས་འདས་ནས་ལྷར་སྐྱེས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཚོང་པར་གྱུར་པ་གང་ཡིན་པ་དེ་ནི་ཤཱཀྱ་མདའ་ཐོགས་འདི་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་འདི་འཆི་བས་འཇིགས་ཞིང་སྐྲག་ནས་བསླབ་པའི་

གཞི་རྣམས་བསྲུངས་ཏེ་མཐོ་རིས་སུ་སྐྱེས་སོ། །ད་ལྟར་ཡང་འདི་འཆི་བས་འཇིགས་ཤིང་སྐྲག་ནས། སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བསྲུངས་ཏེ་གཞི་དེ་ལས་མཐོ་རིས་སུ་འགྲོ་བ་དང་ཐར་བར་འགྲོ་བ་ཐོབ་པར་གྱུར་ཏོ།། །།བརྫིས་པ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་

ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་བྲམ་ཟེ་ཞིག་འདུག་སྟེ། དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཕྱི་ཞིག་ན། དེའི་ཆུང་མ་ལ་བུ་ཆགས་ཏེ། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་

ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་རིགས་དང་འཐུན་པའི་མིང་བཏགས་ཏེ། འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུ་རྣམས་ཀྱིས་བསྐྱེད་བསྲིངས་ནས། དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ། ཁྱེའུ་དེ་ཡི་གེ་དང་། བྲམ་ཟེའི་སྤྱོད་ལམ་

དང་། སྤྱོད་པ་དང་། ཨོཾ་ཞེས་བྱ་བ་དང་། བྷོ་ཞེས་བྱ་བ་དང་། གཙང་སྦྲ་དང་། ཆོ་ག་དང་། ཐལ་བ་བླང་བ་དང་། རིལ་བ་ཐོགས་པ་དང་། ངེས་བརྗོད་ཀྱི་རིག་བྱེད་དང་། མཆོད་སྦྱིན་གྱི་རིག་བྱེད་དང་། སྙན་ཚིག་གི་རིག་བྱེད་དང་། སྲིད་སྲུང་གི་རིག་བྱེད་དང་། མཆོད་སྦྱིན་བྱ་བ་དང་། མཆོད་སྦྱིན་བྱེད་

เล่ม ๗๓ · หน้า 239a

དུ་གཞུག་པ་དང་། སྦྱིན་པ་དང་། བླང་བ་དང་། ཁ་ཏོན་བྱ་བ་དང་། ཁ་ཏོན་སློབ་ཏུ་གཞུག་པའི་ཐབས་བསླབས་ནས། ལས་རྣམ་པ་དྲུག་ལ་མཁས་པའི་བྲམ་ཟེར་གྱུར་ཏེ། དེ་མཐར་གྱིས་རིག་པའི་གནས་བཅྭ་བརྒྱད་ལ་བྱང་བར་གྱུར་ཏོ། །དེ་ནས་དེ་ལོ་བཅུ་དྲུག་ལོན་པ་དང་བསྟན་

བཅོས་ཐམས་ཅད་རྟོགས་ཏེ་གཞུང་གིས་རྩོད་པ་ཐམས་ཅད་ཚར་བཅད་དོ། །དེ་ནས་དེས་གཞུང་གིས་རྩོད་པའི་དམ་བཅས་ཏེ། ང་དང་མཚུངས་པ་ཡང་མེད་ན་ལྷག་པར་ལྟ་ཅི་སྨོས་ཞེས་ཟེར་ཞིང་དེ་གཞུང་གིས་རྩོད་པའི་རྒྱགས་པས་དྲེགས་ནས་བྲམ་ཟེ་ཐམས་ཅད་ཁྱད་དུ་བསད་དོ། །དེ་

ནས་ཕྱི་ཞིག་ན་བྲམ་ཟེ་དེ་དག་གིས་སེམས་སྐྱེས་པ། དགེ་སྦྱོང་གཽ་ཏ་མ་དེ་ནི་མ་དུལ་བ་འདུལ་བ་ཡིན་གྱིས། ཁྱེའུ་འདི་དགེ་སྦྱོང་གཽ་ཏ་མ་ལ་བསྟན་པར་བྱའོ། །འོན་ཀྱང་དེས་འདི་རབ་ཏུ་ཕྱུང་ཡང་སྲིད་དེ། དེ་ལྟར་བྱས་ན་བདག་ཅག་འདི་ལས་ཐར་བར་འགྱུར་རོ་སྙམ་དུ་བསམས་ནས།

ཁྱད་དུ་བསད་པའི་བྲམ་ཟེ་དེ་དག་གིས། ཁྱེའུ་དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྒྱུས་བསྟན་ཏེ། ཁྱོད་ནི་བདག་ཅག་གི་བུ་དང་འདྲ་ན་ང་དང་མཚུངས་པ་ཡང་མེད་ན། ལྷག་པ་ལྟ་ཅི་སྨོས་ཞེས་ཤེས་རབ་ཀྱི་རྒྱགས་པས་དྲེགས་ཤིང་འདུག་སྟེ་ཅི་བྱ། དགེ་སྦྱོང་གཽ་ཏ་མ་འདི་ནི་ལུས་ཀྱང་

མཛེས་ལ་སེམས་ཀྱང་མཛེས་ཏེ། ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པ་ཡིན་པས་ན། ཁྱོད་ནི་དེ་ཡི་བྱད་གཟུགས་དང་ཤེས་པའི་བརྒྱའི་ཆར་ཡང་མི་ཕོད། སྟོང་གི་ཆར་ཡང་མི་ཕོད། འབུམ་གྱི་ཆར་ཡང་མི་ཕོད་དོ་ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ། བྲམ་ཟེའི་ཁྱེའུ་

དེ་བཅོམ་ལྡན་འདས་ལྟ་འདོད་པར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན། བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས། བྲམ་ཟེའི་ཁྱེའུ་དེས་ཐག་རིང་པོ་ཞིག་ནས། སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་ཅིང་སྤ་བར་བྱས་པ། མེ་

ལུས་ཀྱི་དབྱིབས་སུ་འདུག་པ་ལྟ་བུ། མེ་ལྕེ་མར་གྱིས་བཏབ་པ་ལྟ་བུ། མར་མེ་གསེར་གྱི་སྣོད་དུ་བཞག་པ་ལྟ་བུ། མཆོད་སྡོང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ལྟ་བུ། བློ་གསལ་ཞིང་དྲི་མ་མེད་ལ་རྣམ་པར་དག་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ་། །མཐོང་

เล่ม ๗๓ · หน้า 239b

ནས་ཀྱང་མཆོག་ཏུ་དགའ་བ་སྐྱེས་ཏེ། དགེ་བའི་རྩ་བ་བསགས་པའི་རྒྱུ་ལས་བྱུང་བའི་སེམས་ཅན་གྱིས་དང་པོ་སངས་རྒྱས་མཐོང་བའི་ཉམས་བདེ་བ་ཅི་འདྲ་བ་དེ་ལྟ་བུ་ནི། ལོ་བཅུ་གཉིས་ཀྱི་བར་དུ་ཞི་གནས་ཀྱི་སེམས་ལ་གོམས་པར་བྱས་པ་ལ་ཡང་ཉམས་བདེ་བ་དེ་ལྟ་བུ་སྐྱེ་བར་མི་འགྱུར་རོ། །དེ་

ལྟར་མཐོང་ནས་བྱད་གཟུགས་ཀྱི་རྒྱགས་པ་མེད་པར་གྱུར་ཏེ། དེས་བསམས་པ། འདི་བདག་པས་ཆེས་བཟང་མོད་ཀྱི་ཤེས་རབ་ཀྱིས་ནི་བདག་དང་མཚུངས་པ་མ་ཡིན་ནོ། །འོན་ཀྱང་རེ་ཞིག་འདི་ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པ་ཡིན་ནམ་མ་ཡིན་པ་དེ་བགམ་མོ་སྙམ་ནས།

སེམས་ཀྱིས་དྲི་བ་བསྔོགས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་མངོན་སུམ་དུ་ཡང་དག་པར་དགའ་བར་བྱ་བ་དང་། ཡང་དག་པར་མགུ་བར་བྱ་བའི་གཏམ་སྣ་ཚོགས་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་

སེམས་ཐུགས་ཀྱིས་མཁྱེན་ནས། སེམས་ཀྱི་དྲི་བ་བསྔོགས་པ་དེ་ལུང་བསྟན་ཏོ། །དེ་ནས་བྲམ་ཟེའི་ཁྱེའུ་དེ་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བར་གྱུར་ཏོ། །འདི་ནི་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ་ཡིན་པར་ངེས་སོ་སྙམ་ནས། སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་

གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་ཞག་བདུན་གྱི་བར་དུ་བདག་གི་ཁྱིམ་དུ་བཤོས་གསོལ་བར་ཅི་གནང་། དེ་ནས་

བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་ཁྱེའུ་དེ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་བྲམ་ཟེའི་ཁྱེའུ་དེས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ་། །དེ་

ནས་དེས་སངས་རྒྱས་ལ་སོགས་པ། དགེ་སློང་གི་དགེ་འདུན་ཞག་བདུན་གྱི་བར་དུ་ཁྱིམ་དུ་བཤོས་གསོལ་ནས་ཐ་མའི་ཉིན་པར་སངས་རྒྱས་ལ་སོགས་པ། དགེ་སློང་གི་དགེ་འདུན་ཞལ་ཟས་རོ་བརྒྱ་དང་ལྡན་པས་ཚིམ་པར་བྱས་ནས། བཅོམ་ལྡན་འདས་ལ་ན་བཟའ་འབུམ་རི་བ་ཕུལ་

เล่ม ๗๓ · หน้า 240a

ལོ། །དགེ་སློང་གཞན་རྣམས་ལ་ནི། རེ་རེ་ལ་ཡང་རས་ཟུང་རེ་ཕུལ་ནས་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་ཁྱེའུ་དེའི་བསམ་པ་དང་བག་ལ་ཉལ་དང་ཁམས་དང་ཤེས་པ་དང་རང་བཞིན་ཐུགས་སུ་ཆུད་ནས་དེ་དང་འཐུན་

པའི་ཆོས་བསྟན་ཏེ། དེས་ན་བྲམ་ཟེའི་ཁྱེའུ་དེ་འཁོར་དང་བཅས་པས་སྟན་དེ་དག་ལ་འཁོད་བཞིན་དུ། འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་ཕ་མ་ལ་གསོལ་ཏེ།

བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་

ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ། བསྙེན་པར་རྫོགས་པར་མཛད་ནས་དེ་ལ་ལུང་ཡང་ཕོག་གོ། །དེས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་འབད་

པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུ་

བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས། མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་

གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བྲམ་ཟེའི་ཁྱེའུ་འདིས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ལ། བསྟན་བཅོས་ཐམས་ཅད་རྟོགས་ཏེ།

เล่ม ๗๓ · หน้า 240b

གཞུང་གིས་རྩོད་པ་ཐམས་ཅད་ཚར་བཅད་ནས། འདིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་

ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །གསོལ་པ། བཙུན་པ་འདིས་གང་དུ་སྨོན་ལམ་བཏབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་

པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གང་གི་ཚེ་སངས་རྒྱས་

ཀྱི་ཕྲིན་ལས་ཐམས་ཅད་ཟིན་ནས། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདས་ཏེ། རྒྱལ་པོ་ཀྲྀ་ཀཱིས་དེའི་སྐུ་གདུང་གི་མཆོད་རྟེན་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གཅིག་ཡོད་པ་རིན་པོ་ཆེ་ལས་བརྩིགས་ནས། རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་

བྱས་ཏེ། མཆོད་པ་ཆེན་པོ་བྱས་ནས་དུས་སྟོན་གྱི་ལུགས་བཏོད་དོ། །དེ་ནས་རྒྱལ་པོ་དེས་དྲིལ་བསྒྲགས་ཏེ། བཱ་རཱ་ཎ་སཱི་འདི་ན་སྐྱེ་བོའི་ཚོགས་ཇི་སྙེད་གནས་པ་དེ་དག་མཆོད་རྟེན་གྱི་དུས་སྟོན་ལ་བབ་པ་ན་དེར་དོང་ལ་བཀུར་སྟི་གྱིས་ཤིག །སུ་དེར་མ་སོང་བ་དེ་ཅི་བདོག་པ་ཐམས་ཅད་

སླར་བཞེས་སོ་ཞེས་བསྒོའོ། །རྒྱལ་པོ་ཀྲྀ་ཀཱིས་མདུན་ན་འདོན་ནི་མ་དད་པ་ཞིག་སྟེ། མདུན་ན་འདོན་དེའི་བུ་རྒྱལ་པོའི་བུ་དང་མཛའ་ཞིང་བཤེས་ལ་གཅུགས་སོ། །དེ་ནས་བྲམ་ཟེ་མདུན་ན་འདོན་མ་དད་པ་སྟེ་སྡང་བའི་སེམས་ཀྱིས་དེར་མ་སོང་སྟེ། རྒྱལ་པོ་ཀྲྀ་ཀཱིས་ཐོས་ནས་མདུན་ན་འདོན་

གྱིས་ངའི་བཀའ་བཅག་གོ་སྙམ་ནས་ཐོས་མ་ཐག་ཏུ་རྒྱལ་པོ་དེ་ཁྲོས་ནས། ངས་དེའི་ཅི་བདོག་པ་ཐམས་ཅད་ཕྲོགས་ཏེ་སུ་མི་བཏང་ངོ་ཞེས་བྱས་སོ། །དེ་ནས་དེའི་ཚིག་དེ་རྒྱལ་པོའི་བུས་ཐོས་ནས་མདུན་ན་འདོན་གྱི་བུ་ལ་སྦྲན་ཏེ། ཁྱོད་སོང་ལ་ཕ་ལ་མཆོད་རྟེན་གྱི་དུས་སྟོན་ལ་སྐྱེན་

เล่ม ๗๓ · หน้า 241a

པར་སོང་ཤིག །རྒྱལ་པོས་ཁྱོད་ཅི་བདོག་པ་ཐམས་ཅད་ཕྲོགས་ས་རེ་ཞེས་གྱིས་ཤིག་ཅེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་བྲམ་ཟེ་མདུན་ན་འདོན་བུ་དང་ལྷན་ཅིག་ཏུ་གཙུག་ལག་ཁང་དུ་སོང་ངོ་། །དེ་དེར་སོང་ནས་སྐྱེ་བོ་ཕལ་པོ་ཆེ་མཆོད་རྟེན་གྱི་མཆོད་པ་ལ་

བརྩོན་ཞིང་འདུག་པ་མཐོང་ངོ་། །དེ་ནས་མདུན་ན་འདོན་གྱི་བུས་དེ་མཐོང་ནས་མཆོད་རྟེན་དེ་ལ་དད་པ་རྙེད་དོ། །དད་པ་རྙེད་ནས་མཆོད་རྟེན་དེ་ལ་བཀུར་སྟི་ཆེན་པོ་བྱས་ནས་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་ན། བདག་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་ཕྱུག་

ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་གྱུར་ཅིག །གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ཅིག །བསྟན་བཅོས་ཐམས་ཅད་རྟོགས་པར་གྱུར་ཅིག །གཞུང་གིས་རྩོད་པ་ཐམས་ཅད་ཚར་ཆོད་པར་གྱུར་ཅིག །ཡང་དག་པར་རྫོགས་པའི་སངས་

རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་

མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་ཁྱེའུ་དེས་དེ་སྐད་དུ་སྨོན་ལམ་བཏབ་ནས། ཁྱེའུ་དེ་སྐྱེ་བོ་མང་པོས་བརྫིས་ཏེ་ཤི་ནས་དེ་མཆོད་རྟེན་དེ་ལ་སེམས་དགའ་བཞིན་དུ་ཤི་འཕོས་ཏེ་དུས་ལས་འདས་ནས་ལྷར་སྐྱེས་སོ། །ལྷའི་བུའམ་ལྷའི་བུ་མོ་སྐྱེས་མ་ཐག་པ་ལ་ནི་ཆོས་ཉིད་ཀྱིས་སེམས་

རྣམ་པ་གསུམ་སྐྱེ་བར་འགྱུར་ཏེ། བདག་གང་ནས་ཤི་འཕོས་གང་དུ་སྐྱེས་ལས་གང་གིས་སྐྱེས་སྙམ་མོ། །དེ་ནས་དེས་མི་ལས་ཤི་འཕོས་པ་དང་ལྷར་སྐྱེས་པ་དང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་མཆོད་རྟེན་ལ་སེམས་དགའ་བ་བསྐྱེད་པས་དེར་སྐྱེས་པར་མཐོང་ངོ་། །

དེ་ནས་དེ་མཐོང་མ་ཐག་ཏུ་ལྷའི་བུ་དེས་སྔོན་གྱི་དྲིན་ཡང་དག་པར་དྲན་ནས། རྣ་ཆ་གདུབ་ཀོར་དག་ཅིང་འགུལ་བར་ཐོགས་པ། ལུས་དོ་ཤལ་དང་སེ་མོ་དོས་བརྒྱན་པ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་ཅོད་པན་ཅན། ལུས་གུར་གུམ་དང་ཏ་མ་ལའི་ལོ་མ་དང་སྤྲྀ་ཀ་ལ་

เล่ม ๗๓ · หน้า 241b

སོགས་པས་བྱུགས་པ་དེས། དེ་ཉིད་ཀྱི་མཚན་མོ་ལྷའི་མེ་ཏོག་ཨུད་པ་ལ་དང་པད་མ་དང་ཀུ་མུ་ད་དང་པད་མ་དཀར་པོ་དང་མན་དཱ་ར་བ་རྣམས་ཀྱིས་ཐུ་བ་བཀང་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་མཆོད་རྟེན་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཡང་དག་པར་རྫོགས་

པའི་སངས་རྒྱས་འོད་སྲུང་གི་མཆོད་རྟེན་ལ་ལྷའི་མེ་ཏོག་ཨུད་པ་ལ་དང་པད་མ་དང་ཀུ་མུ་ད་དང་པད་མ་དཀར་པོ་རྣམས་ཀྱིས་གཏོར་ནས། ཨ་ག་རུའི་ཕྱེ་མ་དང་རྒྱ་སྤོས་ཀྱི་ཕྱེ་མ་དང་ལྷའི་མེ་ཏོག་མན་དཱ་ར་བ་རྣམས་ཀྱིས་གཏོར་ནས་སེམས་དགའ་བར་གྱུར་ཏེ་འདུག་གོ། །དེ་དེ་ན་འདུག་པ་ན་དེའི་ཕས་

བདག་གི་བུ་སྐྱེ་བོ་ཕལ་པོ་ཆེ་དེ་དག་གིས་ཇི་ལྟར་བརྫིས་ཏེ་ཤི་བའི་གཏམ་ཐོས་སོ། །ཐོས་མ་ཐག་ཏུ་དེར་སོང་སྟེ། བུའི་རུས་བུ་པང་དུ་འཁྱུད་ནས་ངུ་ཞིང་སྡུག་བསྔལ་ལ་སྨྲེ་སྔགས་འདོན་པ་དང་ལྷའི་བུ་དེས་མཐོང་ནས་དེ་ལ་སྨྲས་པ། ཕ་ཅིག་བདག་ནི་མྱ་ངན་བྱར་མེད་པར་གྱུར་གྱིས་མྱ་ངན་

མ་བྱེད་ཅིག་སྡུག་བསྔལ་ཞིང་མ་འདུག་ཅིག་སྨྲེ་སྔགས་མ་འདོན་ཅིག་བྲམ་ཟེས་སྨྲས་པ། ཁྱོད་སུ་ཞིག །དེས་སྨྲས་པ། བདག་ནི་ཁྱོད་ཀྱི་བུ་དེ་ཡིན་ནོ། །དེས་སྨྲས་པ། ཁྱོད་གང་དུ་སྐྱེས། དེས་སྨྲས་པ། ལྷར་སྐྱེས་སོ། །དེས་སྨྲས་པ། ཁྱོད་ཀྱིས་ལས་ཅི་ཞིག་བྱས། དེས་སྨྲས་པ། མཆོད་

རྟེན་འདི་ཉིད་ལ་བསྙེན་བཀུར་བྱས་ནས་སེམས་དགའ་བ་བསྐྱེད་དོ། །ཁྱོད་ཀྱིས་ཀྱང་སྔོན་གྱི་ལྟ་བའི་རྣམ་པ་བོར་ལ་མཆོད་རྟེན་འདི་ལ་བསྙེན་བཀུར་བྱས་ཏེ་སེམས་དགའ་བར་གྱིས་ཤིག་དང་། དེ་ལྟར་བྱས་ན་ཁྱོད་ལེགས་པ་ཐམས་ཅད་ཀྱི་འབྱུང་གནས་སུ་འགྱུར་རོ་ཞེས་སྨྲས་ནས་ལྷའི་བུ་

དེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ཚིག་དེ་ཐོས་ནས་བྲམ་ཟེ་དེ་ཡང་བུའི་མྱ་ངན་མེད་པར་གྱུར་ཏེ། མཆོད་རྟེན་དེ་ལ་ཡང་ཤིན་ཏུ་དགའ་བར་གྱུར་ཏོ། །དེ་དགའ་བར་གྱུར་ནས་མཆོད་རྟེན་དེ་ལ་བཀུར་སྟི་ཆེན་པོ་བྱས་ནས་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་བདག་གང་

དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཅིག །བུ་འདི་ཉིད་ལས་བརྟེན་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་

เล่ม ๗๓ · หน้า 242a

པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་བྲམ་ཟེའི་མདུན་ན་འདོན་གྱི་བུར་གྱུར་པ་གང་ཡིན་པ་དེ་ནི་བྲམ་ཟེའི་ཁྱེའུ་འདི་ཁོ་ན་ཡིན་ནོ། །དེའི་ཚེ་ཕར་གྱུར་པ་གང་ཡིན་པ་དེ་ནི། བྲམ་ཟེ་འདི་ཁོ་ན་

ཡིན་ཏེ། ཁྱེའུ་དེས་མཆོད་རྟེན་དེ་ལ་བཀུར་སྟི་བྱས་ནས་སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས་གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ནས་བསྟན་བཅོས་ཐམས་ཅད་

རྟོགས་ཏེ། གཞུང་གིས་རྒོལ་བ་ཐམས་ཅད་ཚར་བཅད་ནས་དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་། ཤིན་ཏུ་མཉམ་པ་དང་། ཤུགས་མཉམ་པ་དང་། མཛད་པ་མཉམ་པ་དང་། ཐབས་མཉམ་པ་བརྙེས་པར་གྱུར་ནས། འདིས་ང་མཉེས་པར་བྱས་ཏེ་མི་མཉེས་

པར་མ་བྱས་ལ་ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེའི་ཕས་མཆོད་རྟེན་དེ་ལ་བསྙེན་བཀུར་བྱས་ནས། སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས་ནི། གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་

ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། བུ་འདི་ཁོ་ནའི་རྐྱེན་གྱིས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་སོ།། །།ལས་བརྒྱ་ཐམ་པ། བམ་པོ་ཉི་ཤུ་གཅིག་པ། ཝ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་

ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས། ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་

མགུར་སྤྱོད་པ་ལས་ཕྱི་ཞིག་ན། དེའི་ཆུང་མ་ལ་བུ་ཆགས་ནས་དེའི་ལུས་ཐོག་ཐག་ནས་ཕྱི་སའི་དྲི་མནམ་པར་གྱུར་ལ་ཡིད་ལ་འདོད་པ་འདི་ལྟ་བུ་ཡང་བྱུང་སྟེ། ཕྱི་ས་དང་གཅིན་བཟའ་ཞིང་འཐུང་ངོ་སྙམ་མོ། །དེ་ནས་དེས་ཁྱིམ་ཐབ་ལ་སྨྲས་པ། ཇོ་བོ་བདག་གི་ཡིད་ལ་འདོད་པ་དེ་ལྟ་བུ་བྱུང་

เล่ม ๗๓ · หน้า 242b

ངོ་ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཁྱིམ་བདག་དེ་སྡུག་བསྔལ་ཆེན་པོ་སྐྱེས་ཏེ། བདག་གི་ཆུང་མ་འདི་ལུས་སྲུལ་པོ་འགའ་ཞིག་གིས་ཐེབས་པར་མ་གྱུར་གྲང་སྙམ་ནས། དེས་མཚན་མཁན་རྣམས་ལ་བསྟན་ཏེ། མཚན་མཁན་རྣམས་ཀྱིས་སྨྲས་པ། ཁྱོད་ཀྱི་ཆུང་མ་འདི་

ལུས་སྲུལ་པོས་ཐེབས་པ་ནི་མ་ཡིན་གྱི། ལྟོ་ན་འདུག་པའི་སེམས་ཅན་དེའི་དབང་གིས་གྱུར་པ་ཡིན་ཏེ། གང་གི་ཚེ་དེ་བཙས་པ་དེའི་ཚེ་ནི་བུད་མེད་འདིའི་ལུས་ལ་ཕྱི་སའི་དྲི་དང་ཡིད་ལ་འདོད་པ་འདི་འདྲ་བ་དེ་མེད་པར་འགྱུར་རོ་ཞེས་ཟེར་རོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཁྱིམ་བདག་དེས་ཆུང་

མའི་ལུས་སྤོས་སྣ་ཚོགས་ཀྱིས་བྱུགས་ཏེ། དེ་ཕྱི་ས་དང་གཅིན་ཟ་ཞིང་འཐུང་དུ་དོགས་ནས། བུད་མེད་དེའི་རིམ་གྲོ་བ་དང་སྲུངས་མ་རྣམས་བསྐོས་སོ། །དེ་ནས་དེ་ཟླ་བ་དགུའམ་བཅུ་ལོན་པ་དང་ཁྱེའུ་ཕྱི་ས་དང་གཅིན་གྱིས་ཡོག་པ་ཞིག་བཙས་ནས། དེ་བཙས་མ་ཐག་ཏུ་ཁྱིམ་དེ་ཐོག་ཐག་

ཏུ་ཕྱི་སའི་དྲིས་གང་བར་གྱུར་ཏོ། །དེ་ནས་ཁྱེའུ་དེ་བུད་མེད་རྣམས་ཀྱིས་བཀྲུས་ཏེ་མལ་དུ་བཞག་ཀྱང་། དེའི་ལུས་ལས་ཕྱི་སའི་དྲི་དེ་མེད་པར་མ་གྱུར་ཏེ། མས་ཁྱེའུ་དེ་སྤོས་སྣ་ཚོགས་ཀྱིས་བསྐུས་ཏེ་བཞག་གོ། །དེ་ནས་བཙས་མ་ཐག་ཏུ་མའི་ཡིད་ལ་འདོད་པ་སྔ་མ་དེ་མེད་པར་གྱུར་ཏོ། །

དེ་ནས་དེའི་བཙས་སྟོན་རྒྱས་པར་བྱས་ནས་རིགས་དང་འཐུན་པའི་མིང་བཏགས་ཏེ། འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུ་རྣམས་ཀྱིས་བསྐྱེད་བསྲིངས་ནས། དེ་གང་གི་ཚེ་འགྲོ་ནུས་པར་གྱུར་པ་དེའི་ཚེ་བདག་གི་ཕྱི་ས་བླངས་ནས། ཁ་ཅིག་ནི་ཟ་བར་བྱེད་ཁ་ཅིག་ནི་ལུས་ལ་སྐུད་པར་

བྱེད་དེ་བུད་མེད་དེ་དག་གིས་བཀག་གོ། །དེ་ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་སློབ་ཏུ་བཅུག་སྟེ། དེ་མཁན་པོའི་ཐད་དུ་བཏང་བ་ལས། ཕྱི་སའི་འདམ་སྙག་སྙིག་ག་ལ་ཡོད་པར་སོང་ནས། ཕྱི་ས་ཟ་བར་བྱེད་དེ། དེ་ཕ་མ་གཉིས་ཀྱིས་ཚོར་ནས་དེས་སྡུག་བསྔལ་ཆེན་པོར་གྱུར་ཏེ།

བདག་ཅག་གཉིས་ཀྱི་བུ་བྱུང་མོད་ཀྱི་འོན་ཀྱང་སྐྱོན་འདི་ལྟ་བུས་མ་རུང་བར་གྱུར་ན། འཇིག་རྟེན་གྱིས་ཤིན་ཏུ་དམད་པ་འདི་ལྟ་བུ་བདག་ཅག་ལ་ཅི་དགོས་སྙམ་དུ་བསམས་ནས། དེ་ཁྱིམ་ནས་བསྐྲད་དེ་བཏང་ངོ་། །དེ་ནས་དེ་མི་གཙང་བའི་འདམ་སྙག་སྙིག་དེ་དག་ཉིད་དུ་གནས་བཅས་ཏེ།

เล่ม ๗๓ · หน้า 243a

ཕྱི་ས་དང་གཅིན་ཟ་ཞིང་འཐུང་བར་བྱེད་དོ། །དེ་ནས་དེ་མི་གཙང་བ་ཟ་བ་སྐྱེ་བོ་མང་པོས་མཐོང་ངོ་། །མཐོང་ནས་ཀྱང་དེ་དག་གཅིག་ལ་གཅིག་སྨྲས་པ། ཁྱེའུ་འདི་ནི་ཝ་བཞིན་དུ་ཕྱི་ས་དང་གཅིན་ཟ་ཞིང་འཐུང་ངོ་ཞེས་ཟེར་ནས། དེའི་མིང་སྔ་མ་མེད་པར་གྱུར་ཏེ། དེ་ཝ་བཞིན་དུ་ཕྱི་ས་

དང་གཅིན་ཟ་ཞིང་འཐུང་བའི་ཕྱིར་མིང་ཝ་ཉིད་དུ་བཏགས་སོ། །དེ་ནས་ཕྱི་ཞིག་ན་དེ་འོད་སྲུང་རྫོགས་བྱེད་ཀྱིས་མཐོང་ནས་དེས་བསམས་པ། བདག་ཅག་ནི་བ་ལང་གི་ལྕི་བ་ཟ་བའི་ཡི་དམ་བྱེད་པར་ཟད་ན། ཁྱེའུ་འདི་ནི་བདག་ཅག་པས་ཆེས་དཀའ་བ་བྱེད་པ་ཡིན་ཏེ། གལ་ཏེ་འདི་བདག་

གི་ཐད་དུ་རབ་ཏུ་བྱུང་ན་ནི་འདིར་འདི་ལ་བསོད་ནམས་མང་པོ་འཕེལ་བར་འགྱུར་རོ་སྙམ་དུ་བསམས་ནས། ཁྱེའུ་དེ་ལ་སྨྲས་པ། ཅི་ཁྱེའུ་ཁྱོད་ཀྱིས་འདི་ཡི་དམ་དུ་བཅས་པ་ཡིན་ནམ་འོན་ཏེ་གོམས་པའི་ཚུལ་ཅན་དུ་ཟད་དམ། ཁྱེའུས་སྨྲས་པ། བདག་ནི་ཡི་དམ་དུ་བཅས་པ་ཇི་ལྟ་བུ་ཡིན་པ་ཡང་མི་

ཤེས་ཏེ། བདག་ནི་ཕྱི་ས་ཟ་བ་ལ་ཤིན་ཏུ་སྲེད་ཀྱི་ཟས་སྐོམ་དག་ལ་ནི་མི་སྲེད་དོ། །འོད་སྲུང་རྫོགས་བྱེད་ཀྱིས་སྨྲས་པ། ཁྱེའུ་ངའི་ཐད་དུ་རབ་ཏུ་བྱུང་ལ་ཡི་དམ་དུ་ལོང་ཤིག་དང་གཞི་དེ་ལས་ཁྱོད་ཀྱི་བསོད་ནམས་མང་དུ་འཕེལ་བར་འགྱུར་རོ། །ཁྱེའུས་སྨྲས་པ། ཁྱོད་ཇི་ལྟར་དགྱེས་པ་བཞིན་

དུ་བགྱིའོ་ཞེས་སྨྲས་ནས། ཁྱེའུ་དེ་དེའི་ཕྱི་བཞིན་དུ་འབྲངས་ཏེ་སོང་ངོ་། །དེ་ནས་དེས་གནས་ཁང་དུ་ཁྲིད་ནས་སྐྲ་བཏོགས་ཏེ། ཕོར་པ་དང་རྨ་བྱའི་མདོངས་ཀྱི་ཕྱགས་མ་བྱིན་ནས། ཕྱི་ས་ཟ་བའི་ཡི་དམ་བྱིན་ཏེ་བཏང་ངོ་། །དེ་ནས་དེ་ཕྱི་སའི་འདམ་ག་ལ་བ་དེར་སོང་སྟེ་འདུག་གོ། །དེའི་ཚེ་

མཉན་དུ་ཡོད་པ་ན་ཡི་དགས་ལྔ་བརྒྱ་ཙམ་འཁོད་པ་རྣམས་མཚན་མོ་གང་གི་ཚེ། སྐྱེ་བོ་མང་པོ་ཉལ་བ་དེའི་ཚེ་ཕྱི་སའི་འདམ་གཞན་ནས་གཞན་དག་ཏུ་དོང་ནས། ཕྱི་ས་དང་གཅིན་ཟ་ཞིང་འཐུང་བར་བྱེད་དོ། །ཁྱེའུ་དེས་ཀྱང་ཡི་དགས་དེ་རྣམས་ཀྱི་སྒྲ་ནི་ཐོས་ལ་གཟུགས་མི་མཐོང་ངོ་། །

དེ་ནས་ཕྱི་ཞིག་ན་འོད་སྲུང་རྫོགས་བྱེད་ཀྱིས་དེ་ལ་བརྟགས་ཏེ། བུ་ཁྱོད་ཀྱིས་བརྟུལ་ཞུགས་ཡི་དམ་དུ་བླངས་པ་འདིས་ཁྱད་པར་ཅུང་ཟད་ལྟ་ཐོབ་བམ། དེས་སྨྲས་པ། ཁྱད་པར་ཞེས་བྱ་བ་ཇི་ལྟ་བུ་ཡིན། རྫོགས་བྱེད་ཀྱིས་སྨྲས་པ། ཁྱོད་ཀྱིས་ལྷའི་གཟུགས་ལྟ་བུ་ལྟ་མཐོང་ངམ།

เล่ม ๗๓ · หน้า 243b

ལྷའི་སྒྲ་སྐད་ལྟ་ཐོས་སམ། དེས་སྨྲས་པ། བདག་གིས་ལྷའི་གཟུགས་ལྟ་བུ་ནི་མ་མཐོང་གི་སྐྱེ་བོ་མང་པོའི་སྒྲ་སྐད་དག་ཐོས་ན། འོན་ཀྱང་མངོན་སུམ་དུ་དེ་མ་མཐོང་ངོ་། །རྫོགས་བྱེད་ཀྱིས་སྨྲས་པ། དེ་དག་ནི་བདག་ཉིད་ཆེན་པོ་བརྟུལ་ཞུགས་གྲུབ་པ་ཡིན་ནོ། །ད་ཡང་ཡི་དམ་བཅས་

པ་འདི་ཉིད་ཡི་དམ་དུ་བགྱིས་ཏེ་འདུག་ཤིག་དང་ཅི་སྟེ་ན་དེ་དག་གིས་ལུས་སྟོན་ཀྱང་སྲིད་དོ་ཞེས་བྱས་སོ། །དེ་ནས་ཕྱི་ཞིག་ན་ཡི་དགས་དེ་རྣམས་ཀྱིས་བསམས་པ། ཇི་ལྟར་བདག་ཅག་མི་དགེ་བའི་ལས་ཀྱིས་འདིར་སྐྱེས་ཏེ། སྡུག་བསྔལ་འདི་ལྟ་བུ་ཉམས་སུ་མྱོང་བ་དེ་བཞིན་དུ། ཁྱེའུ་འདི་

ཡང་སྔོན་གྱི་མི་དགེ་བའི་ལས་ཀྱིས་སྡུག་བསྔལ་འདི་ལྟ་བུ་མྱོང་བ་ཡིན་ན། ཅིའི་ཕྱིར་བདག་ཅག་གིས་འདི་ལ་ལུས་བསྟན་པར་ཅིས་མི་བྱ་ཞེས་ཟེར་ནས། ཡི་དགས་དེ་རྣམས་ཀྱིས་ཁྱེའུ་དེ་ལ་ལུས་བསྟན་ཏེ། དེ་ཡི་དགས་དེ་རྣམས་དང་ལྷན་ཅིག་ཏུ་འགྲོགས་སོ། །དེ་ནས་ཕྱི་ཞིག་ན་འོད་སྲུང་

རྫོགས་བྱེད་ཀྱིས་ཡང་དེ་ལ་བརྟགས་ཏེ། བུ་ཁྱོད་ལ་བརྟུལ་ཞུགས་གྲུབ་པ་དེ་དག་གིས་ལུས་ཅུང་ཟད་ཙམ་བསྟན་ཏམ། དེས་སྨྲས་པ་ལུས་ནི་བསྟན་མོད་ཀྱི་མི་སྡུག་པའི་ཚུལ་དུ་བསྟན་ཏོ། །འོད་སྲུང་རྫོགས་བྱེད་ཀྱིས་སྨྲས་པ། ད་དུང་ཡི་དམ་དུ་བཅས་པ་དེ་ཉིད་ཡི་དམ་དུ་གྱིས་ཏེ་འདུག་ཤིག་

དང་། རང་བཞིན་གྱིས་གཟུགས་སྟོན་པར་འགྱུར་ཡང་སྲིད་དོ། །དེ་ནས་ཕྱི་ཞིག་ན། ཚེ་དང་ལྡན་པ་ཤཱ་རིའི་བུས་བསམས་པ། ཡི་དགས་འདི་རྣམས་ལས་ཟད་དེ་རིང་པོ་མི་ཐོགས་པར་འཆི་བར་འགྱུར་གྱིས། བདག་གིས་འདི་རྣམས་གདུལ་བར་བྱའོ་སྙམ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཡི་

དགས་ལྔ་བརྒྱ་པོ་རྣམས་ཀྱི་ཐད་དུ་སོང་ནས་སྨྲས་པ། བཞིན་བཟངས་དག་འདི་ལྟར་འདུ་བྱེད་ཐམས་ཅད་ནི་མི་རྟག་གོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ། །ང་ལ་སེམས་དགའ་བར་གྱིས་ཤིག་དང་། ཡི་དགས་ཀྱི་སྐྱེ་གནས་དང་བྲལ་བར་འགྱུར་ཡང་

སྲིད་དོ་ཞེས་བྱས་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་སོང་ངོ་། །ཡི་དགས་དེ་རྣམས་ཀྱང་ཚེ་ཟད་ནས་དེ་དག་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སེམས་དགའ་བར་གྱུར་བཞིན་དུ་ཤི་ནས་ལྷའི་ཡུལ་དུ་སྐྱེས་སོ། །ལྷའི་བུའམ་ལྷའི་བུ་མོ་སྐྱེས་མ་ཐག་པ་ནི་ཆོས་ཉིད་ཀྱིས་སེམས་རྣམ་པ་གསུམ་སྐྱེ་བར་འགྱུར་ཏེ།

เล่ม ๗๓ · หน้า 244a

བདག་གང་ནས་ཤི་འཕོས་གང་དུ་སྐྱེས་ལས་གང་གིས་སྐྱེས་སྙམ་མོ། །དེ་ནས་ཡི་དགས་ལས་ཤི་འཕོས་པ་དང་ལྷར་སྐྱེས་པ་དང་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སེམས་དགའ་བར་གྱུར་པ་དེ་དག་གིས་མཐོང་ངོ་། །དེ་ནས་སྔོན་ཡི་དགས་སུ་གྱུར་པའི་ལྷའི་བུ་དེ་དག་འདི་སྙམ་དུ་སེམས་ཏེ།

བདག་ཅག་ཞག་ལོན་ནས་གཟོད་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོ་བ་ནི་བདག་ཅག་གི་ཆ་མ་ཡིན་གྱིས། བདག་ཅག་ཞག་མ་ལོན་པར་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོའོ་སྙམ་མོ། །དེ་ནས་སྔོན་ཡི་དགས་སུ་གྱུར་པའི་ལྷའི་བུ། རྣ་ཆ་གདུབ་ཀོར་དག་ཅིང་འགུལ་བ་ཐོགས་པ། ལུས་དོ་

ཤལ་དང་སེ་མོ་དོས་བརྒྱན་པ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་ཅོད་པན་ཅན་ལུས་གུར་གུམ་དང་ཏ་མ་ལའི་ལོ་མ་དང་སྦྲྀ་ཀ་ལ་སོགས་པས་བྱུགས་པ་དེ་དག་གིས་དེ་ཉིད་ཀྱི་མཚན་མོ་ལྷའི་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་དཱ་དང་། པད་མ་དཀར་པོ་དང་། མན་དཱ་ར་རྣམས་ཀྱིས་ཐུ་བ་

བཀང་སྟེ། བཅོམ་ལྡན་འདས་ཀྱི་ཐད་དུ་ལྷགས་ནས་བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་གིས་གཏོར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་ཆོས་བསྟན་ཏེ། དེ་དག་ཐམས་ཅད་ཀྱིས་བདེན་པ་རྣམས་མཐོང་ངོ་། །དེ་དག་གིས་བདེན་པ་མཐོང་ནས་བཅོམ་ལྡན་འདས་ཀྱི་ཐད་ནས་སོང་སྟེ།

རང་གི་གནས་སུ་དོང་བ་ན་དེ་དག་གིས་ཁྱེའུ་ཝ་ཡིད་ལ་དྲན་ནས་དེ་དག་གིས་བསམས་པ། བདག་ཅག་ནི་འཕགས་པ་ཤཱ་རིའི་བུ་ལས་བརྟེན་ཏེ། ཡི་དགས་ཀྱི་སྐྱེ་གནས་དང་བྲལ་ནས། ལྷར་སྐྱེས་ཀྱིས་བདག་ཅག་དོང་སྟེ་ཝའི་དོན་བྱའོ། །འོན་ཀྱང་དེ་ཡང་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ནས་

བཅོམ་ལྡན་འདས་ལས་བརྟེན་ཏེ། སྡུག་བསྔལ་དེ་ལས་ཐར་བར་འགྱུར་ཡང་སྲིད་དོ་སྙམ་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ནས་མི་སྣང་བར་གྱུར་ཏེ། མཉན་དུ་ཡོད་པའི་ཕྱོགས་གང་ན་ཝ་འདུག་པའི་ཕྱོགས་དེའི་སྟེང་གི་བར་སྣང་ལ་ལྷའི་གཞལ་མེད་ཁང་དང་བཅས་པར་འཁོད་དེ། མཉན་དུ་ཡོད་པ་ཐོག་

ཐག་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །དེ་ནས་ཝས་ལྷ་ལྔ་བརྒྱ་པོ་དེ་དག་མཐོང་ངོ་། །མཐོང་ནས་ཀྱང་ཁྱེད་སུ་དག་ཅི་བྱེད་ཅེས་བྱས་སོ། །དེ་དག་གིས་སྨྲས་པ། བདག་ཅག་ནི་སྔོན་ཁྱོད་ཀྱི་གྲོགས་པོ་དེ་དག་ཡིན་ནོ། །ཁྱེའུས་སྨྲས་པ། སྔོན་ནི་ངས་ཁྱེད་རྣམས་ཚུལ་དེ་ལྟ་མ་

เล่ม ๗๓ · หน้า 244b

ཡིན་པར་མཐོང་ལ། ད་ནི་ཚུལ་དེ་ལྟ་མ་ཡིན་པར་མཐོང་ངོ་ཞེས་བྱས་སོ། །དེ་དག་གིས་སྨྲས་པ། བདག་ཅག་ནི་གནས་འདི་ནས་ཤི་འཕོས་ཏེ་ལྷའི་ནང་དུ་སྐྱེས་སོ། །ཝས་སྨྲས་པ། ཁྱེད་བརྟུལ་ཞུགས་ཡི་དམ་དུ་བླངས་པ་དེ་ཁོ་ནས་ལྷའི་ནང་དུ་སྐྱེས་སམ། དེ་དག་གིས་སྨྲས་པ།

བརྟུལ་ཞུགས་ཡི་དམ་དུ་བླངས་པ་དེས་སྐྱེས་པ་མ་ཡིན་གྱི་སྔོན་ངས་མི་དགེ་བའི་ལས་ཀྱིས་ཡི་དགས་སུ་སྐྱེས་པ་ལས། ངེད་ཀྱིས་འཕགས་པ་ཤཱ་རིའི་བུ་ལས་བརྟེན་ནས་ཡི་དགས་ཀྱི་སྐྱེ་གནས་དང་བྲལ་ཏེ་ལྷའི་སྐྱེ་གནས་ཐོབ་པར་གྱུར་ཏོ། །ཁྱོད་ཀྱང་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་

སུ་སོང་ཤིག་དང་ཁྱོད་ཀྱང་སྡུག་བསྔལ་འདི་ལས་ཐར་བར་འགྱུར་ཡང་སྲིད་དོ་ཞེས་བྱས་ནས་ལྷ་དེ་དག་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །འོད་སྲུང་རྫོགས་བྱེད་ཀྱིས་ཀྱང་ལྷ་ལྔ་བརྒྱ་པོ་དེ་དག་ཝའི་ཐད་དུ་སོང་བ་མཐོང་ནས་གཞན་དག་ལ་བསྙད་དེ། འདི་ལྟར་འདི་ལ་ལྷ་རྣམས་ཀྱང་ལུས་སྟོན་པར་བྱེད་

ཅིང་འོང་བ་ལས་ན། བདག་ཉིད་ཆེན་པོ་འདིས་ནི་བརྟུལ་ཞུགས་གྲུབ་པར་གྱུར་ཏོ་ཞེས་ཟེར་རོ། །དེ་ནས་དེ་ཐོས་མ་ཐག་ཏུ་སེམས་ཅན་མང་པོ་དག་གིས་ཕྱི་ས་བཟའ་བར་ཡི་དམ་བླངས་སོ། །ཁྱེའུ་ཝས་ནི་ལྷ་རྣམས་ཀྱི་ཚིག་ཐོས་ནས་བསམས་པ། བདག་སོང་ལ་སངས་རྒྱས་བཅོམ་

ལྡན་འདས་ལ་བསྙེན་བཀུར་བྱའོ། །འོན་ཀྱང་བདག་གི་ལུས་འདི་ཁོ་ན་ལྟར་ཕྱི་སས་ཡོག་བཞིན་དུ། བཅོམ་ལྡན་འདས་ལ་ལྟར་འགྲོ་བ་ནི་མི་ཕོད་དོ་སྙམ་སྟེ། ཆུ་ཀླུང་ཁང་ལྡན་གྱི་འགྲམ་དུ་སོང་ནས་ལུས་ཐམས་ཅད་སས་དྲུད་དེ་ཁྲུས་བྱས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ་། །

དེ་ནས་ཁྱེའུ་ཝས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་ཅིང་སྤ་བར་བྱས་པ། མེ་ལུས་ཀྱི་དབྱིབས་སུ་འདུག་པ་ལྟ་བུ། མེ་ལྕེ་མར་གྱིས་བཏབ་པ་ལྟ་བུ། མར་མེ་གསེར་གྱི་སྣོད་དུ་བཞག་པ་ལྟ་བུ་མཆོད་སྡོང་རིན་པོ་ཆེ་སྣ་ཚོགས་

ཀྱིས་སྤྲས་པ་ལྟ་བུ་བློ་གསལ་ཞིང་དྲི་མ་མེད་ལ། རྣམ་པར་དག་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ་། །མཐོང་ནས་ཀྱང་མཆོག་ཏུ་དགའ་བ་སྐྱེས་ཏེ། དགེ་བའི་རྩ་བ་བསགས་པའི་རྒྱུ་ལས་བྱུང་བའི་སེམས་ཅན་གྱིས། དང་པོ་སངས་རྒྱས་མཐོང་བའི་ཉམས་བདེ་བ་ཅི་

เล่ม ๗๓ · หน้า 245a

འདྲ་བ་དེ་ལྟ་བུ་ནི། ལོ་བཅུ་གཉིས་ཀྱི་བར་དུ་ཞི་གནས་ཀྱི་སེམས་ལ་གོམས་པར་བྱས་པ་ལ་ཡང་ཉམས་བདེ་བ་དེ་ལྟ་བུ་སྐྱེ་བར་མི་འགྱུར་རོ། །དེ་ལྟར་མཐོང་ནས་ཀྱང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་

འཚལ་ཏེ། ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་བག་ལ་ཉལ་དང་ཁམས་དང་རང་བཞིན་དང་ཤེས་པ་ཐུགས་སུ་ཆུད་ནས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེ་ནས་ཁྱེའུ་ཝས་སྟན་དེ་ཉིད་ལ་འདུག་བཞིན་དུ། འཇིག་ཚོགས་

ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་

ཅེས་གསོལ་ཏོ། །བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་

དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ། བསྙེན་པར་རྫོགས་པར་མཛད་ནས་དེ་ལ་ལུང་ཡང་ཕོག་གོ། །དེས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་

འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་

པ་ཐོབ་པ་སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཝས་ལས་ཅི་བགྱིས་

เล่ม ๗๓ · หน้า 245b

ཤིང་བསགས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ལ། བཙས་མ་ཐག་ཏུ་ལུས་ཐམས་ཅད་ནས་ཕྱི་སའི་དྲི་འབྱུང་བ་དང་ཕྱི་ས་འཚལ་བ་དང་ཕྱི་སའི་འདམ་དུ་གནས་པར་གྱུར་ལགས། ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས། འདིས་

བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་ཉིད་ཀྱིས་ལས་དེ་ལྟ་བུ་

བྱས་ཤིང་བསགས་ཏེ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ།

བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན། ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་

བུའི་ནོར་དང་འགྲན་པ་ཞིག་གནས་པ་ལས། ཕྱི་ཞིག་ན་དེ་སངས་རྒྱས་ལ་དགའ་བ་དང་ཆོས་ལ་དགའ་བ་དང་དགེ་འདུན་ལ་དགའ་བར་གྱུར་ནས། སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བླངས་ཏེ། ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་ནས་དེས་བསམས་པ། བདག་ལ་

བུ་ཡང་མེད་བུ་མོ་ཡང་མེད་པས་ཤི་སྟེ་དུས་ལས་འདས་པའི་འོག་ཏུ་བདག་ལ་ཅི་བདོག་པ་ཐམས་ཅད་རྒྱལ་པོ་དབང་བྱེད་པར་གྱུར་ན། མ་ལ་བདག་གིས་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་བཀུར་སྟི་བྱའོ་སྙམ་སྟེ། དེས་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་གཙུག་ལག་ཁང་

བརྩིགས་ནས་ཡོ་བྱད་ཐམས་ཅད་སྦྱར་ཏེ། དགེ་སློང་རྣམས་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ནས་དེར་དགེ་སློང་ཞལ་ཏ་བ་ལ་བསྐོས་སོ། །དེ་ནས་ཕྱི་ཞིག་ན། ཞལ་ཏ་བ་དེ་ལྗོངས་སུ་བྱ་བ་ཞིག་ཡོད་དེ། ཁྱིམ་བདག་དེ་ལ་བཟླུགས་ནས་སོང་ངོ་། །དེ་དེར་སོང་བའི་

เล่ม ๗๓ · หน้า 246a

འོག་ཏུ་དགྲ་བཅོམ་པ་ཞིག་ལྗོངས་རྒྱུ་ཞིང་སོང་སོང་བ་ལས་གཙུག་ལག་ཁང་དེར་ཕྱིན་ཏེ། ཁྱིམ་བདག་དེས་དེ་མཛེས་ཤིང་གཡོག་འཁོར་མཛེས་པ་མཐོང་ནས། མཐོང་མ་ཐག་ཏུ་ཁྱིམ་བདག་དེ་དེ་ལ་ཤིན་ཏུ་དགའ་བར་གྱུར་ཏེ། དགའ་བར་གྱུར་ནས་དེས་བསམས་པ། གལ་ཏེ་

བདག་གིས་འདི་གཅིག་པུ་སྤྱན་དྲངས་ན་ནི་གནང་བར་མི་འགྱུར་ན། མ་ལ་བདག་གིས་དེ་ཁོ་ནའི་ཕྱིར་དགེ་སློང་གི་དགེ་འདུན་ཁྱིམ་དུ་སྤྱན་དྲངས་ལ་བཤོས་གསོལ་ལོ་སྙམ་ནས་དེའི་རྐང་པ་ལ་ཕྱག་འཚལ་ཏེ་སྨྲས་པ། འཕགས་པ་ཁྱོད་དགེ་སློང་གི་དགེ་འདུན་དང་བཅས་པར་སང་བདག་གི་

ཁྱིམ་དུ་བཤོས་གསོལ་བར་ཅི་གནང་ཞེས་བྱས་སོ། །དེ་ནས་དགྲ་བཅོམ་པ་དེས་བསམས་པ། གལ་ཏེ་བདག་གིས་ཁས་མ་བླངས་ན་ནི་དགེ་སློང་འདི་རྣམས་ཀྱི་རྙེད་པའི་བར་ཆད་དུ་ཡང་འགྱུར་ལ། སྦྱིན་བདག་འདིའི་བསོད་ནམས་ཀྱི་བར་ཆད་དུ་ཡང་འགྱུར་རོ་སྙམ་ནས་དེས་དེ་ལ་ཅང་མི་གསུང་

བས་གནང་ངོ་། །དེ་ནས་ཁྱིམ་བདག་དེས་ཕྱི་དེ་ཉིན་དགེ་སློང་གི་དགེ་འདུན་གྱི་ཕྱིར། ཁྱིམ་དུ་ཆོ་ག་དང་ལྡན་པའི་ཁྲུས་དང་མལ་ཆ་དང་སྟན་བཤམས་ཏེ། ཆུ་ར་བཅས་ནས་དགེ་སློང་རྣམས་ལ་སྤྱན་འདྲེན་བཏང་སྟེ། འཕགས་པ་རྣམས་གདུགས་ཚོད་དང་ཆོ་ག་དང་ལྡན་པའི་ཁྲུས་ལ་བབ་ན།

འཕགས་པ་རྣམས་ཀྱིས་ད་དེའི་དུས་ལ་བབ་པར་མཁྱེན་པར་མཛད་དུ་གསོལ་ཞེས་བསྐུལ་ཏོ། །དེ་ནས་དགེ་སློང་རྣམས་དེའི་ཁྱིམ་དུ་ལྷགས་ནས། ཁྱིམ་བདག་དེས་འདྲེག་མཁན་བཀུག་སྟེ། དགེ་སློང་ཐམས་ཅད་ཀྱི་སྐྲ་འདྲེག་ཏུ་བཅུག་ནས་ཆོ་ག་དང་ལྡན་པའི་ཁྲུས་ཀྱིས་ཁྲུས་བྱེད་དུ་

བཅུག་སྟེ། རང་གི་ལག་ནས་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་སོ། །དགེ་སློང་ཞལ་ཏ་པ་དེ་ཡང་ལྗོངས་སུ་དོན་བསྒྲུབས་ནས། གཙུག་ལག་ཁང་དེར་ཕྱིར་འོངས་སོ། །དེ་ཕྱིར་འོངས་ནས། དེ་དགེ་སློང་དེ་དག་མི་སྣང་ན་གར་དོང་ཞེས་དྲིས་པ་དང་དེ་

དག་གིས་སྨྲས་པ། ཁྱིམ་བདག་གིས་ཁྱིམ་དུ་སྤྱན་དྲངས་སོ། །དེས་སྨྲས་པ། སུའི་ཕྱིར་སྤྱན་དྲངས། དེ་དག་གིས་སྨྲས་པ། དགེ་སློང་ཞིག་གསར་དུ་འོངས་པའི་ཕྱིར་སྤྱན་དྲངས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་དེ་ཤས་ཆེར་མི་དགའ་བར་གྱུར་ཏེ། དེའི་བྱ་བ་ཐམས་ཅད་

เล่ม ๗๓ · หน้า 246b

བྱེད་པ་ནི་ང་ཡིན་ན། དགེ་སློང་གསར་དུ་འོངས་པ་ཞིག་གི་ཕྱིར། དེས་དགེ་སློང་གི་དགེ་འདུན་སྤྱན་དྲངས་སོ་སྙམ་དུ་རིག་ནས་ཁྲོས་ཏེ། ཁྱིམ་བདག་དེའི་ཁྱིམ་དུ་སོང་ངོ་། །དེ་དེར་སོང་ནས་བལྟས་ན་ཁྱིམ་བདག་དེ་རང་ཉིད་དགྲ་བཅོམ་པ་དེ་ལ་གུས་པར་བསྙེན་བཀུར་བྱེད་པ་མཐོང་

ངོ་། །དེ་ནས་དེ་ལྷག་པར་ཕྲག་དོག་གི་ཕྱིར་ཁྲོས་སོ། །དེར་དགེ་སློང་རྣམས་བཤོས་གསོལ་ནས། གཙུག་ལག་ཁང་དུ་དོང་བ་དེའི་ཚེ་དགྲ་བཅོམ་པ་དེའི་ཐད་དུ་སོང་ནས་སྨྲས་པ། བཙུན་པ་ཁྱོད་ཀྱིས་ཁྱིམ་བདག་འདི་ལྟར་བྱེད་པ་འདི་སུ་ཡིན་ཤེས་སམ། དགྲ་བཅོམ་པས་སྨྲས་པ། ངས་

ཤེས་ཏེ། ཕྱིར་མི་འོང་བ་ཡིན་ནོ། །ཞལ་ཏ་བྱེད་པས་སྨྲས་པ། གལ་ཏེ་དེ་ལྟར་ན་ཁྱོད་ཀྱིས་དེ་ལས་སྐྲ་བྲེགས་པ་ཉམས་སུ་བླངས་པ་བས་ནི། ཁྱོད་ཀྱི་སྐྲ་བཏོགས་ཀྱང་སླའོ། །ཁྱོད་ཀྱིས་དེ་ལས་ཁྲུས་ཀྱི་ཡོ་བྱད་བླངས་པ་བས་ནི། ཁྱོད་ཕྱི་སའི་འདམ་དུ་བྱིང་ཡང་སླའོ། །ཁྱོད་ཀྱིས་དེ་

ལས་ཟས་དང་སྐོམ་བླངས་པ་བས་ནི། ཁྱོད་ཀྱིས་ཕྱི་ས་དང་གཅིན་ཟོས་ཤིང་འཐུངས་ཀྱང་སླའོ་ཞེས་བྱས་སོ། །དེ་ནས་དགྲ་བཅོམ་པ་དེས་བསམས་པ་ཉོན་མོངས་པ་འདི་ནི་དམས་ཤིང་ཉམས་པར་གྱུར་ཏེ། གཏན་ཏུ་ཉམས་པར་གྱུར་ན་མི་རུང་གིས་འདིའི་ར་མདའ་བྱ་དགོས་སོ་སྙམ་ནས།

དེ་ལ་སྨྲས་པ། ཚེ་དང་ལྡན་པ་ཁྱོད་ཀྱིས་ང་སུ་ཡིན་པ་དང་ཁྱོད་བདག་སུ་ཡིན་པ་ཤེས་སམ། དེས་སྨྲས་པ། བདག་གིས་ཤེས་ཏེ་ཁྱོད་ཀྱང་རབ་ཏུ་བྱུང་བ་ཡིན་ང་ཡང་རབ་ཏུ་བྱུང་བ་ཡིན་ནོ། །དགྲ་བཅོམ་པས་སྨྲས་པ། འོ་བུ་ཅག་རབ་ཏུ་བྱུང་བར་འདྲ་མོད་ཀྱི། ཁྱོད་ནི་སོ་སོའི་སྐྱེ་བོ་བཅིང་བ་

ཐམས་ཅད་ཀྱིས་བཅིངས་པ་ཡིན་ཏེ། ང་ནི་དགྲ་བཅོམ་པ་བཅིང་བ་ཐམས་ཅད་ལས་གྲོལ་བ་ཡིན་ནོ། །ཁྱོད་ཀྱིས་ངག་རྩུབ་པོ་སྨྲས་ཀྱིས། ཉེས་པ་ལ་ཉེས་སོ་ཞེས་བཤགས་པར་གྱིས་ཤིག །ཁྱོད་འཁོར་བ་ན་འཁོར་ཞིང་སྡུག་བསྔལ་ཆེན་པོ་རྙེད་ཏ་རེ། དེ་ནས་དེ་ཐོས་མ་ཐག་ཏུ་དགེ་སློང་

དེ་འགྱོད་པ་ཆེན་པོ་སྐྱེས་སོ། །དེ་འགྱོད་པ་སྐྱེས་ནས། དགྲ་བཅོམ་པ་དེའི་རྐང་པ་ལ་ཕྱག་འཚལ་ཏེ་བཟོད་པ་གསོལ་ཏོ། །དེ་ནས་དེས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་པ། ཀྱེ་མ་འདི་ལྟར་བདག་གིས་དགྲ་བཅོམ་པ་དེ་ལ་ཚིག་རྩུབ་སྨྲས་པའི་ལས་

เล่ม ๗๓ · หน้า 247a

དེ་བདག་ལ་འོང་བར་མ་གྱུར་ཅིག །ཕྱིས་བདག་གིས་ཆོས་བཞིན་དུ་དགེ་འདུན་གྱི་ཞལ་ཏ་བྱས་པ་དང་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་པའི་དགེ་བའི་རྩ་བ་འདིས་ན། བདག་གང་དང་གང་དུ་སྐྱེ་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་

གྱུར་ཅིག །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་

པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དགེ་སློང་ཞལ་ཏ་བྱེད་པར་གྱུར་པ་གང་ཡིན་པ་དེ་ནི་ཝ་འདི་ཁོ་ན་ཡིན་ཏེ། དེས་དེར་དགྲ་བཅོམ་པ་དེ་ལ་ཚིག་རྩུབ་པོ་སྨྲས་ཏེ། ཁྱོད་ཀྱིས་དེ་ལས་

སྐྲ་བྲེགས་པ་ཉམས་སུ་བླངས་པ་བས་ནི། ཁྱོད་ཀྱི་སྐྲ་བཏོགས་ཀྱང་སླའོ་ཞེས་བྱས་པའི་ལས་དེའི་རྣམ་པར་སྨིན་པས་ནི། གང་དང་གང་དུ་སྐྱེས་པ་དེ་དང་དེར་སྐྲ་བཏོགས་པར་གྱུར་ཏོ། །དེས་དེར་ཁྱོད་ཀྱིས་དེ་ལ་ཁྲུས་ཀྱི་ཡོ་བྱད་བླངས་པ་བས་ནི་ཁྱོད་ཕྱི་སའི་འདམ་དུ་བྱིང་ཡང་སླའོ་ཞེས་

བྱས་པའི་ལས་དེའི་རྣམ་པར་སྨིན་པས་ནི། གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱི་སའི་འདམ་དུ་གནས་པར་གྱུར་ཏོ། །དེས་དེར་དགྲ་བཅོམ་པ་དེ་ལ་ཁྱོད་ཀྱིས་དེ་ལས་ཟས་དང་སྐོམ་བླངས་པ་བས་ནི། ཁྱོད་ཀྱིས་ཕྱི་ས་དང་གཅིན་ཟོས་ཤིང་འཐུངས་ཀྱང་སླའོ་ཞེས་བྱས་པའི་ལས་

དེའི་རྣམ་པར་སྨིན་པས་ནི། གང་དང་གང་དུ་སྐྱེས་པ་དེ་དང་དེར་ལུས་ལས་ཕྱི་སའི་དྲི་འབྱུང་བ་དང་ཕྱི་ས་ཟ་བར་གྱུར་ཏོ། །དེས་དེར་ཆོས་བཞིན་དུ་ཞལ་ཏ་བྱས་པ་དང་ཚེ་གཅིག་ཏུ་ཚངས་པར་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་སྟེ། གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་ཕྱུག་ཅིང་

ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་གྱུར་ཅིག་ཅེས་བྱས་པའི་ལས་དེའི་རྣམ་པར་སྨིན་པས་ནི། གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་

เล่ม ๗๓ · หน้า 247b

པ་དང་། ཤུགས་མཉམ་པ་དང་། མཛད་པ་མཉམ་པ་དང་། ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་རྣམས་

ཀྱིས་གསོལ་པ། བཙུན་པ་ཡི་དགས་ལྔ་བརྒྱ་པོ་དེ་དག་གིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཡི་དགས་སུ་སྐྱེས་པར་གྱུར་ལགས། ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ལྷར་སྐྱེས་ནས། དེ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱང་མཉེས་པར་བགྱིས་ཏེ་མི་མཉེས་

པར་མ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་དག་ཉིད་ཀྱིས་ལས་དེ་ལྟ་བུ་བྱས་ཤིང་བསགས་ཏེ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ། སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་

རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ་སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་གསུང་རབ་ལ་འདི་དག་ཐམས་ཅད་དགེ་བསྙེན་དུ་གྱུར་

ནས། དེ་དག་གི་ཐད་དུ་དགེ་སློང་རྣམས་འགྲོ་ཞིང་། གོས་དང་ཟས་དང་མལ་ཆ་དང་སྟན་དང་ནད་གསོས་དང་སྨན་ཟོང་ཡང་དང་ཡང་དུ་སློང་ནས་དེ་དག་སེར་སྣའི་དབང་དུ་གྱུར་ཏེ། དགེ་སློང་དེ་དག་ལ་འོད་སྲུང་གི་དགེ་སྦྱོང་འདི་དག་ནི་ཡི་དགས་བཞིན་དུ་ཁོར་ཟུག་ཏུ་གཞན་ལ་རེ་བ་

ལྷུར་བྱེད་ཅིང་རྒྱུའོ་ཞེས་དེ་ལྟ་བུའི་ཚིག་རྩུབ་པོ་སྨྲས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དགེ་བསྙེན་ལྔ་བརྒྱར་གྱུར་པ་གང་ཡིན་པ་དེ་དག་ནི་ཡི་དགས་ལྔ་བརྒྱ་པོ་དེ་དག་ཁོ་ན་ཡིན་ཏེ། དེ་དག་གིས་དེར་དགེ་སློང་དེ་དག་ལ་ཚིག་རྩུབ་པོ་སྨྲས་པའི་ལས་དེའི་རྣམ་པར་སྨིན་

པས་ནི་ཚེ་རབས་ལྔ་བརྒྱར་ཡི་དགས་སུ་སྐྱེས་སོ། །དེ་དག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་བསྲུངས་ཏེ་དབང་པོ་ཡོངས་སུ་སྨིན་པར་བྱས་པ་དེས་ནི་དེ་ལྟར་རྣམ་པར་གྲོལ་བར་གྱུར་ཏོ། །ལས་

เล่ม ๗๓ · หน้า 248a

བརྒྱ་ཐམ་པ་ལས་སྡོམ་གྱི་ཚིགས་སུ་བཅད་པ་ལྔ་པ་རྫོགས་སྷོ།། །།སྡོམ་ནི། བྱ་གཉིས་དང་ནི་ལུས་འཕགས་དང་། སྟོན་པ་འོད་སྲུང་ཀུན་དགའ་བོ། །འཛིན་བྱེད་བུ་དང་རབ་བཟང་དང་། ཡོན་རབས་དང་ནི་རྒན་ཞུགས་གཉིས། །བྱ་གཉིས་

ཞེས་བྱ་བ་ལ། བྱ་དང་པོ་ནི། གླེང་གཞི་རྒྱལ་པོའི་ཁབ་ན་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཞུགས་ཏེ། དེ་ན་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་བཞུགས་ཤིང་ཆོས་སྟོན་པའི་སྐབས་སུ་རི་སྤོས་ཀྱི་ངད་ལྡང་ནས།

རྨ་བྱ་བལྟ་ན་སྡུག་ཅེས་བྱ་བ་ཞིག་འོངས་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་སྟེང་གི་བར་སྣང་ལ་ལྡིང་བ་ལས། བྱ་དེས་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་བཞུགས་ཤིང་ཆོས་སྟོན་པ་ཐོས་སོ། །ཐོས་ནས་ཀྱང་ས་ལ་བབས་ནས་བཅོམ་ལྡན་འདས་ཀྱི་ཞབས་དྲུང་དུ་འདུག་གོ། །

དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་ཆོས་ཚིག་གསུམ་བསྟན་ཏེ། འདུ་བྱེད་ཐམས་ཅད་ནི་མི་རྟག་གོ། །ཆོས་ཐམས་ཅད་ནི་བདག་མེད་དོ། །མྱ་ངན་ལས་འདས་པ་ནི་ཞི་བའོ། །ང་ལ་སེམས་དགའ་བར་གྱིས་ཤིག་དང་དུད་འགྲོའི་སྐྱེ་གནས་དང་བྲལ་བར་འགྱུར་ཡང་སྲིད་དོ་ཞེས་དེ་སྐད་

ཅེས་བཀའ་སྩལ་ནས། བྱ་དེ་དགའ་བར་གྱུར་ཏེ་ཡུན་རིང་དུ་ཞལ་དུ་བརྟགས་ནས་སོང་བའི་འོག་ཏུ་དེ་སྟེང་གི་ནམ་མཁའ་ལ་འགྲོ་བ་ལས་ཁྲས་བསད་དེ། དེ་བཅོམ་ལྡན་འདས་ལ་སེམས་དགའ་བཞིན་དུ་ཤི་འཕོས་ཏེ། དུས་ལས་འདས་ནས་རྒྱལ་པོའི་ཁབ་དེ་ཉིད་དུ་ཚོང་དཔོན་ཞིག་གི་

ཁྱིམ་དུ་ཉིང་མཚམས་སྦྱར་ཏེ། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་བུ་བྱུང་ནས་ཁྱེའུ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས། རིགས་དང་འཐུན་པར་མིང་བཏགས་ཏེ། འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུས་བསྐྱེད་བསྲིངས་ནས། དེ་གང་གི་ཚེ་ཆེར་སྐྱེས་

པ་དེའི་ཚེ་ཡི་གེ་དང་། ཁོང་རྩིས་དང་། ཤོད་དགོད་པ་དང་། ལག་རྩིས་དང་། དབྱུང་བ་དང་། སྦ་བ་དང་། དགྲམ་པ་དང་། གོས་བརྟག་པ་དང་། ནོར་བུ་བརྟག་པ་དང་། རིན་པོ་ཆེ་བརྟག་པ་དང་། སྤོས་བརྟག་པ་དང་། སྨན་བརྟག་པ་དང་། གླང་པོ་ཆེ་བརྟག་པ་དང་། རྟ་བརྟག་པ་

เล่ม ๗๓ · หน้า 248b

དང་། གོ་མཚོན་བརྟག་པ་བསླབས་ཏེ། ཡི་གེ་མཁས་པ་དང་། ཀློག་མཁས་པ་དང་། མཛངས་པ་དང་། བྱ་བ་ལ་གསལ་བ་དང་། ཡིད་གཞུངས་པ་དང་། བརྟག་པ་རྣམ་པ་བརྒྱད་ལ་བྱང་བར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་དེ་སངས་རྒྱས་ལ་དགའ་བ་དང་། ཆོས་ལ་དགའ་བ་

དང་། དགེ་འདུན་ལ་དགའ་བར་གྱུར་ནས་དེས་ཕ་མ་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ་། །དེ་རབ་ཏུ་བྱུང་ནས་ན་ཚོད་ཀྱིས་ལོ་བདུན་ལོན་པ་ཁོ་ན་ན་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བར་

གྱུར་ཏོ། །དེ་ནས་དེ་རྫུ་འཕྲུལ་གྱིས་འགྲོ་ཞིང་གནས་གཞན་དང་གཞན་དག་ཏུ་སོང་ནས་ལོ་མའི་ནང་དུ་མེ་ཏོག་དང་འབྲས་བུ་རྣམས་བཅུག་སྟེ་ཁྱེར་ཏེ་འོང་ཞིང་དགེ་འདུན་ལ་འབུལ་བར་བྱེད་དོ། །དེ་ནས་དགེ་སློང་རྣམས་ཀྱིས་དེ་མཐོང་ནས་ངོ་མཚར་དུ་གྱུར་ཏེ། དེ་དག་གིས་བཅོམ་ལྡན་

འདས་ལ་གསོལ་པ། བཙུན་པ་དགེ་ཚུལ་བ་འདི་ལོ་བདུན་ནས་རབ་ཏུ་བྱུང་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་པ་ལ་གཟིགས། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ཉིད་སྐྱོ་བ་བསྐྱེད་པའི་ཕྱིར་བཀའ་སྩལ་པ། ཁྱེད་ཀྱིས་ཆེ་གེ་མོ་ཞིག་གི་

ཚེ། བྱ་ཞིག་ནམ་མཁའ་ལས་བབས་ནས་ངའི་མདུན་དུ་འདུག་པ་མཐོང་ངམ་གསོལ་པ། བཙུན་པ་བཅོམ་ལྡན་འདས་མཐོང་ལགས་སོ། །བཀའ་སྩལ་པ། དགེ་སློང་དག་བྱ་དེ་ང་ལ་སེམས་དགའ་བར་གྱུར་ནས་སོང་བ་ལས་ཁྲས་བསད་དེ། དེ་ང་ལ་སེམས་དགའ་བཞིན་དུ་ཤི་འཕོས་ནས་

རྒྱལ་པོའི་ཁབ་འདི་ཉིད་དུ་ཚོང་དཔོན་གྱི་རིགས་སུ་སྐྱེས་ནས། ཆེར་སྐྱེས་པ་དང་ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ་། །དེ་རབ་ཏུ་བྱུང་ནས་ན་ཚོད་ཀྱིས་ལོ་བདུན་པ་ཁོ་ན་ན་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་

བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་དགེ་ཚུལ་བ་འདིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་བྱར་སྐྱེས་ལགས། ལས་ཅི་བགྱིས་ན་དེ་ལས་ཤི་འཕོས་ནས་མིར་སྐྱེས་ལ། བཅོམ་ལྡན་འདས་ཀྱང་འདིས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས། བཅོམ་ལྡན་

เล่ม ๗๓ · หน้า 249a

འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། ཡུལ་ཀཱ་ཤིའི་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་ནི་རྒྱལ་པོ་ཚངས་

པས་བྱིན་རྒྱལ་པོ་བྱེད་དོ། །ཡུལ་ལུས་འཕགས་ན་ནི་ལུས་འཕགས་ཀྱི་རྒྱལ་པོ་བི་དེ་ཧ་རྒྱལ་པོ་བྱེད་དོ། །དེ་གཉིས་ཕན་ཚུན་མི་འཐུན་ནས་སྐྱེ་བོ་ཕལ་པོ་ཆེ་ཁ་འདོག་པར་བྱེད་དོ། །དེ་ནས་ཕྱི་ཞིག་ན་ལུས་འཕགས་ཀྱི་རྒྱལ་པོས་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ནས་གཡུལ་

འགྱེད་པའི་ཕྱིར་རྒྱལ་པོ་ཚངས་པས་བྱིན་གྱི་ཐོག་ཏུ་དྲངས་སོ། །ཀཱ་ཤིའི་རྒྱལ་པོ་ཚངས་པས་བྱིན་གྱིས་ཀྱང་། བི་དེ་ཧའི་རྒྱལ་པོས་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ནས་གཡུལ་འགྱེད་པའི་ཕྱིར། བདག་གི་ཐོག་ཏུ་དྲངས་སོ་ཞེས་ཐོས་སོ། །ཐོས་ནས་དེས་ཀྱང་དཔུང་གི་

ཚོགས་ཡན་ལག་བཞི་གོ་བསྐོན་ནས། གཡུལ་འགྱེད་པའི་ཕྱིར་བི་དེ་ཧའི་རྒྱལ་པོའི་ཐོག་ཏུ་དྲངས་པ་ལས། དེ་བི་དེ་ཧའི་རྒྱལ་པོས་དེ་ཐུབ་ཅིང་བརྡུངས་པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས། རྒྱལ་པོ་གཅིག་པུ་ཐར་ཏེ་བྲོས་ནས་ནགས་ཁྲོད་ཅིག་ཏུ་ཞུགས་ཏེ།

དེ་ལུས་ངལ་བ་དང་ལུས་སྡུག་བསྔལ་བ་ལ་ལུས་ཤིག་ཤིག་པོར་གྱུར་ནས་རྟ་ལས་བབས་ཏེ། དགྲ་ཞུ་དང་འཐབ་བེར་ཕུད་དེ་ས་ལ་བཏིང་བའི་སྟེང་དུ་འདུག་གོ། །ས་ཕྱོགས་དེ་ནས་ཐག་མི་རིང་བ་ཞིག་ན་ནི། རྨ་བྱ་ཞིག་རྨ་བྱ་མོ་དག་གིས་བསྐོར་ཏེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དེ། དེ་དེས་

མཐོང་ནས་དེ་ལ་སྨོན་པར་གྱུར་ཏེ། འདི་ནི་འདོད་པ་ཡང་སྤྱོད་ལ་འདི་ལ་གནོད་པ་བྱེད་པ་ཡང་ཅི་ཡང་མེད་པས་ན་སྐྱེ་གནས་འདི་ནི་བཟང་པོ་ཞིག་གོ་སྙམ་མོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་མི་བཞུགས་པའི་ཚེ་ན། རང་སངས་རྒྱས་རྣམས་འཇིག་རྟེན་དུ་བྱུང་སྟེ། རང་སངས་རྒྱས་

ཞིག་རྒྱལ་པོ་དེའི་ཐད་ནས་རྒྱང་མི་རིང་བ་ཞིག་ན། ཤིང་ཞིག་གི་དྲུང་ན་རྟེན་ཅིང་འདུག་ནས་རང་སངས་རྒྱས་དེས་དེ་དྲང་བའི་ཕྱིར་ལུད་པ་བསལ་བའི་སྒྲ་ཕྱུང་ངོ་། །དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་དེ་འཇིགས་ཤིང་སྐྲག་སྟེ་ལངས་ནས། འདིར་ཡང་ཕ་རོལ་གྱི་དམག་ཚོགས་མ་འོངས་གྲང་སྙམ་

เล่ม ๗๓ · หน้า 249b

པ་ལས། རྒྱལ་པོ་དེས་ཤིང་ཞིག་གི་དྲུང་ན་རང་སངས་རྒྱས་རྟེན་ཅིང་འདུག་པ་མཐོང་ངོ་། །མཐོང་ནས་ཀྱང་དེ་ལ་སེམས་དགའ་བར་གྱུར་ཏེ། འདི་དེ་ལྟར་མི་མེད་པའི་ནགས་ཁྲོད་དུ་དགའ་བ་ལས་ན་འདི་ནི་བདག་ཉིད་ཆེན་པོ་ཞིག་ཡིན་གོར་མ་ཆག་སྙམ་མོ། །སྔོན་གྱི་རྒྱལ་རིགས་ཀྱི་རྒྱལ་

པོ་རྣམས་ཀྱི་ལུགས་ཀྱིས་ན། གང་གི་ཚེ་གཡུལ་འགྱེད་དུ་འགྲོའམ་རི་དགས་ཤོར་དུ་འགྲོ་བ་དེའི་ཚེ་རྟའི་འཕོངས་ལ་ཁ་ཟས་ཅུང་ཟད་ཙམ་བཏགས་ཏེ་འགྲོའོ། །རྒྱལ་པོ་དེའི་རྟའི་འཕོངས་ལ་ཡང་ཁ་ཟས་ཅུང་ཟད་ཙམ་བཏགས་པ་ཡོད་དེ། དེས་རང་སངས་རྒྱས་དེ་ལ་བཤོས་གསོལ་ཏོ། །

རང་སངས་རྒྱས་དེས་ཀྱང་རྒྱལ་པོ་དེ་སྟེང་གི་ནམ་མཁའ་ལ་ཁྱེར་ནས་འཇིགས་པ་མེད་པའི་གནས་སུ་བཞག་གོ། །དེ་ནས་རྒྱལ་པོ་དེས་སྨོན་ལམ་བཏབ་པ་དགེ་བའི་རྩ་བ་འདིས་ན་བདག་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་རྨ་བྱར་སྐྱེ་བར་གྱུར་ཅིག །འདི་བས་ཀྱང་ཆེས་ཁྱད་པར་དུ་

འཕགས་པའི་སྟོན་པ་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །ཡོན་ཏན་འདི་ལྟ་བུ་དག་ཀྱང་ཐོབ་པར་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །

དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་རྒྱལ་པོ་ཚངས་པས་བྱིན་དུ་གྱུར་པ་གང་ཡིན་པ་དེ་ནི་བྱ་དེ་ཁོ་ན་ཡིན་ཏེ། དེས་དེར་རང་སངས་རྒྱས་ལ་བཤོས་གསོལ་ནས་སྨོན་ལམ་བཏབ་པ་དེས་ན། ད་ལྟར་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་སོ།། །།བྱ་གཉིས་

པ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་རི་སྤོས་ཀྱི་ངད་ལྡང་ལ་བྱ་ཀུ་མུ་དཱའི་དུས་སྟོན་སྣ་ཚོགས་ཅན་ཞེས་བྱ་བ་ནད་པ་རིང་པོར་མི་ཐོགས་པར་འཆི་བར་འགྱུར་བ་ཞིག་འདུག་གོ། །སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་པུའི་ལམ་སྟོན་པ། རྣམ་པ་གཉིས་

ཀྱི་ཤེས་བྱ་དང་ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ།

เล่ม ๗๓ · หน้า 250a

རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ་མཚན་དུས་

གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག །སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་

སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ་མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་

དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི་སངས་རྒྱས་བྱུང་བས་བརྒྱན་

པའི་འཇིག་རྟེན་འབྲས་བུ་དང་བཅས་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ། །རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་

པ། བྱ་དེ་ལུང་བསྟན་པའི་དུས་ལ་བབ་སྟེ། འདི་ལས་བརྟེན་ནས་གདུལ་བར་བྱ་བའི་སྐྱེ་བོ་མང་པོ་དྲང་དགོས་སོ་སྙམ་དུ་དགོངས་ནས། བཅོམ་ལྡན་འདས་མཉན་དུ་ཡོད་པ་ནས་མི་སྣང་བར་གྱུར་ཏེ། རི་སྤོས་ཀྱི་ངད་ལྡང་གིས་ཕྱོགས་བྱ་དེ་འདུག་པ་ནས་ཐག་མི་རིང་བ་ཞིག་ཏུ་བྱོན་ཏེ། བཅོམ་

ལྡན་འདས་ཀྱིས་ཅི་ནས་བྱ་ཙ་ཤ་ལྔ་བརྒྱ་ལྷགས་ཏེ། བཅོམ་ལྡན་འདས་ལ་སྐོར་བ་བྱེད་པར་འགྱུར་བ་དེ་ལྟ་བུར་བྱིན་གྱིས་བརླབས་སོ། །དེ་ནས་བྱ་དེས་བྱ་ཙ་ཤ་ལྔ་བརྒྱ་ལྷགས་ཏེ་བཅོམ་ལྡན་འདས་ལ་སྐོར་བ་བྱེད་པར་མཐོང་ངོ་། །མཐོང་ནས་ཀྱང་། ཀྱེ་མ་བདག་གིས་ཀྱང་བཅོམ་ལྡན་འདས་

เล่ม ๗๓ · หน้า 250b

ལ་བསྐོར་བ་བྱའོ་སྙམ་དུ་དེའི་འདོད་པ་སྐྱེས་སོ། །དེ་ནས་དེ་བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་བཞིན་དུ་ཤི་ནས་ལྷར་སྐྱེས་སོ། །དེ་ལྷར་གྱུར་ནས་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ། བཅོམ་ལྡན་འདས་ཀྱིས་དེ་ལ་ཆོས་བསྟན་ནས་དེས་བདེན་པ་མཐོང་སྟེ། བདེན་པ་མཐོང་ནས་

དེ་རང་གི་གནས་སུ་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱ་དེའི་རོ་ལས་བརྟེན་ཏེ། དགེ་སློང་གི་འཁོར་གྱི་ནང་དུ་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་བྱ་འདིས་ལས་ཅི་ཞིག་བྱས་ན་ལས་དེའི་རྣམ་པར་སྨིན་པས་བྱར་སྐྱེས་པར་གྱུར་ཅེས་སྨྲས་པ་དང་། དེ་ཐོས་མ་

ཐག་ཏུ་ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་པ་ལ་ཞུགས་ཏེ། དེ་རབ་ཀྱི་མཐའི་བསམ་གཏན་གྱི་བར་དུ་སྙོམས་པར་ཞུགས་ཀྱང་དེའི་རྩད་མ་ཆོད་དེ། བྱ་རྣམས་ལས་ཤི་འཕོས་ཤིང་བྱ་རྣམས་སུ་སྐྱེས་པ་འབའ་ཞིག་མཐོང་ངོ་། །དེ་ནས་དེ་ཏིང་ངེ་འཛིན་དེ་ལས་ལངས་ནས་བླ་གོས་ཕྲག་

པ་གཅིག་ཏུ་གཟར་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་གིས་བྱ་འདིའི་རྩད་མ་ཁུམས་ཏེ། བྱ་རྣམས་ལས་ཤི་འཕོས་ཤིང་བྱ་རྣམས་སུ་སྐྱེས་པ་འབའ་

ཞིག་མཐོང་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ནི་ཡེ་ཤེས་གཟིགས་པ་ཐོགས་པ་མི་མངའ་བ་ཡེ་ཤེས་གཟིགས་པ་མཐའ་ཡས་པ་ལགས་ན། བཙུན་པ་བཅོམ་ལྡན་འདས་ཉིད་ཀྱིས་བྱ་འདིས་ལས་ཅི་བགྱིས་པ་དང་། ལས་གང་གི་རྣམ་པར་སྨིན་པས་བྱ་འབའ་ཞིག་ཏུ་

སྐྱེས་པ་ལུང་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བྱ་འདི་ཉིད་ཀྱིས་ལས་དེ་ལྟ་བུ་བྱས་ཤིང་བསགས་ཏེ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་པ། ཡང་དག་པར་རྫོགས་པའི་

སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དོན་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་གསུང་

เล่ม ๗๓ · หน้า 251a

རབ་ལ་བྱ་འདི་རབ་ཏུ་བྱུང་སྟེ། དགེ་སློང་ཞལ་ཏ་བྱེད་པར་གྱུར་ནས། དེས་སྦྱིན་བདག་དང་སྦྱིན་པ་པོ་རྣམས་ལས་བཟའ་བ་དང་བཏུང་བ་བསླངས་ཏེ། ཁྱིམ་པ་ལ་རྟེན་པར་བྱེད་ནས་དགེ་སློང་མང་པོས་བཀག་པ་ལས་དེ་ཁྲོས་ཏེ་སྨྲས་པ། ཁྱེད་ནི་དུད་འགྲོ་བཞིན་

དུ་བསམ་མནོ་མེད་པ་ཡིན་ཏེ། དགེ་སློང་དག་གིས་བྱ་བ་གང་ཡིན་པ་ལྟར་བྱེད་པ་མ་ཡིན་ནོ། །ཞེས་བྱས་སོ། །དེ་ནས་ཕྱིས་དེ་འགྱོད་པ་སྐྱེས་ཏེ། དེས་ལས་དེ་ཉེས་པ་ལ་ཉེས་སོ་ཞེས་བཤགས་ནས། ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་དེ་འཆི་ཀར་སྨོན་ལམ་བཏབ་པ།

འདི་ལྟར་བདག་གིས་སེམས་ཅན་དག་པ་འདི་ལྟ་བུ་དག་ལ་ཚིག་རྩུབ་པོ་སྨྲས་པའི་ལས་འདི་བདག་ལ་འོང་བར་མ་གྱུར་ཅིག །སྟོན་པ་འདི་ཁོ་ན་དང་འདྲ་བ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་

སྙམ་དུ་སེམས། དེའི་ཚེ་དགེ་སློང་ཞལ་ཏ་བྱེད་པར་གྱུར་པ་གང་ཡིན་པ་དེ་ནི་བྱ་འདི་ཁོ་ན་ཡིན་ཏེ། དེས་དེར་དགེ་སློང་དེ་དག་ལ་ཚིག་རྩུབ་པོ་སྨྲས་པའི་ལས་དེའི་རྣམ་པར་སྨིན་པས་དུད་འགྲོ་རྣམས་སུ་སྐྱེས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་དོན་གཟིགས་ཀྱི་རིང་ནས།

ངའི་རིང་གི་བར་དུ་དུད་འགྲོ་རྣམས་ལས་ཤི་འཕོས་ཤིང་དུད་འགྲོ་འབའ་ཞིག་ཏུ་སྐྱེས་སོ། །ད་ནི་ང་ལ་སེམས་དགའ་བ་སྐྱེས་པས་ཤི་འཕོས་ཏེ། དུས་ལས་འདས་ནས་ལྷར་སྐྱེས་སོ། །ལྷར་གྱུར་ནས་ཀྱང་ངའི་ཐད་དུ་འོངས་ཏེ་དེ་ལ་ངས་ཆོས་བསྟན་ཏོ། །དེས་ང་ལས་ཆོས་ཐོས་

ནས་བདེན་པ་རྣམས་མཐོང་ངོ་། །དེས་བདེན་པ་མཐོང་ནས་རང་གི་གནས་སུ་སོང་ངོ་། །དེས་དེར་ཆོས་བཞིན་དུ་ཞལ་ཏ་བྱས་ནས་འཆི་ཀར་སྨོན་ལམ་བཏབ་སྟེ། བདག་གིས་སྟོན་པ་འདི་ལྟ་བུ་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་

བྱས་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་གཟིགས་དང་། ཤིན་ཏུ་མཉམ་པ་དང་། ཤུགས་མཉམ་པ་དང་། མཛད་པ་མཉམ་པ་དང་། ཐབས་མཉམ་པ་བརྙེས་པར་གྱུར་ནས། འདིས་ང་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་

เล่ม ๗๓ · หน้า 251b

སོ། །དེ་ནས་དེ་ཐོས་མ་ཐག་ཏུ་དགེ་སློང་དེ་དག་སྐྱོ་བ་ཆེན་པོ་སྐྱེས་ཏེ། བཅོམ་ལྡན་འདས་ཀྱིས་དེ་དག་གི་ཡིད་སྐྱོ་བར་གྱུར་པར་ཐུགས་སུ་ཆུད་ནས། དེ་དང་འཐུན་པའི་ཆོས་བསྟན་ཏེ་དེས་ན་དགེ་སློང་དེ་དག་གིས་སྟན་དེ་ཉིད་ལ་འཁོད་བཞིན་དུ། ཉོན་མོངས་པ་ཐམས་ཅད་

སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།ལུས་འཕགས་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན། བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་

བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ལུས་འཕགས་ཞེས་བྱ་བ་ཞིག་གནས་ཏེ། དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ཏེ། དེ་ཟླ་བ་དགུའམ་

བཅུ་ལོན་པ་དང་། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་མདོག་བཟང་ལ། གསེར་གྱི་ཁ་དོག་ཅན་མགོ་བོ་གདུགས་ལྟར་འདུག་པ་ལག་པ་རིང་བ། དཔྲལ་པའི་དབྱེས་ཆེ་བ། སྣ་མཐོ་བ་སྣ་ལེགས་པ་སྨིན་མ་སྟུག་པ་ཞིག་བཙས་ཏེ་དེའི་བཙས་སྟོན་རྒྱས་པར་བྱས་ནས།

ཁྱེའུ་འདིའི་མིང་ཅིར་གདགས་ཞེས་རིགས་དང་འཐུན་པར་མིང་འདོགས་པར་བྱེད་དེ། ཁྱེའུ་འདི་བྲམ་ཟེ་ལུས་འཕགས་ཀྱི་བུ་ཡིན་པས་ན། དེའི་ཕྱིར་ཁྱེའུ་འདིའི་མིང་ལྷག་འཕགས་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་ལྷག་འཕགས་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་

གྱི་ཉིང་གུ་རྣམས་ཀྱིས་བསྐྱེད་བསྲིངས་ནས། མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ། ཡི་གེ་དང་། བྲམ་ཟེའི་སྤྱོད་ལམ་དང་། སྤྱོད་པ་དང་། ཨོཾ་ཞེས་བྱ་བ་དང་། བྷོ་ཞེས་བྱ་བ་དང་། གཙང་སྦྲ་དང་། ཆོ་ག་དང་། ཐལ་བ་བླང་བ་དང་།

རིལ་བ་ཐོགས་པ་དང་། ངེས་བརྗོད་ཀྱི་རིག་བྱེད་དང་། མཆོད་སྦྱིན་གྱི་རིག་བྱེད་དང་། སྙན་ཚིག་གི་རིག་བྱེད་དང་། སྲིད་སྲུང་གི་རིག་བྱེད་དང་། མཆོད་སྦྱིན་བྱ་བ་དང་། མཆོད་སྦྱིན་བྱེད་དུ་གཞུག་པ་དང་། སྦྱིན་པ་དང་། བླང་བ་དང་། ཁ་ཏོན་བྱ་བ་དང་། ཁ་ཏོན་སློབ་ཏུ་གཞུག་པའི་ཐབས་

เล่ม ๗๓ · หน้า 252a

བསླབས་ནས་ལས་རྣམ་པ་དྲུག་ལ་མཁས་པའི་བྲམ་ཟེར་གྱུར་ཏེ། དེ་མཐར་གྱིས་རིག་པའི་གནས་བཅྭ་བརྒྱད་ལ་བྱང་བར་གྱུར་ལ་གཞུང་གིས་རྩོད་པ་ཐམས་ཅད་ཀྱང་ཚར་བཅད་དོ། །དེ་ནས་ཕྱི་ཞིག་ན་བྲམ་ཟེ་ལུས་འཕགས་ཀྱི་སེམས་སྐྱེས་པ། མཆོད་སྦྱིན་བྱའོ་

སྙམ་མོ། །དེའི་འོག་ཏུ་ཡང་སེམས་སྐྱེས་པ། དགེ་སྦྱོང་གཽ་ཏ་མ་འདི་ནི་ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པ་ཡིན་ཏེ། འདིས་ནི་འདི་ལྟ་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ཅི་ཡང་མི་གཟིགས་པ་དང་མི་མཁྱེན་པ་དང་ཐུགས་སུ་མ་ཆུད་པ་ཅི་ཡང་མེད་དེ། བདག་

གི་མཆོད་སྦྱིན་ཡང་ཡན་ལག་འགའ་ཙམ་གྱི་སྒོ་ནས་ཀྱང་ཉམས་པར་གྱུར་ན་མི་རུང་གིས། བདག་ཇེ་དགེ་སྦྱོང་གཽ་ཏ་མའི་ཐད་དུ་སོང་ལ་དྲི་བར་བྱའོ་སྙམ་ནས། རྒོད་མ་དཀར་མོ་དང་སྦྱར་བའི་ཤིང་རྟ་ལ་ཞོན་ཏེ། གསེར་གྱི་འཁར་བ་དང་གསེར་གྱི་རིལ་བ་ཐོགས་ཤིང་བྲམ་ཟེའི་ཁྱེའུའི་

ཚོགས་ཀྱིས་བསྐོར་ནས། མཉན་དུ་ཡོད་པ་ནས་བྱུང་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ངོ་། །ཇི་སྲིད་དུ་བཞོན་པས་འགྲོ་བར་བྱ་བའི་ས་དེ་སྲིད་དུ་བཞོན་པས་སོང་ནས་བཞོན་པ་ལས་བབས་ཏེ། རྐང་པས་ཀུན་དགའ་ར་བར་སོང་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་

ཕྱིན་ནས་བཅོམ་ལྡན་འདས་དང་མངོན་སུམ་དུ་ཡང་དག་པར་དགའ་བ་དང་ཡང་དག་པར་མགུ་བའི་གཏམ་སྣ་ཚོགས་བྱས་ཏེ། མཇུག་བརྟུལ་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་བྲམ་ཟེ་ལུས་འཕགས་ཀྱིས་འདི་སྐད་ཅེས་

གསོལ་ཏོ། །ཀྱེ་གཽ་ཏ་མ་འདིར་བདག་གིས་མཆོད་སྦྱིན་ཆེན་པོ་བརྩམས་ཏེ། མཆོད་སྦྱིན་ཆེན་པོ་བགྱི་བའི་སླད་དུ། ཁྱུ་མཆོག་ལྔ་བརྒྱ་ཡང་སྡོང་པོ་ལ་བཏགས། བ་ལང་དང་། མ་ཧེ་དང་། མ་ཧེ་མོ་དང་། བཞོན་པ་དང་། བེའུ་དང་། བེའུ་ཆུང་ངུ་དང་། ར་དང་། ལུག་དང་། སྲོག་ཆགས་

ཕྲ་མོ་རྣམས་ཀྱང་སྡོང་པོ་ལ་བཏགས་སོ། །མཆོད་སྦྱིན་བགྱི་བའི་སླད་དུ། བཟའ་བ་དང་བཅའ་བ་མང་པོ་དག་ཀྱང་བཤམས་སོ། །ཉི་འོག་གི་དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱང་ཕྱོགས་གཞན་དང་གཞན་དག་དང་ལྗོངས་གཞན་དང་གཞན་དག་ནས། བདག་གི་མཆོད་སྦྱིན་

เล่ม ๗๓ · หน้า 252b

དེ་ལྟ་བུ་ཉམས་སུ་མྱོང་བར་བགྱི་བའི་སླད་དུ། མཉན་དུ་ཡོད་པར་ལྷགས་ན། བཅོམ་ལྡན་འདས་གཽ་ཏ་མས་ཅི་ནས་བདག་གི་མཆོད་སྦྱིན་ཡན་ལག་འགའ་ཙམ་གྱི་སྒོ་ནས་ཀྱང་ཉམས་པར་མི་འགྱུར་བ་དེ་ལྟ་བུར་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་

མཆོད་སྦྱིན་དེ་ཁོ་ན་ལས་བརྩམས་ནས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་བྲམ་ཟེ་ལུས་འཕགས་དང་བྲམ་ཟེའི་ཁྱེའུ་ལྷག་འཕགས་གཉིས་ཀྱིས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་

བུ་མངོན་སུམ་དུ་བྱས་སོ། །དེ་ནས་ལྷག་འཕགས་ཀྱིས་སྨྲས་པ། ཕྱིན་ཅད་བདག་ཅག་བྲམ་ཟེ་རྣམས་སྟོན་མོ་སྩལ་ཅི་འཚལ། བྲམ་ཟེ་ལུས་འཕགས་ཀྱིས་སྨྲས་པ། ལྷག་འཕགས་དེ་སྐད་མ་ཟེར་ཅིག །སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཤོས་གསོལ་ཏེ། ཡོན་

ཕུལ་བའི་འོག་ཏུ། དེའི་ལྷག་མ་ལས་བྲམ་ཟེ་རྣམས་ལ་ཡང་སྦྱིན་པར་བྱའོ། །དེ་ནས་ལྷག་འཕགས་ཀྱིས་སྨྲས་པ། མཁན་པོ་ཇི་ལྟར་དགྱེས་པ་བཞིན་དུ་བགྱིའོ། །དེ་ནས་བྲམ་ཟེ་ལུས་འཕགས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་

བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ། སང་བདག་གི་མཆོད་སྦྱིན་གྱི་གནས་སུ་བཤོས་གསོལ་བར་ཅི་གནང་། དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་ལུས་

འཕགས་ལ་ཅང་མི་གསུང་བས་གནང་ནས། བྲམ་ཟེ་ལུས་འཕགས་ཀྱིས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ་། །དེ་ནས་དེ་མཆོད་སྦྱིན་གྱི་གནས་སུ་

ཕྱིན་ནས་ཁྱུ་མཆོག་ཐམས་ཅད་ཀྱང་བཏང་། བ་ལང་དང་། མ་ཧེ་དང་། མ་ཧེ་མོ་དང་། བཞོན་པ་དང་། བེའུ་དང་། བེའུ་ཆུང་ངུ་དང་། ར་དང་། ལུག་དང་། སྲོག་ཆགས་ཕྲ་མོ་སྣ་ཚོགས་ཀྱང་བཏང་ནས་སྨྲས་པ། ཕྱོགས་བཞི་ནས་རླུང་བསིལ་བར་ལྡང་གིས་ཁྱེད་སོང་ལ་དེང་ཕན་ཅད་རྩི་མཆོག་མ་

เล่ม ๗๓ · หน้า 253a

ཉམས་པ་ལ་ནི་ཟོ་ཤིག །ཆུ་མ་གློངས་པ་རྙོག་པ་མེད་ཅིང་དང་བ་ལ་ནི་འཐུང་ཤིག་ཅེས་བྱས་ཏེ། དེས་སྲོག་ཆགས་ཕྲ་མོ་སྣ་ཚོགས་དེ་དག་ཀྱང་བཀྱེ་ནས། བཅོམ་ལྡན་འདས་ཀྱི་ཕྱིར་དེ་ཉིད་ཀྱི་མཚན་མོ་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོ་སྟ་གོན་བྱས་

ནས། ནང་པར་སྔར་ལངས་ཏེ་གདན་བཤམས་ནས་ཆུ་ར་བཀང་སྟེ། བཅོམ་ལྡན་འདས་ལ་ཕྲིན་གྱིས་གདུགས་ཚོད་བསྐུལ་པ། བཙུན་པ་གདུགས་ཚོད་ལ་བབ་སྟེ་བཤོས་གསོལ་ལགས་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་ཏེ་གཤེགས་སུ་གསོལ་ཞེས་བསྐུལ་

ཏོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས་དགེ་སློང་གི་ཚོགས་ཀྱིས་བསྐོར་ཅིང་། དགེ་སློང་གི་དགེ་འདུན་གྱིས། མདུན་དུ་བདར་ཏེ། བྲམ་ཟེ་ལུས་འཕགས་ཀྱི་བཀད་ས་གང་ན་བ་དེར་གཤེགས་ཏེ་བྱོན་ནས་དགེ་སློང་གི་དགེ་

འདུན་གྱི་གུང་ལ་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་བྲམ་ཟེ་ལུས་འཕགས་དང་། བྲམ་ཟེའི་ཁྱེའུ་ལྷག་འཕགས་ཀྱིས། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་བདེ་བར་བཞུགས་པར་རིག་ནས། རང་གི་ལག་ནས་བཟའ་བ་དང་བཅའ་བ་གཙང་མ་བཟང་

པོ་མང་པོས་ཚིམ་པར་བྱས་ཏེ་ཅི་བཞེད་པ་བསྟབས་སོ། །རང་གི་ལག་ནས་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོ་རྣམ་གྲངས་དུ་མས་ཚིམ་པར་བྱས་ཏེ་ཅི་བཞེད་པ་བསྟབས་ནས་རེ་རེ་ལ་རས་ཟུང་རེ་ཕུལ་ལོ། །དེ་ནས་བཅོམ་ལྡན་འདས་བཤོས་གསོལ་ཟིན་ཏེ་བསྩང་སྡེར་

ནི་གྱུ་ཕྱག་ནི་བཅབས་པར་རིག་ནས་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས། དེ་གཉིས་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན་ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད་ཡང་དག་པར་དགའ་བར་མཛད་ནས་གདན་

ལས་བཞེངས་ཏེ་གཤེགས་སོ། །བཅོམ་ལྡན་འདས་གཤེགས་ནས། མཆོད་སྦྱིན་གྱི་གནས་དེར་བྲམ་ཟེ་ཐམས་ཅད་ཁྲོས་ཏེ་འདི་སྐད་དུ་ལྟོས་དང་བདག་ཅག་གི་ཕྱིར་མཆོད་སྦྱིན་བརྩམས་པ་ལས་དགེ་སྦྱོང་གཽ་ཏ་མ་ལ་བྱིན་ནོ་ཞེས་ཟེར་ཏོ། །དེ་ནས་བྲམ་ཟེ་ལུས་འཕགས་ཀྱིས་

เล่ม ๗๓ · หน้า 253b

བྲམ་ཟེ་ཐམས་ཅད་བདག་ཅག་ལ་ཇི་ལྟར་ཁྲོས་པ་དེ་ཐོས་ནས། ཐོས་མ་ཐག་ཏུ་བྲམ་ཟེ་ལུས་འཕགས་བྲམ་ཟེ་དེ་དག་གི་ཐད་དུ་སོང་སྟེ་སྨྲས་པ། ཁྱེད་ལ་དགེ་སྦྱོང་གཽ་ཏ་མ་ཅི་གནོད། བདག་གིས་ཁྱེད་ཀྱི་ཡོན་བཤམས་པ་ནི་ཁྱེད་ལ་སྦྱིན་པར་བྱའོ། །བྲམ་ཟེ་རྣམས་ཀྱིས་སྨྲས་པ། ངེད་

ལ་ཕྱིན་ཅད་ཁྱོད་ཀྱི་ཡོན་མི་དགོས་སོ་ཞེས་སྨྲས་ནས། དེ་སྤད་གཉིས་གསད་པར་བྱས་སོ། །དེ་ནས་དེ་སྤད་གཉིས་ཀྱིས་བསམས་པ། འདི་རྣམས་ཀྱིས་བདག་ཅག་གསད་དུ་འོང་ངོ་སྙམ་ནས་བྲོས་ཏེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས་བཅོམ་ལྡན་འདས་ག་ལ་བ་དེར་ཕྱིན་ནས། བཅོམ་

ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་གཏམ་དེ་རྒྱས་པར་བསྙད་དོ། །འདི་སྐད་ཅེས་ཀྱང་གསོལ་ཏོ། །བཙུན་པ་བདག་ཅག་གཉིས་ཁྱིམ་ན་གནས་པ་བཏང་ངོ་། །བཙུན་པ་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་

དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཅག་གཉིས་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ། བསྙེན་པར་རྫོགས་པར་མཛད་

ནས་དེ་གཉིས་ལ་ལུང་ཡང་ཕོག་གོ། །དེ་གཉིས་ཀྱིས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་བྲམ་ཟེ་

ལུས་འཕགས་དང་བྲམ་ཟེའི་ཁྱེའུ་ལྷག་འཕགས། བྲམ་ཟེ་དེ་དག་གིས་དགུམ་པར་བགྱིས་པ་དང་། དེ་ཁོ་ནས་སྐྱོ་བར་གྱུར་ནས་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ་འདས་པའི་དུས་ན་ཡང་། འདི་གཉིས་བྲམ་ཟེ་འདི་རྣམས་ཀྱིས་གསད་པར་བྱས་ཏེ། དེ་དག་ཁོ་ནས་སྐྱོ་བར་གྱུར་ནས། རབ་ཏུ་བྱུང་སྟེ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན།

เล่ม ๗๓ · หน้า 254a

བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་

སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་བྲམ་ཟེ་ཞིག་གིས་མཆོད་སྦྱིན་བྱ་བར་བརྩམས་པ་ལས། མཆོད་སྦྱིན་བྱེད་པ་དེར་བྲམ་ཟེ་གཞན་ཞིག་གིས་འཐབ་མོ་བརྒལ་ཏེ་དེ་ཁྲོས་པས་བྲམ་ཟེ་དེ་ལ་ལག་ཆས་བསྣུན་ནས་བྲམ་ཟེ་དེ་ཡང་ལག་ཆས་བསྣུན་

པ་དེས་ཤིའོ། །གཞི་དེ་ལས་བྲམ་ཟེ་ཐམས་ཅད་ཁྲོས་ཏེ། ཕྱིན་ཅད་ངེད་ཁྱོད་ཀྱིས་སྦྱིན་པ་ལོངས་སྤྱད་པར་མི་བྱེད་དོ་ཟེར་ཞིང་བྲམ་ཟེ་མ་ཡིན་པར་རྩིས་ནས་དམོད་པ་ལ་ཞུགས་ཏེ་གསད་པར་བྱས་སོ། །དེ་ནས་བྲམ་ཟེ་དེ་སྤད་གཉིས་བྲམ་ཟེ་དེ་དག་གིས་འཇིགས་ནས་བྲོས་ཏེ། དེ་གཉིས་

དྲང་སྲོང་སྨྲ་བའི་གནས་སུ་སོང་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཐད་དུ་རབ་ཏུ་བྱུང་ངོ་། །དེ་ནས་དེ་གཉིས་ཀྱིས་དེར་ཚེ་གཅིག་དུ་ཚངས་པར་སྤྱོད་པ་སྤྱད་པ་ལས། ཡོན་ཏན་གྱི་ཚོགས་ཅི་ཡང་མ་ཐོབ་ནས་དེ་གཉིས་ཀྱིས་འཆི་ཀར་སྨོན་ལམ་བཏབ་པ། འདི་ལྟར་

བདག་ཅག་གཉིས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཐད་དུ་རབ་ཏུ་བྱུང་སྟེ། ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ཅི་ཡང་མ་ཐོབ་ཀྱིས། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་

པའི་སངས་རྒྱས་བཅོམ་ལྡན་འདས་དེ་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་

སེམས། དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཐད་དུ་བྲམ་ཟེ་སྤད་གཉིས་རབ་ཏུ་བྱུང་བ་གང་ཡིན་པ་དེ་གཉིས་ནི། བྲམ་ཟེ་ལུས་འཕགས་དང་ལྷག་འཕགས་འདི་སྤད་གཉིས་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་དེ་གཉིས་བྲམ་ཟེ་རྣམས་ཀྱིས་གསད་པར་བྱས་

เล่ม ๗๓ · หน้า 254b

ནས་འཆི་བས་འཇིགས་ཤིང་སྐྲག་སྟེ་རབ་ཏུ་བྱུང་ནས། ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་དོ། །ད་ལྟར་ཡང་འདི་གཉིས་བྲམ་ཟེ་རྣམས་ཀྱིས་གསད་པར་བྱས་ནས་འཆི་བས་འཇིགས་ཤིང་སྐྲག་སྟེ། རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་

མངོན་སུམ་དུ་བྱས་སོ། །དེ་གཉིས་དེར་རབ་ཏུ་བྱུང་སྟེ། ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ། བདག་

ཅག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་

སངས་རྒྱས་འོད་སྲུང་དང་། ཤིན་ཏུ་མཉམ་པ་དང་། ཤུགས་མཉམ་པ་དང་། མཛད་པ་མཉམ་པ་དང་། ཐབས་མཉམ་པ་བརྙེས་པར་གྱུར་ནས། འདི་གཉིས་ཀྱིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་

ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།ལས་བརྒྱ་ཐམ་པ། བམ་པོ་ཉི་ཤུ་གཉིས་པ། སྟོན་པ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་ཁྱིམ་བདག་ཅིག་གནས་ཏེ། དེས་ཐབས་

ཟླར་བབ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་སོ། །དེ་ནས་ཕྱི་ཞིག་ན་ཁྱིམ་

བདག་དེའི་བུ་སྔ་ཕྱིར་གཉིས་དང་གསུམ་དང་དེ་བཞིན་དུ་བུ་བདུན་བཙས་ནས་དེས་དེ་དག་གི་བཙས་སྟོན་རྒྱས་པར་བྱས་ཏེ། རིགས་དང་འཐུན་པར་མིང་བཏགས་ནས། འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུ་རྣམས་ཀྱིས་བསྐྱེད་བསྲིངས་ནས་གང་གི་ཚེ་དེ་དག་

เล่ม ๗๓ · หน้า 255a

ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང་། ཁོང་རྩིས་དང་། ཤོད་དགོད་པ་དང་། ལག་རྩིས་དང་། དབྱུང་བ་དང་། སྦ་བ་དང་། དགྲམ་པ་དང་། གོས་བརྟག་པ་དང་། ནོར་བུ་བརྟག་པ་དང་། རིན་པོ་ཆེ་བརྟག་པ་དང་། སྤོས་བརྟག་པ་དང་། སྨན་བརྟག་པ་དང་།

གླང་པོ་ཆེ་བརྟག་པ་དང་། རྟ་བརྟག་པ་དང་། གོ་མཚོན་བརྟག་པ་ལ་བསླབས་ཏེ། ཡི་གེ་མཁས་པ་དང་། ཀློག་མཁས་པ་དང་། མཛངས་པ་དང་། བྱ་བ་ལ་གསལ་བ་དང་། ཡིད་གཞུངས་པ་དང་། བརྟག་པ་རྣམ་པ་བརྒྱད་ལ་བྱང་བར་གྱུར་ཏོ། །ཕྱི་ཞིག་ན་ཕས་དེ་དག་ལ་སྨྲས་པ།

ངའི་ཚིག་གིས་ཁྱེད་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་རྟེན་ཆོས་ཤིག་དང་། དེས་ཁྱེད་ཚེ་འདི་དང་། ཚེ་ཕྱི་མའི་ཕན་པ་ལ་འཛུད་པར་བྱེད་དོ་ཞེས་བྱས་པ་ལས། དེའི་བུ་དྲུག་གིས་སྨྲས་པ། བདག་ཅག་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་རྟེན་བཅའ་ཅི་དགོས་ཞེས་ཟེར་ནས། དེའི་ཚིག་

མ་མཉན་ཏེ་བུ་གཅིག་ནི། འོད་སྲུང་རྫོགས་བྱེད་ལ་དགའ་བར་གྱུར་ཏོ། །གཉིས་པ་ནི་ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུ་ལ་དགའ་བར་གྱུར་ཏོ། །གསུམ་པ་ནི་སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་ལ་དགའ་བར་གྱུར་ཏོ། །བཞི་པ་ནི་མི་འཕམ་སྐྲའི་ལ་བ་ཅན་ལ་དགའ་བར་གྱུར་ཏོ། །

ལྔ་པ་ནི་ཀ་ཏྱའི་བུ་ནོག་ཅན་ལ་དགའ་བར་གྱུར་ཏོ། །དྲུག་པ་ནི་གཅེར་བུ་པ་གཉེན་གྱི་བུ་ལ་དགའ་བར་གྱུར་ཏོ། །བདུན་པ་ནི་ཕའི་ངག་མཉན་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་རྟེན་བཅས་ཏེ། དེས་དེ་ལ་བརྟེན་པས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དགའ་བར་གྱུར་ཏེ། སྐྱབས་

སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བླངས་སོ། །དེ་ནས་ཕྱི་ཞིག་ན་ཁྱིམ་བདག་དེའི་བུ་ཆེ་བས་འོད་སྲུང་རྫོགས་བྱེད་གཡར་དྲངས་ཏེ་ཟན་བྱིན་ནོ། །གཉིས་པས་ནི་ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུ་གཡར་དྲངས་ཏེ་ཟན་བྱིན་ནོ། །གསུམ་པས་ནི་སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་

གཡར་དྲངས་ཏེ་ཟན་བྱིན་ནོ། །བཞི་པས་ནི་མི་འཕམ་སྐྲའི་ལ་བ་ཅན་གཡར་དྲངས་ཏེ་ཟན་བྱིན་ནོ། །ལྔ་པས་ནི་ཀ་ཏྱའི་བུ་ནོག་ཅན་གཡར་དྲངས་ཏེ་ཟན་བྱིན་ནོ། །དྲུག་པས་གཅེར་བུ་པ་གཉེན་གྱི་བུ་གཡར་དྲངས་ཏེ་ཟན་བྱིན་ནོ། །དེ་ནས་བུ་བདུན་པས་ཕུ་བོ་དེ་དག་ལ་སྨྲས་པ། ཁྱེད་

เล่ม ๗๓ · หน้า 255b

ཀྱིས་རང་རང་གི་སྟོན་པ་ལ་ཟན་བྱིན་ཏེ། བདག་གིས་ཀྱང་སངས་རྒྱས་བཅོམ་ལྡན་འདས་བཤོས་གསོལ་གྱིས། དེར་ཁྱེད་ཀུན་གྱིས་ཀྱང་བདག་གི་གྲོགས་གྱིས་ཤིག་ཅེས་བྱས་ནས། ཁྱེའུ་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲངས་སོ། །སྤྱན་དྲངས་

ནས་དེ་ཉིད་ཀྱི་ནུབ་མོ་བཟའ་བ་དང་བཅའ་བ་གཙང་མ་མང་པོ་སྟ་གོན་བྱས་ཏེ། ནང་པར་སྔར་ལངས་ནས། གདན་བཤམས་ཏེ་ཆུ་ར་བཀང་སྟེ་བཞག་ནས་བཅོམ་ལྡན་འདས་ལ་ཕྲིན་གྱིས་གདུགས་ཚོད་བསྐུལ་བ། བཙུན་པ་གདུགས་ཚོད་ལ་བབ་སྟེ་བཤོས་གསོལ་ལགས་ན།

བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་ཏེ་གཤེགས་སུ་གསོལ་ཞེས་བསྐུལ་ཏོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས། ཁྱིམ་བདག་གི་བུ་དེའི་བཀད་ས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས། དགེ་

སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་ཁྱིམ་བདག་དེ་དང་བུ་འཁོར་དང་བཅས་པས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་བདེ་བར་བཞུགས་པར་རིག་ནས། རང་གི་ལག་ནས་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་

པོས་ཚིམ་པར་བྱས་ཏེ་ཅི་བཞེད་པ་བསྟབས་སོ། །རང་གི་ལག་ནས་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོ་རྣམ་གྲངས་དུ་མས་ཚིམ་པར་བྱས་ཏེ་ཅི་བཞེད་པ་བསྟབས་ནས། བཅོམ་ལྡན་འདས་བཤོས་གསོལ་ཟིན་ཏེ། གསང་སྡེར་ནི་གྱུ་ཕྱག་ནི་བཅབས་པར་རིག་ནས།

སྟན་ཆེས་དམའ་བ་ཞིག་བླངས་ཏེ་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དེ་བུ་དང་འཁོར་དང་བཅས་པའི་བསམ་པ་དང་བག་ལ་ཉལ་དང་ཁམས་དང་ཤེས་པ་དང་རང་བཞིན་ཐུགས་སུ་ཆུད་ནས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་

ཁྱིམ་བདག་དེ་བུ་དང་འཁོར་དང་བཅས་པས་སྟན་དེ་ཉིད་ལ་འདུག་བཞིན་དུ། འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ་ཁྱིམ་བདག་དེས་བདེན་པ་མཐོང་ནས། སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་

เล่ม ๗๓ · หน้า 256a

གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལ་བརྟེན་ནས་བདག་སེམས་ཅན་དམྱལ་བ་དང་དུད་འགྲོ་དང་ཡི་དགས་རྣམས་ལས་ནི་ཕྱུང་། ལྷ་དང་མིའི་

ནང་དུ་ནི་གོམ་པ་འདོར་དུ་སྩལ། ཁྲག་དང་མཆི་མའི་རྒྱ་མཚོ་རྣམས་ནི་བསྐམས། རུས་པའི་རི་རྣམས་ནི་བསྒྲལ། ངན་སོང་གི་སྒོ་རྣམས་ནི་བཅད་མཐོ་རིས་དང་ཐར་པའི་སྒོ་རྣམས་ནི་ཕྱེ། ཡུན་རིང་པོ་ནས་གོམས་པའི་ཉོན་མོངས་པ་རྣམས་ནི་མཐར་གཏུགས་ཏེ། ཞི་བ་དང་

སྤངས་པ་དང་བོར་བར་གྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བདག་ཇི་སྲིད་འཚོའི་བར་དུ་དགེ་སློང་གི་དགེ་འདུན་དང་ལྷན་ཅིག་ཏུ་བདག་ལས་ན་བཟའ་དང་ཞལ་ཟས་དང་གཟིམས་ཆ་དང་གདན་དང་སྙུན་གསོས་དང་སྨན་ཟོང་རྣམས་བཞེས་པར་གནང་བར་མཛད་དུ་གསོལ།

བཀའ་སྩལ་པ། ཁྱིམ་བདག་གཞན་དག་གི་དོན་ཡང་བྱ་དགོས་ཀྱིས་ཐོང་ཤིག་ཅེས་བཀའ་སྩལ་པ། བཅོམ་ལྡན་འདས་སླར་གཤེགས་སོ། །བཅོམ་ལྡན་འདས་སླར་གཤེགས་ནས་ཁྱིམ་བདག་གི་བུས་བསམས་པ། བདག་གིས་ཁྱིམ་ན་གནས་པ་བཏང་ལ་རབ་ཏུ་བྱུང་

ངོ་སྙམ་ནས་ཕ་མ་ལ་བཟླུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་

ཅེས་གསོལ་ཏོ། །བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་

སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ། བསྙེན་པར་རྫོགས་པར་མཛད་ནས་དེ་ལ་ལུང་ཡང་ཕོག་གོ། །དེས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ་དེ་དགྲ་བཅོམ་པ་ཁམས་

เล่ม ๗๓ · หน้า 256b

གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་

ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ་དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་

པ། བཙུན་པ་བཅོམ་ལྡན་འདས་ཁྱིམ་བདག་འདིའི་བུ་དྲུག་ལྟ་བ་དུ་མ་འཚལ་ཏེ། ཕན་ཚུན་མི་འཐུན་པར་སྨྲ་བ་ལས་ནུ་བོ་ཐ་ཆུངས་ཀྱིས་ལྟ་བ་གཅིག་ཏུ་འཐུན་པ་ལ་བཀོད་ནས། དེ་དག་ཀྱང་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་

སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་པ་ལ་གཟིགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། ཇི་ལྟར་འདས་པའི་དུས་ན་ཡང་སྤུན་དྲུག་པོ་འདི་རྣམས་ཕན་ཚུན་མི་འཐུན་པ་ལས། ནུ་བོ་ཐ་ཆུངས་འདི་ཁོ་ནས་གཅིག་ཏུ་

འཐུན་པ་ལ་བཀོད་ནས། དེ་རྣམས་ཀྱང་དྲང་སྲོང་ལ་རབ་ཏུ་ཕྱུང་སྟེ། བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་བསྐྱེད་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་ཡུལ་དབུས་ཀྱི་རྒྱལ་པོ་བདུན་རང་རང་གི་ཡུལ་ན་རྒྱལ་པོ་བྱེད་པ་ལས། དེ་རྣམས་ཕན་

ཚུན་མི་འཐུན་ཏེ་དུས་དུས་སུ་སྐྱེ་བོ་མང་པོ་ཁ་འདོག་པར་བྱེད་དོ། །དེ་ནས་ཕྱི་ཞིག་ན་ཡུལ་ཀཱ་ཤིའི་རྒྱལ་པོ་ཚངས་པས་བྱིན་གྱི་བློ་སྐྱེས་པ། བདག་གིས་ཉི་འོག་གི་རྒྱལ་པོ་འདི་དག་ཐམས་ཅད་ཐབས་ཅི་ཞིག་གིས་བསྡུམ་པར་བྱ་སྙམ་མོ། །དེའི་ཚེ་ཡུལ་ཀཱ་ཤིའི་རྒྱལ་པོ་ཚངས་པས་

བྱིན་གྱི་ཡུལ་ན་དཀའ་ཐུབ་ཀྱི་གནས་ཞིག་ན། དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཞིག་གནས་སོ། །དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་བསམས་པ། བདག་གིས་དྲང་སྲོང་དེ་ལ་བཅོལ་ན། དེས་འདི་རྣམས་ཀྱི་བསྡུམས་བྱེད་ནུས་པར་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด