སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ

ชื่อสันสกฤต (อักษรทิเบต ตามตัวบท) བུདྡྷ་ཨ་བ་ཏང་ས་ཀ་ནཱ་མ་མ་ཧཱ་བཻ་པུ་ལྱཾ་སཱུ་ཏྲ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๓๕ · หน้า 1b

༄༅༅། །རྒྱ་གར་སྐད་དུ། བུདྡྷ་ཨ་བ་ཏང་ས་ཀ་ནཱ་མ་མ་ཧཱ་བཻ་པུ་ལྱཾ་སཱུ་ཏྲ། བོད་སྐད་དུ། སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། འདི་

སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཐོག་མ་མངོན་པར་སངས་རྒྱས་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་སངས་རྒྱས་པའི་ཐུགས་མངའ་བ།

དུས་གསུམ་མཉམ་པ་ཉིད་དུ་ཐུགས་སུ་ཆུད་པའི་ཡེ་ཤེས་ཀྱི་སྐུ་མངའ་བ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྐུས་ཤིན་ཏུ་ཁྱབ་པ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་དབྱངས་ཀྱི་ཡན་

ལག་དང་གསུང་གི་ང་རོ་ཤིན་ཏུ་བསྒྲགས་པ། མཁའ་དང་ནམ་མཁའ་ལྟ་བུའི་མཚན་ཉིད་མཉམ་པ་ཉིད་དུ་རབ་ཏུ་སྣང་བའི་སྤྱོད་ཡུལ་ཅན་ནམ་མཁའ་ལྟར་འགྲོ་བ་ཐམས་ཅད་ཀུན་ཁྱབ་པའི་སྙིང་པོ་

བྱང་ཆུབ་ཐམས་ཅད་ལ་བཞུགས་པའི་སྐུ་བྱང་ཆུབ་སེམས་དཔའ་རྒྱ་མཚོ་ཐམས་ཅད་ཀྱི་ནང་ན་རྣམ་པར་སྣང་བ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཉི་མའི་དཀྱིལ་འཁོར་ལྟར་ཤར་བ། སངས་

เล่ม ๓๕ · หน้า 2a

རྒྱས་ཀྱི་ཞིང་ཐམས་ཅད་དུ་ཡོངས་སུ་སྐྱེ་བ་བསྟན་པ། རབ་ཏུ་སྤྲོས་པ་དུས་གསུམ་གྱི་བསོད་ནམས་རྒྱ་ཆེན་པོ་རྒྱ་མཚོ་ལྟ་བུས་སྤྱོད་ཡུལ་ཡོངས་སུ་དག་པ། འོད་ཀྱི་དཀྱིལ་འཁོར་དང་། འོད་ཟེར་ཁ་དོག་མཐའ་ཡས་པ་མངའ་བ།

ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་འགེངས་པའི་ཆོས་ཀྱི་སྤྲིན་ཐམས་ཅད་ཀྱིས་རྣམ་པར་འཕྲུལ་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བསྒྲིབས་པ་མེད་པ། སྐྲའི་རྩེ་མོ་ཐམས་ཅད་དུ་མཐའ་དང་དབུས་མེད་པར་རྣམ་པར་འཕྲུལ་པ་བྱིན་གྱིས་

རློབ་པའི་མཐུ་མངའ་བ། འགྲོ་བ་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བ་ལ་མངོན་དུ་གྱུར་པར་ཡོངས་སུ་སྟོན་པ། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ། འཕོས་པ་མེད་པར་གཤེགས་པ། ཡོངས་སུ་སྟོན་

པས་ཁྱབ་པར་མཛད་པ། དངོས་པོ་མྱེད་པའི་དབྱིངས་ཀྱི་མཚན་ཉིད་ཐམས་ཅད་ཐུགས་སུ་ཆུད་པ། འོད་ཟེར་གྱི་སྒོ་ཐམས་ཅད་དུ་དུས་གསུམ་རྣམ་པར་སྤྲུལ་པའི་བྱིན་གྱི་རླབས་ཡོངས་སུ་སྟོན་པ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་བསྐལ་པ་རྒྱ་མཚོ་

བསམ་གྱིས་མི་ཁྱབ་པར་བྱིན་གྱི་རླབས་ཤིན་ཏུ་བསྒྲུབས་པ། ཡུལ་མ་ག་ཏའི་ཆོས་ཀྱི་དགོན་པ་སྙིང་པོ་བྱང་ཆུབ་རྡོ་རྗེ་རིན་པོ་ཆེ་ཐམས་ཅད་ལྟར་གཞོམ་དུ་མི་ཆོམ་པར་སྲ་བའི་ས་ཕྱོགས་ནོར་བུ་རིན་པོ་ཆེ་ཐམས་ཅད་ཀྱི་མྱེ་ཏོག་གིས་ས་གཞི་བརྒྱན་པ་ནོར་བུའི་རྒྱལ་པོ་དྲི་

མ་མྱེད་པར་འབར་བས་རབ་ཏུ་བསྒྲུབས་པ། རིན་པོ་ཆེ་མང་པོ་ཐམས་ཅད་ཀྱིས་རྣམ་པ་སྣ་ཚོགས་སུ་བརྒྱན་པ། ཡོན་ཏན་རྒྱ་མཚོ་མཐའ་ཡས་པའི་རྒྱན་རྣམ་པ་སྣ་ཚོགས་ཡང་དག་པར་བསྟན་པ། ནོར་བུའི་རྒྱལ་པོ་འོད་ཟེར་དང་། སྒྲ་དབྱངས་ཀྱི་རྒྱལ་མཚན་

เล่ม ๓๕ · หน้า 2b

ཐམས་ཅད་ཀྱིས་རབ་ཏུ་བསྒྲུབས་པ། སྤོས་དང་། མེ་ཏོག་དང་། རིན་པོ་ཆེའི་ཕྲེང་བ་དང་། དྲ་བ་མང་པོ་ཐམས་ཅད་རྣམ་པར་བྲེས་པ་རིན་པོ་ཆེའི་ཁ་དོག་ཟད་མྱི་ཤེས་པའི་ཆར་རབ་ཏུ་འབབ་པའི་རྣམ་པར་འཕྲུལ་པ་ཡང་དག་པར་སྟོན་པའི་ནོར་བུའི་རྒྱལ་པོས་ཤིན་ཏུ་བསྒྲུབས་པ། མེ་ཏོག་

སྣ་ཚོགས་ཆུ་བོའི་ཀླུང་ལྟ་བུས་ཡོངས་སུ་བསྟན་པས་བརྒྱན་པ། རིན་པོ་ཆེའི་ཤིང་འོད་ཟེར་གྱི་ཁ་དོག་སྡུག་པོ་དང་ལྡན་པའི་ཡལ་གས་བརྒྱན་པ། རྒྱན་ཐམས་ཅད་དུ་སྣང་བ་ཤིན་དུ་འབར་བའི་བྱིན་གྱི་རླབས་ཀྱིས་རྣམ་པར་སྤྲུལ་པ། ཡང་དག་པར་བསྟན་པའི་སའི་སྙིང་པོ། རིན་

པོ་ཆེའི་འབྲུ་ཐམས་ཅད་འབྱུང་བས་ཕྱོགས་ཀུན་དུ་སྦྱངས་ཤིང་བརྒྱན་པའི་སྙིང་པོ་བྱང་ཆུབ་ལ་བྱང་ཆུབ་ཆེན་པོའི་ཤིང་ནོར་བུ་རིན་པོ་ཆེ་རྡོ་རྗེའི་རྒྱན་སྣ་ཚོགས་ཀྱི་འབྲུས། བསྒྲུབས་པའི་སྡོང་པོ་དང་ལྡན་པ་བཻ་ཌཱུརྱ་དང་། ནོར་བུ་ཐམས་ཅད་ཀྱི་རིགས་འབྱུང་བའི་སྙིང་པོ་དང་ལྡན་པའི་ལྷུན་ཅན་

ཡོངས་སུ་ཡོན་ཏན་མང་པོ་མཐའ་ཡས་པའི་ནོར་བུ་རིན་པོ་ཆེ་མང་པོའི་འབྲུས་ཤིན་ཏུ་བརྒྱན་ཅིང་རབ་ཏུ་འཕེལ་བའི་ཡལ་ག་ཅན་རིན་པོ་ཆེ་ཐམས་ཅད་ཀྱི་ལོ་མ་ཤིན་ཏུ་འོད་གསལ་བས་ཕྱོགས་ཀྱི་སྤྲིན་དུ་གྱུར་པ། ཡལ་ག་ཐམས་ཅད་ཀྱི་རྩེ་མོ་ལས་མེ་ཏོག་དང་། འབྲས་བུའི་དྲ་བ་ཡོན་ཏན་

རྣམ་པ་སྣ་ཚོགས་ཅན་རབ་ཏུ་སྤྱངས་པ། རིན་པོ་ཆེའི་འབྲས་བུའི་སྣ་ཚོགས་ཤིན་ཏུ་འབར་བའི་སྙིང་པོས། ཤིང་གི་རྒྱན་མེ་ཏོག་ཐམས་ཅད་ཤིན་ཏུ་རྒྱས་ཤིང་རྣམ་པར་གསལ་བ། ཕྱོགས་བཅུར་འོད་ཀྱི་དཀྱིལ་འཁོར་རིན་པོ་ཆེ་རྒྱ་ཆེ་ཞིང་མང་བའི་འོད་ཟེར་ལྟ་བུར་རྣམ་པར་སྣང་བ་

ནོར་བུའི་ཡོན་ཏན་ཟད་མི་ཤེས་པའི་ཆར་ཆེན་པོ་རྣམ་པར་སྤྲུལ་པས་ཡོངས་སུ་བསྟན་པ། ནོར་བུའི་སྒོ་ཐམས་ཅད་ནས་བྱང་ཆུབ་སེམས་དཔའི་སྤྲིན་འབྱུང་བ་ཤིན་ཏུ་བསྟན་པ། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་དང་། བྱིན་གྱི་རླབས་ཀྱིས་ཟད་མི་ཤེས་པའི་དབྱངས་འབྱུང་བའི་

དྲུང་ན། དེ་བཞིན་གཤེགས་པའི་གཞལ་མྱེད་ཁང་ཕྱོགས་ཐམས་ཅད་དུ་མངོན་པར་སྣང་བ། རབ་ཏུ་འཕེལ་བ། རིན་པོ་ཆེའི་རྒྱལ་པོ་སྣ་ཚོགས་ཡོན་ཏན་མཐའ་ཡས་པའི་ཀ་བ་བཀྱེ་བ། ལྷུན་རིན་པོ་ཆེའི་མེ་ཏོག་རྣམ་པ་སྣ་ཚོགས་ཐམས་ཅད་ཀྱི་རྒྱན་གྱིས་བརྒྱན་པ། རྒྱན་མཐའ་ཡས་

เล่ม ๓๕ · หน้า 3a

པས་ཤིན་ཏུ་ཀླུབས་པའི་འོད་ཟེར་སྣང་བས་སྤྲིན་ལྟར་ཁེབས་པ། ཕོ་བྲང་གི་མཚམས་ཐམས་ཅད་ནས་འོད་ཀྱི་རྒྱལ་མཚན་རབ་ཏུ་བཀྱེ་བ། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་མཐའ་ཡས་པ། རྗེས་སུ་འདོད་པའི་སྙིང་པོ་ཅན་བསམ་

གྱིས་མྱི་ཁྱབ་པ། གསུང་རྒྱ་ཆེན་པོའི་དབྱངས་དང་། སངས་རྒྱས་ཀྱི་འོད་ནོར་བུའི་རྒྱལ་པོ་ལྟ་བུའི་དྲ་བས་ཐམས་ཅད་ཡོག་པ། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་རྣམ་པར་སྤྲུལ་པའི་འཕྲུལ་པ། དམིགས་པ་ཐམས་ཅད་དུ་བྱུང་བ། སེམས་ཅན་ཐམས་ཅད་ཀྱི་ཁྱིམ་གྱི་

གཟུགས་བརྙན་རབ་ཏུ་སྟོན་པ། སེམས་སྐད་ཅིག་གིས་སངས་རྒྱས་ཀྱི་བྱིན་གྱི་རླབས་ཐམས་ཅད་ཆོས་ཀྱི་དབྱིངས་འབྱམ་ཀླས་པར་འཕྲོ་བའི་སྙིང་པོ་ཅན་སེང་གེའི་ཁྲི་ཆེན་པོ་སངས་རྒྱས་ཀྱི་གདན་དུ་གྱུར་པ། རིན་པོ་ཆེ་ཐམས་ཅད་དང་། ཡིད་དུ་འོང་བའི་སྤོས་སྣ་ཚོགས་ཀྱི་སྙིང་པོ་

ཅན་པདྨོའི་དྲ་བ་འོད་ཟེར་མཐའ་ཡས་པ་འབྱུང་བས་བརྟེན་པ། རིན་པོ་ཆེ་དྲི་མ་མྱེད་པའི་འཁོར་ལོའི་འོད་ཀུན་ཏུ་བརྡལ་བ། མེ་ཏོག་གི་ཕྲེང་བ་བཟང་ཞིང་ཡིད་དུ་འོང་བ་ཁ་དོག་མཐའ་ཡས་པས་ཀུན་ནས་ཀླུབས་པ། ནོར་བུའི་འབྲུ་སྣ་ཚོགས་ཀྱི་ཤིང་གི་ཡལ་ག་ལས་འོད་ཤིན་དུ་བཀྱེ་བ། རྟ་

བབས་དང་། ཁྲི་ཁྲི་འཕང་དང་། སྐར་ཁུང་ཁང་པ་བརྩེགས་པ། རྣམ་པ་སྣ་ཚོགས་མཐའ་ཡས་ལེགས་པར་བརྒྱན་པ་ནོར་བུའི་རྒྱལ་པོ་འོད་ཟེར་འབར་བའི་སྙིང་པོའི་སྤྲིན་ཐམས་ཅད་དུ་འཕྲོས་པའི་རྒྱན་ཅན། བྱང་ཆུབ་སེམས་དཔའ་རྒྱ་མཚོ་རྒྱ་ཆེན་པོའི་གཙུག་གི་རིན་པོ་ཆེས་བཟུང་ཞིང་འོད་

ཟེར་རྣམ་པར་སྣང་བ། ཕྱོགས་བཅུའི་མཚམས་ཐམས་ཅད་དུ། སངས་རྒྱས་ཀྱི་སྤྲུལ་པའི་འོད་ཀྱི་སྙིང་པོའི་ནོར་བུའི་རྒྱལ་པོས་ཤིན་ཏུ་བརྒྱན་པ། སངས་རྒྱས་ཀྱི་ཡུལ་གྱི་སྒྲ་དབྱངས་རྒྱ་ཆེན་པོས་ཆོས་ཀྱི་དབྱིངས་ཁྱབ་པའི་བྱིན་གྱི་རླབས་དང་ལྡན་པ་ལ་

བཞུགས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྔོན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐབས་གཅིག་ཏུ་སྤྱོད་སྤྱོད་པའི་དགེ་བའི་རྩ་བ་ཅན། སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་དུ་ཕྲ་བ་སྙེད་དང་ཐབས་གཅིག་སྟེ།

เล่ม ๓๕ · หน้า 3b

འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བ་དྲི་མ་མྱེད་པའི་གཟི་བརྗིད་ཀྱི་འོད་ཡིད་དུ་འོང་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་འོད་མཆོག་ཀུན་དུ་སྒྲོན་མ་དང་། བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་ཀུན་ཏུ་འབར་བ་སེང་གེའི་རྒྱལ་མཚན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔལ་གྱི་འོད་ཟེར་ཀུན་ཏུ་འོད་འཕྲོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རྒྱ་མཚོ་ཀུན་ཏུ་དབྱངས་རྒྱལ་མཚན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཡེ་ཤེས་ཀུན་ཏུ་སྣང་བའི་འོད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཙུག་ན་རིན་ཆེན་ཀུན་ཏུ་རྒྱལ་མཚན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་བའི་གསུང་ཀུན་ཏུ་འཇམ་དབྱངས་དང་། བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་བསོད་ནམས་མྱི་ཟད་དྲི་མྱེད་ཀུན་ཏུ་གཟི་བརྗིད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཚན་གྱི་འོད་ཟེར་ཀུན་ཏུ་སྣང་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་ཟེར་རྒྱ་མཚོ་འོད་ཆེན་དཔལ་གྱི་ཟླ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

སྤྲིན་གྱི་ང་རོ་རྒྱ་མཚོ་དྲི་མྱེད་འོད་ཀྱི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རིན་ཆེན་འབྱུང་བ་ཡེ་ཤེས་དཔལ་གྱི་གཙུག་ཕུད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱ་ཆེན་འོད་འབར་བློ་གྲོས་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

པདྨོ་རྣམ་པར་གནོན་པ་འོད་ཟེར་གཙུག་ཕུད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་ཡེ་ཤེས་སྤྲིན་གྱི་ཉི་མའི་རྒྱལ་མཚན་སྣང་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་སྟོབས་བརྩོན་འགྲུས་རྡོ་རྗེ་ཡངས་པའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་སྤོས་ཀྱི་འོད་འཕྲོ་ཤིན་ཏུ་འབར་བའི་འོད་ཀྱི་རྒྱལ་མཚན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་སྣང་མཛད་ཡོན་ཏན་ཡངས་པའི་རྒྱལ་མཚན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསོད་ནམས་ཡངས་པ་ཤིན་ཏུ་འཕགས་པའི་འོད་མཆོག་

เล่ม ๓๕ · หน้า 4a

ཡོན་ཏན་འབྱུང་བའི་བློ་གྲོས་དང་། དེ་དག་ལ་སྩོགས་པ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཀྱང་། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དང་། དགེ་བའི་རྩ་བ་རྒྱ་མཚོ་གཅིག་གིས་

བྱུང་བ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་འཁོར་ཡོངས་སུ་རྒྱས་པས་སྣང་བར་གྱུར་པ། ཡེ་ཤེས་ཀྱི་མིག་ཡོངས་སུ་དག་པ། དུས་གསུམ་གྱི་དབྱིངས་ཐམས་ཅད་དུ་སྣང་བས་གསལ་བར་གྱུར་པ། ཏིང་ངེ་འཛིན་གྱི་འཁོར་ཐམས་ཅད་ཡོངས་སུ་དག་པས་སྣང་བར་གྱུར་པ། ཐ་དད་པ་ཡང་

དག་པར་ཤེས་པ། རྒྱ་མཚོ་ཡངས་ཤིང་ཟད་མི་ཤེས་པ་དང་། སངས་རྒྱས་ཀྱི་ཡོན་ཏན་དང་མཐུས་སྣང་བར་བྱས་པ། འགྲོ་བ་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བར་བརྩམ་པའི་ཡེ་ཤེས་མཉམ་པ་ཉིད་ཀྱིས་སྣང་བར་བྱས་པ། ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་གཅིག་ཏུ་

ཐ་མྱི་དད་པའི་ཡེ་ཤེས་ཀྱི་སྣང་བར་གྱུར་པ། སངས་རྒྱས་ཀྱི་རྣམ་པར་ཐར་པ་ཟབ་མོའི་ཡུལ་ཡངས་པ་ལ་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱིས་སྣང་བར་བྱས་པ། ས་གཅིག་ལས་བྱུང་བ་ཡོངས་སུ་གནོན་པའི་རྗེས་སུ་འབྲང་བས་ཤིན་ཏུ་སྣང་བར་བྱས་པ། སྨོན་ལམ་གྱི་རྒྱ་མཚོ་ལ་འཇུག་

པ་ཕྱི་མའི་མཐའི་བྱིན་གྱི་རླབས་ཀྱི་ཡེ་ཤེས་ཐམས་ཅད་ཀྱི་གནས་པས་སྣང་བར་གྱུར་པ། དེ་བཞིན་གཤེགས་པའི་གསང་བ་རྨད་དུ་བྱུང་བའི་དཀྱིལ་འཁོར་ཡངས་པ་ཡོངས་སུ་ཤེས་པས་སྣང་བར་གྱུར་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་ལ་རྗེས་སུ་བརྟགས་

པའི་ཡེ་ཤེས་ཀྱིས་ཤིན་ཏུ་སྣང་བར་གྱུར་པ། དེ་བཞིན་གཤེགས་པའི་ས་ཀུན་ཏུ་འོད་ཀྱི་དབྱིངས་དང་། གནས་སུ་རྣམ་པར་སྤྱོད་དུ་དབང་བ། ཏིང་ངེ་འཛིན་རྒྱ་མཚོ་མཐའ་ཡས་པའི་སྒོ་ཐམས་ཅད་དུ་རྣམ་པར་རྒྱུ་བས་སྣང་བར་གྱུར་པ། ཡེ་ཤེས་སྣང་བ་ཐམས་ཅད་ཀྱི་རྗེས་སུ་

སོང་ཞིང་འགྲོ་བ་ཐམས་ཅད་ཀྱི་སྤྱོད་པ་རྒྱ་མཚོ་ལ་ཤིན་ཏུ་གནས་པ། ཆོས་རྒྱ་མཚོ་ཐམས་ཅད་ཀྱི་གཟུངས་དང་། ཐ་དད་པ་ཡང་དག་པར་ཤེས་པ་བསྟན་པ་དང་། ཡོངས་སུ་བསྟན་པ་ལ་མཁས་པ། སངས་རྒྱས་ཀྱི་ཡོན་ཏན་རྒྱ་མཚོར་གཏོགས་པ་ཐམས་ཅད་ཀྱིས་ཁྱབ་

เล่ม ๓๕ · หน้า 4b

པར་བྱེད་པའི་ལུས་ཅན་སྨོན་ལམ་རྒྱ་མཚོ་མངོན་པར་བསྒྲུབས་པས། སངས་རྒྱས་ཀྱི་ཞིང་འབྱམ་ཀླས་པ་ཐམས་ཅད་རྒྱས་པར་འགེངས་པ། སངས་རྒྱས་ཐམས་ཅད་མཆོད་པའི་སྦྱོར་བ་ལ་ཕྱི་མའི་མུར་ཐུག་པའི་བསྐལ་པར་དགའ་བའི་ཤུགས་ཀྱི་སྣང་བ་རབ་ཏུ་ཐོབ་པ། དེ་བཞིན་གཤེགས་པ་

ཐམས་ཅད་ཀྱི་ཞབས་ཀྱི་དྲུང་དུ་ཕྱིན་ཅིང་སྙིང་པོ་བྱང་ཆུབ་ཏུ་ཉེ་བར་འདོང་བ་ཡང་དག་པར་སྟོན་པ། ཀུན་ཏུ་བཟང་པོའི་སྨོན་ལམ་རྒྱ་མཚོས་སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་ཤེས་པ་ཡོངས་སུ་རྒྱས་པར་འགེངས་པའི་ལུས་ཅན་རྣམས་དང་ཐབས་གཅིག་གོ །སངས་རྒྱས་ཀྱི་ཞིང་གི་རྡུལ་

ཤིན་ཏུ་ཕྲ་བ་སྙེད་ཀྱི་ལག་ན་རྡོ་རྗེ་དག་དང་ཡང་ཐབས་གཅིག་སྟེ། འདི་ལྟར་ལག་ན་རྡོ་རྗེ་མཐུ་ཆེན་ཁ་དོག་བཟང་པོའི་འོད་དང་། ལག་ན་རྡོ་རྗེ་ཉི་མའི་ཤུགས་ཀྱི་རྒྱལ་མཚན་དང་། ལག་ན་རྡོ་རྗེ་རི་རབ་མེ་ཏོག་འོད་དང་། ལག་ན་རྡོ་རྗེ་རྣམ་དག་སྤྲིན་གྱི་དབྱངས་དང་། ལག་ན་རྡོ་རྗེ་དཔའ་བོ་

ཤིན་ཏུ་མངའ་བ་དང་། ལག་ན་རྡོ་རྗེ་རྡོ་རྗེའི་འོད་ཡིད་དུ་འོང་བ་དང་། ལག་ན་རྡོ་རྗེ་ཤིང་གི་སྒྲ་དབྱངས་དང་། ལག་ན་རྡོ་རྗེ་སེང་གེའི་འོད་ཀྱི་རྒྱལ་པོ་དང་། ལག་ན་རྡོ་རྗེ་འོད་འཕྲོ་སྟུག་པའི་དཔལ་གྱི་མིག་དང་། ལག་ན་རྡོ་རྗེ་རིན་ཆེན་གཙུག་ཕུད་པད་མོའི་འོད་དང་། དེ་དག་ལ་སྩོགས་པ་ལག་

ན་རྡོ་རྗེ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀུན་ཀྱང་། སྔོན་བསྐལ་པ་མཐའ་ཡས་པར་དེ་བཞིན་གཤེགས་པ་མཆོད་པར་སྨོན་པས་ཞམ་འབྲིང་ན་འབྲང་བར་གྱུར་པ། སངས་རྒྱས་བསྙེན་བཀུར་བའི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་དགེ་བ་དང་། བསོད་ནམས་ཀྱི་

དཀྱིལ་འཁོར་མཐའ་ཡས་པ་ཡོངས་སུ་དག་པ། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ཡངས་པ་ལ་རྣམ་པར་སྤྱོད་པ། རྫུ་འཕྲུལ་དང་སྟོབས་དང་། དེ་བཞིན་གཤེགས་པའི་སྤྱོད་ཡུལ་མཐའ་ཡས་པ་ཁོང་དུ་ཆུད་པ་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པའི་ཡུལ་ལ་ཞུགས་པ། འཁོར་གྱི་དཀྱིལ་

འཁོར་ཐམས་ཅད་ཀྱི་ཟིལ་གྱིས་མི་ནོན་པའི་ལུས་ཅན་སེམས་ཅན་རྣམས་ཇི་ལྟར་འདུལ་བ་བཞིན་དུ་ལུས་ཤིན་ཏུ་སྟོན་པ། སངས་རྒྱས་ཀྱི་སྤྲུལ་པའི་སྐུ་ཐམས་ཅད་ཀྱི་འཕྲུལ་པ་རྗེས་སུ་རྟོགས་པ། སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་སྤྱོད་པ་དང་། གནས་བསྲུང་བ་ལ་ཤིན་ཏུ་བརྩོན་པ་རྣམས་

เล่ม ๓๕ · หน้า 5a

དང་ཐབས་གཅིག་གོ །ལུས་ཀྱི་རིས་སུ་གཏོགས་པའི་ལྷ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དག་དང་ཡང་ཐབས་གཅིག་སྟེ། འདི་ལྟར་ལྷ་ཁྲེལ་དང་། དགེ་བ་རྒྱས་པའི་འོད་དང་། འོད་ཟེར་ཕྱོགས་སུ་སྣང་བ་དང་། སྒྲས་འདུལ་བ་རྒྱ་མཚོའི་དཔལ་དང་།

རྒྱན་བཟང་པོ་མེ་ཏོག་གཙུག་ཕུད་དང་། སྤྱོད་ཡུལ་མཐའ་ཡས་དཔལ་དང་། སྣང་བའི་ཕྲེང་བ་འཛིན་པའི་དཔལ་དང་། སྤོས་དྲི་མ་མྱེད་པའི་སྤྲིན་ལས་ཆར་འབབ་པའི་འོད་དང་། སྲུང་འཛིན་ཡོངས་སུ་སྡུད་པ་དང་། སྒོ་ཀུན་ནས་ཡོངས་སུ་གནོན་པ་ལ་མངོན་དུ་གྱུར་པའི་མིག་དང་ཁྲེལ་དང་

དཔལ་མི་གཡོ་བའི་འོད་དང་། ལུས་ཀྱི་རིས་སུ་གཏོགས་པའི་ལྷ་དེ་དག་ལ་སྩོགས་པ་ཀུན་ཀྱང་། དེ་བཞིན་གཤེགས་པ་བསྙེན་བཀུར་བར་སྨོན་ལམ་བཏབ་པ་དང་ལྡན་པ། སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ཐབས་གཅིག་གོ །རྐང་གིས་འགྲོ་བའི་ལྷ་སངས་རྒྱས་ཀྱི་

ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དག་དང་ཡང་ཐབས་གཅིག་སྟེ། འདི་ལྟར་རྐང་གིས་འགྲོ་རིན་ཆེན་དཔལ་གྱི་ཕྱག་རྒྱ་དང་། རྐང་གིས་འགྲོ་པད་མོ་སྣང་བའི་འོད་ཟེར་གྱི་འོད་དང་། རྐང་གིས་འགྲོ་མེ་ཏོག་གཙུག་ཕུད་ཀྱི་དཔལ་དྲི་མ་མྱེད་པ་དང་། རྐང་གིས་འགྲོ་ཤིན་ཏུ་མཛེས་པར་

གནོན་པ་དང་། རྐང་གིས་འགྲོ་རིན་ཆེན་དཔལ་གྱི་རྒྱལ་མཚན་དང་། རྐང་གིས་འགྲོ་དགའ་བའི་དབྱངས་སྙན་པ་དང་། རྐང་གིས་འགྲོ་ཤིང་ཙན་དན་གྱི་འོད་དང་། རྐང་གིས་འགྲོ་པད་མོ་ཡིད་དུ་འོང་བའི་འོད་དང་། རྐང་གིས་འགྲོ་རྡུལ་གྱི་ཤུགས་ཀྱི་འོད་དང་། རྐང་གིས་འགྲོ་མྱེ་ཏོག་མང་པོའི་

དཀྱིལ་འཁོར་དང་། དེ་དག་ལ་སོགས་པ་རྐང་གིས་འགྲོ་བའི་ལྷ། སངས་རྒྱས་ཀྱི་ཞིང་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀུན་ཀྱང་སྔོན་བསྐལ་པ་མཐའ་ཡས་པར་དེ་བཞིན་གཤེགས་པའི་རྗེས་སུ་འབྲང་བ་ཤ་སྟག་དང་ཐབས་གཅིག་གོ །སྙིང་པོ་བྱང་ཆུབ་ཀྱི་ལྷ་སངས་རྒྱས་ཀྱི་ཞིང་རྡུལ་ཤིན་ཏུ་ཕྲ་བ་སྙེད་

དག་དང་ཡང་ཐབས་གཅིག་སྟེ་འདི་ལྟར། སྙིང་པོ་བྱང་ཆུབ་ཀྱི་ལྷ་དགེ་བ་དྲི་མ་མྱེད་པའི་རྒྱན་གྱིས་བརྒྱན་པའི་རྒྱལ་མཚན་དང་། སྙིང་པོ་བྱང་ཆུབ་ཀྱི་ལྷ་རི་རབ་སྤོའི་རིན་པོ་ཆེའི་འོད་དང་། སྙིང་པོ་བྱང་ཆུབ་ཀྱི་ལྷ་དབྱངས་ཀྱི་འབྲུག་སྒྲ་སྒྲོགས་པའི་རྒྱལ་མཚན་དང་། མེ་ཏོག་གི་ཆར་

เล่ม ๓๕ · หน้า 5b

སྣ་ཚོགས་འབབ་པའི་མིག་དང་། འོད་འཕྲོ་མང་པོ་ཤིན་ཏུ་དྲི་མ་མྱེད་པ་དང་། མེ་ཏོག་གི་ཕྲེང་བ་འོད་ཀྱི་གཙུག་ཕུད་དང་། རིན་པོ་ཆེའི་རྒྱན་གྱི་ཆར་རབ་ཏུ་འབེབས་པ་དང་། མཐུ་དམ་པ་སྤོས་ཀྱི་མྱིག་དང་། རྡོ་རྗེ་སྣ་ཚོགས་ཀྱི་སྤྲིན་དང་། པད་མོའི་ཤིང་སྣང་བའི་འོད་དང་། སྙིང་པོ་བྱང་ཆུབ་

ཀྱི་ལྷ་དགེ་བའི་ལྟ་བ་སྣ་ཚོགས་རྣམ་པར་སྟོན་པའི་འོད་དང་། དེ་དག་ལ་སྩོགས་པ་སྙིང་པོ་བྱང་ཆུབ་ཀྱི་ལྷ། སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀུན་ཀྱང་། སྔོན་སངས་རྒྱས་རྒྱ་ཆེན་མཆོད་པའི་སྨོན་ལམ་གྱི་ཡང་དག་པར་འབྱུང་བ་ཤ་སྟག་དང་ཐབས་གཅིག་གོ །ནམ་མཁའི་

ལྷ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དག་དང་ཡང་ཐབས་གཅིག་སྟེ། འདི་ལྟར་གྲོང་ཁྱེར་གྱི་ལྷ་རིན་ཆེན་རྩེ་མོའི་འོད་དང་། རྒྱན་རྣམ་པ་སྣ་ཚོགས་འབྱུང་བ་དང་། རིན་ཆེན་དྲི་མེད་ཤིན་ཏུ་དགའ་བ་དང་། སློས་པའི་མྱ་ངན་ཐམས་ཅད་སྤོང་བས་རྣམ་པར་སྣང་བ་དང་།

སྒྲོན་མ་ཤིན་ཏུ་རྒྱས་པའི་མིག་དང་། འོད་འཕྲོ་བའི་དཔལ་མངོན་པར་འབར་བ་དང་། བསོད་ནམས་ཀྱི་ཤུགས་སྣང་བའི་འོད་དང་། ལུས་དྲི་མ་མྱེད་པས་མཉམ་པའི་འོད་དང་། སྤོས་ཀྱི་རྒྱལ་མཚན་གཙུག་ཕུད་ཀྱི་རྒྱན་དང་། གྲོང་ཁྱེར་གྱི་ལྷ་རིན་ཆེན་དཔལ་གྱི་འོད་དང་། དེ་

དག་ལ་སྩོགས་པ་ནམ་མཁའི་ལྷ། སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀུན་ཀྱང་། བསྐལ་པ་བསམ་གྱིས་མི་ཁྱབ་པར་དེ་བཞིན་གཤེགས་པའི་གཞལ་མེད་ཁང་རབ་ཏུ་བརྒྱན་པ་ལ་བརྩོན་པ་ཤ་སྟག་དང་ཐབས་གཅིག་གོ །སའི་ལྷ་སངས་རྒྱས་ཀྱི་ཞིང་རྡུལ་ཤིན་ཏུ་ཕྲ་བ་སྙེད་

དག་དང་ཡང་ཐབས་གཅིག་སྟེ། འདི་ལྟར་སའི་ལྷ་དཔལ་གྱི་མེ་ཏོག་ཀུན་ནས་ཤིན་ཏུ་རྒྱས་པ་དྲི་མ་མྱེད་པ་དང་། བསོད་ནམས་བརྟན་པ་ཤིན་ཏུ་བསགས་པའི་འོད་དང་། ཤིང་གི་ཡལ་ག་སྣ་ཚོགས་ཀྱི་རྒྱན་དང་། སེམས་ཅན་རིན་པོ་ཆེས་རྒྱས་པ་དང་། དུས་དུས་སུ་དགེ་བའི་མིག་

རབ་ཏུ་སྟོན་པ་དང་། གསེར་གྱི་མིག་གི་དཔལ་དང་། སྤུ་ལས་སྤོས་ཀྱི་འོད་རྣམ་པར་འགྱེད་པ་དང་། སྒྲ་དབྱངས་ཡིད་དུ་འོང་བ་སྒྲོག་པ་དང་། མེ་ཏོག་གི་གློང་སྣ་ཚོགས་ཀྱི་གཙུག་ཕུད་དང་། ཀུན་ནས་རྡོ་རྗེའི་རྡུལ་གྱི་རྒྱན་དང་སའི་ལྷ་ཁྱིམ་དྲི་མ་མྱེད་པའི་འོད་དང་། དེ་དག་

เล่ม ๓๕ · หน้า 6a

ལ་སོགས་པ་སའི་ལྷ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀུན་ཀྱང་བསོད་ནམས་ཀྱི་དབྱིངས་གཅིག་ཏུ་དེ་བཞིན་གཤེགས་པའི་སྔོན་གྱི་སྨོན་ལམ་དང་རབ་ཏུ་འབྲེལ་བ་ཤ་སྟག་དང་ཐབས་གཅིག་གོ །རིའི་ལྷ་ཚད་མེད་པ་དག་དང་ཡང་ཐབས་གཅིག་སྟེ།

འདི་ལྟར་རིའི་ལྷ་རིན་པོ་ཆེའི་རྩེ་མོ་མེ་ཏོག་ཤིན་དུ་རྒྱས་པར་གནས་པ་དང་། ནགས་ཚལ་སྣ་ཚོགས་ཀྱི་མེ་ཏོག་ཤིན་ཏུ་རྒྱས་པའི་གཙུག་ཕུད་དང་། ཀུན་ནས་ཤིན་ཏུ་འཕགས་པས་རྣམ་པར་སྣང་བའི་རྒྱལ་མཚན་དང་། རྡུལ་ཐམས་ཅད་དང་། མི་གནས་པས་དྲི་མ་མྱེད་པའི་གཙུག་ཕུད་དང་།

སྣང་བས་ཕྱོགས་སུ་གསལ་བའི་འོད་དང་། སྟོབས་ལ་ཐུབ་པ་མྱེད་པའི་སྣང་བའི་འོད་དང་། ཀུན་ནས་གཟི་བརྗིད་དཔལ་གྱི་དཀྱིལ་འཁོར་དང་། སྣང་བའི་རྡུལ་ཆུ་བོའི་དཀྱིལ་འཁོར་དང་ཀུན་ཏུ་མངོན་པར་ལྟ་བའི་མིག་དང་། རིའི་ལྷ་ཀུན་ནས་སྲ་བ་རྡོ་རྗེའི་མཚམས་ཀྱི་མིག་དང་།

དེ་དག་ལ་སོགས་པ་རིའི་ལྷ་ཚད་མེད་པ་ཀུན་ཀྱང་ཚུལ་དྲི་མ་མྱེད་པའི་མིག་གི་སྒོ་རབ་ཏུ་ཐོབ་པ་ཤ་སྟག་དང་ཐབས་གཅིག་གོ །ནགས་ཚལ་གྱི་ལྷ་བསམ་གྱིས་མི་ཁྱབ་པ་དག་དང་ཡང་ཐབས་གཅིག་སྟེ། འདི་ལྟར་ནགས་ཚལ་གྱི་ལྷ་ཡལ་ག་སྣ་ཚོགས་ཀྱི་སྤྲིན་དང་། ནགས་ཚལ་

གྱི་ལྷ་འོད་ཀྱི་ཕུང་པོ་སྣ་ཚོགས་ཀྱི་མིག་ཡིད་དུ་འོང་བའི་འོད་དང་། ལོ་མ་དྲི་མ་མྱེད་པའི་ཕྲེང་བའི་དཔལ་དང་། ཡན་ལག་རབ་ཏུ་འཕྱང་བའི་གཟི་བརྗིད་དང་། དགེ་བའི་འོད་སྣ་ཚོགས་དང་སྒྲ་སྐད་ཡིད་དུ་འོང་བའི་དབྱངས་དང་། ཀུན་ནས་སྤོས་མང་པོ་ལྡང་བའི་འོད་དང་། ཀུན་ནས་

དཔལ་གྱི་འོད་རབ་ཏུ་འབྱུང་བའི་དཀྱིལ་འཁོར་དང་། ནགས་ཚལ་གྱི་ལྷ་མེ་ཏོག་དང་འབྲས་བུ་དང་རོའི་འོད་དང་། དེ་དག་ལ་སོགས་པ་ནགས་ཚལ་གྱི་ལྷ་བསམ་གྱིས་མི་ཁྱབ་པ་ཀུན་ཀྱང་དགའ་བའི་ཤུགས་མཐའ་ཡས་པས་གསལ་བར་གྱུར་པ་ཤ་སྟག་དང་ཐབས་གཅིག་གོ །སྨན་

གྱི་ལྷ་མཐའ་ཡས་པ་དག་དང་ཡང་ཐབས་གཅིག་སྟེ། འདི་ལྟར་སྨན་གྱི་ལྷ་ཕུན་སུམ་ཚོགས་པ་དང་། ཙན་དན་གྱི་ནགས་ཚལ་གྱི་ཤུགས་འཆང་བ་དང་། འོད་རྡུལ་མྱེད་པ་དང་། མིང་ཀུན་ཏུ་གྲགས་པ་གླང་པོའི་རྒྱལ་མཚན་དང་། སྤུའི་ཀློང་ཀུན་ནས་འོད་འབྱུང་བ་དང་། མུན་པ་

เล่ม ๓๕ · หน้า 6b

རྣམ་པར་སེལ་ཅིང་རྣམ་པར་སྤྱོད་པ་དང་། སྒྲ་དབྱངས་ཀུན་ཏུ་འབྱུང་བ་དང་། ཉི་མའི་འོད་འགྲོ་བའི་མཆོག་གི་རྒྱལ་མཚན་དང་། ཕྱོགས་བཅུར་རྨོངས་པ་མེད་པར་ལྟ་བ་དང་། སྨན་གྱི་ལྷ་མདངས་བཟང་པོ་ཀུན་ཏུ་འགྱེད་པའི་མིག་དང་། དེ་དག་ལ་སོགས་པ་སྨན་གྱི་ལྷ་མཐའ་

ཡས་པ་ཀུན་ཀྱང་སྙིང་རྗེ་དྲི་མ་མྱེད་པའི་དཀྱིལ་འཁོར་གྱིས་རབ་ཏུ་སྣང་བར་གྱུར་པ་ཤ་སྟག་དང་ཐབས་གཅིག་གོ །ལོ་ཏོག་གི་ལྷ་མཐའ་ཡས་པ་དག་དང་ཡང་ཐབས་གཅིག་སྟེ། འདི་ལྟར་ལོ་ཏོག་གི་ལྷ་དང་འཇམ་པའི་དཔལ་དང་། དུས་ཀྱི་མེ་ཏོག་རྣམ་པར་མཛེས་པའི་འོད་དང་།

རྩལ་དམ་པའི་སྟོབས་དང་མདངས་ཀྱི་ངད་མཐའ་ཡས་པ་རབ་ཏུ་འགྱེད་པ་དང་། ས་ཀུན་གྱི་རྩ་བ་འབྲས་བུ་དང་། གཙུག་ཕུད་ཁ་དོག་སྣ་ཚོགས་དང་། ཡལ་ག་དྲི་མ་མྱེད་པར་གྲུབ་པ་དང་། སྤོས་སྣ་ཚོགས་ཤིན་ཏུ་གྲུབ་པ་དང་། བཟང་ཞིང་ཡིད་དུ་འོང་བར་སྣང་བ་དང་། ལོ་ཏོག་གི་

ལྷ་ཁ་དོག་རྣམ་པར་དག་ཅིང་འོད་དྲི་མ་མྱེད་པ་དང་། དེ་དག་ལ་སྩོགས་པ་ལོ་ཏོག་གི་ལྷ་མཐའ་ཡས་པ་ཀུན་ཀྱང་དགའ་བ་དང་མགུ་བ་དང་རངས་པ་ཤིན་ཏུ་ཐོབ་པ་ཤ་སྟག་དང་ཐབས་གཅིག་གོ །ཆུ་ཀླུང་གི་ལྷ་མུ་མྱེད་པ་དག་དང་ཡང་ཐབས་གཅིག་སྟེ། འདི་ལྟར་ཆུ་ཀླུང་གི་ལྷ་ཆུ་བོ་

ཀུན་དང་ལྡན་པ་དང་། རི་དང་ཆུ་ཀུན་ལ་རྟེན་པ་དང་། རྡུལ་ཐམས་ཅད་དྲི་མ་མྱེད་པར་རྣམ་པར་དག་པའི་མིག་དང་། ང་རོས་ཁྱབ་པར་བྱེད་པ་དང་། སྲོག་ཆགས་ཀྱི་རྒྱུད་མཐའ་ཡས་པ་སྐྱོབ་པ་དང་། གདུང་བ་མེད་པ་རྒྱ་མཚོ་གདུང་བ་མེད་པའི་འོད་དྲི་མ་མེད་པ་དང་། དགའ་བདེ་ཀུན་

ནས་འབྱུང་བ་དང་། ཡོན་ཏན་གྱི་ཤུགས་ཡངས་པའི་རྒྱལ་མཚན་དང་། འཇིག་རྟེན་ཐམས་ཅད་ཀྱི་དཔལ་རྣམ་པར་སྣང་བ་དང་། ཆུ་ཀླུང་གི་ལྷ་ཚོགས་ཆེན་པོ་རྒྱ་མཚོའི་དཔལ་གྱི་འོད་དང་། དེ་དག་ལ་སོགས་པ་ཆུ་ཀླུང་གི་ལྷ་མུ་མེད་པ་ཀུན་ཀྱང་འགྲོ་བ་ཐམས་ཅད་ལ་ཕན་པའི་དོན་

དུ་ཡིད་ལ་བྱེད་པ་ལ་བརྩོན་པ་ཤ་སྟག་དང་ཐབས་གཅིག་གོ །རྒྱ་མཚོའི་ལྷ་བསམ་གྱིས་མི་ཁྱབ་པ་དག་དང་ཡང་ཐབས་གཅིག་སྟེ། འདི་ལྟར་རྒྱ་མཚོའི་ལྷ་རིན་པོ་ཆེའི་འོད་འབྱུང་བའི་དཔལ་དང་། རྡོ་རྗེ་ཀུན་ནས་སྲ་ཞིང་མྱི་ཆོམས་པའི་རྒྱལ་མཚན་དང་ལྡན་པ་དང་། རྡུལ་དང་དྲི་མ་

เล่ม ๓๕ · หน้า 7a

མྱེད་པའི་གནས་དང་ལྡན་པ་དང་། ཀུན་ནས་ཆུ་དང་རི་བོ་དང་ཁྱིམ་གྱི་དཀྱིལ་འཁོར་དང་། སྐྱབས་རིན་པོ་ཆེ་མྱིག་གི་ཟླ་བའི་དཔལ་དང་། ཀླུའི་དཔལ་པད་མོ་སྣ་ཚོགས་ཀྱི་གཙུག་ཕུད་དང་། ཆུ་ལྟ་བུར་རོ་མཐུན་པར་འཛིན་པའི་འོད་དང་། རིན་པོ་ཆེའི་

འོད་འཕྲོ་བའི་མེ་ཏོག་གི་ཚོན་གྱི་འོད་དང་། རི་རབ་སྲ་བའི་རྡོ་རྗེ་སྣ་ཚོགས་དང་། རྒྱ་མཚོའི་ལྷ་འབྲུག་སྒྲ་སྒྲོགས་པ་རྒྱ་མཚོའི་ཤུགས་ཀྱི་དབྱངས་དང་། དེ་དག་ལ་སོགས་པ་རྒྱ་མཚོའི་ལྷ་བསམ་གྱིས་མྱི་ཁྱབ་པ་ཀུན་ཀྱང་སངས་རྒྱས་ཀྱི་ཡོན་ཏན་རྒྱ་མཚོའི་མཐར་ཕྱིན་པར་རྒྱས་པར་བྱེད་པ་

ཤ་སྟག་དང་ཐབས་གཅིག་གོ །མེའི་ལྷ་གྲངས་མེད་པ་དག་དང་ཡང་ཐབས་གཅིག་སྟེ། འདི་ལྟར་མེའི་ལྷ་གཟི་བརྗིད་འབར་ཞིང་འཕྲོ་བའི་འོད་དང་། ཀུན་ཏུ་འབར་ཞིང་འཕྲོ་བའི་རྒྱལ་མཚན་གྱི་དཀྱིལ་འཁོར་དང་། འོད་རྒྱ་ཆེན་པོས་ཕྱོགས་རྒྱས་པར་བྱེད་པ་དང་། རྒྱལ་མཚན་

གྱི་རྡུལ་གྱི་སྒོས་རྒྱས་པར་བྱེད་པ་དང་། གཟི་བརྗིད་མི་ཟད་པའི་གཙུག་ཕུད་དང་། དཀའ་ཐུབ་སྣ་ཚོགས་ཀྱི་མིག་གི་དཔལ་དང་། ཕྱོགས་ཁྱིམ་དུ་གྱུར་པའི་རི་རབ་ཀྱི་སྤོ་དང་། འོད་དྲག་ཤུལ་ཅན་གྱི་དབང་ཕྱུག་དང་། མུན་པ་དང་རབ་རིབ་སེལ་ཅིང་ཕྱོགས་རྣམ་པར་སྣང་

བར་བྱེད་པ་དང་། མེའི་ལྷ་འོད་འཕྲོ་བའི་སྤྲིན་གྱི་དབང་ཕྱུག་དང་། དེ་དག་ལ་སོགས་པ་མེའི་ལྷ་གྲངས་མེད་པ་ཀུན་ཀྱང་སེམས་ཅན་ཐམས་ཅད་ཀྱི་གདུང་བ་སེལ་བའི་སྣང་བ་སྟོན་པ་ཤ་སྟག་དང་ཐབས་གཅིག་གོ །ཆུའི་ཕུང་པོའི་ལྷ་ཚད་མེད་པ་དག་དང་ཡང་ཐབས་གཅིག་སྟེ། འདི་ལྟར་

ཆུའི་ཕུང་པོའི་ལྷ་སྤྲིན་དང་ན་བུན་ཀུན་ཏུ་གྲུབ་པའི་རྒྱལ་མཚན་དང་། སྤྲིན་སྒྲའི་ཤུགས་རྒྱ་མཚོའི་སྤྲིན་དང་། ཆུ་སྣ་ཚོགས་ཀྱི་གཙུག་ཕུད་དང་། བཟང་པོར་འཁྱིལ་བ་གྲུབ་པའི་དཔལ་དང་། ཀུན་ནས་སྤོས་དྲི་མ་མྱེད་པའི་མྱུ་གུའི་དཔལ་དང་། དབའ་རླབས་ཀྱི་སྒྲ་བསོད་ནམས་

སྟེགས་ཀྱི་འོད་དང་། ཚིམ་པར་བྱ་བ་ལ་དབང་བྱེད་པ་ཡོངས་སུ་སྒྲུབ་པ་དང་། སའི་རྡུལ་སྙེད་ཀྱི་སྒོ་ནས་དབྱངས་འབྱུང་བ་དང་། འོད་ཀུན་ཏུ་འགྲོ་ཞིང་རྒྱས་པར་བྱེད་པ་དང་། ཆུའི་ཕུང་པོའི་ལྷ་རྒྱ་མཚོའི་དབྱངས་ཀྱི་ང་རོའི་འོད་དང་། དེ་དག་ལ་སྩོགས་པའི་ཆུའི་ཕུང་པོའི་ལྷ་ཚད་

เล่ม ๓๕ · หน้า 7b

མེད་པ་ཀུན་ཀྱང་འགྲོ་བ་ཐམས་ཅད་ལ་ཕན་པ་དང་བདེ་བའི་སྐྱབས་སུ་བརྩོན་པ་ཤ་སྟག་དང་ཐབས་གཅིག་གོ །རླུང་གི་ཕུང་པོའི་ལྷ་ཚད་མྱེད་པ་དག་དང་ཡང་ཐབས་གཅིག་སྟེ། འདི་ལྟར་རླུང་གི་ཕུང་པོའི་ལྷ་ཆགས་པ་མྱེད་པར་འགྲོ་བའི་འོད་དང་། ཀུན་ཏུ་རྒྱས་པར་འབྱུང་

བའི་མཐུའི་དཔལ་དང་། ཀུན་ཏུ་རེག་པར་བྱེད་པའི་སྤྲིན་གྱི་རྒྱལ་མཚན་དང་། རྒྱན་ཡིད་དུ་འོང་ཞིང་བཟང་བའི་འོད་དང་། ཆུ་དྲག་པོའི་སྙིང་པོ་སྐེམས་པ་དང་། སྒྲ་ཆེན་པོས་འགྲོ་བའི་དབྱངས་དང་། ཤིང་གི་རྩེ་མོ་མེ་ཏོག་རབ་ཏུ་འཕྱང་བའི་གཙུག་ཕུད་དང་། ཐོགས་པ་མེད་

པར་ཕྱོགས་ཀུན་ཏུ་རྒྱས་པར་འགྲོ་བ་དང་། རླུང་གི་ཕུང་པོ་རྣམ་པ་སྣ་ཚོགས་འབྱུང་བའི་སྤྲིན་གྱི་དཀྱིལ་འཁོར་དང་། རླུང་གི་ཕུང་པོའི་ལྷ་འཇིག་རྟེན་ཐམས་ཅད་ཀྱི་མུན་པ་ཀུན་ནས་སྣང་བར་བྱེད་པ་དང་། དེ་དག་ལ་སོགས་པ་རླུང་གི་ཕུང་པོའི་ལྷ་ཚད་མྱེད་པ་ཀུན་ཀྱང་སེམས་ཅན་ཐམས་ཅད་

ཀྱི་སྔོན་གྱི་མཐའི་ང་རྒྱལ་རྣམ་པར་གཏོར་བ་ལ་བརྩོན་པ་ཤ་སྟག་དང་ཐབས་གཅིག་གོ །ནམ་མཁའི་ལྷ་མུ་མེད་པ་དག་དང་ཡང་ཐབས་གཅིག་སྟེ། འདི་ལྟར་ནམ་མཁའི་ལྷ་ཀུན་ནས་སྣང་བ་དྲི་མ་མྱེད་པའི་འོད་དང་། མཐའ་ཡས་ཤིང་ཟག་པ་ཀུན་ཏུ་རྒྱས་པར་བྱེད་པ་དང་།

རླུང་ཀུན་ནས་འབྱུང་བའི་དཔལ་དང་། བསྒྲིབས་པ་ཐམས་ཅད་དང་མི་གནས་པའི་དཀྱིལ་འཁོར་དང་། རྒྱ་ཆེན་པོ་ཀུན་ཏུ་གནོན་པ་སྣ་ཚོགས་ཀྱི་གཙུག་ཕུད་དང་། འོད་ཟེར་སྣང་བའི་འོད་ཐོགས་པ་མྱེད་པ་དང་། སྟོབས་ཀྱི་རྒྱུན་ཐོགས་པ་མྱེད་པའི་དཔལ་དང་། ཕྱོགས་དྲི་མ་

མྱེད་པར་སྣང་བའི་འོད་དང་། དབྱངས་ཤིན་ཏུ་འཕགས་ཤིང་ཟབ་པ་དང་ནམ་མཁའི་ལྷ་ཕྱོགས་བཅུར་མངོན་དུ་སྟོན་པའི་འོད་དང་། དེ་དག་ལ་སོགས་པ་ནམ་མཁའི་ལྷ་མུ་མྱེད་པ་ཐམས་ཅད་ཀྱང་སེམས་རྒྱ་མཚོ་དྲི་མ་མྱེད་ཅིང་ཡོངས་སུ་དག་པ་ཤ་སྟག་དང་ཐབས་གཅིག་གོ །

ཕྱོགས་ཀྱི་ལྷ་མུ་མྱེད་པ་དག་དང་ཡང་ཐབས་གཅིག་སྟེ། འདི་ལྟར་ཕྱོགས་ཀྱི་ལྷ་ཕྱོགས་ཀྱི་དབྱིངས་ན་རབ་ཏུ་གནས་ཤིང་ཀུན་ཏུ་རྒྱས་པར་འགེངས་པ་དང་། མཉམ་པ་ཉིད་ལ་མངོན་དུ་ལྟ་བ་དང་། སྣང་བ་སྤྱོད་པའི་རྒྱན་དང་། ཀུན་ཏུ་རྒྱུ་ཞིང་རྗེས་སུ་འབྲང་བ་དང་། རྨོངས་

เล่ม ๓๕ · หน้า 8a

པ་མེད་པའི་གཙུག་ཡོངས་སུ་འགྲུབ་པ་དང་། ནམ་མཁའི་རྒྱུད་ཀུན་ཏུ་སྤྱོད་པ་དང་། རྣམ་པར་སྤྱོད་པའི་སྤྲིན་རྒྱ་ཆེན་པོའི་རྒྱལ་མཚན་དང་། མྱིག་ཐ་དད་པ་མེད་པའི་གཙུག་ཕུད་དང་། འཇིག་རྟེན་གྱི་བྱ་བ་ཀུན་ནས་སྤྱོད་པ་དང་། ཕྱོགས་ཀྱི་ལྷ་

ཕྱོགས་སུ་རྣམ་པར་ལྟ་བ་ཕྲེང་བའི་འོད་དང་། དེ་དག་ལ་སོགས་པ་ཕྱོགས་ཀྱི་ལྷ་མུ་མེད་པ་ཀུན་ཀྱང་། སེམས་ཅན་གྱི་རྒྱུད་ཀྱི་ཕྱོགས་སྣང་བར་བྱ་བ་ལ་བརྩོན་པ་ཤ་སྟག་དང་ཐབས་གཅིག་གོ །མཚན་མོའི་ལྷ་ཚད་མྱེད་པ་དག་དང་ཡང་ཐབས་གཅིག་སྟེ། འདི་ལྟར་མཚན་མོའི་ལྷ་

དཔལ་དྲི་མ་མྱེད་ཅིང་ཀུན་ནས་ཟབ་པའི་འོད་དང་། ཀུན་ནས་སྐྱོབ་པའི་མདངས་ཀྱི་དཔལ་དང་། རབ་ཏུ་དགའ་བའི་མིག་གིས་འགྲོ་བ་ལ་རྣམ་པར་ལྟ་བ་དང་། སྒྲས་ཞིང་རྒྱ་མཚོ་དང་ལྡན་པ་དང་། མཚན་མོ་ཐམས་ཅད་འབྱུང་བའི་དཔལ་དང་། ཤིང་ཐམས་ཅད་རབ་ཏུ་རྒྱས་པར་

བྱེད་པའི་འོད་དང་། ཀུན་ནས་སྐྱོང་ཞིང་སྲུང་བའི་དཔལ་དང་། དགེ་བ་ཐམས་ཅད་ཀྱི་དགའ་བ་ལ་དབང་སྒྱུར་བ་དང་། མདུད་པར་འཛིན་པ་ཐམས་ཅད་ཞི་བ་བྱ་བས་དབང་པོ་རབ་ཏུ་དགའ་བ་དང་། མཚན་མོའི་ལྷ་དགེ་བའི་བསོད་ནམས་འབྱུང་བའི་དཔལ་སྟོན་པ་དང་། དེ་དག་

ལ་སོགས་པ་མཚན་མོའི་ལྷ་ཚད་མྱེད་པ་ཀུན་ཀྱང་། ཆོས་ཀྱི་དགའ་བ་འབྱུང་བ་ལ་མོས་པར་གནས་པ་ལ་བརྩོན་པ་ཤ་སྟག་དང་ཐབས་གཅིག་གོ །ཉིན་མོའི་ལྷ་གཞལ་དུ་མེད་པ་དག་དང་ཡང་ཐབས་གཅིག་སྟེ། འདི་ལྟར་ཉིན་མོའི་ལྷ་ཁྱིམ་དང་། གཞལ་

མེད་ཁང་གི་གཟུགས་ཤིན་ཏུ་སྟོན་པ་དང་། བརྩམ་པའི་བློ་གྲོས་མཚམས་སྦྱོར་བའི་དཀྱིལ་འཁོར་དང་། ཀུན་ནས་དགའ་བའི་དཔལ་གྱི་རྒྱན་དང་། མེ་ཏོག་དང་སྤོས་ཡིད་དུ་འོང་བའི་འོད་དང་། ཀུན་ནས་ཡིད་དུ་འོང་བའི་སྨན་སྟོན་པ་སྒྲུབ་པའི་དཔལ་དང་། དགའ་

བའི་མིག་བཟང་པོས་ཚིམ་པར་བྱེད་པ་དང་། ཡུལ་རྒྱ་ཆེན་པོའི་ཕྱོགས་ཀུན་ནས་བྱུང་བའི་དཔལ་དང་། སྙིང་རྗེ་རྒྱ་ཆེན་པོའི་གཟི་བརྗིད་ཀྱི་འོད་དང་། སྣང་བ་རྒྱ་ཆེན་པོའི་དགེ་བའི་རྩ་བ་དང་མི་འབྲལ་བའི་འོད་དང་། ཉིན་མོའི་ལྷ་མེ་ཏོག་གི་ཕྲེང་བ་ཀུན་ནས་འཕྱང་བའི་དཔལ་

เล่ม ๓๕ · หน้า 8b

དང་། དེ་དག་ལ་སོགས་པ་ཉིན་མོའི་ལྷ་གཞལ་དུ་མེད་པ་ཀུན་ཀྱང་མོས་པའི་ཆོས་གཞལ་དུ་མེད་པའི་རྒྱན་ལ་རབ་ཏུ་བརྩོན་པ་ཤ་སྟག་དང་ཐབས་གཅིག་གོ །ལྷ་མ་ཡིན་གྱི་དབང་པོ་མཐའ་ཡས་པ་དག་དང་ཡང་ཐབས་གཅིག་སྟེ། འདི་ལྟར་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་དང་།

ལྷ་མ་ཡིན་གྱི་དབང་པོ་ཐག་ཟངས་རིས་དང་། ལྷ་མ་ཡིན་གྱི་དབང་པོ་བདེ་བའི་མཆོག་དང་། ལྷ་མ་ཡིན་གྱི་དབང་པོ་མཚོན་ཅ་ཆེན་པོ་དང་། ལྷ་མ་ཡིན་གྱི་དབང་པོ་སྟོབས་ཅན་དང་། ལྷ་མ་ཡིན་གྱི་དབང་པོ་རྣམ་པར་སྣང་བ་དང་། ལྷ་མ་ཡིན་གྱི་དབང་པོ་རྡོ་རྗེ་སྲ་བ་སྣ་ཚོགས་ཀྱི་ཡན་ལག་

དང་། ལྷ་མ་ཡིན་གྱི་དབང་པོ་སྟོབས་རྒྱ་ཆེན་པོའི་རྒྱུའི་བློ་གྲོས་དང་། ལྷ་མ་ཡིན་གྱི་དབང་པོ་དཔལ་གྱི་བེའུ་རབ་ཏུ་འབྱུང་བ་དང་། ལྷ་མ་ཡིན་གྱི་དབང་པོ་བརྟུལ་ཞུགས་བཟང་པོའི་དབྱངས་དང་། དེ་དག་ལ་སོགས་པ་ལྷ་མ་ཡིན་གྱི་དབང་པོ་ཀུན་ཀྱང་སྒྱུ་དང་། ང་རྒྱལ་དང་ཀུན་ནས་ཉོན་

མོངས་པ་རབ་ཏུ་ཞི་བར་བྱ་བ་ལ་བརྩོན་པ་ཤ་སྟག་དང་ཐབས་གཅིག་གོ །ནམ་མཁའ་ལྡིང་གི་དབང་པོ་བསམ་གྱིས་མི་ཁྱབ་པ་དག་དང་ཡང་ཐབས་གཅིག་སྟེ། འདི་ལྟར་ནམ་མཁའ་ལྡིང་གི་དབང་པོ་མཐུ་སྟོབས་ཆེན་པོའི་ཤུགས་དང་། ནམ་མཁའ་ལྡིང་གི་དབང་པོ་མྱི་ཤིགས་པའི་སེམས་

ཅན་རིན་ཆེན་གཙུག་ཕུད་དང་། ནམ་མཁའ་ལྡིང་གི་དབང་པོ་ཤུགས་དྲི་མ་མེད་པའི་དཔལ་དང་། ནམ་མཁའ་ལྡིང་གི་དབང་པོ་ཕྱིར་མི་ལྡོག་པའི་སེམས་ཀྱི་རྒྱན་དང་། ནམ་མཁའ་ལྡིང་གི་དབང་པོ་རྒྱ་མཚོ་ཆེན་པོའི་འོད་ཀྱི་ཚུལ་འཆང་བ་དང་། ནམ་མཁའ་ལྡིང་གི་དབང་པོ་ཆོས་

བརྟེན་པ་དྲི་མ་མེད་པའི་འོད་དང་། ནམ་མཁའ་ལྡིང་གི་དབང་པོ་ཅོད་པན་སྣ་ཚོགས་དཔལ་གྱི་གཙུག་ཕུད་དང་། ནམ་མཁའ་ལྡིང་གི་དབང་པོ་བཞིན་ཀུན་ཏུ་ཁྱབ་པར་སྟོན་པའི་ཤུགས་དང་། ནམ་མཁའ་ལྡིང་གི་དབང་པོ་དགེ་བ་རྒྱ་མཚོ་ཀུན་ནས་ལྟ་བ་དང་། ནམ་མཁའ་ལྡིང་གི་

དབང་པོ་ཀླུའི་སྒྲ་ཡངས་པ་ཀུན་ཏུ་ལྟ་བའི་དཀྱིལ་འཁོར་དང་། དེ་དག་ལ་སྩོགས་པ་ནམ་མཁའ་ལྡིང་གི་དབང་པོ་མཐའ་ཡས་པ་ཀུན་ཀྱང་སེམས་ཅན་ཐམས་ཅད་ཡོངས་སུ་བསྡུ་བའི་ཐབས་ཡངས་པ་རབ་ཏུ་ཐོབ་པ་ཤ་སྟག་དང་ཐབས་གཅིག་གོ །མི་འམ་ཅིའི་དབང་

เล่ม ๓๕ · หน้า 9a

པོ་དུ་མ་དག་དང་ཡང་ཐབས་གཅིག་སྟེ། འདི་ལྟར་མི་འམ་ཅིའི་དབང་པོ་ལྷའི་བློ་གྲོས་འོད་དང་། མི་འམ་ཅིའི་དབང་པོ་མེ་ཏོག་དཔལ་གྱི་དཀྱིལ་འཁོར་དང་། མི་འམ་ཅིའི་དབང་པོ་རྒྱན་རྣམ་པ་སྣ་ཚོགས་དང་། མི་འམ་ཅིའི་དབང་པོ་ང་རོ་ཡིད་དུ་འོང་བའི་

དབྱངས་དང་། མི་འམ་ཅིའི་དབང་པོ་ཤིང་རིན་པོ་ཆེའི་ཡལ་གའི་འོད་དང་། མི་འམ་ཅིའི་དབང་པོ་མཐོང་ན་དགའ་ཞིང་སྤྲོ་བར་བྱེད་པ་དང་། མི་འམ་ཅིའི་དབང་པོ་རྒྱན་གྱི་དཔལ་གྱི་འོད་དང་། མི་འམ་ཅིའི་དབང་པོ་མེ་ཏོག་ཚོན་དབང་པོའི་རྒྱལ་མཚན་དང་། མི་འམ་ཅིའི་དབང་པོ་སའི་

གཞིའི་དཔལ་དང་། མི་འམ་ཅིའི་དབང་པོ་དྲག་ཤུལ་གྱི་བདག་པོ་དང་། དེ་དག་ལ་སྩོགས་པ་མི་འམ་ཅིའི་དབང་པོ་དུ་མ་ཀུན་ཀྱང་ཆོས་ཐམས་ཅད་ལ་དགའ་བས་རྩེ་བ་ཡང་དག་པར་བསྐྱེད་པ་ལ་རབ་ཏུ་བརྩོན་པ་ཤ་སྟག་དང་ཐབས་གཅིག་གོ །ལྟོ་འཕྱེ་ཆེན་པོའི་དབང་པོ་འཕྲུལ་པོ་ཆེ་

ས་མཚམས་མེད་པ་དང་ཡང་ཐབས་གཅིག་སྟེ། འདི་ལྟར་ལྟོ་འཕྱེ་ཆེན་པོའི་དབང་པོ་བློ་གྲོས་བཟང་པོའི་གཟི་བརྗིད་དང་། ལྟོ་འཕྱེ་ཆེན་པོའི་དབང་པོ་གཟི་བརྗིད་ཀྱི་དབྱངས་ལ་རྡུལ་མྱེད་པ་དང་། ལྟོ་འཕྱེ་ཆེན་པོའི་དབང་པོ་བློ་གྲོས་སྣ་ཚོགས་མཆོག་གི་གཙུག་ཕུད་དང་།

ལྟོ་འཕྱེ་ཆེན་པོའི་དབང་པོ་མིག་བཟང་པོའི་བདག་པོ་དང་། ལྟོ་འཕྱེ་ཆེན་པོའི་དབང་པོ་སྒྲོན་མའི་སྐྱབས་ཀྱི་རྒྱལ་པོ་དང་། ལྟོ་འཕྱེ་ཆེན་པོའི་དབང་པོ་སྣང་བ་ཤུགས་བཟང་པོའི་རྒྱལ་མཚན་དང་། ལྟོ་འཕྱེ་ཆེན་པོའི་དབང་པོ་སེང་གེའི་ཕྲུ་གུ་དང་། ལྟོ་འཕྱེ་ཆེན་པོའི་དབང་པོ་རྒྱན་སྣ་

ཚོགས་ཀྱི་དབྱངས་དང་། ལྟོ་འཕྱེ་ཆེན་པོའི་དབང་པོ་རི་རབ་ཀྱི་བུ་དང་། ལྟོ་འཕྱེ་ཆེན་པོའི་དབང་པོ་འོད་ཡིད་དུ་འོང་བ་འབྱུང་བ་དང་། དེ་དག་ལ་སྩོགས་པ་ལྟོ་འཕྱེ་ཆེན་པོའི་དབང་པོས་མཚམས་མེད་པ་ཀུན་ཀྱང་། སེམས་ཅན་གྱི་གཏི་མུག་གི་དྲ་བ་ཆེན་པོ་བསྩལ་བ་ལ་རབ་ཏུ་

བརྩོན་པ་ཤ་སྟག་དང་ཐབས་གཅིག་གོ །དྲི་ཟའི་བདག་པོ་ཚད་མེད་པ་དག་དང་ཡང་ཐབས་གཅིག་སྟེ། འདི་ལྟར་དྲི་ཟའི་རྒྱལ་པོ་གནས་སྲུང་པོ་དང་། དྲི་ཟའི་རྒྱལ་པོ་ཤིང་མི་འམ་ཅིའི་འོད་དང་། དྲི་ཟའི་རྒྱལ་པོ་མིག་གཙང་མ་དགའ་བ་རབ་ཏུ་སྐྱེ་བ་དང་། དྲི་ཟའི་རྒྱལ་པོ་མེ་

เล่ม ๓๕ · หน้า 9b

ཏོག་དང་། ཤིང་ཤིན་ཏུ་རྒྱས་པའི་ཅོད་པན་དང་། དྲི་ཟའི་རྒྱལ་པོ་དགའ་བས་སྤྱོད་པ་ཀུན་ཏུ་སྒྲོག་པ་དང་། དྲི་ཟའི་རྒྱལ་པོ་རབ་ཏུ་དགའ་བ་རྒྱུན་ཏུ་གནས་པའི་མྱིག་བཟང་པོ་དང་། དྲི་ཟའི་རྒྱལ་པོ་ཡིད་དུ་འོང་བའི་དབྱངས་སེང་གེའི་རྒྱལ་མཚན་དང་། དྲི་ཟའི་རྒྱལ་པོ་འོད་ཟེར་ཀུན་ཏུ་

འགྱེད་པའི་འོད་དང་། དྲི་ཟའི་རྒྱལ་པོ་རྡོ་རྗེའི་ཤིང་གི་ཡལ་གའི་རྒྱལ་མཚན་དང་། དྲི་ཟའི་རྒྱལ་པོ་རྒྱན་ཐམས་ཅད་ལ་དགའ་བའི་རང་བཞིན་གྱི་ཚུལ་སྟོན་པ་དང་། དེ་དག་ལ་སྩོགས་པ་དྲི་ཟའི་རྒྱལ་པོ་ཚད་མེད་པ་ཀུན་ཀྱང་། མོས་པ་དང་དགའ་བ་ཆེན་པོ་ལ་རབ་ཏུ་བརྩོན་པ་ཤ་སྟག་

དང་ཐབས་གཅིག་གོ །གྲུལ་བུམ་གྱི་བདག་པོ་ཚད་མེད་པ་དག་དང་ཡང་ཐབས་གཅིག་སྟེ། འདི་ལྟར་གྲུལ་བུམ་གྱི་དབང་པོ་འཕགས་སྐྱེས་པོ་དང་། གྲུལ་བུམ་གྱི་དབང་པོ་ཀླུ་བདག་དང་། གྲུལ་བུམ་གྱི་དབང་པོ་ལེགས་པར་སྤྱོད་པའི་རྒྱལ་མཚན་དང་། གྲུལ་བུམ་གྱི་

དབང་པོ་ཕན་པར་སྤྱོད་པར་འཕར་བ་དང་། གྲུལ་བུམ་གྱི་དབང་པོ་འཇིགས་པ་ལས་སྒྲོལ་སྒྲོལ་བ་དང་། གྲུལ་བུམ་གྱི་དབང་པོ་ས་ལ་སྣ་ཚོགས་བཟང་པོ་དང་། གྲུལ་བུམ་གྱི་དབང་པོ་རི་རབ་ལེགས་པར་བྱུང་བ་དང་། གྲུལ་བུམ་གྱི་དབང་པོ་སྡེ་དཔའ་བ་དང་།

གྲུལ་བུམ་གྱི་དབང་པོ་དགེ་བའི་མིག་གི་འོད་ཟེར་མཐའ་ཡས་པ་དང་། གྲུལ་བུམ་གྱི་དབང་པོ་ལྷ་དང་ལྷ་མ་ཡིན་སྒོ་མཐའ་ཡས་པའི་མིག་དང་། དེ་དག་ལ་སྩོགས་པ་གྲུལ་བུམ་གྱི་དབང་པོ་ཚད་མྱེད་པ་ཀུན་ཀྱང་ཆགས་པ་མེད་པའི་ཆོས་སྣང་བ་མངོན་པར་བསྒྲུབ་པ་ལ་རབ་ཏུ་

བརྩོན་པ་ཤ་སྟག་དང་ཐབས་གཅིག་གོ །ཀླུའི་བདག་པོ་མཐའ་ཡས་པ་དག་དང་ཡང་ཐབས་གཅིག་སྟེ། འདི་ལྟར་ཀླུའི་དབང་པོ་མིག་མྱི་བཟང་དང་། ཀླུའི་དབང་པོ་རྒྱ་མཚོ་དང་། ཀླུའི་དབང་པོ་སྤྲིན་སྒྲ་སྣ་ཚོགས་ཀྱི་རྒྱལ་མཚན་དང་། ཀླུའི་དབང་པོ་འོད་འཕྲོ་བའི་སྒོ་

རྒྱ་མཚོ་རབ་ཏུ་སྣང་བ་དང་། ཀླུའི་དབང་པོ་ཀུན་ནས་རིའི་སྤྲིན་གྱི་རྒྱལ་མཚན་དང་། ཀླུའི་དབང་པོ་འཇོག་པོ་དང་། ཀླུའི་དབང་པོ་མཐའ་ཡས་པར་འགྲོ་བ་དང་། ཀླུའི་དབང་པོ་མཛོད་སྤུའི་གཟི་བརྗིད་དྲི་མ་མྱེད་པའི་ཤུགས་དང་། ཀླུའི་དབང་པོ་ཀུན་ཏུ་སྤྱོད་པ་རྒྱ་ཆེན་པོའི་དབྱངས་

เล่ม ๓๕ · หน้า 10a

དང་། ཀླུའི་དབང་པོ་མ་དྲོས་པ་དང་། དེ་དག་ལ་སོགས་པ་ཀླུའི་དབང་པོ་མཐའ་ཡས་པ་ཀུན་ཀྱང་སེམས་ཅན་གྱི་ཉོན་མོངས་པས་གདུང་བའི་ཚ་བ་ཆེན་པོ་ཆར་པའི་སྤྲིན་གྱིས་ཤིན་ཏུ་ཞི་བར་བྱ་བ་ལ་རབ་ཏུ་བརྩོན་པ་ཤ་སྟག་དང་ཐབས་གཅིག་གོ །གནོད་སྦྱིན་གྱི་བདག་

པོ་ཀུན་ཏུ་མཐའ་ཡས་པ་དག་དང་ཡང་ཐབས་གཅིག་སྟེ། འདི་ལྟར་གནོད་སྦྱིན་གྱི་དབང་པོ་ངལ་བསོ་པོ་དང་། གནོད་སྦྱིན་གྱི་དབང་པོ་དབྱངས་ཆེན་དབང་ཕྱུག་དང་། གནོད་སྦྱིན་གྱི་དབང་པོ་ས་ལ་ཤིན་ཏུ་གཏུམ་པའི་མཚོན་ཆ་དང་། གནོད་སྦྱིན་གྱི་དབང་པོ་བློ་གྲོས་ཆེན་པོ་དང་། གནོད་

སྦྱིན་གྱི་དབང་པོ་མིག་འོད་འཕྲོ་བའི་བདག་པོ་དང་། གནོད་སྦྱིན་གྱི་དབང་པོ་མིག་རྡོ་རྗེ་ལྟར་བརྟན་པ་དང་། གནོད་སྦྱིན་གྱི་དབང་པོ་སྡེ་མཆོག་ཏུ་དཔའ་བ་དང་། གནོད་སྦྱིན་གྱི་དབང་པོ་སྡེའི་རྒྱན་ཆེན་པོས་རབ་ཏུ་གནོན་པ་དང་། གནོད་སྦྱིན་གྱི་དབང་པོས་དགེ་བའི་ཚོགས་དང་། གནོད་སྦྱིན་གྱི་

དབང་པོ་རི་བོའི་སྟོབས་རབ་ཏུ་འཇོམས་པ་དང་། དེ་དག་ལ་སྩོགས་པ་གནོད་སྦྱིན་གྱི་དབང་པོ་ཀུན་ཏུ་མཐའ་ཡས་པ་ཀུན་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། ཡོངས་སུ་བསྲུང་བར་རབ་ཏུ་བརྩོན་པ་ཤ་སྟག་དང་ཐབས་གཅིག་གོ །ཟླ་བའི་རིས་སུ་གཏོགས་པའི་ལྷ་དུ་མ་དག་དང་ཡང་

ཐབས་གཅིག་སྟེ། འདི་ལྟར་ལྷའི་བུ་ཟླ་བ་དང་། ལྷའི་བུ་འོད་ཀྱི་མེ་ཏོག་རྒྱལ་པོའི་གཙུག་ཕུད་དང་། ལྷའི་བུ་དཔལ་གྱི་ཚོགས་སྣ་ཚོགས་ཀྱི་རྒྱན་གྱི་འོད་དང་། ལྷའི་བུ་འཇིག་རྟེན་དགའ་བའི་བདེ་བ་སྣ་ཚོགས་དང་། ལྷའི་བུ་ཤིང་གི་དབང་པོའི་མྱིག་གི་འོད་དང་། ལྷའི་བུ་

འོད་བཟང་པོ་སྟོན་པ་དང་། ལྷའི་བུ་ཀུན་ནས་སྤྱོད་པ་མི་སྒུལ་བའི་འོད་དང་། ལྷའི་བུ་སྐར་མའི་རྒྱལ་པོའི་བདག་པོ་དང་། ལྷའི་བུ་བློ་དྲི་མ་མྱེད་པའི་ཟླ་བ་དང་། ལྷའི་བུ་གཟི་བརྗིད་ཆེན་པོའི་འོད་ཟེར་མཛེས་པ་དང་། དེ་དག་ལ་སྩོགས་པ་ལྷའི་བུ་ཟླ་བའི་རིས་སུ་གཏོགས་པ་དུ་མ་ཀུན་ཀྱང་།

སེམས་ཅན་ཐམས་ཅད་ཀྱི་སེམས་རིན་པོ་ཆེ་སྣང་བར་བྱ་བ་ལ་བརྩོན་པ་ཤ་སྟག་དང་ཐབས་གཅིག་གོ །ཉི་མའི་རིས་སུ་གཏོགས་པའི་ལྷའི་བུ་མུ་མེད་པ་དག་དང་ཡང་ཐབས་གཅིག་སྟེ། འདི་ལྟར་ལྷའི་བུ་ཉི་མ་དང་། ལྷའི་བུ་གཟི་བརྗིད་ཀྱི་འོད་ཟེར་འབར་བའི་མིག་དང་། རི་བོའི་རྒྱལ་མཚན་

เล่ม ๓๕ · หน้า 10b

གྱི་འོད་དང་། རིན་ཆེན་དྲི་མེད་རྨད་དུ་བྱུང་བ་དང་། ཕྱིར་མི་ལྡོག་པར་རབ་ཏུ་གནོན་པ་དང་། མེ་ཏོག་གི་ཕྲེང་བའི་འོད་ཀྱི་དཔལ་དང་། འོད་ཀྱི་དཔལ་སྣང་བའི་རྒྱལ་མཚན་དང་རིན་ཆེན་གཙུག་ཕུད་རྣམ་པར་སྣང་བ་དང་མིག་ཀུན་ཏུ་སྣང་བ་དང་། སའི་དཔལ་གྱི་བེའུ་འཛིན་པ་དང་། ལྷའི་བུ་སྒོ་ཐམས་ཅད་དུ་སྐྱོམ་

པའི་དཔལ་གྱི་འོད་དང་། དེ་དག་ལ་སོགས་པ་ལྷའི་བུ་ཉི་མའི་རིས་སུ་གཏོགས་པ་མུ་མེད་པ་ཀུན་ཀྱང་དགེ་བའི་རྩ་བ་ཤིན་ཏུ་སྦྱངས་པ་འགྲོ་བ་ཐམས་ཅད་ལ་ཕན་པ་རབ་ཏུ་བརྩོན་པ་ཤ་སྟག་དང་ཐབས་གཅིག་གོ །སུམ་ཅུ་རྩ་གསུམ་གྱི་རིས་སུ་གཏོགས་པ་བརྒྱ་བྱིན་ལྷའི་དབང་པོ་ལ་སོགས་པ་ཚད་མེད་

པ་དག་དང་ཡང་ཐབས་གཅིག་སྟེ། འདི་ལྟར་ལྷའི་དབང་པོ་བརྒྱ་བྱིན་དང་། ལྷའི་བུ་སྒྲ་ཀུན་ཏུ་གྲགས་པའི་དབང་ཕྱུག་དཀྱིལ་འཁོར་དང་། བྱམས་པར་ལྟ་བའི་གཙུག་ཕུད་དང་། རིན་པོ་ཆེའི་འོད་ཀུན་ཏུ་གྲགས་པའི་རྒྱལ་མཚན་དང་། དགའ་བདེ་འབྱུང་བའི་གཙུག་ཕུད་དང་། དྲན་

པ་ཡིད་དུ་འོང་བ་དང་། རི་བོའི་སྒྲའི་དཔལ་དང་། དྲན་པ་དང་ལྡན་པ་དང་། མེ་ཏོག་དྲི་མ་མེད་ཅིང་ཡིད་དུ་འོང་བའི་འོད་དང་། ཡེ་ཤེས་ཉི་མའི་མིག་དང་། ལྷའི་བུ་ཡང་དག་པར་བསྐུལ་བའི་འོད་ཀྱི་དབང་ཕྱུག་དང་། དེ་དག་ལ་སོགས་པ་སུམ་ཅུ་རྩ་གསུམ་གྱི་རིས་སུ་གཏོགས་པའི་ལྷའི་བུ་ཚད་

མེད་པ་ཀུན་ཀྱང་ཆོས་རྒྱ་ཆེན་པོའི་རང་བཞིན་དང་། འགྲོ་བ་ཐམས་ཅད་དུ་སྐྱེས་ཤིང་ཡང་དག་པར་བསྐུལ་བ་ལ་རབ་ཏུ་བརྩོན་པ་ཤ་སྟག་དང་ཐབས་གཅིག་གོ །རབ་མཚེ་མ་ལ་སོགས་པ་མཚེ་མའི་ལྷའི་རྒྱལ་པོ་གྲངས་མེད་པ་དག་དང་ཡང་ཐབས་གཅིག་སྟེ། འདི་ལྟར་ལྷའི་རྒྱལ་པོ་རབ་མཚེ་

མ་དང་། དགའ་བ་བདེ་བའི་འོད་དང་། བློ་གྲོས་མི་ཟད་པའི་ཡོན་ཏན་དཔལ་དང་། འབྱུང་བ་བཟང་ཞིང་དགེ་བ་དང་། ས་དང་རི་བོའི་འོད་དང་། བསམ་གྱིས་མི་ཁྱབ་པའི་བློ་གྲོས་དང་། འཁོར་ལོའི་གཙུག་དང་། གཟི་བརྗིད་འོད་འཕྲོ་བ་དང་། འོད་རྣམ་པར་སྣང་བ་དང་། ལྷའི་རྒྱལ་པོ་

གྲགས་པའི་ཕྱོགས་སུ་རྣམ་པར་ལྟ་བ་དང་། དེ་དག་ལ་སོགས་པ་མཚེ་མའི་ལྷའི་རྒྱལ་པོ་གྲངས་མེད་པ་ཀུན་ཀྱང་དགའ་བ་དང་སྤྲོ་བ་རྒྱ་ཆེན་པོ་མངོན་པར་བསྒྲུབ་པ་ལ་རབ་ཏུ་བརྩོན་པ་ཤ་སྟག་དང་ཐབས་གཅིག་གོ །ལྷའི་རྒྱལ་པོ་རབ་དགའ་ལྡན་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་དག་དང་

เล่ม ๓๕ · หน้า 11a

ཡང་ཐབས་གཅིག་སྟེ། འདི་ལྟར་ལྷའི་རྒྱལ་པོ་རབ་དགའ་ལྡན་དང་། དགའ་བ་རྒྱ་མཚོའི་གཙུག་ཕུད་དང་། ཡོན་ཏན་མཆོག་གི་རྒྱལ་མཚན་དང་། འོད་ཟེར་ཞི་བའི་འོད་དང་། རབ་ཏུ་དགའ་བའི་མིག་དང་། རིན་ཆེན་འོད་ཟེར་ཟླ་བ་དང་། རྣམ་པར་གནོན་པས་རབ་ཏུ་

བརྩོན་པ་དང་། རྡོ་རྗེའི་མདོག་གི་འོད་བཟང་པོ་དང་། སྐར་མས་རྒྱན་པའི་དཔལ་དང་། ལྷའི་བུ་དགའ་བ་བཟང་པོ་སྣ་ཚོགས་དང་། དེ་དག་ལ་སོགས་པ་དགའ་ལྡན་གྱི་ལྷའི་རྒྱལ་པོ་བསམ་གྱིས་མི་ཁྱབ་པ་ཀུན་ཀྱང་། སངས་རྒྱས་གཅིག་ནས་གཅིག་ཏུ་འབྱུང་བ་ཐམས་ཅད་རྗེས་སུ་དྲན་པར་ཡིད་ལ་བྱ་

བ་ལ་རབ་ཏུ་བརྩོན་པ་ཤ་སྟག་དང་ཐབས་གཅིག་གོ །འཕྲུལ་དགའི་ལྷའི་རྒྱལ་པོ་མུ་མེད་པ་དག་དང་ཡང་ཐབས་གཅིག་སྟེ། འདི་ལྟར་ལྷའི་རྒྱལ་པོ་རབ་འཕྲུལ་དགའ་དང་། སྒྲས་ཞི་བའི་འོད་དང་། སྟོབས་ཀྱི་འཕྲུལ་པའི་སྒྲའི་འོད་དང་། དབང་ཆེན་སྣ་ཚོགས་དང་། སྤྲིན་སྒྲ་ཤིན་ཏུ་

འཕགས་པ་དང་། སྣང་བའི་སྤྱོད་པའི་དཔལ་དང་། གཙུག་ཕུད་ཡིད་དུ་འོང་བའི་འོད་དང་། དགའ་བའི་བློ་གྲོས་དང་། མེ་ཏོག་འོད་ཀྱི་གཙུག་ཕུད་དང་། ལྷའི་རྒྱལ་པོ་ཕྱོགས་ཤིན་ཏུ་སྣང་བ་དང་། དེ་དག་ལ་སོགས་པ་འཕྲུལ་དགའི་ལྷའི་རྒྱལ་པོ་མུ་མེད་པ་ཀུན་ཀྱང་རྣམ་པར་ཐར་པ་

རབ་ཏུ་ཞི་བས་སེམས་ཅན་ཐམས་ཅད་གདུལ་བ་ལ་རབ་ཏུ་བརྩོན་པ་ཤ་སྟག་དང་ཐབས་གཅིག་གོ །ལྷའི་རྒྱལ་པོ་དབང་སྒྱུར་ལ་སོགས་པ་བགྲང་དུ་མེད་པ་དག་དང་ཡང་ཐབས་གཅིག་སྟེ། འདི་ལྟར་ལྷའི་རྒྱལ་པོ་དབང་སྒྱུར་དང་། ལྷའི་རྒྱལ་པོ་མིག་བཟང་པོའི་བློ་གྲོས་དང་། ཅོད་པན་སྣ་ཚོགས་

ཀྱི་རྒྱལ་མཚན་དང་། བརྩོན་པའི་བློ་གྲོས་དང་། གོ་འཕང་རྣམ་པར་གནོན་པའི་སྒྲ་དབྱངས་སྣ་ཚོགས་དང་། འོད་ཡིད་དུ་འོང་བའི་རྒྱལ་མཚན་དང་། སྤྱོད་ཡུལ་ཞི་བའི་སྒོ་དང་། འཁོར་ལོའི་རི་མོ་བཟང་པོའི་རྒྱལ་མཚན་དང་། མེ་ཏོག་བློ་གྲོས་སེང་གེའི་དབང་ཕྱུག་དང་། ལྷའི་རྒྱལ་

པོ་དབང་པོའི་སྟོབས་རི་མོ་བཟང་པོའི་འོད་དང་། དེ་དག་ལ་སོགས་པ་དབང་སྒྱུར་གྱི་ལྷའི་རྒྱལ་པོ་བགྲང་དུ་མེད་པ་ཀུན་ཀྱང་། ཆོས་ཀྱི་དབང་རྒྱ་ཆེན་པོ་ལ་རབ་ཏུ་བརྩོན་པ་ཤ་སྟག་དང་ཐབས་གཅིག་གོ །བསམ་གྱིས་མི་ཁྱབ་པའི་ཚངས་པ་ཆེན་པོ་དག་དང་ཡང་ཐབས་གཅིག་སྟེ།

เล่ม ๓๕ · หน้า 11b

འདི་ལྟར་ཚངས་པ་ཆེན་པོ་རབ་ཏུ་སྣང་བ་དང་། བློ་གྲོས་ཀྱི་འོད་དང་། བློ་གྲོས་བཟང་པོའི་སེམས་སྣང་བ་དང་། ཀུན་ཏུ་དབྱངས་ཀྱི་སྤྲིན་དང་། འཇིག་རྟེན་དབང་པོའི་སྒྲ་དང་། མིག་རབ་ཏུ་ཞི་ཞིང་འོད་ཤིན་ཏུ་ཟབ་པ་དང་། ཕྱོགས་སུ་སྣང་བ་འགྱེད་པ་དང་། སྤྲུལ་པའི་སྒྲ་དབྱངས་དང་།

མིག་གི་འོད་ཟེར་མངོན་པར་སྣང་བ་དང་། ཚངས་པ་ཆེན་པོ་དབྱངས་རྒྱ་མཚོ་ཡིད་དུ་འོང་བ་དང་། དེ་དག་ལ་སོགས་པ་ཚངས་པ་ཆེན་པོ་བསམ་གྱིས་མི་ཁྱབ་པ་ཀུན་ཀྱང་། སེམས་ཅན་ཐམས་ཅད་ཀྱི་སེམས་སྣང་བར་བྱ་བ་དང་། སིམ་པར་བྱ་བ་ལ་བྱམས་པ་ཆེན་པོ་ལ་གནས་པ་ཤ་སྟག་

དང་ཐབས་གཅིག་གོ །ལྷའི་བུ་གྱ་ནོམ་སྣང་བའི་རིས་སུ་གཏོགས་པ་ཚད་མེད་པ་དག་དང་ཡང་ཐབས་གཅིག་སྟེ། འདི་ལྟར་ལྷའི་བུ་སྣང་བས་དགའ་བ་དང་། དགེ་བ་སྣ་ཚོགས་ཀྱི་འོད་དང་། དབང་པོའི་དབྱངས་དང་། དྲན་པའི་བློ་དམ་པ་དང་། དགའ་བ་སྣ་ཚོགས་རྣམ་པར་དག་

པའི་དབྱངས་དང་། ལེགས་པར་བསམ་པའི་དབྱངས་དང་། འོད་འགྱེད་པའི་དབྱངས་རྣམ་པར་སྣང་བ་དང་། དབྱངས་ཟབ་མོའི་འོད་དང་། གྲགས་པ་དྲི་མ་མེད་པའི་འོད་དང་། ལྷའི་བུ་འོད་དྲི་མ་མེད་པས་ཤིན་ཏུ་འཕགས་པ་དང་། དེ་དག་ལ་སོགས་པ་གྱ་ནོམ་སྣང་བའི་རིས་སུ་གཏོགས་

པའི་ལྷའི་བུ་ཚད་མེད་པ་ཀུན་ཀྱང་ཞི་བ་དང་དགའ་བ་རྒྱ་ཆེན་པོའི་རྣམ་པར་ཐར་པ་ལ་གནས་པ་ཤ་སྟག་དང་ཐབས་གཅིག་གོ །དགེ་རྒྱས་ཀྱི་ལྷའི་བུ་གྲངས་མེད་པ་དག་དང་ཡང་ཐབས་གཅིག་སྟེ། འདི་ལྟར་ལྷའི་བུ་དགེ་བར་གྲགས་པའི་བློ་གྲོས་དང་མཆོག་ཏུ་སྣང་བ་དང་། རབ་ཏུ་ཞི་བའི་དཔལ་དང་།

དབྱངས་ཀྱི་རི་བོ་དང་། དྲན་པ་དགེ་བའི་མིག་དང་། དགའ་བ་དམ་པ་རྣམ་པར་སྣང་བ་དང་། འཇིག་རྟེན་དབྱངས་ཀྱི་བློ་གྲོས་དང་། གཟི་བརྗིད་འབར་བའི་བདག་པོ་དང་། ཆོས་ཀྱི་དགའ་བས་འཕྲུལ་པའི་སེམས་དང་། འཕྲུལ་པས་ཤིན་ཏུ་འཕགས་པ་དང་། དེ་དག་ལ་སོགས་པ་དགེ་

རྒྱས་ཀྱི་རིས་སུ་གཏོགས་པའི་ལྷའི་བུ་གྲངས་མེད་པ་ཀུན་ཀྱང་སྒོ་ཡངས་པ་ལ་གནས་པས་འགྲོ་བར་འབྱུང་ཞིང་རྣམ་པར་འདུལ་བ་ལ་རབ་ཏུ་བརྩོན་པ་ཤ་སྟག་དང་ཐབས་གཅིག་གོ །ལྷའི་བུ་འབྲས་བུ་ཆེན་པོའི་རིས་སུ་གཏོགས་པ་ཚད་མྱེད་པ་དག་དང་ཡང་ཐབས་གཅིག་སྟེ། འདི་ལྟར་ལྷའི་

เล่ม ๓๕ · หน้า 12a

བུ་ཆོས་ཀྱི་དཔལ་གཟི་བརྗིད་དགའ་བ་དང་། དྲི་མེད་སྣ་ཚོགས་རྒྱ་མཚོ་དང་། ཤེས་རབ་མཆོག་གི་འོད་དང་། ཡེ་ཤེས་དབང་པོའི་དཔལ་དང་། དགའ་བ་ཞི་བ་དང་། སྒོ་ཀུན་ནས་ཤེས་པའི་མྱིག་དང་། དགའ་བའི་གཙུག་གི་བློ་གྲོས་དང་། ཡོན་ཏན་བློ་གྲོས་

བཟང་པོའི་འོད་དང་། འོད་ཞི་ཞིང་དྲི་མ་མེད་པ་དང་། ལྷའི་བུ་སྣང་བ་ཆེན་པོ་དྲི་མ་མེད་པ་དང་། དེ་དག་ལ་སོགས་པ་འབྲས་བུ་ཆེན་པོའི་རིས་སུ་གཏོགས་པའི་ལྷའི་བུ་ཚད་མེད་པ་ཀུན་ཀྱང་ཞི་བའི་ཆོས་ཀྱི་གཞལ་མེད་ཁང་ལ་ཀུན་ནས་རབ་ཏུ་གནས་པ་ཤ་སྟག་དང་ཐབས་གཅིག་གོ །ལྷའི་བུ་

དབང་ཕྱུག་ཆེན་པོའི་རིས་སུ་གཏོགས་པ་གྲངས་མེད་པ་དག་དང་ཡང་ཐབས་གཅིག་སྟེ། འདི་ལྟར་ལྷའི་བུ་ཤིན་ཏུ་འོད་འཕྲོ་རྒྱ་མཚོ་དང་། ལྷའི་བུ་དབང་ཕྱུག་གྲགས་པ་རབ་ཏུ་སྣང་བ་དང་། ལྷའི་བུ་དགེ་བའི་མིག་དྲི་མ་མེད་པ་དང་། ལྷའི་བུ་ཤེས་རབ་ཆེན་པོས་དགའ་ཞིང་སྤྲོ་བ་དང་། ལྷའི་

བུ་འོད་མི་སྒུལ་བའི་དབང་ཕྱུག་དང་། ལྷའི་བུ་མིག་ཤིན་ཏུ་མཉམ་པར་གཞག་པ་དང་། ལྷའི་བུ་སྣང་བ་ཤིན་ཏུ་སེམས་པ་དང་། ལྷའི་བུ་ཡེ་ཤེས་ཆེན་པོས་དགའ་བ་དང་། ལྷའི་བུ་སྣ་ཚོགས་ཀུན་ཏུ་དབྱངས་ཀྱི་རྒྱལ་མཚན་དང་། ལྷའི་བུ་གྲགས་པ་རྣམ་པར་སྣང་བའི་བརྟུལ་ཞུགས་

བཟང་པོ་དང་། དེ་དག་ལ་སོགས་པ་དབང་ཕྱུག་ཆེན་པོའི་རིས་སུ་གཏོགས་པའི་ལྷའི་བུ་གྲངས་མེད་པ་ཀུན་ཀྱང་སྤྱོད་ཡུལ་མཚན་མ་མེད་པའི་མཉམ་པ་ཉིད་ལ་རབ་ཏུ་བརྩོན་པ་ཤ་སྟག་དང་ཐབས་གཅིག་སྟེ། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་དེ་ནི་སེམས་ཅན་གྱི་

རིས་ཐམས་ཅད་ཡང་དག་པར་གཞོལ་བའོ། །སེམས་ཅན་ཡོན་ཏན་མཐའ་ཡས་པ་འདུས་པ་ལས་ཡོངས་སུ་བྱུང་བའོ། །ཕྱོགས་ཀྱི་དབྱིངས་ཀུན་ན་ཤིན་ཏུ་གནས་པའོ། །འཁོར་གྱི་དཀྱིལ་འཁོར་སྣ་ཚོགས་ཀྱི་དབྱིངས་སུ་རྣམ་པར་གནས་པའོ། །ཕན་ཚུན་འདྲེས་པ་མེད་

ཅིང་ཇི་ལྟར་འོངས་པའི་ཕྱོགས་ཀྱི་དབྱིངས་ལ་རབ་ཏུ་གནས་པའོ། །དེ་བཞིན་གཤེགས་པ་བལྟ་བ་ལ་མངོན་པར་ཕྱོགས་པའོ། །ཉོན་མོངས་པའི་བག་ཆགས་དང་། སེམས་ཀྱི་དྲི་མ་ཐམས་ཅད་དང་བྲལ་བའོ། །བསྒྲིབས་པ་ཐམས་ཅད་ཀྱི་རི་རྣམ་པར་འཐོར་བའོ། །སངས་རྒྱས་བལྟ་

เล่ม ๓๕ · หน้า 12b

བ་ལ་སྒྲིབ་པ་མྱེད་པས་སྣང་བར་གྱུར་པ་སྟེ། དེ་ནི་འདི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་སྔོན་བསྐལ་པ་རྒྱ་མཚོ་ནས། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། བསྡུ་བའི་དངོས་པོ་བཞིས་ཡོངས་སུ་བསྡུས་ཏེ། དེ་བཞིན་གཤེགས་པ་དེ་དང་དེ་དག་

གི་དྲུང་དུ་བཞུད་པའི་ཚེ། དགེ་བའི་རྩ་བ་ཡོངས་སུ་བཟུང་ཞིང་ཐབས་ཀྱི་སྒོ་དེ་དག་གིས་ཡོངས་སུ་སྨིན་པར་བྱས་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ལ་བཀོད་ཅིང་། དགེ་བའི་རྩ་བ་ཚད་མེད་པ་རབ་ཏུ་བསྐྱེད་པས་བསོད་ནམས་ཆེན་པོའི་སྟོབས་དང་ཤུགས་རབ་ཏུ་ཐོབ་པ་དག་གོ །སྨོན་

ལམ་གྱི་ཚུལ་རྒྱ་མཚོ་གཞན་དང་གཞན་ལ་རབ་ཏུ་ཞུགས་ཤིང་སྤྱོད་པའི་དཀྱིལ་འཁོར་གཞན་དང་གཞན་ཡོངས་སུ་དག་པས། ཡང་དག་པར་བྱུང་བ་འབྱུང་བའི་ལམ་གཞན་དང་གཞན་གྱིས་ཤིན་ཏུ་འབྱུང་བའི་དེ་བཞིན་གཤེགས་པ་གཞན་དང་གཞན་མཐོང་བས་སྣང་བར་གྱུར་པ་དག་སྟེ། དེ་

དག་ནི་མོས་པའི་སྟོབས་གཞན་དང་གཞན་གྱིས་དེ་བཞིན་གཤེགས་པའི་ཡོན་ཏན་རྒྱ་མཚོ་ལ་འཇུག་གོ །སངས་རྒྱས་བལྟ་བའི་རྣམ་པར་ཐར་པའི་སྒོ་གཞན་དང་གཞན་གྱིས་རྣམ་པར་འཕྲུལ་ལོ། །དེ་ནི་འདི་ལྟ་སྟེ་ལྷའི་བུ་དབང་ཕྱུག་ཆེན་པོའི་རིས་སུ་གཏོགས་པ་ཤིན་ཏུ་འོད་འཕྲོ་རྒྱ་མཚོའི་

རྣམ་པར་ཐར་པ་ནི་ཆོས་ཀྱི་དབྱིངས་དང་། ནམ་མཁའ་ལྟར་ཞི་བའི་ཚུལ་གྱི་མཐུ་ཞེས་བྱའོ། །ལྷའི་བུ་དབང་ཕྱུག་གྲགས་པ་རབ་ཏུ་སྣང་བའི་རྣམ་པར་ཐར་པ་ནི་ཆོས་ཐམས་ཅད་ལ་དབང་བའི་སྟོབས་ལ་ཡང་དག་པར་གཞོལ་ཞིང་ཀུན་ནས་རྗེས་སུ་འགྲོ་བས་རྣམ་པར་སྤྱོད་པ་ཞེས་བྱའོ། །ལྷའི་བུ་

དགེ་བའི་མིག་དྲི་མ་མེད་པའི་རྣམ་པར་ཐར་པ་ནི། ཆོས་ཐམས་ཅད་འབྱུང་བ་མེད་པ་དང་། འགྲོ་བ་མེད་པ་དང་། བརྗོད་དུ་མེད་ཅིང་སྦྱར་བ་མེད་པ་ཞེས་བྱའོ། །ལྷའི་བུ་ཤེས་རབ་ཆེན་པོས་དགའ་ཞིང་སྤྲོ་བའི་རྣམ་པར་ཐར་པ་ནི། ཆོས་ཀྱི་ཚུལ་ཐམས་ཅད་ལ་མངོན་སུམ་དུ་གྱུར་པའི་ཤེས་

རབ་རྒྱ་མཚོས་རྣམ་པར་དཔྱོད་པ་ལ་རབ་ཏུ་སྣང་བ་ཞེས་བྱའོ། །ལྷའི་བུ་འོད་མི་སྒུལ་བའི་དབང་ཕྱུག་གི་རྣམ་པར་ཐར་པ་ནི་སེམས་ཅན་ལ་བསམ་གཏན་གྱི་དགའ་བ་དང་བདེ་བ་མཐའ་ཡས་པ་ལ་མོས་པ་བསྟན་པ་རྒྱ་ཆེན་པོའི་ཚུལ་ཡང་དག་པར་འབྱུང་བ་ཞེས་བྱའོ། །ལྷའི་བུ་མིག་ཤིན་ཏུ་མཉམ་

เล่ม ๓๕ · หน้า 13a

པར་གཞག་པའི་རྣམ་པར་ཐར་པ་ནི། མི་ཤེས་པའི་མུན་ནག་དང་། འཇིགས་པ་རྣམ་པར་ཟློག་པའི་སྤྱོད་པ་རབ་ཏུ་ཞི་བ་ཞེས་བྱའོ། །ལྷའི་བུ་སྣང་བ་ཤིན་ཏུ་སེམས་དཔའི་རྣམ་པར་ཐར་པ་ནི། བསམ་པའི་ཡུལ་མཐའ་ཡས་པའི་ལས་སྲིད་པ་ཐམས་

ཅད་དུ་མི་འབྱུང་བ་ལ་འཇུག་པ་ཞེས་བྱའོ། །ལྷའི་བུ་ཡེ་ཤེས་ཆེན་པོས་དགའ་བའི་རྣམ་པར་ཐར་པ་ནི། ཆོས་ཐམས་ཅད་ཀྱི་ཕྱོགས་སུ་འགྲོ་ཞིང་ཡོངས་སུ་གནོན་པ་དང་། བརྟེན་པའི་ཕྱོགས་ཀྱི་མཐུ་ཞེས་བྱའོ། །ལྷའི་བུ་སྣ་ཚོགས་ཀུན་ཏུ་དབྱངས་ཀྱི་རྒྱལ་མཚན་གྱི་རྣམ་པར་ཐར་

པ་ནི། སངས་རྒྱས་ཀྱི་ཡུལ་རབ་ཏུ་ཞི་བ་ལ་འཇུག་པ། ཀུན་ནས་ཁོང་དུ་ཆུད་པའི་གཙུག་རབ་ཏུ་སྣང་བ་ཞེས་བྱའོ། །ལྷའི་བུ་གྲགས་པ་རྣམ་པར་སྣང་བའི་བརྟུལ་ཞུགས་བཟང་པོའི་རྣམ་པར་ཐར་པ་ནི། རང་གི་གཞལ་མེད་ཁང་དང་། བློའི་ཡུལ་ནས་དམིགས་པ་ཚད་མེད་པའི་སངས་

རྒྱས་ཀྱི་ཡུལ་རྒྱ་ཆེན་པོ་འབྱུང་བ་ཞེས་བྱའོ། །དེ་ནས་དབང་ཕྱུག་ཆེན་པོའི་རིས་སུ་གཏོགས་པའི་ལྷ་ཤིན་ཏུ་འོད་འཕྲོ་རྒྱ་མཚོས་སངས་རྒྱས་ཀྱི་མཐུས་ལྷའི་འཁོར་གྱི་དཀྱིལ་འཁོར་ཡོད་པ་ཐམས་ཅད་ལ་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །མི་ཟད་ཆོས་

ཀྱི་དབྱིངས་ནི་མཐའ་ཡས་ཏེ། །ཀུན་ཀྱང་སངས་རྒྱས་སྐུ་ལ་རབ་ཏུ་གསལ། །དེ་ནི་གཟུགས་མེད་དངོས་མེད་རབ་ཏུ་ཞི། །འགྲོ་བའི་སྐྱབས་སུ་འབྱུང་བ་སྐྱེས་ཤིང་བྱུང་། །ཆོས་ཀྱི་སྒྲོན་མ་སངས་རྒྱས་ཤིན་ཏུ་སྟོན། །ཆོས་ལ་མངའ་རབ་མཛད་པ་འཇིག་རྟེན་བྱུང་། །དེ་ཡི་

སྤྱོད་ཡུལ་མཐའ་ཡས་མི་ཟད་དེ། །དབང་ཕྱུག་གྲགས་པ་འདི་འདྲའི་ཆོས་ལ་འཇུག །བསམ་གྱིས་མི་ཁྱབ་སངས་རྒྱས་སྣང་བ་བྱེད། །དེ་ཡི་མཚན་ཉིད་ཕྱོགས་ན་མྱེད་པ་སྟེ། །རྣམ་དག་ལམ་ནི་སྐྱེ་བོ་དག་ལ་སྟོན། །ཤིན་ཏུ་དྲི་མེད་མིག་གིས་འདི་འདྲ་མཐོང་། །འགྲོ་བ་ཀུན་

གྱིས་བསམ་དུ་མི་ནུས་ཏེ། །རྒྱལ་བའི་ཤེས་རབ་མཐའ་ཡས་གང་མངའ་བ། །གཏི་མུག་བསྒྲིབས་པའི་སེམས་ཅན་རྣམ་པར་སྦྱོང་། །དེ་ལ་ཤེས་རབ་ཆེན་པོ་རྣམ་པར་གནས། །སྐྱེ་དགུ་ཀུན་གྱིས་སངས་རྒྱས་བསམ་མི་ཁྱབ། །མཐོང་བ་ཙམ་གྱིས་ཉོན་མོངས་ཞི་བར་འགྱུར།

เล่ม ๓๕ · หน้า 13b

འགྲོ་བའི་དགའ་བ་རྒྱ་ཆེན་རབ་ཏུ་སྐྱེད། །མི་སྒུལ་དབང་ཕྱུག་ལྷ་ཡིས་དེ་མཐོང་ངོ་། །སེམས་ཅན་རྒྱ་མཚོ་གཏི་མུག་མུན་བསྒྲིབས་ལ། །སངས་རྒྱས་ཆོས་ཉིད་རབ་ཏུ་ཞི་བ་སྟོན། །ཤེས་རབ་སྒྲོན་མ་འགྲོ་བ་འདི་བརྗོད་དེ། །དགེ་བའི་མྱིག་ནི་འདི་ཡི་ཚུལ་ལ་འཇུག །སངས་རྒྱས་

ཀུན་ཀྱང་རྣམ་དག་སྐུ་སྟོན་ཅིང་། །ཐམས་ཅད་ཕྱོགས་སུ་ཤིན་ཏུ་འཕགས་པའི་སྐུ། །དེ་ཡང་དངོས་མེད་འཇིག་རྟེན་མི་གནས་ཏེ། །ཀུན་སྣང་སེམས་དཔའ་འདི་ནི་དེ་ལྟར་བལྟ། །མཐའ་ཡས་ཆགས་མེད་རྒྱལ་བ་རྣམས་ཀྱི་གསུང་། །སྣོད་དུ་གྱུར་པའི་སེམས་ཅན་དེ་དག་ཉན། །

སངས་རྒྱས་རྣམས་ལས་འཕོ་བར་མི་སྣང་སྟེ། །འདི་ནི་ཤེས་པས་དགའ་བའི་རྣམ་ཐར་ཏོ། །ཐམས་ཅད་ཕྱོགས་སྒོ་ཀུན་ནས་སངས་རྒྱས་ཏེ། །མི་ཡི་དབང་པོ་རྣམ་ཐར་ཞི་ལ་བཞུགས། །སངས་རྒྱས་འཇིག་རྟེན་སྣང་ཞིང་རྣམ་པར་མཛེས། །འདི་ནི་སྣ་ཚོགས་རྒྱལ་མཚན་རྣམ་

ཐར་ཏོ། །རྒྱལ་བ་བསྐལ་པ་རྒྱ་མཚོ་མཐའ་ཡས་སུ། །འགྲོ་བ་ཀུན་དོན་རྣམ་པར་བྱང་ཆུབ་ཅིང་། །སྣ་ཚོགས་རྣམ་པར་འཕྲུལ་པས་སེམས་ཅན་འདུལ། །རྣམ་པར་སྣང་བས་རྣམ་ཐར་འདི་མཐོང་ངོ་། །དེ་ལ་ལྷའི་རྒྱལ་པོ་ཆོས་ཀྱི་དཔལ་གཟི་བརྗིད་དགའ་བའི་རྣམ་

པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་དབང་པོ་དང་ཐེ་ཙོམ་རྣམ་པར་བལྟ་བའི་ཆོས་ཀྱི་སྤྲིན་ལ་རབ་ཏུ་གཞོལ་བ་ཞེས་བྱའོ། །ལྷའི་རྒྱལ་པོ་དྲི་མེད་སྣ་ཚོགས་རྒྱ་མཚོའི་རྣམ་པར་ཐར་པ་ནི། སངས་རྒྱས་རྗེས་སུ་དྲན་པའི་རྣམ་པ་ཐམས་ཅད་ཡིད་ལ་བྱེད་པ་སྟོན་པ་སྦྱོར་བ་ཞེས་

བྱའོ། །ལྷའི་རྒྱལ་པོ་ཤེས་རབ་མཆོག་གི་འོད་ཀྱི་རྣམ་པར་ཐར་པ་ནི། ཆོས་ཀྱི་རང་བཞིན་མཉམ་པ་ཉིད་ལ་གནས་པ་ལུས་ཀྱི་རྒྱན་ཅེས་བྱའོ། །ལྷའི་རྒྱལ་པོ་ཡེ་ཤེས་དབང་པོའི་དཔལ་གྱི་རྣམ་པར་ཐར་པ་ནི། འཇིག་རྟེན་གྱི་ཆོས་ཐམས་ཅད་རྣམ་པར་སྒོམ་པའི་སེམས་སྐད་ཅིག་

ཏུ་བསམ་གྱིས་མི་ཁྱབ་རྒྱན་རྒྱ་མཚོ་ལ་རབ་ཏུ་གནས་པ་ཞེས་བྱའོ། །ལྷའི་དབང་པོ་དགའ་བ་ཞི་བའི་རྣམ་པར་ཐར་པ་ནི། སྐྲའི་སྦུབས་གཅིག་ཏུ་སངས་རྒྱས་ཀྱི་ཞིང་བསམ་གྱིས་མི་ཁྱབ་པ་ཡོད་དགུ་འཛུད་པ་ཞེས་བྱའོ། །ལྷའི་རྒྱལ་པོ་སྒོ་ཀུན་ནས་ཤེས་པའི་མིག་གི་རྣམ་

เล่ม ๓๕ · หน้า 14a

པར་ཐར་པ་ནི། ཆོས་ཀྱི་དབྱིངས་ལ་སྒོ་ཀུན་ནས་རྣམ་པར་བལྟ་བས་འཇུག་པ་ཞེས་བྱའོ། །ལྷའི་རྒྱལ་པོ་དགའ་བའི་གཙུག་གི་བློ་གྲོས་ཀྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་སྐྱེ་བ་དང་བྱེད་པ་བསྐལ་པ་མཐའ་ཡས་པ་མངོན་པར་

འབྱིན་པ་ཞེས་བྱའོ། །ལྷའི་རྒྱལ་པོ་ཡོན་ཏན་བློ་གྲོས་བཟང་པོའི་འོད་ཀྱི་རྣམ་པར་ཐར་པ་ནི། དམིགས་པ་ཐམས་ཅད་འཇིག་རྟེན་གྱི་དགོས་པ་ཐམས་ཅད་ཆོས་གཞལ་དུ་མེད་ཅིང་བསམ་གྱིས་མི་ཁྱབ་པས་རྣམ་པར་དཔྱོད་པ་ཞེས་བྱའོ། །ལྷའི་བུ་འོད་ཞི་ཞིང་དྲི་མ་མེད་

པའི་རྣམ་པར་ཐར་པ་ནི། སེམས་ཅན་དང་ཆོས་དང་འབྱུང་བ་ཐམས་ཅད་ཀྱི་སྒོ་ལ་མངོན་སུམ་དུ་ཡང་དག་པར་སྤྱོད་པ་འབྱུང་བ་ཞེས་བྱའོ། །ལྷའི་རྒྱལ་པོ་སྣང་བ་ཆེན་པོ་དྲི་མ་མེད་པའི་རྣམ་པར་ཐར་པ་ནི། སེམས་ཅན་སྣོད་དུ་གྱུར་པ་ཐམས་ཅད་ལ་རྣམ་པར་

བལྟ་ཞིང་སངས་རྒྱས་བསྐྱེད་པའི་ཆོས་ཉིད་ལ་འཇུག་པ་ཞེས་བྱའོ། །དེ་ནས་ལྷའི་རྒྱལ་པོ་ཆོས་དཔལ་རབ་ཏུ་སྣང་བ་ལ་མོས་པས། སངས་རྒྱས་ཀྱི་མཐུས་ཆེ་བ་དང་། ཆུང་ཟད་ཆེ་བ་དང་། ཚད་མེད་ཆེ་བ་དང་། འབྲས་བུ་ཆེ་བའི་ལྷའི་འཁོར་གྱི་དཀྱིལ་འཁོར་

ཡོད་པ་ཐམས་ཅད་ལ་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སངས་རྒྱས་ཡུལ་རྣམས་ཀུན་ཀྱང་བསམ་མི་ཁྱབ། །སེམས་ཅན་ཀུན་ཀྱང་རྟོག་པར་ནུས་པ་མིན། །སེམས་ཅན་མོས་དང་བསམ་པ་ཡངས་པ་ནི། །མི་ཟད་

པ་དག་སངས་རྒྱས་སྐྱེད་པ་མཛད། །སངས་རྒྱས་ལྟ་བར་སེམས་ཅན་སྣོད་གྱུར་ལ། །རྒྱལ་བ་རྣམས་ནི་བྱིན་གྱི་བརླབས་མཛད་དེ། །དེ་དག་རྟག་ཏུ་སངས་རྒྱས་མངོན་སུམ་མཐོང་། །འདི་ལྟར་སྣ་ཚོགས་རྒྱ་མཚོ་མཐོང་བ་ཡིན། །སངས་རྒྱས་ཆོས་ཉིད་

གནས་པ་མེད་པ་དག །འགྲོ་བ་བཀང་ཞིང་སངས་རྒྱས་སྟོན་པ་མཛད། །རྒྱལ་བ་འབྱུང་མེད་གནས་པ་ཡོད་པ་མིན། །ཤེས་རབ་མཆོག་གི་འོད་ནི་འདི་སྒོམ་མོ། །སེམས་ཅན་སྙེད་ཀྱི་ཚུལ་དང་བསམ་པ་ཡང་། །བསམ་གྱིས་མི་ཁྱབ་གཞན་དང་གཞན་གྱི་

เล่ม ๓๕ · หน้า 14b

སྒོར། །སངས་རྒྱས་རྣམ་པར་འཕྲུལ་བས་ཚུལ་སྟོན་ཏེ། །དབང་པོ་དཔལ་གྱི་རྣམ་ཐར་རྒྱ་མཚོའོ། །དེ་བཞིན་གཤེགས་པའི་རྫུ་འཕྲུལ་རྣམས་དང་ནི། །མྱི་ཟད་འདས་པའི་ཞིང་རྣམས་ཐམས་ཅད་ཀྱང་། །དེ་དག་སྤྲུལ་པའི་དཀྱིལ་འཁོར་གཅིག་ཏུ་སྟོན། །

ཆོས་ཀྱི་དཀྱིལ་འཁོར་སྒོ་མོ་གཅིག་ལ་ཡང་། །ཆོས་ཀྱི་སྒོ་མོ་མི་ཟད་རྒྱ་མཚོ་དག །སངས་རྒྱས་ཆོས་ཉིད་རབ་ཏུ་ངེས་སྒྲོགས་ཏེ། །ཤེས་པའི་མིག་ནི་འདི་ཡི་ཚུལ་ལ་འཇུག །ཕྱོགས་བཅུ་དག་ན་ཞིང་དབྱིངས་ཇི་སྙེད་པ། །དེ་དག་ཀུན་ཏུ་སངས་རྒྱས་ཆོས་སྟོན་ཀྱང་། །

རྒྱལ་བ་དེ་ནི་གར་ཡང་འཕོ་མི་མཛད། །དགའ་བའི་གཙུག་གི་བློ་གྲོས་སྤྱོད་ཡུལ་ལོ། །དེ་བཞིན་གཤེགས་པའི་གཟུགས་བརྙན་འདྲ་བ་སྟེ། །མགོན་པོ་ཆོས་ཀྱི་གཞལ་མེད་ཁང་སྣང་བ། །ཆོས་ཉིད་རབ་ཏུ་ཞི་བ་ཡང་དག་སྟོན། །ཡོན་ཏན་བློ་གྲོས་བཟང་པོས་འདི་མཐོང་ངོ་། །

རང་བྱུང་རྣམས་ཀྱི་སྤྱོད་ཡུལ་རྣམས་ལ་ལྟོས། །སེམས་ཅན་ཀུན་གྱི་དབང་པོའི་ཚུལ་བཞིན་དུ། །བསམ་ཡས་འབྱུང་བའི་སྒོ་མོས་ཆོས་ཆར་འབེབས། །འདི་ནི་ཞི་བའི་འོད་ཀྱི་ལྷ་སྟོན་ཏོ། །ཐུགས་རྗེ་རྒྱ་ཆེན་རབ་ཏུ་བསྐྱེད་བྱས་ཤིང་། །སེམས་ཅན་ཕན་ཕྱིར་མགོན་པོ་

རྣམས་འབྱུང་སྟེ། །སྣོད་ཀྱི་ཚུལ་བཞིན་ཆོས་ཀྱི་ཆར་ཡང་འབེབས། །སྣང་བ་ཆེན་པོའི་བློ་གྲོས་འདི་སྟོན་ཏོ། །དེ་ལ་ལྷའི་རྒྱལ་པོ་དགེ་བར་གྲགས་པའི་བློ་གྲོས་ཀྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་རྣམ་པར་ཐར་པའི་ཚོགས་ཀྱི་ཚུལ་ལ་རྣམ་པར་ལྟར་འཛུད་

པ་ཞེས་བྱའོ། །ལྷའི་རྒྱལ་པོ་མཆོག་ཏུ་སྣང་བའི་རྣམ་པར་ཐར་པ་ནི། ལྷའི་བུ་རང་བཞིན་རྣམ་པར་རིག་པའི་འོད་ཅེས་བྱའོ། །ལྷའི་བུ་རབ་ཏུ་ཞི་བའི་དཔལ་གྱི་རྣམ་པར་ཐར་པ་ནི། ཐབས་ཀྱི་ཚུལ་དང་སྒོ་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཡུལ་ཡོངས་སུ་སྦྱོང་བ་ཞེས་བྱའོ། །

ལྷའི་བུ་དབྱངས་ཀྱི་རི་བོའི་རྣམ་པར་ཐར་པ་ནི། འཁོར་བའི་རྒྱ་མཚོའི་ཕྱི་མའི་མཐའ་ཐམས་ཅད་དུ་འགྲོ་བ་ཡོངས་སུ་སྒྱུར་བ་ཞེས་བྱའོ། །ལྷའི་བུ་དྲན་པ་དགེ་བའི་མིག་གི་རྣམ་པར་ཐར་པ་ནི། དེ་བཞིན་གཤེགས་པའི་ཚུལ་རྗེས་སུ་དྲན་ཞིང་སེམས་ཅན་འདུལ་བའི་བྱིན་གྱི་རླབས་ཤེས་བྱའོ།།

เล่ม ๓๕ · หน้า 15a

ལྷའི་བུ་དགའ་བ་དམ་པས་རྣམ་པར་སྣང་བའི་རྣམ་པར་ཐར་པ་ནི། གཟུངས་རྒྱ་མཚོ་ལ་སྒོ་ཀུན་ནས་རབ་ཏུ་བརྟེན་པ་རྒྱ་མཚོའི་རྗེས་སུ་འགྲོ་བ་ཞེས་བྱའོ། །ལྷའི་བུ་འཇིག་རྟེན་དབྱངས་ཀྱི་བློ་གྲོས་ཀྱི་རྣམ་པར་ཐར་པ་ནི། སངས་རྒྱས་སྐྱེ་བ་ཤིན་ཏུ་དཀོན་

པའི་བསམ་པ་བསྐྱེད་པས་མོས་པ་སྦྱོར་བའི་སྙིང་པོ་ཞེས་བྱའོ། །ལྷའི་བུ་གཟི་བརྗིད་འབར་བའི་བདག་པོའི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་ཤུགས་ཀྱིས་དགའ་བ་བསྐྱེད་ཅིང་སྒྲོལ་བ་ཞེས་བྱའོ། །ལྷའི་བུ་ཆོས་ཀྱི་དགའ་བས་འཕྲུལ་པའི་སེམས་

ཀྱི་རྣམ་པར་ཐར་པ་ནི། བྱང་ཆུབ་སེམས་དཔའི་འདུལ་བ་མཐའ་ཡས་པ་ཐམས་ཅད་ནམ་མཁའ་ལྟར་ཟད་མི་ཤེས་པའི་སྒོ་རབ་ཏུ་འཇུག་པ་ཞེས་བྱའོ། །ལྷའི་བུ་འཕྲུལ་པས་ཤིན་ཏུ་འཕགས་པའི་རྣམ་པར་ཐར་པ་ནི། སེམས་ཅན་གྱི་ཉོན་མོངས་པ་མཐའ་ཡས་པའི་སྙིང་རྗེ་

དང་། ཡེ་ཤེས་ཀྱིས་རྒྱས་པར་འགེངས་པ་ཞེས་བྱའོ། །དེ་ནས་ལྷའི་རྒྱལ་པོ་དགེ་བར་གྲགས་པའི་བློ་གྲོས་ཀྱིས་སངས་རྒྱས་ཀྱི་མཐུས། དགེ་ཆུང་དང་། ཚད་མེད་དགེ་བ་དང་། དགེ་རྒྱས་ཀྱི་ལྷའི་འཁོར་གྱི་དཀྱིལ་འཁོར་ཡོད་པ་ཐམས་ཅད་ལ་རྣམ་པར་བལྟས་ཏེ། དེའི་ཚེ་

ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཆགས་མེད་སྤྱོད་པའི་ཆོས་ཉིད་འདི་ལ་ལྟོས། །མི་ཟད་ཕྱོགས་རྣམས་རབ་ཏུ་རྒྱས་བཀང་སྟེ། །བསམ་གྱིས་མི་ཁྱབ་སངས་རྒྱས་ཡུལ་ཡང་སྟོན། །རྣམ་ཐར་ཚུལ་གྱིས་རྒྱ་མཚོ་ཟད་མི་ཤེས། །བདེ་གཤེགས་

འཇིག་རྟེན་ཀུན་ལ་མྱི་གནས་ཏེ། །ཆོས་དབྱིངས་དམ་པ་ཀུན་ནས་འབྱུང་བ་མེད། །མིག་ཡོར་སྤྱོད་ཡུལ་ཞིང་རྣམས་ཐམས་ཅད་དེ། །ཚུལ་འདི་མཆོག་ཏུ་སྣང་བའི་ལྷ་ཡིའོ། །བསྐལ་པ་རྒྱ་མཚོར་ཐབས་ལ་གནས་པས་ན། །སངས་རྒྱས་འཇིག་རྟེན་ཀུན་ནས་

རྣམ་པར་མཛེས། །ཆོས་དབྱིངས་དེ་བཞིན་ཉིད་ལ་རབ་ཏུ་གནས། །དེ་ལ་རབ་ཞི་དཔལ་གྱི་ལྷ་འཇུག་གོ །སེམས་ཅན་གཏི་མུག་རབ་རིབ་སྒྲིབས་པས་བསྒྲིབས། །འཁོར་བའི་སྤྱོད་ཡུལ་མདོངས་གྱུར་དེ་དག་ལ། །རྒྱལ་བ་དགེ་བའི་ལམ་རྣམས་རབ་སྟོན་ཏེ། །

เล่ม ๓๕ · หน้า 15b

རྣམ་ཐར་དེ་ལ་དབྱངས་ཀྱི་རི་བོ་འཇུག །དེ་བཞིན་གཤེགས་པའི་བླ་ན་མེད་པའི་ཚུལ། །སེམས་ཅན་ཀུན་གྱིས་བསམ་པར་མི་ནུས་ཏེ། །རྣམ་པ་ཐམས་ཅད་རྒྱལ་བས་རབ་ཏུ་སྟོན། །དེ་ནི་དྲན་པ་དགེ་བའི་མིག་གིས་མཐོང་། །ཞིང་རྣམས་རྒྱ་མཚོ་རྡུལ་དང་མཉམ་པ་ཡི། །

གཟུངས་ཀྱི་སྒོ་རྣམས་མི་མགོན་རྟག་ཏུ་གསུང་། །སེམས་ཅན་ཐམས་ཅད་འདུལ་བ་རྣམ་པར་སྟོན། །དགའ་བ་རྣམ་པར་སྣང་བས་དེ་མཐོང་ངོ་། །སངས་རྒྱས་སྐྱེ་བ་ཤིན་ཏུ་དཀོན་པ་སྟེ། །བསྐལ་པ་རྒྱ་མཚོ་དག་ན་བར་འགའ་སྟེ། །དེ་ལ་མོས་པའི་དཀྱིལ་འཁོར་རབ་ཏུ་བསྐྱེད། །

འཇིག་རྟེན་དབྱངས་ཀྱི་བློ་གྲོས་དེ་ལ་འཇུག །རྒྱལ་བ་ཆོས་མཐུ་རྒྱ་ཆེ་བསམ་ཡས་དག །སེམས་ཅན་ཀུན་ལ་རྣམ་པར་སྦྱོང་བ་མཛད། །དངོས་མེད་ཆོས་ཉིད་རྒྱལ་བ་སྟོན་པར་མཛད། །གཟི་བརྗིད་འབར་བའི་ལྷས་ནི་དེ་མཐོང་ངོ་། །དུས་གསུམ་བདེ་གཤེགས་ཕུན་སུམ་

ཚོགས་པ་དག །དེ་དག་སེམས་ཅན་ཡུལ་དུ་བསམ་མི་ཁྱབ། །དྲན་ནས་བདག་གི་དགའ་བ་རབ་སྐྱེས་ཏེ། །དེ་དག་ཆོས་དགའ་སེམས་པ་རབ་ཏུ་སྟོན། །འགྲོ་བ་རྣམས་ནི་ཉོན་མོངས་རྒྱ་མཚོ་ལ། །གཏི་མུག་ལྟས་རྙོགས་འཇིགས་པ་ཆེན་པོར་བྱིང་། །སྙིང་རྗེ་བསྐྱེད་

ཅིང་འགྲོ་བ་འགྲེལ་པ་ནི། །འཕྲུལ་པས་འཕགས་པ་སྤྱོད་ཡུལ་དེ་ལ་བལྟ། །འོད་ཟེར་དྲ་བ་རྒྱལ་བ་རྟག་ཏུ་འགྱེད། །འོད་ཟེར་སྒོ་ཀུན་རྒྱལ་བ་མི་ཟད་པ། །སེམས་ཅན་དབྱིངས་རྣམས་འདུལ་བ་རབ་ཏུ་འཇུག །སྣ་ཚོགས་དབྱངས་ཀྱི་ལྷས་ནི་དེ་མཐོང་ངོ་།། །།

སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། དུམ་བུ་དང་པོ། བམ་པོ་གཉིས་སོ། །དེ་ལ་གྱ་ནོམ་སྣང་བའི་ལྷའི་རྒྱལ་པོ་སྣང་བས་དགའ་བའི་རྣམ་པར་ཐར་པ་ནི། དགའ་བ་དང་བདེ་བ་རབ་ཏུ་ཞི་བ་མྱོང་བར་བྱེད་ཅིང་། འགྲོ་བའི་སྡུག་

བསྔལ་རབ་ཏུ་གཞིལ་བ་ལ་གཞོལ་བ་ཞེས་བྱའོ། །ལྷའི་བུ་དགེ་བ་སྣ་ཚོགས་ཀྱི་རྣམ་པར་ཐར་པ་ནི། སེམས་ཤིན་ཏུ་ཡངས་པ་དང་། འགྲོ་བ་ཐམས་ཅད་ཀྱི་རྣལ་འབྱོར་ཡངས་པ་རྒྱ་མཚོ་སྙིང་རྗེ་དང་། དགའ་བའི་སྙིང་པོ་ཞེས་བྱའོ། །ལྷའི་བུ་དབང་པོའི་དབྱངས་ཀྱི་རྣམ་པར་

เล่ม ๓๕ · หน้า 16a

ཐར་པ་ནི། བསྐལ་པ་མཐའ་ཡས་པའི་སྤྱོད་པ་དང་། སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཀྱི་མཐུ་སེམས་ཀྱི་སྐད་ཅིག་གཅིག་གིས་མངོན་པར་སྒྲུབ་པ་ཞེས་བྱའོ། །ལྷའི་བུ་དྲན་པའི་བློ་དམ་པའི་རྣམ་པར་ཐར་པ་ནི། འཇིག་རྟེན་འབྱུང་བ་དང་།

འཇིག་པ་དང་། གནས་པ་དང་བསོད་ནམས་སྣ་ཚོགས་ནམ་མཁའ་ལྟ་བུ་ཡོངས་སུ་སྦྱོང་བ་ཞེས་བྱའོ། །ལྷའི་བུ་དགའ་བ་སྣ་ཚོགས་དབྱངས་ཀྱི་རྣམ་པར་ཐར་པ་ནི་འཕགས་པའི་ཆོས་ཐམས་ཅད་ལ་དགའ་བ། མཚུངས་པ་མེད་པའི་ཤུགས་རྣམ་པར་སྤེལ་བས་རབ་ཏུ་ཚིམ་པར་བྱེད་པ་

ཞེས་བྱའོ། །ལྷའི་བུ་ལེགས་པར་བསམ་པའི་དབྱངས་ཀྱི་རྣམ་པར་ཐར་པ་ནི། ཚུལ་གྱིས་ཐམས་ཅད་རྣམ་པར་དགོད་ཅིང་ཤིན་ཏུ་བསྟན་པའི་དོན་དུ་ཡང་དག་པར་གནས་པ་ཞེས་བྱའོ། །ལྷའི་བུ་འོད་འགྱེད་པའི་དབྱངས་ཀྱི་རྣམ་པར་ཐར་པ་ནི་དགའ་ལྡན་གྱི་ཕོ་བྲང་ནས་འཕོ་བའི་མཆོད་པ་

ཤིན་ཏུ་རྒྱས་པ་མངོན་པར་སྒྲུབ་པ་ཞེས་བྱའོ། །ལྷའི་བུ་དབྱངས་ཟབ་མོའི་འོད་ཀྱི་རྣམ་པར་ཐར་པ་ནི། རྫུ་འཕྲུལ་ལ་རྨོངས་པ་མེད་པའི་ཤེས་རབ་རྒྱ་མཚོ་ལ་རྣམ་པར་སྤྱོད་པ་ཞེས་བྱའོ། །ལྷའི་བུ་གྲགས་པ་དྲི་མ་མེད་པའི་འོད་ཀྱི་རྣམ་པར་ཐར་པ་ནི། སངས་རྒྱས་ཀྱི་

ཡོན་ཏན་རྒྱ་མཚོ་ཡོངས་སུ་ཐོབ་ཅིང་འགྲོ་བ་ལ་སྟོན་པའི་སྦྱོར་བ་ཞེས་བྱའོ། །ལྷའི་བུ་འོད་དྲི་མ་མེད་པ་ཤིན་ཏུ་འཕགས་པའི་རྣམ་པར་ཐར་པ་ནི། སྔོན་གྱི་སྨོན་ལམ་གྱི་བྱིན་གྱི་བརླབས་ཀྱིས་དགའ་བ་འབྱུང་བའི་ཤུགས་ཀྱི་སྙིང་པོ་ཞེས་བྱའོ། །དེ་ནས་གྱ་ནོམ་སྣང་བའི་ལྷའི་

རྒྱལ་པོ་སྣང་བས་དགའ་བས་སངས་རྒྱས་ཀྱི་མཐུས། དགའ་བ་དང་སྣང་བ་དང་། འོད་ཆུང་དང་། འོད་གསལ་དང་། གྱ་ནོམ་པའི་ལྷའི་འཁོར་གྱི་དཀྱིལ་འཁོར་ཡོད་པ་ཐམས་ཅད་ལ་རྣམ་པར་བལྟས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །

སྔོན་གྱི་རྒྱལ་བའི་སྤྱོད་པ་བདག་གིས་དྲན། །རྒྱལ་བའི་མཐའ་ཡས་གྲགས་པ་ཅེས་མཆོད་དང་། །ཇི་ལྟར་སྔོན་ཅད་དགའ་ཤུགས་ཡོངས་སུ་དག །དེ་ནི་རྒྱལ་བའི་མཐུ་ཡིས་བདག་གིས་མཐོང་། །རྒྱལ་བ་དྲི་མེད་མཚན་ཉིད་མེད་པའི་སྐུ། །འགྲོ་བའི་མྱ་

เล่ม ๓๕ · หน้า 16b

ངན་མང་པོ་རྣམ་པར་ཟློག །བྱམས་དང་ཐུགས་བརྩེ་ཐུགས་རྗེའི་ས་ལ་བཞུགས། །རྣམ་ཐར་འདི་ཚུལ་སྣ་ཚོགས་འོད་འཇུག་གོ །སངས་རྒྱས་ཆོས་ཉིད་འདི་ནི་རྒྱ་ཆེ་སྟེ། །ཞིང་རྣམས་རྒྱ་མཚོ་མང་པོ་ཇི་ལྟ་བུར། །ཇི་ལྟར་འབྱུང་དང་ཇི་ལྟར་འཇིག་པ་སྟོན། །རྣམ་

ཐར་འདི་ནི་དབང་པོའི་དབྱངས་ཀྱི་ཡིན། །རྒྱལ་བའི་རྫུ་འཕྲུལ་མཉམ་མེད་ཕྱོགས་ཀུན་གྱི། །ཞིང་གི་དབྱིངས་སུ་ཡངས་པ་ཤིན་ཏུ་བསྟན། །ད་ལྟར་བྱུང་བའི་རྒྱལ་བའི་དགེ་བ་དག །དྲན་པ་དམ་པའི་རྣམ་ཐར་ཚུལ་འདིའོ། །ཞིང་རྣམས་རྒྱ་མཚོ་མང་པོའི་རྡུལ་སྙེད་ཀྱི། །

བདེ་གཤེགས་དེ་དག་དགའ་བའི་ཡིད་ཀྱིས་མཆོད། །དེ་ཕྱིར་ཉན་པ་རྡུལ་མེད་དོན་ཀྱང་ཡོད། །སྣ་ཚོགས་དབྱངས་ཀྱི་རྣམ་ཐར་འདི་ཡིན་ནོ། །བསྐལ་པ་རྒྱ་མཚོ་མང་པོ་ཡངས་པར་ཡང་། །ཚུལ་བཞིན་གྱིས་ནི་རྒྱལ་བ་རྒྱ་ཆེན་གསུང་། །རྒྱལ་བ་ཀུན་ལ་ཟད་མེད་མཐའ་ཡང་

ཡས། །ལེགས་བསམ་དབྱངས་ཀྱི་རྣམ་ཐར་འདི་ཡིན་ནོ། །སངས་རྒྱས་རྣམ་འཕྲུལ་མཐའ་ཡས་དབྱངས་ཀྱི་རྣམས། །འཕོ་དང་རྣམ་པར་འཚང་རྒྱ་ཚུལ་ཡང་དག །སེམས་ཀྱི་སྐད་ཅིག་ཀུན་ལ་རབ་ཏུ་སྟོན། །འོད་འགྱེད་དབྱངས་ཀྱི་རྣམ་ཐར་སྒོ་འདི་ཡིན། །

སངས་རྒྱས་བྱིན་རླབས་རྒྱ་ཆེན་བཤད་པ་ཡི། །རྫུ་འཕྲུལ་ཡུལ་ནི་བདེ་བར་གཤེགས་པ་སྟོན། །དབང་པོ་བསམ་པ་ཀུན་ཀྱང་རྣམ་པར་སྦྱོང་། །དབྱངས་ཟབ་འོད་ནི་འདི་ལ་རབ་ཏུ་འཇུག །རྒྱལ་བ་རྣམས་ཀྱི་ཡེ་ཤེས་མཐའ་ཡས་ཏེ། །མཉམ་མེད་ཆགས་མེད་སངས་

རྒྱས་འཇིག་རྟེན་སྤྱོད། །སེམས་ཅན་ཀུན་ལ་མཆོག་སྦྱིན་མངོན་པར་གཟིགས། །གྲགས་པ་དྲི་མེད་ཚུལ་འདིར་རབ་ཏུ་འཇུག །རྒྱལ་བ་སྔོན་ཅད་བྱང་ཆུབ་སྤྱོད་མཛད་ཚེ། །སངས་རྒྱས་རྒྱ་མཚོ་ཡང་དག་མཆོད་པ་རྣམས། །དེ་དག་ཀུན་གྱི་སྨོན་ལམ་རབ་གྲུབ་པ། །

དེ་ནི་འོད་འཕགས་དགའ་བ་རབ་ཏུ་ཉན། །དེ་ལ་ཚངས་པ་ཆེན་པོ་རབ་ཏུ་སྣང་བའི་རྣམ་པར་ཐར་པ་ནི། ཆོས་དྲི་མ་མྱེད་པའི་སྤྱོད་ཡུལ་ལ་གནས་ཤིང་ཕྱོགས་བཅུར་ཐོགས་པ་མྱེད་པའི་དབྱངས་ཀྱི་དཀྱིལ་འཁོར་གྱིས་རྒྱས་པར་འགེངས་པ་དྲི་མ་མེད་པ་ཞེས་བྱའོ། །ཚངས་

เล่ม ๓๕ · หน้า 17a

པ་ཆེན་པོ་བློ་གྲོས་འོད་ཀྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་བསམ་གཏན་དང་སྙོམས་པར་འཇུག་པ་ལ་རབ་ཏུ་གནས་པ་ཞེས་བྱའོ། །ཚངས་པ་ཆེན་པོ་བློ་གྲོས་བཟང་པོའི་སེམས་སྣང་བ་རྣམ་པར་ཐར་པ་ནི། ཆོས་ཀྱི་སྣང་བ་བསམ་

གྱིས་མི་ཁྱབ་པ་ཐམས་ཅད་ལ་ཡང་དག་པར་གཞོལ་བའི་འོད་ཅེས་བྱའོ། །ཚངས་པ་ཆེན་པོ་ཀུན་ཏུ་དབྱངས་ཀྱི་སྤྲིན་གྱི་རྣམ་པར་ཐར་པ་ནི། སངས་རྒྱས་ཐམས་ཅད་ཀྱི་གསུང་གི་ཡན་ལག་རྒྱ་མཚོའི་དཀྱིལ་འཁོར་ལ་འཇུག་ཅིང་རྟོགས་པ་བྱེད་པ་ཞེས་བྱའོ། །ཚངས་པ་ཆེན་

པོ་འཇིག་རྟེན་དབང་པོའི་སྒྲའི་རྣམ་པར་ཐར་པ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་དག་པར་འབྱུང་ཞིང་སེམས་ཅན་ཐམས་ཅད་བསྡུ་བ་དང་གདུལ་བ་རྗེས་སུ་དྲན་པའི་སྦྱོར་བ་ཞེས་བྱའོ། །ཚངས་པ་ཆེན་པོ་མིག་རབ་ཏུ་ཞི་ཞིང་འོད་ཤིན་ཏུ་ཟབ་པའི་རྣམ་པར་ཐར་པ་ནི། ལས་

ཀྱིས་རྣམ་པར་ཕྱེ་བའི་འཇིག་རྟེན་གྱི་ཁམས་འབྱུང་བའི་དབྱིངས་ཤིན་ཏུ་སྟོན་པ་ཞེས་བྱའོ། །ཚངས་པ་ཆེན་པོ་ཕྱོགས་སུ་སྣང་བ་འགྱེད་པའི་རྣམ་པར་ཐར་པ་ནི། རྣམ་པ་ཐམས་ཅད་དུ་སེམས་ཅན་འདུལ་བ་ལ་མངོན་པར་ཕྱོགས་པ་ཞེས་བྱའོ། །ཚངས་པ་ཆེན་པོ་སྤྲུལ་པའི་སྒྲ་

དབྱངས་ཀྱི་རྣམ་པར་ཐར་པ་ནི། ཆོས་ཐམས་ཅད་དགེ་བའི་མཚན་ཉིད་ཀྱི་སྒོ་དང་རབ་ཏུ་ཞི་བའི་ཆོས་ལ་སྤྱོད་པའི་དཀྱིལ་འཁོར་ལ་ཤིན་ཏུ་གནས་པ་ཞེས་བྱའོ། །ཚངས་པ་ཆེན་པོ་མིག་གི་འོད་ཟེར་མངོན་པར་སྣང་བའི་རྣམ་པར་ཐར་པ་ནི། དངོས་པོ་ཐམས་ཅད་ལ་ཆགས་པ་

མེད་ཅིང་མཐའ་ཡས་པའི་བརྩམ་པ་ལ་བརྩོན་པ་ཞེས་བྱའོ། །ཚངས་པ་ཆེན་པོ་དབྱངས་རྒྱ་མཚོ་ཡིད་དུ་འོང་བའི་རྣམ་པར་ཐར་པ་ནི། མི་ཟད་པའི་ཆོས་གཞལ་དུ་མེད་པ་ལ་རྗེས་སུ་དཔྱད་པར་རྟག་ཏུ་ཕྱོགས་ཤིང་རྣམ་པར་ལྟ་བ་དང་རྣམ་པར་ཤེས་པ་ཞེས་བྱའོ། །

དེ་ནས་ཚངས་པའི་དབང་པོ་ཆེན་པོ་ཡིད་དུ་འོང་བས་སངས་རྒྱས་ཀྱི་མཐུས་ཚངས་རིས་དང་ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་གྱི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །

เล่ม ๓๕ · หน้า 17b

རྒྱལ་བ་སྐུ་ནི་ཞི་ལ་རབ་ཏུ་ཞི། །འཇིག་རྟེན་ཀུན་ཏུ་དྲི་མེད་སྣང་ཞིང་མཛེས། །མཚན་ཉིད་མེད་ཅིང་གཟུགས་བརྙན་མེད་པའི་ཡུལ། །སྤྲིན་དང་མཉམ་པར་དེ་བཞིན་གཤེགས་པ་སྣང་། །འགྲོ་བ་ཀུན་གྱི་བསམ་དུ་མི་ནུས་ཏེ། །སངས་རྒྱས་སྐུ་དང་དེ་བཞིན་བསམ་

གཏན་ཡུལ། །ཐམས་ཅད་ཚུལ་གྱི་སྒོ་ཡིས་བསམ་དུ་མེད། །ཚངས་པའི་བློ་གྲོས་འོད་ཀྱིས་འདི་མཐོང་ངོ་། །རྒྱ་མཚོའི་ཆོས་རྣམས་ཞིང་གི་རྡུལ་སྙེད་ཀྱང་། །སངས་རྒྱས་གསུང་གཅིག་ཡང་དག་བཀའ་སྩལ་ཏེ། །བསྐལ་པ་རྒྱ་མཚོར་གསུངས་ཀྱང་ཟད་པ་

མེད། །སྣང་བ་སེམས་དཔའི་རྣམ་ཐར་འདི་ཡིན་ནོ། །སྔོན་གྱི་རྒྱལ་བའི་གསུང་གི་ཡན་ལག་ཀྱང་། །འགྲོ་བ་སྙེད་དེ་རྒྱུད་ཀུན་སེམས་ཅན་ཤེས། །རྒྱལ་བ་དེ་ལ་རྟོག་དང་དབྱངས་མི་མངའ། །ཚངས་པ་ཀུན་ཏུ་སྒྲ་དབྱངས་འདི་ལ་འཇུག །དེ་བཞིན་གཤེགས་པ་

དུས་གསུམ་གཤེགས་པ་དག །བྱང་ཆུབ་སྤྱོད་པའི་ཚུལ་ལ་གང་བཞུགས་པ། །དེ་དག་རྒྱལ་བའི་སྐུ་ལ་ཐམས་ཅད་སྣང་། །རྣམ་ཐར་འདི་ལ་འཇིག་རྟེན་དབང་པོ་འཇུག །སེམས་ཅན་ཀུན་གྱི་ལས་དབང་གང་ཡིན་དང་། །སྣ་ཚོགས་རྒྱུ་ཡི་སྒོ་ཡིས་རྣམ་གྲོལ་བ། །

འགྲོ་བ་བཀང་ཞིང་སངས་རྒྱས་ཡང་དག་སྟོན། །ཞི་བ་ཟབ་མོའི་མིག་ནི་འདི་ལ་འཇུག །རྣམ་པ་མཐའ་ཡས་སྒོ་ཡིས་རང་བྱུང་རྣམས། །ཕྱོགས་རྣམས་མ་ལུས་ཀུན་ཏུ་སེམས་ཅན་འདུལ། །སངས་རྒྱས་རྟོག་དང་རྣམ་རྟོག་མི་མངའ་སྟེ། །སྣང་བ་འགྱེད་པའི་

སྤྱོད་ཡུལ་འདི་ཡིན་ནོ། །རྒྱལ་བའི་སྐུ་ནི་མི་ཟད་ནམ་མཁའ་བཞིན། །མཚན་ཉིད་མི་མངའ་ཕྱོགས་ལ་ཆགས་པ་མེད། །སྒྱུ་མར་གཏོགས་པའི་ཆོས་ཉིད་རབ་ཏུ་སྟོན། །ཀུན་ཏུ་འཕྲུལ་དགའི་སྤྱོད་ཡུལ་འདི་ཡིན་ནོ། །བདེ་གཤེགས་སྐུ་དང་ཡེ་ཤེས་རྣམ་

པ་དང་། །དེ་བཞིན་དབྱངས་ཀྱི་དཀྱིལ་འཁོར་མཐའ་མེད་དེ། །ཆགས་མེད་སེམས་ཅན་སངས་རྒྱས་མངོན་དུ་བལྟ། །འོད་ཟེར་ཡིད་འོང་རྣམ་ཐར་འདི་ལ་འཇུག །ཆོས་རྗེ་ཆོས་ཀྱི་གཞལ་མེད་ཁང་བཞུགས་ཤིང་། །ཆོས་ཀྱི་སྐུ་ཡི་སངས་རྒྱས་རབ་ཏུ་སྣང་། །

เล่ม ๓๕ · หน้า 18a

ཆོས་ཀྱི་རང་བཞིན་གཞལ་ཡས་མཚན་ཉིད་མེད། །རྣམ་ཐར་འདི་ལ་རྒྱ་མཚོའི་འོད་འཇུག་གོ །དེ་ལ་ལྷའི་རྒྱལ་པོ་དབང་བསྒྱུར་གྱི་རྣམ་པར་ཐར་པ་ནི། མཐའ་ཡས་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྒོ་ཡི་དབང་དང་སྤྱོད་པའི་སྙིང་པོ་ཞེས་བྱའོ། །

ལྷའི་བུ་མིག་བཟང་པོའི་བློ་གྲོས་ཀྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་དགའ་བ་དང་བདེ་བ་ལ་རྣམ་པར་ལྟ་བ་འཕགས་པའི་སྤྱོད་ཡུལ་གྱི་རྗེས་སུ་འཇུག་པ་ཞེས་བྱའོ། །ལྷའི་བུ་ཅོད་པན་སྣ་ཚོགས་ཀྱི་རྒྱལ་མཚན་གྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་

ཅད་ཀྱི་འབྱུང་བ་སྣ་ཚོགས་དོན་ཐ་དད་པའི་དབྱིངས་སུ་ཡང་དག་གཞོལ་བ་ཞེས་བྱའོ། །ལྷའི་བུ་གོ་འཕང་རྣམ་པར་གནོན་པའི་སྒྲ་དབྱངས་སྣ་ཚོགས་ཀྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ལ་བྱམས་པའི་སྒོ་རྗེས་སུ་དྲན་ཞིང་རང་གི་ཡུལ་ལ་རྣམ་པར་ལྟ་བ་ཞེས་བྱའོ། །

ལྷའི་བུ་འོད་ཡིད་དུ་འོང་བའི་རྒྱལ་མཚན་གྱི་རྣམ་པར་ཐར་པ་ནི། ང་རྒྱལ་གྱི་རྒྱལ་མཚན་རབ་ཏུ་བསྙལ་བ་དང་། སྙིང་རྗེ་ཆེན་པོའི་སྒོ་ནས་རབ་ཏུ་ཞི་བ་འབྱུང་བ་ཞེས་བྱའོ། །ལྷའི་བུ་སྤྱོད་ཡུལ་ཞི་བའི་སྒོའི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་ཀྱི་ཁོང་ཁྲོ་བ་ཡང་དག་པར་འདུལ་བ་

རབ་ཏུ་བརྗོད་པ་ཞེས་བྱའོ། །ལྷའི་བུ་འཁོར་ལོ་རི་མོ་བཟང་པོའི་རྒྱལ་མཚན་གྱི་རྣམ་པར་ཐར་པ་ནི། ཕྱོགས་བཅུའི་མཐའ་ཡས་པའི་སངས་རྒྱས་ཡིད་ལ་བྱ་བ་མུ་མེད་པར་ཁེབས་པར་འགེངས་པ་ཞེས་བྱའོ། །ལྷའི་བུ་མེ་ཏོག་བློ་གྲོས་སེང་གེའི་དབང་ཕྱུག་གི་རྣམ་པར་ཐར་

པ་ནི། དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་བ། རྣམ་པ་ཐམས་ཅད་རྗེས་སུ་དྲན་པ་མངོན་པར་འཚང་རྒྱ་བས་རྒྱས་པར་བྱེད་པ་ཞེས་བྱའོ། །ལྷའི་བུ་དབང་པོའི་སྟོབས་རི་མོ་བཟང་པོའི་འོད་སྣ་ཚོགས་ཀྱི་རྣམ་པར་ཐར་པ་ནི། འཇིག་རྟེན་གྱི་དབང་པོ་ཐམས་ཅད་ཀྱི་

ཆོས་ཉིད་ལ་ཡང་དག་པར་གཞོལ་བའི་བྱིན་རླབས་ཀྱི་ཁྱད་པར་ཞེས་བྱའོ། །དེ་ནས་ལྷའི་རྒྱལ་པོ་དབང་བྱེད་ཀྱིས་སངས་རྒྱས་ཀྱི་མཐུས། ལྷའི་བུ་དབང་བྱེད་ཀྱི་རིས་སུ་གཏོགས་པའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་རྣམ་པར་བལྟས་ནས། དེའི་ཚེ་ཚིགས་སུ་བཅད་པ་

เล่ม ๓๕ · หน้า 18b

འདི་དག་སྨྲས་སོ། །ཆོས་དབྱིངས་མཐར་ཐུག་བདེ་བར་གཤེགས་པའི་སྐུ། །འགྲོ་བ་ཀུན་ན་མངོན་པར་རབ་ཏུ་སྣང་། །འབྱམ་ཀླས་ཐམས་ཅད་ཆོས་ཀྱིས་སེམས་ཅན་འདུལ། །ཆོས་ཀྱི་མངའ་བདག་རྒྱལ་བ་འགྲོ་ལ་སྟོན། །འཇིག་རྟེན་བདེ་བ་སྣ་ཚོགས་མ་ལུས་པ། །

ཇི་སྙེད་དེ་ནང་འཕགས་པ་དེ་མཆོག་ཡིན། །ཆོས་ཉིད་ཡངས་པ་རྒྱལ་བའི་གནས་ཡིན་ཏེ། །མིག་བཟང་བདག་པོ་འདི་ལ་རྣམ་པར་ལྟ། །འཇིག་རྟེན་ཕྱོགས་རྣམས་བཀང་ཞིང་སངས་རྒྱས་ཀྱིས། །བསམ་པའི་དབྱངས་ཀྱི་ཚུལ་བཞིན་ཆོས་སྟོན་པས། །སེམས་ཅན་ཀུན་

གྱི་ནེམ་ནུར་དོགས་པ་གཅོད། །ཅོད་པན་སྣ་ཚོགས་རྒྱལ་མཚན་རྣམ་ཐར་ཏོ། །རྒྱལ་བའི་གསུང་གཅིག་མ་ལུས་གསུང་བ་ནི། །བསྐལ་པ་རྒྱ་མཚོར་ཡངས་པའི་ཆོས་སྒྲོག་སྟེ། །འགྲོ་བ་བཀང་ཞིང་སངས་རྒྱས་གསུང་བརྗོད་པ། །འདི་ནི་བརྩོན་པའི་

བློ་གྲོས་རྣམ་ཐར་ཏོ། །འཇིག་རྟེན་བྱམས་པ་འབྱམ་ཀླས་རྒྱ་ཆེན་ཀུན། །བདེ་གཤེགས་བ་སྤུ་གཅིག་གི་དཔེར་མི་རུང་། །རྒྱལ་བའི་བྱམས་པ་མཁའ་བཞིན་ཟད་མི་ཤེས། །བཤད་པ་སྣ་ཚོགས་བློ་གྲོས་རྣམ་ཐར་ཏོ། །ང་རྒྱལ་རི་དང་མུན་སྤྲིན་སྒོ་འཇོམས་ཤིང་། །

སྟོབས་བཅུ་འགྲོ་བ་ཀུན་ཏུ་ཁྱབ་བྱས་ནས། །རྒྱལ་བའི་ཐུགས་རྗེའི་འོད་ཟེར་རབ་ཏུ་འགྱེད། །རྣམ་ཐར་འདི་ནི་འོད་བཟང་རྒྱལ་མཚན་གྱིའོ། །བདེ་གཤེགས་མཐོང་བས་གཏི་མུག་རབ་ཏུ་འཇོམས། །འགྲོ་ལ་ཤེས་རབ་དཀྱིལ་འཁོར་དགེ་བ་སྟོན། །དེ་དག་ངན་

འགྲོའི་ཚུལ་རྣམས་རྣམ་འདུལ་ཏེ། །ཞི་བ་སྤྱོད་ཡུལ་སྒོ་ཡི་རྣམ་ཐར་ཏོ། །སངས་རྒྱས་སྤུ་ཡི་ཁུང་ནས་འོད་བརྗོད་པ། །སེམས་ཅན་ཀུན་དང་མཐུན་པར་བདེ་གཤེགས་མཚན། །དེ་དག་བསམ་པ་ཇི་བཞིན་མཚན་ཀྱང་ཐོས། །འཁོར་ལོ་སྣ་ཚོགས་རྒྱལ་

མཚན་རྣམ་ཐར་ཡིན། །རྒྱལ་བའི་རྣམ་པར་འཕྲུལ་པ་ཚད་མེད་པ། །དེ་དག་ཐམས་ཅད་འཁོར་འདིར་ཕྱིན་སྣང་ཞིང་། །ཆོས་དབྱིངས་ནམ་མཁའ་རྒྱལ་བས་རབ་རྒྱས་པ། །མེ་ཏོག་སེང་གེ་དཔལ་གྱི་རྣམ་ཐར་ཏོ། །བསྐལ་པ་རྒྱ་མཚོ་མང་པོ་ཚད་མེད་པར། །ཞིང་

เล่ม ๓๕ · หน้า 19a

རྣམས་ཀུན་ཏུ་རྒྱལ་བའི་ཡུལ་བརྗོད་ཀྱང་། །སངས་རྒྱས་གཤེགས་དང་བཞུད་པར་གྱུར་པ་མེད། །དབང་པོ་དཔལ་ཐོབ་རྣམ་ཐར་འདི་ཡིན་ནོ། །དེ་ལ་ལྷའི་རྒྱལ་པོ་རབ་འཕྲུལ་དགའི་རྣམ་པར་ཐར་པ་ནི། ཆོས་ཀྱི་རང་བཞིན་སྤྲུལ་པར་རྣམ་

པར་སྒོམ་པའི་སྦྱོར་བ་ཞེས་བྱའོ། །ལྷའི་བུ་སྒྲས་ཞི་བའི་འོད་ཀྱི་རྣམ་པར་ཐར་པ་ནི། འཇིགས་པ་ཐམས་ཅད་རྣམ་པར་སྒོམ་པའི་རང་བཞིན་གྱི་སྦྱོར་བ་ཞེས་བྱའོ། །ལྷའི་བུ་སྟོབས་ཀྱིས་འཕྲུལ་པའི་སྒྲའི་འོད་ཀྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་གཏི་མུག་

གིས་ཡོངས་སུ་མི་ཟད་ཅིང་རྨོངས་པ་མེད་པའི་དཀྱིལ་འཁོར་ཅེས་བྱའོ། །ལྷའི་བུ་དབང་ཆེན་སྣ་ཚོགས་ཀྱི་རྣམ་པར་ཐར་པ་ནི། སངས་རྒྱས་ཐམས་ཅད་ཀྱི་གསུང་ལ་ཡང་དག་པར་འཇུག་ཅིང་དགའ་བ་ཚད་མེད་པས་རྣམ་པར་སྨིན་པ་ཞེས་བྱའོ། །ལྷའི་བུ་དྲན་པའི་འོད་ཀྱི་

རྣམ་པར་ཐར་པ་ནི། སངས་རྒྱས་ཐམས་ཅད་ཀྱི་མཚན་ཉིད་དང་། བསོད་ནམས་ཀྱི་ཚོགས་ལ་འཇུག་པ་ཟད་མི་ཤེས་པ་ཤིན་ཏུ་བསྟན་པ་ཞེས་བྱའོ། །ལྷའི་བུ་སྤྲིན་སྒྲ་ཤིན་ཏུ་འཕགས་པའི་རྣམ་པར་ཐར་པ་ནི། འདས་པའི་བསྐལ་པ་གཅིག་ནས་གཅིག་ཏུ་བརྒྱུད་

པ་རྗེས་སུ་དྲན་ཞིང་སྤྱོད་པའི་བློ་གྲོས་ཞེས་བྱའོ། །ལྷའི་བུ་སྣང་བའི་སྤྱོད་པའི་དཔལ་གྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་ཤེས་རབ་ཚད་དང་བྲལ་བ་རྟོགས་པར་བྱེད་པའི་ཡེ་ཤེས་ལ་ཡང་དག་པར་འཇུག་པ་ཞེས་བྱའོ། །ལྷའི་བུ་གཙུག་ཕུད་ཡིད་དུ་འོང་

བའི་འོད་ཀྱི་རྣམ་པར་ཐར་པ་ནི། ནམ་མཁའི་དབྱིངས་ཀྱི་མཐར་ཉི་མའི་ཤུགས་ཀྱི་རྒྱུ་བས་ཀུན་ཏུ་འགྲོ་བ་ཞེས་བྱའོ། །ལྷའི་བུ་དགའ་བའི་བློ་གྲོས་ཀྱི་རྣམ་པར་ཐར་པ་ནི། བརྩམ་པ་ཐམས་ཅད་ཟད་མི་ཤེས་པ་ལ་བརྩོན་འགྲུས་ཀྱི་སྟོབས་ཡང་དག་པར་འབྱུང་བ་ཞེས་

བྱའོ། །ལྷའི་བུ་མེ་ཏོག་འོད་ཀྱི་གཙུག་ཕུད་ཀྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་ལས་ལ་ལྟ་ཞིང་བདེ་བ་དང་། སྡུག་བསྔལ་བས་ཀུན་ཏུ་རྣམ་པར་ལྟ་བ་ཞེས་བྱའོ། །ལྷའི་བུ་ཕྱོགས་ཤིན་ཏུ་སྣང་བའི་རྣམ་པར་ཐར་པ་ནི། སེམས་ཅན་གྱི་ཚོགས་

เล่ม ๓๕ · หน้า 19b

བསམ་གྱིས་མི་ཁྱབ་པའི་རྣམ་པར་སྒྲུབ་པ་སྣ་ཚོགས་ཀྱི་དྲན་པས་མངོན་ཏུ་སྒྲུབ་པ་ཞེས་བྱའོ། །དེ་ནས་ལྷའི་རྒྱལ་པོ་རབ་འཕྲུལ་དགའ་སངས་རྒྱས་ཀྱི་མཐུས་འཕྲུལ་དགའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།

འཇིག་རྟེན་ལས་ཀྱི་རང་བཞིན་བསམ་མི་ཁྱབ། །ཐམས་ཅད་འགྲོ་བ་འདིར་ཡང་ཤིན་ཏུ་བསྟན། །རྒྱུ་དང་རང་བཞིན་རྒྱལ་བ་སེམས་ཅན་ཚུལ། །འཇིག་རྟེན་འདི་ཀུན་ལས་ཀྱིས་རྣམ་པར་བྲིས། །ཐམས་ཅད་ཚུལ་དུ་རང་བྱུང་དངོས་པོ་མེད། །ཕྱོགས་རྣམས་

ཀུན་ནའང་བཟུང་བ་ཡོད་པ་མིན། །ཆོས་ཀྱི་སྐུ་ལ་དངོས་མེད་དེ་ཡང་བསྟན། །སྒྲ་ཞི་འོད་ཀྱིས་རྣམ་ཐར་འདི་ཡང་མཐོང་། །རྒྱལ་བས་བསྐལ་པ་རྒྱ་མཚོར་སྤྱད་པའི་ཚེ། །འཇིག་རྟེན་གཏི་མུག་མུན་པ་རྣམ་པར་ཟློག །དེ་བས་སངས་རྒྱས་ཤིན་ཏུ་དྲི་མེད་སྣང་། །

རྣམ་ཐར་འདི་ནི་སྟོབས་ཀྱི་འོད་ཀྱིས་ཤེས། །ཇི་སྙེད་འཇིག་རྟེན་སྒྲ་དབྱངས་ཞི་བའི་རྣམས། །ཀུན་ཀྱང་སངས་རྒྱས་སྒྲ་ལས་ཉེ་བར་འབྱུང་། །ཕྱོགས་རྣམས་ཞིང་དབྱིངས་སྣ་ཚོགས་རྣམ་པར་སྒྲོག །འདི་ནི་སྣ་ཚོགས་དབང་གི་རྣམ་ཐར་ཏོ། །འགྲོ་བའི་བསོད་ནམས་

མཐུ་རྣམས་ཀུན་བསྩོགས་ཀྱང་། །རྒྱལ་བའི་མཚན་རབ་གཅིག་ཏུ་མི་འགྱུར་ཏེ། །རྒྱལ་བའི་བསོད་ནམས་ནམ་མཁའི་དཔེ་ལྟ་བུ། །དྲན་པའི་འོད་ཀྱིས་རྣམ་ཐར་འདི་མཐོང་ངོ་། །དུས་གསུམ་བསྐལ་པ་མཐའ་དང་མུ་མེད་པ། །སྤུ་གཅིག་རྩེ་ལ་རང་བྱུང་རྣམས་

སྟོན་ཏོ། །དེ་དག་འབྱུང་འཇིག་ཇི་ལྟ་བ་ཡང་སྟོན། །འདི་ནི་འཕགས་པའི་དབྱངས་ཀྱིས་རབ་ཏུ་ཤེས། །ཕྱོགས་རྣམས་ནམ་མཁའི་མཐའ་ནི་རྙེད་པར་རུང་། །རྒྱལ་བའི་སྤུ་གཅིག་མཐའ་ནི་ཐུག་པ་མེད། །དེ་ལྟར་སངས་རྒྱས་ཆགས་མེད་བསམ་མི་ཁྱབ། །

ཡིད་འོང་འོད་ཀྱི་གཙུག་གིས་དེ་མཐོང་ངོ་། །སྔོན་གྱི་རྒྱལ་བས་བསྐལ་པ་བསམ་ཡས་པར། །མི་སྐྱོའི་ཐུགས་ཀྱིས་བརྩོན་འགྲུས་རབ་བསྐྱེད་དེ། །ཕ་རོལ་ཕྱིན་པ་རྒྱ་ཆེན་རབ་ཏུ་བསྐང་། །དེ་ནི་དགའ་དང་ལྡན་པའི་རྣམ་ཐར་ཏོ། །འགྲོ་བ་རྣམས་ཀྱི་ལས་ཀྱི་རང་

เล่ม ๓๕ · หน้า 20a

བཞིན་རྒྱུ། །བསམ་གྱིས་མི་ཁྱབ་སངས་རྒྱས་མ་ལུས་གསུང་། །དྲི་མེད་རྣམ་དག་ཆོས་ཉིད་དེ་ཡང་སྟོན། །དེ་ལ་མེ་ཏོག་འོད་ཀྱི་གཙུག་ཕུད་འཇུག །རྒྱལ་བའི་སྤུ་གཅིག་རྩེ་ལ་འགྲོ་བ་རྣམས། །ཐམས་ཅད་སྙེད་ཀྱི་གཟུགས་ཀྱི་སྒོ་ལ་ལྟོས། །

འོན་ཀྱང་འགྲོ་ཞིང་འོང་བ་དེ་ལ་མེད། །རྣམ་ཐར་དེ་ནི་ཕྱོགས་སུ་སྣང་བས་མཐོང་། །དེ་ལ་ལྷའི་རྒྱལ་པོ་རབ་དགའ་ལྡན་གྱི་རྣམ་པར་ཐར་པ་ནི། སངས་རྒྱས་ཐམས་ཅད་ཀྱི་མཚན་གྱི་འཁོར་ལོ་ཕུན་སུམ་ཚོགས་པ་མངོན་པར་བསྒྲུབ་པ་ལ་འཇུག་པ་ཞེས་བྱའོ། །ལྷའི་བུ་

དགའ་བ་རྒྱ་མཚོའི་གཙུག་ཕུད་ཀྱི་རྣམ་པར་ཐར་པ་ནི། ནམ་མཁའི་དབྱིངས་དྲི་མ་མེད་པའི་འོད་ཅེས་བྱའོ། །ལྷའི་བུ་ཡོན་ཏན་མཆོག་གི་རྒྱལ་མཚན་གྱི་རྣམ་པར་ཐར་པ་ནི། སྨོན་ལམ་རྒྱ་མཚོ་དྲི་མ་མེད་པས་འགྲོ་བ་རབ་ཏུ་ཞི་བ་བྱེད་པ་ལ་འཇུག་པ་ཞེས་བྱའོ། །ལྷའི་བུ་

འོད་ཟེར་ཞི་བའི་འོད་ཀྱི་རྣམ་པར་ཐར་པ་ནི། ཆོས་རྗེས་སུ་བསྲུང་བའི་སྒོ་ཀུན་ཏུ་བསྟན་པས་སྣང་བ་ཞེས་བྱའོ། །ལྷའི་བུ་རབ་ཏུ་དགའ་བའི་མིག་གི་རྣམ་པར་ཐར་པ་ནི། ཀུན་ནས་ཉོན་མོངས་པའི་ཁམས་ནམ་མཁའི་དབྱིངས་ལྟར་དྲི་མ་མེད་པར་ཡོངས་སུ་སྦྱོང་བ་ཞེས་བྱའོ། །

ལྷའི་བུ་རིན་ཆེན་འོད་ཟེར་ཟླ་བའི་རྣམ་པར་ཐར་པ་ནི། འགྲོ་བ་རྣམ་པར་གདུལ་བ་ཟད་མི་ཤེས་པ་མངོན་པར་བསྒྲུབ་པའི་སྙིང་པོ་ཞེས་བྱའོ། །ལྷའི་བུ་རྣམ་པར་གནོན་པས་རབ་ཏུ་བརྩོན་པའི་རྣམ་པར་ཐར་པ་ནི། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་བརྩོན་ཞིང་ཡང་དག་པར་

བྱང་ཆུབ་མངོན་པར་བསྒྲུབ་པ་ཞེས་བྱའོ། །ལྷའི་བུ་རྡོ་རྗེ་མདོག་གི་འོད་བཟང་པོའི་རྣམ་པར་ཐར་པ་ནི། བྱང་ཆུབ་ཀྱི་སེམས་བསྐྱེད་པ་མི་ཤིགས་པར་བརྟན་པའི་རྒྱུན་ཐམས་ཅད་དགའ་བས་ཡང་དག་པར་སྡུད་པ་ཞེས་བྱའོ། །ལྷའི་བུ་སྐར་མས་བརྒྱན་པའི་དཔལ་གྱི་

རྣམ་པར་ཐར་པ་ནི། སངས་རྒྱས་འབྱུང་བ་ཐམས་ཅད་ཀྱི་དྲུང་དུ་ཉེ་བར་འགྲོ་ཞིང་ཕྱོགས་བཅུའི་སེམས་ཅན་རྩལ་གྱིས་རྣམ་པར་གནོན་པའི་འདུལ་བ་ཞེས་བྱའོ། །ལྷའི་བུ་དགའ་བ་བཟང་པོ་སྣ་ཚོགས་ཀྱི་རྣམ་པར་ཐར་པ་ནི། བསམ་པ་རྒྱ་མཚོ་མཐའ་དང་དབུས་མེད་པ་སེམས་

เล่ม ๓๕ · หน้า 20b

སྐད་ཅིག་གིས་ཡོངས་སུ་བསྟན་པ་ལ་མངོན་པར་ཕྱོགས་པའི་སྣོད་ཡང་དག་པར་སྟོན་པ་ཞེས་བྱའོ། །དེ་ནས་ལྷའི་རྒྱལ་པོ་རབ་དགའ་ལྡན་གྱིས་སངས་རྒྱས་ཀྱི་མཐུས་དགའ་ལྡན་གྱི་རིས་སུ་གཏོགས་པའི་ལྷའི་བུའི་འཁོར་ཐམས་ཅད་ལ་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་

བཅད་པ་འདི་དག་སྨྲས་སོ། །ཆོས་དབྱིངས་དམ་པ་དེ་བཞིན་གཤེགས་པ་སྟེ། །སེམས་ཅན་ཀུན་དང་མཉམ་ཉིད་མཉམ་པར་འགྱུར། །བསམ་པ་སྣ་ཚོགས་རྒྱལ་བའི་ཆོས་ཉིད་དེ། །དྲི་མེད་བསམ་གྱིས་མི་ཁྱབ་རབ་ཏུ་འཇུག །སངས་རྒྱས་སྐུ་ནི་ཕྱོགས་ལ་ཐོགས་

པ་མེད། །གཟུང་བ་མེད་ཅིང་ཆགས་པ་གང་ཡང་མེད། །འགྲོ་བའི་གཟུགས་ཀྱི་སྒོ་རྣམས་ཀུན་ལ་སྣང་། །རྣམ་ཐར་དེ་ལ་དགའ་བའི་གཙུག་ཕུད་འཇུག །སྨོན་ལམ་རྒྱ་མཚོས་ཇི་ལྟར་རྣམ་སྦྱངས་པའི། །སྔོན་གྱི་རྒྱལ་བའི་སྤྱོད་པ་རྣམས་ལ་ལྟོས། །ཐམས་ཅད་

ཆོས་ཀྱི་དཀྱིལ་འཁོར་ཡོངས་སུ་རྒྱས། །དེ་ཡི་ཚུལ་ལ་ཡོན་ཏན་རྒྱ་མཚོ་འཇུག །བདེ་གཤེགས་ཆོས་སྐུ་བསམ་གྱིས་མི་ཁྱབ་སྟེ། །ཆོས་ཀྱི་དབྱིངས་ནི་མིག་ཡོར་མཚན་ཉིད་དོ། །ཐམས་ཅད་ཆོས་ཀྱི་འོད་ཟེར་སྣང་བ་གཏོང་། །ཞི་བའི་འོད་ཟེར་སྣང་བས་འདི་

ལྟར་མཐོང་། །འགྲོ་བ་ཉོན་མོངས་ལས་ཀྱི་མུན་པས་བསྒྲིབས། །འཇིགས་དོགས་བག་མེད་དྲེགས་པའི་ཡུལ་ཅན་ལ། །རྒྱལ་བ་ཞི་བའི་ཆོས་ཉིད་རབ་ཏུ་སྟོན། །དགའ་བ་བཟང་པོའི་མིག་གིས་དགའ་བར་མཐོང་། །མགོན་པོ་འཇིག་རྟེན་ཐམས་ཅད་སྐྱབས་གྱུར་ཅིང་། །

གནས་དང་མགོན་དུ་གྱུར་པ་རབ་འབྱུང་སྟེ། །རྒྱལ་བ་སེམས་ཅན་ཀུན་ལ་བདེ་བ་སྟོན། །དེ་ཡི་ཚུལ་ལ་རྩེ་མོའི་ཟླ་བ་འཇུག །སངས་རྒྱས་ཐམས་ཅད་སྤྱོད་ཡུལ་བསམ་མི་ཁྱབ། །ཆོས་དབྱིངས་དམ་པ་དེ་བཞིན་གཤེགས་པ་སྟེ། །ཐམས་ཅད་ཆོས་དབྱིངས་

ཕ་རོལ་ཕྱིན་པ་བརྙེས། །དེ་ནི་བརྩོན་པའི་བློ་གྲོས་དགའ་བའོ། །ཕྱོགས་བཅུ་དག་ན་སེམས་ཅན་སྣོད་གྱུར་ཅིང་། །བསོད་ནམས་རྒྱ་མཚོས་རྣམ་དག་སྤྱོད་ཡུལ་ཅན། །སངས་རྒྱས་ཡོན་ཏན་ཐོས་ཤིང་བྱང་ཆུབ་འཇུག །རྡོ་རྗེ་རྡུལ་གྱི་འོད་ནི་འདི་ལྟར་སེམས། །ཞིང་

เล่ม ๓๕ · หน้า 21a

རྣམས་རྒྱ་མཚོའི་རྡུལ་དང་མཉམ་པ་ཡི། །ཕྱོགས་བཅུའི་རྒྱལ་སྲས་རྟག་ཏུ་ཀུན་འདུ་ཞིང་། །རྒྱལ་བ་མཆོད་ཅིང་ཆོས་ཉིད་ཉན་པར་བྱེད། །བརྒྱན་པའི་དཔལ་ནི་རྣམ་ཐར་འདི་ལ་འཇུག །འགྲོ་བ་རྒྱ་མཚོའི་སེམས་ནི་བསམ་མི་ཁྱབ། །

གནས་མེད་གཡོ་བ་མེད་ཅིང་རྟེན་པ་མེད། །ཐམས་ཅད་སྐད་ཅིག་གཅིག་ལ་རྒྱལ་བས་མཁྱེན། །དགའ་བ་སྣ་ཚོགས་དགའ་བར་འདི་མཐོང་ངོ་། །དེ་ལ་ལྷའི་རྒྱལ་པོ་རབ་མཚེ་མའི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་མྱ་ངན་བསལ་བ་དགེ་བའི་སྒོ་ཡང་

དག་པར་འབྱུང་བ་ཞེས་བྱའོ། །ལྷའི་བུ་དགའ་བ་བདེ་བའི་འོད་ཀྱི་རྣམ་པར་ཐར་པ་ནི། དམིགས་པ་ཐམས་ཅད་ཁྱབ་པར་བྱེད་པའི་ཡུལ་ཞེས་བྱའོ། །ལྷའི་བུ་བློ་གྲོས་མི་ཟད་པའི་ཡོན་ཏན་དཔལ་གྱི་རྣམ་པར་ཐར་པ་ནི། ནད་ཐམས་ཅད་རྣམ་པར་སེལ་ཅིང་ཕན་པར་སྙིང་

རྗེ་བའི་དཀྱིལ་འཁོར་ཅེས་བྱའོ། །ལྷའི་བུ་འཕྲུལ་པ་བཟང་ཞིང་དགེ་བའི་རྣམ་པར་ཐར་པ་ནི། བུད་མེད་ཐམས་ཅད་འདུལ་བའི་བསམ་པ་རྗེས་སུ་རྟོགས་པའི་ཚུལ་ལ་འཇུག་པ་ཞེས་བྱའོ། །ལྷའི་བུ་ས་དང་རི་བོའི་འོད་ཀྱི་རྣམ་པར་ཐར་པ་ནི། ཆོས་ཐམས་ཅད་གཟུང་བ་ལ་

རྨོངས་པ་མེད་པའི་གཟུངས་ཀྱི་སྒོ་བདེ་བར་སྣང་བ་ཞེས་བྱའོ། །ལྷའི་བུ་བསམ་གྱིས་མི་ཁྱབ་པའི་བློ་གྲོས་ཀྱི་རྣམ་པར་ཐར་པ་ནི། དམིགས་པའི་ཡུལ་ཐམས་ཅད་ལས་ཀྱི་རང་བཞིན་བསམ་གྱིས་མི་ཁྱབ་པའི་ཚུལ་ལ་འཇུག་པ་ཞེས་བྱའོ། །ལྷའི་བུ་འཁོར་ལོའི་གཙུག་

གི་རྣམ་པར་ཐར་པ་ནི། ཆོས་ཀྱི་འཁོར་ལོའི་ཤུགས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་བགྲང་བའི་ཚུལ་ལ་འཇུག་པ་ཞེས་བྱའོ། །ལྷའི་བུ་གཟི་བརྗིད་འོད་འཕྲོའི་རྣམ་པར་ཐར་པ་ནི། ཁམས་ཐམས་ཅད་ཀྱི་མཐར་འགྲོ་བས་མིག་ཤིན་ཏུ་ཡངས་པའི་དཀྱིལ་

འཁོར་གྱིས་ཀུན་ཏུ་བལྟ་བ་ཞེས་བྱའོ། །ལྷའི་བུ་འོད་རྣམ་པར་སྣང་བའི་རྣམ་པར་ཐར་པ་ནི། ལས་ཀྱི་དམིགས་པ་དང་འགྲོགས་པའི་བདུད་ཀྱི་ལས་ཐམས་ཅད་ཟློག་པ་ཞེས་བྱའོ། །ལྷའི་བུ་གྲགས་པའི་ཕྱོགས་སུ་རྣམ་པར་ལྟ་བའི་རྣམ་པར་ཐར་པ་ནི། ལྷའི་གནས་

เล่ม ๓๕ · หน้า 21b

ཐམས་ཅད་ཀྱི་འཁོར་དུ་དགོས་པ་མྱོང་བར་བྱ་བ་ལ་སེམས་རབ་ཏུ་དང་བ་ཞེས་བྱའོ། །དེ་ནས་ལྷའི་རྒྱལ་པོ་རབ་མཚེ་མས་སངས་རྒྱས་ཀྱི་མཐུས་རབ་མཚེ་མའི་དཀྱིལ་འཁོར་ཐམས་ཅད་ལ་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བསྐལ་པ་རྒྱ་མཚོ་

ཡངས་པ་རྒྱ་ཆེན་དུ། །འགྲོ་བའི་ཉོན་མོངས་རྒྱ་མཚོ་ཡོངས་སྦྱངས་པའི། །དྲི་མེད་ལམ་ནི་ཡེ་ཤེས་དཀྱིལ་འཁོར་རྣམས། །ཡང་དག་བརྙེས་པའི་སྒྲོན་མས་རབ་ཏུ་བསྟན། །རྒྱལ་བའི་སྐུ་ནི་མཐའ་ཡས་རྒྱ་ཆེ་སྟེ། །ཕྱོགས་བཅུར་མུ་མཐའ་རྙེད་པར་ཡོངས་མི་རུང་། །

ཚུལ་རྣམས་ཀུན་གྱིས་སངས་རྒྱས་ཚད་མེད་དེ། །དེ་ལ་དགའ་བ་བདེ་བའི་འོད་འཇུག་གོ །ནད་དང་རྒ་བ་འཆི་བ་མྱ་ངན་གྱིས། །འཇིག་རྟེན་གཙེས་ཤིང་རབ་ཏུ་གདུང་བ་རྣམས། །དེ་དག་ཀུན་ལ་ཐུགས་རྗེའི་དཀྱིལ་འཁོར་ཅན། །སངས་རྒྱས་བློ་གྲོས་ཟད་པ་མེད་པས་

མཐོང་། །ཡེ་ཤེས་སྒྱུ་མ་སངས་རྒྱས་ཐུགས་སུ་ཆུད། །དུས་གསུམ་ཀུན་ལ་ཆགས་པ་མི་མངའ་སྟེ། །འགྲོ་བ་ཐམས་ཅད་སྤྱོད་པ་རབ་ཏུ་མཁྱེན། །འདི་ནི་འཕྲུལ་པ་དགེ་བའི་སྤྱོད་ཡུལ་ལོ། །སངས་རྒྱས་དབུས་དང་མཐའ་མེད་གཟུགས་རྣམས་དང་། །

ཐ་དད་ཡང་དག་ཤེས་པ་རྒྱ་མཚོ་གསུང་། །ཆོས་ཀྱི་འཁོར་ལོ་ཡང་དག་རབ་ཏུ་བསྐོར། །འདི་ནི་ས་ཡི་རི་འོད་རྣམ་ཐར་ཏོ། །སངས་རྒྱས་ཆོས་ཀྱི་རང་བཞིན་རྒྱ་ཆེན་སྟོན། །ཆོས་རྣམས་ཐུགས་སུ་ཆུད་པས་རྣམ་པར་དག །ཐམས་ཅད་ཆོས་ཀྱི་ཡུལ་ནི་བསམ་

ཡས་ཏེ། །བློ་གྲོས་བསམ་ཡས་ཚུལ་ལས་འདི་ཡིན་ནོ། །སེམས་ཅན་ཐམས་ཅད་སྡུག་བསྔལ་ཞི་བྱེད་པའི། །བསམ་གྱིས་མི་ཁྱབ་ཚུལ་གྱི་འཁོར་ལོ་བསྐོར། །བྱང་ཆུབ་སྤྱོད་པ་རྒྱ་ཆེན་རྣམས་ཀྱང་སྟོན། །འཁོར་ལོ་ལྟ་བ་འདི་ཡི་ས་ལ་འཇུག །རྒྱལ་

བའི་སྐུ་ནི་སེམས་ཅན་གྲངས་བཞིན་དུ། །སྤྲུལ་པས་འཇིག་རྟེན་ཡོངས་སུ་ཁྱབ་མཛད་དེ། །འགྲོ་བ་ཀུན་ལ་མངོན་པར་ཀུན་ན་གནས། །གཟི་བརྗིད་འོད་འཕྲོའི་སྤྱོད་ཡུལ་འདི་ཡིན་ནོ། །སངས་རྒྱས་མཐོང་བ་ཙམ་གྱིས་འགྲོ་བ་ཡི། །ལས་ཀྱི་སྒྲིབ་པ་ཐམས་ཅད་

เล่ม ๓๕ · หน้า 22a

བཟློག་པར་འགྱུར། །བདུད་ཀྱི་ལས་རྣམས་ཀུན་ཀྱང་དེ་བཞིན་སྤོང་། །རྣམ་སྣང་འོད་ཀྱི་སྤྱོད་ཡུལ་འདི་ཡིན་ནོ། །རྒྱ་མཚོའི་འཁོར་རྣམས་ཐམས་ཅད་ཀུན་ཏུ་ཡང་། །རྒྱལ་བ་བཞུགས་པས་མངོན་པར་རབ་ཏུ་མཛེས། །ཆོས་

ཀྱི་སྤྲིན་ཆེན་ཆར་ཡང་རབ་འབེབས་ཏེ། །གྲགས་པ་ཀུན་ཏུ་གྲགས་པའི་རྣམ་ཐར་ཏོ། །དེ་ལ་ལྷའི་དབང་པོ་བརྒྱ་བྱིན་གྱི་རྣམ་པར་ཐར་པ་ནི། དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་དང་། རྣམ་པར་འཇིག་པ་རྒྱ་ཆེན་པོ་རྗེས་སུ་དྲན་པ་

ཡིད་ལ་བྱ་བ་དགའ་བ་ཆེན་པོའི་ཤུགས་ཤེས་བྱའོ། །ལྷའི་བུ་སྒྲ་ཀུན་ཏུ་གྲགས་པའི་དབང་ཕྱུག་དཀྱིལ་འཁོར་གྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་གཟུགས་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུའི་ཡོན་ཏན་ཏུ་ཡོངས་སུ་སྤྱོད་པའི་ཤུགས་ཀྱི་སྙིང་པོ་ཞེས་

བྱའོ། །ལྷའི་བུ་བྱམས་པར་ལྟ་བའི་གཙུག་ཕུད་ཀྱི་རྣམ་པར་ཐར་པ་ནི། བྱམས་པའི་སྤྲིན་གྱིས་ཀུན་ཏུ་ཁེབས་པར་བྱེད་པའི་བྱིན་གྱི་རླབས་ཀྱིས་ཁྱབ་པར་བྱེད་པ་ཞེས་བྱའོ། །ལྷའི་བུ་རིན་པོ་ཆེའི་འོད་ཀུན་ཏུ་གྲགས་པའི་རྒྱལ་མཚན་གྱི་རྣམ་པར་ཐར་པ་ནི། འཇིག་

རྟེན་ཐམས་ཅད་ཀྱི་ཡོན་ཏན་དང་། མཐུ་དང་སེམས་ཅན་གྱི་རྣམ་པ་སངས་རྒྱས་རྗེས་སུ་དྲན་པའི་སྒོ་ཀུན་ནས་འཇུག་པ་ཞེས་བྱའོ། །ལྷའི་བུ་དགའ་བདེ་འབྱུང་བའི་གཙུག་ཕུད་ཀྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་གཞལ་མེད་ཁང་རྣམ་པར་བལྟ་བའི་བསོད་

ནམས་ཡང་དག་པར་འབྱུང་བའི་བྱིན་གྱིས་རླབས་ཤེས་བྱའོ། །ལྷའི་བུ་དྲན་པ་ཡིད་དུ་འོང་བའི་རྣམ་པར་ཐར་པ་ནི། སངས་རྒྱས་སྐྱེ་བ་འབྱུང་བ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་རྗེས་སུ་དྲན་པ་རྣམ་པར་སྒོམ་པ་ཞེས་བྱའོ། །ལྷའི་བུ་རི་བོའི་སྒྲའི་དཔལ་གྱི་

རྣམ་པར་ཐར་པ་ནི། འཇིག་རྟེན་འཇིག་པ་དང་། འདུ་བ་དང་བསྐལ་པའི་མེ་ཡོངས་སུ་འཕོ་བའི་ཡེ་ཤེས་ཀྱི་རྒྱན་ཅེས་བྱའོ། །ལྷའི་བུ་དྲན་པ་དང་ལྡན་པའི་རྣམ་པར་ཐར་པ་ནི། མ་འོངས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་འབྱུང་བ་སེམས་ཅན་གདུལ་བའི་རྒྱུ་དྲན་པའི་རིམ་

เล่ม ๓๕ · หน้า 22b

པ་ཞེས་བྱའོ། །ལྷའི་བུ་མེ་ཏོག་དྲི་མ་མེད་ཅིང་ཡིད་དུ་འོང་བའི་འོད་ཀྱི་རྣམ་པར་ཐར་པ་ནི། ལྷའི་བུ་དགའ་བ་ཐམས་ཅད་ལ་རྩེ་བ་རྗེས་སུ་དྲན་པའི་རིམ་པ་ཞེས་བྱའོ། །ལྷའི་བུ་ཡེ་ཤེས་ཉི་མའི་མིག་གི་རྣམ་པར་ཐར་པ་ནི། ལྷའི་བུ་ཐམས་ཅད་སྐྱེ་བར་རབ་ཏུ་བརྗོད་པའི་དགེ་བ་

ལ་རྨོངས་པ་མེད་པ་ཞེས་བྱའོ། །ལྷའི་བུ་ཡང་དག་པར་བསྐུལ་བའི་འོད་ཀྱི་དབང་ཕྱུག་གི་རྣམ་པར་ཐར་པ་ནི། ལྷའི་འཁོར་ཐམས་ཅད་ཡང་དག་པར་བསྐུལ་ཞིང་ཕན་ཚུན་དོགས་པའི་ཐེ་ཙོམ་རྣམ་པར་གདོན་མི་ཟ་བར་གཅོད་པ་ཞེས་བྱའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་

སངས་རྒྱས་ཀྱི་མཐུས་སུམ་ཅུ་རྩ་གསུམ་པའི་རིས་ཀྱི་ལྷའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་རྣམ་པར་བལྟས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་དང་། །དེ་དག་སྤྱོད་ཡུལ་རྒྱ་ཆེན་དེ་དག་དང་། །དེ་

དག་ཞིང་འབྱུང་འཇིག་པ་ཇི་བཞིན་དྲན། །རྒྱལ་བའི་མཐུ་ཡིས་དེ་དག་དྲི་མེད་སྣང་། །སངས་རྒྱས་སྐུ་མང་ཕྱོགས་སུ་རྒྱས་བྱས་ཤིང་། །མཉམ་མེད་གཟུགས་ཀུན་འགྲོ་ལ་ཕན་པའི་ཕྱིར། །རྒྱལ་བ་ཀུན་ནས་ལྷམ་མེ་ལྷང་ངེ་སྟེ། །གྲགས་པའི་དཀྱིལ་འཁོར་འོད་

ཀྱིས་འདི་མཐོང་ངོ་། །བྱམས་པ་རྒྱ་མཚོའི་ཚུལ་ནི་རྒྱ་ཆེ་ཞིང་། །ཤིན་ཏུ་ཡངས་པས་འགྲོ་བ་ཀུན་བཀང་ནས། །སྔོན་བསྒོམས་སེམས་ཅན་མཐའ་ཡས་ཁམས་ཀྱང་བཏུལ། །དྲི་མེད་མིག་གི་གཙུག་ཕུད་འདི་མཐོང་ངོ་། །བདེ་གཤེགས་ཡོན་ཏན་རྒྱ་མཚོ་དེ་

དྲན་པས། །བདག་གི་དགའ་བ་ཡང་དག་འབྱུང་སྐྱེས་ཏེ། །སངས་རྒྱས་འཇིག་རྟེན་ཀུན་ན་མཉམ་མེད་མཆོག །འདི་ནི་གྲགས་རྒྱལ་དྲི་མེད་རྣམ་ཐར་ཏོ། །ལས་དགེ་རྒྱ་མཚོས་འགྲོ་བ་ཀུན་བཀང་ཞིང་། །དྲི་མེད་མ་ལུས་རྒྱལ་བས་བསྟན་པ་མཛད། །དེ་ལས་

བསོད་ནམས་ཡངས་པ་ཀུན་བྱུང་སྟེ། །དགའ་བདེ་གཙུག་ཕུད་ཚུལ་ནི་འདི་ཡིན་ནོ། །སངས་རྒྱས་སྐྱེ་བ་ཡངས་པས་ཕྱོགས་བཀང་ཞིང་། །བདེ་གཤེགས་འགྲོ་བ་རྒྱས་པས་མངོན་ཏུ་འགྱུར། །དེ་དག་རྒྱ་ཆེན་སེམས་ཅན་འདུལ་ལ་ལྟོས། །དེ་ཡི་ཚུལ་ལ་དྲན་པའི་རྒྱན་

เล่ม ๓๕ · หน้า 23a

འཇུག་གོ །བདེ་གཤེགས་ཡེ་ཤེས་སྐུ་མངའ་སྤྱན་ཡངས་པ། །འབྱམ་ཀླས་ཞིང་རྣམས་ཐམས་ཅད་ཀུན་བཞུགས་པ། །འབྱམ་ཀླས་ཞིང་གི་རྡུལ་ལ་ཀུན་ཀྱང་བསྟན། །རྣམ་ཐར་འདི་ལ་སྤྲིན་གྱི་དབྱངས་འཇུག་གོ །རྒྱལ་བའི་སྲས་ཀྱི་

བྱང་ཆུབ་སྤྱོད་པ་དག །ཇི་བཞིན་ཡངས་པ་སྤུ་ཡི་རྩེ་མོ་ལ། །རྒྱལ་བས་དེ་དག་ཚད་མེད་ཕུན་སུམ་བསྟན། །དྲན་པའི་བློ་གྲོས་འདི་ཡི་ཚུལ་མཐོང་ངོ་། །འགྲོ་བ་འདི་ན་རྩེ་དགའ་གང་བདེ་བ། །དེ་དག་ཐམས་ཅད་རྒྱལ་བའི་མཐུ་ཡིས་བྱུང་། །བསོད་ནམས་

མཉམ་མེད་རྒྱལ་བ་བྱུང་ལ་ལྟོས། །འདི་ནི་མེ་ཏོག་སྣ་ཚོགས་དྲི་མེད་ཀྱིའོ། །སེམས་གཅིག་རྒྱུད་ལ་རྒྱལ་བའི་ཡོན་ཏན་གྱི། །བདེ་གཤེགས་ཤིན་ཏུ་རྒྱ་ཆེན་སུས་དྲན་པ། །དེ་ལ་ངན་སོང་ཀུན་གྱི་འཇིགས་པ་མེད། །ཡེ་ཤེས་ཉི་མའི་མིག་གི་རྣམ་ཐར་ཏོ། །

རྒྱལ་བའི་རྫུ་འཕྲུལ་ཆོས་ཉིད་རྒྱ་ཆེ་ཞིང་། །བསམ་པའི་ལས་རྣམས་ཐམས་ཅད་ཀུན་ནས་གནས། །དེ་དག་ཐེ་ཙོམ་ནེམ་ནུར་ཐམས་ཅད་སེལ། །རྣམ་ཐར་འདི་ནི་བརྗོད་དབང་བློ་གྲོས་ཀྱིའོ། །དེ་ལ་ལྷའི་བུ་ཟླ་བའི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་

ཅད་བསྡུ་ཞིང་རྣམ་པར་གདུལ་བའི་སྣང་བས་ཆོས་ཀྱི་དབྱིངས་ཀུན་ནས་དྲི་མ་མེད་པའི་དཀྱིལ་འཁོར་ཅེས་བྱའོ། །ལྷའི་བུ་འོད་ཀྱི་མེ་ཏོག་རྒྱལ་པོའི་གཙུག་ཕུད་ཀྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་ཡུལ་རྣམ་པར་ལྟ་བ་དང་། མཐའ་ཡས་པའི་ཆོས་

འབྱམ་ཀླས་པ་ལ་ཡང་དག་པར་འཇུག་པ་ཞེས་བྱའོ། །ལྷའི་བུ་དཔལ་གྱི་ཚོགས་སྣ་ཚོགས་ཀྱི་རྒྱན་གྱི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་ཀྱི་སེམས་རྒྱ་མཚོ་ཡོངས་སུ་བཟློག་ཅིང་ཕན་ཚུན་གྱི་ཡུལ་དང་དམིགས་པ་ལ་ཡང་དག་པར་སྤྱོད་པ་ཞེས་བྱའོ། །ལྷའི་བུ་

འཇིག་རྟེན་པའི་བདེ་བ་སྣ་ཚོགས་ཀྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་བདེ་བ་བསམ་གྱིས་མི་ཁྱབ་པ་དང་། དགའ་བ་དང་རངས་པ་རྒྱ་ཆེན་པོ་སྐྱེད་པ་ཞེས་བྱའོ། །ལྷའི་བུ་ཤིང་གི་དབང་པོའི་མིག་གི་འོད་ཀྱི་རྣམ་པར་ཐར་པ་ནི། ལོ་ཏོག་ཐམས་ཅད་ཀྱི་མྱུ་གུ་

เล่ม ๓๕ · หน้า 23b

དང་ས་བོན་སྲུང་བ་དང་། དུས་ཡོངས་སུ་བསྒྱུར་བ་ཡང་དག་པར་སྟོན་པ་ཞེས་བྱའོ། །ལྷའི་བུ་འོད་བཟང་པོ་སྟོན་པའི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་མྱོང་བ་ལ་བྱམས་པ་དང་། སྙིང་རྗེའི་སྒོས་ཡོངས་སུ་སྐྱོབ་པ་ཞེས་བྱའོ། །

ལྷའི་བུ་ཀུན་ནས་སྤྱོད་པ་མི་སྒུལ་བའི་འོད་ཀྱི་རྣམ་པར་ཐར་པ་ནི། ཟླ་བ་དྲི་མ་མེད་པ་འཛིན་ཅིང་སྤྱོད་པས་ཕྱོགས་ཡོངས་སུ་འདུས་པ་ཞེས་བྱའོ། །ལྷའི་བུ་སྐར་མའི་རྒྱལ་པོའི་བདག་པོའི་རྣམ་པར་ཐར་པ་ནི། ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ནམ་མཁའི་རང་བཞིན་ལྟར་དངོས་པོ་

མེད་པ་མཚན་ཉིད་མེད་པ་ཞེས་བྱའོ། །ལྷའི་བུ་བློ་དྲི་མ་མེད་པའི་ཟླ་བའི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་སྐྱེ་བ་ཀུན་ཀྱང་ལས་ཀྱི་རང་བཞིན་དུ་ཡང་དག་པར་འཇུག་པ་ཞེས་བྱའོ། །ལྷའི་བུ་གཟི་བརྗིད་ཆེན་པོའི་འོད་ཟེར་མཛེས་པའི་རྣམ་པར་ཐར་པ་ནི། ལྷའི་

དགོས་པ་ཐམས་ཅད་ལ་ཐེ་ཙོམ་ཡང་དག་པར་གཅོད་པ་བརྗོད་པ་ལ་འཇུག་པ་ཞེས་བྱའོ། །དེ་ནས་ལྷའི་བུ་ཟླ་བས་སངས་རྒྱས་ཀྱི་མཐུས་ཟླ་བའི་གཞལ་མེད་ཁང་དུ་གཏོགས་པའི་ལྷའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་རྣམ་པར་བལྟས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་

སྨྲས་སོ། །འགྲོ་བ་ཐམས་ཅད་ཀུན་ཏུ་འོད་བཀྱེ་ཞིང་། །ཕྱོགས་བཅུའི་ཞིང་རྣམས་ཀུན་ཏུ་སངས་རྒྱས་སྣང་། །མུན་པ་ཆེན་པོས་རྨོངས་པའི་འཇིག་རྟེན་དུ། །བསམ་ཡས་རྒྱ་ཆེན་ཆོས་ཀྱི་སྣང་བ་འགྱེད། །སངས་རྒྱས་ཡུལ་ནི་མི་ཟད་མཐའ་ཡས་ཏེ། །འགྲོ་

བ་འདིར་ནི་མཚུངས་མེད་བསྐལ་པར་འཇུག །རང་བྱུང་དེ་དག་སེམས་ཅན་ཀུན་ལ་མངོན། །རྒྱལ་བ་དེ་ལྟར་སྣང་བའི་གཙུག་གིས་མཐོང་། །རྒྱལ་བའི་ཡེ་ཤེས་རྒྱ་ཆེན་དེ་ལ་ལྟོས། །སེམས་ཀྱི་རྒྱ་མཚོ་ཚད་མེད་སྐད་ཅིག་ལ། །ཆོས་ཀྱི་འཁོར་ལོས་ཐམས་ཅད་ཚིམ་

པར་མཛད། །ཆུ་བོ་དཔལ་གྱི་རྣམ་ཐར་འདི་ཡིན་ནོ། །འཕགས་པའི་བདེ་བ་མེད་པའི་འཇིག་རྟེན་རྣམས། །མཐའ་ཡས་སྡུག་བསྔལ་ཉམ་ངས་རྨོངས་པ་ལ། །རྒྱལ་བ་ཆོས་ཉིད་རྣམ་པར་དག་པ་སྟོན། །དགའ་བདེ་སེམས་དཔས་རྣམ་ཐར་འདི་མཐོང་ངོ་། །རྒྱལ་

เล่ม ๓๕ · หน้า 24a

བའི་ཐུགས་རྗེ་རྣམ་དག་ངོ་མཚར་ཆེ། །སྲིད་པའི་རྒྱུད་དུ་འགྲོ་ལ་ཕན་ཕྱིར་འཁོད། །དགེ་བ་རྣམ་པར་མི་འཇིག་སྟོན་མཛད་དེ། །ཤིང་གི་མིག་གི་འོད་ཀྱིས་འདི་མཐོང་ངོ་། །རྒྱལ་བའི་ཆོས་ཀྱིས་འོད་རྣམས་རབ་བཀྱེ་བ། །འཇིག་རྟེན་ལས་ཀྱི་

རང་བཞིན་རྣམ་པར་འབྱེད། །དགེ་དང་མི་དགེའི་ལས་རྣམས་འཇིག་པ་མྱེད། །འོད་བཟང་མཐོང་བ་རྣམ་ཐར་འདི་ལ་འཇུག །འཇིག་རྟེན་ཀུན་ཏུ་རང་བྱུང་ས་ལྟ་བུ། །སེམས་ཅན་ཐམས་ཅད་བསོད་ནམས་གཞིས་བཟུང་ཞིང་། །ཆོས་ཀྱི་ཕྱོགས་རྣམས་མྱ་ངན་མེད་པ་

སྟོན། །སྤྱོད་པ་མི་སྒུལ་ཚུལ་ནི་འདི་ཡིན་ནོ། །ཆོས་དབྱིངས་ཐུག་པ་མེད་པར་རྒྱལ་བས་ཁྱབ། །འགྲོ་དང་མཉམ་པར་བསམ་ཡས་སྐུ་བཀྱེ་སྟེ། །ཆོས་ཀྱི་ཚུལ་ནི་སེམས་ཅན་ཀུན་ལ་སྟོན། །དེ་ཡི་ཚུལ་ལ་གཟི་བརྗིད་བདག་པོ་འཇུག །ནམ་མཁའི་དངོས་ལྟར་

དངོས་མེད་འགྲོ་བ་ན། །གཟུགས་བརྙན་མཉམ་པའི་སངས་རྒྱས་རྣམས་སྣང་བ། །འགྲོ་བ་ཀུན་ལ་ཕན་པའི་དོན་ཏུ་བྱུང་། །དགེ་བའི་དཔལ་གྱིས་རྣམ་ཐར་འདི་མཐོང་ངོ་། །སངས་རྒྱས་སྐུ་ཡི་སྤུ་རྩེ་ཀུན་ནས་ཀྱང་། །འགྲོ་བ་ཀུན་ལ་ཆོས་སྤྲིན་མ་ལུས་གསུང་། །

ཐོས་ནས་དགའ་བ་རྒྱ་ཆེན་རབ་ཏུ་བསྐྱེད། རྣམ་ཐར་འདི་ལ་དག་པའི་སེམས་འཇུག་གོ །དེ་ལ་ལྷའི་བུ་ཉི་མའི་རྣམ་པར་ཐར་པ་ནི། སེམས་ཅན་གྱི་དགོས་པ་ཐམས་ཅད་ལ་ཕྱི་མའི་མཐར་ཐུག་པའི་བསྐལ་པ་དྲི་མ་མྱེད་པའི་སྣང་བས་ཕྱོགས་བཅུ་རྒྱས་པར་བྱེད་པའི་རྒྱན་

ཅེས་བྱའོ། །ལྷའི་བུ་གཟི་བརྗིད་ཀྱི་འོད་ཟེར་འབར་བའི་མིག་གི་རྣམ་པར་ཐར་པ་ནི། སེམས་ཅན་ཀུན་ལ་དབང་བསྒྱུར་བ། རྗེས་སུ་བསྙགས་པའི་ཡོངས་སུ་སྦྱངས་པས། ཤིན་ཏུ་འཕགས་པ་ཞེས་བྱའོ། །ལྷའི་བུ་རི་བོའི་རྒྱལ་མཚན་གྱི་འོད་ཀྱི་རྣམ་པར་ཐར་པ་ནི།

སེམས་ཅན་ཐམས་ཅད་ལ་དབང་བསྒྱུར་བའི་ཡོན་ཏན་མཐའ་ཡས་པ་ཡོངས་སུ་སྦྱོང་བས་ཤིན་ཏུ་འཕགས་པ་ཞེས་བྱའོ། །ལྷའི་བུ་རིན་ཆེན་དྲི་མེད་རྨད་དུ་བྱུང་བའི་རྣམ་པར་ཐར་པ་ནི། བརྟུལ་ཞུགས་དང་དཀའ་ཐུབ་ཐམས་ཅད་ལ་བདེ་བར་འཇུག་པ་ཞེས་བྱའོ། །ལྷའི་བུ་

เล่ม ๓๕ · หน้า 24b

ཕྱིར་མི་ལྡོག་པར་རབ་ཏུ་གནོན་པའི་རྣམ་པར་ཐར་པ་ནི། ཉི་མའི་འོད་ཆགས་པ་མེད་པས་ཀུན་ཏུ་རྒྱས་པར་བྱེད་ཅིང་འགྲོ་བ་ཐམས་ཅད་ཀྱི་མདངས་ཡང་དག་པར་འབྱུང་བ་ཞེས་བྱའོ། །ལྷའི་བུ་མེ་ཏོག་ཕྲེང་བའི་འོད་ཀྱི་དཔལ་གྱི་རྣམ་པར་ཐར་པ་ནི། ཉི་མའི་འོད་དྲི་མ་མེད་པས་

སེམས་ཅན་གྱི་དགོས་པ་ལ་སྣང་བ་རྒྱ་ཆེན་པོ་དང་དགའ་བའི་ཤུགས་དང་མོས་པ་རྒྱ་མཚོ་ཡང་དག་པར་འབྱུང་བ་ཞེས་བྱའོ། །ལྷའི་བུ་འོད་ཀྱི་དཔལ་སྣང་བའི་རྒྱལ་མཚན་གྱི་རྣམ་པར་ཐར་པ་ནི། འཇིག་རྟེན་ཐམས་ཅད་ཀྱི་འོད་རྣམ་པ་སྣ་ཚོགས་བསོད་ནམས་ཀྱི་ཚོགས།

རྣམ་པ་ཐ་དད་པས་ཡང་དག་པར་བསྒྲུབ་པ་ཞེས་བྱའོ། །ལྷའི་བུ་རིན་ཆེན་གཙུག་ཕུད་རྣམ་པར་སྣང་བའི་རྣམ་པར་ཐར་པ་ནི། རྒྱ་མཚོའི་དབྱིངས་སུ་རིན་པོ་ཆེ་སྣ་ཚོགས་ཐམས་ཅད་འགྲེམས་ཤིང་ཡུལ་དུ་མའི་གཟུགས་ཡང་དག་པར་སྟོན་པ་ཞེས་བྱའོ། །ལྷའི་

བུ་མིག་ཀུན་ཏུ་སྣང་བའི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་ཀྱི་མིག་གི་དབང་པོ་ཡོངས་སུ་སྦྱོང་ཞིང་རྣམ་པར་ལྟ་བའི་ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་ཞེས་བྱའོ། །ལྷའི་བུ་དཔལ་གྱི་བེའུ་འཛིན་པའི་རྣམ་པར་ཐར་པ་ནི། ཆུའི་རྒྱུད་ཐམས་ཅད་ཡོངས་སུ་སྦྱོང་ཞིང་རྣམ་

པར་འཇིག་པ་མེད་པ་འབྱུང་བ་ཞེས་བྱའོ། །ལྷའི་བུ་སྒོ་ཐམས་ཅད་སྐྱོམ་པའི་དཔལ་གྱི་འོད་ཀྱི་རྣམ་པར་ཐར་པ་ནི། ཉི་མའི་གཞལ་མེད་ཁང་གིས་ཕྱོགས་སུ་འཇུག་པ་དང་། སེམས་ཅན་ཐམས་ཅད་ཀྱི་དགོས་པ་ལ་སྣང་བ་ཡོངས་སུ་སྐྱོབ་པ་ཞེས་བྱའོ། །དེ་ནས་ལྷའི་

བུ་ཉི་མས་སངས་རྒྱས་ཀྱི་མཐུས་ཉི་མའི་རིས་སུ་གཏོགས་པའི་ལྷའི་བུའི་འཁོར་དུ་གཏོགས་པའི་དཀྱིལ་འཁོར་ཐམས་ཅད་ལ་རྣམ་པར་བལྟས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བདེ་གཤེགས་ཡེ་ཤེས་ཤིན་ཏུ་ཡངས་པའི་འོད། །ཕྱོགས་རྣམས་

ཀུན་ཏུ་ཐམས་ཅད་ཞིང་བཀང་ཞིང་། །འགྲོ་བ་ཐམས་ཅད་སངས་རྒྱས་མངོན་བསྟན་ཏེ། །ཐབས་ཀྱི་སྒོ་ནས་སེམས་ཅན་རྣམ་པར་འདུལ། །རྒྱལ་བའི་ཡོན་ཏན་རྒྱ་མཚོ་རྣམས་ཡངས་པ། །བསམ་པ་ཐམས་ཅད་ཡོངས་སུ་བཀང་བསྟན་ཞིང་། །འགྲོ་བ་འདིར་ནི་ཤེས་

เล่ม ๓๕ · หน้า 25a

རབ་མཉམ་མེད་བརྗོད། །གཟི་བརྗིད་འོད་ཀྱིས་རྣམ་ཐར་འདི་མཐོང་ངོ་། །རྒྱལ་བ་སངས་རྒྱས་ཀུན་ཏུ་རབ་འཕགས་པ། །ཕྱོགས་རྣམས་རྒྱས་པར་ཀུན་ནས་མཛེས་ཤིང་སྣང་། །རྒྱལ་བའི་སྐུ་ནི་མི་མཉམ་དཔག་ཏུ་མེད། །རི་རབ་འོད་མཆོག་

རྣམ་ཐར་འདི་ཡིན་ནོ། །མཐའ་ཡས་སྲིད་པར་བསྐལ་པ་རྒྱ་མཚོར་ཡང་། །རྒྱལ་བས་འགྲོ་དོན་བརྟུལ་ཞུགས་སྤྱད་པས་ན། །དེ་ཕྱིར་སངས་རྒྱས་འོད་ནི་ནམ་མཁའ་བཞིན། །ཟླ་བའི་དཔལ་གྱིས་རྒྱལ་བའི་སྐུ་མཐོང་ངོ་། །རྒྱལ་བའི་གསུང་མཆོག་ཆགས་མེད་

རྣམ་གྲོལ་བས། །ཕྱོགས་དང་ཞིང་རྣམས་ཐམས་ཅད་མ་ལུས་རྒྱན། །འགྲོ་བར་ཆོས་ཀྱི་རོ་རྣམས་བསགས་པའི་རྒྱུ། །འདི་དག་བརྩོན་འགྲུས་བཟང་པོས་རབ་ཏུ་ཤེས། །འོད་ཀྱི་དྲ་བ་བསམ་ཡས་བཏང་བས་ན། །ཕྱོགས་རྣམས་ཀུན་ཏུ་སེམས་ཅན་

རྣམ་པར་སྤྱོད། །མོས་པ་རྒྱ་ཆེན་ཡངས་པ་རབ་ཏུ་བསྐྱེད། །ཕྲེང་བ་སྣང་བའི་དཔལ་གྱི་རྣམ་ཐར་ཏོ། །འགྲོ་བ་དག་ན་ཇི་སྙེད་འོད་ཡོད་པ། །དེ་དག་རྒྱལ་བའི་སྤུ་གཅིག་དཔེར་མི་རུང་། །སངས་རྒྱས་འོད་རྣམས་དེ་ལྟར་བསམ་མི་ཁྱབ། །འདི་ནི་སྣང་བའི་

འོད་ཀྱི་རྣམ་ཐར་ཏོ། །རྒྱལ་བ་ཀུན་གྱི་ཆོས་ཉིད་འདི་འདྲ་སྟེ། །ཐམས་ཅད་ཕྱོགས་སུ་བྱང་ཆུབ་ཤིང་དབང་དྲུང་། །ལམ་ངན་སོང་ལ་ལམ་རྣམས་མངོན་དུ་སྟོན། །གཙུག་ཕུད་སྣ་ཚོགས་རྣམ་པར་སྣང་བས་མཐོང་། །འགྲོ་བ་གཏི་མུག་མུན་པར་ནུབ་གྱུར་པ། །

སྡུག་བསྔལ་ཅན་ལ་རྒྱལ་བ་མིག་སྐྱེས་ཤིང་། །དེ་དག་ཡེ་ཤེས་སྒྲོན་མས་རབ་ཏུ་བསྟན། །རྣམ་ཐར་འདི་ནི་མིག་བཟང་སྣང་བས་མཐོང་། །ཐམས་ཅད་ཚུལ་གྱིས་རྣམ་ཐར་རང་བྱུང་བ། །གང་དུ་གང་ཚེ་མཆོད་པ་གཟིགས་པ་ན། །ཐར་པའི་འབྲས་བུ་རིམ་

གྱིས་རབ་ཏུ་སྟོན། །འདི་ནི་སྣང་བའི་དཔལ་གྱི་ཚུལ་དང་ས། །ཆོས་རྣམས་གཅིག་གི་སྒོ་ནས་མཐའ་ཡས་པའི། །བསྐལ་པ་སྟོང་དུ་མི་མགོན་རབ་ཏུ་སྣང་། །ཆོས་ཀྱི་དོན་ཡངས་ཕྱོགས་རྣམས་ཀུན་ཏུ་སྟོན། །འདི་ནི་ཀུན་ཏུ་དཔལ་གྱི་རྣམ་ཐར་ཏོ། །དེ་ལ་དྲི་

เล่ม ๓๕ · หน้า 25b

ཟའི་རྒྱལ་པོ་གནས་སྲུང་པོའི་རྣམ་པར་ཐར་པ་ནི། ཀུན་ཏུ་རྩེ་བའི་ཐབས་ཐམས་ཅད་ཀྱིས་སེམས་ཅན་སྡུད་པའི་སྤྱོད་པ་ཞེས་བྱའོ། །དྲི་ཟའི་དབང་པོ་ཤིང་མི་འམ་ཅིའི་འོད་ཀྱི་རྣམ་པར་ཐར་པ་ནི། ཆགས་པ་ཐམས་ཅད་ཀྱི་ཡོན་ཏན་རྣམ་པར་བརྒྱན་པས་ཀུན་ཏུ་སྣང་བ་ཞེས་བྱའོ། །

དྲི་ཟའི་དབང་པོ་མིག་གཙང་མ་དགའ་བ་རབ་ཏུ་སྐྱེ་བའི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་ཀྱི་མྱ་ངན་རྣམ་པར་ཟློག་པས་དགའ་བའི་སྙིང་པོ་ཞེས་བྱའོ། །དྲི་ཟའི་དབང་པོ་མེ་ཏོག་དང་ཤིང་ཤིན་ཏུ་རྒྱས་པའི་ཅོད་པན་གྱི་རྣམ་པར་ཐར་པ་ནི། འགྲོ་བའི་ལྟ་བ་དང་ཉོན་མོངས་པ་ཐམས་

ཅད་རྣམ་པར་འཇིལ་བ་ཞེས་བྱའོ། །དྲི་ཟའི་དབང་པོ་དགའ་བས་སྤྱོད་པ་ཀུན་ཏུ་སྒྲོག་པའི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་ལ་ཁ་ན་མ་ཐོ་བ་མེད་པའི་སྤྲིན་གྱི་འོད་ཅེས་བྱའོ། །དྲི་ཟའི་དབང་པོ་རབ་ཏུ་དགའ་བ་རྒྱུན་དུ་གནས་པའི་མིག་བཟང་པོའི་རྣམ་

པར་ཐར་པ་ནི། དགའ་བ་ཐམས་ཅད་རབ་ཏུ་གནས་པ་ཡངས་པ་ལ་མོས་པའི་སྙིང་པོ་ཞེས་བྱའོ། །དྲི་ཟའི་དབང་པོ་ཡིད་དུ་འོང་བའི་དབྱངས་སེང་གེའི་རྒྱལ་མཚན་གྱི་རྣམ་པར་ཐར་པ་ནི། རིན་པོ་ཆེ་དགྲམ་པས་ཕྱོགས་ཐམས་ཅད་ཁྱབ་པ་ཞེས་བྱའོ། །དྲི་ཟའི་དབང་པོ་

འོད་ཟེར་ཀུན་ཏུ་འགྱེད་པའི་འོད་ཀྱི་རྣམ་པར་ཐར་པ་ནི། དགེ་བའི་ལུས་ཐམས་ཅད་ཡང་དག་པར་བསྟན་པས་དགའ་བ་ཤིན་ཏུ་རྒྱས་པའི་འོད་ཅེས་བྱའོ། །དྲི་ཟའི་དབང་པོ་རྡོ་རྗེ་ཤིང་གི་ཡལ་གའི་རྒྱལ་མཚན་གྱི་རྣམ་པར་ཐར་པ་ནི། ཤིང་ཐམས་ཅད་ཀྱི་མདངས་འབྱུང་བས་

རབ་ཏུ་དགའ་བའི་མིག་ཀུན་ཏུ་སྣང་བ་ཞེས་བྱའོ། །དྲི་ཟའི་དབང་པོ་རྒྱན་ཐམས་ཅད་ལ་དགའ་བའི་རང་བཞིན་གྱི་ཚུལ་སྟོན་པའི་རྣམ་པར་ཐར་པ་ནི། སངས་རྒྱས་ཀྱི་ཡུལ་ཐམས་ཅད་རྣམ་པར་དཔྱོད་ཅིང་སེམས་ཅན་གྱི་སྒོ་རབ་ཏུ་བརྗོད་པ་ཞེས་བྱའོ། །དེ་ནས་དྲི་ཟའི་

དབང་པོ་གནས་སྲུང་པོས་སངས་རྒྱས་ཀྱི་མཐུས་དྲི་ཟའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སངས་རྒྱས་སྤྱོད་ཡུལ་མཐའ་ཡས་སྒོ་ཅན་ཡང་། །འགྲོ་བ་ཀུན་གྱིས་འཇུག་པར་ནུས་པ་མིན། །བདེ་གཤེགས་

เล่ม ๓๕ · หน้า 26a

ནམ་མཁའི་རང་བཞིན་དྲི་མ་མེད། །རྒྱལ་བ་འགྲོ་བ་ཀུན་ཏུ་ལམ་ཡང་སྟོན། །རྒྱལ་བའི་ཡོན་ཏན་རྒྱ་མཚོ་ཚད་མེད་དེ། །བ་སྤུ་ཁུང་བུ་ཀུན་ནའང་ཤིན་ཏུ་ཡང་། །འགྲོ་བ་ཀུན་ལ་ཕན་དང་བདེ་དོན་མཛད། །ཡིད་འོང་ཤིང་གི་འོད་ནི་

འདི་སྟོན་ཏོ། །འགྲོ་བའི་དོན་ནི་རྒྱ་མཚོ་ཡངས་མང་དང་། །སྡུག་བསྔལ་མ་ལུས་རྒྱལ་བས་ཟློག་པ་མཛད། །ཐབས་དང་ཐུགས་རྗེ་རྣམ་པ་སྣ་ཚོགས་མངའ། །དགེ་བའི་མིག་ནི་རྣམ་ཐར་འདི་སྟོན་ཏོ། །ཕྱོགས་རྣམས་རྒྱ་མཚོ་མཐའ་ཡས་ཞིང་གི་རྣམས། །

ཀུན་ཏུ་རྒྱལ་བའི་འོད་རབ་སྣང་བར་འཆར། །སེམས་ཅན་ལྟ་བའི་དྲི་མ་རྣམ་པར་སྦྱོང་། །མེ་ཏོག་ཤིང་གི་གཙུག་ཕུད་ཅོད་པན་ཚུལ། །སྔོན་ཅད་རྒྱལ་བ་རྒྱ་མཚོ་རབ་མང་བར། །བྱམས་པའི་ཚུལ་ཡང་ཡོངས་སུ་བསྒོམས་པས་ན། །རྒྱལ་བ་འགྲོ་བ་ཀུན་གྱི་དབུགས་ཀྱང་འབྱིན། །

ཀུན་ཏུ་སྒྲ་དབྱངས་འདི་ཡི་ཚུལ་ལ་འཇུག །རྒྱལ་བ་མཐོང་བས་དགའ་བ་ཀུན་དགེ་དང་། །འགྲོ་བ་འདིར་ནི་མི་ཟད་བདེ་བ་འབྱུང་། །ཐར་པའི་འབྲས་བུ་རྒྱུ་རྣམས་རིམ་གྱིས་སྟོན། །མུ་ཏིག་ཅོད་པན་རྣམ་ཐར་འདི་སྟོན་ཏོ། །སྒྲིབ་དང་རབ་རིབ་གཏི་མུག་སྟུག་པོར་ནི། །

སེམས་ཅན་འཁོར་ཚེ་རྟག་ཏུ་ཤིན་ཏུ་རྨོངས། །དེ་ལ་རྒྱལ་བ་ཆོས་ཉིད་ཡངས་པ་སྟོན། །སེང་གེའི་རྒྱལ་མཚན་འདི་ལ་རབ་ཏུ་འཇུག །འགྲོ་བ་ཀུན་དང་མཉམ་པ་མཐའ་ཡས་ཀྱང་། །བདེ་གཤེགས་གཟུགས་རྣམས་རབ་ཏུ་ཡངས་པ་སྟོན། །འགྲོ་བར་ཐབས་རྣམས་

སྣ་ཚོགས་སྒོ་ནས་སྣང་། །དེ་ལྟར་དབྱངས་སྙན་བདེ་བར་གཤེགས་པ་མཐོང་། །ཐམས་ཅད་མཁྱེན་པའི་ཚུལ་གྱིས་ཕྱོགས་མཐའ་ཡས། །སེམས་ཅན་དག་ལ་རྒྱས་པར་རྒྱལ་བས་བསྟན། །བྱང་ཆུབ་སྤྱོད་མཆོག་འཇུག་པའི་ཚུལ་ཡིན་ཏེ། །རྡོ་རྗེ་ཤིང་གི་

རྒྱལ་མཚན་རྣམ་པར་སེམས། །སྐད་ཅིག་གཅིག་གིས་བསྐལ་པ་བརྒྱ་མང་བ། །སངས་རྒྱས་སྟོན་ཀྱང་འཕོ་བ་ཡོད་མེད་དེ། །སེམས་ཅན་རྣམས་ཀྱི་བདེ་བ་ཐམས་ཅད་སྐྱེད། །དགའ་བ་མཐོང་བའི་རྣམ་ཐར་ཚུལ་འདི་ཡིན། །དེ་ལ་གྲུལ་བུམ་གྱི་དབང་པོའཕགས་

เล่ม ๓๕ · หน้า 26b

སྐྱེས་པོའི་རྣམ་པར་ཐར་པ་ནི། མདུད་པར་འཛིན་པ་བྱུང་བ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་འོད་ཅེས་བྱའོ། །གྲུལ་བུམ་གྱི་དབང་པོ་ཀླུ་བདག་གི་རྣམ་པར་ཐར་པ་ནི། སྒོ་མཐའ་ཡས་པར་སྤྱོད་པ་རྒྱ་མཚོ་ལ་སྤྱོད་པ་ཞེས་བྱའོ། །གྲུལ་བུམ་གྱི་དབང་པོ་ལེགས་པར་སྤྱད་པའི་རྒྱལ་

མཚན་གྱི་རྣམ་པར་ཐར་པ་ནི། རྒྱུད་ཐམས་ཅད་དུ་འཇིག་རྟེན་གྱི་བསམ་པ་རྒྱ་མཚོ་སྙེད་ཀྱི་སྒོ་ཞེས་བྱའོ། །གྲུལ་བུམ་གྱི་དབང་པོ་ཕན་པར་སྤྱོད་པར་འཕར་བའི་རྣམ་པར་ཐར་པ་ནི། སྣང་བ་དྲི་མ་མེད་པའི་བྱ་བ་ལ་ཀུན་ནས་སྤྱོད་པར་གནས་པ་ཞེས་བྱའོ། །གྲུལ་བུམ་གྱི་དབང་

པོ་འཇིགས་པ་ལས་བསྒྲལ་བའི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་གདོན་པའི་ལམ་འཇིགས་པ་མེད་པའི་རྒྱན་ཅེས་བྱའོ། །གྲུམ་བུམ་གྱི་དབང་པོ་རྩལ་སྣ་ཚོགས་བཟང་པོའི་རྣམ་པར་ཐར་པ་ནི། འགྲོ་བ་མཐའ་ཡས་པའི་སྲེད་པ་རྒྱ་མཚོས་ཡོངས་སུ་གདུང་བ་ཞི་བར་བྱེད་པ་

ཞེས་བྱའོ། །གྲུལ་བུམ་གྱི་དབང་པོ་རི་རབ་ལེགས་པར་བྱུང་བའི་རྣམ་པར་ཐར་པ་ནི། འགྲོ་བ་རྒྱུད་ཐམས་ཅད་དུ་སྣང་བའི་སྤྲིན་ཡང་དག་པར་འབྱུང་བ་ཞེས་བྱའོ། །གྲུལ་བུམ་གྱི་དབང་པོ་སྡེ་དཔའི་རྣམ་པར་ཐར་པ་ནི། ཀུན་ནས་སྣང་བས་སྒྲིབ་པའི་རི་ཡང་དག་པར་འཇོམ་པ་

ཞེས་བྱའོ། །གྲུལ་བུམ་གྱི་དབང་པོ་དགེ་བའི་མིག་གི་འོད་ཟེར་མཐའ་ཡས་པའི་རྣམ་པར་ཐར་པ་ནི། སྙིང་རྗེ་ཆེན་པོ་ཕྱིར་མི་ལྡོག་པའི་སྙིང་པོ་འབྱུང་བ་ཞེས་བྱའོ། །གྲུལ་བུམ་གྱི་དབང་པོ་ལྷ་དང་ལྷ་མ་ཡིན་སྒོ་མཐའ་ཡས་པའི་མིག་གི་རྣམ་པར་ཐར་པ་ནི། རྒྱུད་ཀུན་ཏུ་ལུས་

ཡང་དག་པར་སྟོན་པར་འགྲོ་བའི་ཡུལ་ཞེས་བྱའོ། །དེ་ནས་གྲུལ་བུམ་གྱི་དབང་པོ་འཕགས་སྐྱེས་པོས་སངས་རྒྱས་ཀྱི་མཐུས། གྲུལ་བུམ་གྱི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །འཇིག་རྟེན་

མགོན་པོ་བཟོད་པའི་སྟོབས་དང་ལྡན། །འགྲོ་ལ་ཕན་དོན་བསྐལ་པ་བསམ་ཡས་སྤྱོད། །ང་རྒྱལ་དྲེགས་མྱོས་སྤངས་པས་འཇིག་རྟེན་ཁམས། །ཀུན་ན་རྒྱལ་བའི་སྐུ་གསལ་རབ་ཏུ་མཛེས། །སྔོན་ཅད་རྒྱལ་བས་སྤྱོད་པ་རྒྱ་མཚོ་དག །སྤྱད་དེ་ཐབས་མང་ཚོགས་པས་

เล่ม ๓๕ · หน้า 27a

ཕན་བསྐྱེད་ནས། །ཕྱོགས་བཅུར་མཐའ་ཡས་སེམས་ཅན་སྨིན་པར་མཛད། །རྣམ་པར་ཐར་པ་འདི་ནི་ཀླུ་བདག་གིའོ། །སངས་རྒྱས་ཡེ་ཤེས་ཡངས་པ་འགྲོ་བའི་མགོན། །དེ་ནི་སེམས་ཅན་བསམ་པ་ཀུན་ཀྱང་གསལ། །སྣ་ཚོགས་འཕྲུལ་

སྒོས་སེམས་ཅན་རྣམ་པར་འདུལ། །རྒྱལ་བ་མཐོང་བས་སྣ་ཚོགས་རྒྱལ་མཚན་དགའ། །སངས་རྒྱས་རྫུ་འཕྲུལ་ཡུལ་དག་གཟུགས་བརྙན་འདྲ། །འཇིག་རྟེན་ཀུན་ན་ཕྱི་མཐའི་བསྐལ་པར་གནས། །ཆོས་ཀྱི་འཁོར་ལོ་མཁའ་འདྲ་ཡང་དག་དངོས། །

དེ་ནི་ཕན་སྤྱོད་རྒྱུ་བས་མཐོང་བ་ཡིན། །མི་བཟད་རབ་རིབ་བསྒྲིབས་པའི་འཇིག་རྟེན་དུ། །རྒྱལ་བའི་འོད་བསྟན་རྣམ་ཐར་ལམ་དགེ་སྟོན། །མགོན་དང་སྐྱབས་གྱུར་སྡུག་བསྔལ་ཐམས་ཅད་སྤོང་། །འཇིགས་ལས་སྒྲོལ་བས་རྣམ་ཐར་འདི་མཐོང་ངོ་། །སྲེད་

པ་རྒྱ་མཚོས་གདུངས་འགྲོ་སྡུག་བསྔལ་བ། །རྒྱལ་བའི་ཡེ་ཤེས་འོད་ཀྱིས་མ་ལུས་ཞི། །སྦྱངས་ཤིང་རྒྱལ་བ་སངས་རྒྱས་ཆོས་ཉིད་སྟོན། །སྣ་ཚོགས་ཁྱིམ་ནི་རྣམ་ཐར་འདི་ལ་འཇུག །འགྲོ་བ་འབྱམ་ཀླས་ཀུན་ན་སངས་རྒྱས་སྐུ། །ཐབས་སྒོ་ཚོགས་

པས་སེམས་ཅན་འདུལ་བ་སྣང་། །ཆོས་སྤྲིན་ཆར་འབེབས་གསུང་གི་འབྲུག་སྒྲ་སྒྲོག །རྣམ་ཐར་འདི་ནི་རི་རབ་བློ་གྲོས་ཀྱིའོ། །སངས་རྒྱས་འོད་ནི་དྲི་མེད་འགྲོ་ཀུན་ཏུ། །དོན་ཡོད་འགྲོ་བའི་སྒྲིབ་ཀུན་ཀུན་ནས་སོལ། །སངས་རྒྱས་ཡོན་ཏན་སྣང་མཛད་སྒྲ་

ཡང་འབྱིན། །རྣམ་ཐར་མཐའ་ཡས་ཚུལ་འདི་དཔའ་སྡེས་མཐོང་། །བསྐལ་པ་སྔ་ཚེ་ཐུགས་རྗེའི་སྒོ་མང་བ། །འགྲོ་ཀུན་ཕན་བདེའི་དོན་ཏུ་རྒྱལ་བས་བསྒོམས། །འབྱམ་ཀླས་སྣ་ཚོགས་ཐབས་ཀྱིས་སྡུག་བསྔལ་བསལ། །དེ་ནི་མཐའ་ཡས་དགེ་བའི་ཟེར་གྱིས་མཐོང་། །

རྒྱལ་བའི་སྐུ་ནི་མཐའ་ཡས་ཀུན་ཏུ་རྒྱུ། །འཇིག་རྟེན་ཀུན་ཏུའང་བྱོན་དང་བཞུད་མི་མངའ། །ཀུན་ནས་རང་བྱུང་རྣམ་པར་འཕྲུལ་པ་སྣང་། །དེ་ནི་ལྷ་དབང་མཐའ་ཡས་སྒོ་ཡིས་མཐོང་། །དེ་ལ་ཀླུའི་དབང་པོ་མིག་མི་བཟང་གི་རྣམ་པར་ཐར་པ་ནི། ཀླུའི་འགྲོ་བའི་རྒྱུད་ཐམས་

เล่ม ๓๕ · หน้า 27b

ཅད་ཀྱི་འབར་བ་ཞི་བར་བྱས་པས་ཡོངས་སུ་སྐྱོབ་པ་ཞེས་བྱའོ། །ཀླུའི་རྒྱལ་པོ་རྒྱ་མཚོའི་རྣམ་པར་ཐར་པ་ནི། སེམས་སྐད་ཅིག་གིས་བསམ་གྱིས་མི་ཁྱབ་པའི་སེམས་ཅན་དང་ཀླུ་རབ་ཏུ་ཞི་བར་བྱ་བའི་ལུས་དང་། ཁ་དོག་རབ་ཏུ་སྟོན་པ་ཞེས་བྱའོ། །ཀླུའི་རྒྱལ་པོ་

སྤྲིན་སྒྲ་སྣ་ཚོགས་ཀྱི་རྒྱལ་མཚན་གྱི་རྣམ་པར་ཐར་པ་ནི། སྲིད་པའི་རྒྱུད་ཐམས་ཅད་དུ་མིང་གི་འཁོར་ལོ་རྒྱ་མཚོ་མཐའ་ཡས་པ་དགེ་བའི་ང་རོར་སྒྲོག་པ་ཞེས་བྱའོ། །ཀླུའི་རྒྱལ་པོ་འོད་འཕྲོ་བའི་སྒོ་རྒྱ་མཚོས་རབ་ཏུ་སྣང་བའི་རྣམ་པར་ཐར་པ་ནི། འཇིག་རྟེན་གྱི་ཁམས་རབ་ཏུ་

བཀོད་ཅིང་རྣམ་པར་དབྱེ་བ་དང་། སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་ལ་དམིགས་པ་ཡང་དག་པར་སྟོན་པའི་སྦྱོར་བ་ཞེས་བྱའོ། །ཀླུའི་རྒྱལ་པོ་ཀུན་ནས་རིའི་སྤྲིན་གྱི་རྒྱལ་མཚན་གྱི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་ལ་བསོད་ནམས་རྒྱ་མཚོ་ཡང་དག་པར་བསྟན་པའི་དགའ་

བའི་ཤུགས་ཤིན་ཏུ་ཡངས་པ་ཞེས་བྱའོ། །ཀླུའི་རྒྱལ་པོ་འཇོག་པོའི་རྣམ་པར་ཐར་པ་ནི། འཇིགས་པའི་སྒྲ་སྐད་ཐམས་ཅད་ཡོངས་སུ་སྐེམ་པའི་སྐྱབས་དྲི་མ་མེད་པ་ཞེས་བྱའོ། །ཀླུའི་རྒྱལ་པོ་མཐའ་ཡས་པར་འགྲོ་བའི་རྣམ་པར་ཐར་པ་ནི། གཟུགས་ཀྱི་སྤྲིན་རྒྱ་ཆེན་

པོ་ཤིན་ཏུ་སྟོན་ཅིང་བསྐལ་པར་བྱིན་གྱི་རློབ་པའི་བརྩོན་འགྲུས་ཤེས་བྱའོ། །ཀླུའི་རྒྱལ་པོ་མཛོད་སྤུའི་གཟི་བརྗིད་དྲི་མ་མེད་པའི་ཤུགས་ཀྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ལ་དགའ་བའི་ཤུགས་ཡངས་པ་དང་ཡང་དག་པར་མོས་པ་རྒྱ་མཚོ་ཤིན་ཏུ་འབྱུང་བ་ཞེས་བྱའོ། །

ཀླུའི་རྒྱལ་པོ་ཀུན་ཏུ་སྤྱོད་པ་རྒྱ་ཆེན་པོའི་དབྱངས་ཀྱི་རྣམ་པར་ཐར་པ་ནི། སྒྲ་ཐམས་ཅད་འབྱུང་བ་ལ་ཡང་དག་པར་གཞོལ་ཞིང་ཡིད་དུ་འོང་བས་ཐོགས་པ་མེད་པར་ཀུན་ཏུ་རྒྱས་པར་བྱེད་པ་ཞེས་བྱའོ། །ཀླུའི་རྒྱལ་པོ་མ་དྲོས་པའི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་ཀྱི་སྡུག་

བསྔལ་རྒྱ་མཚོ་ལ་སྙིང་རྗེའི་སྒོ་ཀུན་ནས་སྤྲིན་གྱིས་འགེངས་ཤིང་རབ་ཏུ་ཞི་བ་དང་། ཡོངས་སུ་དག་པར་བྱེད་པ་ཞེས་བྱའོ། །དེ་ནས་ཀླུའི་རྒྱལ་པོ་ཆེན་པོ་མིག་མི་བཟང་གིས་སངས་རྒྱས་ཀྱི་མཐུས། ཀླུའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་རྣམ་པར་བལྟས་ནས། དེའི་ཚེ་ཚིགས་

เล่ม ๓๕ · หน้า 28a

སུ་བཅད་པ་འདི་དག་སྨྲས་སོ། །རྒྱལ་བ་ཀུན་གྱི་ཆོས་ཉིད་དེ་དག་ལྟོས། །དྲང་སྲོང་ཆེན་པོ་འགྲོ་བ་ཀུན་གྱི་སྐྱབས། །མི་བཟད་ཀླུ་ཡི་རྒྱུད་དུ་ལྷུང་བ་རྣམས། །བྱམས་པའི་སྟོབས་ཀྱིས་རིམ་གྱིས་འདོན་པ་མཛད། །འགྲོ་བ་ཀུན་སྙེད་གཟུགས་

ཀྱི་སྒོ་རྣམས་ཀྱང་། །རྒྱལ་བས་སྤུ་གཅིག་རྩེ་ལ་མངོན་པར་བསྟན། །ཐམས་ཅད་རྡུལ་ལ་འཕྲུལ་གྱིས་མངོན་པར་འཕྲུལ། །རྒྱལ་བའི་རྣམ་ཐར་རྒྱ་མཚོའི་ཀླུ་ཡིས་མཐོང་། །རྒྱལ་བ་དེ་ཡི་རྫུ་འཕྲུལ་མཐའ་ཡས་ཏེ། །སངས་རྒྱས་མཚན་ཀྱང་འགྲོ་སྙེད་རྒྱ་མཚོའོ། །

དེ་དག་སེམས་ཅན་བསམ་པ་ཇི་བཞིན་ཉན། །སྤྲིན་སྒྲའི་རྒྱལ་མཚན་དེ་འདྲའི་རྣམ་ཐར་ལྡན། །ཁྲོ་བ་རྒྱ་མཚོར་འགྲོ་བ་འདི་དག་ཀུན། །བསྒྲིབས་ཤིང་གཡོགས་པའང་ཁྲོ་བའི་རྒྱ་མཚོར་ཏེ། །དེ་ལ་རང་བྱུང་བྱམས་དང་ཐུགས་རྗེས་འཛིན། །འདི་ནི་འོད་འཕྲོ་སྒོ་

ཡི་ཀླུ་ཡིས་མཐོང་། །འགྲོ་བ་ཀུན་གྱི་བསོད་ནམས་མཐུ་ཡི་རྣམས། །སངས་རྒྱས་སྤུ་གཅིག་རྩེ་ལ་མངོན་པར་སྟོན། །བསོད་ནམས་འཇུག་པ་རྒྱ་མཚོ་ཀུན་ཀྱང་བསྟན། །འདི་ནི་རི་བོ་སྤྲིན་གྱི་ཀླུ་ཡིས་མཐོང་། །འཇིགས་པ་ཆེས་མནར་སེམས་ཅན་སྡུག་བསྔལ་བ། །

རྒྱལ་བའི་འོད་ཆེན་ཤིན་ཏུ་ཡངས་པས་བསྐྱབས། །སྤུ་ཡི་སྒོ་ནས་ཡིད་འོང་སྒྲ་ཡང་འབྱུང་། །རྣམ་ཐར་འདི་ནི་འཇོག་པོ་ཀླུ་ཡིས་མཐོང་། །དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱི། །སྐུ་ནི་སངས་རྒྱས་ཉིད་ཀྱི་སྐུ་ལ་བསྟན། །དེ་བཞིན་བསྐལ་པ་བརྒྱུད་

པའི་ཞིང་མང་ཡང་། །མཐའ་ཡས་གོམས་པའི་ཀླུ་ཡིས་དེ་མཐོང་ངོ་། །རྒྱལ་བས་སྤུ་གཅིག་རྫུ་འཕྲུལ་མཐའ་ཡས་བཀང་། །ཞིང་མང་མཐའ་ཡས་ཀུན་ཀྱང་དེར་ཞུགས་ཏེ། །དེ་ན་བཞུགས་པར་རྒྱལ་བ་འཁོར་གྱིས་མཐོང་། །རྣམ་ཐར་དེ་ནི་འོད་འབར་ཀླུ་ཡིའོ། །

ཇི་སྙེད་རྒྱལ་བ་རྒྱ་མཚོ་མཆོད་བྱས་པའི། །སྔོན་གྱི་རྒྱལ་བའི་ཆོས་ཉིད་རབ་མཐོང་ཞིང་། །དེ་ལ་དགའ་བ་རྒྱ་མཚོ་རྣམ་པར་བསྐྱེད། །ཤུགས་ལམ་ཀླུ་ནི་འདི་ལ་རབ་ཏུ་འཇུག །རང་བྱུང་གསུང་གི་ཡན་ལག་ཐམས་ཅད་ཀྱི། །འགྲོ་བ་ཐམས་ཅད་ཆོས་

เล่ม ๓๕ · หน้า 28b

ཀྱིས་ངོམས་པར་མཛད། །རྒྱལ་བའི་གསུང་ནི་ཞི་ཞིང་དགའ་འགྱུར་བ། །དེ་ནི་ཀུན་ཏུ་སྤྱོད་པའི་ཀླུས་ཐོས་སོ། །སྲིད་པ་ཀུན་ཏུ་སྡུག་བསྔལ་གཟིར་མཐོང་ནས། །ཉོན་མོངས་ལས་ཀྱིས་འཁོར་ཞིང་མགོན་མེད་པ། །སངས་རྒྱས་ཐུགས་རྗེ་ཆེན་པོས་རབ་ཏུ་འགྲོལ། །

རྣམ་ཐར་འདི་ནི་མ་དྲོས་ཀླུས་མཐོང་ངོ་། །དེ་ལ་རྒྱལ་པོ་ཆེན་པོ་ངལ་བསོས་པོའི་རྣམ་པར་ཐར་པ་ནི། དགའ་བའི་སྒོ་རྣམ་པར་བལྟ་བའི་ཡུལ་གྱི་རྒྱུད་ཀྱིས་ཕན་པར་སྦྱོར་བ་ཞེས་བྱའོ། །གནོད་སྦྱིན་གྱི་དབང་པོ་དབྱངས་ཆེན་དབང་ཕྱུག་གི་རྣམ་པར་ཐར་པ་ནི། སྒོ་ཐམས་ཅད་

ལ་དབང་བྱེད་པས་རྣམ་པར་ལྟ་ཞིང་། སེམས་ཅན་ལ་ཕན་པར་སྦྱོར་བས་ཡོངས་སུ་སྐྱོབ་པ་ཞེས་བྱའོ། །གནོད་སྦྱིན་གྱི་དབང་པོ་ས་ལ་ཤིན་ཏུ་གཏུམ་པའི་མཚོན་ཆའི་རྣམ་པར་ཐར་པ་ནི། གཏུམ་པ་དང་དྲག་ཤུལ་གྱི་རྒྱུན་ལས་བསྲུང་བ་ཀུན་ནས་མང་པོ་འབྱུང་བ་ཞེས་བྱའོ། །

གནོད་སྦྱིན་གྱི་དབང་པོ་བློ་གྲོས་ཆེན་པོའི་རྣམ་པར་ཐར་པ་ནི། འཕགས་པའི་ཡོན་ཏན་གྱི་དཀྱིལ་འཁོར་ཐམས་ཅད་ཀྱི་རྗེས་སུ་མཐོང་བ་ལ་རྣམ་པར་བལྟ་བས་དགའ་བ་དང་མོས་པར་སྤྱོད་པ་ཞེས་བྱའོ། །གནོད་སྦྱིན་གྱི་དབང་པོ་མིག་འོད་འཕྲོ་བའི་བདག་པོའི་རྣམ་པར་ཐར་པ་ནི།

སེམས་ཅན་ཐམས་ཅད་ལ་ཤེས་རབ་དང་ཡེ་ཤེས་དང་། སྙིང་རྗེ་རྣམ་པར་ལྟ་བ་ཞེས་བྱའོ། །གནོད་སྦྱིན་གྱི་དབང་པོ་མིག་རྡོ་རྗེ་ལྟར་བརྟན་པའི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་ལ་ཕན་པ་དང་བདེ་བ་སྣ་ཚོགས་སུ་སྦྱོར་བ་དང་། བསྲུང་བ་མངོན་པར་བསྒྲུབ་པ་ཞེས་

བྱའོ། །གནོད་སྦྱིན་གྱི་དབང་པོ་སྡེ་མཆོག་ཏུ་དཔའ་བའི་རྣམ་པར་ཐར་པ་ནི། ཆོས་ཐམས་ཅད་ཀྱི་དོན་གྱི་དབྱིངས་ལ་ཡང་དག་པར་འཇུག་པའི་མཐུ་ཞེས་བྱའོ། །གནོད་སྦྱིན་གྱི་དབང་པོ་སྡེའི་རྒྱན་ཆེན་པོས་རབ་ཏུ་གནོན་པའི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་ལམ་

ལ་དགོད་པར་གཏི་མུག་མེད་པས་བསྲུང་བ་ཕུན་སུམ་ཚོགས་པ་ཞེས་བྱའོ། །གནོད་སྦྱིན་གྱི་དབང་པོ་དགེ་བའི་ཚོགས་ཀྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཀྱི་དཀྱིལ་འཁོར་རྣམ་པར་སྤེལ་བས་ཀུན་ཏུ་དགའ་བ་མྱོང་བ་ཞེས་བྱའོ། །གནོད་སྦྱིན་གྱི་

เล่ม ๓๕ · หน้า 29a

དབང་པོ་རི་བོའི་སྟོབས་རབ་ཏུ་འཇོམས་པའི་རྣམ་པར་ཐར་པ་ནི། སངས་རྒྱས་ཀྱི་སྟོབས་ཡང་དག་པར་འབྱུང་བ་རྗེས་སུ་ཡེ་ཤེས་ཀྱི་འོད་ཅེས་བྱའོ། །དེ་ནས་རྒྱལ་པོ་ཆེན་པོ་ངལ་བསོས་པོས་སངས་རྒྱས་ཀྱི་མཐུས། གནོད་སྦྱིན་གྱི་འཁོར་གྱི་དཀྱིལ་འཁོར་

ཐམས་ཅད་ལ་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ལྷ་དབང་སེམས་ཅན་མ་རུང་གང་དག་གིས། །བསྐལ་པ་བརྒྱ་མང་སངས་རྒྱས་མི་མཐོང་ཞིང་། །སྲིད་པ་དག་ན་འཁོར་ཞིང་སྡུག་བསྔལ་བ། །དེ་དག་ཡོངས་སུ་དགྲོལ་བར་

སངས་རྒྱས་བྱུང་། །སངས་རྒྱས་སེམས་ཅན་ཕན་དང་བསྐྱབ་པའི་ཕྱིར། །འགྲོ་བ་ཀུན་ལ་མངོན་པར་ཀུན་ན་བཞུགས། །ཉམ་ང་འགྲོ་བའི་འཁོར་ལོ་དག་ནས་འདོན། །འདི་ལ་དབྱངས་ཀྱི་དབང་ཕྱུག་གནོད་སྦྱིན་འཇུག །མི་བཟད་ལས་ཀྱིས་བསྒྲིབས་པའི་སེམས་

ཅན་ལ། །རྒྱལ་བས་ཞི་བའི་ཚུལ་རྣམས་ཤིན་ཏུ་བསྟན། །འགྲོ་བ་རྣམས་ལ་ཆོས་ཀྱི་སྒྲོན་མ་འཛིན། །རྣམ་ཐར་འདི་ནི་གཏུམ་པའི་མཚོན་ཆས་མཐོང་། །རང་འབྱུང་བསྐལ་པ་རྒྱ་མཚོར་སྤྱོད་པའི་ཚེ། །རྒྱལ་བའི་ཡོན་ཏན་ཕྱོགས་བཅུ་ཀུན་ཏུ་གྲགས། །

དེ་བས་རྒྱལ་བའི་གྲགས་པ་ཀུན་ཏུ་གྲགས། །འདི་ནི་བློ་ཆེན་གནོད་སྦྱིན་བདག་པོས་མཐོང་། །རྒྱལ་བའི་ཤེས་རབ་མཁའ་འདྲ་མཐའ་ཡས་ཏེ། །སངས་རྒྱས་ཆོས་སྐུ་བསམ་གྱིས་མི་ཁྱབ་པོ། །དེ་བས་ཐམས་ཅད་ཕྱོགས་སུ་རྣམ་པར་མཛེས། །

འོད་འཕྲོ་མིག་གི་བདག་པོའི་རྣམ་ཐར་ཏོ། །མི་ཡི་དབང་པོ་འགྲོ་བ་ཐམས་ཅད་དུ། །ཡིད་འོང་དབྱངས་སྒྲོག་སྡུག་བསྔལ་ཞི་བར་མཛད། །ཕན་དོན་སྐྱབས་མཛད་ཆོས་རྣམས་ཤིན་ཏུ་བསྟན། །ཚུལ་འདིར་རྡོ་རྗེའི་མིག་ལེགས་རབ་ཏུ་འཇུག །དོན་དབྱིངས་

རྒྱ་ཆེན་ཇི་སྙེད་དེ་དག་ཀུན། །རྒྱ་མཚོའི་མདོ་ཚུལ་འགྲོ་བའི་གྲངས་སྙེད་རྣམས། །མི་ཡི་དབང་པོ་དབྱིངས་གཅིག་སྒོ་ནས་བསྟན། །འདི་ནི་བློ་གྲོས་དཔའ་བོའི་རྣམ་ཐར་ཏོ། །འགྲོ་བ་ལམ་ངན་གནས་པ་ཐམས་ཅད་ལ། །སངས་རྒྱས་བསམ་གྱིས་མི་ཁྱབ་ལམ་

เล่ม ๓๕ · หน้า 29b

སྟོན་ཏེ། །སྣོད་དུ་གྱུར་པའི་འགྲོ་བ་ཀུན་ན་བཞུགས། །འདི་ལ་སློབ་པ་སྡེ་ཡི་རྒྱན་ཡིན་ནོ། །འགྲོ་བའི་བསོད་ནམས་རྒྱུ་བ་ཇི་སྙེད་པ། །རྒྱལ་བའི་འོད་ལ་ཐམས་ཅད་རབ་ཏུ་སྣང་། །སངས་རྒྱས་ཡེ་ཤེས་རྒྱ་མཚོ་བསམ་མི་ཁྱབ། །རྣམ་ཐར་འདི་ནི་གནོད་སྦྱིན་ནོར་བདག་

མཐོང་། །རྒྱལ་བའི་སྟོབས་རྣམས་གང་དུ་ཡོངས་དག་སྟེ། །བདེ་གཤེགས་སྟོབས་རྣམས་ཡོངས་སུ་རྫོགས་པ་ཡི། །སྔོན་གྱི་བསྐལ་པ་བསམ་གྱིས་མི་ཁྱབ་དྲན། །འདི་ནི་རི་བོ་སྟོབས་འཇོམས་རྣམ་ཐར་ཏོ། །དེ་ལ་མི་འམ་ཅིའི་དབང་པོ་ལྷའི་བློ་གྲོས་འོད་ཀྱི་རྣམ་

པར་ཐར་པ་ནི། བྱ་བ་ཐམས་ཅད་ལ་ཡང་དག་པར་རྫོགས་པར་འཇུག་པ་དགའ་བ་འབྱུང་བ་ཞེས་བྱའོ། །མི་འམ་ཅིའི་དབང་པོ་མེ་ཏོག་དཔལ་གྱི་དཀྱིལ་འཁོར་གྱི་རྣམ་པར་ཐར་པ་ནི། དགའ་བ་ཐམས་ཅད་ཀྱི་བདེ་བ་མྱོང་བ་ལས་བླ་ན་མེད་པའི་ཆོས་ཀྱི་དགའ་བ་འབྱུང་བ་ཞེས་

བྱའོ། །མི་འམ་ཅིའི་དབང་པོ་རྒྱན་རྣམ་པ་སྣ་ཚོགས་ཀྱི་རྣམ་པར་ཐར་པ་ནི། ཡོན་ཏན་ཐམས་ཅད་ཀྱིས་ཡང་དག་པར་ངོམས་པས་མོས་པ་རྒྱ་ཆེན་པོ་སྦྱོང་བའི་སྙིང་པོ་ཞེས་བྱའོ། །མི་འམ་ཅིའི་དབང་པོ་ང་རོ་ཡིད་དུ་འོང་བའི་དབྱངས་ཀྱི་རྣམ་པར་ཐར་པ་ནི། སྒྲ་སྙན་ཅིང་

ཡིད་དུ་འོང་བ་ལ་ཐོགས་པ་མེད་པས་ཀུན་ཏུ་སྒྲུབ་པ་ཞེས་བྱའོ། །མི་འམ་ཅིའི་དབང་པོ་ཤིང་རིན་པོ་ཆེའི་ཡལ་གའི་འོད་ཀྱི་རྣམ་པར་ཐར་པ་ནི། སྙིང་རྗེའི་རྒྱུད་ལ་འགྲོ་བ་དགོང་ཅིང་སེམས་ཅན་ཐམས་ཅད་ཡང་དག་པར་བསྐུལ་བ་ལ་དམིགས་པ་ཞེས་བྱའོ། །མི་འམ་ཅིའི་དབང་པོ་

མཐོང་ན་དགའ་ཞིང་སྤྲོ་བར་བྱེད་པའི་རྣམ་པར་ཐར་པ་ནི། གཟུགས་ཀྱི་ལུས་དགེ་བ་ཐམས་ཅད་མངོན་པར་བསྒྲུབ་པ་ཞེས་བྱའོ། །མི་འམ་ཅིའི་དབང་པོ་རྒྱན་གྱི་དཔལ་གྱི་འོད་ཀྱི་རྣམ་པར་ཐར་པ་ནི། ཁྱུ་མཆོག་གི་མཐུ་ཕྱུང་བའི་རྒྱན་ཐམས་ཅད་ཀྱིས་མདངས་རབ་ཏུ་སྐྱེད་

པའི་རང་བཞིན་གྱིས་དགའ་བའི་འོད་ཅེས་བྱའོ། །མི་འམ་ཅིའི་དབང་པོ་མེ་ཏོག་ཚོན་བཟང་པོའི་རྒྱལ་མཚན་གྱི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་ཀྱི་ལས་ཀྱི་རིགས་ལ་རྣམ་པར་ལྟ་ཞིང་ཡང་དག་པར་སྒྲུབ་པའི་འོད་ཅེས་བྱའོ། །མི་འམ་ཅིའི་དབང་པོ་ས་གཞིའི་དཔལ་གྱི་

เล่ม ๓๕ · หน้า 30a

རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་རྩལ་གྱིས་མངོན་པར་སྒྲུབ་པ་ལ་རབ་ཏུ་བརྩོན་པ་ཞེས་བྱའོ། །མི་འམ་ཅིའི་དབང་པོ་དྲག་ཤུལ་གྱི་བདག་པོའི་རྣམ་པར་ཐར་པ་ནི། མི་འམ་ཅིའི་འཁོར་ཐམས་ཅད་ཀྱི་སེམས་ལ་རྣམ་པར་བལྟ་ཞིང་འདྲེན་པའི་འོད་

ཅེས་བྱའོ། །དེ་ནས་མི་འམ་ཅིའི་དབང་པོ་ལྷའི་བློ་གྲོས་འོད་ཀྱིས་སངས་རྒྱས་ཀྱི་མཐུས། མི་འམ་ཅིའི་འཁོར་ཐམས་ཅད་ལ་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཇི་སྙེད་འགྲོ་བ་དག་ན་བདེ་འབྱུང་བ། །དེ་དག་ཐམས་ཅད་རྒྱལ་བ་མཐོང་

བས་འབྱུང་། །མགོན་པོ་དེ་ནི་སྐྱབས་དང་མགོན་ཡིན་ཏེ། །སེམས་ཅན་ཐམས་ཅད་གནས་ཡིན་ཕན་མཛད་པའོ། །སེམས་ཅན་ཀུན་གྱི་མི་ཟད་བདེ་བའི་རྣམས། །ཇི་སྙེད་འབྱུང་བ་རབ་ཏུ་ཡོད་པ་ཀུན། །དེ་དག་ཀུན་ལ་འདྲེན་པ་དོན་ཡོད་དོ། །དེ་ནི་དཔལ་

གྱི་དཀྱིལ་འཁོར་མི་ཅིས་མཐོང་། །སངས་རྒྱས་ཡོན་ཏན་རྒྱ་མཚོ་མི་ཟད་པ། །དེ་ཡི་མཐའ་ནི་འགྲོ་བས་མི་རྙེད་དེ། །ཕྱོགས་རྣམས་ཀུན་ཏུ་རྣམ་པར་མཛེས་ཤིང་འབར། །སྣ་ཚོགས་རྒྱན་གྱི་རྣམ་ཐར་འདི་འདྲའོ། །སེམས་ཅན་ཀུན་གྱི་ཡིད་དུ་

འོང་བ་ཡི། །སྒྲ་དབྱངས་སངས་རྒྱས་ཡང་དག་རྣམ་སྒྲོག་ཅིང་། །མྱ་ངན་མེད་པའི་ཆོས་ཉིད་སྟོན་པ་ནི། །སྒྲ་སྙན་ཡིད་དུ་འོང་བ་མི་ཅིས་ཐོས། །སྔོན་ཅད་དེ་བཞིན་གཤེགས་པས་སྤྱད་པ་ཡི། །རྒྱལ་བའི་རྣམ་པར་འཕྲུལ་པ་བདག་གིས་མཐོང་། །རྒྱ་ཆེན་

ཐུགས་རྗེས་རྣམ་པར་ཤིན་ཏུ་སྦྱངས། །ཤིང་གི་འོད་ཀྱི་མི་འམ་ཅི་ཡིས་མཐོང་། །དེ་བཞིན་གཤེགས་པ་མཐོང་ཞིང་ཐོས་པ་ནི། །འགྲོ་བ་རྣམས་ལ་བསྐལ་པ་བྱེ་བར་དཀོན། །སངས་རྒྱས་མཚན་གྱིས་ཀུན་ནས་ཤིན་ཏུ་བརྒྱན། །དགའ་བདེ་མོས་པར་བྱེད་

པས་འདི་མཐོང་དོན། །བདེ་བར་གཤེགས་པའི་ཡེ་ཤེས་འབྱུང་བ་ནི། །སེམས་ཅན་ཀུན་ཀྱི་བསམ་པ་གཞལ་མཛད་དེ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ཡང་སྟོན། །འདི་ནི་རྒྱན་དབང་མི་འམ་ཅི་ཡིས་མཐོང་། །འབྱམ་ཀླས་ལས་ནི་བསམ་གྱིས་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด