སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ

ชื่อสันสกฤต (อักษรทิเบต ตามตัวบท) བུདྡྷ་ཨ་བ་ཏང་ས་ཀ་ནཱ་མ་མ་ཧཱ་བཻ་པུ་ལྱཾ་སཱུ་ཏྲ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๓๕ · หน้า 30b

མི་ཁྱབ་སྟེ། །དེ་ཕྱིར་སེམས་ཅན་བདེ་དང་སྡུག་བསྔལ་ཀུན། །བདེ་བར་གཤེགས་པས་ཐམས་ཅད་རབ་ཏུ་བསྟན། །མེ་ཏོག་རྒྱལ་མཚན་འདི་ནི་མི་ཅིས་མཐོང་། །སངས་རྒྱས་གཤེགས་ཐབས་རྣམ་པར་འཕྲུལ་པ་ཡང་། །སེམས་ཅན་ཀུན་གྱིས་ཤེས་པར་མི་

ནུས་ཏེ། །ས་རྣམས་ཐམས་ཅད་གཅིག་ཏུ་འདུས་པར་འགྱུར། །དེ་ལྟར་ས་ཡི་འོད་ཀྱི་མི་ཅིས་མཐོང་། །འཁོར་དུ་རྒྱལ་བ་རྣམ་པར་འཕྲུལ་མཛད་ཅིང་། །རྒྱལ་བའི་སྤྱོད་ཡུལ་ཐམས་ཅད་སྟོན་མཛད་དེ། །འོད་ཟེར་འཁོར་གྱིས་བསྐུལ་བའང་དེ་བཞིན་མཛད། །

འདི་ནི་དྲག་ཤུལ་བདག་པོའི་སྤྱོད་ཡུལ་ལོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་གསུམ་མོ། །དེ་ལ་ལྟོ་འཕྱེ་ཆེན་པོའི་དབང་པོ་བློ་གྲོས་བཟང་པོའི་གཟི་བརྗིད་ཀྱི་རྣམ་པར་ཐར་པ་ནི། རྫུ་འཕྲུལ་གྱི་

དབྱིངས་ཐམས་ཅད་རབ་ཏུ་གནོན་པའི་ཡོན་ཏན་གྱི་རྒྱན་ཅེས་བྱའོ། །ལྟོ་འཕྱེ་ཆེན་པོའི་དབང་པོ་གཟི་བརྗིད་ཀྱི་དབྱངས་ལ་རྡུལ་མེད་པའི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རྣམ་པར་བྱང་བས་ཚིམ་པར་བྱེད་ཅིང་། ཡོངས་སུ་སྦྱོང་བ་འབྱུང་

བའི་རྒྱན་ཅེས་བྱའོ། །ལྟོ་འཕྱེ་ཆེན་པོའི་དབང་པོ་བློ་གྲོས་སྣ་ཚོགས་མཆོག་གི་གཙུག་ཕུད་ཀྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་རྣམ་པར་དཔྱོད་པ་དགེ་བ་ལ་ཀུན་ནས་ཡང་དག་པར་གཞོལ་བས་མོས་པར་བྱེད་ཅེས་བྱའོ། །ལྟོ་འཕྱེ་ཆེན་པོའི་དབང་པོ་མིག་

བཟང་པོའི་བདག་པོའི་རྣམ་པར་ཐར་པ་ནི། ཆགས་པའི་བསོད་ནམས་ཕུན་སུམ་ཚོགས་པ་ཐམས་ཅད་མཉམ་པ་ཉིད་ཀྱི་མཚན་ཉིད་དུ་རྣམ་པར་སྒོམ་པ་ཞེས་བྱའོ། །ལྟོ་འཕྱེ་ཆེན་པོའི་དབང་པོའི་སྒྲོན་མའི་སྐྱབས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ནི། སེམས་ཅན་

ཐམས་ཅད་ཀྱི་མུན་པ་རྣམ་པར་ལྡོག་ཅིང་ལམ་གྱི་ཕྱོགས་ཡང་དག་པར་སྟོན་པ་ཞེས་བྱའོ། །ལྟོ་འཕྱེ་ཆེན་པོའི་དབང་པོ་སྣང་བ་ཤུགས་བཟང་པོའི་རྒྱལ་མཚན་གྱི་རྣམ་པར་ཐར་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་དང་། འཕགས་པའི་ཡོན་ཏན་

เล่ม ๓๕ · หน้า 31a

ལ་འཇུག་པས་དགའ་བ་འབྱུང་བ་ཞེས་བྱའོ། །ལྟོ་འཕྱེ་ཆེན་པོའི་དབང་པོ་སེང་གེའི་ཕྲུ་གུའི་རྣམ་པར་ཐར་པ་ནི། སྟོབས་དང་བརྩོན་པ་ཁ་ན་མ་ཐོ་བ་མེད་པས་སེམས་ཅན་སྐྱོབ་པའི་བདག་པོ་ཞེས་བྱའོ། །ལྟོ་འཕྱེ་ཆེན་པོའི་དབང་པོ་རྒྱན་སྣ་ཚོགས་

ཀྱི་དབྱངས་ཀྱི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་ཀྱི་བདེ་བ་དང་དགའ་བ་མཐའ་ཡས་པ་རྗེས་སུ་དྲན་པ་ཞེས་བྱའོ། །ལྟོ་འཕྱེ་ཆེན་པོའི་དབང་པོ་རི་རབ་ཀྱི་བུའི་རྣམ་པར་ཐར་པ་ནི། སྒྲིབ་པ་ཐམས་ཅད་རབ་ཏུ་རྟོགས་པ་མི་སྐུལ་བས་ཕ་རོལ་ཏུ་འགྲོ་ཞིང་དགའ་བ་

ཀུན་ནས་འབྱུང་བ་ཞེས་བྱའོ། །ལྟོ་འཕྱེ་ཆེན་པོའི་དབང་པོ་འོད་ཡིད་དུ་འོང་བ་འབྱུང་བའི་རྣམ་པར་ཐར་པ་ནི། སེམས་ཅན་གྱི་རྒྱུད་མཉམ་པ་དང་མི་མཉམ་པ་ལ་མཉམ་པ་ཉིད་ཀྱི་ལམ་གྱི་ཕྱོགས་སྟོན་པ་ཞེས་བྱའོ། །དེ་ནས་ལྟོ་འཕྱེ་ཆེན་པོའི་དབང་པོ་བློ་གྲོས་བཟང་

པོའི་གཟི་བརྗིད་ཀྱིས་སངས་རྒྱས་ཀྱི་མཐུས། ལྟོ་འཕྱེ་ཆེན་པོའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་རྣམ་པར་བལྟས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སངས་རྒྱས་ཆོས་ཉིད་རྒྱ་ཆེན་ཡངས་ལ་ལྟོས། །སེམས་ཅན་ཀུན་གྱི་མདངས་དང་

བདེ་བ་འབྱུང་། །ནད་མེད་འཆི་མེད་ལམ་ཡང་ཤིན་ཏུ་སྟོན། །སྡུག་བསྔལ་ཐམས་ཅད་རབ་ཞི་གནས་ཀྱང་མེད། །རྒྱལ་བའི་རྫུ་འཕྲུལ་ཆོས་ཉིད་དེ་ཡང་ལྟོས། །ཕྱོགས་རྣམས་ཀུན་ཏུ་མངོན་པར་རབ་ཏུ་འཕགས། །འཇིག་རྟེན་ཀུན་ཏུ་ཐུབ་པ་མངོན་པར་

མཛེས། །ལྟོ་འཕྱེ་ཆེན་པོ་འོད་མཛེས་འདི་ལ་འཇུག །ཉོན་མོངས་ལས་ཀྱི་སྒྲིབ་པས་སྟུག་བསྒྲིབས་ཤིང་། །སྲིད་པའི་རྒྱ་མཚོ་གཏིང་རིང་ནུབ་པ་ཡི། །སེམས་ཅན་རྣམས་ལ་ཞི་བའི་སྤྱོད་ཡུལ་སྟོན། །གཟི་བརྗིད་རྡུལ་མེད་དབྱངས་ཀྱིས་འདི་མཐོང་ངོ་། །

སངས་རྒྱས་ཡེ་ཤེས་མཉམ་མེད་བསམ་མི་ཁྱབ། །འགྲོ་བའི་བསམ་པ་མ་ལུས་ཐུགས་སུ་ཆུད། །དེ་དག་ཀུན་ལ་རྣམ་དག་ཆོས་ཉིད་སྟོན། །ལྟོ་འཕྱེ་ཆེན་པོའི་སྣ་ཚོགས་གཙུག་ཕུད་འཇུག །བསམ་གྱིས་མི་ཁྱབ་བསོད་ནམས་རྒྱ་མཚོའི་དབྱིངས

เล่ม ๓๕ · หน้า 31b

མཐའ་ཡས་ཡང་དག་འབྱུང་བ་རྒྱལ་བས་གཟིགས། །དེ་བཞིན་གཤེགས་པ་འཇིག་རྟེན་བསོད་ནམས་ཞིང་། །མིག་བཟང་བདག་པོ་ལྟོ་འཕྱེ་ཆེན་པོས་མཐོང་། །སེམས་ཅན་ཀུན་གྱི་སྡུག་བསྔལ་འཇིགས་པ་རྣམས། །ཇི་སྙེད་དེ་དག་རྒྱལ་བས་ཀུན་

ནས་སྐྱབས། །རྒྱལ་བ་ཆོས་དབྱིངས་ནམ་མཁའ་ལྟ་བུ་སྟེ། །དེ་ནི་སྒྲོན་མ་སྐྱབས་ཀྱི་སྤྱོད་ཡུལ་ལོ། །སངས་རྒྱས་བ་སྤུ་རེ་རེའི་ཡོན་ཏན་ཡང་། །འཇིག་རྟེན་ཀུན་གྱིས་ཤེས་པར་མི་ནུས་ཏེ། །མགོན་པོ་རྣམས་ནི་མི་ཟད་ནམ་མཁའ་བཞིན། །འདི་

ནི་ཤུགས་ཀྱི་རྒྱལ་མཚན་རྣམ་པར་མཐོང་། །ཐམས་ཅད་ཆོས་དང་སྟོབས་ཀྱི་མཐར་ཕྱིན་པས། །སངས་རྒྱས་རི་བོ་ལྟ་བུར་བསྐྱོད་མི་ནུས། །དེ་ཡི་ཆོས་ཉིད་རྒྱལ་བ་རབ་ཏུ་མཛེས། །སེང་གེའི་ཕྲུག་པ་དཔལ་ནི་འདི་ལ་འཇུག །རྒྱལ་བ་རྣམས་ཀྱིས་

རྣམ་ཐར་ལ་དགའ་བ། །བསྐལ་པ་སྔ་ཚེ་རྒྱ་ཆེ་སྤེལ་བས་ན། །དེ་ཕྱིར་འགྲོ་བ་ཀུན་བལྟས་ཡིད་དུ་འོང་། །སྣ་ཚོགས་སྒྲ་དབྱངས་རྣམ་ཐར་འདི་ལ་འཇུག །རྒྱལ་བའི་ཕ་རོལ་ཕྱིན་པ་རྒྱ་མཚོ་རྣམས། །ཡོངས་བསྐང་ཆོས་དབྱིངས་སྐུ་དང་སྤྱོད་ཡུལ་མེད། །

འཇིག་རྟེན་ཐམས་ཅད་སྐྱབས་གྱུར་སྒྲོན་མ་སྟེ། །རི་རབ་བུ་ནི་ཚུལ་བཟང་འདི་ལ་འཇུག །དེ་ལ་ནམ་མཁའ་ལྡིང་གི་དབང་པོ་མཐུ་སྟོབས་ཆེན་པོའི་ཤུགས་ཀྱི་རྣམ་པར་ཐར་པ་ནི། ཐོགས་པ་མེད་པའི་མིག་ལ་སྒྲིབ་པ་མེད་པས་སེམས་ཅན་གྱི་ཁམས་རྣམ་པར་ལྟ་བ་ཞེས་

བྱའོ། །ནམ་མཁའ་ལྡིང་གི་དབང་པོ་མི་ཤིགས་པའི་སེམས་རིན་ཆེན་གཙུག་ཕུད་ཀྱི་རྣམ་པར་ཐར་པ་ནི། ཕྱོགས་བཅུའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བས། ཆོས་ཀྱི་དབྱིངས་ལ་རབ་ཏུ་གནས་པ་ཞེས་བྱའོ། །ནམ་མཁའ་ལྡིང་གི་དབང་པོ་ཤུགས་དྲི་མ་མེད་

པའི་དཔལ་གྱི་རྣམ་པར་ཐར་པ་ནི། སྒོ་ཀུན་ནས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་འབྱུང་བ་ཞེས་བྱའོ། །ནམ་མཁའ་ལྡིང་གི་དབང་པོ་ཕྱིར་མི་ལྡོག་པའི་སེམས་ཀྱི་རྒྱན་གྱི་རྣམ་པར་ཐར་པ་ནི། དེ་བཞིན་གཤེགས་པའི་ཤུགས་ཀྱི་མཐུས་འཇུག་པའི་འོད་ཅེས་བྱའོ། །

เล่ม ๓๕ · หน้า 32a

ནམ་མཁའ་ལྡིང་གི་དབང་པོ་ཆོས་བརྟན་པ་དྲི་མ་མེད་པའི་འོད་ཀྱི་རྣམ་པར་ཐར་པ་ནི། སེམས་ཅན་མཐའ་ཡས་པ་ཡོངས་སུ་སྨིན་པར་བྱ་བའི་ཡེ་ཤེས་རབ་ཏུ་ཕྱེ་བ་ཞེས་བྱའོ། །ནམ་མཁའ་ལྡིང་གི་དབང་པོ་ཅོད་པན་སྣ་ཚོགས་ཀྱི་དཔལ་གྱི་གཙུག་ཕུད་ཀྱི་

རྣམ་པར་ཐར་པ་ནི། སངས་རྒྱས་ཀྱི་གྲོང་ཁྱེར་རབ་ཏུ་བརྒྱན་པ་ཡང་དག་པར་སྟོན་པ་ཞེས་བྱའོ། །ནམ་མཁའ་ལྡིང་གི་དབང་པོ་གཞི་ཀུན་ཏུ་ཁྱབ་པར་སྟོན་པའི་ཤུགས་ཀྱི་རྣམ་པར་ཐར་པ་ནི། སྟོབས་ཀུན་ནས་ཡང་དག་པར་བསྒྲུབ་པས་ཐུབ་པ་མེད་པའི་རྒྱན་ཅེས་བྱའོ། །

ནམ་མཁའ་ལྡིང་གི་དབང་པོ་དགེ་བ་རྒྱ་མཚོ་ཀུན་ནས་ལྟ་བའི་རྣམ་པར་ཐར་པ་ནི། སེམས་ཅན་གྱི་རིས་ཐམས་ཅད་རྣམ་པར་བསྒོམ་པའི་ཚུལ་མངོན་པར་བསྒྲུབ་པ་ཞེས་བྱའོ། །ནམ་མཁའ་ལྡིང་གི་དབང་པོ་ཀླུའི་སྒྲ་ཡངས་པ་ཀུན་ཏུ་ལྟ་བའི་དཀྱིལ་འཁོར་གྱི་རྣམ་པར་ཐར་

པ་ནི། སེམས་ཅན་མཐའ་ཡས་སྐྱེ་བ་དང་། འཆི་འཕོ་བ་ཤེས་པའི་ཡེ་ཤེས་ལ་ཡང་དག་པར་འཇུག་པ་ཞེས་བྱའོ། །དེ་ནས་ནམ་མཁའ་ལྡིང་གི་དབང་པོ་མཐུ་སྟོབས་ཆེན་པོའི་ཤུགས་ཀྱིས་སངས་རྒྱས་ཀྱི་མཐུས་འདབ་མ་བཟང་པོའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་རྣམ་

པར་བལྟས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཕྱོགས་བཅུའི་ཞིང་རྣམས་མ་ལུས་དབྱིངས་བཀང་ཞིང་། །འཇིག་རྟེན་མགོན་པོ་རྒྱ་ཆེན་སྤྱན་གྱིས་གཟིགས། །སེམས་ཅན་འདུལ་བ་དེ་ལ་ཚད་ཀྱང་མེད། །རང་བྱུང་རྣམ་ཐར་རྒྱ་ཆེན་

ཤིན་ཏུ་ཡངས། །འཇིག་རྟེན་མགོན་གྱི་འཕྲུལ་སྟོབས་ཆགས་པ་མེད། །ཕྱོགས་བཅུའི་སྙིང་པོ་བྱང་ཆུབ་ཀུན་ན་བཞུགས། །རྒྱལ་བའི་མདོ་སྡེ་སྤྲིན་རྣམས་ཐམས་ཅད་ཀྱང་། །རིན་ཆེན་སྣ་ཚོགས་གཙུག་ཕུད་མཁའ་ལྡིང་ཉན། །སྔོན་གྱི་བདེ་བར་

གཤེགས་པའི་སྤྱོད་པ་རྣམས། །ཕ་རོལ་ཕྱིན་པ་རྒྱ་ཆེན་བྱང་བ་མཐོང་། །སངས་རྒྱས་ཀུན་ལ་མཆོད་པ་ཡང་དག་བྱེད། །འདབ་མ་བཟང་པོ་ཤུགས་བཟང་དེ་བརྗོད་དོ། །སྐད་ཅིག་སེམས་ལ་བྱང་ཆུབ་སྤྱོད་མཐའ་ཡས། །ཐམས་ཅད་རྒྱལ་བའི་སྤུ་རྩེ་ཀུན་ན་སྣང་། །

เล่ม ๓๕ · หน้า 32b

རྒྱལ་བའི་སྤྱོད་ཡུལ་ཚད་མེད་ཅི་འདྲ་བ། །དེ་ནི་རྒྱན་བཟང་ནམ་མཁའ་ལྡིང་གིས་མཐོང་། །རྒྱལ་བའི་སྤྱོད་ཡུལ་ཡངས་པ་བསམ་མི་ཁྱབ། །འགྲོ་བ་ཀུན་གྱིས་བསམ་པར་སླ་བ་མིན། །ཡེ་ཤེས་ཡོན་ཏན་རྒྱ་མཚོ་འཇིག་རྟེན་མགོན། །རྣམ་ཐར་འདི་ནི་མཁའ་ལྡིང་འགྲོ་

འཛིན་གྱི། །དེ་བཞིན་གཤེགས་པའི་ཡེ་ཤེས་མཐའ་ཡས་འོད། །འགྲོ་བ་གཏི་མུག་དྲ་བ་མ་ལུས་སེལ། །རྒྱལ་བ་འཇིག་རྟེན་ཐམས་ཅད་ཀུན་གྱི་མགོན། །དེ་འདྲ་ཆོས་བསྟན་འཛིན་པ་འདབ་བཟང་སྟོན། །ཆོས་ཀྱི་གྲོང་ཁྱེར་མི་ཟད་ཐམས་ཅད་ནས། །

སངས་རྒྱས་རྒྱ་ཆེན་འཇིག་རྟེན་ཀུན་ཏུ་སྟོན། །མཐའ་ཡས་ཆོས་ཀྱི་སྒོ་མོ་དུ་མ་ནས། །འདབ་བཟང་སྣ་ཚོགས་གཙུག་ཕུད་འདི་ལ་འཇུག །ཐམས་ཅད་སྟོབས་ལ་རང་བྱུང་རབ་ཏུ་ཞུགས། །རྒྱལ་བ་ཀུན་དང་སྐུ་གཅིག་ཆོས་ཀྱི་སྐུ། །དེ་བཞིན་ཉིད་དངོས་རྣམ་པར་

རྟོག་མི་མངའ། །ཀུན་ཏུ་རྒྱུ་བའི་འདབ་བཟང་འདི་བརྗོད་དོ། །རྒྱལ་བའི་འོད་ཟེར་འཇིག་རྟེན་ཀུན་བཀྱེ་བ། །སྣ་ཚོགས་ཐབས་ཀྱིས་སེམས་ཅན་ཁམས་ཀྱང་འདུལ། །སྲིད་པ་སྔ་ཚེ་བསྡུས་པ་རྣམ་པར་སྤྱོད། །རྣམ་ཐར་འདི་ནི་མིག་བཟང་དམ་པའོ། །དྲི་མེད་རྒྱ་

མཚོའི་ལས་ལ་གནས་པ་ཡིས། །ཞིང་གི་དབྱིངས་རྣམས་མ་ལུས་སངས་རྒྱས་གཟིགས། །དེ་དག་ཀུན་ཏུ་རྒྱལ་བ་ཆོས་ཆར་འབེབས། །རྒྱ་མཚོ་རྒྱུ་བའི་མཁའ་ལྡིང་འདི་ལྟར་ལྟ། །དེ་ལ་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གྱི་རྣམ་པར་ཐར་པ་ནི། དབང་པོ་

ཆེན་པོས་ཤིན་ཏུ་འཕགས་ཤིང་ཟིལ་གྱིས་མི་ནོན་པ་ཞེས་བྱའོ། །ལྷ་མ་ཡིན་གྱི་དབང་པོ་ཐགས་ཟངས་རིས་ཀྱི་རྣམ་པར་ཐར་པ་ནི། སྒོ་ཀུན་ནས་བྱིན་གྱིས་རློབས་པ་རྣམ་པར་གཞོག་པ་རབ་ཏུ་འབྱུང་བ་ཞེས་བྱའོ། །ལྷ་མ་ཡིན་གྱི་དབང་པོ་བདེ་བའི་མཆོག་གི་རྣམ་པར་

ཐར་པ་ནི། འགྲོ་བ་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བར་བྱེད་པ་རྡུལ་མེད་པ་ཞེས་བྱའོ། །ལྷ་མ་ཡིན་གྱི་དབང་པོ་མཚོན་ཆ་ཆེན་པོའི་རྣམ་པར་ཐར་པ་ནི། བརྟུལ་ཞུགས་དང་དཀའ་ཐུབ་ཐམས་ཅད་ལ་གནས་པའི་རྒྱན་ཅེས་བྱའོ། །ལྷ་མ་ཡིན་གྱི་དབང་པོ་སྟོབས་ཅན་

เล่ม ๓๕ · หน้า 33a

གྱི་རྣམ་པར་ཐར་པ་ནི། ཕྱོགས་བཅུ་རབ་ཏུ་བསྐུལ་བའི་ཡུལ་མཐའ་ཡས་པ་ཞེས་བྱའོ། །ལྷ་མ་ཡིན་གྱི་དབང་པོ་རྣམ་པར་སྣང་བའི་རྣམ་པར་ཐར་པ་ནི། འཇིག་རྟེན་ཐམས་ཅད་རབ་ཏུ་དགོད་པའི་སྦྱོར་བ་རྣམ་པ་སྣ་ཚོགས་ཤེས་བྱའོ། །

ལྷ་མ་ཡིན་གྱི་དབང་པོ་རྡོ་རྗེ་སྲ་བ་སྣ་ཚོགས་ཀྱི་ཡན་ལག་གི་རྣམ་པར་ཐར་པ་ནི། དགེ་བའི་རྩ་བ་ཆགས་པ་ཐམས་ཅད་ཀྱིས་མི་ཤིགས་པའི་དཀྱིལ་འཁོར་ཡོངས་སུ་སྦྱང་བ་ལ་ཡང་དག་པར་འཇུག་པ་ཞེས་བྱའོ། །ལྷ་མ་ཡིན་གྱི་དབང་པོ་སྟོབས་རྒྱ་ཆེན་པོའི་རྒྱུའི་བློ་

གྲོས་ཀྱི་རྣམ་པར་ཐར་པ་ནི། སྙིང་རྗེ་ཆེན་པོ་མངོན་དུ་བྱ་བའི་སྟོབས་ལ་གཏི་མུག་མེད་པ་ཞེས་བྱའོ། །ལྷ་མ་ཡིན་གྱི་དབང་པོ་དཔལ་གྱི་བེའུ་འབྱུང་བའི་རྣམ་པར་ཐར་པ་ནི། དགེ་བའི་རྩ་བ་ཐམས་ཅད་ཀྱི་དཀྱིལ་འཁོར་རྣམ་པར་སྦྱོང་ཞིང་སངས་རྒྱས་མཉེས་པར་བྱེད་པ་ཞེས་

བྱའོ། །ལྷ་མ་ཡིན་གྱི་དབང་པོ་བརྟུལ་ཞུགས་བཟང་པོའི་དབྱངས་ཀྱི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་ཀྱི་འཁོར་ལོ་ཡང་དག་པར་འཇུག་ཅིང་གཏི་མུག་མེད་པ་ལ་ཡང་དག་པར་འཇུག་པ་ཞེས་བྱའོ། །དེ་ནས་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གྱིས་སངས་

རྒྱས་ཀྱི་མཐུས། ལྷ་མ་ཡིན་གྱི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཕྱོགས་རྣམས་རྒྱ་ཆེ་དེ་དག་ཐམས་ཅད་དུ། །རྒྱལ་བའི་ཟིལ་གྱིས་འབྱམ་ཀླས་འཁོར་ཀྱང་གནོན། །ནམ་མཁའི་

མཚན་ཉིད་ཀུན་ཏུ་འོད་འཕྲོ་སྟེ། །ཐམས་ཅད་སྒོ་ནས་འགྲོ་བར་མངོན་པར་མཛེས། །སྐད་ཅིག་སེམས་ཀྱིས་བསྐལ་པ་བརྒྱ་མང་གི །སངས་རྒྱས་ཡུལ་རྣམས་མ་ལུས་ཐམས་ཅད་སྟོན། །འདུལ་བ་ཀུན་ལ་འོད་རྣམས་རབ་ཏུ་འགྱེད། །རྣམ་ཐར་དེ་ནི་

ཐགས་ཟངས་རིས་ཀྱིས་མཐོང་། །སངས་རྒྱས་སྤྱོད་ཡུལ་གཞལ་མེད་བདག་གིས་མཐོང་། །སྣ་ཚོགས་སྒོ་ནས་སེམས་ཅན་དོན་ཀྱང་མཛད། །སྡུག་བསྔལ་ཐམས་ཅད་བདེ་གཤེགས་ཞིར་མཛད་དེ། །རྣམ་ཐར་འདི་ལ་བདེ་བའི་མཆོག་འཇུག་གོ །འགྲོ་

เล่ม ๓๕ · หน้า 33b

བའི་དོན་དུ་བརྟུལ་ཞུགས་དཀའ་ཐུབ་རྣམས། །དགེ་བ་རྒྱལ་བས་བསྐལ་པ་བརྒྱར་སྤྱད་དེ། །དེ་ཕྱིར་རྒྱལ་བའི་ཡེ་ཤེས་ཀུན་ཏུ་སྒོ། །དྲ་བ་བཟང་པོ་སངས་རྒྱས་འདི་ལྟར་བརྗོད། །ཞིང་དབྱིངས་ཐམས་ཅད་རྒྱལ་བ་གཡོ་བར་མཛད། །འཇིགས་པ་མི་སྟོན་སྐྲག་

པ་ཡོད་པ་མིན། །བདེ་གཤེགས་རྫུ་འཕྲུལ་ཆགས་མེད་གཞལ་དུ་མེད། །ལྷ་མིན་དབང་པོ་སྟོབས་ཅན་དེ་ལྟར་སྟོན། །སངས་རྒྱས་སྐྱེ་བ་བདེ་བར་འབྱུང་བ་རྣམས། །འགྲོ་བ་ཀུན་གྱི་སྡུག་བསྔལ་ཞི་བར་མཛད། །ཐམས་ཅད་མཁྱེན་གྱི་ཡེ་ཤེས་

ཕྱོགས་ཀྱང་སྟོན། །རྣམ་པར་སྣང་བ་འདི་ནི་རབ་ཏུ་བརྗོད། །འགྲོ་བའི་བསོད་ནམས་རྒྱ་ཆེན་དགེ་བ་དག། །རྒྱལ་བའི་མཐུ་ཡིས་དེ་དག་བྱུང་བ་སྟེ། །ཐར་པའི་ཕྱོགས་ཀྱི་ལམ་ཡང་རྒྱལ་བ་སྟོན། །ཆོས་དཔལ་

འདི་མཐོང་འདི་ལ་རབ་ཏུ་འཇུག །བདེ་གཤེགས་ཐུགས་རྗེ་སྐུ་ནི་མཉམ་པ་མེད། །ཆགས་མེད་སྤྱོད་པ་ཐམས་ཅད་ཀུན་ཏུ་སྣང་། །འགྲོ་བ་ཐམས་ཅད་མིག་ཡོར་མཚན་ཉིད་དེ། །རྒྱུ་ཡི་བློ་གྲོས་སངས་རྒྱས་ཡོན་ཏན་བརྗོད། །སངས་རྒྱས་ཡུལ་ནི་ངོ་

མཚར་མཉམ་པ་མྱེད། །སངས་རྒྱས་རྫུ་འཕྲུལ་ཆོས་ཀྱི་དབྱིངས་ཀྱི་ཀློང་། །བྱང་ཆུབ་ཤིང་དྲུང་ཀུན་ན་རབ་ཏུ་བཞུགས། །དཔལ་གྱི་བེའུ་ལྷ་མིན་བདག་པོས་མཐོང་། །འགྲོ་བ་ཀུན་གྱི་འཁོར་ལོ་དབྱིངས་དག་ཏུ། །སྔན་ཅད་བདེ་གཤེགས་སྤྱོད་པ་

སྤྱོད་པའི་ཚེ། །འགྲོ་བའི་སྡུག་བསྔལ་མ་ལུས་རབ་ཏུ་བཀྲོལ། །དེ་ལྟར་ལྷ་མིན་སྒྲ་དབྱངས་རབ་ཏུ་བརྗོད། །དེ་ལ་ཉིན་མོའི་ལྷ་ཁྱིམ་དང་གཞལ་མེད་ཁང་གི་གཟུགས་ཤིན་ཏུ་སྟོན་པའི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་ཀྱི་རྒྱུད་ལ་ཡང་དག་པར་

འཇུག་པ་ཞེས་བྱའོ། །ཉིན་མོའི་ལྷ་བརྩམ་པའི་བློ་གྲོས་མཚམས་སྦྱོར་བའི་དཀྱིལ་འཁོར་གྱི་རྣམ་པར་ཐར་པ་ནི་སེམས་ཅན་གྱི་དོན་ཐམས་ཅད་ཡོངས་སུ་རྒྱས་པར་བྱས་པས་ཤིན་ཏུ་ཚིམ་པར་བྱ་བ་ལ་རྣམ་པར་དཔྱོད་པ་ཞེས་བྱའོ། །ཉིན་མོའི་ལྷ་ཀུན་ནས་དགའ་བའི་དཔལ་

เล่ม ๓๕ · หน้า 34a

གྱི་རྒྱན་གྱི་རྣམ་པར་ཐར་པ་ནི། དགའ་བ་དང་མགུ་བ་མཐའ་ཡས་པའི་ཆོས་ཀྱི་སྣང་བ་ཞེས་བྱའོ། །ཉིན་མོའི་ལྷ་མེ་ཏོག་དང་སྤོས་ཡིད་དུ་འོང་བའི་རྣམ་པར་ཐར་པ་ནི། སེམས་ཅན་མཐའ་ཡས་པའི་མོས་པ་ཡང་དག་པར་རྒྱས་པ་ལ་རྣམ་

པར་ལྟ་བ་ཞེས་བྱའོ། །ཉིན་མོའི་ལྷ་ཀུན་ནས་ཡིད་དུ་འོང་བའི་སྨན་སྟོན་པ་སྒྲུབ་པའི་དཔལ་གྱི་རྣམ་པར་ཐར་པ་ནི། ཀུན་ཏུ་འོད་ཀྱི་སྟོབས་ཡང་དག་པར་བསྒྲུབ་པ་རྣམ་པར་སྟོན་པའི་རྒྱན་ཅེས་བྱའོ། །ཉིན་མོའི་ལྷ་ལྷག་པའི་མིག་བཟང་པོས་ཚིམ་པར་བྱེད་པའི་རྣམ་པར་

ཐར་པ་ནི། འགྲོ་བ་ཐམས་ཅད་ཀྱི་བདེ་བ་དང་། སྡུག་བསྔལ་ཆོས་ཀྱི་དགའ་བས་སྣང་བར་བྱེད་པ་ཞེས་བྱའོ། །ཉིན་མོའི་ལྷ་ཚུལ་རྒྱ་ཆེན་པོའི་ཕྱོགས་ཀུན་ནས་བྱུང་བའི་དཔལ་གྱི་རྣམ་པར་ཐར་པ་ནི། ཆོས་ཀྱི་དབྱིངས་ཀྱི་ཕྱོགས་ཐ་མི་དད་པའི་སྙིང་པོ་ཞེས་བྱའོ། །

ཉིན་མོའི་ལྷ་སྙིང་རྗེ་རྒྱ་ཆེན་པོའི་གཟི་བརྗིད་ཀྱི་འོད་ཀྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ལ་བདེ་བ་ཡང་དག་པར་སྟོན་ཅིང་སྐྱོབ་པའི་སྟོབས་ལ་ཤིན་ཏུ་བརྩོན་པ་ཞེས་བྱའོ། །ཉིན་མོའི་ལྷ་སྣང་བ་རྒྱ་ཆེན་པོའི་དགེ་བའི་རྩ་བ་དང་མི་འབྲལ་བའི་འོད་ཀྱི་རྣམ་

པར་ཐར་པ་ནི། མཉམ་པ་ཉིད་ཀྱིས་དགའ་བའི་ཡོན་ཏན་ཀུན་ནས་རབ་ཏུ་འབྱུང་བ་ཞེས་བྱའོ། །ཉིན་མོའི་ལྷ་མེ་ཏོག་གི་ཕྲེང་བ་ཀུན་ནས་འཕྱང་བའི་དཔལ་གྱི་རྣམ་པར་ཐར་པ་ནི། འགྲོ་བས་མཐོང་ན་དོན་ཡོད་པའི་གྲགས་པའི་དཀྱིལ་འཁོར་ཅེས་བྱའོ། །དེ་ནས་

ཉིན་མོའི་ལྷ་ཁྱིམ་དང་གཞལ་མེད་ཁང་གི་གཟུགས་ཤིན་ཏུ་སྟོན་པས་སངས་རྒྱས་ཀྱི་མཐུས་ཉིན་མོའི་ལྷའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་བལྟས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སེམས་ཅན་ཀུན་གྱི་སྤྱོད་པ་རྒྱལ་བས་མཁྱེན། །རྒྱལ་

བ་དུས་གསུམ་མཉམ་པ་ཉིད་ལ་བཞུགས། །རྒྱལ་བའི་ཡེ་ཤེས་མི་ཟད་ནམ་མཁའ་བཞིན། །རྒྱལ་བའི་འོད་ཀྱིས་ཕྱོགས་རྒྱས་ཤིན་ཏུ་སྣང་། །འགྲོ་བ་ཀུན་གྱི་བསམ་པ་ཐུགས་སུ་ཆུད། །དོན་གྱི་ཚིག་རྣམས་གཞན་དང་གཞན་དག་ཀྱང་། །རྣམ་ཕྱེ་རྒྱ་

เล่ม ๓๕ · หน้า 34b

ཆེན་ཚིག་གིས་རྒྱལ་བ་གསུང་། །ཕུན་སུམ་ཚོགས་པའི་བློ་གྲོས་ལྷ་ཡིས་མཐོང་། །རྒྱལ་བའི་འོད་ཀྱིས་སེམས་ཅན་ཀུན་དགའ་སྟེ། །རྒྱལ་བ་མཐོང་ཐོས་དོན་ཏུ་འགྱུར་བ་ཡིན། །གོ་འཕང་དམ་པ་རྒྱ་ཆེན་ཞི་བ་སྟོན། །དཔལ་གྱི་འོད་ནི་དེ་ཡིས་རབ་ཏུ་དགའ། །

སངས་རྒྱས་མཐོང་བ་འགྲོ་བ་རྒྱ་ཆེན་གྱི། །དགའ་བ་ཚད་མེད་དགེ་ཆོས་ཀུན་ཀྱང་འབྱུང་། །ཆོས་སྤྲིན་གཞལ་མེད་རྒྱལ་བ་ཆར་འབེབས་ཏེ། །དེ་ལ་མེ་ཏོག་རྒྱན་པའི་ལྷ་དགའ་བོ། །ཆོས་ཀྱི་དཀྱིལ་འཁོར་སྟོབས་ལ་འཇུག་པ་རྣམས། །སེམས་ཅན་བསྡུ་བའི་སྒོ་ལ་

རྣམ་དཔྱོད་ཅིང་། །རབ་ཡངས་སྤྱད་པ་སྤྱོད་ཚེ་རྒྱལ་བས་སྦྱངས། །འདི་ནི་ཡིད་འོང་འབྱུང་བའི་ལྷས་མཐོང་ངོ་། །རྒྱལ་བ་མཐོང་ཞིང་ཐོས་པ་དོན་མེད་མིན། །དགའ་དང་བདེ་བ་སྤྲོ་བ་ཡངས་པ་སྐྱེད། །འབྱམ་ཀླས་ཐབས་རྣམས་ཀུན་གྱིས་སེམས་ཅན་འདུལ། །

དེས་ནི་མིག་བཟང་དེའི་དགའ་སྐྱེད་བྱེད། །ཆོས་དབྱིངས་འབྱམ་ཀླས་ཕྱོགས་སུ་རབ་ཏུ་འཇུག །འགྲོ་བར་སྟོབས་བཅུས་མ་ལུས་བསྟན་མཛད་དེ། །བདེ་གཤེགས་དངོས་ཡོད་མ་ཡིན་དངོས་མེད་མིན། །འཕགས་པའི་དཔལ་གྱི་ཉིན་མོའི་ལྷ་ཡིས་མཐོང་། །

སེམས་ཅན་མི་བདེ་ཐིབས་པོར་ནུབ་པ་རྣམས། །གཟིགས་ནས་རྒྱལ་བ་འཇིག་རྟེན་མཆོད་པ་མཛད། །སྡུག་བསྔལ་རྒྱུ་རྣམས་ཐམས་ཅད་རྒྱལ་བས་བསྩལ། །འདི་ལ་སྙིང་རྗེ་གཟི་བརྗིད་ལྷ་འཇུག་གོ། །འགྲོ་བ་འདི་དག་ཉོན་མོངས་ལས་བསྒྲིབས་པར། །དགའ་

བ་འབྱུང་བའི་བདེ་བ་རྒྱལ་བ་གསུང་། །ཆོས་ཀྱི་དགའ་བ་རབ་ཀྱིས་སྡུག་བསྔལ་འཇིག །བསོད་ནམས་ཤུགས་ནི་རྣམ་ཐར་འདི་ལ་འཇུག །མཁའ་འདྲ་རྒྱལ་བའི་བསོད་ནམས་དཀྱིལ་འཁོར་རྣམས། །འཇིག་རྟེན་དགེ་བས་གཙོ་བོ་མཆོག་བྱུང་སྟེ། །ཆོས་

རྣམས་ཀུན་ལ་བདེ་གཤེགས་འཁྲུལ་མི་མངའ། །མེ་ཏོག་ཕྲེང་གི་རྣམ་ཐར་འདི་ཡིན་ནོ། །དེ་ལ་མཚན་མོའི་ལྷ་དཔལ་དྲི་མ་མེད་ཅིང་ཀུན་ནས་ཟབ་པའི་འོད་ཀྱི་རྣམ་པར་ཐར་པ་ནི། བསམ་གཏན་རབ་ཏུ་ཞི་བའི་བདེ་བ་ཀུན་ནས་རྣམ་པར་གནོན་པ་ཞེས་བྱའོ། །མཚན་མོའི་

เล่ม ๓๕ · หน้า 35a

ལྷ་ཀུན་ནས་སྐྱོབ་པའི་མདངས་ཀྱི་དཔལ་གྱི་རྣམ་པར་ཐར་པ་ནི། སྣང་བ་འཇིག་རྟེན་ཐམས་ཅད་ལ་མངོན་ཏུ་ལྟ་ཞིང་འགྲོ་བ་འདུལ་བ་སྟོན་པ་ཞེས་བྱའོ། །མཚན་མོའི་ལྷ་རབ་ཏུ་དགའ་བའི་མིག་གིས་འགྲོ་བ་ལ་རྣམ་པར་ལྟ་བའི་རྣམ་པར་ཐར་པ་ནི། ཀུན་

ནས་དགའ་བ་རྒྱ་ཆེན་པོ་དྲི་མ་མེད་པའི་མཚན་ཉིད་ཞེས་བྱའོ། །མཚན་མོའི་ལྷ་སྒྲས་ཞི་བ་རྒྱ་མཚོ་དང་ལྡན་པའི་རྣམ་པར་ཐར་པ་ནི། དགའ་བ་ཡངས་པ་འབྱུང་བའི་སེམས་ཀྱི་མཚན་ཉིད་ཀྱི་རྒྱན་ཅེས་བྱའོ། །མཚན་མོའི་ལྷ་མཚན་མོ་ཐམས་ཅད་འབྱུང་བའི་དཔལ་གྱི་རྣམ་

པར་ཐར་པ་ནི། ཡིད་དུ་འོང་བའི་སྒྲ་ཟབ་མོས་རྣམ་པར་འཕྲུལ་པ་ལ་འཇུག་པ་ཞེས་བྱའོ། །མཚན་མོའི་ལྷ་ཤིང་ཐམས་ཅད་རབ་ཏུ་རྒྱས་པར་བྱེད་པའི་འོད་ཀྱི་རྣམ་པར་ཐར་པ་ནི། དགའ་བ་དང་སྨོན་ལམ་དང་མོས་པ་རྒྱ་ཆེན་པོའི་འོད་ཅེས་བྱའོ། །མཚན་མོའི་ལྷ་

ཀུན་ནས་སྐྱོང་ཞིང་སྲུང་བའི་དཔལ་གྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་དགེ་བའི་རྩ་བ་ཡང་དག་པར་བརྗོད་པ་ཞེས་བྱའོ། །མཚན་མོའི་ལྷ་དགེ་བའི་ཐམས་ཅད་ཀྱི་དགའ་བར་རྩེ་བ་ལ་དབང་སྒྱུར་བའི་རྣམ་པར་ཐར་པ་ནི། བྱམས་

པ་མཐའ་ཡས་པ་འགྲོ་བ་ཡོངས་སུ་སྐྱོབ་པ་ཞེས་བྱའོ། །མཚན་མོའི་ལྷ་མདུད་པར་འཛིན་པ་ཐམས་ཅད་ཞི་བར་བྱ་བས་དབང་པོ་རབ་ཏུ་དགའ་བའི་རྣམ་པར་ཐར་པ་ནི། སྙིང་རྗེའི་སྒོ་ནས་ཆར་འབེབས་པའི་རྒྱན་ཅེས་བྱའོ། །མཚན་མོའི་ལྷ་དགེ་བའི་བསོད་

ནམས་འབྱུང་བའི་དཔལ་སྟོན་པའི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་ཚིམ་པར་བྱ་བས་ཀུན་ཏུ་རྒྱས་པར་འགེངས་པ་ཞེས་བྱའོ། །དེ་ནས་མཚན་མོའི་ལྷ་དཔལ་དྲི་མ་མེད་ཅིང་ཀུན་ནས་ཟབ་པའི་འོད་ཀྱིས། སངས་རྒྱས་ཀྱི་བྱིན་

གྱི་རླབས་ཀྱིས་མཚན་མོའི་ལྷའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སངས་རྒྱས་སྤྱོད་ཡུལ་ཤིན་ཏུ་ཡངས་ལ་ལྟོས། །སྟོང་པ་ཞི་བ་ནམ་མཁའི་མཚན་ཉིད་དེ། །དགའ་བ་རྒྱ་མཚོ་

เล่ม ๓๕ · หน้า 35b

རྣམ་པར་སྦྱང་བྱས་ཤིང་། །རྒྱལ་བ་དྲི་མེད་ཕྱོགས་སུ་རྣམ་པར་མཛེས། །ཐུབ་པ་འཇིག་རྟེན་ཀུན་བལྟ་དགའ་བ་སྟེ། །བསྐལ་པ་རྒྱ་མཚོ་དག་ན་བར་འགའ་སྣང་། །ཐུགས་རྗེ་ཀུན་ཏུ་རྒྱས་བྱས་མགོན་པོ་བྱུང་། །འགྲོ་བ་ལྟ་བ་ལྷ་ཡིས་འདི་མཐོང་ངོ་། །འདྲེན་པ་

འགྲོ་བའི་སྐྱབས་སུ་གྱུར་པ་སྟེ། །འགྲོ་བ་དག་ན་མངོན་ཏུ་ཀུན་ན་སྣང་། །ལམ་གྱི་རྒྱུད་རྣམས་ཐམས་ཅད་རྣམ་པར་སྦྱོང་། །སྐྱོབ་པའི་མདངས་ཀྱི་དཔལ་ནི་འདི་ལ་སེམས། །དགའ་བ་རྒྱ་མཚོ་བསམ་གྱིས་མི་ཁྱབ་པ། །རབ་ཏུ་ཡངས་པ་སྔན་ཅད་བསྒོམས་པས་

ན། །དེ་ཕྱིར་རྒྱལ་བ་འཇིག་རྟེན་ལྟ་ན་མཛེས། །ཞིང་དབྱངས་མཚན་མོའི་ལྷས་ནི་འདི་མཐོང་ངོ་། །སངས་རྒྱས་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་སྟེ། །ཕྱོགས་རྣམས་བཀང་ཞིང་ཞི་བའི་འབྲུག་སྒྲ་སྒྲོག །སེམས་ཅན་བསམ་པ་རྒྱ་ཆེན་རྣམ་པར་སྦྱོང་། །མཚན་

མོ་འབྱུང་བའི་དཔལ་ནི་འདི་ལ་དགའ། །དེ་བཞིན་གཤེགས་པའི་འགྲོ་བའི་བསོད་ནམས་སྐྱེད། །བསོད་ནམས་དཀྱིལ་འཁོར་རྣམ་པར་ཡངས་པ་སྟོན། །དྲི་མེད་ཞི་བའི་ས་ཡང་སྟོན་མཛད་དེ། །འདི་ལ་རྒྱས་པའི་འོད་ནི་རབ་ཏུ་འཇུག །སངས་རྒྱས་འཕྲུལ་གྱིས་

ཕྱོགས་རྣམས་རབ་བཀང་སྟེ། །སེམས་ཅན་ཐམས་ཅད་རྣམ་པར་འདུལ་བ་སྟོན། །ཐམས་ཅད་གཟུགས་སུ་སངས་རྒྱས་འཇིག་རྟེན་སྣང་། །མཚན་མོའི་ལྷ་ནི་དཔལ་གྱིས་འདི་མཐོང་ངོ་། །འདྲེན་པས་སེམས་ཀྱི་སྐད་ཅིག་ཀུན་ན་སྣང་། །བྱམས་པ་རྒྱ་མཚོའི་

ཚུལ་རྣམས་རྣམ་སྦྱངས་ཏེ། །འཇིག་རྟེན་ཐམས་ཅད་མ་ལུས་རྒྱས་པར་མཛད། །བསོད་ནམས་རྩེ་བ་མཚན་མོའི་ལྷས་མཐོང་ངོ་། །སེམས་ཅན་གཏི་མུག་ཐིབས་པོས་འཁྲུགས་པ་དང་། །གཏུམ་སེམས་འཁོན་འཛིན་དམ་པོས་བསྒྲིབས་གཟིགས་ཤིང་། །

ཐུགས་རྗེ་བསྐྱེད་ནས་རྒྱལ་བ་འབྱུང་བར་གྱུར། །འཁོན་འཛིན་ཞི་བ་མཚན་མོའི་ལྷ་དགའ་འོ། །སེམས་ཅན་ཀུན་གྱི་བསམ་པ་རྫོགས་བྱས་ཤིང་། །མགོན་པོ་སྔན་ཅད་སྤྱོད་པ་སྤྱད་པས་ན། །དེ་ཕྱིར་རྒྱལ་བ་ཡོན་ཏན་མཚན་རྒྱས་སོ། །བསོད་ནམས་བལྟ་བའི་བདག་

เล่ม ๓๕ · หน้า 36a

པོའི་སྤྱོད་ཡུལ་ཡིན། །དེ་ལ་ཕྱོགས་ཀྱི་ལྷ་ཕྱོགས་ཀྱི་དབྱིངས་ན་རབ་ཏུ་གནས་ཤིང་ཀུན་ཏུ་རྒྱས་པར་འགེངས་པའི་རྣམ་པར་ཐར་པ་ནི། ཀུན་ཏུ་སྐྱོབ་པས་འགྲོ་བའི་རྒྱན་བྱེད་པ་ཞེས་བྱའོ། །ཕྱོགས་ཀྱི་ལྷ་མཉམ་པ་ཉིད་ལ་མངོན་དུ་ལྟ་བའི་རྣམ་པར་ཐར་པ་ནི། དགོས་པ་

ཐམས་ཅད་དང་རྫུ་འཕྲུལ་གྱི་ཚོགས་ཀྱི་འོད་ཅེས་བྱའོ། །ཕྱོགས་ཀྱི་ལྷ་སྣང་བ་སྤྱོད་པའི་རྒྱན་གྱི་རྣམ་པར་ཐར་པ་ནི། ཆགས་པའི་མུན་པ་ཐམས་ཅད་རྣམ་པར་སེལ་བའི་སྣང་བས་དགའ་བ་དང་བདེ་བ་འབྱུང་བ་ཞེས་བྱའོ། །ཕྱོགས་ཀྱི་ལྷ་ཀུན་ཏུ་རྒྱུ་ཞིང་རྗེས་སུ་འབྲང་བའི་རྣམ་པར་ཐར་པ་ནི། ཐམས་ཅད་

ཀྱི་རྗེས་སུ་སོང་བའི་སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་པ་དོན་ཡོད་པ་སྟོན་པ་ཞེས་བྱའོ། །ཕྱོགས་ཀྱི་ལྷ་རྨོངས་པ་བྱེད་པའི་གཙུག་ཡོངས་སུ་འགྲུབ་པའི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་མིང་གི་ཕྱོགས་ཀྱི་འཁོར་ལོ་ལ་རྣམ་པར་ལྟ་བའི་འོད་ཅེས་བྱའོ། །ཕྱོགས་ཀྱི་ལྷ་ནམ་མཁའི་རྒྱུད་ཀུན་ཏུ་སྤྱོད་པའི་

རྣམ་པར་ཐར་པ་ནི། སྒྲ་དབྱངས་ཡིད་དུ་འོང་བ་ཐམས་ཅད་མྱོང་བར་བྱེད་པས་དགའ་བ་རྣམ་པར་སྒོམ་པ་ཞེས་བྱའོ། །ཕྱོགས་ཀྱི་ལྷ་རྣམ་པར་དཔྱོད་པའི་སྤྲིན་རྒྱ་ཆེན་པོའི་རྒྱལ་མཚན་གྱི་རྣམ་པར་ཐར་པ་ནི། ཀླུའི་སྤྲིན་འབྱུང་བ་དགའ་བ་སྦྱོར་བ་ཞེས་བྱའོ། །ཕྱོགས་ཀྱི་ལྷ་མིག་ཐ་དད་པ་མེད་པའི་གཙུག་

ཕུད་ཀྱི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་ཀྱི་ལས་ཐ་དད་པ་མེད་པ་ལ་ཡང་དག་པར་ལྟ་བའི་བདག་པོའི་རྒྱན་ཅེས་བྱའོ། །ཕྱོགས་ཀྱི་ལྷ་འཇིག་རྟེན་གྱི་བྱ་བ་ཀུན་ནས་སྤྱོད་པའི་རྣམ་པར་ཐར་པ་ནི། སྐྱེ་བ་སྣ་ཚོགས་དང་ལས་རྣམ་པ་ཐ་དད་པ་ལ་རྣམ་པར་ལྟ་བ་ཞེས་བྱའོ། །ཕྱོགས་ཀྱི་ལྷ་

ཕྱོགས་སུ་རྣམ་པར་ལྟ་བ་འཕྲེང་བའི་འོད་ཀྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་དགོས་པའི་ཕ་རོལ་ཏུ་ཕྱིན་པར་བྱ་བས་རབ་ཏུ་དགའ་བ་བརྩོན་པ་འབྱུང་བ་ཞེས་བྱའོ། །དེ་ནས་ཕྱོགས་ཀྱི་ལྷ་ཕྱོགས་ཀྱི་དབྱིངས་ན་རབ་ཏུ་གནས་ཤིང་ཀུན་ཏུ་རྒྱས་པར་འགེངས་པས། སངས་

རྒྱས་ཀྱི་མཐུས་ཕྱོགས་ཀྱི་ལྷའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །འགྲོ་བ་ཐམས་ཅད་ཡོངས་སུ་སྨིན་བྱའི་ཕྱིར། །སངས་རྒྱས་རང་བྱུང་འཇིག་རྟེན་སྤྱོད་པ་བྱུང་། །ཐམས་ཅད་མཁྱེན་པར་ཡོངས་

เล่ม ๓๕ · หน้า 36b

སུ་སྨིན་བྱའི་ཕྱིར། །ཆོས་ཀྱི་ཕྱོགས་ལ་རབ་ཏུ་འཇུག་པ་སྟོན། །རྫུ་འཕྲུལ་སྟོབས་ནི་འགྲོ་བ་ཀུན་དང་མཉམ། །རྣམ་པ་དུ་མ་སེམས་ཅན་བསམ་པ་སྟོན། །རྒྱལ་བ་མཐོང་བས་འགྲོ་བའི་སྡུག་བསྔལ་འགྲོལ། །ཀུན་ཏུ་མངོན་པར་ལྟ་བའི་སྤྱོད་ཡུལ་ལོ། །སེམས་ཅན་

རྒྱ་མཚོ་མུན་པས་བསྒྲིབས་པ་ལ། །སངས་རྒྱས་ཆོས་ཀྱི་སྒྲོན་མ་སྣང་བ་སྟོན། །རྣམ་པར་སྣང་བའི་སངས་རྒྱས་འོད་ཀྱང་མཐོང་། །སྣང་བ་སྤྱོད་པ་རྣམ་ཐར་འདི་ལ་དགའ། །ཆོས་ཀྱི་འཁོར་ལོ་ཐམས་ཅད་ཀུན་ཏུ་བསྐོར། །སེམས་ཅན་ཉོན་མོངས་ཞི་མཛད་ཐོགས་

པ་མེད། །དབྱངས་ཀྱི་ཡན་ལག་ཐམས་ཅད་ཡོངས་སུ་རྒྱས། །ཀུན་ནས་འཁྱིལ་པའི་དཔལ་གྱིས་རབ་ཏུ་ཐོས། །འགྲོ་བའི་མིང་གི་འཁོར་ལོ་ཇི་སྙེད་པ། །སངས་རྒྱས་མཚན་གྱིས་དེ་དག་ཐམས་ཅད་འཐོན། །སེམས་ཅན་རྣམས་ཀྱི་གཏི་མུག་རྣམ་པར་

ཟློག །འདི་ནི་གཏི་མུག་རྣམ་དག་སྤྱོད་ཡུལ་ལོ། །སངས་རྒྱས་མངོན་སུམ་སེམས་ཅན་གང་འགྲོ་བ། །དེ་དག་ཐམས་ཅད་སངས་རྒྱས་གསུང་སྙན་ནི། །དགའ་བ་རྒྱ་ཆེན་ཤིན་ཏུ་ཡངས་པ་ཐོབ། །འདི་ནི་ནམ་མཁའ་རྒྱུད་ཀྱི་རྣམ་ཐར་ཏོ། །སྐད་ཅིག་སེམས་

རྒྱུད་ཀུན་ལ་ཚད་མེད་པའི། །ཆོས་ཀྱི་སྤྲིན་ཆར་རྒྱལ་བ་འབེབས་པ་མཛད། །འགྲོ་བའི་ཉོན་མོངས་ཐམས་ཅད་རབ་ཏུ་འཇིལ། །འདི་ལ་སྤྲིན་གྱི་རྒྱལ་མཚན་ལྷ་འཇུག་གོ །སེམས་ཅན་ཀུན་གྱི་རྒྱ་མཚོའི་ལས་རྣམས་ཀུན། །སངས་རྒྱས་རྣམ་པ་གཞན་མིན་

ཡང་དག་སྟོན། །སེམས་ཅན་ཉོན་མོངས་ལས་ལ་རབ་ཏུ་དགྲོལ། །འཇིག་རྟེན་བྱ་བ་སྤྱོད་བདག་སྤྱོད་ཡུལ་ལོ། །སངས་རྒྱས་སྔན་ཅད་སྤྱད་པ་སྤྱོད་པའི་ཚེ། །སེམས་ཅན་དོན་དུ་ཐུགས་རྗེ་རབ་བསྐྱེད་དེ། །ཕ་རོལ་ཕྱིན་པ་ཐམས་ཅད་རྒྱས་པར་བཀང་། །

སྣ་ཚོགས་ཕྲེང་བའི་འོད་ནི་འདི་ལ་དགའ། །ཕྱོགས་རྣམས་སེམས་ཅན་རྒྱལ་བས་སྣང་མཛད་པས། །བསམ་པ་རྒྱ་མཚོ་རྣམ་པ་སྣ་ཚོགས་ཀྱིས། །དེ་དག་མཐའ་ཡས་ཕྱོགས་ཀྱི་ཆོས་འཇུག་གོ །མིག་བཟངས་གཙུག་ཕུད་ཚུལ་འདིར་རབ་ཏུ་འཇུག །དེ་ལ་

เล่ม ๓๕ · หน้า 37a

ནམ་མཁའི་ལྷ་ཀུན་ནས་སྣང་བ་དྲི་མ་མེད་པའི་འོད་ཀྱི་རྣམ་པར་ཐར་པ་ནི། འགྲོ་བ་རྒྱ་མཚོ་མཐའ་ཡས་པའི་བསམ་པ་ལ་རྣམ་པར་ལྟ་བ་ཞེས་བྱའོ། །ནམ་མཁའི་ལྷ་མཐའ་ཡས་ཤིང་ཟབ་པ་ཀུན་ཏུ་རྒྱས་པར་བྱེད་པའི་རྣམ་པར་ཐར་པ་ནི།

ཆོས་ཀྱི་དབྱིངས་རྒྱ་ཆེན་པོ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཟབ་མོ་ལ་ཡང་དག་པར་འཇུག་པ་ཞེས་བྱའོ། །ནམ་མཁའི་ལྷ་རླུང་ཀུན་ནས་འབྱུང་བའི་དཔལ་གྱི་རྣམ་པར་ཐར་པ་ནི། ཡུལ་མཐའ་ཡས་པ་རྣམ་པར་བསྒོམ་པའི་མཚན་ཉིད་ཀྱི་ལུས་ཞེས་བྱའོ། །ནམ་

མཁའི་ལྷ་བསྒྲིབས་པ་ཐམས་ཅད་དང་མི་གནས་པའི་དཀྱིལ་འཁོར་གྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པའི་སྒྲིབ་པ་ཡོངས་སུ་སྦྱངས་པའི་རྒྱན་ཅེས་བྱའོ། །ནམ་མཁའི་ལྷ་རྒྱ་ཆེན་པོ་ཀུན་ཏུ་གནོན་པ་སྣ་ཚོགས་ཀྱི་གཙུག་

ཕུད་ཀྱི་རྣམ་པར་ཐར་པ་ནི། འགྲོ་བ་རྒྱ་མཚོ་ཆེན་པོ་ལ་རྣམ་པར་ལྟ་ཞིང་རྣམ་པར་སྤྱོད་པ་ཞེས་བྱའོ། །ནམ་མཁའི་ལྷ་འོད་ཟེར་སྣང་བའི་འོད་ཐོགས་པ་མེད་པའི་རྣམ་པར་ཐར་པ་ནི། འགྲོ་བ་ལོག་པར་ལྟུང་བ་ཐམས་ཅད་སྙིང་རྗེའི་འོད་ཀྱིས་སྐྱོབ་པ་ཞེས་བྱའོ། །ནམ་

མཁའི་ལྷ་སྟོབས་ཀྱི་རྒྱུན་ཐོགས་པ་མེད་པའི་དཔལ་གྱི་རྣམ་པར་ཐར་པ་ནི། བསོད་ནམས་ཐམས་ཅད་ཀྱི་སྟོབས་དང་། དགའ་བ་བསྡུ་བ་ལ་ཡང་དག་པར་གཞོལ་བ་ཞེས་བྱའོ། །ནམ་མཁའི་ལྷ་ཕྱོགས་དྲི་མ་མེད་པར་སྣང་བའི་འོད་ཀྱི་རྣམ་པར་ཐར་པ་ནི། སེམས་

ཅན་ཐམས་ཅད་དྲི་མ་མྱེད་པའི་སེམས་ཀྱིས་སྒྲིབ་པ་རྣམ་པར་ཟློག་པར་གནས་པའི་དབང་པོ་ཞེས་བྱའོ། །ནམ་མཁའི་ལྷ་དབྱངས་ཤིན་ཏུ་འཕགས་ཤིང་ཟབ་པའི་རྣམ་པར་ཐར་པ་ནི། ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་འོད་རབ་ཏུ་འཕགས་པས་ཕྱོགས་ཀུན་ཏུ་རྣམ་

པར་ལྟ་བ་ཞེས་བྱའོ། །ནམ་མཁའི་ལྷ་ཕྱོགས་བཅུར་མངོན་ཏུ་སྟོན་པའི་འོད་ཀྱི་རྣམ་པར་ཐར་པ་ནི། སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་འཕོ་བ་མེད་པའི་དཀྱིལ་འཁོར་ཅེས་བྱའོ། །དེ་ནས་ནམ་མཁའི་ལྷ་ཀུན་ནས་སྣང་བ་དྲི་མ་མེད་པའི་འོད་ཀྱིས་སངས་རྒྱས་

เล่ม ๓๕ · หน้า 37b

ཀྱི་མཐུས་ནམ་མཁའི་ལྷའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་རྣམ་པར་བལྟས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །རྒྱལ་བའི་སྤྱན་ནི་རྒྱ་ཆེན་ཡངས་པ་ཡིས། །སེམས་ཅན་རྒྱ་མཚོ་མ་ལུས་ཀུན་གཟིགས་ཏེ། །འགྲོ་བ་ཀུན་ལ་མངོན་

པར་རབ་ཏུ་བཞུགས། །སངས་རྒྱས་དྲི་མེད་ནམ་མཁའ་རབ་ཏུ་འདྲ། །སངས་རྒྱས་སྐུ་ཡི་རྒྱ་ཆེན་འོད་ཀྱི་རྣམས། །ཕྱོགས་བཅུའི་འགྲོ་བ་ཁྱབ་ཅིང་རྣམ་པར་མཛེས། །ཐམས་ཅད་ཕྱོགས་སུ་མངོན་པར་རབ་ཏུ་གནས། །ཀུན་ཏུ་རྒྱས་པའི་འོད་

ཀྱིས་འདི་མཐོང་ངོ་། །རྒྱལ་བ་ནམ་མཁའི་མཚན་ཉིད་འབྱུང་བ་མེད། །འདི་ལ་གཟུང་བ་སྣང་བ་གང་ཡང་མེད། །ཐོབ་པ་མེད་ཅིང་རང་བཞིན་མེད་པ་སྟེ། །རླུང་གི་འོད་ཀྱིས་རྣམ་ཐར་འདི་མཐོང་ངོ་། །བསྐལ་པ་རྒྱ་མཚོ་བརྒྱ་ཕྲག་མང་པོར་ཡང་། །

སངས་རྒྱས་སེམས་ཅན་སྒྲིབ་པ་སེལ་བར་མཛད། །ལམ་ཡངས་རྣམ་པར་ཐར་པ་རབ་ཏུ་སྟོན། །འདི་ནི་དཔའ་བོ་དཀྱིལ་འཁོར་འོད་ཀྱིའོ། །སྔན་ཅད་སངས་རྒྱས་བྱང་ཆུབ་སྤྱོད་པའི་རྣམས། །འགྲོ་བ་ཀུན་ལ་ཕན་དང་བདེ་དོན་དུ། །ཇི་ལྟར་བྱུང་བ་དེ་དག་

བདག་གིས་མཐོང་། །འདི་ནི་སྣ་ཚོགས་གཙུག་ཕུད་སྤྱོད་ཡུལ་ལོ། །འཁོར་བ་རྒྱ་མཚོ་ཀུན་ཏུ་རྒྱུ་བ་ཡི། །སེམས་ཅན་ལོག་པར་ལྟུང་ཞིང་འཁོར་བ་ལ། །སངས་རྒྱས་འོད་ནི་སྡུག་བསྔལ་ཞི་བའི་རྒྱུ། །སྣང་བའི་འོད་ཀྱིས་རྣམ་ཐར་འདི་མཐོང་ངོ་། །

བསོད་ནམས་དགེ་བ་ཐམས་ཅད་སྙིང་པོ་སྟེ། །ཆགས་མེད་སྟོབས་དང་ཡེ་ཤེས་རྒྱ་ཆེན་མཁྱེན། །འགྲོ་བ་ཐམས་ཅད་བསོད་ནམས་ཞིང་གྱུར་པ། །སངས་རྒྱས་དེ་ལྟར་ཆགས་མེད་སྟོབས་སེམས་སོ། །མུན་པ་སྟུག་པོ་སྤྱོད་ཡུལ་རྣམ་རྒྱུ་བའི། །སེམས་

ཅན་བསྒྲིབས་པས་རབ་ཏུ་སློང་བ་ལ། །དེ་བཞིན་གཤེགས་པ་སྣང་བ་རབ་འགྱེད་དེ། །དྲི་མེད་ཕྱོགས་སྣང་ལྷས་ནི་དེ་མཐོང་ངོ་། །སངས་རྒྱས་ཡེ་ཤེས་ཤིན་ཏུ་འཕགས་པ་ཡི། །མཐའ་དང་དབུས་ཡང་དམིགས་པས་མི་རུང་སྟེ། །ཞིང་ཀུན་འགྲོ་ལ་

เล่ม ๓๕ · หน้า 38a

མངོན་པར་འོད་ཀྱང་སྣང་། །ཟབ་མོའི་འོད་ཀྱིས་དེ་ལྟར་སངས་རྒྱས་མཐོང་། །ཕྱོགས་རྣམས་རྒྱ་མཚོ་ཀུན་ན་སྤྱོད་པ་ཡིས། །སེམས་ཅན་ཐམས་ཅད་ཡོངས་སུ་དགྲོལ་བའི་ཕྱིར། །སངས་རྒྱས་སྨོན་ལམ་རྒྱ་ཆེན་ཤིན་ཏུ་ཡངས། །

མངོན་པར་ལྟ་བས་རྣམ་ཐར་འདི་མཐོང་ངོ་། །དེ་ལ་རླུང་གི་ཕུང་པོའི་ལྷ་ཆགས་པ་མེད་པར་འགྲོ་བའི་འོད་ཀྱི་རྣམ་པར་ཐར་པ་ནི། འཇིག་རྟེན་གྱི་བྱ་བ་ཐམས་ཅད་སངས་རྒྱས་ཀྱི་ཆོས་སུ་ཡང་དག་པར་འཇུག་པ་ཞེས་བྱའོ། །རླུང་གི་ལྷ་ཀུན་ཏུ་རྒྱས་པར་འབྱུང་བའི་མཐུའི་

དཔལ་གྱི་རྣམ་པར་ཐར་པ་ནི། སངས་རྒྱས་མཆོད་པའི་ཡུལ་མཐའ་ཡས་པ་རྒྱ་ཆེན་པོ་མངོན་པར་སྒྲུབ་པ་སྟོན་པ་ཞེས་བྱའོ། །རླུང་གི་ལྷ་ཀུན་ཏུ་རེག་པར་བྱེད་པའི་སྤྲིན་གྱི་རྒྱལ་མཚན་གྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་ནད་རབ་ཏུ་ཞི་བར་བྱེད་པ་

ཞེས་བྱའོ། །རླུང་གི་ལྷ་རྒྱན་ཡིད་དུ་འོང་ཞིང་བཟང་བའི་འོད་ཀྱི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་ཀྱི་བསྒྲིབས་པའི་རི་འཇོམས་པའི་དགེ་བའི་རྩ་བ་རབ་ཏུ་འབྱུང་བ་ཞེས་བྱའོ། །རླུང་གི་ལྷ་ཆུ་དྲག་པོའི་སྙིང་པོ་སྐེམས་པའི་རྣམ་པར་ཐར་པ་ནི། བདུད་ཀྱི་འཁོར་ལོ་

སྒོ་ཀུན་ནས་འཇོམས་པ་ཞེས་བྱའོ། །རླུང་གི་ལྷ་སྒྲ་ཆེན་པོས་འགྲོ་བའི་དབྱངས་ཀྱི་རྣམ་པར་ཐར་པ་ནི། སེམས་ཅན་མཐའ་ཡས་པའི་འཇིགས་པ་རྣམ་པར་ཟློག་ཅིང་ཞི་བར་བྱེད་པ་ཞེས་བྱའོ། །རླུང་གི་ལྷ་ཤིང་གི་རྩེ་མོའི་མེ་ཏོག་རབ་ཏུ་འཕྱང་བའི་གཙུག་ཕུད་ཀྱི་རྣམ་

པར་ཐར་པ་ནི། ཆོས་ཐམས་ཅད་ཀྱི་ཚུལ་ཐ་དད་པ་མེད་པར་ཡང་དག་པར་ཤེས་པ་རྒྱ་མཚོ་ལ་འཇུག་པ་ཞེས་བྱའོ། །རླུང་གི་ལྷ་ཐོགས་པ་མེད་པར་ཕྱོགས་ཀུན་ཏུ་རྒྱས་པར་འགྲོ་བའི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་མཉམ་པར་དགོད་པའི་ཚུལ་གྱིས་འདུལ་

བའི་སྙིང་པོ་ཞེས་བྱའོ། །རླུང་གི་ལྷ་རླུང་གི་ཕུང་པོ་རྣམ་པ་སྣ་ཚོགས་འབྱུང་བའི་སྤྲིན་གྱི་དཀྱིལ་འཁོར་གྱི་རྣམ་པར་ཐར་པ་ནི། བསམ་གཏན་གྱི་སྒོ་རབ་ཏུ་ཞི་བའི་ཤུགས་ཀྱི་གཏི་མུག་རབ་ཏུ་ཞི་བར་བྱེད་པ་ཞེས་བྱའོ། །རླུང་གི་ལྷ་འཇིག་རྟེན་ཐམས་ཅད་ཀྱི་མུན་པ་ཀུན་

เล่ม ๓๕ · หน้า 38b

ནས་སྣང་བར་བྱེད་པའི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པའི་རྗེས་སུ་སྙེགས་པས་ཐོགས་པ་མེད་པའི་རྒྱན་ཅེས་བྱའོ། །དེ་ནས་རླུང་གི་ལྷ་ཆགས་པ་མེད་པར་འགྲོ་བའི་འོད་ཀྱིས་སངས་རྒྱས་ཀྱི་མཐུས། རླུང་གི་ལྷའི་འཁོར་གྱི་དཀྱིལ་འཁོར་ཐམས་

ཅད་ལ་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །རྒྱལ་བ་ཀུན་གྱི་ཆོས་ཉིད་ཟབ་མོ་འཛིན་པ་སྟེ། །ཆགས་མེད་ཐམས་ཅད་ཚུལ་གྱིས་དེ་ལ་འཇུག །འགྲོ་བ་ཀུན་ལ་སངས་རྒྱས་མངོན་ཏུ་བཞུགས། །དེ་ནི་མཚན་མེད་གཟུགས་བརྙན་

ཡོད་པ་མིན། །སངས་རྒྱས་ཐམས་ཅད་མཐུ་ལ་རྣམ་པར་ལྟོས། །བྱང་ཆུབ་སྤྱད་པ་མཐའ་ཡས་སྤྱོད་པའི་ཚེ། །སྐད་ཅིག་གཅིག་ལ་སངས་རྒྱས་མཆོད་ཅིང་བསྟོད། །དེ་ལ་རྒྱས་བྱེད་འོད་ཀྱི་ལྷ་འཇུག་གོ །སངས་རྒྱས་བསམ་གྱིས་མི་ཁྱབ་འགྲོ་བའི་མགོན། །

ཚུལ་རྣམས་ཀུན་གྱི་སྦྱོར་བ་ཆུད་ཟ་མེད། །སྡུག་བསྔལ་ཀུན་ལས་སེམས་ཅན་མ་ལུས་སྐྱོབ། །རྒྱལ་མཚན་རེག་པས་རྣམ་ཐར་འདི་མཐོང་ངོ་། །འགེབས་དང་སྒྲིབ་པ་ཤིན་ཏུ་སྟུག་པོ་ཡི། །མི་བདེས་བསྒྲིབས་ཤིང་བསོད་ནམས་མེད་པ་ཡི། །སེམས་ཅན་

སྡུག་བསྔལ་ཀུན་ལས་དཀྲོལ་བར་འགྱུར། །རྒྱན་གྱིས་བརྒྱན་པའི་ལྷས་ནི་འདི་མཐོང་ངོ་། །རྒྱལ་བའི་རྫུ་འཕྲུལ་རྣམ་པར་འཕྲུལ་ལ་ལྟོས། །རྣམ་པ་ཀུན་གྱིས་བདུད་རྣམས་ཤིན་ཏུ་འཇོམས། །ཚུལ་གྱིས་འདུལ་བ་དེ་ལ་རབ་ཏུ་སྒྲོགས། །གཟི་བརྗིད་དྲག་པོའི་

མཐུས་ནི་འདི་མཐོང་ངོ་། །རྒྱལ་བའི་བ་སྤུའི་སྒོ་རྣམས་ཐམས་ཅད་ནས། །འགྲོ་བ་ཀུན་འགེངས་སྒྲ་ཡི་དབྱངས་འབྱུང་བ། །དེ་དག་སྡུག་བསྔལ་འཇིགས་པ་ཐམས་ཅད་མེད། །འདི་ནི་སྒྲ་སྒྲོགས་ལྷ་ཡིས་རབ་ཏུ་ཤེས། །འགྲོ་བ་ཀུན་མཉམ་རྒྱ་མཚོའི་ཞིང་

རྣམས་སུ། །ཐ་དད་ཡང་དག་མཁྱེན་པས་བདེ་བར་གཤེགས། །མཐའ་ཡས་བསྐལ་པར་རང་བྱུང་ཡང་དག་སྟོན། །ཤིང་གི་གཙུག་ཕུད་འབྱུང་བ་དེ་ལ་འཇུག །རྒྱལ་བའི་ཡེ་ཤེས་ཐབས་རྣམས་ཀུན་སྒོ་ནས། །ཀུན་ཏུ་ཆགས་ཤིང་ཐོགས་པ་མེད་པ་སྟེ།

เล่ม ๓๕ · หน้า 39a

སྤྱོད་ཡུལ་གཞན་ཡང་ཀུན་ཏུ་མཐའ་ཡས་མེད། །འདི་ནི་ཆགས་མེད་འགྲོ་བའི་རྣམ་ཐར་ཏོ། །རྒྱལ་བའི་སྤྱོད་ཡུལ་མཐའ་ཡས་དག་ལ་ལྟོས། །རབ་ཞི་སྐུ་མངའ་མཚན་མེད་སངས་རྒྱས་ཏེ། །ཐབས་སྒོ་ཀུན་ནས་འོད་ཀྱང་རབ་ཏུ་

སྣང་། །ཕུང་པོ་སྣ་ཚོགས་བདག་པོའི་རྣམ་ཐར་ཏོ། །མི་མངོན་བསྐལ་པ་མཐའ་ཡས་སྤྱོད་པའི་ཚེ། །དེ་འདྲའི་ཆོས་ཀྱིས་འགྲོ་ཀུན་ཚིམ་མཛད་པས། །ཐམས་ཅད་སྟོབས་ལ་སངས་རྒྱས་རབ་ཏུ་བཞུགས། །འཇིག་རྟེན་སྟོབས་འཛིན་ལྷ་ཡིས་འདི་མཐོང་ངོ་། །

དེ་ལ་མེའི་ལྷ་གཟི་བརྗིད་འབར་ཞིང་འཕྲོ་བའི་འོད་ཀྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་དབའ་རླབས་ཐམས་ཅད་དང་མུན་པ་ཐམས་ཅད་དང་མི་གནས་པ་ཞེས་བྱའོ། །མེའི་ལྷ་ཀུན་ཏུ་འབར་ཞིང་འཕྲོ་བའི་རྒྱལ་མཚན་གྱི་དཀྱིལ་འཁོར་གྱི་རྣམ་པར་

ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་དབའ་རླབས་དང་རབ་ཏུ་གདུང་བ་རྣམ་པར་ཟློག་པ་ཞེས་བྱའོ། །མེའི་ལྷ་འོད་རྒྱ་ཆེན་པོས་ཕྱོགས་རྒྱས་པར་བྱེད་པའི་རྣམ་པར་ཐར་པ་ནི། བསོད་ནམས་ཀྱི་སྟོབས་མི་སྒུལ་བ་དང་། སྙིང་རྗེ་བ་དང་།

བྱམས་པའི་སྙིང་པོ་ཞེས་བྱའོ། །མེའི་ལྷ་རྒྱལ་མཚན་གྱི་རྡུལ་གྱི་སྒོས་རྒྱས་པར་བྱེད་པའི་རྣམ་པར་ཐར་པ་ནི། ཉོན་མོངས་པའི་རྡུལ་གྱིས་གཡོགས་པ་རྣམ་པར་སེལ་བ་ཞེས་བྱའོ། །མེའི་ལྷ་གཟི་བརྗིད་མི་ཟད་པའི་གཙུག་ཕུད་ཀྱི་རྣམ་པར་ཐར་པ་ནི། ནམ་མཁའ་

མཐའ་ཡས་པ་སྣང་བས་གསལ་བར་བྱེད་པའི་འོད་ཅེས་བྱའོ། །མེའི་ལྷ་དཀའ་ཐུབ་སྣ་ཚོགས་ཀྱི་མིག་དཔལ་གྱི་རྣམ་པར་ཐར་པ་ནི། དགེ་བ་དང་། བསོད་ནམས་སྣ་ཚོགས་རྣམ་པར་སྣང་བའི་འོད་རབ་ཏུ་ཞི་བ་ཞེས་བྱའོ། །མེའི་ལྷ་ཕྱོགས་ཁྱིམ་དུ་གྱུར་པའི་རི་རབ་

ཀྱི་སྤོའི་རྣམ་པར་ཐར་པ་ནི། འཇིག་རྟེན་གྱི་རྒྱུད་ཐམས་ཅད་མེ་ལྟར་འབར་བའི་སེམས་ཅན་སྡུག་བསྔལ་རབ་ཏུ་ཞི་བར་བྱེད་པ་ཞེས་བྱའོ། །མེའི་ལྷ་འོད་དྲག་ཤུལ་གྱི་དབང་ཕྱུག་གི་རྣམ་པར་ཐར་པ་ནི། འཇིག་རྟེན་ཐམས་ཅད་ལ་དབང་སྒྱུར་བའི་བརྩམ་པས་རབ་ཏུ་གནོན་

เล่ม ๓๕ · หน้า 39b

པ་ཞེས་བྱའོ། །མེའི་ལྷ་མུན་པ་དང་རབ་རིབ་སེལ་ཅིང་ཕྱོགས་རྣམ་པར་སྣང་བའི་རྣམ་པར་ཐར་པ་ནི། ཆགས་པར་ལྟ་བའི་གཏི་མུག་ཐམས་ཅད་རྣམ་པར་སྤོང་བའི་འོད་སྣང་བ་ཞེས་བྱའོ། །མེའི་ལྷ་འོད་འཕྲོ་བའི་སྤྲིན་གྱི་དབང་ཕྱུག་གི་རྣམ་པར་ཐར་པ་ནི་ཆགས་པ་ཐམས་ཅད་ལ་

མི་གནས་པའི་སྟོབས་འབྱུང་བ་ཡང་དག་པར་བསྒྲུབ་པའི་ང་རོ་ཞེས་བྱའོ། །དེ་ནས་མེའི་ལྷ་གཟི་བརྗིད་འབར་ཞིང་འཕྲོ་བའི་འོད་ཀྱིས་སངས་རྒྱས་ཀྱི་མཐུས། མེའི་ལྷའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་རྣམ་པར་བལྟས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །

རྒྱལ་བའི་བརྩོན་འགྲུས་སྟོབས་ལ་རྣམ་པར་ལྟོས། །བསྐལ་པ་བྱེ་བ་རྒྱ་ཆེན་བསམ་ཡས་པར། །འགྲོ་བའི་དོན་དུ་ཕན་པ་རབ་བརྩམས་ཏེ། །སེམས་ཅན་ཀུན་གྱི་མུན་པ་རྣམ་པར་བསལ། །ཉོན་མོངས་དབའ་རླབས་ལྡན་པའི་འགྲོ་བ་རྣམས། །ལྟ་ལ་གནས་ཤིང་

གཏི་མུག་བསྒྲིབས་པ་ཡི། །ཉོན་མོངས་མེ་ནི་མགོན་པོས་ཞི་བར་མཛད། །དེ་ལ་རྒྱལ་མཚན་དཀྱིལ་འཁོར་རབ་ཏུ་དགའ། །རྒྱལ་བའི་སྤྱོད་ཡུལ་རྒྱ་ཆེན་བདག་གིས་མཐོང་། །ཕྱི་མའི་མཐའ་ཡི་བསྐལ་པ་རྒྱ་མཚོར་ཡང་། །རྒྱལ་བའི་བྱིན་གྱིས་རླབ་རྣམས་

རབ་ཏུ་འཇུག །མཐོང་ནས་སྣང་བའི་འོད་ནི་རབ་ཏུ་དགའ། །རྒྱལ་བའི་བསོད་ནམས་མི་ཟད་ནམ་མཁའ་བཞིན། །དེ་ཡི་མཐའ་ནི་ཀུན་ཏུ་མི་རྙེད་དེ། །རྒྱལ་བའི་ཐུགས་རྗེས་བསྐྱོད་དུ་ཡོངས་མི་ནུས། །འདི་ལ་དཔལ་གྱི་སྤྲིན་སྒྲར་རབ་ཏུ་འཇུག །བསྐལ་པ་

བྱེ་བར་སྤྱད་པ་སྤྱོད་པའི་ཚེ། །ཆོས་ཚུལ་གང་རྣམས་བསྟན་པ་དེ་དག་གིས། །མཐའ་ནི་ནམ་ཡང་རྙེད་པར་སླ་བ་མིན། །རྣམ་ཐར་འདི་ནི་གཟི་བརྗིད་གཙུག་ཕུད་ཀྱིའོ། །ཕྱོགས་བཅུའི་འཁོར་རྣམས་ཤིན་ཏུ་ཡང་དག་པར། །སངས་རྒྱས་མགོན་པོ་ཐམས་

ཅད་མངོན་དུ་ལྟ། །འགྲོ་བ་ཀུན་ལ་ཐུབ་པ་རྣམ་པར་མཛེས། །འདི་ལ་དཀའ་ཐུབ་འོད་འཕྲོ་དཔལ་འཇུག་གོ །འགྲོ་བ་ཀུན་ན་ཐུབ་པ་རབ་ཏུ་འཕགས། །ཁང་ཁྱིམ་ཐམས་ཅད་དག་ན་བཞུགས་པར་སྣང་། །རྣམ་པར་ཡངས་པའི་ཆོས་ཀྱི་ཆར་ཡང་འབེབས། །འདི་ནི་

เล่ม ๓๕ · หน้า 40a

ཕྱོགས་སྣང་བྱེད་པའི་སྤྱོད་ཡུལ་ལོ། །རྒྱལ་བ་ཉིད་ཀྱི་ཆོས་རྣམས་ཟབ་པ་སྟེ། །ཐམས་ཅད་ཆོས་ཀྱི་འགྲོ་བར་རང་བྱུང་ཞིང་། །ངོ་བོ་ཉིད་ཀྱི་ཆོས་ཉིད་སྟོན་པ་མཛད། །དེ་ལ་དྲག་ཤུལ་འོད་ནི་རབ་ཏུ་དགའ། །ལྟ་བའི་མུན་ནག་གཏི་མུག་སྒྲིབ་

པ་ཡི། །འཇིག་རྟེན་བག་མེད་འཁྲུགས་པ་ཐམས་ཅད་ལ། །རྒྱལ་བས་ཆོས་ནི་རབ་ཏུ་བསྟན་མཛད་དེ། །དེ་ལ་རྣམ་པར་སྣང་བའི་ལྷ་དགའ་འོ། །རྒྱལ་བའི་སྨོན་ལམ་སྔན་ཅད་བྱུང་བའི་རྣམས། །ཅི་འདྲ་བསམ་གྱིས་ཁྱབ་པར་མི་རུང་སྟེ། །སྟོབས་དང་ཕ་རོལ་

ཕྱིན་པས་རྣམ་པར་སྦྱང་། །འོད་འཕྲོ་སྤྲིན་ནི་འདི་ལ་འདི་ལྟར་འཇུག །དེ་ལ་ཆུའི་ལྷ་སྤྲིན་དང་ན་བུན་ཀུན་ཏུ་གྲུབ་པའི་རྒྱལ་མཚན་གྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ལ་བྱམས་པའི་ཚུལ་ལ་ཡང་དག་པར་འཇུག་པ་ཞེས་བྱའོ། །ཆུའི་ལྷ་སྤྲིན་སྒྲའི་

ཤུགས་རྒྱ་མཚོའི་སྤྲིན་གྱི་རྣམ་པར་ཐར་པ་ནི། ཆོས་ཀྱི་སྤྲིན་མཐའ་ཡས་པ་འབྱུང་བའི་རྒྱན་ཅེས་བྱའོ། །ཆུའི་ལྷ་ཆུ་སྣ་ཚོགས་ཀྱི་གཙུག་ཕུད་ཀྱི་རྣམ་པར་ཐར་པ་ནི། འགྲོ་བ་སྣོད་དུ་གྱུར་པ་ཐམས་ཅད་ལ་རྣམ་པར་ལྟ་ཞིང་། སྡུད་པའི་སྦྱོར་བ་ཞེས་བྱའོ། །ཆུའི་

ལྷ་བཟང་པོར་ཁྱིལ་བ་གྲུབ་པའི་དཔལ་གྱི་རྣམ་པར་ཐར་པ་ནི། སངས་རྒྱས་ཀྱི་ཡུལ་ཟབ་མོའི་འོད་ཀྱི་ཆར་པའི་བྱིན་གྱི་རླབ་ཤེས་བྱའོ། །ཆུའི་ལྷ་ཀུན་ནས་སྤོས་དྲི་མ་མེད་པའི་མྱུ་གུའི་དཔལ་གྱི་རྣམ་པར་ཐར་པ་ནི། སངས་རྒྱས་ཀྱི་འོད་དྲི་མ་མེད་པ་རྣམ་པར་ལྟ་བ་

ལ་ཡང་དག་པར་འཇུག་པའི་བྱིན་གྱི་རླབ་ཤེས་བྱའོ། །ཆུའི་ལྷ་དབའ་རླབས་ཀྱི་སྒྲ་བསོད་ནམས་སྟེགས་ཀྱི་འོད་ཀྱི་རྣམ་པར་ཐར་པ་ནི། ཆོས་ཀྱི་དབྱིངས་མཚན་ཉིད་མེད་ཅིང་དྲི་མ་མེད་པ་ཞེས་བྱའོ། །ཆུའི་ལྷ་ཚིམ་པར་བྱ་བ་ལ་དབང་བྱེད་པ་ཡོངས་སུ་

སྒྲུབ་པའི་རྣམ་པར་ཐར་པ་ནི། སྙིང་རྗེ་རྒྱ་མཚོ་མི་ཟད་པའི་སྒོར་འཇུག་པ་ཞེས་བྱའོ། །ཆུའི་ལྷ་སའི་རྡུལ་སྙེད་ཀྱི་སྒོ་ནས་དབྱངས་འབྱུང་བའི་རྣམ་པར་ཐར་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དུ་དགའ་བའི་ཤུགས་འབྱུང་བའི་

เล่ม ๓๕ · หน้า 40b

སྙིང་པོ་ཞེས་བྱའོ། །ཆུའི་ལྷ་འོད་ཀུན་ཏུ་འགྲོ་ཞིང་རྒྱས་པར་བྱེད་པའི་རྣམ་པར་ཐར་པ་ནི། བསོད་ནམས་ཆགས་པ་མེད་པ་ཤིན་ཏུ་རྒྱས་པར་རབ་ཏུ་སྣང་བར་བྱེད་པའི་དཀྱིལ་འཁོར་ཅེས་བྱའོ། །ཆུའི་ལྷ་རྒྱ་མཚོའི་དབྱིངས་ཀྱི་ང་རོའི་འོད་ཀྱི་རྣམ་པར་ཐར་པ་ནི། འགྲོ་བ་

ཐམས་ཅད་འདུལ་བའི་སྦྱོར་བ་ནམ་མཁའ་ལྟ་བུས་འདུལ་བར་སྦྱོར་བ་ཞེས་བྱའོ། །དེ་ནས་ཆུའི་ལྷ་སྤྲིན་དང་ན་བུན་ཀུན་ཏུ་གྲུབ་པའི་རྒྱལ་མཚན་གྱིས་སངས་རྒྱས་ཀྱི་མཐུས། ཆུའི་ལྷའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་རྣམ་པར་བལྟས་ནས། དེའི་ཚེ་ཚིགས་སུ་བཅད་

པ་འདི་དག་སྨྲས་སོ། །རྒྱལ་བའི་མཚན་རྣམས་རེ་རེ་ཐམས་ཅད་ཀྱང་། །སངས་རྒྱས་ཞིང་གི་རྡུལ་དང་མཉམ་པ་ཡི། །བྱམས་པ་མངོན་དུ་གྱུར་པས་བྱུང་བ་བཟང་། །སེམས་ཅན་ཀུན་གྱིས་བལྟས་ཤིང་མི་ངོམས་སོ། །འགྲོ་བ་ཀུན་ཏུ་རྒྱལ་བ་རྣམས་དྲུང་དུ། །

སྐྱོ་བ་མེད་པར་སྤྱད་ཅིང་རྣམ་སྦྱངས་ཏེ། །རྣམ་པ་སྣ་ཚོགས་ཆོས་ཀྱི་སྒོ་ཡང་སྟོན། །རྒྱ་མཚོ་ཤུགས་ནི་འདི་ཡི་ཚུལ་ལ་འཇུག །རྒྱལ་བ་རྣམས་ནི་འཕོ་བར་མི་སྣང་སྟེ། །ཕྱོགས་རྣམས་བཅུ་ནས་བྱོན་པར་སྣང་བ་མེད། །སྣོད་ཀྱི་ཚུལ་བཞིན་སེམས་ཅན་རྣམས་

ཀྱང་ལྟ། །ཆུ་ཡི་གཙུག་ཕུད་དཀྱིལ་འཁོར་དེ་ལ་ལྟ། །དེ་བཞིན་གཤེགས་པའི་ཡུལ་ནི་གཞལ་དུ་མེད། །སེམས་ཅན་ཀུན་གྱིས་བསམ་པར་མི་ནུས་ཏེ། །ཕྱོགས་རྣམས་ཀུན་ཏུ་ཁྱབ་པར་སྒྲ་སྒྲོག་གོ། །འདི་ནི་སྙན་པའི་གཙུག་ཕུད་ཡུལ་ཡིན་ནོ། །སངས་

རྒྱས་འོད་ནི་མི་ཟད་གནས་པ་སྟེ། །བསམ་གྱིས་མི་ཁྱབ་ཆོས་ཀྱི་དབྱིངས་ཀྱིས་ཀྱང་། །སེམས་ཅན་ཐམས་ཅད་འདུལ་བ་རབ་ཏུ་སྟོན། །སྤོས་ཀྱི་ཕུང་པོ་སྣ་ཚོགས་ལྷ་ཡིས་མཐོང་། །དེ་བཞིན་གཤེགས་པ་ནམ་མཁའ་མཉམ་པ་སྟེ། །ཕྱོགས་རྣམས་ཀུན་

ཏུ་དྲི་མེད་མཚན་ཉིད་མེད། །ཕྱོགས་རྣམས་ཀུན་ནའང་བཞུགས་པར་རབ་ཏུ་སྣང་། །དབའ་རླབས་སྒྲའི་བསོད་ནམས་འོད་ཀྱིས་མཐོང་། །སྙིང་རྗེའི་སྒོ་ནི་རྒྱ་མཚོ་ལྟ་བུ་སྟེ། །སེམས་ཅན་ཀུན་དང་མཉམ་པར་སྔོན་བཤད་དོ། །སྤྲིན་དང་འདྲ་བར་འགྲོ་བར་མངོན་

เล่ม ๓๕ · หน้า 41a

སུམ་མོ། །དེ་ལྟར་དེ་ནས་དགའ་བ་འབྱུང་བས་མཐོང་། །ཕྱོགས་བཅུའི་ཞིང་རྣམས་ཅི་སྙེད་གང་ཡོད་པ། དེ་དག་ཀུན་ན་སངས་རྒྱས་གདན་བཞུགས་སྣང་། །ཤིན་ཏུ་རྒྱས་པའི་བྱང་ཆུབ་མངོན་སངས་རྒྱས། །དགའ་བ་རྡུལ་མེད་དབྱངས་

ཀྱིས་དེ་མཐོང་ངོ་། །སངས་རྒྱས་སྤྱོད་ཡུལ་ཆགས་པ་མེད་པ་སྟེ། །ཤིན་ཏུ་རྒྱ་ཆེ་ཕྱོགས་རྣམས་ཀུན་ཏུ་གནས། །རྣམ་པར་འཕྲུལ་པ་རྒྱལ་བ་སྟོན་མཛད་དེ། །དེ་ལ་འཕྲོ་བའི་འོད་ཀྱི་ལྷ་འཇུག་གོ །སྦྱོར་བའི་སྤྱོད་པ་རྣམས་ལ་མཐའ་མེད་དེ། །འགྲོ་བ་ཀུན་དབྱིངས་

ཐུབ་པ་མེད་པར་འཇུག །རྒྱལ་བའི་བྱིན་གྱི་རླབས་ནི་འདི་འདྲ་སྟེ། །ང་རོས་འགེངས་པ་རྣམ་ཐར་འདི་ལ་འཇུག །དེ་ལ་རྒྱ་མཚོའི་ལྷ་རིན་པོ་ཆེའི་འོད་འབྱུང་བའི་དཔལ་གྱི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་དང་མཉམ་པའི་བསོད་ནམས་རྒྱ་མཚོ་རིན་པོ་ཆེ་འབྱུང་བའི་རྒྱན་

ཅེས་བྱའོ། །རྒྱ་མཚོའི་ལྷ་རྡོ་རྗེ་ཀུན་ནས་སྲ་ཞིང་མི་ཆོམས་པའི་རྒྱལ་མཚན་དང་ལྡན་པའི་རྣམ་པར་ཐར་པ་ནི། དགེ་བའི་རྩ་བ་ཐམས་ཅད་བསྲུང་བའི་སྦྱོར་བ་ཞེས་བྱའོ། །རྒྱ་མཚོའི་ལྷ་རྡུལ་དང་དྲི་མ་མེད་པའི་གནས་དང་ལྡན་པའི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་

ཅད་ཀྱི་ཉོན་མོངས་པ་རྒྱ་མཚོ་མང་པོ་རྣམ་པར་སེལ་བ་ཞེས་བྱའོ། །རྒྱ་མཚོའི་ལྷ་ཀུན་ནས་ཆུ་དང་རི་བོ་དང་ཁྱིམ་གྱི་དཀྱིལ་འཁོར་གྱི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་ཀྱི་ངན་སོང་དང་ངན་འགྲོའི་ལམ་རྣམ་པར་ཟློག་པ་ཞེས་བྱའོ། །རྒྱ་མཚོའི་ལྷ་སྐྱབས་རིན་པོ་ཆེ་མིག་གི་ཟླ་བའི་

དཔལ་གྱི་རྣམ་པར་ཐར་པ་ནི། ཤུགས་ཆེན་པོས་གཏི་མུག་རྣམ་པར་སེལ་བ་ཞེས་བྱའོ། །རྒྱ་མཚོའི་ལྷ་ཀླུའི་དཔལ་པད་མོ་སྣ་ཚོགས་ཀྱི་གཙུག་ཕུད་ཀྱི་རྣམ་པར་ཐར་པ་ནི། རྒྱུད་ཐམས་ཅད་ཀྱི་སྡུག་བསྔལ་རབ་ཏུ་ཞི་བར་བྱེད་ཅིང་བདེ་བ་འབྱུང་བར་བྱེད་པ་ཞེས་བྱའོ། །རྒྱ་

མཚོའི་ལྷ་ཆུ་ལྟ་བུར་རོ་མཐུན་པར་འཛིན་པའི་འོད་ཀྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་ལྟ་བ་དང་། རྨོངས་པའི་རང་བཞིན་དྲི་མ་མེད་པ་ཞེས་བྱའོ། །རྒྱ་མཚོའི་ལྷ་རིན་པོ་ཆེ་འོད་འཕྲོ་བའི་མེ་ཏོག་གི་ཚོན་གྱི་འོད་ཀྱི་རྣམ་པར་ཐར་པ་ནི། རིན་པོ་ཆེའི་རིགས་ཐམས་

เล่ม ๓๕ · หน้า 41b

ཅད་འབྱུང་ཞིང་། བྱང་ཆུབ་ཀྱི་སེམས་རབ་ཏུ་སྐྱེ་བ་ཞེས་བྱའོ། །རྒྱ་མཚོའི་ལྷ་རི་རབ་སྲ་བའི་རྡོ་རྗེ་སྣ་ཚོགས་ཀྱི་རྣམ་པར་ཐར་པ་ནི། སེམས་རྒྱ་མཚོ་མི་སྒུལ་བའི་བསོད་ནམས་ལ་རྣམ་པར་ལྟ་བ་ཞེས་བྱའོ། །རྒྱ་མཚོའི་ལྷ་འབྲུག་སྒྲ་སྒྲོག་པ་རྒྱ་མཚོའི་ཤུགས་ཀྱི་དབྱངས་ཀྱི་རྣམ་

པར་ཐར་པ་ནི། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཡང་དག་པར་འཇུག་པའི་རྒྱལ་མཚན་ཅེས་བྱའོ། །དེ་ནས་རྒྱ་མཚོའི་ལྷ་རིན་པོ་ཆེའི་འོད་འབྱུང་བའི་དཔལ་གྱིས་སངས་རྒྱས་ཀྱི་མཐུས། རྒྱ་མཚོའི་ལྷའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་

རྣམ་པར་བལྟས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བསྐལ་པ་རྒྱ་མཚོ་བསམ་གྱིས་མི་ཁྱབ་པར། །སངས་རྒྱས་རྒྱ་མཚོ་རྒྱ་ཆེན་མང་མཆོད་ཅིང་། །འགྲོ་བ་དག་ལ་བསོད་ནམས་མཚོ་སྤེལ་བས། །དེ་ཕྱིར་རྒྱལ་བ་ལྷ་མེ་ལྷ་ངེའོ། །འགྲོ་

བ་ཀུན་ཏུ་རྒྱལ་བ་མངོན་པར་མཛེས། །སེམས་ཅན་ཀུན་གྱི་དབང་པོ་བསམ་རྒྱུད་དུ། །ཆོས་ཀྱི་རྒྱ་མཚོ་རྒྱ་ཆེན་སྟོན་པ་མཛད། །རྡོ་རྗེ་སེམས་དཔའ་སྲ་བའི་དཔའ་དགའ་འོ། །འགྲོ་བ་ཀུན་ཏུ་འཇིག་རྟེན་མགོན་པོ་ནི། །ཆོས་ཀྱི་སྤྲིན་ལས་ཆར་ཆེན་ཡངས་པ་

འབེབས། །སྡུག་བསྔལ་རྒྱ་མཚོ་ཞི་མཛད་ཟད་མི་ཤེས། །རྡུལ་དང་དྲི་མེད་འདིའི་ཚུལ་ལ་འཇུག །སེམས་ཅན་ཐམས་ཅད་མཉམ་མེད་ཉོན་མོངས་བསྒྲིབས། །ལམ་རྒྱུད་རྒྱ་མཚོའི་སྡུག་བསྔལ་ནང་ན་འཁོར། །དེ་དག་ལ་ནི་རྒྱལ་བའི་ཡུལ་སྟོན་ཏེ། །དཔལ་

བཅུའི་ལྷ་ནི་འདི་ལ་རབ་ཏུ་དགའ། །བསྐལ་པ་རྒྱ་མཚོ་མང་པོ་བསམ་ཡས་སུ། །རྒྱལ་བས་སྤྱོད་པ་མི་ཟད་རྣམས་སྤྱད་དེ། །འགྲོ་བའི་གཏི་མུག་དཀྱིལ་འཁོར་རྣམ་པར་ཟློག །རིན་ཆེན་ཟླ་བའི་དཔལ་ནི་འདི་ལ་འཇུག །འཁོར་བའི་རྒྱ་མཚོ་སྡུག་བསྔལ་ཆེན་པོ་

ན། །སེམས་ཅན་འཁོར་ཞིང་མི་བདེ་ཀུན་གཟིགས་ནས། །རྒྱལ་བས་བླ་ན་མེད་པའི་ལམ་ཡང་བསྟན། །ཀླུ་དཔལ་པདྨོ་གཙུག་ཕུད་འདི་ལ་དགའ། །སངས་རྒྱས་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་ལྟོས། །ཆོས་ཀྱི་དབྱིངས་དང་ནམ་མཁའི་མཚན་ཉིད་དེ། །

เล่ม ๓๕ · หน้า 42a

འགྲོ་བའི་གཏི་མུག་དྲ་བ་རྣམ་པར་སྦྱོང་། །དེ་སྐད་ཆུ་འཛིན་ཤུགས་ནི་སྨྲ་ཞིང་བརྗོད། །སངས་རྒྱས་དྲི་མེད་བསམ་གྱིས་མི་ཁྱབ་སྤྱད། །འཇིག་རྟེན་ཀུན་གྱི་ཡུལ་དུ་རྣམ་པར་མཛེས། །སྤྱོད་པའི་དཀྱིལ་འཁོར་འགྲོ་བ་ཀུན་ལ་སྟོན། །སྣ་

ཚོགས་དཔལ་གྱི་མེ་ཏོག་སྤྱོད་ཡུལ་ལོ། །བདུད་ཀྱི་དཀྱིལ་འཁོར་མི་ཟད་རྒྱ་ཆེ་བའང་། །འབྱམ་ཀླས་ཐུགས་ཀྱི་སྐད་ཅིག་གཅིག་གིས་བརྟུལ། །རྒྱལ་བ་བསམ་གྱིས་མི་ཁྱབ་མི་གཡོ་སྟེ། །རྡོ་རྗེ་རྡུལ་འཛིན་ཚུལ་ནི་འདི་ཡིན་ནོ། །ཆོས་ཀྱི་དབྱིངས་ནི་འབྱམ་

ཀླས་ཀུན་བཀང་ཞིང་། །ཕྱོགས་བཅུ་རྣམས་སུ་རྒྱལ་བའི་གསུང་ཡང་གྲག །སངས་རྒྱས་སྤྱོད་ཡུལ་ཏིང་ངེ་འཛིན་ལས་སྐྱེས། །འདི་ལྟར་འདི་ལ་སྤྲིན་འབྱུང་རབ་ཏུ་འཇུག །དེ་ལ་ཆུ་ཀླུང་གི་ལྷ་ཆུ་བོ་ཀུན་དང་ལྡན་པའི་རྣམ་པར་ཐར་པ་ནི། ཆོས་ཀྱི་ཆུ་བོ་མཐའ་

མེད་པས་རྒྱས་པར་འགེངས་པ་ཞེས་བྱའོ། །ཆུ་ཀླུང་གི་ལྷ་རི་དང་ཆུ་ཀུན་ལ་རྟེན་པའི་རྣམ་པར་ཐར་པ་ནི། ཉོན་མོངས་པ་ཐམས་ཅད་སྤང་བ་ལ་ཡང་དག་པར་འཇུག་པ་ཞེས་བྱའོ། །ཆུ་ཀླུང་གི་ལྷ་རྡུལ་ཐམས་ཅད་དྲི་མ་མེད་པར་རྣམ་པར་དག་པའི་མིག་གི་རྣམ་པར་

ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་རྡུལ་དང་འགྲོགས་པའི་སྙིང་རྗེའི་ཚུལ་གྱིས་ཀུན་ཏུ་རྒྱས་པར་འགེངས་པ་ཞེས་བྱའོ། །ཆུ་ཀླུང་གི་ལྷ་ང་རོས་ཁྱབ་པར་བྱེད་པའི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་སྒྲ་ཡིད་དུ་མི་འོང་བ་ཟློག་ཅིང་ཕན་པ་

སྐྱེད་པ་ཞེས་བྱའོ། །ཆུ་ཀླུང་གི་ལྷ་སྲོག་ཆགས་ཀྱི་རྒྱུད་མཐའ་ཡས་པ་སྐྱོབ་པའི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ལ་འཚེ་བ་མེད་པའི་བྱམས་པ་འབྱུང་བ་ཞེས་བྱའོ། །ཆུ་ཀླུང་གི་ལྷ་གདུང་བ་མེད་པ་རྒྱ་མཚོ་གདུང་བ་མེད་པའི་འོད་དྲི་མ་མེད་པའི་རྣམ་

པར་ཐར་པ་ནི། དགེ་བའི་རྩ་བ་ཐམས་ཅད་གདུང་བར་མི་ནུས་པའི་སྒོ་ཀུན་ནས་སྟོན་པ་ཞེས་བྱའོ། །ཆུ་ཀླུང་གི་ལྷ་དགའ་བདེ་ཀུན་ནས་འབྱུང་བའི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་འཇུངས་པ་སེལ་ཅིང་གཏོང་བ་ཕུན་སུམ་ཚོགས་པ་ཡོངས་སུ་སྤྱོད་པ་

เล่ม ๓๕ · หน้า 42b

ཞེས་བྱའོ། །ཆུ་ཀླུང་གི་ལྷ་ཡོན་ཏན་གྱི་ཤུགས་ཡངས་པའི་རྒྱལ་མཚན་གྱི་རྣམ་པར་ཐར་པ་ནི། ཐམས་ཅད་ཚིམ་པར་བྱེད་པའི་བསོད་ནམས་ཀྱི་ཞིང་རབ་ཏུ་འབྱུང་བ་ཞེས་བྱའོ། །ཆུ་ཀླུང་གི་ལྷ་འཇིག་རྟེན་ཐམས་ཅད་ཀྱི་དཔལ་གྱི་རྣམ་པར་ཐར་པ་ནི། སེམས་ཅན་

ཐམས་ཅད་ཀྱི་ཉོན་མོངས་པ་རྣམ་པར་བྱང་བར་བྱེད་ཅིང་། འཁོན་དུ་འཛིན་པ་དམ་པོ་དང་། ཁྲོ་བའི་ཤུགས་དང་བར་བྱེད་པ་ཞེས་བྱའོ། །ཆུ་ཀླུང་གི་ལྷ་ཚོགས་ཆེན་པོ་རྒྱ་མཚོ་དཔལ་གྱི་འོད་ཀྱི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་བདེ་བ་ཕུན་སུམ་ཚོགས་པ་མྱོང་

བར་བྱེད་ཅིང་ཐར་པ་རྒྱ་མཚོ་ལ་འཛུད་པ་ཞེས་བྱའོ། །དེ་ནས་ཆུ་ཀླུང་གི་ལྷ་ཆུ་བོ་ཀུན་དང་ལྡན་པས་སངས་རྒྱས་ཀྱི་མཐུས། ཆུ་ཀླུང་གི་ལྷའི་འཁོར་གྱི་དཀྱིལ་འཁོར་ཡོད་པ་ཐམས་ཅད་ལ་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །

ཆོས་རྣམས་རྒྱ་མཚོ་མཐའ་ཡས་སྤྱོད་པ་དག །སྔན་ཅད་རྒྱལ་བས་སེམས་ཅན་དོན་དུ་སྦྱངས། །འཇིག་རྟེན་བཀང་ཞིང་ཉོན་མོངས་གདུངས་པའི་རྣམས། །སྤྲིན་ཆེན་ཆར་བཞིན་རབ་ཏུ་ཞི་བར་མཛད། །བསྐལ་པ་བརྗོད་དུ་མེད་པར་རྒྱལ་བས་སྔོན། །

སྨོན་ལམ་འོད་ཀྱིས་སེམས་ཅན་དབྱིངས་ཤེས་ཤིང་། །འགྲོ་བ་ཡོངས་སྨིན་དབང་པོ་ཆོས་ཀྱང་མཁྱེན། །འཁྱིལ་པ་ཞེས་བྱ་ཆུ་ཀླུང་ལྷ་དགའ་འོ། །འགྲོ་དང་མཉམ་པའི་སྙིང་རྗེའི་ཚུལ་བསྒོམས་ཤིང་། །མགོན་པོ་སེམས་ཅན་ཉོན་མོངས་དྲི་མ་སྦྱོང་། །

ཡོངས་སྨིན་སེམས་ཅན་རྒྱལ་བ་མངོན་དུ་ལྟ། །དེ་ལ་དྲི་མེད་མིག་གི་ལྷ་ཡང་མོས། །དེ་བཞིན་གཤེགས་པའི་དབྱངས་སྙན་རྒྱ་ཆེན་ནི། །ཀུན་ཏུ་བསྒྲགས་པས་འགྲོ་བའི་སྡུག་བསྔལ་ཞི། །སངས་རྒྱས་དབྱངས་སྙན་ཐོས་ནས་དགའ་མགུ་ཡིད། །རྣམ་

ཐར་འདི་ནི་སྒྲ་དབྱངས་སྒྲོག་པས་ཐོས། །བསྐལ་པ་རྒྱ་མཚོར་འགྲོ་ལ་ཕན་དོན་དུ། །སྔན་ཅད་བྱང་ཆུབ་སྤྱོད་པ་སྤྱད་མཐོང་ན། །དེ་ཕྱིར་དེ་ནི་ཕྱོགས་བཀང་འཇིག་རྟེན་མཛེས། །ལམ་རྒྱུད་སྐྱོབ་པ་རྗེས་སུ་དྲན་ཞིང་དགའ། །རྒྱལ་བ་སྔན་ཅད་སྤྱད་པ་སྤྱོད་

เล่ม ๓๕ · หน้า 43a

པའི་ཚེ། །སྣ་ཚོགས་སྒོ་ནས་སེམས་ཅན་སྨིན་པར་མཛད། །དེ་དག་བསོད་ནམས་རྒྱ་མཚོས་སྡུག་བསྔལ་འཇིལ། །ཞི་བྱེད་ཆུ་ཀླུང་ལྷ་ནི་དེས་དགའ་འོ། །སྦྱིན་པའི་སྒོ་མོ་ཚད་མེད་མི་ཟད་མང་། །འགྲོ་བ་འདོད་པ་ཀུན་ལ་ཡོངས་བཏང་ཞིང་། །

རྒྱལ་བས་འགྲོ་བའི་འཇུངས་པ་ཡོངས་སུ་བསྩལ། །ཀུན་ནས་དགའ་དཔལ་རྣམ་ཐར་འདི་མཐོང་ངོ་། །ཐབས་ཚུལ་རྒྱ་མཚོ་ཐམས་ཅད་བསྒོམས་པས་ན། །ཡོན་ཏན་མང་པོ་བརྒྱ་ཕྲག་མང་པོས་བྱུང་། །རྒྱལ་བས་འགྲོ་བ་ཐམས་ཅད་ཚིམ་མཛད་དེ། །རྒྱ་ཆེན་སྒྲ་

དབྱངས་ཤུགས་ལྡན་ལྷ་ཡང་དགའ། །སྒྲིབ་པའི་ཀློང་དང་འགྲོ་བའི་ཉོན་མོངས་དྲི། །འགྲོ་བ་རྣམས་ལ་བྱམས་པ་བསྐྱེད་སྦྱངས་པས། །མཁའ་མཉམ་འོད་ཀྱིས་སངས་རྒྱས་རྣམ་པར་མཛེས། །རྣམ་པར་མཛེས་པའི་ཆུ་ཀླུང་ལྷ་དགའ་འོ། །སངས་རྒྱས་རང་བྱུང་

ཡོན་ཏན་རྒྱ་མཚོ་སྟེ། །བསོད་ནམས་ཞིང་ནི་འདུས་བྱས་སྡུག་བསྔལ་འདོར། །བྱང་ཆུབ་ལམ་ལ་རིམ་གྱིས་ཡོངས་སྨིན་མཛད། །རྒྱ་མཚོའི་ཚོགས་དཔལ་རྣམ་ཐར་འདི་ཡིན་ནོ། །དེ་ལ་ལོ་ཏོག་གི་ལྷ་དང་འཇམ་པའི་དཔལ་གྱི་རྣམ་པར་ཐར་པ་ནི། རོ་དང་མདངས་ཐམས་

ཅད་སྐྱེད་ཅིང་། །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་རབ་ཏུ་ཐོབ་པ་ཞེས་བྱའོ། །ལོ་ཏོག་གི་ལྷ་དུས་ཀྱི་མེ་ཏོག་རྣམ་པར་མཛེས་པའི་འོད་ཀྱི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་ཉེ་བར་འཚོ་བས་དགའ་བ་ཆེན་པོའི་ཤུགས་ཀྱི་ཚིམ་པ་སྐྱེད་པ་

ཞེས་བྱའོ། །ལོ་ཏོག་གི་ལྷ་རྩལ་དམ་པའི་སྟོབས་ཀྱི་རྣམ་པར་ཐར་པ་ནི། ཆོས་ཐམས་ཅད་ཀྱི་དབྱིངས་ཡོངས་སུ་རྒྱས་པས་ཤིན་ཏུ་དག་པའི་སྤྱོད་ཡུལ་ཞེས་བྱའོ། །ལོ་ཏོག་གི་ལྷ་མདངས་ཀྱི་དད་མཐའ་ཡས་པ་རབ་ཏུ་འགྱེད་པའི་རྣམ་པར་ཐར་པ་ནི། སྙིང་

རྗེ་མཐའ་ཡས་པའི་སྒོ་ནས། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་རབ་ཏུ་འགྱེད་ཅིང་རྗེས་སུ་དྲན་པ་ཞེས་བྱའོ། །ལོ་ཏོག་གི་ལྷ་ཀུན་གྱི་རྩ་བ་འབྲས་བུའི་རྣམ་པར་ཐར་པ་ནི། སངས་རྒྱས་ཐམས་ཅད་མངོན་དུ་ལྟ་ཞིང་། སངས་རྒྱས་རྣམས་ལ་ཡོན་ཏན་ཡང་དག་པར་

เล่ม ๓๕ · หน้า 43b

བསྐྱེད་པ་སྟོན་པ་ཞེས་བྱའོ། །ལོ་ཏོག་གི་ལྷ་གཙུག་ཕུད་ཁ་དོག་སྣ་ཚོགས་ཀྱི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་ཀྱི་མོས་པའི་མེ་ཏོག་ཡོངས་སུ་སྦྱོང་བ་ཞེས་བྱའོ། །ལོ་ཏོག་གི་ལྷ་ཡལ་ག་དྲི་མ་མེད་པར་གྲུབ་པའི་རྣམ་པར་ཐར་པ་ནི། སེམས་ཅན་ལ་ཕན་པའི་བྱམས་

པ་དང་། བསོད་ནམས་རྒྱ་མཚོ་རྒྱ་ཆེན་པོ་རྣམ་པར་འཕེལ་བར་བྱེད་པ་ཞེས་བྱའོ། །ལོ་ཏོག་གི་ལྷ་སྤོས་སྣ་ཚོགས་ཤིན་ཏུ་གྲུབ་པའི་རྣམ་པར་ཐར་པ་ནི། ཆོས་ཐམས་ཅད་ལ་སྤྱོད་པ་ཀུན་ཏུ་གནོན་པས་རྩོམ་པ་ཞེས་བྱའོ། །ལོ་ཏོག་གི་ལྷ་བཟང་ཞིང་ཡིད་དུ་འོང་བར་སྣང་བའི་རྣམ་པར་

ཐར་པ་ནི། འགྲོ་བ་ཐམས་ཅད་ཀྱི་ཞུམ་པ་དང་། ཡིད་དུ་མི་འོང་བ་རྣམ་པར་ཟློག་ཅིང་། ཆོས་ཀྱི་དབྱིངས་ཐམས་ཅད་ཡོངས་སུ་དག་པར་བྱེད་པ་ཞེས་བྱའོ། །ལོ་ཏོག་གི་ལྷ་ཁ་དོག་རྣམ་པར་དག་ཅིང་། འོད་དྲི་མ་མེད་པའི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་ཀྱི་དགེ་བའི་རྩ་བ་

ལ་རྣམ་པར་ལྟ་ཞིང་ཆོས་ཀྱིས་འཁོར་གྱི་དབང་པོ་ཚིམ་པར་བྱེད་པ་ཞེས་བྱའོ། །དེ་ནས་ལོ་ཏོག་གི་ལྷ་དང་འཇམ་པའི་དཔལ་གྱིས་སངས་རྒྱས་ཀྱི་མཐུས་ལོ་ཏོག་གི་ལྷའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །

རང་བྱུང་ཡེ་ཤེས་སྒྲོན་མ་སྐྱེས་པ་ནི། །འགྲོ་བ་ཀུན་གྱི་སྐྱབས་དང་མགོན་གྱུར་ཏེ། །མ་ལུས་འགྲོ་བའི་བདེ་བ་ཡང་དག་སྐྱེད། །བསོད་ནམས་རྒྱ་མཚོ་སངས་རྒྱས་བླ་ན་མེད། །སངས་རྒྱས་མཉན་ན་དོན་ཡོད་ཡོན་ཏན་སྤྲིན། །འགྲོ་བ་ཀུན་གྱི་སྡུག་བསྔལ་ཞི་བར་

མཛད། །ཆོས་རྒྱ་ཆེན་པོ་མི་ཟད་རབ་ཏུ་བསྐྱེད། །དུས་ཀྱི་དཀྱིལ་འཁོར་ལྷ་ནི་འདི་ལ་འཇུག །བདེ་གཤེགས་སྟོབས་ནི་མ་ལུས་ཡོངས་སུ་རྒྱས། །འགྲོ་བ་དག་ནི་ཆོས་ཀྱི་ལེགས་པས་མཛེས། །འགྲོ་བ་ཀུན་འདུལ་ཀུན་ཏུ་རྣམ་པར་སྣང་། །སྟོབས་དང་

གཟུགས་ཀྱི་མཐུ་ཡིས་དེ་མཐོང་ངོ་། །སེམས་ཀྱི་སྐད་ཅིག་ཀུན་ལ་འགྲོ་མཉམ་པའི། །ཐུགས་རྗེས་རྒྱ་མཚོ་སྔན་ཅད་རྣམ་སྦྱངས་པས། །དེ་ཕྱིར་རྫུ་འཕྲུལ་རྣམས་ནི་མཐའ་ཡས་སོ། །དེ་ནི་མདངས་མཐོང་ལྷ་ཡིས་རབ་ཏུ་མཐོང་། །ཐབས་རྣམས་ཀུན་གྱི་སྒོ་རྣམས་

เล่ม ๓๕ · หน้า 44a

དོན་ཡོད་པར། །སངས་རྒྱས་འཇིག་རྟེན་ཀུན་ཏུ་ཁྱབ་གྱུར་ཅིང་། །འགྲོ་བ་ཀུན་གྱི་ཉོན་མོངས་དག་པར་མཛད། །འདི་ནི་ཐམས་ཅད་སྒོ་མོའི་རྣམ་ཐར་ཏོ། །འགྲོ་བ་འདི་ན་མོས་ཡངས་གང་ཡོད་པ། །དེ་དག་ཐམས་ཅད་རྒྱལ་བའི་མཐུས་

བྱུང་སྟེ། །དེ་བཞིན་གཤེགས་པའི་ཡེ་ཤེས་རྒྱ་མཚོའོ། །ནགས་ཚལ་རྒྱན་གྱིས་གཙུག་ཕུད་དེ་ལ་འཇུག །འཇིག་རྟེན་རྣམས་ལ་བྱམས་པ་ཆེ་བསྐྱེད་དེ། །སེམས་ཅན་རྣམས་ལ་ཕན་ཕྱིར་རང་བྱུང་སྐྱེས། །ལམ་རབ་དགེ་བ་ཞི་བ་རབ་ཏུ་སྟོན། །ཞི་བ་སྣ་

ཚོགས་དཔལ་གྱི་རྣམ་ཐར་ཏོ། །ཕྱོགས་སུ་སེམས་ཅན་ཡོངས་སུ་སྨིན་བྱེད་པའི། །བདེ་གཤེགས་སྤྱོད་པ་ཇི་ལྟར་རྣམ་དག་པ། །བྱང་ཆུབ་ཤིང་ལས་དེ་དག་སྒྲ་ཡང་འབྱུང་། །སྤོས་ཞིམ་དཔལ་གྱི་ལྷ་ཡིས་དེ་ཐོས་སོ། །རྒྱལ་བའི་འཇིག་རྟེན་ཡིད་དུ་འོང་

བ་སྤོང་། །དགེ་བ་མ་ལུས་རྣམས་ཀྱང་རབ་ཏུ་སྐྱེད། །འགྲོ་བ་ཀུན་གྱི་དབང་པོ་རྣམ་པར་སྦྱོང་། །དགེ་བར་སྣང་བའི་ལྷ་ཡིས་དེ་མཐོང་ངོ་། །འགྲོ་བ་ཀུན་ན་སངས་རྒྱས་ཤིན་ཏུ་འཕགས། །སྐྱེ་བོ་ཀུན་གྱི་བསམ་པ་དེ་མཁྱེན་ཏེ། །སྣ་ཚོགས་སྒོ་ནས་འགྲོ་བ་

ཡོངས་སྨིན་མཛད། །རྣམ་དག་ཁ་དོག་འོད་ཀྱི་རྣམ་ཐར་ཏོ། །དེ་ལ་སྨན་གྱི་ལྷ་ཕུན་སུམ་ཚོགས་པའི་རྣམ་པར་ཐར་པ་ནི། བསམ་པ་ཀུན་ནས་རྣམ་པར་ལྟ་བའི་གནོན་པས་འགྲོ་བ་རབ་ཏུ་གནོན་པ་ཞེས་བྱའོ། །སྨན་གྱི་ལྷ་ཙན་དན་གྱི་ནགས་ཚལ་གྱི་ཤུགས་

འཆང་བའི་རྣམ་པར་ཐར་པ་ནི། བལྟ་བ་དོན་ཡོད་པས་སེམས་ཅན་འདྲེན་པའི་འོད་ཅེས་བྱའོ། །སྨན་གྱི་ལྷ་འོད་རྡུལ་མེད་པའི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཉོན་མོངས་པ་རབ་ཏུ་ཞི་བས་རྡུལ་དང་བྲལ་བའི་སྦྱོར་བ་ཞེས་བྱའོ། །སྨན་གྱི་ལྷ་མིང་ཀུན་ཏུ་

གྲགས་པའི་གླང་པོའི་རྒྱལ་མཚན་གྱི་རྣམ་པར་ཐར་པ་ནི། མིང་བསྒྲགས་པས་དགེ་བའི་རྩ་བ་རྒྱ་མཚོ་ཡང་དག་པར་འཕེལ་བ་ཞེས་བྱའོ། །སྨན་གྱི་ལྷ་སྤུའི་གློང་ཀུན་ནས་འོད་བྱུང་བའི་རྣམ་པར་ཐར་པ་ནི། ནད་ཐམས་ཅད་ལ་སྙིང་རྗེའི་དཀྱིལ་འཁོར་གྱི་ཤུགས་

เล่ม ๓๕ · หน้า 44b

ཀྱི་རྒྱལ་མཚན་ཞེས་བྱའོ། །སྨན་གྱི་ལྷ་མུན་པ་རྣམ་པར་སེལ་ཅིང་རྣམ་པར་སྦྱོང་བའི་རྣམ་པར་ཐར་པ་ནི། འགྲོ་བ་མདོངས་པ་ལྟ་བུ་ཐམས་ཅད་ཀྱི། ཡེ་ཤེས་ཀྱི་མིག་རྣམ་པར་དག་པར་བྱེད་པ་ཞེས་བྱའོ། །སྨན་གྱི་ལྷ་སྒྲ་དབྱངས་ཀུན་ཏུ་འབྱུང་བའི་རྣམ་

པར་ཐར་པ་ནི། སངས་རྒྱས་ཀྱི་ཆོས་རབ་ཏུ་བསྒྲགས་པས། དོན་གྱི་དབྱིངས་འབྱུང་བ་ཞེས་བྱའོ། །སྨན་གྱི་ལྷ་ཉི་མའི་འོད་འགྲོ་བའི་མཆོག་གི་རྒྱལ་མཚན་གྱི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་ལ་དགེ་བའི་བཤེས་སུ་སྟོན་ཅིང་དགེ་བའི་རྩ་བས་ཡང་དག་པར་

བསྐུལ་བ་ཞེས་བྱའོ། །སྨན་གྱི་ལྷ་ཕྱོགས་བཅུར་རྨོངས་པ་མེད་པའི་རྣམ་པར་ཐར་པ་ནི། མོས་པའི་ཚུལ་གྱིས་རྣམ་པར་དག་པའི་སྙིང་རྗེའི་སྙིང་པོ་ཞེས་བྱའོ། །སྨན་གྱི་ལྷ་མདངས་བཟང་པོ་ཀུན་ཏུ་འགྱེད་པའི་མིག་གི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་

ནད་རབ་ཏུ་ཞི་བར་བྱེད་ཅིང་། སངས་རྒྱས་རྗེས་སུ་དྲན་པར་སྦྱོར་བ་ཞེས་བྱའོ། །དེ་ནས་སྨན་གྱི་ལྷ་ཕུན་སུམ་ཚོགས་པས་སངས་རྒྱས་ཀྱི་མཐུས། སྨན་གྱི་ལྷའི་འཁོར་གྱི་དཀྱིལ་འཁོར་ཡོད་པ་ཐམས་ཅད་ལ་རྣམ་པར་བལྟས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་

དག་སྨྲས་སོ། །སངས་རྒྱས་ཡེ་ཤེས་བསམ་གྱིས་མི་ཁྱབ་ལྟོས། །འགྲོ་བ་ཀུན་གྱི་བསམ་པ་རབ་ཏུ་མཁྱེན། །ཐབས་ཀྱི་རྣམ་པ་སྣ་ཚོགས་སྒོ་དག་ནས། །སྡུག་བསྔལ་ཀུན་ལས་སེམས་ཅན་རབ་ཏུ་འགྲོལ། །སངས་རྒྱས་ཆོས་ཉིད་དེ་ལྟར་བསམ་

མི་ཁྱབ། །དེ་ཡི་མཐུ་ནི་ཐམས་ཅད་དོན་ཀྱང་ཡོད། །སྐྱེ་དགུ་རྣམས་ཀྱི་སྡུག་བསྔལ་ཞི་བར་མཛད། །ཙན་དན་ཤུགས་དང་ལྡན་པའི་རྣམ་ཐར་ཏོ། །སྔན་ཅད་རྒྱལ་བའི་ཆོས་ཉིད་དག་ལ་ལྟོས། །བསྐལ་པ་རྒྱ་མཚོ་མཐའ་མེད་སྤྱོད་པ་ན། །སྲིད་པ་ཀུན་

ལ་ཆགས་པ་གང་ཡང་མེད། །དེ་ལ་རྡུལ་མེད་འོད་ཀྱི་ལྷ་འཇུག་གོ །རྒྱལ་བ་བསྐལ་པ་སྟོང་ཕྲག་བརྒྱ་དག་ཏུ། །མཐོང་ཞིང་མཚན་ཉིད་དེ་བཞིན་ཤིན་ཏུ་དཀོན། །ཚུལ་རྣམས་ཀུན་ཏུ་རང་བྱུང་དོན་ཡོད་དེ། །དེ་ལ་རྒྱལ་མཚན་མཆོག་ནི་དེ་ལྟར་འཇུག །རྒྱལ་

เล่ม ๓๕ · หน้า 45a

བའི་སྤུ་ཡི་སྒོ་རྣམས་ཀུན་ནས་ཀྱང་། །ནད་ལས་རབ་ཏུ་གྲོལ་བའི་འོད་བཀྱེ་བས། །འཇིག་རྟེན་ཉོན་མོངས་མ་ལུས་ཞི་བར་མཛད། །སྤུ་མདངས་རྒྱུན་གྱི་རྣམ་ཐར་འདི་ཡིན་ནོ། །སྡུག་བསྔལ་ལས་དང་ཉོན་མོངས་སྣ་ཚོགས་པས། །

འགྲོ་བ་མདོངས་ཤིང་རབ་ཏུ་རྨོངས་གྱུར་རྣམས། །སངས་རྒྱས་ཡེ་ཤེས་འོད་ཀྱིས་རྣམ་པར་སྤྱོད། །དེ་ནི་མུན་དང་བྲལ་བའི་ལྷས་མཐོང་ངོ་། །རྒྱལ་བའི་གསུང་གཅིག་ལས་ནི་མཐའ་ཡས་པའི། །ཆོས་ཀྱི་སྒོ་མོ་ཐམས་ཅད་ཀུན་ཀྱང་འབྱུང་། །དེ་ནི་སེམས་

ཅན་མ་ལུས་ཀུན་ཀྱང་ཤེས། །འདི་ནི་སྒྲ་དང་ལྡན་པའི་རྣམ་ཐར་ཏོ། །རྒྱལ་བའི་ཡེ་ཤེས་བསམ་གྱིས་མི་ཁྱབ་ལྟོས། །སྲིད་པར་སེམས་ཅན་ཡོངས་སུ་སྨིན་བྱས་པ། །དེ་ལ་འགྲོ་ཀུན་མི་མགོན་མངོན་དུ་སྣང་། །ཉི་འོད་ཞི་བའི་ལྷ་ཡིས་དེ་མཐོང་

ངོ་། །སངས་རྒྱས་ཐུགས་རྗེའི་ཚུལ་ནི་རྒྱ་མཚོ་སྟེ། །འགྲོ་བ་ཀུན་ལ་ཕན་དོན་དེ་སྐྱེས་སོ། །འགྲོ་བ་ཀུན་ལ་ལམ་རྣམས་ཤིན་ཏུ་སྟོན། །དེ་ནི་ཕྱོགས་སུ་སྣང་བའི་ལྷས་ཤེས་སོ། །སངས་རྒྱས་འགྲོ་དབང་རྣམས་ཀྱི་འོད་ཡངས་པ། །ཕྱོགས་རྣམས་

ཐམས་ཅད་མ་ལུས་ཀུན་ཏུ་གང་། །སངས་རྒྱས་རྗེས་སུ་དྲན་པའི་གཟི་བརྗིད་བསྐྱེད། །མདངས་ཀྱི་འོད་དུ་ལྡན་པའི་རྣམ་ཐར་ཏོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བཞི་པ། དེ་ལ་

ནགས་ཚལ་གྱི་ལྷ་ཡལ་ག་སྣ་ཚོགས་ཀྱི་སྤྲིན་གྱི་རྣམ་པར་ཐར་པ་ནི། ཡེ་ཤེས་རྒྱ་མཚོ་ཡངས་ཤིང་མཐའ་ཡས་པའི་སྙིང་པོ་ཞེས་བྱའོ། །ནགས་ཚལ་གྱི་ལྷ་འོད་ཀྱི་ཕུང་པོ་སྣ་ཚོགས་ཀྱི་མིག་ཡིད་དུ་འོང་བའི་འོད་ཀྱི་རྣམ་པར་ཐར་པ་ནི་དགེ་བ་རྒྱ་ཆེན་པོ་ཀུན་ནས་

སྤུངས་པའི་ཤུགས་ཤེས་བྱའོ། །ནགས་ཚལ་གྱི་ལྷ་མྱུ་གུ་ཡིད་དུ་འོང་བའི་འོད་ཀྱི་རྣམ་པར་ཐར་པ་ནི། མོས་པ་སྣ་ཚོགས་ཀྱི་མྱུ་གུ་རྣམ་པར་འཕེལ་བ་དང་། ཡོངས་སུ་དག་པར་བྱེད་པ་ཞེས་བྱའོ། །ནགས་ཚལ་གྱི་ལྷ་ལོ་མ་དྲི་མ་མེད་པའི་ཕྲེང་བའི་དཔལ་

เล่ม ๓๕ · หน้า 45b

གྱི་རྣམ་པར་ཐར་པ་ནི། ཡོན་ཏན་གྱི་དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱན་ཡོངས་སུ་སྦྱོང་ཞིང་རྣམ་པར་སྒོམ་པ་ཞེས་བྱའོ། །ནགས་ཚལ་གྱི་ལྷ་ཡན་ལག་རབ་ཏུ་འཆང་བའི་གཟི་བརྗིད་ཀྱི་རྣམ་པར་ཐར་པ་ནི། ཤེས་རབ་དྲི་མ་མེད་པའི་སྒོ་ནས་ཆོས་ཀྱི་དབྱིངས་ལ་

དམིགས་ཤིང་། ཀུན་ནས་རྣམ་པར་དམིགས་པས་རྒྱས་པར་འགོངས་པ་ཞེས་བྱའོ། །ནགས་ཚལ་གྱི་ལྷ་དགེ་བའི་འོད་སྣ་ཚོགས་ཀྱི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་ཀྱི་སྤྱོད་པ་རྒྱ་མཚོ་ལ་ཡང་དག་པར་འཇུག་པའི་ཆོས་ཀྱི་སྤྲིན་མངོན་པར་སྒྲུབ་པ་ཞེས་

བྱའོ། །ནགས་ཚལ་གྱི་ལྷ་སྒྲ་སྐད་ཡིད་དུ་འོང་བའི་དབྱངས་ཀྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་ཡིད་དུ་མི་འོང་བའི་སྒྲ་ལ་བཟོད་པ་རབ་ཏུ་ཐོབ་པས་ཆོས་ཀྱི་སྣང་བ་དྲི་མ་མེད་པ་ཞེས་བྱའོ། །ནགས་ཚལ་གྱི་ལྷ་ཀུན་ནས་སྤོས་མང་པོ་ལྡང་བའི་

འོད་ཀྱི་རྣམ་པར་ཐར་པ་ནི། སྤྱོད་པ་རྒྱ་ཆེན་པོའི་དཀྱིལ་འཁོར་སྤྱོད་པས་ཡོངས་སུ་དག་པར་བྱེད་ཅིང་ཕྱོགས་ཀུན་ཏུ་རྣམ་པར་སྣང་བ་ཞེས་བྱའོ། །ནགས་ཚལ་གྱི་ལྷ་ཀུན་ནས་དཔལ་གྱི་འོད་རབ་ཏུ་འབྱུང་བའི་དཀྱིལ་འཁོར་གྱི་རྣམ་པར་ཐར་པ་ནི། འགྲོ་བ་ལ་

ཕན་པའི་དོན་ཆོས་ཐམས་ཅད་ཀྱི་ཡོན་ཏན་གྱིས་རྒྱས་པར་ཡང་དག་པར་སྦྱོང་བ་ཞེས་བྱའོ། །ནགས་ཚལ་གྱི་ལྷ་མེ་ཏོག་དང་འབྲས་བུ་དང་རོའི་འོད་ཀྱི་རྣམ་པར་ཐར་པ་ནི། སངས་རྒྱས་སྐྱེ་བ་ཐམས་ཅད་ལ་དགའ་བར་ལྟ་ཞིང་རྗེས་སུ་དྲན་པའི་ཡོན་ཏན་གྱི་རྒྱན་གྱི་

སྙིང་པོ་ཞེས་བྱའོ། །དེ་ནས་ནགས་ཚལ་གྱི་ལྷ་ཡལ་ག་སྣ་ཚོགས་ཀྱི་སྤྲིན་གྱིས་སངས་རྒྱས་ཀྱི་མཐུས་ནགས་ཚལ་གྱི་ལྷའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་རྣམ་པར་བལྟས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བསོད་ནམས་སྟོབས་

དང་ཡེ་ཤེས་སྟོབས་རྣམས་དང་། །སྔོན་ཚེ་བྱང་ཆུབ་སྤྱོད་པས་སངས་རྒྱས་བྱུང་། །སྟོབས་རྣམས་ཀུན་གྱི་རང་བྱུང་ཕ་རོལ་ཕྱིན། །འགྲོ་བ་ཀུན་ན་འཕགས་ཤིང་རྣམ་པར་མཛེས། །འགྲོ་བ་ཐམས་ཅད་སྙེད་ཀྱི་ཐུགས་རྗེའི་སྒོ། །དེ་བཞིན་གཤེགས་པས་སྔོན་ཚེ་

เล่ม ๓๕ · หน้า 46a

རབ་ཏུ་སྦྱངས། །རང་བྱུང་དེ་བས་འགྲོ་བའི་དོན་མཛད་དོ། །སྣ་ཚོགས་སྤུངས་འོད་རྣམ་ཐར་འདི་ལ་འཇུག །སེམས་ཅན་ཀུན་གྱིས་བདེ་གཤེགས་མཐོང་མ་ཐག །མོས་པ་རྒྱ་མཚོ་རྣམ་པར་དག་པར་འགྱུར། །རྒྱལ་བ་ཀུན་གྱི་

ལམ་ཡང་ཡང་དག་སྟོན། །མྱུ་གུ་ཡིད་འོང་འོད་ཀྱི་རྣམ་ཐར་ཡིན། །རྒྱལ་བ་ཀུན་གྱི་བ་སྤུའི་ཡོན་ཏན་འཁོར། །བསྐལ་པ་རྒྱ་མཚོར་ཟད་པར་མི་ནུས་ཏེ། །འགྲོ་བ་ཀུན་གྱིས་སངས་རྒྱས་བསམ་མི་ཁྱབ། །རྣམ་ཐར་འདི་ནི་ཕྲེང་བའི་དཔལ་གྱིས་མཐོང་། །

སྔན་ཅད་རྒྱལ་བས་སངས་རྒྱས་གང་གི་རྣམས། །ཞིང་མང་རྡུལ་སྙེད་མཆོད་པ་དེ་དག་དྲན། །ཀུན་ཏུ་ཤེས་རབ་དཀྱིལ་འཁོར་རྣམ་པར་སྦྱངས། །ཡལ་ག་འོད་ཀྱི་བརྗིད་ཀྱིས་འདི་མཐོང་ངོ་། །འགྲོ་བ་ཀུན་གྱི་སྤྱོད་པ་རྒྱ་མཚོ་དག །སྐད་ཅིག་གཅིག་གིས་

སངས་རྒྱས་ཐུགས་སུ་ཆུད། །རྒྱལ་བའི་ཡེ་ཤེས་ཆགས་མེད་ཤིན་ཏུ་ཡངས། །སྣ་ཚོགས་འགྱུར་སྤུངས་འོད་ཀྱིས་འདི་མཐོང་ངོ་། །བདེ་གཤེགས་གསུང་ནི་ཞི་བ་རབ་ཞིར་གསུང་། །དགའ་བ་ཡངས་པ་ཆེན་པོ་རྣམ་པར་སྐྱེད། །སེམས་ཅན་མོས་

པ་ཇི་བཞིན་དེ་དག་ཤེས། །འདི་ནི་སྒྲ་རྣམས་སྒྲོགས་པའི་དབྱངས་ཀྱིས་ཐོས། །ཕྱོགས་བཅུའི་ཞིང་གི་དབྱིངས་རྣམས་རྒྱས་བྱས་ཤིང་། །སངས་རྒྱས་བྱིན་རླབས་རྒྱ་ཆེན་རབ་ཏུ་འབྱུང་། །རྒྱལ་བའི་སྔོན་གྱི་སྤྱོད་པ་དག་ཀྱང་སྟོན། །ཀུན་ཏུ་དྲི་ཞིམ་འོད་

དཔལ་འདི་ལ་འཇུག །མ་རུངས་སེམས་ཅན་ཡོན་ཏན་མེད་པའི་རྣམས། །མྱོས་ཤིང་འཁོར་བ་ཀུན་ཏུ་འཁོར་བ་དག །དེ་དག་ལ་ནི་ཐམས་ཅད་མཁྱེན་ལམ་སྟོན། །འཕགས་པའི་འོད་ཀྱི་འཁོར་གྱིས་འདི་མཐོང་ངོ་། །སེམས་ཅན་མ་རུངས་སྦྱོར་བ་སྤྱོད་པ་

རྣམས། །བསྐལ་པ་བྱེ་བས་སངས་རྒྱས་མཐོང་བར་འགྱུར། །གཞན་ནི་བདེ་གཤེགས་སྐད་ཅིག་གཅིག་གིས་ལྟ། །རིའི་འོད་ཀྱི་ལྷ་ཡིས་འདི་མཐོང་ངོ་། །དེ་ལ་རིའི་ལྷ་རིན་པོ་ཆེའི་རྩེ་མོའི་མེ་ཏོག་ཤིན་ཏུ་རྒྱས་པར་གནས་པའི་རྣམ་པར་ཐར་པ་ནི། བསམ་གཏན་

เล่ม ๓๕ · หน้า 46b

ཞི་ཞིང་ཡངས་ལ་དབེན་པའི་སྣང་བ་ལ་རབ་ཏུ་འཇུག་པ་ཞེས་བྱའོ། །རིའི་ལྷ་ནགས་ཚལ་སྣ་ཚོགས་མེ་ཏོག་ཤིན་ཏུ་རྒྱས་པའི་གཙུག་ཕུད་ཀྱི་རྣམ་པར་ཐར་པ་ནི། འགྲོ་བ་བསམ་གྱིས་མི་ཁྱབ་པའི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱེད་པའི་བྱམས་པ་སྒོམ་པའི་རྒྱན་ཅེས་བྱའོ། །

རིའི་ལྷ་ཀུན་ནས་ཤིན་ཏུ་འཕགས་པས་རྣམ་པར་སྣང་བའི་རྒྱལ་མཚན་གྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་བསམ་པ་རྣམ་པར་ལྟ་བའི་དབང་པོ་ལ་འཇུག་པས་མངོན་པར་སྣང་བ་ཞེས་བྱའོ། །རིའི་ལྷ་རྡུལ་ཐམས་ཅད་དང་མི་གནས་པས་དྲི་མ་མེད་པའི་གཙུག་

ཕུད་ཀྱི་རྣམ་པར་ཐར་པ་ནི། བསྐལ་པ་རྒྱ་མཚོ་མཐའ་ཡས་པར་མི་སྐྱོ་བའི་བརྩོན་འགྲུས་ཀྱིས་རབ་ཏུ་སྦྱོར་བ་ཞེས་བྱའོ། །རིའི་ལྷ་སྣང་བས་ཕྱོགས་སུ་གསོལ་བའི་འོད་ཀྱི་རྣམ་པར་ཐར་པ་ནི། སངས་རྒྱས་ཀྱི་ཡོན་ཏན་མཐའ་ཡས་པའི་སྣང་བ་རྣམ་པར་བསྟན་པ་སྟོན་

པ་ཞེས་བྱའོ། །རིའི་ལྷ་སྟོབས་ལ་ཐུབ་པ་མེད་པའི་སྣང་བའི་འོད་ཀྱི་རྣམ་པར་ཐར་པ་ནི། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་གཏི་མུག་ཡོངས་སུ་སེལ་བའི་འོད་ཅེས་བྱའོ། །རིའི་ལྷ་ཀུན་ནས་གཟི་བརྗིད་དཔལ་གྱི་དཀྱིལ་འཁོར་གྱི་རྣམ་པར་ཐར་པ་ནི། ཆགས་པ་

ཐམས་ཅད་དང་མཉམ་པའི་རྒྱན་གྱི་སྡུག་བསྔལ་ཡང་དག་པར་འཇོམས་པ་ཞེས་བྱའོ། །རིའི་ལྷ་སྣང་བའི་རྡུལ་ཆུ་བོའི་དཀྱིལ་འཁོར་གྱི་རྣམ་པར་ཐར་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པའི་ཡོན་ཏན་སྣང་བ་ཡང་དག་པར་སྟོན་པ་ཞེས་བྱའོ། །རིའི་ལྷ་ཀུན་

ཏུ་མངོན་པར་ལྟ་བའི་མིག་གི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་རྨི་ལམ་གྱི་མཐར་ཡང་དགེ་བའི་རྩ་བ་རྣམ་པར་འཕེལ་བར་བྱེད་པ་ཞེས་བྱའོ། །རིའི་ལྷ་ཀུན་ནས་སྲ་བའི་རྡོ་རྗེའི་མཚམས་ཀྱི་མིག་གི་རྣམ་པར་ཐར་པ་ནི། དོན་རྒྱ་མཚོ་རྒྱ་ཆེན་པོ་མཐའ་ཡས་པ་དང་

འགྲོགས་པ་ཞེས་བྱའོ། །དེ་ནས་རིའི་ལྷ་རིན་པོ་ཆེའི་རྩེ་མོ་མེ་ཏོག་ཤིན་ཏུ་རྒྱས་པར་གནས་པས། སངས་རྒྱས་ཀྱི་མཐུས། རིའི་ལྷའི་འཁོར་གྱི་དཀྱིལ་འཁོར་ཡོད་པ་ཐམས་ཅད་ལ་རྣམ་པར་བལྟས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །རྒྱལ་བའི་རྣམ་

เล่ม ๓๕ · หน้า 47a

འཕྲུལ་མི་ཟད་ཚད་མེད་ལྟོས། །སྔོན་ཚེ་སྤྱོད་རབ་མཐའ་ཡས་རྒྱལ་བས་སྤྱོད། །རྣམ་ཐར་ཞིང་གི་རྡུལ་སྙེད་སྒོམ་མཛད་པས། །འགྲོ་བ་མ་ལུས་དགའ་བའི་ཤུགས་ཀྱང་སྐྱེད། །སངས་རྒྱས་སྤུ་ནས་དྲི་མ་མེད་དཔལ་བཀྱེ། །ཡན་ལག་མཚན་

བརྒྱན་འགྲོ་བ་ཀུན་བཀང་ཞིང་། །བྱམས་ཚུལ་མཐའ་ཡས་འཇིག་རྟེན་ཀུན་ལ་སྟོན། །ནགས་ཚལ་རྒྱས་པའི་གཙུག་གི་རྣམ་ཐར་ཏོ། །སངས་རྒྱས་སྐུ་ནི་མཐའ་ཡས་འགྲོ་བར་མངོན། །འཇིག་རྟེན་ཀུན་ཏུ་ཕྱོགས་བཅུ་བཀང་ཞིང་འཕགས། །དབང་པོ་དང་བའི་སེམས་

ཅན་རངས་ཤིང་དགའ། །རྣམ་ཐར་འདི་ལ་འཕགས་པའི་རྒྱལ་མཚན་འཇུག །རང་བྱུང་མཁའ་མཉམ་འཇིག་རྟེན་ཀུན་མ་ཆགས། །བསྐལ་པ་ཀུན་སྤྱོད་བརྩོན་འགྲུས་སྟོབས་མི་སྐྱོ། །སྣ་ཚོགས་མཁས་འགྲོ་སྦྱོར་བ་མ་ལུས་འདུལ། །དགའ་བ་དྲི་མེད་གཙུག་

ཕུད་རྣམ་ཐར་ཏོ། །འཇིག་རྟེན་ཀུན་ནི་མདོངས་གྱུར་མུན་སྡུག་ཞུགས། །ཐུགས་རྗེས་དེར་བསྐྱེད་སངས་རྒྱས་འོད་བཀྱེ་ཞིང་། །འགྲོ་ཁམས་ཡུན་རིང་ཉལ་བ་སད་པར་མཛད། །རིགས་ནས་དགའ་འོད་ལྷའི་རྣམ་ཐར་ཏོ། །སྲིད་པའི་རྒྱ་མཚོར་སྤྱད་པ་སྔོན་སྤྱོད་ཚེ། །

ཞིང་རྡུལ་མཉམ་པའི་སེམས་ཅན་གཙོ་མཆོད་པས། །དེ་དག་དགྱེས་བཞིན་སེམས་ཅན་བྱང་ཆུབ་བཀོད། །ཞི་བའི་ས་འདི་སྟོབས་འཆང་ལྷ་འཇུག་གོ །ལས་ཀྱི་སྤྲིན་སྒྲིབ་གཡོགས་ཤིང་བསྒྲིབས་པ་རྣམས། །སྲིད་པར་སེམས་ཅན་སྡུག་བསྔལ་འཁོར་གཟིགས་

ནས། །དེ་དག་མུན་པ་ཡེ་ཤེས་འོད་ཀྱིས་བསྩལ། །གཟི་བརྗིད་དཔལ་འོད་རྣམ་ཐར་འདི་སེམས་སོ། །རྒྱལ་བའི་སྤུ་ལས་སངས་རྒྱས་ཡོན་ཏན་ཀུན། །ཕྱོགས་དབྱིངས་སེམས་ཅན་བསམ་པ་བཞིན་དུ་གྲགས། །རྫུ་འཕྲུལ་རྣམ་པ་བསྐལ་པ་ཀུན་ཏུ་གནས། །

འོད་མང་རྡུལ་གྱི་ཆུ་བོའི་ལྷ་འཇུག་གོ །སེམས་ཅན་ཀུན་སྤྱད་དགེ་བ་རྒྱ་མཚོ་ཀུན། །དེ་ལ་ཕྱོགས་བཀང་སངས་རྒྱས་མངོན་པར་སྣང་། །སྣ་ཚོགས་ཐབས་ཀྱིས་འཇིག་རྟེན་ཆོས་ཀྱང་སྟོན། །ཚུལ་མངོན་མིག་གི་ལྷ་ཡིས་དེ་ཐོས་སོ། །ཆོས་སྒོ་རྒྱ་མཚོ་མི་ཟད་

เล่ม ๓๕ · หน้า 47b

ཚད་མེད་པ། །སངས་རྒྱས་གསུང་གཅིག་སེམས་ཅན་ཀུན་ལ་གསུང་། །བསྐལ་པ་ཀུན་བརྗོད་འཇིག་རྟེན་མང་ལ་སྟོན། །རྡོ་རྗེ་ཚུལ་མིག་འདི་ཡི་གནས་ལ་འཇུག །དེ་ལ་སའི་ལྷ་དཔལ་གྱི་མེ་ཏོག་ཀུན་ནས་ཤིན་ཏུ་རྒྱས་པ་དྲི་མ་མེད་པའི་རྣམ་པར་ཐར་པ་ནི། སྐད་

ཅིག་སྐད་ཅིག་ཅིང་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་། སྙིང་རྗེའི་དཀྱིལ་འཁོར་གྱིས་རྣམ་པར་ལྟ་བ་ཞེས་བྱའོ། །སའི་ལྷ་བསོད་ནམས་བརྟེན་པ་ཤིན་ཏུ་བསགས་པའི་འོད་ཀྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཀྱི་སྟོབས་དང་ཤུགས་

ཀྱི་རྒྱན་ཅེས་བྱའོ། །སའི་ལྷ་སེམས་ཅན་རིན་པོ་ཆེས་རྒྱས་པའི་རྣམ་པར་ཐར་པ་ནི། ཏིང་ངེ་འཛིན་སྣ་ཚོགས་བསྒོམས་པ་རྣམ་པར་འབྱེད་པ་དྲི་མ་མེད་པ་ཞེས་བྱའོ། །སའི་ལྷ་དུས་དུས་སུ་དགེ་བའི་མིག་རབ་ཏུ་སྟོན་པའི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་དགའ་

ཞིང་བདེ་བ་དང་རྩེ་བའི་སྦྱོར་བ་ཞེས་བྱའོ། །སའི་ལྷ་གསེར་གྱི་མིག་གི་དཔལ་གྱི་རྣམ་པར་ཐར་པ་ནི། ལུས་ཐམས་ཅད་ཡོངས་སུ་དག་པར་བྱེད་པའི་ཚུལ་སྟོན་པ་ཞེས་བྱའོ། །སའི་ལྷ་སྤུ་ལས་སྤོས་ཀྱི་འོད་རྣམ་པར་འགྱེད་པའི་རྣམ་པར་ཐར་པ་ནི། སངས་རྒྱས་ཐམས་

ཅད་ཀྱི་ཡོན་ཏན་རྒྱ་མཚོ་ཐམས་ཅད་རྣམ་པར་སྒོམ་པ་བརྗོད་པ་ཞེས་བྱའོ། །སའི་ལྷ་སྒྲ་དབྱངས་ཡིད་དུ་འོང་བ་སྒྲོག་པའི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་སྨྲ་བའི་སྒྲ་རྒྱ་མཚོ་བྱིན་གྱིས་རློབ་པ་ཞེས་བྱའོ། །སའི་ལྷ་མེ་ཏོག་གི་ཀློང་སྣ་ཚོགས་ཀྱི་གཙུག་ཕུད་ཀྱི་

རྣམ་པར་ཐར་པ་ནི། སངས་རྒྱས་ཀྱི་ཞིང་ཕུན་སུམ་ཚོགས་པའི་རང་བཞིན་དྲི་མ་མེད་པ་ཞེས་བྱའོ། །སའི་ལྷ་ཀུན་ནས་རྡོ་རྗེའི་རྡུལ་གྱི་རྒྱུད་ཀྱི་རྣམ་པར་ཐར་པ་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་འཁོར་ལོ་བྱིན་གྱི་རླབས་ཀུན་ནས་རྒྱུ་ཞིང་འབྱུང་བ་ཞེས་བྱའོ། །སའི་ལྷ་

ཁྱིམ་དྲི་མ་མེད་པའི་འོད་ཀྱི་རྣམ་པར་ཐར་པ་ནི། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་ཚུལ་ལ་ཡང་དག་པར་འཇུག་པའི་ཆོས་ཀྱི་རྒྱན་བསྒོམ་པ་འབྱུང་བ་ཞེས་བྱའོ། །དེ་ནས་སའི་ལྷ་དཔལ་གྱི་མེ་ཏོག་ཀུན་ནས་ཤིན་ཏུ་རྒྱས་པ་དྲི་མ་མེད་པས། སངས་རྒྱས་ཀྱི་མཐུས་སའི་ལྷའི་འཁོར་

เล่ม ๓๕ · หน้า 48a

གྱི་དཀྱིལ་འཁོར་ཡོད་པ་ཐམས་ཅད་ལ་རྣམ་པར་བལྟས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སྔན་ཅད་སྐད་ཅིག་སྐད་ཅིག་བདེ་གཤེགས་ཀྱིས། །བརྗོད་དུ་མེད་པའི་སྙིང་རྗེའི་སྒོ་རྣམས་དང་། །བྱམས་པའི་སྒོ་

ཡང་མི་ཟད་བསྒོམས་པས་ན། །དེ་ཚེ་སངས་རྒྱས་སྐུ་ནི་མི་ཤིགས་སྲ། །དུས་གསུམ་གཏོགས་པའི་སེམས་ཅན་བསོད་ནམས་དང་། །ཇི་སྙེད་བྱང་ཆུབ་སེམས་དཔའི་བསོད་ནམས་དག །རྒྱལ་བའི་སྤུ་གཅིག་དེ་སྙེད་བསོད་ནམས་འོད། །བསོད་ནམས་དེ་མཐོང་

རབ་ཏུ་དགའ་བར་འགྱུར། །འབྱུང་བ་མེད་ཅིང་བྱོན་པ་གང་ཡང་མེད། །ཏིང་འཛིན་ཞི་བ་རྒྱ་མཚོ་རབ་ཏུ་ཞུགས། །སེམས་ཅན་རྒྱན་གྱི་ས་འདི་རབ་ཏུ་སྟོན། །འདི་ནི་སྣ་ཚོགས་ཤིང་གི་ཟེ་བའི་ས་ཡིན་ནོ། །སྔན་ཅད་ཐུབ་པས་སྤྱོད་པ་སྤྱད་པ་དང་། །འགྲོ་བའི་

སྒྲིབ་པ་རྣམ་པར་ཟློག་པ་ནི། །རིན་ཆེན་བཀྲམ་པའི་འོད་ཀྱི་ས་ཡིན་ཏེ། །རྣམ་ཐར་དེ་ལ་དགའ་བར་ལྷ་ལྟའོ། །དེ་བཞིན་གཤེགས་པའི་ས་ནི་མཐའ་ཡས་ཏེ། །འཇིག་རྟེན་ཀུན་ཏུ་སྐད་ཅིག་གཅིག་ལ་སྟོན། །དུས་ཚོད་ཡང་དག་སྟོན་པའི་ས་ཡི་ལྷ། །དགའ་བར་

སངས་རྒྱས་ཡུལ་ལ་རྣམ་པར་ལྟ། །སངས་རྒྱས་གསུང་ནི་མཐའ་ཡས་བསམ་མི་ཁྱབ། །སེམས་ཅན་ཀུན་བསྒྲགས་ཉོན་མོངས་ཞི་བར་མཛད། །གསེར་འོད་མིག་གི་དཔལ་ནི་རབ་དགའ་བ། །སངས་རྒྱས་ཡོན་ཏན་མཐའ་ཡས་མངའ་བ་སྟེ། །སངས་

རྒྱས་སྤྲུལ་པས་རྣམ་པར་ཀུན་གཟུགས་སུ། །ཕྱོགས་ཀུན་ཆོས་ཀྱི་དབྱིངས་སུ་རྒྱས་པར་མཛད། །སྤུ་ལས་དྲི་ཞིམ་འོད་ཀྱི་ས་ཡི་ལྷ། །སངས་རྒྱས་སེམས་ཅན་འདུལ་བ་དེ་ལ་ལྟ། །ཕྱོགས་རྣམས་ཡིད་འོང་དབྱངས་ཀྱིས་གང་བྱས་ཤིང་། །འགྲོ་བ་འདི་ནི་

ཕྱི་མཐའི་བསྐལ་པར་བརྗོད། །ཡིད་དུ་འོང་བའི་སྒྲ་དབྱངས་སའི་ལྷ། །རབ་ཏུ་དགའ་བར་སངས་རྒྱས་དབྱངས་ལ་ཉན། །རྒྱལ་བའི་སྤུ་ལས་སེམས་ཅན་མཉམ་པ་ཡི། །སྤོས་ཀྱི་འོད་བཀྱེ་འཇིག་རྟེན་ཀུན་བཀང་ཞིང་། །སེམས་ཅན་མ་ལུས་ཡོངས་སུ་སྨིན་མཛད་

เล่ม ๓๕ · หน้า 48b

ཅིང་། །མེ་ཏོག་གཙུག་ཕུད་འཕྱང་བས་ཡང་དག་མཐོང་། །དེ་བཞིན་གཤེགས་སྐུ་རྡོ་རྗེ་ལྟ་བུ་སྟེ། །མཚམས་སུ་མི་ཕྱེད་སྲ་བའི་རི་བོ་འདྲ། །འགྲོ་བ་ཀུན་གྱིས་སངས་རྒྱས་བསྐྱོད་མི་ནུས། །རྡོ་རྗེ་རྡུལ་གྱི་ལྷ་ནི་དེས་དགའ་འོ། །དེ་ལ་གྲོང་ཁྱེར་གྱི་ལྷ་རིན་ཆེན་

རྩེ་མོའི་འོད་ཀྱི་རྣམ་པར་ཐར་པ་ནི། སེམས་ཅན་ལ་ཕན་པ་ཡང་དག་པར་སྦྱར་བ་འབྱུང་བ་ཞེས་བྱའོ། །གྲོང་ཁྱེར་གྱི་ལྷ་རྒྱན་རྣམ་པ་སྣ་ཚོགས་འབྱུང་བའི་རྣམ་པར་ཐར་པ་ནི། འགྲོ་བའི་དབང་པོ་ཡོངས་སུ་སྨིན་པར་བྱེད་པའི་འདུལ་བ་འབྱུང་བ་ཞེས་བྱའོ། །གྲོང་ཁྱེར་གྱི་

ལྷ་རིན་ཆེན་དྲི་མེད་ཤིན་ཏུ་དགའ་བའི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་བསོད་ནམས་དང་དགའ་བ་མྱོང་བར་བྱེད་པ་ཞེས་བྱའོ། །གྲོང་ཁྱེར་གྱི་ལྷ་སློས་པའི་མྱ་ངན་ཐམས་ཅད་སྤོང་བས་རྣམ་པར་སྣང་བའི་རྣམ་པར་ཐར་པ་ནི། སྐྱོབ་པ་དང་མི་འཇིགས་པ་དང་།

སྙིང་རྗེ་ཆེན་པོ་ཞེས་བྱའོ། །གྲོང་ཁྱེར་གྱི་ལྷ་སྒྲོན་མ་ཤིན་ཏུ་རྒྱས་པའི་མིག་གི་རྣམ་པར་ཐར་པ་ནི། ཤེས་རབ་ཀྱི་ཀུན་ཏུ་རྣམ་པར་འབྱེད་པ་ཞེས་བྱའོ། །གྲོང་ཁྱེར་གྱི་ལྷ་འོད་འཕྲོ་བའི་དཔལ་མངོན་པར་འབར་བའི་རྣམ་པར་ཐར་པ་ནི། ཐབས་ཀྱི་སྒོ་ཀུན་ནས་སྟོན་

པའི་མཐུ་ཞེས་བྱའོ། །གྲོང་ཁྱེར་གྱི་ལྷ་བསོད་ནམས་ཀྱི་ཤུགས་སྣང་བའི་འོད་ཀྱི་རྣམ་པར་ཐར་པ་ནི། འགྲོ་བ་ཀུན་གྱི་བསོད་ནམས་འབྱུང་བའི་སྣང་བ་ཞེས་བྱའོ། །གྲོང་ཁྱེར་གྱི་ལྷ་ལུས་དྲི་མ་མེད་པས་མཉམ་པའི་འོད་ཀྱི་རྣམ་པར་ཐར་པ་ནི། སེམས་ཅན་

རྨོངས་པ་ཐམས་ཅད་ལ་རྨི་ལམ་རྣམ་པར་སྟོན་པའི་འོད་ཅེས་བྱའོ། །གྲོང་ཁྱེར་གྱི་ལྷ་སྤོས་ཀྱི་རྒྱལ་མཚན་གཙུག་ཕུད་ཀྱི་རྒྱན་གྱི་རྣམ་པར་ཐར་པ་ནི། ཉོན་མོངས་པ་དང་མི་དགེ་བའི་དྲི་མ་རྣམ་པར་སེལ་ཅིང་ཐམས་ཅད་མཁྱེན་པ་ཉིད་ཀྱི་དྲི་ཡང་དག་པར་བསྐྱེད་པ་

ཞེས་བྱའོ། །གྲོང་ཁྱེར་གྱི་ལྷ་རིན་ཆེན་དཔལ་གྱི་འོད་ཀྱི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་ཀྱི་སྒྲིབ་པའི་རི་རྣམ་པར་འཇོམས་པའི་འོད་ཅེས་བྱའོ། །དེ་ནས་གྲོང་ཁྱེར་གྱི་ལྷ་རིན་པོ་ཆེའི་རྩེ་མོའི་འོད་ཀྱིས་སངས་རྒྱས་ཀྱི་མཐུས། གྲོང་ཁྱེར་གྱི་ལྷའི་འཁོར་གྱི་

เล่ม ๓๕ · หน้า 49a

དཀྱིལ་འཁོར་ཡོད་པ་ཐམས་ཅད་ལ་རྣམ་པར་བལྟས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །མགོན་པོའི་ཆོས་ཉིད་བསམ་གྱིས་མི་ཁྱབ་སྟེ། །སྣང་བ་བརྙེས་ཤིང་ཕྱོགས་སུ་རྣམ་པར་མཛེས། །སེམས་ཅན་མཐའ་ཡས་

ཡོངས་སུ་སྨིན་མཛད་པའི། །སངས་རྒྱས་འགྲོ་བ་ཀུན་ལ་མངོན་དུ་སྣང་། །སེམས་ཅན་ཐམས་ཅད་དབང་པོ་སྣ་ཚོགས་ཏེ། །དེ་དག་མ་ལུས་རྒྱལ་བས་འགྲོ་བར་མཁྱེན། །རྣམ་ཐར་འདི་ནྀ་རབ་ཏུ་ཐོབ་པའི་ཕྱིར། །སྣ་ཚོགས་འོད་འབྱུང་ལྷ་ཡང་རབ་ཏུ་དགའ། །རྒྱལ་

བས་བསྐལ་པ་མཐའ་ཡས་ཡང་དག་སྤྱད། །སྔན་ཅད་རྒྱལ་བས་ཆོས་ཀྱང་ཡང་དག་བཟུང་། །དགའ་བའི་ཡིད་ཀྱིས་རྟག་ཏུ་དེ་དག་བླངས། །རྣམ་ཐར་འདི་ནི་དགའ་བའི་འོད་ཀྱིས་མཐོང་། །འགྲོ་བ་འདིར་ནི་ཐུགས་རྗེ་བྱམས་བསྐྱེད་ཅིང་། །དེ་བཞིན་གཤེགས་

པས་སྔན་ཅད་སེམས་ཅན་རྣམས། །ཀུན་གྱི་མྱ་ངན་མཐའ་ཡས་རྣམ་པར་ཟློག །ཉོན་མོངས་ཡོངས་སུ་སྦྱང་བ་འདི་ལ་དགའ། །རྒྱལ་བའི་ཤེས་རབ་རྒྱ་ཆེ་མཐའ་ཡས་ཏེ། །ཚད་མེད་ནམ་མཁའ་འདྲ་ཞིང་མཚུངས་པ་ཡིན། །དེ་བཞིན་གཤེགས་པའི་ཤེས་

རབ་རྣམ་སྤྱོད་པས། །མར་མེའི་མེ་ཏོག་འོད་ཀྱི་ལྷ་དགའ་འོ། །དེ་བཞིན་གཤེགས་པས་འགྲོ་མཉམ་སྐུ་གཟུགས་རྣམས། །འགྲོ་བ་ཀུན་གྱི་བསམ་པ་རྣམས་ལ་བསྟན། །དེ་འདྲའི་ཚུལ་ལ་རབ་ཏུ་བསྒོམས་པ་ཡིས། །མངོན་འོད་འཕྲོ་བའི་ལྷ་དེ་རབ་ཏུ་དགའ། །

བསོད་ནམས་རྒྱ་མཚོ་རྒྱ་ཆེན་མཐའ་ཡས་པ། །སྔན་ཅད་དེ་བཞིན་གཤེགས་པས་ཡོངས་སུ་སྦྱངས། །དེ་འདྲའི་རྣམ་པར་ཐར་ལ་རྣམ་ལྟ་བས། །བསོད་ནམས་དཔལ་གྱི་འོད་དེ་རབ་ཏུ་དགའ། །སྲིད་པར་རབ་ཏུ་རྨོངས་པའི་སེམས་ཅན་རྣམས། །འཁོར་གྱུར་

རབ་རིབ་མདོངས་པ་གཟིགས་པས་ན། །དེ་དག་ཕན་ཕྱིར་སངས་རྒྱས་མངོན་དུ་བྱུང་། །དྲི་མེད་འོད་ཀྱིས་རྣམ་ཐར་འདི་ཐོབ་པོ། །དེ་བཞིན་གཤེགས་པའི་རྫུ་འཕྲུལ་སྟོབས་ལ་ལྟོས། །འགྲོ་ལ་སྤྲིན་འདྲ་མཐའ་དང་དབུས་ཡང་མེད། །དེ་དག་བསྟན་ཅིང་འགྲོ་བ་

เล่ม ๓๕ · หน้า 49b

རྣམ་པར་འདུལ། །སྤོས་ཀྱི་རྒྱལ་མཚན་འོད་ཀྱིས་འདི་མཐོང་ངོ་། །སེམས་ཅན་རྨོངས་པ་མུན་པས་མདོངས་གྱུར་ཅིང་། །རྣམ་པ་སྣ་ཚོགས་སྒྲིབ་པས་བསྒྲིབས་གྱུར་པ། །སངས་རྒྱས་འོད་ཀྱིས་རྣམ་པར་ཀུན་ཤེས་འགྱུར། །རྩེ་མོའི་འོད་ཀྱི་ལྷ་ནི་འདི་ལ་འཇུག །

དེ་ལ་སྙིང་པོ་བྱང་ཆུབ་ཀྱི་ལྷ་དགེ་བ་དྲི་མ་མེད་པའི་རྒྱན་གྱིས་བརྒྱན་པའི་རྒྱལ་མཚན་གྱི་རྣམ་པར་ཐར་པ་ནི། སངས་རྒྱས་མང་པོ་མཆོད་པ་ཡང་དག་པར་འབྱུང་ཞིང་། སྔོན་གྱི་སྨོན་ལམ་གྱི་རྒྱན་སྟོན་པ་ཞེས་བྱའོ། །སྙིང་པོ་བྱང་ཆུབ་ཀྱི་ལྷ་རི་རབ་སྤོའི་རིན་པོ་ཆེའི་འོད་ཀྱི་རྣམ་པར་

ཐར་པ་ནི་འགྲོ་བ་ཐམས་ཅད་དང་མངོན་སུམ་དུ་བྱང་ཆུབ་ཀྱི་སྤྱོད་པ་ཡང་དག་པར་སྒྲུབ་ཅིང་འབྱུང་བ་ཞེས་བྱའོ། །སྙིང་པོ་བྱང་ཆུབ་ཀྱི་ལྷ་དབྱངས་ཀྱི་འབྲུག་སྒྲ་སྒྲོག་པའི་རྒྱལ་མཚན་གྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ལ་སངས་རྒྱས་སྟོན་ཅིང་རྨི་ལམ་

གྱི་མཐར། སངས་རྒྱས་ཀྱི་ཆོས་ཀྱི་འབྲུག་སྒྲ་སྒྲོག་པ་ཞེས་བྱའོ། །སྙིང་པོ་བྱང་ཆུབ་ཀྱི་ལྷ་མེ་ཏོག་གི་ཆར་སྣ་ཚོགས་འབབ་པའི་མིག་གི་རྣམ་པར་ཐར་པ་ནྀ། དགའ་བ་ཐམས་ཅད་ཡོངས་སུ་གཏོང་ཞིང་རིན་པོ་ཆེའི་ཆར་འབེབ་པའི་རྒྱན་ཅེས་བྱའོ། །སྙིང་པོ་བྱང་ཆུབ་ཀྱི་

ལྷ་འོད་འཕྲོ་མང་པོ་ཤིན་ཏུ་དྲི་མ་མེད་པའི་རྣམ་པར་ཐར་པ་ནི། འདུལ་བའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅིང་སྙིང་པོ་བྱང་ཆུབ་ཀྱི་ཕུན་སུམ་ཚོགས་པ་སྣ་ཚོགས་སྟོན་པ་ཞེས་བྱའོ། །སྙིང་པོ་བྱང་ཆུབ་ཀྱི་ལྷ་མེ་ཏོག་གི་ཕྲེང་བ་འོད་ཀྱི་གཙུག་ཕུད་ཀྱི་རྣམ་པར་ཐར་པ་ནི།

སེམས་ཅན་ཐམས་ཅད་ཀྱི་དབང་པོ་བཞིན་དུ་ཆོས་ཀྱི་ཚུལ་ཟབ་མོ་དྲན་པ་སྟོན་པ་འབྱུང་བ་ཞེས་བྱའོ། །སྙིང་པོ་བྱང་ཆུབ་ཀྱི་ལྷ་རིན་པོ་ཆེའི་རྒྱན་གྱི་ཆར་རབ་ཏུ་འབེབས་པའི་རྣམ་པར་ཐར་པ་ནི། དགའ་བ་ཡང་དག་པར་མྱོང་བ་མཐའ་ཡས་པ་ལ་ཡང་དག་པར་འཇུག་པ་ཞེས་བྱའོ། །

སྙིང་པོ་བྱང་ཆུབ་ཀྱི་ལྷ་མཐུ་དམ་པ་སྤོས་ཀྱི་མིག་གི་རྣམ་པར་ཐར་པ་ནི། སངས་རྒྱས་ཀྱི་ཡོན་ཏན་དང་ལེགས་པ་རབ་ཏུ་བརྗོད་པའི་བྱིན་གྱི་རླབས་ཞེས་བྱའོ། །སྙིང་པོ་བྱང་ཆུབ་ཀྱི་ལྷ་རྡོ་རྗེ་སྣ་ཚོགས་ཀྱི་སྤྲིན་གྱི་རྣམ་པར་ཐར་པ་ནི། སྙིང་པོ་བྱང་ཆུབ་རྣམ་པ་མཐའ་ཡས་

เล่ม ๓๕ · หน้า 50a

པ་ཡང་དག་པར་སྟོན་པའི་རྒྱན་ཅེས་བྱའོ། །སྙིང་པོ་བྱང་ཆུབ་ཀྱི་ལྷ་པདྨོའི་ཤིང་སྣང་བའི་འོད་ཀྱི་རྣམ་པར་ཐར་པ་ནི། བྱང་ཆུབ་ཀྱི་ཤིང་ཡོངས་སུ་ཞི་བས་ཕྱོགས་རྒྱས་པར་བྱེད་པ་ཞེས་བྱའོ། །སྙིང་པོ་བྱང་ཆུབ་ཀྱི་ལྷ་དགེ་བའི་ལྟ་བ་སྣ་ཚོགས་རྣམ་པར་

སྟོན་པའི་འོད་ཀྱི་རྣམ་པར་ཐར་པ་ནི། དེ་བཞིན་གཤེགས་པའི་སྟོབས་སྣ་ཚོགས་ཡང་དག་པར་རྒྱུ་བ་ཞེས་བྱའོ། །དེ་ནས་སྙིང་པོ་བྱང་ཆུབ་ཀྱི་ལྷ་དགེ་བ་དྲི་མ་མེད་པའི་རྒྱན་གྱིས་བརྒྱན་པའི་རྒྱལ་མཚན་གྱིས་སངས་རྒྱས་ཀྱི་མཐུས། སྙིང་པོ་བྱང་ཆུབ་ཀྱི་ལྷའི་འཁོར་གྱི་དཀྱིལ་འཁོར་

ཡོད་པ་ཐམས་ཅད་ལ་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བསྐལ་པ་མང་པོ་མཐའ་དང་དབུས་མེད་པར། །དེ་བཞིན་གཤེགས་པས་ཇི་ལྟར་སྔོན་སྤྱད་དྲན། །སངས་རྒྱས་ཐམས་ཅད་མཆོད་ཅིང་བསྒྲུབས་པས་ན། །དེ་ཕྱིར་དེ་

ཡི་བསོད་ནམས་ནམ་མཁའི་ཚད། །ཞིང་རྣམས་མཐའ་ཡས་ཚད་མེད་འདྲ་མེད་པར། །མི་ཟད་གཏོང་བའི་སྒོ་ནས་སྔོན་བཏང་བས། །རི་བོའི་སྤོའི་འོད་ཀྱི་ལྷ་དེ་ནི། །བདེ་གཤེགས་དྲན་ཞིང་རབ་ཏུ་དགའ་བར་འགྱུར། །བདེ་གཤེགས་སྤྲུལ་པ་རྣམ་པ་མཐའ་ཡས་པ། །

དེ་དག་ཞིང་རྣམས་ཀུན་ཏུ་རབ་ཏུ་རྒྱུ། །འགྲོ་བར་སངས་རྒྱས་རྨི་ལམ་བཞིན་སྟོན་ཅིང་། །སྤྲིན་གྱི་སྒྲ་དབྱངས་ལྷ་དེ་རབ་ཏུ་དགའ། །མཐའ་ཡས་བསྐལ་པར་དཀའ་བ་རབ་སྤྱད་དེ། །དང་བའི་སྤྱན་གྱིས་འགྲོ་ལ་ཕན་པའི་ཕྱིར། །རྒྱ་མཚོའི་སྤྱན་ཡང་ཡོངས་སུ་སྔོན་བཏང་སྟེ། །

དེ་ལ་མེ་ཏོག་མིག་གི་ལྷ་དགའ་འོ། །ཡོན་ཏན་རིན་ཆེན་འོད་འཕྲོ་མཐའ་ཡས་སྤྲིན། །འགྲོ་བ་ཀུན་ཏུ་སྙིང་པོ་བྱང་ཆུབ་ནས། །རབ་ཏུ་བཀྱེ་བའི་སངས་རྒྱས་རྫུ་འཕྲུལ་གྱིས། །འོད་འཕྲོ་འགྱེད་པའི་ལུས་ཀྱི་ལྷ་ཡང་དགའ། །སེམས་ཅན་རྣམས་ཀྱི་སྤྱོད་པ་རྒྱ་མཚོ་སྟེ། །

དེ་ལ་རྒྱལ་བ་ཆོས་ཀྱི་ཆར་ཡང་འབེབས། །ཇི་ལྟར་མོས་པར་ནེམ་ནུར་རྣམ་པར་སེལ། །དེ་ཡིས་གཙུག་ཕུད་འཕྱང་བ་དགའ་བ་ཐོབ། །རྒྱན་གྱི་ཆར་འབེབས་མིག་བཟང་ལྷ་དེ་ནི། །སེམས་ཀྱི་སྐད་ཅིག་གཅིག་གིས་ཚད་མེད་པའི། །ཆོས་དོན་དབྱིངས་ཀྱི་བྱེ་བྲག་མཐའ་ཡས་

เล่ม ๓๕ · หน้า 50b

པ། །རྒྱ་མཚོ་ཐ་དད་ཡང་དག་ཤེས་པས་འཇུག །ཞིང་རྣམས་བརྗོད་དུ་མེད་པ་ཐམས་ཅད་དུ། །འགྲོ་བ་ཀུན་ལ་སངས་རྒྱས་ལེགས་བརྗོད་པས། །དེ་ཕྱིར་ཡོན་ཏན་སངས་རྒྱས་ཞིང་ཀུན་གྲགས། །དེ་ནི་རྗེས་སུ་སྤོས་མིག་ལྷ་ཡང་དྲན། །མཐའ་ཡས་ཤིང་གི་རྣམ་པ་སྣ་

ཚོགས་གཟུགས། །བྱང་ཆུབ་ཤིང་ལ་ཀུན་ཀྱང་མ་ལུས་བསྟན། །རྡོ་རྗེ་སྣ་ཚོགས་སྤྲིན་གྱི་ལྷ་དེ་ནི། །བྱང་ཆུབ་ཤིང་ལ་དགའ་བར་རྣམ་པར་ལྟ། །སངས་རྒྱས་ཡེ་ཤེས་སྙིང་པོ་བྱང་ཆུབ་ལ། །ཕྱོགས་རྣམས་ཀུན་ཏུ་མཐའ་དང་མུ་མེད་དེ། །པདྨོ་སྣང་ཞིང་གསལ་བའི་ལྷ་

དེ་ནི། །རྣམ་ཐར་རྣམ་ཡངས་འདི་ལ་རབ་དགའ་འོ། །སངས་རྒྱས་སྟོབས་རྣམས་ཡོངས་དག་བསམ་མི་ཁྱབ། །སྙིང་པོ་བྱང་ཆུབ་འདིར་ནི་ཀུན་ཀྱང་གྲག །ཡང་དག་བསྒྲུབས་པས་བྱུང་བ་དེ་དག་ནི། །ཐམས་ཅད་སྣ་ཚོགས་སྣང་བའི་འོད་ཉན་ཏོ། །དེ་ལ་རྐང་གིས་འགྲོ་

རིན་ཆེན་དཔལ་གྱི་ཕྱག་རྒྱའི་རྣམ་པར་ཐར་པ་ནི། དགའ་བ་ཡངས་པ་རིན་པོ་ཆེའི་ཆར་གྱིས་ཀུན་ཏུ་ཁྱབ་པ་ཞེས་བྱའོ། །རྐང་གིས་འགྲོ་པདྨོ་སྣང་བའི་འོད་ཟེར་གྱི་འོད་ཀྱི་རྣམ་པར་ཐར་པ་ནི། །སངས་རྒྱས་ཀྱི་སྐུ་འོད་ཟེར་གྱི་ཁ་དོག་པདྨོའི་དྲ་བ་ཐམས་ཅད་དུ་སྟོན་པས་དགའ་བར་བྱེད་

པ་ཞེས་བྱའོ། །རྐང་གིས་འགྲོ་མེ་ཏོག་གཙུག་ཕུད་ཀྱི་དཔལ་དྲི་མ་མེད་པའི་རྣམ་པར་ཐར་པ་ནི། སེམས་ཀྱི་སྐད་ཅིག་ཐམས་ཅད་ལ་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་གྱི་དབྱིབས་དང་རྒྱན་འབྱུང་བ་ཞེས་བྱའོ། །རྐང་གིས་འགྲོ་ཤིན་ཏུ་མཛེས་པར་གནོན་པའི་

རྣམ་པར་ཐར་པ་ནི། གོམ་པ་འདོར་བ་ཐམས་ཅད་མཐའ་ཡས་པ་འདུལ་བའི་རྒྱན་ཅེས་བྱའོ། །རྐང་གིས་འགྲོ་རིན་ཆེན་དཔལ་གྱི་རྒྱལ་མཚན་གྱི་རྣམ་པར་ཐར་པ་ནི། སྐད་ཅིག་གཅིག་གིས་པདྨོའི་དྲ་བ་སྣ་ཚོགས་སྤྲུལ་པ་བྱེད་ཅིང་རིན་པོ་ཆེའི་ཆར་པ་དང་དབྱངས་དང་སྣང་བ་ཀུན་

ཏུ་འགྱེད་པ་ཞེས་བྱའོ། །རྐང་གིས་འགྲོ་དགའ་བའི་དབྱངས་སྙན་པའི་རྣམ་པར་ཐར་པ་ནི། དགའ་བའི་ཤུགས་དང་ཉམས་བདེ་བའི་རྒྱ་མཚོ་མཐའ་ཡས་པ་འབྱུང་བ་ཞེས་བྱའོ། །རྐང་གིས་འགྲོ་ཤིང་ཙན་དན་གྱི་འོད་ཀྱི་རྣམ་པར་ཐར་པ་ནི། །འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་

เล่ม ๓๕ · หน้า 51a

སྤོས་ཀྱི་ངད་སྤྲིན་དུ་ལྡང་བ་ཞེས་བྱའོ། །རྐང་གིས་འགྲོ་པདྨོ་ཡིད་དུ་འོང་བའི་འོད་ཀྱི་རྣམ་པར་ཐར་པ་ནི། པདྨོའི་གསེབ་ཐམས་ཅད་ནས་ཡིད་དུ་འོང་བའི་ཆོས་ཀྱི་དབྱངས་འབྱུང་བས་སྣང་བ་སྐྱེད་པ་ཞེས་བྱའོ། །རྐང་གིས་འགྲོ་རྡུལ་གྱི་ཤུགས་

ཀྱི་འོད་ཀྱི་རྣམ་པར་ཐར་པ་ནི། ལུས་ཀྱི་འོད་ཟེར་རྣམ་པ་སྣ་ཚོགས་ཐམས་ཅད་ཀྱི་དྲ་བས་སྣང་བ་བྱེད་པ་ཞེས་བྱའོ། །རྐང་གིས་འགྲོ་མེ་ཏོག་མང་པོའི་དཀྱིལ་འཁོར་གྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ལ་དགེ་བའི་རྩ་བ་རྒྱ་མཚོས་ཡང་དག་པར་སྐུལ་བ་འབྱུང་བ་

ཞེས་བྱའོ། །དེ་ནས་རྐང་གིས་འགྲོ་རིན་ཆེན་དཔལ་གྱི་ཕྱག་རྒྱས་སངས་རྒྱས་ཀྱི་མཐུས། རྐང་གིས་འགྲོ་བའི་ལྷའི་འཁོར་གྱི་དཀྱིལ་འཁོར་ཡོད་པ་ཐམས་ཅད་ལ་རྣམ་པར་བལྟས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །དགའ་བ་རྒྱ་མཚོའི་ཚུལ་གྱིས་

ཤུགས་བསྐྱེད་ཅིང་། །བསྐལ་པ་མཐའ་ཡས་སྔན་ཅད་སྤྱོད་པ་མཛད། །ཞིང་རྣམས་ཀུན་རྡུལ་ཤིན་ཏུ་ཕྲ་མཉམ་པའི། །སངས་རྒྱས་རྣམས་ཀྱང་དགྱེས་པའི་ཐུགས་ཀྱིས་མཆོད། །སྐད་ཅིག་སེམས་ལ་པདྨོ་བརྗོད་ཡངས་པ། །དྲི་ཞིམ་སྣ་ཚོགས་མངོན་པར་སྤྲུལ་

མཛད་ནས། །ཞིང་རྣམས་ཀུན་ཏུ་རྒྱལ་བ་གཤེགས་མཛད་པ། །སྣང་བའི་འོད་ཟེར་ལྷ་དེས་རབ་ཏུ་མཐོང་། །འདྲེན་པ་རྣམས་ཀྱི་ཆོས་ཉིད་བསམ་མི་ཁྱབ། །འཁོར་རྣམས་ཀུན་ཏུ་འབྱམ་ཀླས་མཐའ་ཡས་པའི། །རྣམ་པར་འཕྲུལ་པ་མི་ཟད་རབ་ཏུ་སྟོན། །

མེ་ཏོག་གཙུག་ཕུད་ལྷ་དེས་དེ་མཐོང་ངོ་། །ཕྱོགས་བཅུའི་ཞིང་གི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་ཀུན་ཏུ་གཤེགས་ཤིང་བཞུད་པ་ཡིས། །སེམས་ཅན་མཐའ་ཡས་ཡོངས་སུ་སྨིན་པར་མཛད། །ཤིན་ཏུ་མཛེས་པས་དགའ་བར་དེ་མཐོང་ངོ་། །སེམས་

ཅན་སྙེད་ཀྱི་སྤྲུལ་པ་ཀུན་འཕྲོས་པས། །རེ་རེའི་སྐུ་ཡིས་ཆོས་ཀྱི་དབྱིངས་ཀྱང་འགེངས། །རིན་ཆེན་དྲི་མེད་འོད་ཀྱང་རབ་ཏུ་གཏོང་། །རྐང་འགྲོ་དཔལ་གྱི་མཚན་གྱིས་འདི་མཐོང་ངོ་། །དེ་བཞིན་གཤེགས་པའི་སྤྱོད་ཡུལ་མཐའ་ཡས་ཏེ། །འཁོར་དུ་རྒྱལ་བ་ཆོས་ཀྱི་ཆར་ཡང་

เล่ม ๓๕ · หน้า 51b

འབེབས། །བདེ་གཤེགས་དེ་ཡི་འཁོར་ན་དགར་གནས་ཤིང་། །དགའ་སྒྲ་དབྱངས་ཀྱི་རྣམ་ཐར་དེ་མཐོང་ངོ་། །སངས་རྒྱས་དབྱངས་ནི་མཁའ་དང་མཉམ་པ་སྟེ། །དབྱངས་ཀྱི་ཡན་ལག་ཡོན་ཏན་ཀུན་དང་ལྡན། །འཇིག་རྟེན་ཀུན་བཀང་སེམས་ཅན་རྣམ་པར་འདུལ་

ཙན་དན་ཤིང་གི་འོད་ནི་དེ་ལ་ཉན། །སྤུ་རྩེ་ཀུན་ནས་རྒྱལ་བ་རྣམ་འཕྲུལ་དང་། །དུས་གསུམ་གཤེགས་པའི་རྒྱལ་བའི་མཚན་རྣམས་ཀྱི། །སྒྲ་བསྒྲོགས་ཐོས་ཤིང་དགའ་བ་སྐྱེར་འགྱུར་ཏེ། །དེ་ནི་རྡོ་རྗེ་འོད་ཀྱི་ལྷས་མཐོང་ངོ་། །དེ་བཞིན་གཤེགས་སྐུ་བསམ་གྱིས་

མི་ཁྱབ་སྟེ། །གོམ་པ་གོམ་པར་ཡོན་ཏན་རྒྱ་མཚོ་སྟོན། །དེ་དག་སེམས་ཅན་ཇི་ལྟར་མོས་པས་མཐོང་། །རྡུལ་གྱི་འོད་ཀྱི་ལྷས་ནི་དེ་མཐོང་ངོ་། །འཇིག་རྟེན་མགོན་པོ་རྣམ་འཕྲུལ་རྣམ་མང་གིས། །ཕྱོགས་བཅུར་སེམས་ཅན་ཡང་དག་སྐུལ་བ་མཛད། །མེ་ཏོག་

འཁོར་མང་རྐང་པས་འགྲོ་བའི་ལྷ། །མཐོང་ཞིང་དགའ་བ་ཡངས་པ་རབ་ཏུ་འཐོབ། །དེ་ལ་ལུས་ཀྱི་རིས་སུ་གཏོགས་པའི་ལྷ་ཁྲེལ་དང་དགེ་བས་རྒྱས་པའི་འོད་ཀྱི་རྣམ་པར་ཐར་པ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་སྔོན་གྱི་སྨོན་ལམ་རྗེས་སུ་དྲན་པས་རྣམ་པར་དཔྱོད་པ་

ཞེས་བྱའོ། །ལུས་ཀྱི་རིས་སུ་གཏོགས་པའི་ལྷ་འོད་ཟེར་ཕྱོགས་སུ་སྣང་བའི་རྣམ་པར་ཐར་པ་ནི། འཇིག་རྟེན་གྱི་ཁམས་མུ་མེད་པར་སངས་རྒྱས་ཀྱི་འོད་རྣམ་པར་སྟོན་པའི་རྒྱན་ཅེས་བྱའོ། །ལུས་ཀྱི་རིས་སུ་གཏོགས་པའི་ལྷ་སྒྲས་འདུལ་བ་རྒྱ་མཚོའི་དཔལ་གྱི་རྣམ་

པར་ཐར་པ་ནི་སངས་རྒྱས་ཀྱི་གསུང་འདུལ་བའི་སེམས་ཅན་ཐམས་ཅད་ལ་བརྗོད་ཅིང་ཡང་དག་པར་སྐུལ་བས་དགའ་བ་འབྱུང་བ་ཞེས་བྱའོ། །ལུས་ཀྱི་རིས་སུ་གཏོགས་པའི་ལྷ་རྒྱན་བཟང་པོའི་མེ་ཏོག་གཙུག་ཕུད་ཀྱི་རྣམ་པར་ཐར་པ་ནི། དེ་བཞིན་གཤེགས་པའི་སྐུ་ནམ་མཁའི་

མཚན་ཉིད་ཀྱི་བྱིན་གྱི་རླབས་ཀུན་ནས་རབ་ཏུ་གནས་པ་འབྱུང་བ་ཞེས་བྱའོ། །ལུས་ཀྱི་རིས་སུ་གཏོགས་པའི་ལྷ་སྤྱོད་ཡུལ་མཐའ་ཡས་དཔལ་གྱི་རྣམ་པར་ཐར་པ་ནི། སངས་རྒྱས་ཐམས་ཅད་ཀྱི་ཡུལ་འགྲོ་བ་རྣམས་ལ་ཡང་དག་པར་སྟོན་པའི་མཐུ་ཞེས་བྱའོ། །

เล่ม ๓๕ · หน้า 52a

ལུས་ཀྱི་རིས་སུ་གཏོགས་པའི་ལྷ་སྣང་བའི་ཕྲེང་བ་འཛིན་པའི་དཔལ་གྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་གསལ་བ་དང་འདྲེས་པའི་མདངས་ཀྱིས་དགའ་བ་ཞེས་བྱའོ། །ལུས་ཀྱི་རིས་སུ་གཏོགས་པའི་ལྷ་སྤོས་དྲི་མ་མེད་པའི་སྤྲིན་

ལས་ཆར་འབབས་པའི་འོད་ཀྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་དྲི་མ་མངོན་པར་སེལ་བའི་སྦྱོར་བ་ཞེས་བྱའོ། །ལུས་ཀྱི་རིས་སུ་གཏོགས་པའི་ལྷ་སྲུང་འཛིན་ཡོངས་སུ་སྡུད་པའི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་བདུད་

ཀྱི་ལས་དང་རྨོངས་པ་རྣམ་པར་ཟློག་པ་ཞེས་བྱའོ། །ལུས་ཀྱི་རིས་སུ་གཏོགས་པའི་ལྷ་སྒོ་ཀུན་ནས་ཡོངས་སུ་གནོན་པ་ལ་མངོན་དུ་གྱུར་པའི་མིག་གི་རྣམ་པར་ཐར་པ་ནི། འཇིག་རྟེན་གྱི་དབང་པོ་ཐམས་ཅད་ཀྱི་གནས་སུ་རྒྱལ་བ་རྣམ་པར་དམིགས་པར་མངོན་དུ་

སྟོན་པའི་རྒྱན་ཅེས་བྱའོ། །ལུས་ཀྱི་རིས་སུ་གཏོགས་པའི་ལྷ་ཁྲེལ་དང་དཔལ་མི་གཡོ་བའི་འོད་ཀྱི་རྣམ་པར་ཐར་པ་ནི། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་ཤུགས་ཐམས་ཅད་ཡང་དག་པར་འཛིན་ཅིང་། ཡང་དག་པར་སྦྱོང་བ་ཞེས་བྱའོ། །དེ་ནས་ལུས་

ཀྱི་རིས་སུ་གཏོགས་པའི་ལྷ་ཁྲེལ་དང་དགེ་བས་རྒྱས་པའི་འོད་ཀྱིས་སངས་རྒྱས་ཀྱི་མཐུས། ལུས་ཀྱི་རིས་སུ་གཏོགས་པའི་ལྷའི་འཁོར་གྱི་དཀྱིལ་འཁོར་ཡོད་པ་ཐམས་ཅད་ལ་རྣམ་པར་བལྟས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །རི་རབ་རྡུལ་

ཕྲན་ཤིན་ཏུ་ཕྲ་སྙེད་ཀྱི། །བསྐལ་པ་དེ་དག་ཕ་སྔའི་བསྐལ་པ་ནི། །རྡུལ་ཅེས་བྱ་བར་འོད་མཛེས་འོད་ཟེར་རྒྱལ། །མཆོད་དེ་སྨོན་ལམ་བཏབ་པ་བདག་གིས་དྲན། །སངས་རྒྱས་སྐུ་ལས་འོད་འཕྲོ་རབ་བཀྱེ་བ། །དེའི་འོད་ཟེར་ཆོས་ཀྱི་དབྱིངས་སུ་རྒྱུ། །རྒྱལ་

བའི་འོད་ཟེར་དྲ་བ་སེམས་ཅན་འདུལ། །འོད་འཕྲོ་འོད་ཟེར་ལྷ་ཡིས་དེ་མཐོང་ངོ་། །དབྱངས་ཀྱི་ཡན་ལག་ཡོན་ཏན་ཀུན་རྒྱས་པའི། །སངས་རྒྱས་གསུང་ནི་ཞིང་རྣམས་ཀུན་ཏུ་སྒྲོགས། །འགྲོ་བ་མ་ལུས་ཐམས་ཅད་ཡང་དག་བསྐུལ། །དབྱངས་ཀྱིས་འདུལ་

เล่ม ๓๕ · หน้า 52b

བ་དེ་ལ་དགའ་བས་ཉན། །རྒྱལ་བའི་སྐུ་ནི་རབ་ཏུ་ཞི་བ་ལྟོས། །སྐུ་གཟུགས་དུ་མའང་མཚན་ཉིད་མི་མངའ་སྟེ། །འགྲོ་བ་ཀུན་ནའང་བཞུགས་པར་རབ་ཏུ་སྣང་། །མེ་ཏོག་གཙུག་གིས་ཇི་བཞིན་ཉིད་དུ་མཐོང་། །འདྲེན་པའི་ཆོས་ཉིད་བསམ་གྱིས་མི་ཁྱབ་སྟེ། །སེམས་

ཅན་དེ་དག་དད་པ་ཅི་བཞིན་དུ། །ལ་ལ་བཞུགས་དང་བཞེངས་དང་གཤེགས་པར་མཐོང་། །དེ་ཡང་སྤྱོད་ལམ་འབྱུང་བའི་ལྷས་མཐོང་ངོ་། །རྒྱལ་བའི་ཚེམས་ཀྱི་མཚམས་རྣམས་ཐམས་ཅད་ནས། །དྲི་ཞིམ་འོད་འཕྲོ་སྒྲོན་མའི་སྤྲིན་བཀྱེ་བས། །འགྲོ་བ་ཀུན་གྱི་ཉོན་

མོངས་ཞི་བར་འགྱུར། །དྲི་མེད་སྤོས་ཀྱི་སྤྲིན་གྱིས་དེ་མཐོང་ངོ་། །སངས་རྒྱས་མགོན་པོ་འགྲོ་བའི་སྐྱབས་སུ་བྱུང་། །ཉོན་མོངས་ཤིན་ཏུ་སྡུག་བསྔལ་གཟིར་བ་རྣམས། །མགུ་བར་མཛད་ཅིང་ཉོན་མོངས་ཐམས་ཅད་བསལ། །སྣང་བའི་ཕྲེང་བ་འཆང་བས་

འདི་མཐོང་ངོ་། །འདྲེན་པ་བསྐལ་པ་བརྒྱར་ཡང་ཤིན་ཏུ་དཀོན། །རང་བྱུང་འཇིག་རྟེན་དོན་མཛད་སྐྱེས་པ་ནི། །འཇིག་རྟེན་ཀུན་གྱི་དབུལ་བ་རྣམ་པར་སེལ། །ཁྲེལ་ཡོད་དཔལ་གྱི་འོད་སྣང་དེ་སྐད་སྨྲ། །སེམས་ཅན་ཉོན་མོངས་སྒྲིབ་པས་ཉོན་མོངས་ཤིང་། །

བདུད་ཀྱི་ལས་ཀྱིས་དཀྲུགས་ཏེ་འཕྱེན་པའི་རྣམས། །དེ་དག་རྒྱལ་བ་རྣམ་ཐར་ལམ་སྟོན་ཏེ། །སྲུང་ཞིང་སྐྱོང་བའི་དཔལ་གྱིས་དེ་མཐོང་ངོ་། །དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་ལྟོས། །སངས་རྒྱས་སྤྲིན་གྱིས་ཆོས་ཀྱི་དབྱིངས་མནན་ཅིང་། །འཇིག་

རྟེན་དབང་པོ་གནས་སུ་སེམས་ཅན་འདུལ། །ཀུན་སྒོའི་མིག་གི་དཔལ་གྱི་སྤྱོད་ཡུལ་ལོ། །དེ་ལ་ལག་ན་རྡོ་རྗེ་མཐུ་ཆེན་ཁ་དོག་བཟང་པོའི་འོད་ཀྱི་རྣམ་པར་ཐར་པ་ནི། ཡོན་ཏན་མཐའ་ཡས་པ་དང་། གཟུགས་ཀྱི་སྐུ་རྣམ་པར་དཔྱོད་པ་ཡང་དག་པར་སྟོན་པ་ཞེས་བྱའོ། །

ལག་ན་རྡོ་རྗེ་ཉི་མའི་ཤུགས་ཀྱི་རྒྱལ་མཚན་གྱི་རྣམ་པར་ཐར་པ་ནི། སངས་རྒྱས་ཐམས་ཅད་ཀྱི་བ་སྤུ་ལས་ཉི་མའི་དཀྱིལ་འཁོར་གྱི་སྤྲིན་སྣ་ཚོགས་ཀྱི་རྒྱན་འབྱུང་བ་ཞེས་བྱའོ། །ལག་ན་རྡོ་རྗེ་རི་རབ་མེ་ཏོག་འོད་ཀྱི་རྣམ་པར་ཐར་པ་ནི། རྣམ་པར་འཕྲུལ་པ་རྒྱ་ཆེན་པོ་བསྟན་པས།

เล่ม ๓๕ · หน้า 53a

ཡོན་ཏན་མཐའ་ཡས་པའི་ལུས་སུ་འཕྲུལ་པ་ཞེས་བྱའོ། །ལག་ན་རྡོ་རྗེ་རྣམ་དག་སྤྲིན་གྱི་དབྱངས་ཀྱི་རྣམ་པར་ཐར་པ་ནི། དེ་བཞིན་གཤེགས་པའི་དབྱངས་མཐའ་ཡས་ཚད་མེད་པའི་རྗེས་སུ་སོང་བ་ཞེས་བྱའོ། །ལག་ན་རྡོ་རྗེ་དབང་པོ་ཤིན་ཏུ་མང་བའི་རྣམ་

པར་ཐར་པ་ནི། འཇིག་རྟེན་གྱི་དབང་པོ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་སྟོན་ཅིང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཡང་དག་པར་སྐུལ་བ་ཞེས་བྱའོ། །ལག་ན་རྡོ་རྗེ་རྡོ་རྗེའི་འོད་ཡིད་དུ་འོང་བའི་རྣམ་པར་ཐར་པ་ནི། སངས་རྒྱས་ཀྱི་ཆོས་ཀྱི་དབྱིངས་རབ་ཏུ་ཕྱེ་བ་ཐམས་ཅད་མ་ལུས་པ་

ལ་ཡང་དག་པར་སྤྱོད་པ་ཞེས་བྱའོ། །ལག་ན་རྡོ་རྗེ་ཤིང་གི་སྒྲ་དབྱངས་ཀྱི་རྣམ་པར་ཐར་པ་ནི། ཤིང་གི་ལྷ་ཐམས་ཅད་འདྲེན་པའི་རྒྱན་ཡིད་དུ་འོང་བས་བརྒྱན་པ་ཞེས་བྱའོ། །ལག་ན་རྡོ་རྗེ་སེང་གེའི་འོད་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ནི། དེ་བཞིན་གཤེགས་པའི་བསོད་ནམས་

ཀྱི་དཀྱིལ་འཁོར་ཡངས་པའི་ཚོགས་ཀྱི་རྗེས་སུ་འབྲང་བའི་འོད་ཅེས་བྱའོ། །ལག་ན་རྡོ་རྗེ་འོད་འཕྲོ་སྟུག་པོའི་དཔལ་གྱི་མིག་གི་རྣམ་པར་ཐར་པ་ནི། སེམས་ཅན་མ་རུངས་པའི་རྒྱུད་ལ་ལུས་འཇིགས་འཇིགས་ལྟར་རབ་ཏུ་སྟོན་ཅིང་ཀུན་ཏུ་རྣམ་པར་ལྟ་བ་ཞེས་བྱའོ། །ལག་ན་

རྡོ་རྗེ་རིན་ཆེན་གཙུག་ཕུད་པདྨོའི་འོད་ཀྱི་རྣམ་པར་ཐར་པ་ནི། བྱང་ཆུབ་སེམས་དཔའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་གཙུག་གི་ནོར་བུ་རིན་པོ་ཆེ་ཐམས་ཅད་ཀྱི་ཆར་མངོན་པར་འབེབས་པ་ཞེས་བྱའོ། །དེ་ནས་ལག་ན་རྡོ་རྗེ་མཐུ་ཆེན་ཁ་དོག་བཟང་པོའི་འོད་ཀྱིས་སངས་རྒྱས་ཀྱི་

མཐུས། ལག་ན་རྡོ་རྗེའི་འཁོར་གྱི་དཀྱིལ་འཁོར་ཡོད་པ་ཐམས་ཅད་ལ་རྣམ་པར་བལྟས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཆོས་རྒྱལ་ཆོས་ཀྱིས་མཛེས་པ་ཡི། །ཆོས་ཉིད་དེ་ལ་རྣམ་པར་ལྟོས། །ཡོན་ཏན་མཐའ་ཡས་སྐུ་གཟུགས་ཀྱིས། །འཇིག་

རྟེན་ཀུན་ཏུ་རྣམ་པར་མཛེས། །སངས་རྒྱས་བ་སྤུ་ཐམས་ཅད་ནས། །འོད་ཟེར་དྲ་བ་བསམ་མྱི་ཁྱབ། །ཉི་མའི་དཀྱིལ་འཁོར་འདྲ་བ་སྟེ། །ཕྱོགས་བཅུ་ཀུན་ཏུ་རྣམ་པར་མཛེས། །སངས་རྒྱས་རྣམ་འཕྲུལ་དེ་དག་གིས། །ཆོས་ཀྱི་དབྱིངས་སུ་ཁྱབ་བྱས་ཤིང་། །འགྲོ་བ་ཀུན་

เล่ม ๓๕ · หน้า 53b

ལ་མངོན་སུམ་དུ། །མི་ཟད་སྐུ་ནི་ཤིན་ཏུ་སྟོན། །སངས་རྒྱས་གསུང་གི་དཀྱིལ་འཁོར་ནི། །ཞིང་རྣམས་ཀུན་ཏུ་རབ་ཏུ་སྒྲོག །གསུང་གིས་སེམས་ཅན་ཐམས་ཅད་ཀྱི། །བསམ་པ་ཐམས་ཅད་རབ་ཏུ་འགེངས། །འཇིག་རྟེན་དབང་པོ་ཀུན་གནས་ན། །ཐུབ་པ་རབ་ཏུ་བཞུགས་

པར་སྣང་། །དེ་དག་ཐམས་ཅད་འཁོར་རྣམས་ལ། །འདྲེན་པ་དག་གི་ཆོས་སྟོན་མཛད། །རྒྱ་མཚོ་ཆོས་ཀྱི་སྒོ་བསྐུལ་བས། །གཞན་དང་གཞན་གྱི་ཚུལ་དག་གིས། །ཐམས་ཅད་ཆོས་ཀྱི་བྱེ་བྲག་དོན། །རྒྱལ་བ་ཟད་མེད་རབ་ཏུ་སྟོན། །རྒྱ་ཆེན་མཐའ་མེད་ཚུལ་དག་ལ། །རྒྱ་

མཚོ་འཁོར་རྣམ་རབ་ཏུ་འཇུག །སངས་རྒྱས་འོད་ཟེར་རབ་འདྲེས་པས། །ཀུན་གྱིས་འདྲེན་པ་མཐོང་བར་འགྱུར། །ཞིང་རྣམས་བྱེ་མའི་རྡུལ་སྙེད་དུ། །རྫོགས་པའི་སངས་རྒྱས་ཀུན་མཆོད་པས། །བསོད་ནམས་རྒྱ་ཆེན་ནམ་མཁའ་བཞིན། །ཀུན་གྱིས་འདྲེན་པ་རབ་ཏུ་

མཐོང་། །སངས་རྒྱས་རྫུ་འཕྲུལ་མ་འདྲེས་པ། །ཐམས་ཅད་ཞིང་དུ་སྟོན་པ་མཛད། །འགྲོ་ལ་སངས་རྒྱས་མངོན་སུམ་དུ། །བྱང་ཆུབ་སྙིང་པོར་རྣམ་པར་མཛེས། །འོད་ཟེར་སྣ་ཚོགས་དཀྱིལ་འཁོར་གྱི། །འོད་འཕྲོ་སྤྲིན་ནི་ཀུན་ཏུ་སྣང་། །ཆོས་དབྱིངས་ཀུན་ཏུ་ཁྱབ་བྱས་

ཤིང་། །སངས་རྒྱས་སྤྱོད་ཡུལ་རབ་ཏུ་སྟོན། །དེ་ལ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ནི། ཚུལ་རྒྱ་མཚོ་བསམ་གྱིས་མི་ཁྱབ་པས། །དེ་བཞིན་གཤེགས་པའི་ཡོན་ཏན་རྒྱ་མཚོ་ལ་འཇུག་སྟེ། འདི་ལྟར་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་

དག་པར་བྱ་བ་དང་། འགྲོ་བ་གདུལ་བ་ལ་མཐར་ཐུག་པར་མངོན་པར་སྒྲུབ་པ་ཞེས་བྱ་བའི་རྣམ་པར་ཐར་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་དུ་ཕྱིན་པས། ཡོན་ཏན་གྱི་ཚོགས་ཐམས་ཅད་ཀྱི་ཡུལ་ཞེས་བྱ་བའི་རྣམ་པར་ཐར་པ་དང་། བྱང་ཆུབ་སེམས་དཔའ་

ཐམས་ཅད་ཀྱི་ས་ནས་སར་སྨོན་ལམ་རྒྱ་མཚོས་རབ་ཏུ་གནས་པ་འབྱུང་བ་ཞེས་བྱ་བའི་རྣམ་པར་ཐར་པ་དང་། སྒོ་ཐམས་ཅད་ནས་ཆོས་ཀྱི་དབྱིངས་སུ་བདག་གི་ལུས་ཀྱི་སྤྲིན་རྡུལ་སྙེད་མཐའ་ཡས་པས་རྒྱས་པར་འགེངས་པ་ཞེས་བྱ་བའི་རྣམ་པར་ཐར་པ་དང་། ཞིང་ཐམས་ཅད་དུ་

เล่ม ๓๕ · หน้า 54a

རང་གི་མིང་བསམ་གྱིས་མི་ཁྱབ་པའི་འཁོར་ལོ་སྒྲོག་པའི་བྱིན་གྱི་རླབས་ཤེས་བྱ་བའི་རྣམ་པར་ཐར་པ་དང་། རྡུལ་ཤིན་ཏུ་ཕྲ་བའི་ཐམས་ཅད་ཀྱི་སྦུབས་སུ་བྱང་ཆུབ་སེམས་དཔའི་ཡུལ་དང་། རྣམ་པར་འཕྲུལ་པ་མཐའ་དང་དབུས་མེད་པ་ཡང་དག་པར་

སྟོན་པ་ཞེས་བྱ་བའི་རྣམ་པར་ཐར་པ་དང་། དུས་གསུམ་གྱི་བསྐལ་པ་སྐད་ཅིག་གཅིག་ཏུ་སྟོན་པས་འབྱུང་བ་དང་། འཇིག་པ་རབ་ཏུ་འབྱུང་བ་ཞེས་བྱ་བའི་རྣམ་པར་ཐར་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དབང་པོ་རྒྱ་མཚོའི་ཡུལ་ཕན་ཚུན་དུ་འཇུག་པ་ཡང་དག་པར་སྟོན་

པ་ཞེས་བྱ་བའི་རྣམ་པར་ཐར་པ་དང་། གང་འདི་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་རང་གི་ལུས་ཀྱི་སྤྲུལ་པས་རྒྱས་པར་རྣམ་པར་འཕྲུལ་པའི་བྱིན་གྱི་རླབས་ཤེས་བྱ་བའི་རྣམ་པར་ཐར་པ་དང་། གང་འདི་བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ཀྱི་ཚུལ་ཕན་ཚུན་དུ་སྟོན་པ་

རྒྱ་ཆེན་པོས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚུལ་ལ་འཇུག་པ་ཞེས་བྱ་བའི་རྣམ་པར་ཐར་པ་དག་གོ །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་རྣམ་པར་ཐར་པའི་ཚུལ་རྒྱ་མཚོ་བསམ་གྱིས་མི་ཁྱབ་པ་དག་གིས། དེ་བཞིན་གཤེགས་པའི་ཡོན་ཏན་རྒྱ་མཚོ་ལ་འཇུག་ཅིང་སངས་

རྒྱས་ཀྱི་མཐུས། འཁོར་རྒྱ་མཚོ་ཡོད་པ་ཐམས་ཅད་ལ་རྣམ་པར་བལྟས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཞིང་རྣམས་རྒྱལ་བས་དྲི་མེད་རྣམ་པར་སྦྱངས། །མཁའ་ཡངས་རྡུལ་བཞིན་ཡོན་ཏན་ཚད་ཀྱང་མྱེད། །སྔོན་གྱི་རྒྱལ་བའི་སྲས་པོ་དྲི་མེད་

ཀྱིས། །དེ་ལ་བསམ་ཡས་ཆོས་སྤྲིན་ཆར་ཡང་ཕབ། །ཇི་ལྟར་རྒྱལ་བ་གདན་ལ་བཞུགས་སྣང་བ། །དེ་བཞིན་རྡུལ་སྦུབས་མ་ལུས་ཀུན་ནང་སྐྱེ། །འོན་ཀྱང་བདེ་གཤེགས་གཤེགས་དང་འཕོ་བ་མེད། །ཞིང་རྣམས་ཀུན་ཏུ་ཡུལ་ཡང་རབ་ཏུ་སྟོན། །ས་ཡི་ཚུལ་ལ་

འཇུག་པ་ཚད་མེད་དེ། །སྤྱོད་པ་ཐུབ་པས་བྱང་ཆུབ་སེམས་དཔའ་བསྟན། །བསམ་གྱིས་མི་ཁྱབ་ཚུལ་ནི་ཀུན་གསུངས་པས། །རྒྱལ་སྲས་རྣམས་ནི་ཆོས་ཀྱི་དབྱིངས་ལ་འཇུག །ཆོས་དབྱིངས་འཇུག་ཚུལ་རྣམ་པ་རྒྱ་ཆེ་སྟེ། །མཐའ་ཡས་ཕྱོགས་སུ་མཐའ་དང་དབུས་

เล่ม ๓๕ · หน้า 54b

མེད་སྒོ། །རྡུལ་ཕྲན་སྦུབས་སུ་རྒྱལ་བ་འཕྲུལ་བ་སྤྲོས། །འགྲོ་བའི་བསམ་པ་ཀུན་ཀྱང་རབ་ཏུ་མཁྱེན། །ཕྱོགས་རྣམས་ཐམས་ཅད་ཞིང་རྣམས་ཀུན་ཏུ་ཡང་། །འཇིག་རྟེན་གཙོ་མཚན་འགྲོ་དང་མཉམ་པར་བྱུང་། །ཐམས་ཅད་ཚུལ་སྒོར་སངས་རྒྱས་དོན་ཡོད་དེ། །འདུལ་

བས་སེམས་ཅན་ཐམས་ཅད་རྣམ་པར་སྤྱོད། །རྡུལ་སྦུབས་ཀུན་ཏུ་མཐའ་དང་དབུས་མེད་པའི། །རྣམ་འཕྲུལ་ཡངས་པ་རང་བྱུང་ཤིན་ཏུ་སྟོན། །སྔན་ཅད་ཐུབ་པའི་བྱང་ཆུབ་སྤྱོད་པ་རྣམས། །ཅི་བཞིན་ཀུན་ཀྱང་སྙིང་པོ་བྱང་ཆུབ་བརྗོད། །ཡངས་དུས་བསྐལ་པ་ཇི་སྙེད་

ཡོད་པའི་རྣམས། །སྐད་ཅིག་སྐད་ཅིག་སངས་རྒྱས་མ་ལུས་སྟོན། །དེར་ནི་སེམས་ཅན་འབྱུང་ཞིང་འཇིག་པའང་བསྟན། །འཇིག་རྟེན་གཙོ་བོ་ཡེ་ཤེས་མཐའ་ཡས་ལྟོས། །འབྱམ་ཀླས་མི་ཟད་མཐའ་ཡས་ལོ་གྲངས་པས། །རྒྱལ་སྲས་ཐམས་ཅད་སངས་རྒྱས་དེ་ལྟ་

སྟེ། །ཐམས་ཅད་སྒོར་ཡང་སངས་རྒྱས་མཐའ་དབུས་མེད། །རྒྱལ་སྲས་ཀུན་གྱིས་ཤེས་པར་སླ་བ་མིན། །སངས་རྒྱས་མཁའ་འདྲ་རྣམ་པར་མི་རྟོག་སྟེ། །ཆོས་ཉིད་མི་གནས་ཆོས་ཀྱི་སྤྲིན་དག་གིས། །སྤྲུལ་པས་སྤྱོད་ཚེ་ཀུན་ཏུ་རྒྱས་མཛད་ཅིང་། །ཤིང་

མཆོག་ཀུན་དྲུང་བྱང་ཆུབ་འཚང་རྒྱ་བསྟན། །སངས་རྒྱས་གསུང་དེ་རབ་ཏུ་བརྗོད་པས་ན། །ཆོས་གནས་ཐམས་ཅད་མ་ལུས་བརྗོད་པ་ཡིན། །འགྲོ་བ་ཐམས་ཅད་རེ་རེའི་སྒོ་དག་ནས། །སངས་རྒྱས་ཆོས་རྣམས་ཀུན་ལ་རབ་ཏུ་འཇུག །དེ་ལ་བྱང་ཆུབ་སེམས་དཔའ་

དགེ་བ་དྲི་མ་མྱེད་པའི་གཟི་བརྗིད་ཀྱི་འོད་ཡིད་དུ་འོང་བའི་རྣམ་པར་ཐར་པ་ནི། ཆོས་ཀྱི་དབྱིངས་ཐམས་ཅད་དུ་མངོན་པར་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དུ་འགྲོ་བའི་རྒྱན་བྱེད་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཡོན་ཏན་འོད་མཆོག་ཀུན་ཏུ་སྒྲོན་མའི་རྣམ་

པར་ཐར་པ་ནི། སེམས་སྐད་ཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པའི་སྒོ་ཟད་མི་ཤེས་པ་སྟོན་ཅིང་། ཆོས་སྟོན་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པས་ཡོངས་སུ་སྨིན་པ་དང་རྣམ་པར་འདུལ་བར་བྱེད་པའི་འོད་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་འབར་བ་

เล่ม ๓๕ · หน้า 55a

སེང་གེའི་རྒྱལ་མཚན་གྱི་རྣམ་པར་ཐར་པ་ནི། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཚོགས་དང་ཞིང་ཡང་དག་པར་འབྱུང་བ་ལ་རྣམ་པར་ལྟ་བ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་དཔལ་གྱི་འོད་ཟེར་ཀུན་ཏུ་འོད་འཕྲོའི་རྣམ་

པར་ཐར་པ་ནི། རྫུ་འཕྲུལ་གྱི་ཡུལ་གྱི་རྣམ་པར་སྤྱོད་པ་དོན་ཡོད་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཡོན་ཏན་རྒྱ་མཚོ་ཀུན་ཏུ་སྒྲ་དབྱངས་རྒྱལ་མཚན་གྱི་རྣམ་པར་ཐར་པ་ནི། སངས་རྒྱས་ཀྱི་ཞིང་གི་རྒྱན་ཐམས་ཅད་འཁོར་གྱི་དཀྱིལ་འཁོར་དུ་ཡང་དག་པར་སྟོན་པ་

ཞེས་བྱའོ། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཡེ་ཤེས་ཀུན་ཏུ་སྣང་བའི་འོད་ཀྱི་རྣམ་པར་ཐར་པ་ནི། དེ་བཞིན་གཤེགས་པའི་རྗེས་སུ་ཀུན་ནས་སོང་ཞིང་ཆོས་ཀྱི་དབྱིངས་ལ་རྣམ་པར་སྤྱོད་པའི་སྤྲིན་ཆེན་པོའི་སྙིང་པོ་ཞེས་བྱའོ། །བྱང་ཆུབ་

སེམས་དཔའ་གཙུག་ན་རིན་ཆེན་ཀུན་ཏུ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ནི། འགྲོ་བ་ཐམས་ཅད་ཀྱི་སྤྱོད་པ་ལ་རབ་ཏུ་ཞུགས་ཤིང་བྱང་ཆུབ་སེམས་དཔའི་སྤྱོད་པ་མཐའ་ཡས་པ་ཤིན་ཏུ་འབྱུང་བ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་རྒྱལ་བའི་གསུང་ཀུན་ཏུ་འཇམ་དབྱངས་

ཀྱི་རྣམ་པར་ཐར་པ་ནི། སངས་རྒྱས་ཐམས་ཅད་བསྙེན་བཀུར་ཞིང་མཆོད་པར་ཉེ་བར་འགྲོ་བའི་སྙིང་པོ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་བསོད་ནམས་མི་ཟད་དྲི་མེད་ཀུན་ཏུ་གཟི་བརྗིད་ཀྱི་རྣམ་པར་ཐར་པ་ནི། རྫུ་འཕྲུལ་དང་རྣམ་པར་འཕྲུལ་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་

རྒྱ་ཆེན་པོ་འབྱུང་བ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་མཚན་གྱི་འོད་ཟེར་ཀུན་ཏུ་སྣང་བའི་རྣམ་པར་ཐར་པ་ནི། དེ་བཞིན་གཤེགས་པའི་སྐུ་མེད་པ་ལས་སངས་རྒྱས་ཀྱི་ཡུལ་ཐམས་ཅད་འབྱུང་བ་ཞེས་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བ་

དྲི་མ་མེད་པའི་གཟི་བརྗིད་ཀྱི་འོད་ཡིད་དུ་འོང་བས་སངས་རྒྱས་ཀྱི་མཐུས། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་རྒྱ་མཚོའི་ཕྱོགས་ཐམས་ཅད་ལ་རྣམ་པར་བལྟས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཇི་སྙེད་གང་དག་ཕྱོགས་རྣམས་ཀུན་

เล่ม ๓๕ · หน้า 55b

གྱི་ཞིང་། །རྒྱལ་བས་དེ་ཀུན་སྐད་ཅིག་ཐུགས་ཀྱིས་སྦྱངས། །འགྲོ་བ་ཀུན་ཏུ་ཞི་བ་མེད་པའི་གསུང་། །སངས་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། །སྐད་ཅིག་ཐུགས་ཀྱི་ཆོས་དབྱིངས་ཀུན་བཀང་སྟེ། །མཐའ་ཡས་སྤྱོད་ཡུལ་དབྱིངས་རྣམས་རྒྱལ་བ་སྟོན། །

འགྲོ་བ་ཀུན་ལམ་སྙིང་པོ་བྱང་ཆུབ་ཏུ། །བྱང་ཆུབ་འཚང་རྒྱ་རྣམ་པར་འཕྲུལ་པ་མཛད། །བསྐལ་པ་བརྒྱ་ཕྲག་སྟོང་རྣམས་ཚད་མེད་དུ། །དེ་བཞིན་གཤེགས་པས་སྔན་ཅད་སྤྱོད་སྤྱད་དེ། །ནམ་མཁའ་འདྲ་བར་བྱས་ནས་རབ་བཀྱེ་ཞིང་། །སངས་རྒྱས་ཞིང་འདི་སྔོན་ཚེ་རབ་

ཏུ་སྦྱངས། །མཐའ་དང་དབུས་མེད་བསྐལ་པར་ལ་ལ་ཡིས། །སྐྱོ་བ་མེད་པར་རྒྱལ་བའི་ཡུལ་བསམས་ཀྱང་། །སངས་རྒྱས་རྫུ་འཕྲུལ་སྟོབས་ལ་དབུས་མེད་པ། །ཕྱི་མའི་མཐའ་ཡི་བསྐལ་པ་ཀུན་ཏུ་འགེངས། །རྒྱལ་བའི་རྫུ་འཕྲུལ་ཡུལ་ལ་རྣམ་པར་ལྟོས། །

ཕྱོགས་བཅུའི་ཞིང་རྒྱན་དེ་དག་རྣམ་དག་པ། །རྒྱལ་བས་འདིར་ནི་ཀུན་ཀྱང་རབ་ཏུ་བསྟན། །སྐད་ཅིག་སྐད་ཅིག་སྣ་ཚོགས་གཟུགས་ཀྱང་སྣང་། །བསྐལ་པ་བརྒྱ་སྟོང་ཚད་མེད་པ་དག་ཏུ། །རྒྱལ་བའི་བ་སྤུ་གཅིག་མཐའ་ཤེས་པར་དཀའ། །ཚུལ་རྣམས་ཀུན་སྒོར་

སངས་རྒྱས་ཆགས་པ་མེད། །འགྲོ་བ་འདི་ན་རྒྱ་ཆེན་བསམ་ཡས་མཛེས། །སྔོན་ཚེ་བསྐལ་པར་རྒྱལ་བས་འགྲོ་ཀུན་ཏུ། །སངས་རྒྱས་རྒྱ་མཚོ་རྒྱ་ཆེན་བསྙེན་བཀུར་བས། །དེ་བས་འཇིག་རྟེན་གཙོ་ལ་ཆོས་དབྱིངས་རྣམས། །ཀུན་ནས་མཆོད་པ་མང་པོ་རྒྱ་

ཆེན་འབྱུང་། །ཕྱོགས་རྣམས་བཀང་སྟེ་སངས་རྒྱས་འབྱུང་བ་དག །རྡུལ་གྱི་སྦུབས་སུ་ཚད་མེད་ཞིང་ཡང་སྟོན། །དེ་དག་ཡུལ་དུ་མི་ཟད་མཐའ་ཡས་པའི། །བསྐལ་པ་རྒྱ་མཚོར་བྱིན་གྱིས་རློབ་པ་མཛད། །སྔོན་ཚེའི་བསྐལ་པར་རྒྱལ་བས་འགྲོ་དོན་སྤྱད། །ཐུགས་

རྗེའི་རྒྱ་མཚོ་ཚད་མེད་རབ་སྐྱེད་ཅིང་། །འགྲོ་བ་རྒྱ་མཚོ་ཀུན་ནས་འཁོར་བ་ཡི། །འཁོར་རྣམས་རྒྱ་མཚོ་མཐའ་ཡས་ཀུན་ཀྱང་སྦྱངས། །སངས་རྒྱས་མཚན་མེད་སྐུ་མེད་རྡུལ་དང་བྲལ། །དེ་བཞིན་ཉིད་གནས་ཆོས་དབྱིངས་སྙིང་པོ་སྟེ། །འགྲོ་བ་ཀུན་ན་མཐའ་ཡས་

เล่ม ๓๕ · หน้า 56a

གཟུགས་སུ་སྣང་། །འགྲོ་བ་ཀུན་གྱི་སྡུག་བསྔལ་ཀུན་ཞི་མཛད། །དེ་ལ་བྱང་ཆུབ་སེམས་དཔའ་འོད་ཟེར་རྒྱ་མཚོ་འོད་ཆེན་དཔལ་གྱི་ཟླ་བའི་རྣམ་པར་ཐར་པ་ནི། ཕ་རོལ་ཏུ་ཕྱིན་པ་དང་སའི་ཤུགས་ཀྱིས་སེམས་ཅན་གྱི་ཁམས་ཀྱི་ཚུལ་དང་། སངས་

རྒྱས་ཀྱི་ཞིང་རྣམ་པར་དག་པ་ཡང་དག་པར་འབྱུང་བ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སྤྲིན་གྱི་ང་རོ་རྒྱ་མཚོ་དྲི་མེད་འོད་ཀྱི་སྙིང་པོའི་རྣམ་པར་ཐར་པ་ནི། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སེམས་སྐད་ཅིག་ལ་ཆོས་ཀྱི་དབྱིངས་ཀྱི་ཚུལ་གྱིས་ཁྱིམ་སྣ་ཚོགས་ལ་རྣམ་པར་

ལྟ་བ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཡོན་ཏན་རིན་ཆེན་འབྱུང་བ་ཡེ་ཤེས་དཔལ་གྱི་གཙུག་ཕུད་ཀྱི་རྣམ་པར་ཐར་པ་ནི། བསྐལ་པ་བསམ་གྱིས་མི་ཁྱབ་པར་འགྲོ་བ་རྣམས་ལ་མངོན་སུམ་དུ་ཡོན་ཏན་དྲི་མ་མེད་པས་ཡོངས་སུ་དག་པ་སྒྲུབ་པ་ཞེས་བྱའོ། །བྱང་ཆུབ་སེམས་

དཔའ་རྒྱ་ཆེན་འོད་འབར་བློ་གྲོས་དབང་ཕྱུག་གི་རྣམ་པར་ཐར་པ་ནི། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྙིང་པོ་བྱང་ཆུབ་ཏུ་ཐོག་མ་འགྲོ་བའི་ཡེ་ཤེས་ཀྱི་ཕྱོགས་ཡང་དག་པར་འབྱུང་བའི་རྒྱུན་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་པདྨོ་རྣམ་པར་གནོན་པ་འོད་ཟེར་གཙུག་ཕུད་ཀྱི་

རྣམ་པར་ཐར་པ་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐ་མྱི་དད་པར་འགྲོ་བ་ཐམས་ཅད་ཀྱི་དབང་པོ་དང་། མོས་པ་རྒྱ་མཚོའི་འོད་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་ཡེ་ཤེས་སྤྲིན་གྱི་ཉི་མའི་རྒྱལ་མཚན་སྣང་བའི་རྣམ་པར་ཐར་པ་ནི། སངས་རྒྱས་ཀྱི་ཡེ་ཤེས་བསྒྲུབ་

པར་བསྐལ་པ་མཐའ་ཡས་པ་དག་ཏུ་བྱིན་གྱིས་རློབ་ཅིང་རྣམ་པར་སྤྱོད་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་མཐུ་སྟོབས་བརྩོན་འགྲུས་རྡོ་རྗེ་ཡངས་པའི་སྙིང་པོའི་རྣམ་པར་ཐར་པ་ནི། ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་མཐའ་དང་དབུས་མེད་པ་ལ་ཡང་དག་པར་འཇུག་པ་

ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སྤོས་ཀྱི་འོད་འཕྲོ་ཤིན་ཏུ་འབར་བའི་འོད་ཀྱི་རྒྱལ་མཚན་གྱི་རྣམ་པར་ཐར་པ་ནི། སངས་རྒྱས་ད་ལྟར་བྱུང་བ་ཐམས་ཅད་ཀྱི་ཐོག་མའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཤེས་པའི་དཀྱིལ་འཁོར་ཡང་དག་པར་སྒྲུབ་པ་ཞེས་བྱའོ། །

เล่ม ๓๕ · หน้า 56b

བྱང་ཆུབ་སེམས་དཔའ་རྣམ་པར་སྣང་མཛད་ཡོན་ཏན་ཡངས་པའི་རྒྱལ་མཚན་གྱི་རྣམ་པར་ཐར་པ་ནི། རྣམ་པར་སྣང་མཛད་ཀྱི་སྨོན་ལམ་རྒྱ་མཚོ་ཐམས་ཅད་ཀྱི་དབྱིངས་ལ་རབ་ཏུ་གནས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་བསོད་ནམས་ཡངས་པ་ཤིན་ཏུ་འཕགས་

པའི་འོད་མཆོག་ཡོན་ཏན་འབྱུང་བའི་བློ་གྲོས་ཀྱི་རྣམ་པར་ཐར་པ་ནི། སངས་རྒྱས་ཀྱི་ཡུལ་ཟབ་མོ་ཆོས་ཀྱི་དབྱིངས་ཐམས་ཅད་ལ་ཀུན་ནས་རབ་ཏུ་གནས་པ་རྣམ་པར་སྤྱོད་པ་ཞེས་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་འོད་ཟེར་རྒྱ་མཚོ་འོད་ཆེན་དཔལ་གྱི་ཟླ་བས། སངས་

རྒྱས་ཀྱི་མཐུས་བྱང་ཆུབ་སེམས་དཔའ་རྣམ་པར་ཕྱེ་བ་རྒྱ་མཚོ་མཐའ་ཡས་པ་ལ་རྣམ་པར་བལྟས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཕ་རོལ་ཕྱིན་པ་རྒྱ་མཚོ་བསམ་ཡས་དང་། །ས་ཡི་དཀྱིལ་འཁོར་རྒྱ་ཆེན་ཀུན་ཀྱང་ཡོངས་སུ་རྒྱས། །ཚད་

མེད་སེམས་ཅན་རྣམ་པར་འདུལ་བའི་ཚེ། །སངས་རྒྱས་ཞིང་ཡངས་རྣམས་ཀྱང་རྣམ་པར་སྦྱངས། །ཕྱོགས་བཅུའི་སངས་རྒྱས་ཞིང་ཀུན་རྒྱས་བྱས་ཏེ། །སངས་རྒྱས་སེམས་ཅན་ཁམས་སྦྱིན་འདུལ་མཛད་པ། །སྐད་ཅིག་ཐུགས་ཀྱིས་ཆོས་ཀྱི་འཁོར་ལོ་དག །

མཐའ་ཡས་འགྲོ་མཉམ་བསམ་པ་ཚིམ་པར་སྟོན། །བསྐལ་པ་རྒྱ་ཆེ་མི་ཟད་མུ་མེད་པར། །རྒྱལ་བ་འགྲོ་ལ་མངོན་སུམ་ཀུན་ནས་བཞུགས། །མགོན་པོས་སྔན་ཅད་ཇི་ལྟར་སྦྱངས་ཚུལ་དུ། །རྒྱལ་བས་སྤྱོད་ཡུལ་རྣམ་དག་རབ་ཏུ་བསྟན། །ཆོས་རྒྱལ་དེ་དག་ཇི་ལྟར་

རྣམ་འཕྲུལ་པ། །ཕྱོགས་རྣམས་རྒྱ་མཚོ་མ་ལུས་ཀུན་ན་སྣང་། །སྙིང་པོ་བྱང་ཆུབ་ཀུན་ནའང་རྒྱལ་བ་དག །འཁོར་གྱིས་བསྐོར་ཅིང་ཆོས་རྣམས་གསུང་བ་སྣང་། །འགྲོ་བའི་བསམ་པ་ཐམས་ཅད་ཚིམ་མཛད་ཅིང་། །འཇིག་རྟེན་དག་ན་སངས་རྒྱས་ཚུལ་ཀུན་མཛེས། །

དབང་པོ་ཇི་བཞིན་ཆོས་ཀྱི་ཆར་ཡང་འབེབས། །སངས་རྒྱས་ཆོས་སྐུ་ཡངས་པ་རྣམ་པར་མཛེས། །དེ་བཞིན་ཉིད་ལྟར་མཚན་ཉིད་ལུས་མེད་དེ། །རྒྱལ་བ་དྲི་མེད་འོད་གསལ་ཆོས་ཀྱི་སྐུ། །ཡེ་ཤེས་ཞི་བའི་སྐུ་ནི་ཚད་མེད་དེ། །ཕྱོགས་དབྱིངས་ཀུན་བཀང་ཆོས་ཀྱི་ཆར་

เล่ม ๓๕ · หน้า 57a

ཡང་འབེབས། །ཆོས་རྗེ་ཐམས་ཅད་སྟོབས་ཀྱིས་རྣམ་པར་དག །བདེ་གཤེགས་ཡེ་ཤེས་མཁའ་འདྲ་མཐའ་ཡས་ཏེ། །རྒྱ་ཆེན་འགྲོ་བ་མཐའ་དབུས་མྱེད་བཀང་ཞིང་། །རྒྱལ་བ་སྟོབས་ལ་འཇུག་པ་རབ་ཏུ་སྟོན། །སངས་རྒྱས་འོད་ཀྱིས་ཆོས་དབྱིངས་

ཀུན་བཀང་ཞིང་། །སངས་རྒྱས་སྤྱོད་པ་ཐམས་ཅད་རྫོགས་པར་བསྟན། །རྒྱལ་བས་སྔོན་ཚེ་ཇི་ལྟར་རྣམ་སྦྱངས་པ། །དེ་བཞིན་ཡེ་ཤེས་ས་རྣམས་རྒྱལ་བས་བསྟན། །ཕྱོགས་རྣམས་ཀུན་ཏུ་རང་བྱུང་རྣམ་པར་མཛེས། །སྨོན་ལམ་རྣམ་པར་འཕྲུལ་པ་མ་ལུས་སྟོན། །

ཇི་ལྟར་སྔོན་ཚེ་རྒྱལ་བས་ཡོངས་སྦྱངས་པ། རྒྱལ་བའི་འོད་ཟེར་དྲ་བ་ཀུན་ནས་སྒྲོག །སངས་རྒྱས་ཡུལ་ནི་ཕྱོགས་སུ་ཟད་པ་མེད། །དབུས་དང་མཐའ་མེད་གཞལ་མེད་མཐའ་ཡས་དབྱིངས། །ཆོས་དབྱིངས་ཀུན་ཏུ་ཆགས་མེད་བརྙེས་པ་ནི། །སངས་རྒྱས་ཞིང་རྣམས་

ཀུན་ན་ཤིན་ཏུ་མཛེས། །དེའི་ཚེ་བཅོམ་ལྡན་འདས་ཀྱི་སེང་གེའི་ཁྲི་དང་། པད་མོའི་ཟེ་བའི་དྲི་ཐམས་ཅད་དང་། ནོར་བུའི་རྒྱལ་པོ་ཐམས་ཅད་ཀྱི་ངོས་དང་། འཁོར་ལོའི་ལྟེ་བ་ཐམས་ཅད་དང་། མེ་ཏོག་གི་ཟེ་བའི་དྲི་ཐམས་ཅད་དང་། སྟེགས་བུའི་ངོས་ཐམས་ཅད་དང་།

རྟ་བབས་ཀྱི་སྒོ་ཐམས་ཅད་དང་། ནོར་བུའི་གཟུགས་ཀྱི་ངོས་ཐམས་ཅད་དང་། རིན་པོ་ཆེ་འོད་འཕྲོ་བའི་སྒོ་ཐམས་ཅད་དང་། འོད་ཟེར་སྒྲོན་མའི་སྒོ་ཐམས་ཅད་དང་། སེང་གེའི་ཁྲིའི་རྒྱན་གྱི་སྒོ་ཐམས་ཅད་ནས། སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་བྱང་ཆུབ་

སེམས་དཔའ་མང་པོ་འཐོན་པར་གྱུར་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྒྱ་མཚོའི་བློ་གྲོས་རྣམ་པར་རོལ་པའི་ཡེ་ཤེས་མངོན་པར་ཤེས་པའི་རྒྱལ་པོ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སྒྲ་དབྱངས་ཀུན་ཏུ་སྒྲོག་པ་དང་། བྱང་ཆུབ་སེམས་དཔའ་ནོར་བུ་རིན་པོ་ཆེ་སྣ་

ཚོགས་ཀྱི་འོད་ཀྱི་དཀྱིལ་འཁོར་གཙུག་ཕུད་དང་། བྱང་ཆུབ་སེམས་དཔའ་ཡེ་ཤེས་ཆེན་པོ་ཉི་མས་རབ་ཏུ་གནོན་པའི་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་ཡོན་ཏན་རིན་པོ་ཆེ་བསམ་གྱིས་མི་ཁྱབ་པ་ཡེ་ཤེས་རྒྱ་མཚོའི་དཔལ་དང་། བྱང་ཆུབ་སེམས་དཔའ་མིག་

เล่ม ๓๕ · หน้า 57b

བརྒྱ་པ་པདྨོའི་སྣ་ཚོགས་ཀྱི་གཙུག་ཕུད་དང་། བྱང་ཆུབ་སེམས་དཔའ་ནམ་མཁའི་ཚུལ་པདྨོ་སྣ་ཚོགས་ཀྱི་གཙུག་ཕུད་དང་། བྱང་ཆུབ་སེམས་དཔའ་གསེར་གྱི་འོད་འཕྲོ་གཟི་བརྗིད་དཀྱིལ་འཁོར་གྱི་འོད་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་སྒྲ་ཆོས་ཀྱི་དབྱིངས་ཀྱི་དབྱངས་དང་། བྱང་ཆུབ་

སེམས་དཔའ་སྤྲིན་ཡིད་དུ་འོང་བ་དྲི་མ་མེད་པའི་ཟླ་བ་དང་། དེ་དག་ལ་སྩོགས་པ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་མཆོད་པའི་སྤྲིན་རྣམ་པ་སྣ་ཚོགས་རབ་ཏུ་འགྱེད་ཅིང་། འདི་ལྟར་ནོར་བུ་རིན་པོ་ཆེའི་མེ་ཏོག་གི་སྤྲིན་ཐམས་ཅད་ནི་རབ་ཏུ་འབྱིན། སྤོས་

ཀྱི་སྤྲིན་ཐམས་ཅད་ནི་ཤིན་ཏུ་འགྱེད། །རིན་པོ་ཆེའི་འོད་ཀྱི་དཀྱིལ་འཁོར་གྱི་སྤྲིན་ཐམས་ཅད་ནི་མངོན་པར་འབྱིན། ཡུལ་མཐའ་ཡས་པའི་སྤོས་ཀུན་ཏུ་འཕྲོ་བའི་བདུག་པའི་སྤྲིན་ནི་རྣམ་པར་འགྱེད་ཅིང་། ནོར་བུ་ཉི་མའི་སྙིང་པོ་འཁོར་ལོའི་འོད་ཀྱི་དཀྱིལ་འཁོར་གྱི་སྤྲིན་ནི་རབ་ཏུ་

གཏོང་། སིལ་སྙན་གྱི་སྒྲ་དབྱངས་ཡིད་དུ་འོང་བའི་སྤྲིན་ནི་རབ་ཏུ་སྒྲོག །རིན་པོ་ཆེ་འོད་འཕྲོ་བ་ཁ་དོག་མཐའ་ཡས་པའི་སྒྲོན་མའི་སྤྲིན་གྱིས་ནི་རབ་ཏུ་སྣང་བར་བྱེད། ནོར་བུ་སྣ་ཚོགས་ཀྱི་ཤིང་གི་ཡལ་ག་ལས་མེ་ཏོག་གི་དོག་པ་ནི་རྣམ་པར་སྤྱོད། རིན་པོ་ཆེའི་འོད་དྲི་མ་མེད་པ་

ཟད་མི་ཤེས་པའི་ནོར་བུའི་རྒྱལ་པོའི་ཆར་ནི་རབ་ཏུ་འབེབས། རྒྱན་མཛེས་པ་ཐམས་ཅད་ཡང་དག་པར་སྟོན་པའི་ནོར་བུའི་རྒྱལ་པོའི་སྤྲིན་གྱི་ཆར་ནི་རབ་ཏུ་འབེབས་ཤིང་། དེ་ལྟ་བུ་དག་ལ་སྩོགས་པ་བྱང་ཆུབ་སེམས་དཔའ་རེ་རེ་ཞིང་ཡང་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་

མཆོད་པའི་སྤྲིན་གྱི་ཆར་རབ་ཏུ་འབེབས་པར་བྱེད་ཅིང་ལྷགས་པར་གྱུར་ཏེ། བཅོམ་ལྡན་འདས་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ཏེ། འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་ཡོད་པ་ཐམས་ཅད་དུ་མཆོད་པའི་སྤྲིན་རྒྱུན་མི་འཆད་པའི་ཆར་མངོན་པར་ཕབ་ནས་གང་

ནས་འོངས་པའི་ཕྱོགས་སུ་བརྟེན་ཏེ། དེ་བཞིན་གཤེགས་པ་ལ་མངོན་དུ་བལྟས་ནས་སེང་གེའི་ཁྲི་རིན་པོ་ཆེ་སྣ་ཚོགས་དུ་མའི་པདྨོའི་སྙིང་པོ་ཅན་དག་མངོན་པར་སྤྲུལ་ཏེ། སྐྱིལ་མོ་ཀྲུང་བཅས་ཏེ་འཁོད་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་སྤྱོད་ཡུལ་རྒྱ་

เล่ม ๓๕ · หน้า 58a

མཚོ་རྒྱ་ཆེན་པོ་ཡོངས་སུ་དག་པ་རྣམས་སོ། །སྒོ་ཀུན་ནས་ཆོས་ཀྱི་སྣང་བ་རབ་ཏུ་ཐོབ་པ་རྣམས་སོ། །དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཆགས་པ་མེད་པའི་རྗེས་སུ་འབྲང་བ་རྣམས་སོ། །ཐ་དད་པ་ཡང་དག་པར་ཤེས་པ་ཐམས་ཅད་ཀྱིས་ཆོས་རྒྱ་

མཚོ་ལ་ཞུགས་པ་རྣམས་སོ། །རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པའི་སྣང་བ་རབ་ཏུ་ཐོབ་པ་རྣམས་སོ། །སྒོ་ཀུན་ནས་དེ་བཞིན་གཤེགས་པའི་སའི་དབྱིངས་རབ་ཏུ་ཐོབ་པ་རྣམས་སོ། །གཟུངས་ཀྱི་སྒོ་རྒྱ་མཚོ་ཐམས་ཅད་ཀྱིས་ཆོས་རྒྱ་མཚོ་རབ་ཏུ་འཛིན་པ་རྣམས་སོ། །

དུས་གསུམ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ས་ལ་རབ་ཏུ་གནས་པ་རྣམས་སོ། །དགའ་བའི་ཤུགས་རྒྱ་ཆེན་པོ་རབ་ཏུ་ཐོབ་པ་རྣམས་སོ། །བསོད་ནམས་ཀྱི་དཀྱིལ་འཁོར་མུ་མེད་པ་ཡོངས་སུ་དག་པའི་རྣམས་ཏེ། ཆོས་ཀྱི་དབྱིངས་དང་ནམ་མཁའ་ལ་རྣམ་པར་རྒྱུ་ཞིང་

སངས་རྒྱས་ཐམས་ཅད་མཆོད་པ་མངོན་པར་བསྒྲུབ་པ་ལ་རབ་ཏུ་བརྩོན་པ་ཤ་སྟག་གོ །དེ་ནས་བྱང་ཆུབ་སེམས་དཔའ་རྒྱ་མཚོའི་བློ་གྲོས་རྣམ་པར་རོལ་པའི་ཡེ་ཤེས་མངོན་པར་ཤེས་པའི་རྒྱལ་པོས་སངས་རྒྱས་ཀྱི་མཐུས་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་ཐམས་

ཅད་ལ་རྣམ་པར་བལྟས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སངས་རྒྱས་རྣམ་པར་སངས་རྒྱས་མཉམ་ཉིད་མཁྱེན། །ཆགས་མེད་རྙེད་པས་ནམ་མཁའ་ལྟ་བུ་སྟེ། །ཕྱོགས་རྣམས་ཞིང་ཀུན་རབ་ཏུ་སྣང་བྱས་ནས། །འབྱམ་ཀླས་འཁོར་

ན་བཞུགས་པ་རྣམ་པར་མཛེས། །བདེ་གཤེགས་རང་བྱུང་མཐའ་དང་དབུས་མེད་དེ། །ཐམས་ཅད་ཕྱོགས་ཀྱི་ཆོས་དབྱིངས་ཀུན་རྒྱས་པར། །དབང་ཕྱུག་ཆེན་པོ་ཀུན་གྱིས་མཆོད་བསྐོར་ཅིང་། །ཤིང་གི་རྒྱལ་པོ་ཀུན་གྱི་དྲུང་ན་བཞུགས། །དེ་བཞིན་གཤེགས་

པའི་རྫུ་འཕྲུལ་སྟོབས་དག་གིས། །སྐད་ཅིག་སེམས་ལ་ཟད་མེད་ཡོན་ཏན་གཟུགས། །རྣམ་ཐར་གཞན་དང་གཞན་དག་ཐོབ་པས་མཐོང་། །དེ་བཞིན་གཤེགས་པའི་ཡུལ་ནི་མཐའ་ཡས་སོ། །བསྐལ་པ་རྒྱ་མཚོར་སྔན་ཅད་སྤྱོད་པའི་ཚེ། །དེ་བཞིན་གཤེགས་

เล่ม ๓๕ · หน้า 58b

པས་སྲིད་པ་རྒྱ་མཚོ་འདིར། །སྣ་ཚོགས་ཐབས་ཀྱིས་སེམས་ཅན་སྨིན་བྱས་པ། །དེ་དག་རྒྱལ་བ་དེ་ཡི་ཆོས་འཛིན་ཏོ། །ཡོངས་དག་དྲི་མེད་འཁོར་རྣམས་འཁོད་པ་དག །ཐམས་ཅད་སངས་རྒྱས་ལྟ་ཞིང་རྣམ་པར་གནས། །པདྨོའི་སྙིང་པོ་པདྨོ་གདན་བཞུགས་པ། །

ཚོགས་ཀྱི་ནང་ན་རྒྱལ་བ་མངོན་པར་མཛེས། །སངས་རྒྱས་གང་ན་བཞུགས་པའི་སེང་གེའི་ཁྲི། །རིན་ཆེན་ནོར་བུའི་རྒྱལ་པོའི་འོད་འཕྲོ་ཞིང་། །སྤོས་འཕྲོ་སྤྲིན་རྣམས་མཐའ་ཡས་རབ་ཏུ་འབྱུང་། །སྙིང་པོ་དུ་མའི་མེ་ཏོག་ཕྲེང་སྤྱངས་པའོ། །རིན་ཆེན་འོད་འཕྲོའི་སྤྲིན་

ནི་རྟག་ཏུ་འགྱེད། །འོད་ཟེར་སྒྲོན་མ་རྒྱ་ཆེན་རབ་ཏུ་འབར། །རྟ་བབས་རྣམ་པ་སྣ་ཚོགས་རྣམས་ཀྱིས་བརྒྱན། །ཐུབ་པ་དེ་བཞུགས་མངོན་པར་རབ་ཏུ་མཛེས། །སྒྲ་དབྱངས་ཡིད་དུ་འོང་བ་རབ་ཏུ་འགྱེད། །རིན་ཆེན་ཚོན་དུ་སྣ་ཚོགས་པདྨོ་འཕྱང་། །ནོར་བུའི་རྒྱལ་

པོས་སྐར་ཁུང་ཀུན་གནས་བརྒྱན། །སངས་རྒྱས་དེ་བཞུགས་རྣམ་པར་རབ་ཏུ་མཛེས། །ཟླ་གམ་རིན་ཆེན་མང་པོས་ཡོངས་སུ་བཟུང་། །རྡོ་རྗེ་འོད་འཕྲོ་སྣང་བའི་སྙིང་པོས་བརྒྱན། །གཙུག་ན་ནོར་བུའི་བྱང་ཆུབ་སེམས་དཔས་བཟུང་། །སངས་རྒྱས་དེ་བཞུགས་རྣམ་

པར་ཤིན་ཏུ་མཛེས། །ཕྱོགས་བཅུར་སྤྲུལ་པའི་དྲ་བ་རབ་བཀྱེ་ཞིང་། །དེ་བཞིན་གཤེགས་པའི་སྨོན་ལམ་སྒྲ་ཡང་སྒྲོག །གཟུགས་བརྙན་བཞིན་དུ་ཞིང་རྣམས་ཀུན་ན་སྣང་། །ཐུབ་པ་དེ་འདྲའི་སེང་གེའི་གདན་ལ་བཞུགས། །དེ་ནས་བྱང་ཆུབ་སེམས་དཔའ་སྒྲ་དབྱངས་

ཀུན་ཏུ་སྒྲོག་པས། སངས་རྒྱས་ཀྱི་མཐུས་འཁོར་གྱི་དཀྱིལ་འཁོར་དུ་ཡོད་པ་ཐམས་ཅད་ལ་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །འདི་ནི་བདེ་གཤེགས་སངས་རྒྱས་བྱིན་རླབས་ཏེ། །བྱང་ཆུབ་སྤྱོད་པ་སྔན་ཆད་སྤྱད་པ་དང་། །སངས་

རྒྱས་མཆོད་པའི་མཆོད་པ་དུ་མ་དག །རྒྱལ་བའི་གདན་ལས་དེ་དག་ཐམས་ཅད་སྣང་། །སྤོས་འོད་སྣང་བ་ནོར་བུའི་རྒྱལ་པོ་ཅན། །མེ་ཏོག་སྙིང་པོ་སེང་གེའི་གདན་གྱི་འཁོར། །རྒྱན་རྣམས་ཐམས་ཅད་གཟུགས་བརྙན་གྱུར་པ་དང་། །འཁོར་རྣམས་དེ་དག་ཐམས་

เล่ม ๓๕ · หน้า 59a

ཅད་ཀུན་བཀང་སྟེ། །སྐད་ཅིག་སྐད་ཅིག་རྒྱན་གྱི་ཁ་དོག་ཀུན། །རྣམ་པ་དུ་མར་སངས་རྒྱས་གདན་ལས་སྣང་། །སེམས་ཅན་ཇི་ལྟར་མོས་པ་དེ་དག་ཀྱང་། །འཁོད་ཅིང་སངས་རྒྱས་ཚད་མེད་གདན་ལ་ལྟ། །རིན་ཆེན་ལྡ་ལྡི་པདྨོ་

མང་བཏགས་པ། །ཕྱི་ཞིང་བྱང་ཆུབ་སེམས་དཔའ་མང་པོ་རྣམས། །སྒྲ་དབྱངས་ཡིད་དུ་འོང་བ་རབ་འབྱིན་ཅིང་། །སངས་རྒྱས་གདན་ལ་བཞུགས་ལ་སྟོད་པ་བྱེད། །སངས་རྒྱས་བསོད་ནམས་ཚད་མེད་ནམ་མཁའ་བཞིན། །འདི་དག་རྒྱན་ཀུན་དེ་ལས་རབ་ཏུ་བྱུང་། །

ས་རྣམས་རེ་རེའི་རྒྱན་རྣམས་གང་ཡོད་པ། །འགྲོ་བ་ཀུན་གྱིས་དེ་དག་བསམ་མི་ནུས། །མི་ཕྱེད་མཚམས་ཀྱི་རྡོ་རྗེ་སྣ་ཚོགས་པ། །འཁོར་ཡངས་རྣམ་དག་ཤིན་ཏུ་མཉམ་པ་སྟེ། །ནོར་བུའི་དྲ་བ་སྣ་ཚོགས་ཀུན་ཏུ་བཀྲམ། །བྱང་ཆུབ་ཤིང་གི་ས་ཡི་འཁོར་

ཀུན་ཏོ། །ས་ཕྱོགས་གང་ན་རྒྱལ་བའི་གདན་ཡོད་པ། །ཁ་དོག་མཐའ་ཡས་རྒྱ་ཆེན་སྣ་ཚོགས་ཏེ། །མེ་ཏོག་མངོན་གཏོར་རིན་ཆེན་རྣམ་པར་བཀྲམ། །གསེར་ཚོན་མཛེས་པས་དེ་ནི་རབ་ཏུ་བརྒྱན། །ས་ཡི་ལྷ་མོ་དེ་དག་རབ་དགའ་ཞིང་། །སྐད་ཅིག་སེམས་

ཀྱིས་མི་ཟད་ས་ཡང་སྟོན། །ཀུན་ཀྱང་རྒྱལ་བའི་ཞལ་དུ་མངོན་ལྟ་ཞིང་། །ཁ་དོག་ཐམས་ཅད་རྒྱན་གྱི་སྤྲིན་གཏོང་ངོ་། །རིན་ཆེན་སྒྲོན་མ་མང་པོ་གསལ་བར་འབར། །སྤོས་མང་དྲི་ཞིམ་མང་པོ་རྟག་ཏུ་འབྱུང་། །དུས་དང་ཚོད་ཀྱི་རྣམ་པ་མང་སྟོན་ཅིང་། །ལྷ་

རྣམས་ཀུན་ཀྱང་སངས་རྒྱས་མཆོད་པ་བྱེད། །ཕྱོགས་རྣམས་བཅུ་ན་ཞིང་རྣམས་ཇི་སྙེད་པ། །དེ་དག་ས་རྒྱན་ཕུན་སུམ་ཚོགས་ཡོད་པ། །དེ་དག་ཀུན་ཀྱང་ས་དཀྱིལ་འདི་ན་སྣང་། །སངས་རྒྱས་བྱིན་རླབས་མཉམ་པ་མེད་པས་བྱུང་། །དེ་ནས་བྱང་ཆུབ་

སེམས་དཔའ་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་འོད་ཀྱི་དཀྱིལ་འཁོར་གཙུག་ཕུད་ཀྱིས་སངས་རྒྱས་ཀྱི་མཐུས་འོད་ཀྱི་དཀྱིལ་འཁོར་ཡོད་པ་ཐམས་ཅད་ལ་རྣམ་པར་བལྟས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སྔན་ཅད་སྤྱད་པ་སྤྱོད་པའི་ཚེ་དེ་དག །

เล่ม ๓๕ · หน้า 59b

ཞིང་ཀུན་ཕུན་སུམ་ཚོགས་པ་མཐོང་བ་རྣམས། །སྙིང་པོ་བྱང་ཆུབ་འཁོར་གྱི་ས་འདི་ལ། །མྱི་ཟད་ས་དང་དེ་དག་རབ་ཏུ་སྣང་། །རྣམ་པར་ཡངས་པ་གང་ན་སྣང་བ་ཡི། །ས་ལ་རིན་ཆེན་མཛེས་ཀུན་རྣམ་པར་བཀྲམ། །རིན་ཆེན་མང་པོས་དཀྱིལ་འཁོར་ཀུན་ཏུ་གཏོར། །

སངས་རྒྱས་འོད་ཀྱི་སྤྲིན་ཀྱང་རབ་ཏུ་སྣང་། །ས་རྣམས་ཀུན་བརྒྱན་ཤིང་གི་དམ་པའི་དྲུང་། །ཀུན་ནས་ནོར་བུའི་རྒྱལ་པོས་རྒྱན་བྱས་ལས། །བསོད་ནམས་འོད་ཀྱི་དབྱངས་ཀྱི་འབྲུག་སྒྲ་འབྱུང་། །སངས་རྒྱས་རྫུ་འཕྲུལ་ཚུལ་ཡང་རབ་ཏུ་བརྗོད། །རིན་ཆེན་མང་པོ་

སྒྲོན་མའི་ཆར་ཕབ་ཅིང་། །རིན་ཆེན་མཛེས་པར་བཀོད་པ་རྣམ་པར་མཛེས། །སྒྲ་དབྱངས་ཀུན་གྱི་འབྲུག་སྒྲ་ཤིན་ཏུ་སྒྲོག །ས་ཡི་ལྷ་རྣམས་ས་ཡང་ཡང་དག་སྟོན། །རིན་ཆེན་འོད་འཕྲོ་སྒྲོན་མ་རྣམ་པར་སྣང་། །འོད་ཟེར་སྤྲིན་ནི་ས་ལས་རབ་ཏུ་འབྱུང་། །ནོར་བུ་

དྲ་བ་སིལ་མ་ཀུན་ནས་བཀྲམ། །རིན་ཆེན་སྣ་ཚོགས་རིགས་ཀྱི་ཡན་ལག་བརྒྱན། །ས་རྣམས་ཀུན་ནས་མཛེས་པ་འདི་དག་ལྟོས། །རིན་ཆེན་མང་པོ་ཚོན་བཟང་རྒྱན་དུ་བཀྱེ། །འགྲོ་བ་དག་ལ་ཆོས་ཀྱི་རྒྱ་མཚོ་སྒྲོག །དེ་དག་ཆོས་ཉིད་རྣམ་པར་དག་པ་མཐོང་། །

མ་ལུས་ཕྱོགས་ན་སངས་རྒྱས་ཐམས་ཅད་ཀྱི། །བྱང་ཆུབ་ཤིང་གི་ཕུན་སུམ་ཚོགས་པ་དག །ས་ཡི་དཀྱིལ་འཁོར་འདི་ན་ཀུན་སྣང་སྟེ། །དེ་དག་ཆོས་ཉིད་རྣམ་པར་དག་པ་བརྗོད། །སངས་རྒྱས་གདན་ལས་ཆོས་རྣམས་རྒྱ་མཚོ་ཡི། །ཆོས་སྒོ་བདེ་བར་

གཤེགས་པས་གང་གསུངས་པ། །སེམས་ཅན་ཀུན་ཀྱི་བསམ་པ་ཇི་བཞིན་དུ། །ས་འཁོར་རྣམས་ཀྱང་ཀུན་ནས་རབ་ཏུ་འབྱུང་། །དྲི་ཞིམ་འོད་རྣམས་རྟག་ཏུ་འབྱུང་བས་ན། །དེ་དག་ཇི་བཞིན་སྣོད་ཀྱི་འགྲོ་བ་འགེངས། །སྲོག་ཆགས་རྣམས་ཀྱི་ཉོན་མོངས་

ཞི་བར་བྱེད། །ས་འཁོར་དེ་ནས་དེ་འདྲ་རབ་ཏུ་སྒྲོག །སངས་རྒྱས་རྫུ་འཕྲུལ་ཕུན་སུམ་གང་དག་དང་། །དྲི་མེད་ས་ནི་གང་གིས་མཛེས་གྱུར་པའི། །ཕུན་སུམ་ཚོགས་པའི་རྒྱན་རྣམས་རེ་རེ་ཞིང་། །བསྐལ་པ་བྱེ་བ་དག་ཏུ་འང་བརྗོད་མྱི་ནུས། །དེ་ནས་བྱང་ཆུབ་

เล่ม ๓๕ · หน้า 60a

སེམས་དཔའ་ཡེ་ཤེས་ཆེན་པོའི་ཉི་མས་རབ་ཏུ་གནོན་པའི་བློ་གྲོས་ཀྱིས། སངས་རྒྱས་ཀྱི་མཐུས་འཁོར་གྱི་དཀྱིལ་འཁོར་ཡོད་པ་ཐམས་ཅད་ལ་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། །།

སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་ལྔ་པ། འཇིག་རྟེན་ཀུན་གྱི་བསམ་པ་ཚིམ་མཛད་ཅིང་། །སངས་རྒྱས་ཆོས་ཀྱི་གཞལ་མེད་ཁང་ན་མཛེས། །འབྱམ་ཀླས་ཕྱོགས་རྣམས་ཀུན་ཏུ་མངོན་སུམ་དུ། །སངས་རྒྱས་

འགྲོ་གཙོ་གཞལ་མེད་ཁང་ན་སྣང་། །རིན་ཆེན་ཀུན་གྱི་སྙིང་པོ་རབ་ཏུ་བརྒྱན། །རྒྱན་རྣམས་ཀུན་གྱིས་དེ་བཞིན་མཛེས་ཤིང་འབར། །སངས་རྒྱས་ཕོ་བྲང་འོད་ནི་བསམ་མྱི་ཁྱབ། །དེ་ན་བཞུགས་ཤིང་སངས་རྒྱས་རབ་ཏུ་མཛེས། །ཀ་བའི་རྒྱན་ནི་ནོར་བུ་སྣ་ཚོགས་ཏེ། །

ཕྱོགས་རྣམས་ཀུན་སྒོར་རྟ་བབས་སྤྲིན་ཀྱང་བྲིས། །སྟེགས་བུའི་ཕྲེང་བ་ཀུན་ནས་རྒྱན་དུ་བཀོད། །གསེར་གྱི་དྲིལ་བུའི་སྤྲིན་ཀྱང་རྣམ་པར་བརྒྱུས། །མེ་ཏོག་བླ་རེ་རྣམ་པ་སྣ་ཚོགས་ལྟོས། །རིན་ཆེན་ཤིང་སྡོང་དར་གྱི་བླ་རེ་བྲེས། །ནོར་བུ་ཐམས་ཅད་སྒོ་ནས་ཕྲེང་བ་

འབྲུལ། །དེ་ནས་ཡེ་ཤེས་རྒྱ་མཚོར་རབ་ཏུ་མཛེས། །སྤོས་དྲི་རྒྱལ་མཚན་རིན་ཆེན་དྲ་བ་སྟེ། །འོད་ཟེར་སྒྲོན་མའི་སྤྲིན་གྱིས་ཀུན་ཏུ་གཡོགས། །རྒྱན་རྣམས་སྣ་ཚོགས་ཀུན་ནས་ཤིན་ཏུ་བྲེས། །དེ་ན་སངས་རྒྱས་རབ་ཏུ་འཕགས་པ་བཞུགས། །ཕྱོགས་རྣམས་

ཀུན་སྒོ་སྤྲུལ་པའི་སྤྲིན་གྱི་རྣམས། །དབྱངས་ཀྱིས་འཇིག་རྟེན་ཁྱབ་པར་གྲག་བྱེད་ཅིང་། །འབྱམ་ཀླས་ཕྱོགས་ཀྱི་སེམས་ཅན་རྣམ་འདུལ་བ། །སངས་རྒྱས་ཕོ་བྲང་འདི་ན་དེ་དག་གྲག །མེ་ཏོག་ཤིང་དང་རིན་ཆེན་སྤུངས་སྤེལ་བ། །འཕགས་པ་ཕྱོགས་རྣམས་

ཀུན་ཏུ་མངོན་པར་མཛེས། །དེ་ལས་དུས་གསུམ་ཞིང་རྣམས་ཐམས་ཅད་ཀྱང་། །གཟུགས་བརྙན་གྱུར་པར་དེ་དག་རབ་ཏུ་སྣང་། །ཕྱོགས་རྣམས་ཀུན་ཏུ་རིན་ཆེན་མང་བཀྱེ་བ། །དེ་དག་སྣ་ཚོགས་མཛེས་པར་རྣམ་པར་འབར། །ཕྱོགས་རྣམས་ཀུན་ཏུ་སྐར་ཁུང་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด