འཕགས་པ་འཇམ་དཔལ་གྱི་རྩ་བའི་རྒྱུད

ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་མཉྫུ་ཤྲཱི་མཱུ་ལ་ཏནྟྲ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๘๘ · หน้า 219b

དེ་བཞིན་དུ་ནི་ཁྲུམས་སྟོད་དང་། །གང་ཚེ་མོན་གྲུ་དག་ལ་ནི། །གལ་ཏེ་ཉི་ཟླ་གཟས་ཟིན་ཏེ། །གཟའ་ནི་བྱུང་བར་ཤེས་གྱུར་ན། །ཁ་དོག་ནག་པ་ལ་བརྟེན་ནས། །མྱ་ངན་ཆེན་པོ་ཉོན་མོངས་དང་། །མུ་གེ་ཀུན་ཏུ་འབྱུང་བར་ནི། །ཡུལ་མི་ཀུན་ལ་འབྱུང་བ་དང་། །

རྒྱལ་པོ་རྐུན་མའི་འཇིགས་ཆེན་འབྱུང་། །ནམ་གྲུ་རྒྱུ་སྐར་ཉིད་དང་ནི། །གང་ཚེ་ཁྲུམས་སྨད་དག་ལ་ནི། །ཟླ་བ་ཉི་མའི་དཀྱིལ་འཁོར་དུ། །ཤར་ནས་སྒྲ་གཅན་འཛིན་པ་ན། །ནུབ་ཕྱོགས་ནས་ནི་ཉི་མ་འཛིན། །མ་ག་དྷཱར་ནི་མི་ཡི་བདག །སེམས་ཅན་རྒྱལ་པོའི་ཐབས་

ཉམས་པར། །ཟླ་ཕྱེད་གཅིག་གིས་སྣང་བར་འགྱུར། །རྟག་ཏུ་སྒྲ་གཅན་འགྲོ་བ་ཡི། །མཚན་མ་འདི་དག་བསྟན་པ་ཡིན། །ཟླ་བ་ཉི་མའི་དཀྱིལ་འཁོར་གྱིས། །ཕྱོགས་ནི་གང་ནས་ཟིན་གྱུར་པ། །དེ་དང་དེ་ཡི་ཕྱོགས་དག་ཏུ། །དགེ་དང་མི་དགེ་འབྱུང་བར་འགྱུར། །

གང་ཉིད་ས་སྟེང་འགུལ་བ་ནི། །འཇིག་རྟེན་མཚན་མས་བསྟན་པ་དག །དགེ་དང་མི་དགེ་དེ་དང་དེར། །དེ་བཞིན་གཟས་ཟིན་ཤེས་པར་བྱ། །ཁུག་རྣ་སེར་བ་མཇུག་རིངས་ནི། །ཉི་མ་ལྔ་ཡི་བར་དུ་ཡོད། །དེ་འོག་འཇིག་རྟེན་སེམས་ལས་འབྱུང་། །ངོགས་ལ་སྤྱོད་ཅིང་གནས་

པ་ཡི། །ཡུལ་མི་ཐམས་ཅད་འཇིག་འགྱུར་ཞིང་། །ནད་ཀྱི་གཞི་ནི་འབྱུང་བ་ཡིན། །བྱང་ཕྱོགས་གང་གཱའི་འགྲམ་གྱི་ནི། །རྒྱལ་པོ་དག་ཀྱང་འཇིག་པར་འགྱུར། །དེ་བཞིན་ཁ་བ་ཅན་གྱི་དབུས། །བགྲོད་དཀའ་ཁྲད་ཁྲོད་ལ་གནས་དང་། །ས་ཡི་བདག་པོ་ལ་གནས་དང་། །ཁོ་ར་

ཡུག་ན་རྩེ་རྗེ་དང་། །བྱང་ཕྱོགས་གང་གཱའི་འགྲམ་དག་ན། །དེ་ཚེ་འགྲམ་སྤྱོད་བདག་པོ་དག །མྱ་ངན་གདུང་བ་དུ་མ་ཡིས། །སྐྱེ་བོའི་བདག་པོ་དེ་འཆིང་འགྱུར། །རྒྱུ་སྐར་གང་ལ་ས་འགུལ་བ། །དེ་ལ་ཁུག་རྣ་ཡང་དག་བསྟན། །ཕྱོགས་རྣམས་མ་ལུས་ཁུག་རྣ་ནི། །མི་

བཟད་འོད་ནི་སྤངས་པ་དང་། །ཉིན་ཞག་ལྔ་ཡི་བར་དུ་ཡང་། །རྟག་ཏུ་ཉིན་ཞག་མང་པོར་ནི། །ཕན་ཚུན་ཆོས་ནི་མི་མཐོང་དང་། །མི་ཡི་སྤྱོད་ཡུལ་མཐོང་བ་མིན། །མི་རྣམས་དག་ནི་ཕན་ཚུན་དུ། །དེར་ནི་མཐོང་བར་འགྱུར་མ་ཡིན། །དེར་ནི་འཇིག་ཆེན་འབྱུང་བར་ཤེས། །རྒྱལ་

เล่ม ๘๘ · หน้า 220a

པོ་ཡུལ་འཁོར་བཅས་ཏེ་འཇིག །སྐར་མདའ་འཁོར་ཡུག་དག་ཏུ་ནི། །གང་དག་ལས་ཀྱིས་བྱུང་གྱུར་པ། །ཕྱོགས་ཀྱི་མཐར་ནི་རབ་སྣང་བ། །གཉིས་དང་གསུམ་ནི་མི་བཟད་ཡིན། །མཚན་མོ་དབང་པོའི་གཞུ་ཉིད་དང་། །བྱ་རོག་གལ་ཏེ་འདབ་མ་དཀར། །

དཀར་བའམ་ཡང་ན་ཁ་དོག་ནག །ཡང་ན་དཀར་དང་ནག་པར་མཐོང་། །ཕྱིན་ལོག་འདབ་ཆགས་ཁ་དོག་དང་། །ཕྱིན་ཅི་ལོག་གི་དུས་སྒྲ་དང་། །ཕྱིན་ཅི་ལོག་གི་བྱ་རྣམས་ཡོད། །གང་དུ་དེར་ནི་འཇིགས་ཆེན་འབྱུང་། །རྐང་གཉིས་རྐང་པ་བཞི་ཉིད་དང་། །རྐང་མེད་དང་

ནི་རྐང་མང་དང་། །འདབ་ཆགས་དུད་འགྲོ་སྲོག་ཆགས་རྣམས། །ཕྱིན་ཅི་ལོག་འགྱུར་འཇིགས་ཆེན་བྱུང་། །ཁྱི་ནི་གྱེན་དུ་གདོང་བལྟས་ཏེ། །ཡང་དང་ཡང་དུ་ཟུགས་གྱུར་པ། །ཉིན་པར་རམ་ནི་མཚན་མོ་རུ། །གང་དུ་དེར་ནི་འཇིགས་ཆེན་འབྱུང་། །དེ་ལྟར་རྣམ་པ་དུ་མ་

དང་། །རྣམ་མང་གང་དུ་རབ་བརྟགས་པ། །དེར་ནི་ཆར་མི་འབབ་པར་འགྱུར། །རྒྱལ་པོའི་ཚོགས་ཀྱང་རྣམ་པར་འཇིག །ཇི་ལྟར་སྐྱེ་བའི་སྐར་མ་ནི། །དགེ་དང་མི་དགེའི་སྲོག་ཆགས་ཡིན། །དེ་བཞིན་མཚན་མ་གང་སྐྱེས་པ། །དགེ་དང་མི་དགེ་བྱེད་པ་ཡིན། །

སྔོན་གྱི་རྒྱུ་ནི་མ་ཡིན་པ། །རྒྱུ་མཚན་ཅུང་ཟད་མི་མཐོང་སྟེ། །རྒྱུ་མེད་རབ་ཏུ་འཇུག་བྱེད་པའི། །བགེགས་འབྱུང་བ་ནི་ཡོད་མ་ཡིན། །འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། སྐར་

མའི་དཔྱད་ཀྱི་རྒྱུ་མཚན་ཤེས་པའི་ལེའུ་རབ་འབྱམ་ལས་བཅྭ་བརྒྱད་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གཞན་ཡང་གཟའ་དང་རྒྱུ་སྐར་དང་སྐར་མ་དང་སྐར་མཁན་གྱི་ཚོགས་རྣམས་ལ་བཀའ་སྩལ་པ། ཀྱེ་ཀྱེ་གཟའ་དང་རྒྱུ་སྐར་ཀྱི་ཚོགས་རྣམས་ཁྱེད་ཅག་ཐམས་

ཅད་ཉོན་ཅིག །འཇམ་དཔལ་གཞོན་ནུར་གྱུར་པའི་ཆོ་གའི་རྒྱལ་པོ་འདི་ལས་འདའ་བར་མ་བྱེད་ཅིག །སྔགས་དང་། རྒྱུད་དང་། དབང་བསྐུར་བ་དང་། དཀྱིལ་འཁོར་དང་། ཆོ་ག་རྣམས་དང་། བཟླས་པ་དང་། ངེས་པར་སྡོམ་པ་དང་། རིག་པ་སྒྲུབ་པ་ལ་འཇུག་པ་དང་།

เล่ม ๘๘ · หน้า 220b

རིག་པ་འཛིན་པ་རྣམས་ཀྱི་ཆོ་ག་དང་། རྒྱུ་སྐར་ཀྱི་སྤྱོད་པ་དང་། རྩིས་མངོན་པར་ཤེས་པ་རྣམས་ཀྱི་ཆོ་གའི་རྒྱལ་པོ་དེ་ལ་ཁྱེད་ཅག་རྣམས་ཀྱིས་དེར་བགེགས་མ་བྱེད་ཅིག །བསྟན་པ་ལ་རབ་ཏུ་ཞུགས་པ་རྣམས་ལ་ལྷའི་ཚོགས་ཐམས་ཅད་ཀྱིས་ཀྱང་དེ་ལ་སྲུང་བགྱིས་ཤིག །

སེམས་ཅན་མ་རུངས་པ་ཐམས་ཅད་ཀྱང་དགག་པར་གྱིས་ཤིག །བསྟན་པར་གྱིས་ཤིག །ཐམས་ཅད་ཀྱི་ཐམས་ཅད་དུ་གསོད་པར་མ་བྱེད་ཅིག །སྟོབས་བཅུ་དང་ལྡན་པ་རྣམས་ཀྱི་བསྟན་པ་ལ་རྣམ་པར་གཞག་པར་གྱིས་ཤིག །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་

པས་སེམས་ཅན་ཐམས་ཅད་ཀྱི་མ་རུངས་པ་ཐམས་ཅད་བཟློག་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་མངོན་པར་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྙོམས་པར་ཞུགས་མ་ཐག་ཏུ། ཕྱོགས་

བཅུའི་འཇིག་རྟེན་གྱི་ཁམས་ན་རྣམ་པར་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་གནས་གཙང་མའི་གཞལ་མེད་ཁང་ན་བཞུགས་པ་ལ་རྣམ་པར་བལྟ་བའི་ཕྱིར་ཉེ་བར་ལྷགས་པར་གྱུར་ཏོ། །བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཉེ་བར་

ལྷགས་པ་རང་རང་གི་བྱིན་གྱིས་བརླབས་ཀྱིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་བོས་ཏེ། གསུངས་ཤིག་གསུངས་ཤིག་དཔའ་བོ་ཆེ། །འཇིག་རྟེན་རྣམས་ལའང་ཕན་པའི་ཕྱིར། །སྔགས་རྒྱུད་ཆོ་ག་ཇི་ལྟ་བར། །སྔགས་རྣམས་ཀུན་ལ་རབ་འཇུག་ཕྱིར། །རིག་པའི་

རྒྱལ་པོ་རྫུ་འཕྲུལ་ཆེ། །སངས་རྒྱས་ཀུན་གྱིས་གསུངས་པ་ཡི། །གཙོ་མཆོག་ཡི་གེ་གཅིག་པ་ནི། །དུས་ཉམས་རྩོད་པའི་དུས་དག་ཏུ། །སྔགས་རྣམས་ཀུན་གྱི་རབ་མཆོག་ནི། །སངས་རྒྱས་ཀུན་གྱིས་གསུངས་པ་ཡིན། །གཙུག་ཏོར་རྒྱལ་པོ་སྟོབས་པོ་ཆེ། །

འབྱུང་པོ་ཀུན་ནི་ཟློག་པར་བྱེད། །གཟའ་དང་རྒྱུ་སྐར་མ་མོ་རྣམས། །མ་རུངས་སེམས་ལྡན་འགོག་པར་བྱེད། །འཇིག་རྟེན་བགེགས་རྣམས་ཇི་སྙེད་དང་། །དེ་བཞིན་གཞན་ཡང་གདུག་སེམས་ལྡན། །སེམས་ཅན་རྣམས་ནི་རྗེས་གཟུང་དང་། །ཟློས་པ་རྣམས་ནི་བདེ་བྱའི་

เล่ม ๘๘ · หน้า 221a

ཕྱིར། །བསྟན་པ་འདི་ལ་ཆོ་ག་མཆོག །སྟོབས་ཆེན་འཁོར་ལོས་སྒྱུར་བ་ཡིན། །གཙུག་ཏོར་རྒྱལ་པོ་མཐུ་བོ་ཆེ། །ཀུན་ལ་དབང་ཕྱུག་དམ་པ་ནི། །གང་གི་དུས་ནི་འདི་ཡིན་པ། །དེ་བཞིན་གཤེགས་པ་ཁྱོད་ཀྱིས་གསུངས། །དེ་སྐད་གསུངས་

ནས་སངས་རྒྱས་རྣམས། །མི་གསུང་བར་ནི་བཞུགས་པར་གྱུར། །དེ་ནས་སངས་རྒྱས་འདུས་པ་དེ་རྣམས་ཀྱིས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་སྣོད་ཀྱི་འཇིག་རྟེན་རྣམས་གཅིག་ཏུ་འབར་བར་གྱུར་ལ། སངས་རྒྱས་

ཀྱིས་བྱིན་གྱིས་བརླབས་ཀྱིས་སེམས་ཅན་གཅིག་ལ་ཡང་གནོད་པར་མ་གྱུར་ཏེ། སྣང་བ་ཆེན་པོ་ཡང་དག་པར་སྣང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཐམས་ཅད་དང་ལྡན་པའི་གནས་གཙང་མའི་གཞལ་མེད་ཁང་ལ་གཟིགས་ཏེ། བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་དེ་དག་དང་དེ་ན་གནས་པའི་ལྷའི་བུ་རྣམས་དང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་བཅོམ་ལྡན་འདས་དང་འཁོར་ཆེན་པོ་འདུས་པ་ལ་བཀའ་སྩལ་པ། སངས་རྒྱས་བཅོམ་ལྡན་འདས་དང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་བྱང་ཆུབ་སེམས་

དཔའ་རྣམས་དགོངས་སུ་གསོལ། ཡི་གེ་གཅིག་པ་འདི་ནི་རིག་པའི་འཁོར་ལོས་སྒྱུར་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་གོང་ནས་གོང་དུ་གནས་པ་བསྟན་པ་ཐོགས་པ་མེད་པ། དཔག་ཏུ་མེད་པའི་སྟོབས་དང་ཕ་རོལ་གནོན་པ། བཅོམ་ལྡན་འདས་གཙུག་ཏོར་

གྱི་རྒྱལ་པོ་འཁོར་ལོས་སྒྱུར་བའི་ཆོ་ག་ཡང་ངས་བཤད་པར་བྱའོ། །བསྟན་པ་ནུབ་པའི་དུས་སུ་རྩོད་པའི་དུས་འདི་ལ་བཅོམ་ལྡན་འདས་གཙུག་ཏོར་འཁོར་ལོས་སྒྱུར་བ་དེ་བསྟན་པ་འདི་ལ་སྲུང་བ་གཅིག་པུར་འགྱུར་ཞིང་དུས་ཐམས་ཅད་དུ་གྲུབ་པར་ཡང་འགྲོ་སྟེ། སངས་རྒྱས་ཐམས་

ཅད་ཀྱི་བསྟན་པ་ནུབ་པའི་དུས་ཚོད་ལ་འདི་ཉིད་སངས་རྒྱས་བཅོམ་ལྡན་འདས་ཡིན་ཏེ། བསྟན་པའི་དོན་བྱེད་པར་འགྱུར་རོ། །ཡི་གེ་གཅིག་པོ་འདི་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་མཛོད་འདུས་པར་འགྱུར་རོ། །ཀྱེ་ལྷའི་ཚོགས་དང་སེམས་ཅན་ཐམས་

เล่ม ๘๘ · หน้า 221b

ཅད་ཉོན་ཅིག །བྷྲཱུཾ། བཅོམ་ལྡན་འདི་ནི་ཐམས་ཅད་མཁྱེན། །སངས་རྒྱས་སྔགས་གཟུགས་རྣམ་པར་གནས། །སྟོན་པ་ཐུགས་རྗེ་ཆེ་དང་ལྡན། །སེམས་ཅན་ཀུན་ལ་རྣམ་པར་སྤྱོད། །སྔགས་རྣམས་བདག་པོ་དཔལ་དང་ལྡན། །གཙུག་ཏོར་ལས་བྱུང་བསྟན་པ་

ཡིན། །སྙིང་རྗེ་དབང་ལ་བརྟེན་ནས་ནི། །འདི་ནི་ཡི་གེ་གཅིག་ཏུ་གནས། །ཆོས་ཀྱི་དབྱིངས་ལ་བརྟེན་ནས་ནི། །འདི་ནི་སྣ་ཚོགས་གཟུགས་ལ་གནས། །ཇི་ལྟར་སངས་རྒྱས་སྐུ་རྣམས་ནི། །སྐྱེ་བོ་རྣམས་ལ་སྐུ་གདུང་གྱུར། །འཇིག་རྟེན་གྱིས་མཆོད་ཟང་ཟིང་

བཅས། །ཟང་ཟིང་མེད་པའང་ཁྱད་པར་དུ། །དམ་ཆོས་སྐུ་གདུང་དག་ཏུ་བསྟན། །འཇིག་རྟེན་ཟང་ཟིང་མེད་པའི་རྒྱུ། །སྐུ་ནི་ཟང་ཟིང་བཅས་པར་གསུངས། །ཐུབ་པའི་ཟླ་བ་ཟག་པ་མེད། །ཟང་ཟིང་བཅས་དང་ཟང་ཟིང་མེད། །འཇིག་རྟེན་རྒྱུར་ནི་གསུངས་

པ་ཡིན། །ཆོས་ཀྱི་དབྱིངས་ལ་བརྟེན་ནས་ནི། །ཐུགས་རྗེའི་དབང་གིས་སེམས་ཅན་ལ། །འཇིག་རྟེན་མགོན་པོ་འོད་བྱེད་པ། །སྔགས་ཀྱི་ཚུལ་གྱིས་བཞུགས་པ་ཡིན། །སྣ་ཚོགས་གཟུགས་ཅན་ཐམས་ཅད་མཁྱེན། །ས་སྟེང་འདི་ལ་སྣང་བ་ཡིན། །སེམས་ཅན་རྣམས་

ཀྱིས་སྔགས་སྒྲུབ་པ། །སངས་རྒྱས་རྣམས་ཀྱིས་གསུངས་པ་ཡིན། །སྔགས་འདི་ཡོངས་སུ་མདོར་བསྡུ་ན། །རང་གིས་ཆོ་གས་འདིར་བཟླས་ན། །སྔགས་རྣམས་ཇི་ལྟར་འདོད་པ་བཞིན། །རྟག་ཏུ་འབྲས་བཅས་བྱེད་པར་འགྱུར། །འདི་ཡི་ཆོ་ག་མདོར་བསྡུས་ནས། །

དུས་སུ་ཡང་ནི་བཤད་པར་བྱ། །དུས་མཐར་ཐུབ་མཆོག་འཇིག་རྟེན་དུ། །དེ་བཞིན་གཤེགས་པ་ནུབ་པ་ན། །དེ་ཡི་དུས་སུ་ཆོ་ག་འགྲུབ། །སྔགས་འགྲུབ་པར་ནི་གསུངས་པ་ཡིན། །དེ་ནས་བཅོམ་ལྡན་འདས་འཁོར་ལོས་སྒྱུར་བ་དེ་བཞིན་གཤེགས་པའི་གཙུག་ཏོར་

གཞན་གྱི་ལས་ཀྱིས་སྦྱོར་བ་རྣམ་པར་འཇིག་པར་བྱེད་པ། མ་རྒྱལ་བ་ལས་རྒྱལ་བ། སྔགས་ཐམས་ཅད་ཀྱི་བདག་པོ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དོན་དུ་གཉེར་བ་གཙུག་ཏོར་འཁོར་ལོས་སྒྱུར་བའི་ཆོ་ག་ཡི་གེ་གཅིག་པ་སྔར་རྒྱ་ཆེར་བསྟན་ནས། ཡང་མདོར་ན་རེ་

เล่ม ๘๘ · หน้า 222a

ཞིག་དང་པོ་བཟླས་པས་གང་དུ་གནས་པ་ལས། དཔག་ཚད་ལྔའི་ནང་ནས་མ་རུངས་པའི་གདོན་ཐམས་ཅད་འབྱེར་བར་འགྱུར་རོ། །གྲུབ་པ་ཐམས་ཅད་ཀྱང་ནུས་པ་མེད་པར་འགྱུར་ཞིང་ལྷ་ཐམས་ཅད་ཀྱི་ནུས་པ་དང་བྲལ་བར་འགྱུར་རོ། །སྒྲུབ་པ་པོའི་

འདོད་པ་མ་གཏོགས་པར་ལྷ་ཐམས་ཅད་ཀྱང་གནས་པར་མི་འགྱུར་རོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྒྲུབ་པ་པོ་གཞན་རྣམས་ཀྱིས་གྲུབ་པ་འཕྲོག་པར་བྱེད་ཅིང་། གཞན་གྱི་སྦྱོར་བས་གསང་སྔགས་བཅད་པ་དང་བཅོམ་པ་དང་ཕུར་བུས་བཏབ་པའང་ཐར་བར་

བྱེད་དོ། །བདག་གིས་གཞན་གྱི་རིག་སྔགས་གཅོད་པར་འདོད་ན། རྩྭ་ཀུ་ཤ་སྔོན་པོ་ཆང་པ་གང་བླངས་ལ། ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པ་བྱས་ནས་མཚོན་གྱིས་བཅད་ན། རིག་པ་གང་གི་ཕྱིར་དམིགས་ཏེ་བཅད་པ་དེ་གཅོད་པར་འགྱུར་རོ། །གཟུགས་

བརྙན་བྱས་ཏེ་འདིས་སེང་ལྡེང་གི་ཕུར་པས་སྙིང་ལ་བཏབ་ན་གནད་ལ་བབ་པར་འགྱུར་རོ། །ལེ་བརྒན་དུ་བཙོས་པའི་སྐུད་པ་ལ་ལན་བདུན་བཟླས་བརྗོད་བྱས་ཏེ། མདུད་པ་བོར་ན་བཅིང་བར་འགྱུར་རོ། །ཁམ་ཕོར་ཁ་སྦྱར་གྱི་ནང་དུ་བརྒྱ་རྩ་བརྒྱད་བཟླས་ཏེ་ཁ་བཀབ་པ་བྱས་ན་རེངས་

པར་འགྱུར་རོ། །མཚོན་ཆས་སྙིང་དུམ་བུ་གཉིས་སུ་བྱས་ན་གཉིས་སུ་གས་པར་འགྱུར་རོ། །སྐེ་ཚེ་ལ་དུག་དང་ཁྲག་གིས་བཏགས་པས་བསྐུ་བ་བྱས་ན་འཆི་བར་འགྱུར་རོ། །ཀ་ར་བཱི་རའི་ལྕུག་མས་ཀུན་ཏུ་བརྡེག་ན་གནོད་པར་འགྱུར་རོ། །གཞན་གྱི་རིག་པ་ཐམས་ཅད་ལ་

མངོན་སྤྱོད་བྱ་བ་ནི་ཅི་དགར་བྱར་རུང་ངོ་། །སྔར་གསུངས་པའི་ལས་ཐམས་ཅད་ལ་འོ་མས་ཁྲུས་བྱས་ནས་སྦྱིན་སྲེག་བྱས་ན་ཞི་བར་འགྱུར་རོ། །མར་གྱི་སྦྱིན་སྲེག་གིས་ནི་ཐམས་ཅད་ཞི་བར་འགྱུར་ཞིང་ཉམས་རྟས་པ་བྱས་པར་ཡང་འགྱུར་རོ། །ཁུ་ཚུར་བཅིངས་པས་སྔགས་ཐམས་

ཅད་རེངས་པར་འགྱུར་རོ། །ཡིད་ཀྱིས་ནི་དགྲོལ་བར་བསམས་པས་བཀྲོལ་བར་འགྱུར་རོ། །སྔགས་སྒྲུབ་པར་འདོད་པས་ཀྱང་འདི་ཉིད་ཀྱིས་བཅིང་བ་བྱས་ཏེ་བསྒྲུབ་པར་བྱའོ། །ཆོ་ག་གང་སྒྲུབ་པར་འདོད་པས་ཀྱང་དེ་ཉིད་འདིས་བསྒྲུབ་པར་བྱའོ། སྔགས་སྒྲུབ་པ་དང་འདི་ཉིད་ཀྱི་

เล่ม ๘๘ · หน้า 222b

སྔགས་ཀྱིས་སྤྱན་དྲང་བ་བྱ་བ་དང་ཡང་སླར་གཤེགས་སུ་གསོལ་བ་བྱ་བ་ཡིན་ནོ། །གང་འདི་ཉིད་ཀྱིས་སྲུང་བར་བྱེད་པ་ཐུབ་པར་དཀའ་བར་འགྱུར་རོ། །གང་གིས་སྔགས་འདི་མ་གྲུབ་བམ་ལན་མ་ཐོབ་ན་འདི་ཉིད་དང་ལྷན་ཅིག་ཏུ་བཟླས་བརྗོད་བྱས་ན། མྱུར་དུ་འགྲུབ་

བམ་ལན་ཐོབ་ཅིང་། གལ་ཏེ་མ་གྲུབ་བམ་ལན་མ་བྱིན་ན་དེ་རིང་པོར་མི་ཐོགས་པ་ཉིད་དུ་འཇིག་པར་འགྱུར་རོ། །སྔགས་གང་ལ་དམིགས་ཏེ་ཞོ་དང་སྦྲང་རྩི་དང་མར་གྱིས་ཏིལ་ལ་བཏགས་ཏེ་བརྒྱ་རྩ་བརྒྱད་སྦྱིན་སྲེག་དུས་གསུམ་དུ་ཞག་བདུན་བྱས་པ་དེ་འདིའི་དབང་དུ་འགྱུར་ཞིང་།

གང་བརྗོད་པ་དེའི་ལས་བྱེད་པར་འགྱུར་བའམ་ལན་ཐོབ་པར་འགྱུར་རོ། །ལྷ་དབང་དུ་བྱ་བར་འདོད་ན་ཐང་ཤིང་གི་ཡམ་ཤིང་གི་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱས་ན་ཞག་བདུན་གྱིས་དབང་དུ་འགྱུར་རོ། །ཀླུ་དབང་དུ་བྱ་བར་འདོད་ན་མངར་གསུམ་གྱི་སྦྱིན་སྲེག་བྱའོ། །དྲི་ཟ་དང་དྲི་ཟ་མོ་

ཐམས་ཅད་དབང་དུ་བྱ་བར་འདོད་ན་ཤིང་མྱ་ངན་མེད་པ་དང་པྲི་ཡང་ཀུའི་ཡམ་ཤིང་ངམ་མེ་ཏོག་གི་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །གནོད་སྦྱིན་མོ་དང་ཀླུ་མོའི་གདོན་རྣམས་ལ་ནི་སྐེ་ཚེས་བྱའོ། །རྒྱལ་པོ་རྣམས་ལ་ནི་ཡུངས་དཀར་གྱི་བྱའོ། །བྲམ་ཟེ་རྣམས་ལ་ནི་མེ་ཏོག་གི་

སྦྱིན་སྲེག་བྱའོ། །རྗེའུ་རིགས་ལ་ནི་ཞོ་དང་འོ་མ་དང་མར་གྱི་བྱའོ། །དམངས་རིགས་ལ་ནི་ཕུབ་མའི་རྡུལ་གྱི་བྱའོ། །བུད་མེད་ལ་ནི་ལན་ཚྭའི་སྦྱིན་སྲེག་བྱའོ། །གདོལ་པ་ལ་ནི་མོན་སྲན་གྲེའུ་དང་ཛམ་བུ་ལི་ཀའི་སྦྱིན་སྲེག་བྱའོ། །བུ་མོ་གཞོན་ནུ་མ་ལ་ནི་འབྲས་ཡོས་ཀྱི་

སྦྱིན་སྲེག་བྱའོ། །སེམས་ཅན་ཐམས་ཅད་ལ་ནི་མར་དང་ཏིལ་གྱི་སྦྱིན་སྲེག་བྱས་ན་དབང་དུ་བྱེད་དོ། །ཐམས་ཅད་དུ་ཡང་དུས་གསུམ་དུ་ཞག་བདུན་དུ་བྱའོ་ཞེས་གསུངས་ནས། རྒྱལ་བའི་མཆོག་ཅང་མི་གསུང་བར་གྱུར་ཏོ། །ཐུབ་མཆོག་བདུན་པས་སྔགས་འདི་ནི། །དེ་ཚེ་

ལྷ་ཡི་ཚོགས་ལ་གསུངས། །འཇིག་རྟེན་ཆོས་ཤེས་གྲོལ་བ་དང་། །དེ་ཚེ་དེ་ནི་ཆགས་བྲལ་ཟློས། །དེ་ཚེ་ཐུབ་པ་མཆོག་གིས་ནི། །སངས་རྒྱས་སྲས་པོ་ཐུ་བོ་ལྷ། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། །འཇམ་དཔལ་ལ་ནི་དེ་ཚེ་གསུང་། །ལྷ་ཡི་ལྷ་ནི་བློ་ལྡན་པ། །

เล่ม ๘๘ · หน้า 223a

མགོན་པོ་འཁོར་ལོའི་བདག་པོ་ཡི། །ཆོ་ག་འདི་ནི་རྒྱ་ཆེ་བས། །གང་གི་བསྐལ་པའི་ཚད་དུ་ཡང་། །རྒྱལ་བས་ཀྱང་ནི་བཤད་མི་ནུས། །མི་རྣམས་ལ་ནི་ཕན་པའི་ཕྱིར། །ཆོ་ག་ཡི་ནི་ཕྱོགས་གཅིག་ཙམ། །མདོར་བསྡུས་ནས་ནི་བཤད་པ་ཡིན། །

དེ་ཚེ་དེ་སྐད་གསུངས་ནས་ནི། །དཔལ་ལྡན་འཇམ་དབྱངས་རྫུ་འཕྲུལ་ཆེ། །གཙང་མའི་གནས་ཀྱི་སྟེང་བཞུགས་པའི། །སངས་རྒྱས་དེ་ལ་སྐུལ་བར་བྱེད། །གསུངས་ཤིག་གསུངས་ཤིག་དཔའ་བོ་ཆེ། །རྐང་གཉིས་དམ་པ་རྫོགས་སངས་རྒྱས། །དུས་མཐའ་འཇིགས་

པའི་དུས་སུ་ནི། །མི་རྣམས་བདེ་བ་སྐྱེད་པའི་ཕྱིར། །མཐུ་ཆེན་སྔགས་ཀྱི་རྒྱལ་པོ་སྟེ། །གཟི་བརྗིད་ཆེན་པོ་འདི་ཡིས་ནི། །རས་རིས་ཇི་ལྟར་གྲུབ་པར་འགྱུར། །མྱུར་དུ་རས་རིས་འགྲུབ་པར་གསུངས། །འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་བྱང་ཆུབ་

སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། ཡི་གེ་གཅིག་པ་འཁོར་ལོས་སྒྱུར་བ་འབྱུང་བའི་ལེའུ་རབ་འབྱམ་ལས་བཅུ་དགུ་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གནས་གཙང་མའི་གཞལ་མེད་ཁང་ལ་

གཟིགས་ནས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་ཉོན་ཅིག །མདོར་ན་ཡི་གེ་གཅིག་པ་འཁོར་ལོས་སྒྱུར་བ་རྫུ་འཕྲུལ་ཆེན་པོའི་རས་རིས་ཀྱི་ཆོ་གར་འགྱུར་བ་རྒྱ་ཆེ་བ་ནི་སྔར་བསྟན་ཏོ། །དེ་ནི་དུས་ཀྱི་ཐ་མའི་དུས་སུ་སེམས་ཅན་རྣམས་བརྩོན་

འགྲུས་ཆུང་བར་འགྱུར་ཞིང་། ཤེས་རབ་ཆུང་བ་དང་། ཡིད་གཞུངས་པ་དམན་པའི་ཕྱིར་རས་རིས་ཀྱི་ཚད་རྒྱ་ཆེ་བའི་སྦྱོར་བ་སྒྲུབ་པ་ཉམས་པར་འགྱུར་བས། སེམས་ཅན་རྣམས་ལ་ཕན་པར་འདོད་པས་ཟློས་པ་པོས་ཇི་ལྟར་དངོས་གྲུབ་མཆོག་ཐོབ་པར་འགྱུར་བ་དེ་ལྟར་ངས་མདོར་བཤད་པར་

བྱ་སྟེ། སྒྲུབ་པ་མཆོག་བྱེད་པར་འདོད་པས་རས་མ་ཉམས་པ་ཁ་ཚར་མ་བཅད་པ་སྐྲ་དང་བྲལ་བ་དག་ལ་ཚོན་མ་འདྲེས་པ་དག་གིས་བཅོམ་ལྡན་འདས་འདྲིར་གཞུག་པར་བྱ་སྟེ། ཆོས་ཀྱི་རྒྱལ་པོ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་འཇིག་རྟེན་ཐམས་ཅད་ཀྱི་བདག་པོ་སྐྱེས་བུ་དམ་པ་རྐང་གཉིས་

เล่ม ๘๘ · หน้า 223b

རྣམས་ཀྱི་མཆོག །དེ་བཞིན་གཤེགས་པ་རིན་ཆེན་ཏོག་ཅེས་བྱ་བ་རྒྱལ་བའི་མཆོག་ཆོས་འཆད་པ་ཀུན་ནས་འབར་བའི་འོད་ཀྱི་དཀྱིལ་འཁོར་དང་ལྡན་པའོ། །འོག་ཏུ་ནི་ཚངས་པ་དང་འཕགས་པ་ཕྱག་ན་རྡོ་རྗེ། སྟེང་དུ་ནི་ཕྲེང་བ་འཛིན་པའི་ལྷའི་བུ་གཉིས་འོག་ཏུ་སྒྲུབ་པ་པོ་

དེའི་མདུན་དུ་དུས་གསུམ་དུ་ཨ་ག་རུ་སྲེག་ཅིང་འབུམ་ཕྲག་བཅུ་བཟླས་པ་བྱའོ། །དེ་ནས་ལས་སུ་བྱ་བ་ནི་དང་པོ་འཁོར་ལོའི་སྒྲུབ་པ་བྱེད་པར་འདོད་ན། ལྕགས་བཟང་པོའི་རང་བཞིན་ལས་རྩིབས་བཅུ་གཉིས་པའི་འཁོར་ལོ་བྱས་ཏེ། ཆོ་འཕྲུལ་གྱི་ཟླ་ཕྱེད་ལ་བཅོམ་ལྡན་

འདས་ཀྱི་སྤྱན་སྔར་དུས་གསུམ་དུ་ཨ་ག་རུའི་དུད་པས་བདུག་ཅིང་འབུམ་ཕྲག་བཅུ་བཟླས་པ་བྱའོ། །ཐ་མར་ཟླ་བ་ཉ་བ་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་ལག་པས་བཟུང་སྟེ། ཇི་སྲིད་རབ་ཏུ་འབར་བའི་བར་དུ་བཟླས་པ་བྱའོ། །དེ་བཟུང་ན་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བར་

འགྱུར་རོ། །གང་གིས་མཐོང་བ་དེ་དང་ལྷན་ཅིག་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །དེ་ནས་གདུགས་བསྒྲུབ་པར་འདོད་ན། གདུགས་ཁ་དོག་སྣ་ཚོགས་པ་སར་པ་བྱས་ལ་གསེར་གྱི་འཁོར་ལོས་མཚན་པ་ཀ་ཤི་ཀའི་གོས་འཕྱང་བ། དེ་ཉིད་ཀྱི་ཆོ་གས་མགོ་ལ་

གདུགས་བཟུང་བར་བྱས་ཏེ། བཟླས་པ་བྱས་ན་རིག་པ་རང་ཉིད་ཉེ་བར་བཞུགས་པར་འགྱུར་རོ། །འདི་ཉིད་ཀྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་དུས་གསུམ་དུ་ཨ་ག་རུའི་དུད་པས་བདུགས་ཏེ། འབུམ་ཕྲག་བཅུ་བཟླས་པ་བྱས་ལ། ཐ་མར་ཟླ་བ་ཉ་བ་ལ་མཆོད་པ་རྒྱ་ཆེན་

པོ་བྱས་ནས་ལག་པས་བཟུང་སྟེ། ཇི་སྲིད་དུ་རབ་ཏུ་འབར་བའི་བར་དུ་བཟླས་པ་བྱའོ། །དེ་ཐོགས་ན་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བར་འགྱུར་རོ། །ཟླ་བ་རེ་རེ་ཞིང་ཟླ་བ་ཉ་བ་དང་ཆོ་འཕྲུལ་གྱི་ཟླ་བ་ཕྱེད་ལྔའི་བར་གྱིས་འགྲུབ་པར་འགྱུར་རོ། །འདི་གྲུབ་པ་

ཙམ་གྱིས་ཆོས་ཐམས་ཅད་མངོན་སུམ་དུ་འགྱུར་རོ། །མངོན་པར་ཤེས་པ་ཐམས་ཅད་རབ་ཏུ་ཐོབ་པར་འགྱུར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མངོན་པར་དགྱེས་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་རྗེས་སུ་བསྔགས་པ་

เล่ม ๘๘ · หน้า 224a

འགྲུབ་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་གཞན་དག་གི་འཁོར་ལོས་སྒྱུར་བ་སྟོང་གི་གཡོག་འཁོར་དང་ལྡན་པར་འགྱུར་རོ། །དེ་ནས་གཙུག་ཏོར་འཁོར་ལོས་སྒྱུར་བ་བསྒྲུབ་པར་འདོད་ན། གསེར་དང་། དངུལ་དང་། ཟངས་མ་དང་། ནོར་བུའི་

རང་བཞིན་གྱི་དབྱུག་པ་ཁྲུ་གང་ཙམ་བྱས་ལ་ཇི་སྲིད་རབ་ཏུ་འབར་བའི་བར་དུ་བཟླས་པ་བྱས་ནས་དེ་བླང་ན་ནམ་མཁའ་ལ་འགྲོ་སྟེ། ཐམས་ཅད་ལ་ཆོས་སྟོན་པར་འགྱུར་རོ། །བསྐལ་པ་ཆེན་པོར་འཚོ་བར་འགྱུར་རོ། །ཅི་སྟེ་བུམ་པ་བཟང་པོ་བསྒྲུབ་པར་འདོད་ན། གསེར་གྱི་བུམ་

པ་བཟང་པོ་བྱས་ལ་འབྲུ་ཐམས་ཅད་དང་རིན་པོ་ཆེ་དང་སྨན་གྱིས་ཡོངས་སུ་བཀང་ལ། རས་དཀར་པོས་བཅིངས་ཏེ་དེ་ལ་སྔགས་འདིས་བསྒྲུབ་པར་བྱ་སྟེ། ཆོ་འཕྲུལ་གྱི་ཟླ་ཕྱེད་གཅིག་ལ་བརྩམས་ན་གཉིས་པ་ལ་འགྲུབ་པར་འགྱུར་རོ། །དེ་ལ་ལག་པ་རབ་ཏུ་བཅུག་ན་ཅི་འདོད་

པ་དེ་ཐོབ་ཅིང་མི་ཟད་པར་ཡང་འགྱུར་རོ། །ཇི་སྟེ་ནོར་བུ་རིན་པོ་ཆེ་བསྒྲུབ་པར་འདོད་ན་གསེར་གྱི་དབྱུག་པའམ། ནོར་བུ་བཟང་པོ་དང་ཤེལ་གྱི་ནོར་བུ་བྱས་ཏེ། གོས་འཕྱང་བར་བྱས་ལ་ཆོ་ག་འདི་ཉིད་ཀྱིས་བསྒྲུབས་ན་གང་བསམས་པ་དེ་ཐམས་ཅད་འགྲུབ་པར་འགྱུར་ཏེ། ལྷ་དང་མིའི་

ནང་དུ་ཐོགས་པ་མེད་ཅིང་སྟོབས་དང་ཕ་རོལ་གནོན་པར་འགྱུར་རོ། །ཅི་སྟེ་བཅོམ་ལྡན་འདས་ལ་བཟླས་པ་བྱེ་བ་བྱས་ན་རང་གི་ལུས་ཀྱིས་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །ལྷའི་ལུས་ཐོབ་ཅིང་བསྐལ་པ་ཆེན་པོར་འཚོ་བར་འགྱུར་རོ། །གཞན་གང་ཡང་གཙུག་ཏོར་གྱི་

རྒྱལ་པོ་གདུགས་དཀར་པོ་ལ་སོགས་པ་དེ་ཡང་འདིས་བཅོམ་ལྡན་འདས་ལ་འབུམ་ཕྲག་བཅུ་བཟླས་པ་བྱས་ན་ལས་རྣམས་བྱེད་པར་འགྱུར་རོ། །དེ་ལྟར་ཐོགས་པ་མེད་པ་དེ་བཞིན་གཤེགས་པའི་གཙུག་ཏོར་གཞན་གྱི་རྟོག་པའི་ཆོ་གས་ཇི་ལྟ་ཇི་ལྟར་རབ་ཏུ་སྦྱར་བ་དེ་ལྟ་དེ་ལྟར་རིང་པོ་མི་

ཐོགས་པར་འགྲུབ་པར་འགྱུར་རོ། །བཅོམ་ལྡན་འདས་གཙུག་ཏོར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་འབུམ་ཕྲག་བཅུ་བཟླས་ན། ཐམས་ཅད་ལ་འགྲུབ་པར་འགྱུར་བ་རིག་པ་དང་སྔགས་ཐམས་ཅད་ཀྱི་བདག་པོ་འཁོར་ལོས་སྒྱུར་བར་འགྱུར་རོ། །ཇི་སྟེ་རྡོ་རྗེ་བསྒྲུབ་པར་འདོད་ན་ཙནྡན་དམར་

เล่ม ๘๘ · หน้า 224b

པོ་ལ་རྡོ་རྗེ་རྩེ་གཅིག་པའམ་ཡང་ན་ལྕགས་བཟང་པོ་ལས་བྱས་ཏེ། བའི་རྣམ་ལྔས་བཀྲུས་ལ་ཡར་གྱི་ངོའི་བཅྭ་ལྔ་ལ་རས་རིས་ཀྱི་མདུན་དུ་མཆོད་པ་ཆེན་པོ་བྱ་ཞིང་མར་གྱི་མར་མེ་བརྒྱ་སྦར་ལ་དྲིའི་ཆུས་རྡོ་རྗེ་བཀྲུས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་

ཉིད་ཕུལ་ནས། གཙུག་ཏོར་གྱི་རྒྱལ་པོའི་འཁོར་རམ་གཟི་བརྗིད་ཕུང་པོའམ། གཙུག་ཏོར་གདུགས་དཀར་པོའི་སྔགས་འདིས་བསྲུང་བ་བྱས་ལ། དཀྱིལ་འཁོར་གྱི་ནང་དུ་གྲོགས་ལ་ཡང་བསྲུང་བ་བྱས་ནས་རྡོ་རྗེ་ལག་པ་གཡས་པས་བླངས་ཏེ། ཐུན་དང་པོ་འདས་ཤིང་ཐུན་

གཉིས་པ་ལ་ཉེ་བར་འདུག་སྟེ། སེམས་རྩེ་གཅིག་པས་ཇི་སྲིད་རབ་ཏུ་འབར་བའི་བར་དུ་བཟླས་པ་བྱའོ། །སྐབས་འདིར་རིག་པ་འཛིན་པ་ལྷ་དང་ཀླུ་དང་གནོད་སྦྱིན་ཐམས་ཅད་འདུས་ཏེ། རིག་པ་འཛིན་པའི་རྒྱལ་པོ་ཐམས་ཅད་ཀྱང་འོང་བར་འགྱུར་རོ། །དེ་དག་རིག་པ་

འཛིན་པའི་བསྟོད་པ་བྱེད་ཅིང་ཁྱིམ་དུ་འགྲོ་བར་འགྱུར་རོ། །རིག་པ་འཛིན་པའི་འཁོར་ལོས་སྒྱུར་བར་འགྱུར་རོ། །ལུས་ཕྱག་ན་རྡོ་རྗེ་དང་འདྲ་ཞིང་ཕྱག་ན་རྡོ་རྗེ་དང་འདྲ་བར་མགྱོགས་པའི་མཚན་ཉིད་དུ་འགྱུར་རོ། །སྐད་ཅིག་གིས་འོག་མིན་གྱི་ལྷའི་གནས་སུ་འགྲོ་བར་འགྱུར་རོ། །

བསྐལ་པར་གནས་པར་འགྱུར་རོ། །བཅོམ་ལྡན་འདས་འཕགས་པ་བྱམས་པ་མཐོང་ཞིང་ཆོས་ཉན་པར་འགྱུར་རོ། །ཤི་ནས་གང་དུ་འདོད་པ་དེར་སྐྱེ་བར་འགྱུར་རོ། །གལ་ཏེ་ཕྱག་ན་རྡོ་རྗེའི་ཞབས་དྲུང་དུ་ཡང་སྐྱེ་བར་འགྱུར་རོ། །ཅི་སྟེ་རལ་གྲི་བསྒྲུབ་པར་འདོད་ན་སྐྱོན་མེད་

པའི་རལ་གྲི་བླངས་ནས་ཉིན་ཞག་གཅིག་སྨྱུང་བར་བྱས་ཏེ། བཅོམ་ལྡན་འདས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་ཇི་སྲིད་དུ་རབ་ཏུ་འབར་བའི་བར་དུ་བཟླས་པ་བྱའོ། །དེ་གྲུབ་ན་གཡོག་འཁོར་དང་བཅས་པ་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །སྐྲ་རྣ་ཆ་གདུབ་ཀོར་དང་འདྲ་བར་

འཁྱིལ་བ་དང་། ལོ་བཅུ་དྲུག་པའི་ཆ་བྱད་ཅན་དང་མི་མཐུན་པའི་ཕྱོགས་མེད་ཅིང་། རིག་པ་འཛིན་པ་ཐམས་ཅད་ཀྱིས་མི་ཚུགས་པ་དང་བར་གྱི་བསྐལ་པར་འཚོ་བར་འགྱུར་རོ། །ཅི་སྟེ་ལྡོང་རོས་བསྒྲུབ་པར་འདོད་ན་དཔའ་བོའི་ཚོང་གིས་ཉོས་ཏེ། རྒྱལ་དང་ལྡན་པའི་དུས་སུ་

เล่ม ๘๘ · หน้า 225a

ཞག་གསུམ་སྨྱུང་བ་བྱས་ཏེ། དགེ་སློང་བཟང་པོའི་དགེ་འདུན་ལ་བཤོས་དྲངས་ནས་བཀའ་ལུང་སྩལ་པར་བསྐུལ་ལོ། །སྒྲུབ་པ་པོ་ལ་དེར་རྗེས་སུ་གནང་ནས་རང་གི་གནས་སུ་རབ་ཏུ་ཞུགས་ཏེ། མཆོད་པ་རྒྱ་ཆེན་པོ་བྱས་ནས་མར་གྱི་མར་མེ་སྟོང་རབ་ཏུ་སྦར་

ནས་ཞག་གསུམ་སྨྱུང་བ་བྱས་ལ། སེམས་ཅན་ཐམས་ཅད་ལ་བྱམས་པ་བསྐྱེད་ནས་བདག་ཉིད་ཕུལ་ཏེ་ལྡོང་རོས་བླངས་ནས། ཇི་སྲིད་གྲུབ་པ་རྣམ་གསུམ་ཐོབ་པ་དེ་སྲིད་དུ་བཟླས་པ་བྱས་ཏེ། དྲོ་བ་དང་དུ་བ་འཐུལ་བ་དང་འབར་བས་སྔར་གང་བསམས་པ་ཉིད་དུ་གྲུབ་པར་འགྱུར་

ཏེ། དྲོ་བར་གྱུར་པས་དཔྲལ་བར་ཐིག་ལེ་བྱས་ན། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། འབྱུང་པོ་ཐམས་ཅད་དང་། ཤ་ཟ་ལ་སོགས་པ་དང་། འཛམ་བུའི་གླིང་ན་གནས་པའི་སེམས་ཅན་བྲན་དུ་འགྱུར་ཞིང་གང་ཅུང་ཟད་ཐམས་ཅད་སྒྲུབ་པར་བྱེད་པར་འགྱུར་རོ། །ལོ་སྟོང་

གི་བར་དུ་འཚོ་བར་འགྱུར་རོ། །དུ་བ་འཐུལ་བ་ལ་ནི་དཔྲལ་བར་ཐིག་ལེ་བྱས་ན་མི་སྣང་བར་འགྱུར་ཏེ། གལ་ཏེ་འདོད་ན་ལྷ་རྣམས་ཀྱིས་ཀྱང་མི་མཐོང་བར་འགྱུར་རོ། །སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་སྣང་ཞིང་ཡང་མི་སྣང་བར་འགྱུར་རོ། །མི་སྣང་བ་ཐམས་ཅད་ཀྱི་རྒྱལ་

པོར་འགྱུར་ཞིང་ལོ་སུམ་སྟོང་གི་བར་དུ་འཚོ་བར་འགྱུར་རོ། །འབར་བས་ནི་རིག་པ་འཛིན་པར་འགྱུར་ཏེ། གཡོག་འཁོར་དང་བཅས་པ་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །རིག་པ་འཛིན་པའི་རྒྱལ་པོར་འགྱུར་ཏེ། ལྷ་གཞོན་ནུའི་ལུས་སུ་འགྱུར་ཞིང་ལྷ་ཐམས་ཅད་

ཀྱིས་ཀྱང་མི་ཐུལ་བར་འགྱུར་ན། རིག་པ་འཛིན་པ་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་ཏེ། བསྐལ་པར་ཡང་གནས་པར་འགྱུར་རོ། །དུས་བྱས་ནས་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེ་བར་འགྱུར་རོ། །ཇི་སྟེ་མདུང་རྩེ་གསུམ་བསྒྲུབ་པར་འདོད་ན་ལྕགས་བཟང་པོ་ལས་བྱས་

པའི་མདུང་རྩེ་གསུམ་པ་བྱས་ཏེ། ལོའི་བར་དུ་བཟླས་པ་བྱའོ། །དེ་ནས་བྱེ་མའི་རང་བཞིན་གྱི་མཆོད་རྟེན་ཁྲུ་གང་ཙམ་གྱི་ཚད་བྱས་ཏེ། །དེ་ལ་མཆོད་པ་ཆེན་པོ་བྱ་ཞིང་གཏོར་མ་རྒྱ་ཆེན་པོ་བཏང་ལ་ལག་པ་གཡས་པས་མདུང་རྩེ་གསུམ་པ་བླངས་ལ་སྐྱིལ་མོ་ཀྲུང་བཅས་ནས་ཇི་

เล่ม ๘๘ · หน้า 225b

སྲིད་དུ་སྤྲོས་པ་ན། འོད་ཟེར་སྟོང་བྱུང་བ་དེའི་བར་དུ་བཟླས་པ་བྱས་ན་སྐབས་འདིར་དབང་ཕྱུག་ཆེན་པོ་ལ་སོགས་པ་ལྷ་རྣམས་འབྱུང་བར་འགྱུར་རོ། །རིག་པ་འཛིན་པ་ཐམས་ཅད་མེ་ཏོག་གི་ཆར་འབེབས་པ་དང་ལྷ་ཐམས་ཅད་ཀྱང་མེ་ཏོག་གི་ཆར་རབ་ཏུ་འབེབས་པར་འགྱུར་

རོ། །དེ་ནས་དེ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་ནས། གང་དག་གིས་མཐོང་བ་དང་གང་མཐོང་བ་དེ་དང་ལྷན་ཅིག་ཏུ་ནམ་མཁའ་ལ་འགྲོ་བར་འགྱུར། རིག་པ་འཛིན་པའི་རྒྱལ་པོ་མིག་གསུམ་པར་འགྱུར་ཏེ། དབང་ཕྱུག་ཆེན་པོ་གཉིས་པ་དང་འདྲ་བའོ། །རིག་

པ་འཛིན་པ་ཐམས་ཅད་ཀྱིས་ཕྱག་བྱས་ཤིང་། བསྐལ་པ་ཆེན་པོར་གནས་པར་འགྱུར་ལ། བལྟས་པ་ཙམ་གྱིས་གདུག་པའི་སེམས་དང་ལྡན་པ་རྣམས་ལྟུང་བར་འགྱུར་རོ། །ལྷ་དང་བཅས་པའི་འཇིག་རྟེན་གང་གིས་ཀྱང་མི་ཚུགས་པར་འགྱུར་ན། རིག་པ་འཛིན་པ་

རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། ཤི་འཕོས་ནས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ཇི་སྟེ་རོ་ལངས་བསྒྲུབ་པར་འདོད་ན། ཡན་ལག་རྨ་མེད་པའི་སྐྱེས་བུའི་རོ་བླངས་ཏེ། སེང་ལྡེང་གི་ཕུར་བུ་བཞེས་བཏབ་ལ་བྲང་གི་སྟེང་དུ་རིན་པོ་ཆེའི་ཕྱེ་མས་གཏོར་ཅིང་མཆོད་ན། དེའི་

ལྕེའི་རྩེ་མོ་ལ་ནོར་བུ་རིན་པོ་ཆེ་སྣང་བར་འགྱུར་ཏེ། དེ་བླངས་ན་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བར་འགྱུར་རོ། །མཚོན་གང་དག་ཡིད་ལ་བསམས་པ་ཙམ་གྱིས་དེ་དག་འབྱུང་བར་འགྱུར་རོ། །འོད་དཔག་ཚད་བརྒྱ་ཙམ་དུ་སྣང་བར་འགྱུར་རོ། །འདོད་ན་དུས་བྱེད་པར་

ཡང་འགྱུར་རོ། །གང་དུ་འདོད་པ་དེར་འགྲོ་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་གཞན་དག་ཏུ་ཡང་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བར་ཡང་འགྱུར་རོ། །ཤི་འཕོས་ནས་ཀྱང་དྲི་མ་མེད་པའི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ། །རོ་ལངས་གཉིས་པ་

སྒྲུབ་པ་ནི་རྨ་མེད་པའི་ལུས་ཀྱི་རོ་བླངས་ལ། རྒྱ་ཤུག་གི་ཤིང་གི་ཕུར་བུས་བཏབ་ལ་དེའི་ཁར་ལྕགས་ཀྱི་ཕྱེ་མས་གཏོར་ཞིང་བྱིན་ན། དེའི་ལྕེ་འབྱིན་པར་འགྱུར་ཏེ། དེ་བཅད་ན་གཡོག་འཁོར་བརྒྱ་དང་བཅས་ཏེ་ནམ་མཁའ་ལ་འགྲོ་བར་འགྱུར། བར་གྱི་བསྐལ་པར་གནས་པར་

เล่ม ๘๘ · หน้า 226a

འགྱུར། རི་རབ་ཀྱི་རྩེ་མོར་རྩེ་ཞིང་དགའ་བར་འགྱུར། གང་གི་ཚེ་འཆི་བ་དེའི་ཚེ་ཕྱོགས་གཅིག་གི་རྒྱལ་པོར་འགྱུར་རོ། །ཇི་སྟེ་ལྕགས་ཀྱུ་བསྒྲུབ་པར་འདོད་ན། རྩྭ་ཀུ་ཤའི་རང་བཞིན་གྱི་ལྕགས་ཀྱུ་བྱ་སྟེ། ཐབ་མོ་བ་མདོག་ནག་པོའི་ལག་པའི་མཐིལ་གྱིས་

བའི་རྣམ་ལྔས་བཀྲུས་ཏེ། མཚན་མོ་གཅིག་སྨྱུང་བ་བྱས་ནས་ལྕགས་ཀྱུ་ཁྲུ་གང་གི་ཚད་དུ་བྱས་ལ། མཆོད་པ་རྒྱ་ཆེན་པོ་བྱས་ནས་ཕྱག་ན་རྡོ་རྗེ་ལ་མར་གྱི་མར་མེ་བརྒྱ་སྦར་བར་བྱའོ། །རྡོ་རྗེ་ལྕགས་ཀྱུ་དང་བདག་ཉིད་ལ་གདུགས་དཀར་པོས་བསྲུང་བར་བྱའོ། །གཟི་

བརྗིད་ཕུང་པོས་ནི་དཀྱིལ་འཁོར་བཅིང་བར་བྱའོ། །ཕུར་བུ་ལ་ལན་བདུན་མངོན་པར་བསྔགས་པ་བྱས་ཏེ། ཕྱོགས་བཞིར་གཏོར་ལ་ཕུར་བུས་བཏབ་ན་འོག་ཏུ་བཅིང་བ་བྱས་ཤིང་གནས་ཡོངས་སུ་གཟུང་བ་བྱས་པར་ཡང་འགྱུར་རོ། །དེ་ནས་ཐུན་གཉིས་པ་ལ་རྩེ་གཅིག་

པའི་ཡིད་ཀྱིས་སྐྱིལ་མོ་ཀྲུང་བཅས་ལ། ལྕགས་ཀྱུ་ལ་མེ་ཏོག་དང་དྲི་དང་བདུག་པས་མཆོད་ན་དེ་བསྲུང་བ་བྱས་པ་ཡིན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ནས། སྐབས་འདིར་ལྕགས་ཀྱུ་ལག་པས་བཟུང་ནས་ཇི་སྲིད་དུ་དམྱལ་

བའི་སེམས་ཅན་རྣམས་འཚེ་བ་ཉེ་བར་ཞི་བའི་བར་དུ་བཟླས་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ན་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །རིག་པ་འཛིན་པའི་རྒྱལ་པོ་འགྲོ་བ་ལ་ཐོགས་པ་མེད་པ་ལྕགས་ཀྱུ་ལག་ན་ཐོགས་པ་ལྷ་ཐམས་ཅད་

དང་ཀླུ་དང་གནོད་སྦྱིན་ལ་སོགས་པ་ཡང་ཐག་རིང་པོ་ཉིད་ནས་མཐོང་ན་ཕྱག་འཚལ་བར་བྱེད་དོ། །བསྐལ་པར་གནས་པར་འགྱུར་རོ། །གང་གི་ཚེ་འཆི་བ་དེའི་ཚེ་ཕྱག་ན་རྡོ་རྗེའི་གནས་སུ་འགྲོ་ཞིང་ཕྱག་ན་རྡོ་རྗེ་མཐོང་བར་འགྱུར་རོ། །གལ་ཏེ་རས་རིས་སྒྲུབ་པར་གྱུར་ན།

དེ་འབར་བ་ན་རིག་པ་འཛིན་པར་འགྱུར། ཆོ་ག་གང་བསྒྲུབ་པར་འདོད་ཀྱང་དེའི་སྔགས་ཀྱི་མིང་བཟུང་ལ་འབུམ་བཟླ་ཞིང་། དེ་ནས་ནུབ་གཅིག་སྨྱུང་བ་བྱས་ཏེ། མཆོད་པ་རྒྱ་ཆེན་པོ་བྱས་ལ། ཤིང་ཨརྐའི་མེ་རབ་ཏུ་སྦར་ཏེ་ཏིལ་དག་ལ་ཞོ་དང་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་

เล่ม ๘๘ · หน้า 226b

རྩ་བརྒྱད་བྱས་ན། སྦྱིན་སྲེག་གི་མཐར་འོངས་ནས་ནོར་གང་འདོད་པ་དེ་སྟེར་བར་འགྱུར་ཞིང་མངག་གཞུག་པ་དབང་དུ་བྱེད་པ་བཞིན་དུ་ཉེ་བར་གནས་པར་འགྱུར་རོ། །ཇི་སྟེ་དབང་ཕྱུག་ཆེན་པོ་དབང་དུ་བྱེད་པར་འདོད་ན། དབང་ཕྱུག་ཆེན་པོ་ལ་མཆོད་པ་རྒྱ་ཆེན་པོ་བྱས་ལ། ལྷོ་

ཕྱོགས་སུ་ཡུད་ཙམ་གྱིས་ཤིང་ཨརྐའི་མེ་རབ་ཏུ་སྦར་ལ་སྦྱིན་སྲེག་སྟོང་རྩ་བརྒྱད་བྱས་པ་ན། ཧ་ཧ་ཞེས་པའི་སྒྲ་བྱུང་བར་གྱུར་ན་འཇིགས་པར་མི་བྱ། དེ་ནས་དེ་འོང་བར་འགྱུར་ཏེ། བདག་གིས་ཅི་ཞིག་བྱ་ཞེས་སྨྲ་བར་འགྱུར་རོ། །དབང་ཕྱུག་ཆེན་པོའི་རིག་པ་

ཐམས་ཅད་བདག་ལ་གྲུབ་པར་གྱུར་ཅིག་ཅེས་སྨྲས་པ་དང་། མཆོག་གང་འདོད་པ་དེ་སྟེར་བར་འགྱུར་ཏེ། དེ་བཞིན་དུ་གྱུར་ཅིག་ཅེས་བྱས་ནས་མི་སྣང་བར་འགྱུར་རོ། །དེ་བཞིན་དུ་ཁྱབ་འཇུག་དང་ཚངས་པ་ལ་སོགས་པ་གང་ཡང་འགུགས་པར་འགྱུར་ཏེ། མཆོག་

གང་འདོད་པ་དེའང་འདི་བཞིན་ཏེ། ཆོ་ག་འདི་བཞིན་དུ་བྱས་ལ་ལེགས་པར་བསྲུང་བ་ཡང་བྱའོ། །ཅི་སྟེ་གནོད་སྦྱིན་མོ་དགུག་པར་འདོད་ན། དེའི་མིང་བཟུང་ལ་ཞག་བདུན་དུ་ཤིང་མྱ་ངན་མེད་ཀྱི་མེ་ཏོག་གིས་སྦྱིན་སྲེག་བྱས་ན་འོང་ཞིང་མཆོག་སྟེར་བར་བྱེད་དོ། །ཞག་

བདུན་གྱིས་མ་དང་སྲིང་མོ་དང་ཆུང་མ་གང་འདོད་པ་དེའི་ཆ་བྱད་དུ་ངེས་པར་འོང་བར་འགྱུར་རོ། །ཇི་སྟེ་མི་འོང་ན་མགོ་འགས་པར་འགྱུར་རོ། །ཀླུ་མོ་དབང་དུ་བྱེད་པར་འདོད་ན་ཀླུ་ཤིང་གི་མེ་ཏོག་གིས་ཆོ་ག་འདི་བཞིན་དུ་བྱའོ། །སྲིན་མོ་དགུག་པར་འདོད་ན། ཟླ་

བ་གསུམ་དུ་ཞོ་དང་འབྲས་ཆན་གྱི་སྦྱིན་སྲེག་བྱའོ། །སྦྱིན་སྲེག་གི་མཐར་ཞག་གཅིག་སྨྱུང་བ་བྱས་ལ། བཅོམ་ལྡན་འདས་ལ་མཆོད་ཅིང་གནོད་སྦྱིན་ལ་གཏོར་མ་ཆན་རྣམས་སྦྱིན་པར་བྱས་ཤིང་གནོད་སྦྱིན་དགུག་པར་བྱའོ་ཞེས་ཡིད་ལ་བྱེད་ཅིང་། །ཨ་མྲའི་ཤིང་གི་ཡམ་

ཤིང་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པ་སྟོང་རྩ་བརྒྱད་སྦྱིན་སྲེག་བྱས་ན། སྐབས་འདིར་ལུས་ངན་པོ་ལ་སོགས་པའི་གནོད་སྦྱིན་འོང་བར་འགྱུར་ལ། དེ་དག་ལ་ཤིང་ཨརྐའི་མེ་ཏོག་གི་མཆོད་ཡོན་བྱིན་ན་དེ་དག་ཅི་ཞིག་བྱ་ཞེས་སྨྲ་བར་འགྱུར་རོ། །དེས་བརྗོད་པར་བྱ་བ་ནི་

เล่ม ๘๘ · หน้า 227a

ཉིན་རེ་ཞིང་གནོད་སྦྱིན་ལུང་བཞིན་དུ་བྱེད་པ་དགོས་སོ་ཞེས་བརྗོད་པར་བྱ་སྟེ། དེས་གནོད་སྦྱིན་རེ་རེ་སྟེར་བར་འགྱུར་རོ། །དེས་ལུང་བསྒོ་བར་བྱ་བ་ནི་དཔག་ཚད་བརྒྱ་ནས་བུད་མེད་རྣམས་འདིར་འོང་བར་གྱིས་ལ་ཐོ་རངས་དེ་ཉིད་དུ་ཁྱེར་ཅིག་ཅེས་པ་དང་འཁོར་བརྒྱ་

ལ་ཡང་འབྲས་ཆན་བྱིན་ཅིག་ཅེས་བརྗོད་ན། རྒྱབ་ཏུ་ཁུར་ནས་གང་དུ་འདོད་པ་དེར་འགྲོ་ཞིང་ཁྱེར་བར་འགྱུར་རོ། །ལུང་སྩལ་བ་ཐམས་ཅད་བྱེད་པར་འགྱུར་རོ། །ཅི་སྟེ་ཕྱག་ན་རྡོ་རྗེ་བསྒྲུབ་པར་འདོད་ན་བཞི་འགྱུར་དང་བདུན་འགྱུར་གྱི་སྔོན་དུ་བསྙེན་པ་བྱས་ལ། ཆོ་འཕྲུལ་གྱི་

ཟླ་བ་ཕྱེད་པོ་མ་ལུས་པ་ལ་རབ་ཏུ་རྒྱ་ཆེ་བའི་མཆོད་པ་བྱས་ལ་ཇི་སྲིད་ཟླ་བ་ཉ་བའི་བར་དུ་སྟེ། ཟླ་བ་ཉ་བའི་བར་དུ་མཆོད་པ་བྱས་ལ་དགེ་སློང་གི་དགེ་འདུན་ཁྱད་པར་ཅན་དག་ལ་བཤོས་གསོལ་ནས། འཕགས་པ་རྡོ་རྗེ་འཛིན་ཁོ་ན་ལ་རྗེས་སུ་ཡི་རང་བར་བྱེད་དུ་གཞུག་གོ། །དེ་

ནས་མཆོད་པ་རྒྱ་ཆེན་པོ་བྱས་ནས་དང་པོའི་ཐུན་འདས་ཏེ་གཉིས་པའི་ཐུན་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ལ། སེམས་རྩེ་གཅིག་པས་རྡོ་རྗེ་འཛིན་བལྟ་བར་བྱའོ། །ཞེས་སེམས་ལ་ཀུན་ཏུ་བརྟགས་ཏེ། གུ་གུལ་གྱི་རིལ་བུ་རྒྱ་ཤུག་གི་འབྲས་བུའི་ཚད་ཙམ་གྱི་མཚན་མོ་ཐུན་གཅིག་

ཏུ་སྦྱིན་སྲེག་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཡུལ་བསྐྱོད་པར་འགྱུར་ཞིང་། ས་འགུལ་བ་དང་སྤྲིན་གྱི་སྒྲ་སྒྲོགས་པར་འགྱུར་བ་དང་། རིག་པ་འཛིན་པ་ཐམས་ཅད་མེ་ཏོག་གི་ཆར་རབ་ཏུ་འབེབས་པར་འགྱུར་རོ། །སྐབས་འདིར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་རིག་པ་

ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བ་དང་རིག་པ་མཆོག་ལ་སོགས་པའི་རིག་པའི་རྒྱལ་པོས་ཡོངས་སུ་བསྐོར་བ་བྱོན་པར་འགྱུར་རོ། །ལྷ་ཐམས་ཅད་དང་། ཀླུ་ཐམས་ཅད་དང་། གནོད་སྦྱིན་ཐམས་ཅད་དང་། དྲི་ཟ་དང་མིའམ་ཅིས་བྱང་ཆུབ་སེམས་དཔའ་ཡོངས་སུ་བསྐོར་བ་

བྱོན་པར་འགྱུར་རོ། །དེའི་མོད་ལ་དམྱལ་བའི་སེམས་ཅན་རྣམས་ཀྱི་ཤིན་ཏུ་དྲག་པའི་ཚོར་བའི་སྡུག་བསྔལ་ཉེ་བར་ཞི་བར་འགྱུར་རོ། །དྲིའི་ཆུས་མཆོད་ཡོན་དབུལ་ཞིང་ཕྱག་འཚལ་ཏེ་འདུག་པར་བྱའོ། །དེ་ནས་རྡོ་རྗེ་འཛིན་གྱིས་གསུངས་པ་ནི་མཆོག་ཅི་ཞིག་སྦྱིན་པར་བྱ།

เล่ม ๘๘ · หน้า 227b

རིག་པ་འཛིན་པའི་འཁོར་ལོས་སྒྱུར་བ་ཉིད་དམ་ས་འོག་ཏུ་འགྲོ་བའམ་རྒྱལ་སྲིད་དམ་མི་སྣང་བར་འགྲོ་བའམ་གང་འདོད་པ་དེ་ཉིད་བཅོམ་ལྡན་འདས་ལས་ཐོབ་པར་འགྱུར་རོ། །གང་འདོད་པའི་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བ་ཉིད་དང་རིག་པ་འཛིན་པ་ཐམས་ཅད་ཀྱི་འཁོར་

ལོས་སྒྱུར་བ་རྡོ་རྗེའི་སྐུ་དང་། ཕྱག་ན་རྡོ་རྗེ་དང་འདྲ་བ་དང་བསམས་པ་ཙམ་གྱིས་མཚན་མ་ཐམས་ཅད་འབྱུང་བར་འགྱུར་རོ། །བསྐལ་པ་ཆེན་པོར་གནས་པར་འགྱུར་རོ། །གང་གི་ཚེ་འཛིན་པ་དེའི་ཚེ་རྡོ་རྗེའི་གནས་སུ་འགྲོ་བར་འགྱུར་རོ། །རིག་པ་འཛིན་པ་གཞན་དག་གི་

ཡང་ཆོ་ག་འདི་བཞིན་ཏེ། མདོར་ན་ཕྱག་ན་རྡོ་རྗེའི་ཆོ་ག་གང་ཡིན་པ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཆོ་ག་གང་ཡིན་པ་དང་། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོ་ག་གང་ཡིན་པ་དང་། ཚངས་པའི་ཆོ་ག་གང་ཡིན་པ་དང་། དབང་ཕྱུག་ཆེན་

པོའི་ཆོ་ག་གང་ཡིན་པ་དང་། མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྒྲུབ་པ་གང་ཡིན་པ་དེ་དག་ཀྱང་འདི་ཉིད་ཀྱིས་སྒྲུབ་པ་བྱས་ན་འགྲུབ་པར་འགྱུར་རོ། །སྔགས་གང་གིས་སྒྲུབ་པ་བྱས་ཀྱང་མ་གྲུབ་པ་ནི་འདིས་ལུས་ལ་བཟླས་པ་བྱས་ན། ནུབ་བདུན་གྱིས་ངེས་

པར་མཐོང་བ་སྦྱིན་པར་བྱེད་དོ། །ཇི་སྟེ་མི་སྦྱིན་ན་ནི་རྣམ་པར་ཉམས་པར་འགྱུར་རོ། །དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷའི་མདུན་དུ་གལ་ཏེ་ཟློས་པ་བྱེད་ན་ནུབ་བདུན་གྱི་ནང་དུ་མཐོང་བ་སྦྱིན་པར་བྱེད་དོ། །གལ་ཏེ་སྦྱིན་པར་མི་བྱེད་ན་མགོ་ཚལ་པ་བདུན་ཕྲག་གསུམ་དུ་

འགས་པར་འགྱུར་རོ། །ཟླ་བ་དང་ཉི་མ་གཟས་ཟིན་པ་ན་མར་དང་ཤུ་དག་དང་མིག་སྨན་དང་དག་བྱེད་དང་སོ་ཤིང་དང་མཆོད་ཕྱིར་ཐོགས་དང་བ་བླ་དང་ལྡོང་རོས་ལ་སོགས་པ་བསྒྲུབ་པར་བྱའོ། །ཇི་སྟེ་རྫས་རྣམས་བསྒྲུབ་པར་འདོད་ན། ལྡོང་རོས་བླངས་ཏེ་མིའི་འོ་མ་དང་སྦྱར་

བ་བྱས་ལ་རིལ་བུ་ལྔར་བྱ་ཞིང་། ཨ་ག་རུའི་སྣོད་ཁ་སྦྱར་གྱི་ནང་དུ་བཅུག་ཅིང་ཡུངས་ཀར་དང་ལྷན་ཅིག་བསྒྲུབ་པར་བྱའོ། །ཟླ་བ་དང་ཉི་མ་གཟས་ཟིན་པའི་དུས་སུ་གཏོར་མའི་ཆོ་ག་བྱས་ཏེ། གང་གི་ཚེ་ཡུངས་ཀར་ཙི་ཏི་ཙི་ཏི་ཞེས་སྒྲ་འདོན་པ་དེའི་ཚེ་གྲུབ་པ་དང་པོ་ཡིན་ཏེ།

เล่ม ๘๘ · หน้า 228a

སྐྱེ་བོ་ཐམས་ཅད་དབང་དུ་འགྱུར་ལ་དེའི་ཚེ་འདི་ཐམས་ཅད་དབང་དུ་བྱེད་པར་འགྱུར་ཏེ། གང་སྨྲས་པ་དེ་ཐམས་ཅད་བྱེད་དོ། །ཇི་སྟེ་དུ་བ་འཐུལ་བར་བྱེད་ན་མི་སྣང་བར་བྱེད་པ་ཐམས་ཅད་ཀྱི་རྒྱལ་པོར་འགྱུར་རོ། །བར་གྱི་བསྐལ་པར་འཚོ་བར་འགྱུར་རོ། །

གང་གི་ཚེ་འབར་བར་གྱུར་པ་དེའི་ཚེ་ནི་ལྷ་གཞོན་ནུའི་གཟུགས་སུ་འགྱུར་ཞིང་། ཉི་མ་འཆར་ཀའི་གཟི་བརྗིད་དང་ལྡན་ལ་རིག་པ་འཛིན་པའི་རྒྱལ་པོར་འགྱུར། བསྐལ་པ་ཆེན་པོར་འཚོ་བར་འགྱུར། དེ་བཞིན་དུ་གི་ཝང་དང་བ་བླ་ལ་སོགས་པ་ལའང་བསྒྲུབ་པར་བྱའོ། །

ཅི་སྟེ་མིག་སྨན་བསྒྲུབ་པར་འདོད་ན། ལིག་བུ་མིག་དང་ཨུཏྤ་ལ་སྔོན་པོ་དང་རུ་རྟ་དང་ཙནྡན་དག་གཅིག་ཏུ་བྱས་ཏེ། ཟངས་མའི་སྣོད་དུ་གཞག་ལ་ཟླ་བ་གཟས་ཟིན་པའི་དུས་སུ་ཅི་སྲིད་དུ་བ་འཐུལ་བ་དེ་སྲིད་ཀྱི་བར་དུ་བཟླས་པ་བྱའོ། །དེ་ནས་མིག་ལ་བསྐུས་ན་མི་སྣང་བར་འགྱུར་

ཏེ། ཅི་ལྟར་འདོད་པའི་གཟུགས་དང་མི་སྣང་བར་བྱེད་པ་ཐམས་ཅད་ཀྱི་རྒྱལ་པོར་འགྱུར་རོ། །ཇི་སྟེ་རལ་གྲི་བསྒྲུབ་པར་འདོད་ན་རལ་གྲི་མ་ཉམས་པ་བླངས་ལ། མར་ངོའི་ཚེས་བརྒྱད་དམ་བཅུ་བཞི་ལ་རས་རིས་ལ་མཆོད་པ་རྒྱ་ཆེན་པོ་དང་གཏོར་མ་བཏང་ཞིང་བསྲུང་བ་བྱས་ན།

རལ་གྲི་ལག་པ་གཡས་པས་བཟུང་སྟེ། ཇི་སྲིད་འོད་འཕྲོ་བ་དང་འབར་བ་དེ་སྲིད་ཀྱི་བར་དུ་བཟླས་པ་བྱས་ན། གལ་ཏེ་འོད་འཕྲོ་ན་ནི་རིག་པ་འཛིན་པ་གཅིག་པུར་འགྱུར་རོ། །འབར་བས་ནི་དེ་རིག་པ་འཛིན་པ་རྣམས་ཀྱི་རྒྱལ་པོར་འགྱུར་བ་དང་། སྟོབས་དང་ཕ་རོལ་གནོན་

པ་ཐོགས་པ་མེད་པ་དང་གང་གིས་མཐོང་བ་དང་གང་མཐོང་བ་དེ་དང་ལྷན་ཅིག་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །ཅི་སྟེ་རྡོ་རྗེ་བསྒྲུབ་པར་འདོད་ན་ལྕགས་བཟང་པོའི་རང་བཞིན་ལས་རྡོ་རྗེ་བྱས་ཏེ། སོར་བཅུ་དྲུག་པ་རྩེ་མོ་གཉི་ག་ཡང་རྩེ་གསུམ་པ་ཙནྡན་དམར་པོས་བྱུགས་

ལ། ཆོ་འཕྲུལ་གྱི་ཟླ་ཕྱེད་ཀྱི་ཚེས་ནས་བརྩམས་ནས་རས་རིས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ཏེ་བཟླས་པ་བྱ་ཞིང་། ཚེས་ནས་ཉི་མ་རེ་རེ་ཞིང་རེ་རེས་བསྐྱེད་པའི་དགེ་སློང་དག་ལ་བཤོས་དྲང་བར་བྱའོ། །ཐ་མར་ནུབ་གསུམ་སྨྱུང་བ་བྱས་ལ་སྐུ་གདུང་དང་བཅས་པའི་མཆོད་རྟེན་གྱི་མདུན་དུ་

เล่ม ๘๘ · หน้า 228b

རས་རིས་རབ་ཏུ་བཞག་ཅིང་། མཆོད་པ་རྒྱ་ཆེན་པོ་བྱས་ལ། མར་གྱི་མར་མེ་བརྒྱ་རབ་ཏུ་སྦར་ཞིང་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་པར་བྱའོ། །ལག་པ་གཉིས་ཀྱིས་རྡོ་རྗེ་བཟུང་ལ་ཇི་སྲིད་འབར་བ་དེའི་བར་དུ་བཟླས་པ་བྱ་ཞིང་། དེ་བཟུང་ན་དེ་འཁོར་དང་བཅས་པ་ནམ་མཁའ་ལ་འགྲོ་

བར་འགྱུར། རིག་པ་འཛིན་པའི་འཁོར་ལོས་སྒྱུར་བར་འགྱུར། ཕྱག་ན་རྡོ་རྗེ་དང་འདྲ་བར་ཕ་རོལ་གནོན་པར་འགྱུར། བསྐལ་པ་ཆེན་པོར་འཚོ་བར་འགྱུར། ལུས་ཞིག་ནས་ཕྱག་ན་རྡོ་རྗེའི་གནས་སུ་འགྲོ་བར་འགྱུར་རོ། །དེ་བཞིན་དུ་མདུང་རྩེ་དང་འཁོར་ལོ་དང་མདའ་དང་མདུང་ལ་

སོགས་པ་མཚོན་ཐམས་ཅད་དང་མཆིལ་ལྷམ་དང་སོ་ཤིང་དང་མཆོད་ཕྱིར་ཐོགས་ལ་སོགས་པ་གཞན་གྱི་ཆོ་གའི་བྱ་བས་བསྒྲུབ་པར་བྱ་ཞིང་། ཐམས་ཅད་ཀྱང་གྲུབ་པ་རྣམ་པ་གསུམ་ཡིན་ནོ། །ཞི་བ་བྱེད་པར་འདོད་པ་ལ་པདྨའི་རྣམ་པ་འདྲ་བའི་ཐབ་ཁུང་བྱས་ལ། མཆོད་སྦྱིན་ལ་འོས་

པའི་ཡན་ལག་གིས་མེ་རབ་ཏུ་སྦར་ལ་བླུགས་གཟར་གྱིས་ཟས་མཆོག་དང་ཞོ་དང་སྦྲང་རྩི་དང་མར་དང་སྦྱར་བའི་སྦྱིན་སྲེག་སྟོང་རྩ་བརྒྱད་ཞག་གསུམ་བྱས་ན། བདག་དང་གཞན་ཞི་བར་འགྱུར་རོ། །ཞག་བདུན་གྱིས་ནི་གྲོང་ངམ་གྲོང་ཁྱེར་གྱི་འཆི་བ་མང་པོའི་ཉེ་བར་འཚེ་བ་ཞི་བར་འགྱུར་རོ། །

ཤིང་ཤ་མའི་ཡམ་ཤིང་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་རྩ་བརྒྱད་ཀྱང་བྱའོ། །ཡང་ན་ཤིང་ཨུ་དུམ་བཱ་རའི་ཡམ་ཤིང་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་རྩ་བརྒྱད་ཀྱང་བྱའོ། །ཆར་མི་འབབ་པ་ལ་ནི་མངར་གསུམ་གྱི་སྦྱིན་སྲེག་

བྱས་ན་ཐམས་ཅད་དུ་མཆོག་ཏུ་ཞི་བ་ཆེན་པོར་འགྱུར་རོ། །སློང་མོའི་ཟས་ཟ་ཞིང་ཆོ་འཕྲུལ་ཆེན་པོའི་ཟླ་ཕྱེད་ཀྱི་ཟླ་བ་ཉའི་བར་དུ་ནུབ་གསུམ་སྨྱུང་བ་བྱས་ལ། ཟླ་བ་གཟས་ཟིན་པ་ན་བ་ནག་མོའི་འོ་མ་ལ་ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ཏེ་འཐུངས་ན་བཅུད་ཀྱིས་ལེན་གྱི་ཡོན་ཏན་

དང་ལྡན་པར་འགྱུར་རོ། །རྩྭ་དཱུར་བའི་འཇག་མ་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པས་སྟོང་རྩ་བརྒྱད་ནུབ་བཅུའི་བར་དུ་སྦྱིན་སྲེག་བྱས་ན་དུས་མ་ཡིན་པར་འཆི་བ་རབ་ཏུ་ཞི་ཞིང་ཚེ་རིང་བར་འགྱུར་རོ། །རྒྱལ་མཚན་དང་དུང་ལ་སོགས་པ་ལ་མངོན་པར་བསྔགས་ན། མཐོང་བ་

เล่ม ๘๘ · หน้า 229a

དང་ཐོས་པས་ཕ་རོལ་གྱི་སྡེ་དཔུང་གིས་མི་གཡོ་བར་བྱས་པར་འགྱུར་རོ། །བུམ་པ་སར་པ་འབྲུ་ཐམས་ཅད་དང་སྤོས་ཆུས་བཀང་བ་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་པས་ལོག་འདྲེན་གྱིས་གཙེས་ཤིང་ཟིན་པ་བཀྲུས་ཏེ་དབང་བསྐུར་ན་དཔལ་དང་ལྡན་

པར་འགྱུར་རོ། །འདིས་དབང་བསྐུར་ན་སྡིག་པ་ཀུན་ལས་གྲོལ་བར་འགྱུར་ཏེ། དཀྱིལ་འཁོར་གྱི་ལས་དང་གདོན་གྱི་ལས་རྣམས་ཀྱང་བྱེད་པར་འགྱུར་རོ། །རྨ་བྱའི་མཇུག་མ་ལ་ལན་འབུམ་བཟླས་བརྗོད་བྱས་ན་དུག་ཐམས་ཅད་སེལ་བར་འགྱུར་རོ། །དེ་ཉིད་ཀྱིས་རིམས་

དང་མིག་གི་ནད་དང་གཟེར་ཐབས་ལ་སོགས་པ་སེལ་བར་བྱེད་དོ། །སྲུང་བའི་སྐུད་པས་ནི་ནད་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །ཕྱག་རྒྱ་དང་ལྡན་པའི་ཇི་སྐད་གསུངས་པའི་སྔགས་ཀྱིས་སེང་ལྡེང་གི་ཡམ་ཤིང་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་རྩ་

བརྒྱད་བྱས་ན་ལྷ་མ་ཡིན་གྱི་སྔགས་འཇོམས་པར་བྱེད་དོ། །དུས་གསུམ་དུ་ཉིན་མཚན་ཉི་ཤུ་རྩ་གཅིག་ལ་འབྲས་ཐུག་པོ་ཆེ་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་རྩ་བརྒྱད་བྱས་ན་ལོངས་སྤྱོད་ཐོབ་པར་འགྱུར་རོ། །ལྷ་དབང་དུ་བྱ་བར་འདོད་ན་ཨ་ག་རུའི་ཡམ་ཤིང་

ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པའི་སྦྱིན་སྲེག་དུས་གསུམ་དུ་ཉིན་ཞག་ཉི་ཤུ་རྩ་གཅིག་ལ་སྟོང་རྩ་བརྒྱད་བྱའོ། །འབྲས་ཐུག་པོ་ཆེ་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པ་གཅིག་ཏུ་བྱས་པས་སྦྱིན་སྲེག་བྱས་ན་ཟས་མི་ཟད་པར་འགྱུར་རོ། །གནོད་སྦྱིན་དབང་དུ་བྱེད་ན་གུ་

གུལ་གྱི་རིལ་བུ་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་རྩ་བརྒྱད་བྱའོ། །ཤིང་མྱ་ངན་མེད་ཀྱི་ཡམ་ཤིང་གི་ནི་གནོད་སྦྱིན་མོ་རྣམས་ལ་བྱའོ། །ཀླུ་རྣམས་ལ་ནི་ཀླུ་ཤིང་གི་མེ་ཏོག་གིས་བྱའོ། །འཕགས་པ་ཕྱག་ན་རྡོ་རྗེ་ལ་ནི་ཨ་ཀ་རུའི་ཡམ་ཤིང་གིས་བྱའོ། །

རིག་པ་འཛིན་པ་ལ་ནི་པོ་སོན་ཆའི་ཤིང་གི་ཡམ་ཤིང་གིས་སོ། །ཨ་ག་རུའི་ཡམ་ཤིང་ལ་ཏུ་རུ་སྐའི་འབྲུ་མར་གྱིས་བཏགས་པས་ནི་དྲི་ཟ་ལ་སྦྱིན་སྲེག་བྱའོ། །ཡི་དགས་རྣམས་ལ་ནི་བིལ་བའི་ཤིང་གི་ཡམ་ཤིང་གིས་སོ། །མིའམ་ཅི་རྣམས་ལ་ནི་སྲ་རྩི་པོག་གི་སྦྱིན་སྲེག་གིས་སོ། །

เล่ม ๘๘ · หน้า 229b

ལོག་འདྲེན་ཐམས་ཅད་ལ་ནི་ཞག་བདུན་དུ་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱའོ། །རྒྱལ་པོའི་བུ་ལ་ནི་ཡུངས་ཀར་ཏིལ་མར་གྱིས་བཏགས་པ་དུས་གསུམ་དུ་ཞག་བདུན་ལ་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱ་ཞིང་། ཉི་མ་ལ་མངོན་དུ་ཕྱོགས་ནས་བཟླས་བརྗོད་འབུམ་བྱས་ན་སྡིག་པ་ཐམས་ཅད་

ལས་རབ་ཏུ་གྲོལ་བར་འགྱུར་རོ། །རིག་པ་ཐམས་ཅད་ཚིམ་པར་བྱེད་པར་འདོད་ན་བ་གཅིན་དང་ནས་ཀྱི་ཁ་ཟས་ཟ་ཞིང་རྩྭ་ཨུ་ཤི་ར་ལས་གཟུགས་བརྙན་བྱས་ཏེ། མེ་ཏོག་དཀར་པོས་མཆོད་ཅིང་འོ་མ་བརྒྱ་རྩ་བརྒྱད་ཀྱིས་སྦྱིན་སྲེག་བྱས་ནས་འོ་མས་ཁྲུས་བྱས་ཏེ། བཟླས་

པ་བརྒྱ་རྩ་བརྒྱད་བཟླས་ཤིང་ཨ་ག་རུའི་དུད་པས་བདུགས་ན་ཚིམ་ཞིང་རྒྱས་པར་བྱས་པར་འགྱུར་རོ། །ལན་གཅིག་བཟླས་པས་བདག་བསྲུང་བ་བྱས་པར་འགྱུར་རོ། །ལན་གཉིས་བཟླས་པས་གཞན་བསྲུང་བ་བྱས་པར་འགྱུར་རོ། །ལན་གསུམ་བཟླས་པ་བྱས་པས་

རྫས་བསྲུང་བ་བྱས་པར་འགྱུར་རོ། །ལུས་ཆད་པ་དང་ཞོམ་པ་དང་དུག་གིས་རེག་པ་དང་ཕུར་བུས་བཏབ་པ་རྣམས་ལ་རྟས་པར་བྱེད་པར་འདོད་ན་སྨན་ཨུ་ཤི་ར་ལས་གཟུགས་བརྙན་དུ་བྱས་ཏེ། མེ་ཏོག་དཀར་པོས་མཆོད་ལ་འདིས་གཙུག་ཏོར་གྱི་རྒྱལ་པོའི་རས་རིས་ཀྱི་མདུན་དུ་

ཡུངས་ཀར་གྱི་རྒྱལ་པོ་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་ལ་སྦྱིན་སྲེག་སྟོང་རྩ་བརྒྱད་བྱས་ན་རིག་པ་ཉེ་བར་དམིགས་ནས་ཕུར་བུ་འབྱུང་བར་འགྱུར་རོ། །ཇི་སྲིད་དུ་བཟླས་ཀྱང་རིག་པ་འབྲས་བུ་མེད་པར་ཤེས་ན་གི་ཝང་གིས་གྲོ་ག་ལ་བྲིས་ཏེ། གྲོ་ག་དེ་ལ་བརྒྱ་རྩ་བརྒྱད་མངོན་པར་

བསྔགས་པ་བྱས་ནས། བཅོམ་ལྡན་འདས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ལ། བཅོམ་ལྡན་འདས་འདི་དང་ལྷན་ཅིག་སྟོང་རྩ་བརྒྱད་བཟླས་ལ། ཀུ་ཤའི་སྟན་དེ་ཉིད་དུ་གཉིད་ལོག་ན་རྨི་ལམ་དུ་འོངས་ཏེ་འབྲས་བུ་མེད་པའི་རྒྱུ་སྟོན་པར་འགྱུར་རོ། །ཅི་སྟེ་མེ་ཏོག་པདྨ་བསྒྲུབ་པར་འདོད་ན།

ཙནྡན་དམར་པོ་ལས་པདྨ་བྱས་ཏེ། མཆོད་པ་རྒྱ་ཆེན་པོ་བྱས་ནས་ཞག་གསུམ་སྨྱུང་བ་བྱས་ཏེ། པདྨ་ལག་པ་གཡས་པས་བཟུང་ལ་ཇི་སྲིད་འབར་བ་དེ་སྲིད་ཀྱི་བར་དུ་བཟླས་པ་བྱས་ན། གཡོག་འཁོར་ཉི་ཤུ་དང་ནམ་མཁའ་ལ་འགྲོ་བར་འགྱུར། རིག་པ་འཛིན་པའི་འཁོར་ལོས་སྒྱུར་

เล่ม ๘๘ · หน้า 230a

བར་འགྱུར། ཐོགས་པ་མེད་པར་འགྲོ་བར་འགྱུར། གང་གི་ཚེ་འཆི་བ་དེའི་ཚེ་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ཅི་སྟེ་རྡོ་རྗེ་བསྒྲུབ་པར་འདོད་ན། གྲོག་མཁར་གྱི་ས་དང་བྱེ་མ་བསྲེས་ནས་རྡོ་རྗེ་བྱས་ལ། བསླངས་པའི་ཁ་ཟས་ཀྱིས་འཚོ་ཞིང་མི་སྨྲ་བའི་

དཀའ་ཐུབ་དང་ལམ་འགོག་པར་བྱེད་ཅིང་རྡོ་རྗེ་བཟུང་སྟེ། མྱུར་དུ་བཟླས་པ་འབུམ་བྱའོ། །རྡོ་རྗེ་ནི་རྩེ་གཅིག་པར་བྱས་ཏེ། རྡོ་རྗེ་དེ་ཡུངས་ཀར་གྱི་ནང་དུ་གཞག་ལ། ཡུངས་ཀར་དེ་ཇི་སྲིད་དུ་ཙི་ཏི་ཙི་ཏིའི་སྒྲ་སྒྲོགས་པ་དེ་སྲིད་དུ་བཟླས་པ་བྱས་ན་རྡོ་རྗེ་འགྲུབ་པར་འགྱུར་རོ། །རྡོ་རྗེ་དེ་

བླངས་ནས་ལས་ཐམས་ཅད་བྱེད་པར་འགྱུར་ཏེ། རིའི་རྩེ་མོ་ཡང་ཕྱེ་མར་བྱེད་ལ་ཀླུའི་ཤིང་ཡང་སྐེམ་པར་བྱེད་ཅིང་ཆུ་བོ་ཡང་རྒྱུན་ཕྱོགས་ལས་ཟློག་པར་བྱེད་དོ། །ཀླུ་རྣམས་འབྱེར་བར་བྱེད་དོ། །དུག་རྣམས་དུག་མེད་པར་བྱེད་དོ། །སྲོག་ཆགས་ཐམས་ཅད་རེངས་པར་བྱེད་དོ། །

རྨོངས་པར་བྱེད་དོ། །ལྟུང་བར་བྱེད་དོ། །སྔགས་ཕྱེ་མར་བྱེད་དོ། །ཤིང་རྟ་ལ་སོགས་པ་ཡང་རེངས་པར་བྱེད་དོ། །དེ་ལ་སོགས་པའི་ལས་ཐམས་ཅད་བྱེད་པར་འདི་ཉིད་ཀྱི་རྩེ་གསུམ་པའི་རྡོ་རྗེས་སྒྲུབ་པར་བྱེད་དེ། གཙུག་སྤྱོད་ཀྱིས་ཀྱང་མངོན་སུམ་དུ་བགེགས་བྱེད་པར་མི་

ནུས་སོ། །འདིའི་ཆོ་གས་རྟག་ཏུ་བཟླས་པ་བྱེད་པའི་དུས་སུ་སངས་རྒྱས་ཀྱི་སྤྱན་གྱི་སྔགས་ཀྱིས་ཐོག་མ་དང་ཐ་མར་ལན་རེ་རེ་བཟླས་པ་བྱེད་ན། དེ་དག་ཞི་བ་ཉིད་དུ་འགྱུར་ཞིང་གྲུབ་པ་ཡང་མངོན་སུམ་དུ་འགྱུར་རོ། །དེ་ནས་རྒྱ་མཚོ་ཆེན་པོར་འབབ་པའི་ཆུ་བོ་ལ་ཡི་གེ་གཅིག་པས་

པདྨ་འབུམ་དོར་ན། དཔལ་རང་འོངས་ནས་མཆོག་དང་རྒྱལ་སྲིད་ཀྱང་སྦྱིན་པར་བྱེད་དེ། ཅི་སྟེ་འབྲུ་གཅིག་པ་དང་བཅས་པའི་པདྨ་འབུམ་ཕྲག་གསུམ་དོར་ནས་ཀུན་ལ་དབང་བའི་རྒྱལ་པོར་འགྱུར་རོ། །ལྔ་འབུམ་བཟླས་ན་འཛམ་བུའི་གླིང་གི་བདག་པོར་འགྱུར་རོ། །ས་འོག་

ཏུ་འཇུག་པའི་སྒོར་རྐང་པ་བཞག་སྟེ། འབུམ་ཕྲག་གསུམ་བཟླས་ན་འཁྲུལ་འཁོར་ཐམས་ཅད་བཅོམ་ནས་དོགས་པ་མེད་པར་འགྱུར་ཞིང་། ཞུགས་ནས་ཀྱང་བཅུད་ཀྱིས་ལེན་ཐམས་ཅད་འབྱིན་པར་འགྱུར་རོ། །ཇི་སྟེ་དེ་ཉིད་དུ་འདུག་ནའང་ཁྱབ་འཇུག་གི་འཁོར་ལོའི་འཇིགས་པ་

เล่ม ๘๘ · หน้า 230b

མེད་པར་འགྱུར་རོ། །ཅི་སྟེ་འཁོར་ལོ་ནང་དུ་བྱུང་ན་ཡང་སྔགས་དྲན་པ་ཙམ་གྱིས་ཐལ་བར་འགྱུར་རོ། །བསམས་པ་ཙམ་གྱིས་ཕྱིར་གསོ་བར་ཡང་ནུས་སོ། །ནམ་ཡང་ཕྱིས་རབ་ཏུ་འཇུག་པར་ཡང་མི་འགྱུར་རོ། །ཡར་ངོ་དེ་དང་དེའི་ཚེས་གཅིག་ནས་བརྩམས་ཏེ། དུས་

གསུམ་དུ་སྣ་མའི་མེ་ཏོག་ལ་ལན་གཅིག་བཟླས་ནས། བཅོམ་ལྡན་འདས་ཀྱི་ཞབས་ཀྱི་མཐེ་བོའི་དྲུང་དུ་གཞག་པ་བྱས་ནས། ཅི་ཙམ་ན་ཞབས་ཀྱི་མཐོ་བོ་ནས་འོད་ཟེར་བྱུང་ནས། སྒྲུབ་པ་པོ་དེའི་ལུས་ལ་ཞུགས་པར་འགྱུར་གྱི་བར་དུ་བྱས་ན། དེའི་མོད་ཁོ་ན་ལ་སྐྲ་འཁྱིལ་ཞིང་

འཁོར་དང་ལྡན་པར་ཡང་འགྱུར་རོ། །འཁོར་དང་བཅས་པ་ནམ་མཁའ་ལ་འགྲོ་ཞིང་རིག་པ་འཛིན་པའི་རྒྱལ་པོར་ཡང་འགྱུར་རོ། །བསྐལ་པར་ཡང་གནས་པར་འགྱུར་རོ། །དེ་ནས་རྒྱ་མཚོའི་ངོགས་སུ་རས་རིས་ནུབ་ཕྱོགས་སུ་བསྟན་ཏེ་བཞག་ལ་ཀླུ་ཤིང་གིས་མེ་རབ་ཏུ་སྦར་

ནས། རྒྱ་མཚོ་ལ་དམིགས་ནས་ཀླུ་ཤིང་གི་མེ་ཏོག་གིས་སྦྱིན་སྲེག་འབུམ་བྱས་ན། རྒྱ་མཚོའི་རླབས་འབྱུང་བར་འགྱུར་ཏེ། དེ་ནི་གྲུབ་པའི་མཚན་མ་ཡིན་པས་འཇིགས་པར་མི་བྱའོ། །ཇི་སྲིད་རྒྱ་མཚོ་ལས་བྲམ་ཟེའི་གཟུགས་ཀྱིས་འོང་བར་འགྱུར་རོ། །བདག་གིས་

ཅི་ཞིག་བྱ་ཞེས་སྨྲ་བ་ན་ཁྱོད་ངའི་དབང་དུ་གྱིས་ཤིག་ཅེས་སྨྲ་བར་བྱའོ། །དེ་ནས་གང་ཅི་བསྒོ་བ་དེ་ཐམས་ཅད་བྱེད་པར་འགྱུར་རོ། །ས་ལ་པདྨ་འདབ་མ་སྟོང་དང་ལྡན་པ་བྲིས་ཏེ། དེའི་སྟེང་དུ་འདུག་ནས་བརྒྱ་ཕྲག་སྟོང་བཟླས་པ་བྱས་ན་པདྨ་དེ་ས་ལས་འཕགས་ནས་གཡོག་

འཁོར་སྟོང་དང་བཅས་པ་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །བསྐལ་པ་ཆེན་པོར་གནས་པའི་རིག་པ་འཛིན་པའི་རྒྱལ་པོར་ཡང་འགྱུར་རོ། །ལམ་གཅོད་པར་བྱེད་པར་ཡང་མི་ནུས་སོ། །འོད་དཔག་ཚད་ལྔར་སྣང་བར་བྱེད་པར་འགྱུར་རོ། །ཆོ་འཕྲུལ་ཆེན་པོའི་ཟླ་བ་

ཕྱེད་ལ་སྣ་མའི་མེ་ཏོག་དང་ལྡན་པས་རེ་རེ་ཞིང་བཟླས་ཤིང་། བཅོམ་ལྡན་འདས་ཀྱི་གཙུག་ཏོར་གྱི་སྟེང་དུ་འབུམ་ཕྲག་གཅིག་ཕུལ་ན། ཇི་སྲིད་གཙུག་ཏོར་ནས་འོད་ཟེར་འབྱུང་བར་འགྱུར་ཏེ། སྒྲུབ་པ་པོའི་ལུས་ལ་ཞུགས་ཀྱི་བར་དུ་བྱས་ན་དེའི་མོད་ཁོ་ན་ལ་མངོན་པར་ཤེས་པ་

เล่ม ๘๘ · หน้า 231a

ལྔ་ཐོབ་པར་འགྱུར་རོ། །འབུམ་ཕྲག་བཅུ་བཟླས་པ་བྱས་ན་ཇི་ལྟ་ཇི་ལྟར་རབ་ཏུ་སྦྱར་བ་སྟེ་དེ་ལྟ་དེ་ལྟར་ལས་བྱེད་པར་འགྱུར་རོ། །བཅོམ་ལྡན་འདས་འདི་ཉིད་དང་ལྷན་ཅིག་གལ་ཏེ་རིག་པ་ཟློ་བར་བྱེད་ན་དེ་ངེས་པར་འོང་བར་འགྱུར་རོ། །མངོན་སུམ་དུ་

བཟླས་ན་ཡང་འོང་བར་འགྱུར་རོ། །གལ་ཏེ་འོང་བར་མི་བྱེད་ན་དེའི་མགོ་འགས་པའམ་སྐེམ་པར་འགྱུར་རོ། །ཡི་གེ་གཅིག་པ་འདི་ནི་གཞན་ཅི་ཞིག་ཡིན་ཏེ། གཙུག་ཏོར་འཁོར་ལོས་སྒྱུར་བ་དེ་བཞིན་གཤེགས་པ་འདི་ཉིད་མངོན་སུམ་ཡིན་ཏེ། ལྷ་དང་བཅས་པའི་

འཇིག་རྟེན་ན་སྔགས་དང་རིག་པ་ཐམས་ཅད་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པ་ཉིད་དོ། །གདུགས་དཀར་པོ་དང་གཟི་བརྗིད་ཕུང་པོ་ལ་སོགས་པ་ནི་འདིའི་གཡོག་འཁོར་ཡིན་ཏེ། གཙུག་ཏོར་གྱི་རྒྱལ་པོ་ཐམས་ཅད་ཀྱིས་ཀྱང་བསྒྲུབ་པར་བྱ་བ་ཡིན་ཏེ། ཆོ་ག་ཐམས་ཅད་

འདི་ཉིད་ལ་སྦྱར་བར་བྱ་ཞིང་། གཙུག་ཏོར་གྱི་རྒྱལ་པོ་ཐམས་ཅད་ཀྱིས་ཀྱང་འདི་བསྒྲུབ་པར་བྱའོ། །ཆོ་ག་ཐམས་ཅད་ཀྱིས་ཀྱང་འདི་བསྒྲུབ་པར་བྱའོ། །དངོས་གྲུབ་དམ་པ་འདོད་པས་ཀྱང་གནས་མ་ཡིན་པར་སྦྱར་བར་མི་བྱའོ། །གལ་ཏེ་སྦྱོར་བར་བྱེད་ན་གྲུབ་པ་དམ་པར་འགྱུར་

བ་མ་ཡིན་ཞིང་། མདོར་ན་ལྷ་ཐམས་ཅད་ཀྱང་འདིས་འགུགས་པར་བྱེད་དོ། །དེ་ནས་གཏེར་འབྱིན་པར་འདོད་ན་གང་དུ་གཏེར་ཡོད་པ་དེར་སོང་ལ། རྩ་བ་མི་གནག་པའི་བུམ་པ་བླངས་ནས་དྲི་ཞིམ་པོ་ཐམས་ཅད་ཀྱི་ལྡེ་གུས་བྱུགས་ཏེ། ཙནྡན་དཀར་པོ་དང་ཆུའི་ནང་དུ་བཅུག་སྟེ།

སྟོང་རྩ་བརྒྱད་མངོན་པར་བསྔགས་པ་བྱས་ནས་གལ་ཏེ་གཏེར་ཡོད་ན་ས་དེ་རང་བྱེ་བར་འགྱུར་རོ། །གལ་ཏེ་གཏེར་དེ་མི་གང་ཙམ་ན་ཡོད་ན་ཆུས་གཏོར་ལ་ཁྲུ་གང་ཙམ་བརྐོས་ལ་བླང་བར་བྱའོ། །ཅི་སྟེ་སེང་གེ་བསྒྲུབ་པར་འདོད་ན་གྲོག་མཁར་གྱི་ས་དང་གི་ཝང་གི་ལྡེ་གུས་བསྲེས་པའི་གོང་

བུ་ལས་བྱས་ནས་བཞག་སྟེ། མཆོད་པ་རྒྱ་ཆེན་པོ་བྱས་ལ་ཇི་སྲིད་འགུལ་བ་དེ་སྲིད་ཀྱི་བར་དུ་བཟླས་པ་བྱས་ན་འགྲུབ་པར་འགྱུར་ཏེ་འགུལ་བ་ན་འགྲུབ་པར་འགྱུར་རོ། །རྒྱབ་ཏུ་ཞོན་ན་རྣ་ཆ་གདུབ་ཀོར་དང་འདྲ་ཞིང་འཁྱིལ་བའི་སྐྲ་དང་བདག་དང་བཅས་པའི་འཁོར་ལྔ་བཅུ་དང་ནམ་མཁའ་ལ་

เล่ม ๘๘ · หน้า 231b

འགྲོ་བར་འགྱུར་རོ། །ཚངས་པ་ཇི་ལྟ་བར་ལོ་སྟོང་ཕྲག་དགུར་འཚོ་བར་འགྱུར། རིག་པ་འཛིན་པ་ཐམས་ཅད་ཀྱིས་མི་ཐུབ་པར་འགྱུར་རོ། །དེ་བཞིན་དུ་གླང་པོ་ཆེ་དང་མ་ཧེ་བསྒྲུབ་པར་བྱའོ། །གང་གི་ཚེ་སེང་གེ་སེང་གེའི་སྒྲ་སྒྲོགས་པ་དེའི་ཚེ་ལྷ་རྣམས་སྟན་ལས་ས་ལ་ལྟུང་བར་

འགྱུར་རོ། །པདྨའི་མཚོར་ཕྱིན་ནས་པདྨ་འབུམ་གྱིས་མཆོད་ན་ས་ཀུན་གྱི་རྒྱལ་ཐབས་ཐོབ་པར་འགྱུར་རོ། །ཤིང་ཀ་ར་བཱི་རའི་ཏོག་ཁ་མ་འབུས་པའི་སྦྱིན་སྲེག་འབུམ་བྱས་ན་རྒྱལ་པོའི་བུ་མོ་ཐོབ་པར་འགྱུར་རོ། །སྣ་མའི་མེ་ཏོག་འབུམ་གྱིས་རྒྱ་མཚོར་འགྲོ་བའི་ཆུ་བོ་ལ་

སྔགས་དང་བཅས་པས་གཏོར་ན། གང་འདོད་པའི་བུ་མོ་ཐོབ་པར་འགྱུར་ཞིང་གྲུབ་པ་མཆོག་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །གཙུག་ཏོར་འཁོར་ལོས་སྒྱུར་བ་འདིའི་སྔགས་ཀྱིས་ནི་དེ་གང་དུ་འོངས་པ་དེར་དབང་པོ་ཡང་དེ་ལ་སྟན་སྟོབས་པར་འགྱུར་རོ། །ལྷའི་རྒྱལ་པོ་

ཐམས་ཅད་ཀྱིས་ཀྱང་རིང་པོ་ནས་མཐོང་ན་འཇིགས་པས་དགའ་བར་འགྱུར་རོ། །ལྷ་རྣམས་ཀྱི་རྒྱལ་པོ་ཐམས་ཅད་དུ་ཡང་འགྱུར་རོ། །དེ་ལྟར་རྒྱ་ཆེར་བཅོམ་ལྡན་འདས་ཤཱཀྱ་སེང་གེ་མི་མཆོག་གིས་གསུངས་པ་ཡིན་ནོ། །འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག །

བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། ཡི་གེ་གཅིག་པའི་འཁོར་ལོས་སྒྱུར་བའི་ལས་ཀྱི་ཆོ་ག་དང་རས་རིས་བསྟན་པའི་ལེའུ་རབ་འབྱམ་ལས་ཉི་ཤུ་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གཞན་ཡང་

གནས་གཙང་མའི་གཞལ་མེད་ཁང་ལ་གཟིགས་ནས། དེ་ན་གནས་པའི་ལྷའི་ཚོགས་ཐམས་ཅད་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། ཉན་ཐོས་དང་། འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་བསྟན་པ་འདི་

ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནོར་དུ་གྱུར་པ། ཆོས་ཀྱི་མཛོད་འཇིག་རྟེན་པ་རྣམས་ཀྱི་བསམ་པ་འབྲས་བུ་དང་བཅས་པ་བྱེད་པའི་ཕྱིར་ནོར་བུ་རིན་པོ་ཆེ་ལྟ་བུར་གྱུར་པའོ། །དུས་ཀྱི་ཐ་མའི་དུས་དེའི་ཚེ་དེ་བཞིན་གཤེགས་པ་རྣམས་ཡོངས་སུ་མྱ་ངན་ལས་འདས་ཤིང་སངས་

เล่ม ๘๘ · หน้า 232a

རྒྱས་ཀྱི་ཞིང་དག་སྟོངས་པ་ན་དམ་པའི་ཆོས་ཀྱི་ཚུལ་ནུབ་པའི་དུས་ཚོད་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་མཛོད་ཡང་དག་པར་བསྲུང་བའི་ཕྱིར་གཞོན་ནུ་ཁྱོད་ཀྱི་སྔགས་དང་རྒྱུད་རྣམས་ཀྱི་ཆོ་གའི་རྒྱལ་པོ་ནི་ཐུན་མོང་དུ་གྱུར་ཅིང་གཏེར་དུ་གྱུར་

པར་འགྱུར་བ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་བསམས་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཆོ་ག་བཞིན་དུ་བཟླས་པ་བྱས་ན་ཐོབ་པ་ཡིན་ནོ། །འཇམ་དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་དང་རྒྱུད་རྣམས་ཀྱི་འདི་ནི་སྙིང་པོར་གྱུར་པ་ཡིན་ཏེ། གཞོན་

ནུ་ཁྱོད་ཀྱི་ཆོ་གའི་རྒྱལ་པོ་འདི་ནི་མཆོག་ཏུ་གྱུར་པ་ཡིན་ནོ། །ཡི་གེ་གཅིག་པའི་འཁོར་ལོས་སྒྱུར་བ་འདི་བཟླས་པས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིག་པའི་རྒྱལ་པོ་བཟླས་པར་འགྱུར་རོ། །འཇམ་དཔལ་གཞན་ཡང་ཁྱོད་ཀྱི་ཆོ་གའི་རྒྱལ་པོ་གཏེར་དུ་གྱུར་པ། སྙིང་

པོར་གྱུར་པ། མཆོག་ཏུ་གྱུར་པ། གཙོ་བོར་གྱུར་པ། ཡི་གེ་གཅིག་པ་སྔོན་བྱུང་བར་འགྱུར་རོ། །འདས་པའི་དུས་དང་འདས་པའི་དུས་ཚོད་དུ་གང་གཱའི་ཀླུང་གི་བྱེ་མ་དྲུག་ཅུ་རྩ་གཉིས་སྙེད་ཀྱི་དེ་བཞིན་གཤེགས་པ་དང་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་རྣམ་པར་ངེས་པའི་དབང་པོའི་

རྒྱལ་པོ་ཞེས་བྱ་བ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་

བཅོམ་ལྡན་འདས་གང་གིས་དྲན་པ་ཙམ་མམ་མཚན་འཛིན་པས་ཀྱང་མཚམས་མེད་པ་ལྔའི་ལས་ཀྱང་ཟད་པར་འགྱུར་རོ། །གང་གི་མཚན་ཐོས་པ་ཙམ་གྱིས་ཀྱང་སེམས་ཅན་མང་པོ་ངེས་པར་བྱང་ཆུབ་ལ་གཞོལ་བར་འགྱུར་ན་སྔགས་འགྲུབ་པ་ལྟ་སྨོས་ཀྱང་ཅི་དགོས། སྔགས་ཟློས་

པ་ཐམས་ཅད་ཀྱིས་ཀྱང་ངེས་པར་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་རྣམ་པར་ངེས་པའི་དབང་པོའི་རྒྱལ་པོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འདི་ལ་དང་པོར་ངག་གིས་ཀྱང་ཕྱག་བྱས་ཏེ། བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་རྣམ་པར་ངེས་པའི་དབང་པོའི་རྒྱལ་པོ་དེ་བཞིན་

เล่ม ๘๘ · หน้า 232b

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །དེ་བཞིན་དུ་དེ་ནས་འོད་དཔག་མེད་དང་རིན་ཆེན་ཏོག་ལ་ཕྱག་བྱའོ། །དེ་ནས་སངས་རྒྱས་ཐམས་ཅད་ལ་ཕྱག་བྱས་ནས་ཅི་འདོད་པའི་སྔགས་བཟླས་པ་བྱས་ན་མྱུར་དུ་གྲུབ་པ་སྩོལ་

བར་འགྱུར་ཏེ། གང་གི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་གསུམ་གྱི་མཚན་ཡོངས་སུ་བསྒྲགས་པ་དང་ཕྱག་འཚལ་བས་ནི་བསོད་ནམས་ཆེན་པོ་འཕེལ་བའི་ཕྱིར་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཡང་ཕྱག་འཚལ་བས་ནི་ངེས་པར་བྱང་ཆུབ་ལ་གཞོལ་བ་དང་དགེ་

བའི་ཚོགས་འདི་ཡོངས་སུ་རྫོགས་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་གྲངས་སུ་འགྲོ་ཞིང་དེའི་སྔགས་ཀྱང་མྱུར་དུ་འགྲུབ་པ་སྩོལ་བར་འགྱུར་རོ། །ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་རྣམ་པར་ངེས་པའི་དབང་པོའི་རྒྱལ་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་

རྫོགས་པའི་སངས་རྒྱས་ཀྱིས་ཡི་གེ་གཅིག་པའི་སྔགས་འདི་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་སྔགས་དང་རྒྱུད་ཐམས་ཅད་ཀྱི་མངོན་པར་འདོད་པ། སྔགས་ཐམས་ཅད་ཀྱི་དོན་སྒྲུབ་པར་བྱེད་པ། འཇམ་པའི་དབྱངས་ཁྱོད་ཀྱི་ཆོ་གའི་རྒྱལ་པོ་མཆོག་ཏུ་

གཙང་བ་དང་གཙང་བ་དམ་པ་དང་འཇིག་རྟེན་རྣམས་ལ་ཕན་པའི་ཕྱིར་རབ་ཏུ་སྦྱར་བར་བྱའོ། །སློབ་མ་མ་ཡིན་པ་དང་ཆོས་དང་མི་ལྡན་པ་དང་དེ་བཞིན་དུ་སྟོན་པ་དང་བསྟན་པ་ལ་མ་དད་པ་དང་གཞན་གྱིས་ཕམ་པ་དང་མ་རུངས་པ་དང་ང་རྒྱལ་ཅན་དང་སྟོན་པ་དང་བསྟན་པ་ལ་ཉེས་པ་ཚོལ་

བ་ལ་ནི་ནམ་ཡང་རབ་ཏུ་སྦྱར་བར་མི་བྱའོ། །རྒྱལ་བའི་སྲས་ལ་རབ་ཏུ་མི་དང་བ་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཡང་མཆོད་པ་དང་རྗེས་སུ་གཟུང་བ་མི་བཟོད་པ་དེ་ལ་ནི་ངས་སྦྱིན་པར་མི་བྱའོ། །དེ་ལ་ནི་སྔགས་གྲུབ་པ་མི་སྣང་སྟེ། དད་ཅིང་ཞི་བའི་སེམས་ལྡན་དང་། །

སངས་རྒྱས་བསྟན་ལ་རབ་ཏུ་དང་། །བྱང་ཆུབ་སེམས་ལ་རྟག་ཏུ་ནི། །མཆོད་དང་རྗེས་བཟུང་དེ་གཙོར་བྱེད། །དེ་ལ་སྔགས་འདི་འགྲུབ་འགྱུར་ཞེས། །ཆོ་ག་འདིར་ནི་ཡང་དག་བསྟན། །སྔགས་ཆེན་ཡི་གེ་གཅིག་པ་ནི། །འཇམ་པའི་དབྱངས་ཀྱིས་ངེས་པར་སྦྱར། །འཇིག་

เล่ม ๘๘ · หน้า 233a

རྟེན་མགོན་འདིས་སྔགས་འདི་ནི། །རེ་བ་སྐྱེད་བྱེད་སྩོལ་བ་ཡིན། །སངས་རྒྱས་ཀུན་གྱི་སྙིང་པོ་ཡིན། །སྔགས་རྣམས་མ་ལུས་འབྱུང་བའི་གནས། །བདུན་ཅུ་རྩ་དྲུག་བྱེ་བ་ནི། །རང་བྱུང་ཉིད་ཀྱིས་སྔོན་གསུངས་པ། །ལུས་ཅན་སྡིག་པས་རྨོངས་

རྣམས་ལ། །སྔགས་རྣམས་དགེ་བའི་དོན་དུ་ཡིན། །དེ་བཞིན་གཤེགས་རྣམས་ཀུན་གྱི་སྔགས། །སྟོན་པའི་གཟུགས་སུ་ཡང་དག་གནས། །དེ་དག་ལ་འདི་སྙིང་པོར་འགྱུར། །རིག་པའི་རྒྱལ་པོ་རྫུ་འཕྲུལ་ཆེ། །ཡི་གེ་གཅིག་པོར་རྟག་པར་གནས། །ཐེར་ཟུག་

ཏུ་ཡང་འདི་རབ་འཇུག །འདིར་ནི་ཆོས་ཀྱི་མཐར་གནས་ཏེ། །འགྲོ་ལ་ཕན་ཕྱིར་སངས་རྒྱས་ཡིན། །ཆོས་ཀྱི་ཚུལ་ལ་ཡང་དག་གནས། །འདི་ནི་ཡི་གེ་གཅིག་པ་ཡིན། །སྔགས་ནི་དོན་རྣམས་མ་ལུས་སྒྲུབ། །རྒྱལ་པོ་མ་རུངས་ཟློག་བྱེད་ཡིན། །ལས་ནི་སྣ་ཚོགས་

བྱེད་པ་ཡིན། །ལས་ཀུན་མ་ལུས་སྒྲུབ་པའོ། །ལས་ནི་རྩ་བརྒྱད་སྟོང་པོ་རྣམས། །ངེས་པར་ཡང་ནི་བྱེད་པར་འགྱུར། །ཆོ་ག་མཐོང་བའི་ལས་ཀྱིས་ནི། །ཕུན་སུམ་ཚོགས་པ་སྣ་ཚོགས་སྟེར། །འཇམ་དཔལ་གྱི་ནི་སྙིང་པོ་ནི། །ཡི་གེ་མ་དང་ཡང་དག་ལྡན། །

ཡི་གེ་ཨུ་དང་རྟག་འགྲོ་ཞེས། །འཇིག་རྟེན་ན་ནི་རྟག་འཇུག་འགྱུར། །ཚེ་དང་ཡེ་ཤེས་དཔག་མེད་རྒྱལ། །དབང་པོས་ངེས་པའི་དོན་དུ་གསུངས། །འཇམ་པའི་དབྱངས་ལ་སངས་རྒྱས་ཀྱིས། །དབང་གི་དོན་དུ་འདི་རབ་སྦྱིན། །དེས་ན་དུས་མཐའི་འཇིག་རྟེན་འདིར། །སྟོན་

པ་མྱ་ངན་འདས་པ་ན། །ཆོ་ག་མཐོང་བའི་རྒྱུ་ཡིས་ནི། །མྱུར་དུ་གྲུབ་པར་འགྲོ་བར་འགྱུར། །ཚེ་ནི་དཔག་མེད་ཅེས་བྱ་བས། །རྣམ་པར་བརྟགས་པར་གྱུར་པ་ཡིན། །དེར་ནི་བཅོམ་ལྡན་སངས་རྒྱས་ཏེ། །ཆོས་ཀྱི་འཁོར་ལོ་སྐོར་བྱེད་པ། །དཔག་མེད་བསྐལ་པར་

གནས་པ་དང་། །ཚེ་ལ་དབང་བར་བྱིན་གྱིས་བརླབས། །དེ་ཉིད་ཕྱིར་ན་དེ་མཚན་གྱུར། །དཔག་མེད་ཚེ་དང་ཡེ་ཤེས་དེས། །འཇིག་རྟེན་ཀུན་གྱི་རྒྱལ་པོའི་དབང་། །རྫུ་འཕྲུལ་ཆེ་འདི་དེ་བཞིན་གཤེགས། །དེ་ནི་སྔགས་མཆོག་གཙོ་འདི་བྱིན། །སངས་རྒྱས་སྲས་པོ་བློ་དང་

เล่ม ๘๘ · หน้า 233b

ལྡན། །སྲས་ཀྱི་གཙོ་བོ་དམ་པ་ནི། །རྫུ་འཕྲུལ་ཆེ་ཞིང་སྟོབས་ཀྱང་ཆེ། །དེ་ནས་སྲས་པོ་དེ་ཉིད་ཀྱིས། །འདི་ནི་ཀུན་ཏུ་བཟང་ལ་སྦྱོར། །དེ་ནས་སངས་རྒྱས་སྲས་རྣམས་ལ། །དེ་ནི་དེ་བཞིན་གཤེགས་དག་གིས། །སྔགས་རྣམས་ཀྱི་ནི་མཆོག་གྱུར་པ། །ཆོས་ཀྱི་

རྒྱལ་པོས་གསུངས་པ་ནི། །འབྱུང་པོ་རྣམས་ལ་ཕན་དོན་དུ། །སྔགས་རྣམས་མ་ལུས་གསུངས་པ་ཡིན། །ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་རྣམ་པར་ངེས་པའི་དབང་པོའི་རྒྱལ་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ། །

སཱ་ལའི་དབང་པོའི་རྒྱལ་པོ་ཚེ་དཔག་ཏུ་མེད་པ་དང་འོད་དཔག་ཏུ་མེད་པ་དང་རིན་ཆེན་ཏོག་ལ་སོགས་པ་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་རྣམས་ལ་ཕྱག་འཚལ་ནས་ལན་གསུམ་སྔགས་བཟླ་བར་བྱའོ། །ཡི་གེ་གཅིག་པོ་དེ་གང་ཞེ་ན། མུ། གྲོགས་པོ་དག་འདི་ནི་ཚེ་དང་

ཡེ་ཤེས་དཔག་ཏུ་མེད་པ་རྣམ་པར་གདོན་མི་ཟ་བའི་དབང་པོའི་རྒྱལ་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀོད་པ་དཔག་ཏུ་མེད་པ་དང་ལྡན་པའི་འཇིག་རྟེན་གྱི་ཁམས་སུ་བཞུགས་ཏེ་གསུངས་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དང་ཕན་པ་དང་

བདེ་བ་དང་འཇིག་རྟེན་ལ་སྙིང་བརྩེ་བའི་ཕྱིར་དང་སྐྱེ་བོའི་ཚོགས་ཆེན་པོའི་དོན་དང་མ་འོངས་པའི་སྐྱེ་བོ་དག་ལ་གཟིགས་ནས་བསྟན་པ་ནུབ་པའི་དུས་ཚོད་དུ་མཁྱེན་ནས་དུས་ཀྱི་ཐ་མ་ལ་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པའི་མ་རུངས་པའི་རྒྱལ་པོ་བཟློག་པའི་ཕྱིར་དང་། དེ་བཞིན་གཤེགས་

པ་ཐམས་ཅད་ཀྱི་ཐུགས་ཀྱི་སྲས་ཀྱི་གཙོ་བོ་མཐུ་ཆེན་པོ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་སྦྱིན་པའི་ཕྱིར་དང་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་ཀུན་ཏུ་བཟང་པོ་ལ་བྱིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དེས་ཀྱང་འཇམ་དཔལ་

གཞོན་ནུར་གྱུར་པ་ལ་བྱིན་ནོ། །འཇམ་དཔལ་གཞོན་ནུར་གྱུར་པ་དེས་ཀྱང་སེམས་ཅན་ཐམས་ཅད་རྗེས་སུ་གཟུང་བའི་ཕྱིར་སྙིང་རྗེ་ཆེན་པོའི་དབང་གིས་སྙིང་གི་གནས་སུ་རང་གི་ལུས་ལ་བཞག་གོ །མ་འོངས་པའི་དུས་ལ་བལྟོས་ནས་དུས་ཀྱི་ཐ་མ་བསྟན་པ་ནུབ་པའི་དུས་ཚོད་ལ་

เล่ม ๘๘ · หน้า 234a

དེ་བཞིན་གཤེགས་པའི་ཐ་མ་བདག་གིས་ཀྱང་བསྟན་ཏེ། རྩོད་པའི་དུས་དང་བསྟན་པ་འཇིག་པའི་དུས་སུ་ངའི་བསྟན་པ་ཡང་དག་པར་བསྲུང་བའི་དོན་བྱེད་པར་འགྱུར་རོ། །འདིའི་ཆོ་ག་གཞན་ཡང་མདོར་བསྡུས་ནས་བརྗོད་པར་བྱ་བ་ནི་འཇམ་པའི་དབྱངས་

གཞོན་ནུ་ཉོན་ཅིག །བདག་ཉིད་ཆེན་པོའི་ཆོ་ག་རྒྱ་ཆེ་བ་འདིའི་ཆོ་གའི་རྒྱལ་པོའི་དབང་པོ་བརྗོད་པར་བྱ་སྟེ། དང་པོར་རེ་ཞིག་རིའི་རྩེ་མོར་འཛེགས་ཏེ། འབུམ་ཕྲག་སུམ་ཅུ་བཟླས་པ་བྱས་ན་སྔར་བསྙེན་པ་བྱས་པར་འགྱུར་རོ། །འོ་མས་འཚོ་ཞིང་མི་སྨྲ་བའི་བརྟུལ་

ཞུགས་དང་སྔགས་གཞན་ལ་མི་རྟེན་པ་དང་། གཞན་ལ་མི་སེམས་པ་དང་། སྐྱབས་གསུམ་ཡོངས་སུ་བླངས་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཁྲིམས་ལྔའི་སྡོམ་པ་ཡང་དག་པར་བླངས་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་བླངས་པས་བཟླས་

པ་བྱས་ལ་དེས་ལས་རྣམས་བྱ་བ་སྟེ། དང་པོར་རེ་ཞིག་རས་ལ་རི་མོ་བྱ་བ་ནི་རི་མོ་མཁན་གསོ་སྦྱོང་བྱས་ལ་ཚོན་མ་འདྲེས་པ་དག་གིས་བྲིའོ། །གཙང་མའི་རས་ཀྱི་དུམ་བུ་གང་ཡང་རུང་བའམ་དར་ལ་ཙནྡན་དང་ག་པུར་དང་གུར་གུམ་གྱི་ཆུས་གཏོར་ལ། གཙང་བའི་ས་ཕྱོགས་སུ་

གཙང་བའི་རི་མོ་བྱེད་པ་དཀར་གསུམ་ཟ་ཞིང་གོས་དཀར་པོ་གྱོན་པས་ཟླ་བ་ཉ་བའི་བཅྭ་ལྔ་ལ་ཉི་མ་འཆར་བའི་དུས་སུ་རྣམ་པར་དག་པའི་རྒྱུ་སྐར་ལ་ཉི་མ་ཕྱེད་པའི་བར་དུ་བྲི་བར་བྱ་སྟེ་དེ་ནས་བྲི་བ་སྤང་བར་བྱའོ། །དེ་བཞིན་དུ་ཉིན་རེ་ཞིང་ཡང་ཡོངས་སུ་རྫོགས་ཀྱི་བར་དུ་བྱའོ། །དང་

པོར་རེ་ཞིག་རས་ལ་ཚེ་དཔག་ཏུ་མེད་པའི་འཇིག་རྟེན་གྱི་ཁམས་བྲི་བར་བྱའོ། །རས་ཁྲུ་གང་ཙམ་མམ་བདེ་བར་གཤེགས་པའི་མཐོ་གང་གི་ཚད་དམ། རས་ཁྲུ་བཞི་པ་ལ་ཁོར་ཡུག་ཏུ་ཚེ་དཔག་ཏུ་མེད་པའི་འཇིག་རྟེན་གྱི་ཁམས་བྲིའོ། །པདྨ་རཱ་ག་དང་ཨིནྡྲ་ནཱི་ལ་དང་

ཤེལ་དང་རིན་པོ་ཆེ་མརྒད་ཀྱི་རས་རིས་ཀྱི་འོག་གི་ཕྱོགས་སུ་མཛེས་པར་བྱའོ། །དེ་དག་གི་སྟེང་གི་ཕྱོགས་སུ་རིན་པོ་ཆེའི་གཞལ་མེད་ཁང་མཛེས་པའི་རྣམ་པ་དང་རྒྱལ་མཚན་དང་བ་དན་མཛེས་པའི་རྣམ་པར་བསྒྲེང་བ་དང་དེའི་དབུས་སུ་ཚེ་དཔག་ཏུ་མེད་པ་རྣམ་པར་གདོན་མི་ཟ་བའི་

เล่ม ๘๘ · หน้า 234b

དབང་པོའི་རྒྱལ་པོ་དེ་བཞིན་གཤེགས་པ་ཆོས་འཆད་པ་སེང་གེའི་ཁྲི་ལ་བཞུགས་པ། ཀུན་ནས་འོད་ཀྱི་ཕྲེང་བ་རབ་ཏུ་འབར་བ། ཁ་དོག་ཅུང་ཟད་དམར་ཞིང་དཀར་བ། གཡོན་ཕྱོགས་སུ་མཐིང་ཤིང་གི་རྡོ་ལ་བཞུགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་

ཐོབ་ཕྱག་གཡས་ན་རྔ་ཡབ་ཐོགས་ཤིང་དེ་བཞིན་གཤེགས་པ་ལ་གཏོད་པའི་ལྟ་བ་དང་ལག་པ་གཡོན་ན་སྐྱུར་རྩི་ཆེན་པོའི་ཤིང་ཐོག་ཐོགས་པ། མེ་ཏོག་པྲི་ཡང་ཀུ་ལྟར་སྔོ་སངས་གཞོན་ནུའི་རྒྱན་གྱིས་ལུས་བརྒྱན་པ། ཀུན་ནས་ཁོར་ཡུག་ཏུ་འོད་འཕྲོ་བ། གཡས་ངོས་

སུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་རིན་པོ་ཆེའི་རི་ལ་བཞུགས་པ། ལག་པ་གཡས་པ་ན་རྔ་ཡབ་ཐོགས་ཤིང་གཡོབ་པ། ལག་པ་གཡོན་པ་ན་རིན་པོ་ཆེ་ཐོགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རིན་པོ་ཆེའི་ཅོད་པན་གྱིས་བརྒྱན་པ།

མེ་ཏོག་པྲི་ཡང་ཀུ་ལྟར་ཅུང་ཟད་དཀར་བ། རས་སྔོན་པོ་གཡོ་བ་དང་ལྡན་པས་གཡོགས་པ། མུ་ཏིག་གི་ཕྲེང་བ་དང་རིན་པོ་ཆེས་མཆོད་ཕྱིར་ཐོགས་བྱས་པ། ཁོར་ཡུག་རབ་ཏུ་འབར་བས་འབྲེལ་བ་དེའི་གཡས་ངོས་སུ་འཕགས་པ་འཇམ་དཔལ་རིན་པོ་ཆེའི་རི་ལ་གནས་པ།

གཞོན་ནུར་གྱུར་པ་ཟུར་ཕུད་ལྔས་མགོ་ལེགས་པར་མཛེས་པར་བྱས་པ། བྱིས་པ་གཞོན་ནུའི་རྒྱན་གྱིས་བརྒྱན་པ། གསེར་གྱི་མདོག་དང་འདྲ་བ། དར་སྔོན་པོ་གཡོ་བ་ཅན་མནབས་པ། མུ་ཏིག་གི་ཕྲེང་བ་དང་རིན་པོ་ཆེ་འཛིན་ཅིང་འདྲེས་པའི་མཆོད་ཕྱིར་ཐོགས་བྱས་པ། དེ་བཞིན་

གཤེགས་པར་སོང་བའི་ལྟ་བ་ཅུང་ཟད་བཞིན་འཛུམ་པ་དང་ལྡན་པ། ཞི་བའི་རྣམ་པ་གཟུགས་མཛེས་པ། ཐལ་མོ་སྦྱར་བ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་བྲི་བར་བྱའོ། །དེའི་འོག་ཏུ་རྟགས་དང་ཆ་བྱད་དང་དབྱིབས་འཛིན་པའི་སྒྲུབ་པ་པོ་མེ་ཏོག་གི་ཕྲེང་བ་འཛིན་ཅིང་། པུས་མོའི་

ལྷ་ང་ས་ལ་བཙུགས་ནས་ཡང་དག་པར་འདུག་པ་དང་མགོ་མངོན་པར་བཏུད་པ་རས་རིས་ཀྱི་ཟུར་གྱི་མཐའ་མའི་ཕྱོགས་སུ་བྲི་བར་བྱའོ། །བཅོམ་ལྡན་འདས་ཀྱི་སྟེང་དུ་སངས་རྒྱས་བཅོམ་ལྡན་འདས་བཞི་བྲི་བར་བྱའོ། །གཡས་ཕྱོགས་སུ་དེ་བཞིན་གཤེགས་པ་གཉིས་བྲི་བར་བྱ་བ་ལ། སཱ་ལའི་

เล่ม ๘๘ · หน้า 235a

དབང་པོའི་རྒྱལ་པོ་དང་རིན་ཆེན་ཏོག་ཁོར་ཡུག་ཏུ་ཀུན་ནས་འབར་བའི་འོད་དང་ལྡན་པ། གཡོན་ཕྱོགས་སུ་གསེར་ཐུབ་དང་འོད་སྲུང་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། མེ་ཏོག་ཐམས་ཅད་ཀྱིས་གཅལ་བཀྲམ་པ། པདྨའི་གདན་གཉིས་ལ་བཞུགས་

པ། ཧ་ཅང་མི་རིང་བ་ན་ཆོས་འཆད་ཅིང་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཞི་བའི་རྣམ་པ་དང་ལྡན་པ། བཅོམ་ལྡན་འདས་ཀྱི་སྟེང་ནས་མེ་ཏོག་གི་ཆར་རབ་ཏུ་འབེབས་པ། སྤྲིན་གྱི་ནང་ནས་རོ་སྟོད་བྱུང་བ། དེ་བཞིན་གཤེགས་པའི་སྐུ་ནམ་མཁའ་ལ་ལྡིང་བ་སྤྱན་མཛེས་ཞེས་བྱ་

བ་མངོན་པར་བྲི་བར་བྱ་བ་ནི། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། ཀུན་ནས་འབར་བའི་འོད་ཀྱི་ཕྲེང་བ་དང་ལྡན་པ། ཕྱག་གཡས་པས་མཆོག་སྦྱིན་པ། ཕྱག་གཡོན་པས་ཆོས་གོས་ཀྱི་ཐ་མ་ལ་འཛིན་པ། འདི་ནི་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་རྣམ་པར་གདོན་མི་ཟ་

བའི་རྒྱལ་པོའི་དབང་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རས་རིས་ཆོ་ག་བཅོམ་ལྡན་འདས་འདི་ཉིད་ཡི་གེ་གཅིག་པའི་སྔགས་ཀྱི་མཆོག་འདི་ཡིན་ཏེ། འདི་ནི་གཙུག་ཏོར་གྱི་རྒྱལ་པོ་གཙུག་ཏོར་འཁོར་ལོས་སྒྱུར་བ་དང་རབ་ཏུ་འགྲན་

པ། བརྩོན་འགྲུས་མཚུངས་པ། སྟོབས་མཚུངས་པ་འདིའི་ཡོན་ཏན་རྒྱ་ཆེ་བའི་མཐུ་ནི་བསམ་གྱིས་མི་ཁྱབ་སྟེ། རྫུ་འཕྲུལ་ཆེ་ཞིང་སྟོབས་ཆེ་བ། མདོར་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་གྱི་རྒྱལ་པོ་འཁོར་ལོས་སྒྱུར་བ་ཡིན་ནོ། །ཡི་གེ་གཅིག་པ་ལ་ཆོ་

ག་རྒྱ་ཆེར་བསྟན་པ་གང་ཡིན་པ་དེ་ཐམས་ཅད་ཀྱང་བྱེད་དོ། །མ་བསྒྲུབས་ཀྱང་བཟླས་པ་ཙམ་གྱིས་ཀྱང་ལས་རྣམས་བྱེད་ན་བསྒྲུབས་པས་ལྟ་སྨོས་ཀྱང་ཅི་དགོས། ཇི་ལྟར་འདོད་པའི་འབྲས་བུ་ཕུན་སུམ་ཚོགས་པ་དང་འདོད་པ་ཡང་ཐོབ་པར་འགྱུར་རོ། །ཡིད་ཀྱིས་གང་

མངོན་པར་འདོད་པ་དེ་རས་རིས་མཐོང་བ་ཙམ་གྱིས་འགྲུབ་པར་འགྱུར་རོ། །ངེས་པར་བྱང་ཆུབ་ལ་གཞོལ་བར་འགྱུར་རོ། །དེ་ཉིད་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་རྣམ་པར་གདོན་མི་ཟ་བའི་རྒྱལ་པོའི་དབང་པོས་བྱིན་གྱིས་བརླབས་པ་ནི་དེ་བཞིན་གཤེགས་

เล่ม ๘๘ · หน้า 235b

པ་ཐམས་ཅད་ཀྱི་སྙིང་པོ་ཞེས་བརྗོད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་གྱི་རྒྱལ་པོ་ཞེས་བརྗོད་དོ། །འཁོར་ལོས་སྒྱུར་བ་ཞེས་བརྗོད་དོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོ་ཞེས་བརྗོད་དོ། །འཇམ་དཔལ་གཞོན་ནུར་གྱུར་པའི་སྙིང་པོ་ཞེས་བརྗོད་

དོ། །ཡི་གེ་གཅིག་པ་ཞེས་བརྗོད་དོ། །མདོར་ན་འདིའི་མཐུ་ནི་བསམ་གྱིས་མི་ཁྱབ་སྟེ། གང་གི་ཕྱིར་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་པ་ནི་བསམ་གྱིས་མི་ཁྱབ་བོ། །སངས་རྒྱས་ཀྱི་རྣམ་པར་འཕྲུལ་བ་ནི་བསམ་གྱིས་མི་ཁྱབ་བོ། །སྒྲུབ་པ་མེད་པ་དང་སྔོན་

དུ་སྤྱོད་པ་མ་བྱས་པ་དང་ཁྱིམ་གྱི་རྩོམ་པ་ཐམས་ཅད་ལ་རབ་ཏུ་གནས་པ་དང་བཟའ་བ་ཐམས་ཅད་ཤ་དང་ཆང་དང་གྲོང་གི་ཆོས་ལ་རབ་ཏུ་ཞུགས་པ་དག་ལ་ཡང་འགྲུབ་སྟེ། དད་པ་མེད་པ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་མེད་པ་ནི་མ་གཏོགས་ཏེ་འདི་དག་ལ་ནི་གྲུབ་པ་མེད་དོ། །དཀོན་

མཆོག་གསུམ་ལ་གནོད་པ་བྱེད་པ་དང་དེ་ལ་ཞུགས་པ་ལ་གནོད་པ་བྱེད་པ་དང་འདི་དག་ལ་ཡང་ལས་ཕྲ་མོ་ཡང་གྲུབ་པ་མེད་ན། གྲུབ་པ་འབྲིང་དང་རབ་ལ་ནི་ལྟ་སྨོས་ཀྱང་ཅི་དགོས། འདོད་པ་ཐམས་ཅད་དང་བཟའ་བ་དང་སྤྱོད་པ་གཙོར་བྱེད་པའི་སྒྲུབ་པ་པོ་ལ་ནི་ལས་སྟོང་རྩ་བརྒྱད་

ཀྱི་ལས་ཕྲན་ཚེགས་ལ་རབ་ཏུ་སྦྱར་བས་འགྲུབ་པར་འགྱུར་རོ། །དེ་དག་ཀྱང་གང་ཞེ་ན། དང་པོར་རེ་ཞིག་ལན་གཅིག་བཟླས་པས་བདག་བསྲུང་ངོ་། །ལན་གཉིས་བཟླས་པས་གཞན་བསྲུང་བར་འགྱུར་རོ། །ལན་གསུམ་བཟླས་པས་སྲུང་བ་དམ་པར་འགྱུར་རོ། །བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཅུ་ལ་རབ་ཏུ་གནས་པས་ཀྱང་ཡང་དག་པར་བསྐྱོད་པར་མི་ནུས་ན། དེ་ལས་གཞན་པའི་སེམས་ཅན་གྱིས་ལྟ་སྨོས་ཀྱང་ཅི་དགོས། ཚོན་སྣ་ལྔའི་སྐུད་པ་ལ་ལན་བཞི་བཟླས་ནས་རྐེད་པར་བཅིངས་ན་ས་བོན་བསྡམས་པར་འགྱུར་བ་ཡིན་

ཏེ། རྨི་ལམ་ན་ཡང་འདི་ལ་ས་བོན་འབྱུང་བར་མི་འགྱུར་རོ། །རང་འདོད་པ་ནི་མ་གཏོགས་ཏེ་དེ་ཉིན་པར་རམ་མཚན་མོ་གཅིག་ལ་གལ་ཏེ་འདོད་པ་ན་ཉི་མ་རེ་རེ་ཞིང་བྱའོ། །ཅི་སྟེ་མི་འདོད་ན་ཐལ་བ་ལ་ལན་བདུན་བསྔགས་པ་བྱས་ནས་ལྟེ་བའི་ཕྱོགས་སུ་བསྐུས་ན་ཞག་བདུན་

เล่ม ๘๘ · หน้า 236a

ཕྲག་གསུམ་དུ་ས་བོན་བསྡམས་པ་བྱས་པར་འགྱུར་རོ། །ལན་ལྔ་བཟླས་ཏེ་སངས་རྒྱས་བཅོམ་ལྡན་འདས་བསྒོམས་ན་གང་ལ་རེག་པ་དེ་དབང་དུ་འགྱུར་རོ། །ཟླ་བ་གཟས་ཟིན་ཅིང་ཟླ་བའི་དཀྱིལ་འཁོར་ཐམས་ཅད་འཛིན་པ་ན། ཤིང་ཨརྐའི་མེ་རབ་

ཏུ་སྦར་ལ་རས་རིས་མེད་ཀྱང་ཤར་དུ་མངོན་པར་བལྟས་ཏེ། མར་གྱི་སྲེག་བླུགས་སྟོང་ཕྲག་བཅུས་སྦྱིན་སྲེག་བྱའོ། །རྒྱལ་པོའི་ཕོ་བྲང་དང་ཉེ་བ་ཆུ་བོས་བར་མ་བཅད་པ། ལྷའི་གནས་སུ་མ་བྱས་པ། ཕྱོགས་གང་དུ་རྒྱལ་པོ་གནས་པ་དེ་དང་ཉེ་བར་སྦྱིན་སྲེག་རབ་ཏུ་སྦྱར་ན་ཐོ་རངས་

རྒྱལ་པོ་དབང་དུ་འགྱུར་རོ། །གང་སྨྲས་པ་དེ་ཐམས་ཅད་བྱེད་པར་འགྱུར་རོ། །གལ་ཏེ་དབང་དུ་མ་གྱུར་པ་དེའི་ཚེ། དེའི་སེམས་ཕྱིན་ཅི་ལོག་ཏུ་འགྱུར་བའམ་སེམས་གཡེང་བ་ཐོབ་པར་འགྱུར་ན་ཕྱིར་ཡང་བཟློག་པར་བྱ་སྟེ། འོ་མའི་སྲེག་བླུགས་སྟོང་རྩ་བརྒྱད་ཀྱིས་སྦྱིན་སྲེག་

བྱས་ན་གང་དེའི་དུས་དེ་ནས་བརྩམས་ནས་རང་བཞིན་དུ་གནས་པར་འགྱུར་རོ། །ལས་དེ་དག་ནི་དད་པ་དང་ལྡན་པ་དང་དཀོན་མཆོག་གསུམ་ལ་དད་པ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ལ་ནི་མི་བྱ་སྟེ། གལ་ཏེ་བྱེད་ན་ཤིན་ཏུ་བསོད་ནམས་མ་ཡིན་པའི་ཕུང་པོ་ཆེན་པོ་འབྱུང་བར་

འགྱུར་རོ། །གཞན་དག་ལ་གནོད་པ་བྱེད་པ། མ་རུངས་པའི་སེམས་དང་དྲག་པོའི་སེམས་དང་ལྡན་པ་རྣམས་ལ་ནི་བྱ་བ་ཡིན་ནོ། །ཉིན་རེ་ཞིང་ཡང་མཐོང་བ་སྦྱིན་པར་བྱས་ན་སེམས་ཞི་བར་འགྱུར་རོ། །གལ་ཏེ་ཞི་བར་མ་གྱུར་ན་ཕུང་ཁྲོལ་ཆེན་པོ་དང་ལྡན་པར་འགྱུར་ཏེ། སྲོག་གི་

ལྷག་མ་ཙམ་ལུས་པར་འགྱུར་རོ། །གཞན་ཡང་ལས་སུ་འགྱུར་བ་ནི་ཟླ་བ་གཟས་ཟིན་གྱི་དུས་སུ་ཤིང་པ་ལ་ཤའི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ཏེ། མར་གྱི་སྲེག་བླུགས་སྟོང་རྩ་བརྒྱད་བྱས་ན་ཐོ་རངས་ཡུལ་གྱི་བདག་པོའི་རྒྱལ་པོ་སྤྱན་དྲངས་པར་འགྱུར་རོ། །དེ་དང་ལྷན་ཅིག་ཏུ་

གྲོས་བྱས་ན་བསམ་པ་བདེན་པ་ཉེ་བར་སྟོན་པར་འགྱུར་ཏེ། དེ་ལ་བསྟན་ངག་བྱས་ན་ཟླ་བ་དྲུག་གི་ནང་དུ་བསོད་སྙོམས་སྟོང་ཡོད་པའི་གྲོང་སྟེར་བར་འགྱུར་རོ། །གལ་ཏེ་མཚན་ཕྱེད་དུ་སྦྱིན་སྲེག་བྱས་ན་ཟླ་བ་གསུམ་གྱིས་སྟེར་བར་འགྱུར་རོ། །གལ་ཏེ་ཐུན་ཐམས་ཅད་ཀྱི་མཚན་མོ་

เล่ม ๘๘ · หน้า 236b

སྦྱིན་སྲེག་བྱས་ན་ཟླ་བ་གཅིག་གིས་ཐོབ་པར་འགྱུར་རོ། །གལ་ཏེ་ཟླ་བ་གཅིག་གི་མཚན་མོ་རེ་རེ་ལ་སྦྱིན་སྲེག་བྱས་ན་ཡུལ་ཐོབ་པར་འགྱུར་རོ། །ཡང་ན་ཡུལ་དང་འདྲ་བའི་གྲོང་ངམ་ཡང་ན་གཞན་ཅུང་ཟད་ནོར་ཡོད་པ་ལ་ཡང་དགྲ་ཡོད་པར་མི་འགྱུར་ཏེ། གལ་ཏེ་དགྲ་ཡོད་ན་ཡང་

ལས་རྣམས་བྱས་པ་ཡིན་ཏེ། ཟླ་བ་གཟས་ཟིན་པ་ན་ཤིང་ཨ་པ་མརྒས་མེ་རབ་ཏུ་སྦར་ལ། ཤིང་པ་ལ་ཤའི་ཡམ་ཤིང་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པས་བྲམ་ཟེའི་སྐྲ་ལ་སྦྱིན་སྲེག་སྟོང་རྩ་བརྒྱད་བྱའོ། །དེའི་ཐ་མར་ཤིང་པི་ཙུ་མརྡའི་ལོ་མ་ལ་སྐེ་ཚེའི་འབྲུ་མར་གྱིས་

བཏགས་པའི་སྲེག་བླུགས་ཀྱིས་སྦྱིན་སྲེག་སྟོང་རྩ་བརྒྱད་བྱས་ན་ཐོ་རངས་བྲམ་ཟེའི་དགྲ་ཞི་བར་འགྱུར་རོ། །གལ་ཏེ་རྒྱལ་པོ་སྡང་བར་འགྱུར་ན་ལས་གཞན་ཡང་ཡོད་དེ། ཟླ་བ་གཟས་ཟིན་ལ་ཤིང་ཅི་རྙེད་པས་མེ་རབ་ཏུ་སྦར་ལ་མར་གྱི་སྲེག་བླུགས་ཀྱིས་སྦྱིན་སྲེག་སྟོང་རྩ་བརྒྱད་བྱས་

ལ་སྦྱིན་སྲེག་གི་ཐ་མར་ཕྱོགས་གང་ན་རྒྱལ་པོ་ཡོད་པ་དེའི་ཕྱོགས་སུ་ཐལ་བ་དེ་གཏོར་ན་དེ་དབང་དུ་འགྱུར་རོ། །དུས་གང་ལ་ལོངས་སྤྱོད་གང་འདོད་པ་རྒྱ་ཆེ་བ་དེ་དག་གི་གྲོགས་ཀྱང་བྱེད་པར་འགྱུར་རོ། །གྲོང་ཉུང་བའམ་མང་པོ་རབ་ཏུ་སྟེར་བར་འགྱུར་ཏེ། ངེས་པར་ཟླ་བ་དྲུག་

གིས་དོན་ཡོད་པར་འགྲུབ་པར་ཡང་འགྱུར་རོ། །དེ་ནས་རིགས་བཞི་ལས་གང་ཡང་རུང་བ་རྟགས་གཙོ་བོ་དང་ལྡན་པའམ་ལྷ་གཞན་ནམ་འཇིག་རྟེན་པ་ལ་དད་པ་དག་སེམས་འཁྲུགས་པར་གྱུར་ན། ཕྱོགས་གང་ན་གནས་པ་དེར་ཐལ་བ་དེ་གཏོར་ན་ཡུལ་གཞན་དུ་འགྲོ་བར་འགྱུར་

བའམ་སྐྱོ་བར་འགྱུར་བའམ་མཚན་མོ་གླལ་བར་འགྱུར་བའམ་ཉེ་དུ་ལ་གནོད་པར་འགྱུར་རོ། །དེ་ཕྱིར་གསོ་བ་ནི་འོ་མའི་སྲེག་བླུགས་སྟོང་རྩ་བརྒྱད་ཀྱིས་སྦྱིན་སྲེག་བྱས་ན་སོས་པར་འགྱུར་རོ། །ཡང་ན་གཟའ་བཞི་པོ་ཉིད་ཀྱི་ཆོ་གས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་

སྐུ་གཟུགས་དང་རས་རིས་སམ་དམ་པའི་ཆོས་ཀྱི་གླེགས་བམ་མམ་སྐུ་གདུང་དང་བཅས་པའི་མཆོད་རྟེན་ལ་གོས་གཙང་མ་བགོས་ཤིང་ཉིན་ཞག་གཅིག་སྨྱུང་བ་བྱས་ཏེ། སྲོག་ཆགས་མེད་པའི་ཆུས་ལས་བྱ་ཞིང་མེ་ཏོག་དཀར་པོ་དྲི་ཞིམ་པོ་དང་གུར་གུམ་དང་ལྡན་པ་དང་ག་པུར་གྱི་

เล่ม ๘๘ · หน้า 237a

དུད་པས་བདུག་པར་བྱའོ། །གང་དུ་ལས་ལ་སྦྱར་བ་ནི་བྲམ་ཟེའི་དགྲ་ལ་ནི་ཤིང་པ་ལ་ཤས་བྱའོ། །རྒྱལ་རིགས་ཀྱི་དགྲ་ལ་ནི་ཤིང་ཨ་ཤྭཏྠས་བྱའོ། །རྗེའུ་རིགས་ཀྱི་དགྲ་ལ་ནི་ཤིང་སེང་ལྡེང་གིས་བྱའོ། །དམངས་རིགས་ཀྱི་དགྲ་ལ་ནི་དེ་ལས་

གཞན་པའི་ཤིང་གི་མེ་རབ་ཏུ་སྦར་ལ་དེ་ཉིད་ཀྱི་ལས་བྱའོ། །བྲམ་ཟེ་ལ་ནི་ཤིང་པ་ལ་ཤའི་ཡམ་ཤིང་དང་རྒྱལ་རིགས་ལ་ནི་ཨ་ཤྭཏྠའི་ཡམ་ཤིང་དང་རྗེའུ་རིགས་ལ་ནི་སེང་ལྡེང་གི་ཡམ་ཤིང་དང་དམངས་རིགས་ལ་ནི་ཨ་པ་མརྒའི་ཡམ་ཤིང་ངམ་དེ་ལས་གཞན་པ་ཇི་སྙེད་

པས་མར་གྱི་སྦྱིན་སྲེག་བྱའོ། །དེ་བཞིན་དུ་ལས་གཞན་ཡང་བྱ་བ་ནི། རྒྱལ་པོ་ཆེན་པོ་ལ་ནི་ཤིང་ཨ་པ་ར་ཛི་ཏའི་རྩ་བའི་ཡམ་ཤིང་དང་མར་གྱི་སྲེག་བླུགས་སྟོང་རྩ་བརྒྱད་ཀྱིས་སྦྱིན་སྲེག་བྱའོ། །ཐ་མར་ཡང་དེ་ཉིད་ཀྱི་ཐལ་བས་གཏོར་བར་བྱའོ། །གང་གི་ཕྱོགས་ནས་

སྡང་བའི་སེམས་དང་ལྡན་པ་འོང་བ་དེའི་ཕྱོགས་སུ་གཙུག་ཏོར་འཁོར་ལོས་སྒྱུར་བ་ཡི་གེ་གཅིག་པའི་ཕྱག་རྒྱ་བཅིངས་ནས་གཏོར་རོ། །ཡང་ན་ཨུཏྤ་ལའི་ཕྱག་རྒྱ་བཅིངས་ན་དེ་འཇིགས་ནས་ལྡོག་པའམ། དམག་གི་ཚོགས་ཉམས་པར་འགྱུར་བའམ། གཞན་གང་ཅུང་

ཟད་རྣམ་པར་ལྟུང་བ་ཆེན་པོར་འགྱུར་བའམ། འགོ་བའི་ནད་ཆེན་པོའམ། སེམས་སྡུག་བསྔལ་བར་གནས་པའམ། གང་གིས་འདིའི་ངག་ལྡོག་པར་འགྱུར་བའམ། འདི་དག་དང་གཞན་ཡང་ཇི་ལྟར་འདོད་པའི་ལས་རྣམས་བྱེད་པར་འགྱུར་རོ། །གོས་ལ་མངོན་པར་

བསྔགས་ཏེ་བགོས་ན་སྐལ་བ་བཟང་པོར་འགྱུར་རོ། །མིག་སྨན་ལ་མངོན་པར་བསྔགས་ཏེ་མིག་ལ་བསྐུས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །མིག་དང་གདོང་ལ་ལན་བདུན་བསྔགས་པ་བྱས་ལ་ཁྲོས་པའི་གདོང་ལ་བལྟས་ན་ཞི་བ་དང་དབང་དུ་འགྱུར་རོ། །མེ་ཏོག་དང་འབྲས་

བུའམ་གཞན་གང་ཅུང་ཟད་དྲི་ཞིམ་པ་ལ་ལན་བདུན་མངོན་པར་བསྔགས་པ་བྱས་ལ་རྒྱལ་པོ་ལ་བྱིན་ན་དེ་བསྣམས་པ་ཙམ་གྱིས་དབང་དུ་འགྱུར་རོ། །གཞན་སེམས་ཅན་གང་ལ་ལ་མཐོང་བ་ཙམ་གྱིས་དེ་དབང་དུ་འགྱུར་རོ། །ཡན་ལག་ཐམས་ཅད་ན་བ་ལ་བརྒྱ་རྩ་བརྒྱད་མངོན་པར་

เล่ม ๘๘ · หน้า 237b

བཟླས་པ་བྱས་ལ། ཆུ་དྲོན་པོས་ཁྲུས་བྱས་ན་བདེ་ལེགས་སུ་གནས་པར་འགྱུར་ཏེ་ལས་འདི་རྣམས་ནི་བྱ་བ་ཡིན་ནོ། །སེམས་ཅན་སྡུག་བསྔལ་བ་ཐམས་ཅད་དང་། མགོན་མེད་པར་གྱུར་པ་དང་། བཀྲེན་པ་དང་། བསྟན་པ་འདིའི་བརྟུལ་ཞུགས་ཅན་དང་། དཀོན་མཆོག་གསུམ་

ལ་དད་པ་ལ་ནི་འདི་ལྟ་བུའི་ལས་མི་བྱའོ། །བུད་མེད་ལ་ཡང་ལས་མི་བྱའོ། །དེ་བཞིན་དུ་བྱིས་པ་དང་རྒན་པོ་དང་ནད་པ་དང་དབུལ་པོ་དང་སྡུག་བསྔལ་བ་དང་སེམས་ཅན་ཕྲ་མོ་དང་སྐྱེ་གནས་ངན་པར་སྐྱེས་པ་འདི་དག་ལ་ཡང་མི་བྱ་སྟེ། ལས་འདི་དག་ནི་སེམས་ཅན་ཆེན་པོ་དག་ལ་རབ་

ཏུ་སྦྱར་བར་བྱའོ། །དཔའ་ཞིང་བརྐམ་ཆགས་བབ་ཆོལ་མེད། །ཕྱོགས་ཆེན་ནོར་ནི་ཆེ་བ་དང་། །མངོན་པའི་ང་རྒྱལ་རབ་གཏུམ་ལ། །ལས་ནི་འདི་འདྲ་བྱ་བ་ཡིན། །བསྟན་ལ་ཞེ་སྡང་ཁྲོ་བ་དང་། །གཞན་གྱི་ནོར་ནི་འཕྲོག་བྱེད་དང་། །སྔགས་རྣམས་ཀུན་དང་སྨན་རྣམས་དང་། །

རྣལ་འབྱོར་ལྡན་ལ་མ་དད་དང་། །སྤྱིས་བརྩན་གདུག་པའི་སེམས་ལྡན་དང་། །འཇིག་རྟེན་གྱིས་སྨད་རྒྱལ་པོ་སྟེ། །འདི་དག་ལ་ནི་ལས་སྦྱར་བྱ། །ཆོས་དང་ལྡན་ལ་རྣམ་པར་སྤང་། །ལས་རྣམས་གཞན་ཡང་འདི་སྐད་བརྗོད། །བློ་ཡིས་དེ་ནི་ཡོངས་སུ་སྤང་། །དེ་ཉིད་

ཁྲོས་པས་ཐལ་བ་ནི། །བཟླས་པས་ཕྱོགས་སུ་གཏོར་བྱས་ན། །དེ་རྣམས་དགྲ་ནི་རབ་ཁྲོས་དང་། །རྒྱལ་པོ་དག་ཀྱང་རྣམ་འཇིག་འགྱུར། །ངེས་པར་སྐྱེ་བོ་དེ་དག་ཀྱང་། །ཡུན་རིང་ནད་ཀྱིས་ཐེབས་པར་འགྱུར། །དེ་དག་ཕྱོགས་སུ་འཆི་བ་མང་། །འགོ་བའི་ནད་ཀྱང་རབ་

ཏུ་སྣང་། །ཤིན་ཏུ་ཉོན་མོངས་ཆེར་གྱུར་ཀྱང་། །ལས་རྣམས་འདི་དག་བྱ་མིན་ཏེ། །དེར་ནི་སྐྱེ་བོའི་བདག་པོ་ཀུན། །ཞག་བདུན་གསུམ་གྱིས་ཉམས་པར་འགྱུར། །ལས་རྣམས་བརྩམས་ནས་སྔོན་དུ་ནི། །བདུན་ཕྲག་གཉིས་ལ་ཡང་དག་བརྟུལ། །བདུན་པ་དང་པོས་

སེམས་རྣམས་གཡེང་། །ཞག་བདུན་གཉིས་པས་ནད་ཀྱིས་འདེབས། །བདུན་པ་གསུམ་གྱིས་འཆི་བར་འགྱུར། །དེ་བས་དེ་ནི་ཡོངས་སུ་སྤང་། །དང་པོ་འདི་དག་རྣམ་པར་འབྱེར། །གཉིས་པར་ཕྱོགས་སུ་རྣམ་པར་འཁྱམ། །ཞག་བདུན་གསུམ་པར་རྣམ་པར་འཇིག །

เล่ม ๘๘ · หน้า 238a

དེ་བས་ལས་འདི་བྱ་བ་མིན། །སེམས་ཅན་གདུལ་བྱའི་དོན་ཉིད་ལ། །འཇིག་རྟེན་འདྲེན་པས་བསྟན་པ་ཡིན། །སངས་རྒྱས་ཐུགས་ནི་དག་པ་ཡིས། །གདུག་པའི་ལས་འདི་གསུང་མི་འགྱུར། །སྲོག་ལ་གནོད་པར་བྱེད་པའི་ལས། །སངས་

རྒྱས་ཀུན་གྱིས་སྨད་པ་ཡིན། །གྲུབ་པ་མཆོག་ནི་རབ་འདོད་པའི། །ཟློས་པ་དེ་དག་བྱ་བ་མིན། །དམྱལ་བ་དག་ཏུ་སྐྱེ་བའི་ལས། །འདི་དག་ཉིད་ལ་རབ་ཏུ་སྣང་། །དཀར་ནག་འབྲས་བུར་འབྱུང་བྱེད་པ། །འདི་དག་ཁོ་ན་བསྟན་པ་ཡིན། །ལས་རྣམས་སྣ་ཚོགས་

བདག་ཉིད་ཆེ། །རྐང་གཉིས་མཆོག་གིས་ཇི་བཞིན་གཟིགས། །རྟག་ཏུ་དཀར་ལས་དཀར་བ་བྱུང་། །ནག་ལས་ནག་པ་རབ་ཏུ་སྨིན། །འདྲེས་ལས་འདྲེས་པའི་ལས་རྣམས་ནི། །འདྲེས་པ་དག་ཏུ་རྣམ་པར་སྨིན། །དེ་བཞིན་ལས་འདི་སྣ་ཚོགས་སུ། །དེ་ཉིད་སངས་

རྒྱས་གཟིགས་པ་ཡི། །ཐུགས་རྗེ་ཅན་གྱིས་གསུངས་པའོ། །དེ་ལས་ཟློས་པ་སྤང་བྱ་བ། །ནག་དང་འདྲེས་པའི་ལས་ཉིད་དོ། །དགེ་བྱེད་དཀར་པོ་བསྟེན་པར་བྱ། །དགེ་བའི་ལས་ཀྱི་འབྲས་བུ་འབྱུང་། །སྲོག་གཅོད་པས་ནི་ཟློས་པ་དག །ཡང་དང་ཡང་དུ་དམྱལ་

བར་འགྲོ། །དེ་བཞིན་དེ་ལས་ལོག་པའི་ཆོས། །འཚེ་མེད་ལས་ནི་དམ་པ་ཡིན། །དགེ་བའི་བློས་ནི་སྔགས་རྣམས་དང་། །དེ་བཞིན་མཐོ་རིས་ཐར་པ་འགྲུབ། །ལེགས་བྱས་ལས་ཀྱིས་ཐོབ་པ་ཡིན། །འགལ་བའི་ལས་ཀྱིས་འགལ་བར་གསུངས། །ཇི་ལྟར་ཆོས་དང་

ཆོས་མིན་གསུངས། །ཐམས་ཅད་མཁྱེན་ཉིད་སྤྱོད་པ་ཡིན། །ཟློས་པ་གྲུབ་པར་འདོད་པ་ཡིས། །དགེ་བའི་ལས་ནི་བརྩམ་པར་བྱ། །ཟློས་པ་དགེ་ལ་གནས་པ་ལ། །དེ་ཡི་སྔགས་ནི་འགྲུབ་པར་འགྱུར། །དཀར་པོའི་ལས་ལ་གཞོལ་བྱེད་ལ། །དེ་ཡི་ཐར་པ་མི་ལྡོག་

འགྱུར། །སྔགས་ཀྱིས་དགེ་བ་འགྲུབ་འགྱུར་ཞེས། །དེ་བཞིན་གཤེགས་པས་རབ་ཏུ་གསུངས། །ལས་རྣམས་སྣ་ཚོགས་གསུངས་པ་ནི། །སྒྲུབ་པ་རྣམས་ལ་བསྡུས་དོན་ཡིན། །ཅི་འདོད་ལས་ནི་སྟོང་ཕྲག་བརྒྱད། །ཕྲ་མོའི་ལས་ནི་བྱེད་པ་ན། །སྒྲུབ་པ་པོ་ནི་མི་འགྲུབ་སྟེ། །

เล่ม ๘๘ · หน้า 238b

གྲུབ་པ་མཆོག་ནི་མི་འཐོབ་བོ། །འབད་པས་བཟླས་དང་སྦྱིན་སྲེག་བྱ། །གྲུབ་པ་འབྲིང་ནི་འགྲུབ་པར་འགྱུར། །ཆོ་ག་མཐོང་བའི་ལས་ཀྱི་ནི། །ཐ་མ་མྱུར་དུ་འགྲུབ་པར་འགྱུར། །མཆོག་དང་ཐ་མ་བར་མ་ཡི། །ལས་ནི་རྣམ་པ་གསུམ་དུ་བསྟན། །དཀའ་ཐུབ་ཅན་ནི་ཟློས་

མཆོག་གིས། །དེ་བཞིན་གྲུབ་པ་མཆོག་ཐོབ་འགྱུར། །དེ་བཞིན་བཟླས་པ་བར་མ་ཡིས། །བར་མ་ལས་གྲུབ་ཐོབ་པ་ཡིན། །དེ་བཞིན་ཟློས་པ་ཐ་མས་ནི། །ཐ་མའི་ལས་ལ་ཡང་དག་བརྟེན། །གྲུབ་པ་ཕྲ་མོ་ཐོབ་པར་ཡང་། །གཞན་གྱི་གྲུབ་པ་ཐོབ་མ་ཡིན། །དུས་

དང་ཚོད་དང་བཟླས་པ་དང་། །སྦྱིན་སྲེག་མཐོང་བས་དེ་བཞིན་འགྲུབ། །མཆོག་གིས་མཆོག་ནི་འགྲུབ་པ་དང་། །བར་མས་བར་མའི་གྲུབ་པ་སྣང་། །ཐ་མས་ཐ་མའི་ལས་དག་ལ། །ཕྲན་ཚེགས་གྲུབ་པ་ཐོབ་པ་ཡིན། །འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་བྱང་

ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། ཡི་གེ་གཅིག་པ་རྩ་བའི་རྒྱུད་འཕགས་པ་འཇམ་དཔལ་གྱི་སྙིང་པོའི་ཆོ་ག་རབ་འབྱམ་ལས། ལེའུ་ཉི་ཤུ་རྩ་གཅིག་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གཞན་ཡང་

གནས་གཙང་མའི་གཞལ་མེད་ཁང་ལ་གཟིགས་ནས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་གཞན་ཡང་ཁྱོད་ཀྱི་རས་རིས་ཀྱི་ཆོ་ག་སྒྲུབ་པའི་ཐབས་ལ་ལས་ཐམས་ཅད་ཀྱི་དོན་སྒྲུབ་པ་ཉོན་ཅིག །འདི་ཉིད་ཀྱི་ཡི་གེ་གཅིག་པའི་སྙིང་པོའི་སྔགས་སམ་ཡི་

གེ་དྲུག་པོ་མའི་མཐའ་ཅན་ཁྱོད་ཀྱི་སྔར་བསྟན་པའི་ཡི་གེ་དྲུག་པའི་སྙིང་པོའམ་དང་པོ་ན་ཨོྃ་ཡོད་པའི་ཡི་གེ་གཅིག་པའི་རས་རིས་དང་པོ་འདི་ཉིད་ཀྱི་ཆོ་གར་འགྱུར་བ་ནི་ཕྱི་མའི་དུས་ཕྱི་མའི་ཚེ་ན། དེ་བཞིན་གཤེགས་པ་ང་ཡོངས་སུ་མྱ་ངན་ལས་འདས་ཏེ། སངས་རྒྱས་ཀྱི་ཞིང་

སྟོངས་ཤིང་རྩོད་པའི་དུས་ཐ་མར་ཕྱིན་པ་ན་འཇིག་རྟེན་སྐྱོབ་པ་མེད་པ་དང་སྐྱབས་མེད་པ་དང་གནས་མེད་པ་དང་། དཔུང་གཉེན་མེད་པ་ན། ཆོ་གའི་རྒྱལ་པོ་འདི་ཉིད་སྐྱོབ་པར་གྱུར་པ་དང་། སྐྱབས་སུ་གྱུར་པ་དང་། གནས་སུ་གྱུར་པ་དང་། དཔུང་གཉེན་དུ་གྱུར་པར་འགྱུར་རོ། །

เล่ม ๘๘ · หน้า 239a

དང་པོར་རེ་ཞིག་སྔ་མ་བཞིན་དུ་རས་མ་ཉམས་པ་སྐྲ་ཤད་དང་བྲལ་བ། ཞག་བདུན་ནམ་ཞག་བདུན་གསུམ་གྱི་བར་དུ་ཐག་པས་བཏགས་པ་ཁ་ཚར་དང་བཅས་པ། གུར་གུམ་དང་ཙནྡན་གྱི་ཆུས་བསང་གཏོར་བྱས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་

ཐུབ་པ་པདྨའི་གདན་ལ་བཞུགས་ཤིང་ཆོས་འཆད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་གཟིགས་པ་བྲི་བར་བྱའོ། །གཡས་ཕྱོགས་སུ་ནོར་བཟང་དང་འཕགས་པ་བློ་གྲོས་མི་ཟད་པ་དང་འཇམ་དཔལ་ཡང་བཅོམ་ལྡན་འདས་ལ་ཕྱག་འཚལ་བར་བྱེད་པ། གཞོན་ནུའི་

གཟུགས་ཅན་ལུས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བྲི་བར་བྱའོ། །གཡོན་ཕྱོགས་སུ་ཀུན་ཏུ་བཟང་པོ་དང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་བཟང་སྐྱོང་དང་ལེགས་སྐྱེས་ཀྱང་བྲི་བར་བྱའོ། །བཅོམ་ལྡན་འདས་ཀྱི་སྐུ་ལས་ཤིན་ཏུ་ཆུང་བར་འདྲིར་གཞུག་པར་བྱའོ། །

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་ནོར་བཟང་ནི་ལག་ན་རྔ་ཡབ་ཐོགས་པར་བྱའོ། །འོག་ཏུ་ནི་སའི་ལྷ་མོ་རིན་པོ་ཆེའི་ཟ་མ་ཏོག་ལག་ན་ཐོགས་པ། རོ་སྟོད་ས་ལས་བྱུང་བ་འདྲིར་གཞུག་པར་བྱའོ། །སྟེང་དུ་ནི་རིག་པ་འཛིན་པ་གཞོན་ནུ་གཉིས་ཕྲེང་བ་འཛིན་པ་སྤྲིན་

གྱི་ནང་ནས་ཆར་གཏོང་བ་རིག་པ་དང་བཅས་པ་བྲི་བར་བྱའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་ལག་ན་མེ་ཏོག་ཐོགས་པ། བཅོམ་ལྡན་འདས་ཀྱི་ཞལ་ལ་རྣམ་པར་ལྟ་བ་དང་རྒྱན་དང་ལྡན་པ། དང་བའི་ལྟ་བ་དང་རོ་སྟོད་བཅོམ་ལྡན་འདས་ཀྱི་ཞབས་ལ་འདུད་པ་དང་བཅས་

པ་འདྲིར་གཞུག་པར་བྱའོ། །དེ་འདི་ལྟ་བུའི་རས་རིས་སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུ་ནུབ་ཏུ་བསྟན་ཏེ་བཞག་ལ་འཇམ་དཔལ་འདིའི་ཡི་གེ་གཅིག་པ་བཟླས་པ་འབུམ་བྱའོ། །ཤིང་བཞིན་དུ་མི་སྨྲ་བའི་དཀའ་ཐུབ་དང་དུས་གསུམ་དུ་ཁྲུས་བྱེད་པ་དང་གོས་ལན་གསུམ་

བརྗེ་བ་དང་རྟག་ཏུ་གསོ་སྦྱོང་བྱེད་པ་དང་། ཚོད་རྔད་དང་ནས་ཆན་ཁྱོར་གང་ཙམ་དང་འོ་མ་དང་སློང་མོའི་ཟས་ཀྱིས་འཚོ་བའོ། །ཟས་ཀྱང་ཆ་རྣམ་པ་བཞིར་བྱ་སྟེ། ཆ་གཅིག་ནི་དཀོན་མཆོག་གསུམ་ལའོ། །གཉིས་པ་ནི་འཇམ་དཔལ་ལའོ། །གསུམ་པ་ནི་སེམས་ཅན་ཐམས་

เล่ม ๘๘ · หน้า 239b

ཅད་ལའོ། །བཞི་པ་ནི་བདག་ཉིད་ཉེ་བར་སྤྱད་པར་བྱའོ། །མི་དུབ་པའི་ལུས་ཀྱིས་བཅོམ་ལྡན་འདས་ཡིད་ལ་བྱ་སྟེ། སེམས་ཅན་ཐམས་ཅད་ལ་དམིགས་པའི་ཡིད་དང་བདག་ཉིད་ཀྱི་དོན་ཅི་ཡང་མི་བྱེད་ཅིང་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་འདིར་བྱའོ་ཞེས་བསྒོམས་

ནས་བཟླས་པ་བྱའོ། །ཁྲུས་དང་དྲི་དང་མེ་ཏོག་དང་སྤོས་དང་བཤོས་དང་མར་མེ་དག་ཀྱང་དབུལ་བར་བྱའོ། །ཁྲུས་ནི་རས་རིས་ཀྱི་གྲིབ་མའམ་གཟུགས་བརྙན་ལ་བྱའོ། །དྲི་ནི་འོག་ཏུ་གཏོར་བར་བྱའོ། །མེ་ཏོག་དང་བཤོས་ཀྱང་རྟག་ཏུ་དབུལ་ལོ། །དེ་ཉིད་དུ་འདི་

དག་ལ་སྔར་མཆོད་པར་བྱ་སྟེ། དང་པོ་དཀོན་མཆོག་གསུམ་དང་། དེའི་འོག་ཏུ་བྱམས་པ་དང་། དེའི་འོག་ཏུ་སྤྱན་རས་གཟིགས་དབང་ཕྱུག་དང་། འཕགས་པ་ཀུན་ཏུ་བཟང་པོ་དང་། ནམ་མཁའི་སྙིང་པོ་དང་། འཕགས་པ་བློ་གྲོས་མི་ཟད་པ་དང་། ཟླ་འོད་གཞོན་ནུ་དང་། སྒྲིབ་པ་ཐམས་

ཅད་རྣམ་པར་སེལ་བ་དང་། འཕགས་པ་རྡོ་རྗེ་འཛིན་དང་། འཕགས་མ་སྒྲོལ་མ་དང་། འཕགས་མ་རྨ་བྱ་ཆེན་མོ་དང་། འཕགས་མ་གཞན་གྱིས་མི་ཐུབ་མ་དང་། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་དྲི་དང་། མེ་ཏོག་དང་སྤོས་དང་གཏོར་མ་དང་མར་མེ་འདི་

དག་ཐམས་ཅད་ལ་སྔར་མཆོད་ནས་ཕྱིས་རས་རིས་ལ་མཆོད་པར་བྱ་སྟེ། དེ་ནས་ཕྱི་རོལ་གྱི་ཕྱོགས་འགའ་ཞིག་ཏུ་སྦྲུལ་དང་རྔ་མོ་དང་བོང་བུ་དང་གླང་པོ་ཆེ་དང་ལོག་འདྲེན་གྱི་གཟུགས་གྲོག་མཁར་གྱིས་ལས་བྱས་ཏེ་དེ་དག་གི་ལྷག་མ་སྦྱིན་པར་བྱའོ། །སེམས་ཀྱིས་དྲན་པར་བྱ་བ་ནི་ཏིལ་

གྱི་ཚིགས་མ་དང་གུ་གུལ་གྱི་ཚིགས་མ་དང་ཏིལ་ལས་བྱས་པའི་བཟའ་བ་དང་རྒྱ་སྲན་དང་ཉ་དང་ཤ་དང་སྐྱུ་རུ་ར་དང་བཅས་པ་དང་བ་ར་ཏ་ཀའི་བཟའ་བ་དང་པདྨའི་ལོ་མ་དང་ཁར་བའི་སྣོད་རྣམས་ཀྱང་ཡོངས་སུ་སྤང་བར་བྱའོ། །ཀུ་ཤའི་ཁྲེས་ལ་འདུག་ཅིང་དེ་ཉིད་དུ་གནས་ནས། སངས་རྒྱས་

རྗེས་སུ་དྲན་པ་བསྒོམ་པར་བྱ་སྟེ་ཡིད་ཀྱིས་བཟླས་པ་བྱའོ། །དབེན་པའི་གནས་གཞན་དུ་ཀུ་ཤ་སྟན་དུ་གདིང་བར་བྱའོ། །ཧ་ཅང་བཏུང་བ་མང་བ་དང་ཧ་ཅང་བཟའ་བ་མང་བ་དང་ཧ་ཅང་འགྲོ་བ་མང་བ་དང་ཧ་ཅང་ལྟ་བ་དང་ཧ་ཅང་ཉལ་བ་སྤང་བར་བྱའོ། །དུས་གསུམ་དུ་སངས་རྒྱས་

เล่ม ๘๘ · หน้า 240a

རྗེས་སུ་དྲན་པར་བྱའོ། །ས་བོན་བསྡམ་པར་ཡང་བྱའོ། །རྨི་ལམ་བཟང་པོ་རྣམས་གཞན་ལ་རབ་ཏུ་བསྟན་པར་མི་བྱ་སྟེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བརྗོད་པར་བྱའོ། །དེ་བཞིན་དུ་མཐར་གྱིས་ཧ་ཅང་མི་མྱུར་བར་ཡི་གེ་གཅིག་པའི་བཟླས་པ་འབུམ་

བྱའོ། །ཐ་མར་ཡང་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་བཀླག་པར་བྱའོ། །བཟླས་པའི་དུས་སུ་བཅོམ་ལྡན་འདས་སམ་ཡང་ན་འཇམ་དཔལ་གཞོན་ནུར་གྱུར་པའི་ཞལ་དུ་བལྟས་ལ། ཚིག་དང་ཡི་གེ་མ་འཁྲུགས་པས་བཟླས་བརྗོད་བྱ་ཞིང་བགྲང་ཕྲེང་ལ་

ཕྱག་བྱས་ཏེ་དབུལ་བར་བྱའོ། །ཆོ་ག་འདིས་སྔོན་དུ་བསྙེན་པ་བྱས་ཏེ། གང་དུ་ཡིད་དགེ་བ་ཡོད་པའི་གནས་དག་ཏུ་རས་རིས་དེ་གཞག་པར་བྱའོ། །རས་རིས་ཀྱི་ཆོ་ག་དང་པོ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་འཇམ་དཔལ་ཙནྡན་དཀར་པོ་ལས་བྱས་པ་

པདྨའི་གདན་ལ་བཞུགས་པ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཕྱག་གཅིག་ན་འཛིན་པ། ཕྱག་གཡས་པ་ན་མ་དུ་ལུང་གའི་འབྲས་བུ་འཛིན་པ་བྱའོ། །དེ་གཙང་བའི་ཕྱོགས་གཅིག་ཏུ་ནུབ་ཕྱོགས་སུ་བསྟན་ལ་གཞག་པར་བྱས་ལ་དེའི་མདུན་དུ་མེ་ཐབ་བྱས་

ཏེ། ལས་ཐམས་ཅད་ལ་ཟུར་བཞི་པ་མཐོ་དོ་ཙམ་གྱི་ཚད་དུ་བྱ་ཞིང་འོག་ཏུ་འབྲུ་ཐམས་ཅད་གཞུག་པར་བྱའོ། །དེ་ནས་དེའི་སྟེང་དུ་བྱ་བ་ནི་ཆོ་ག་འདིས་མེ་སར་པ་བསྐྱེད་དེ། ཤིང་ཨ་ཤྭཏྠའམ་མྱ་ངན་མེད་ཀྱི་ཡམ་ཤིང་དང་མར་དང་འབྲས་ཐུག་པོ་ཆེའི་ཆན་དང་འོ་མ་དང་ཞོ་དང་

སྦྲང་རྩི་ཐམས་ཅད་བླངས་ཏེ། ཟངས་མའི་སྣོད་དུ་གཞག་པར་བྱས་ལ་སྟོང་རྩ་བརྒྱད་ཡོངས་སུ་བཟླས་ཤིང་བླུགས་གཟར་གྱིས་སྦྱིན་པར་བྱའོ། །ཕྱི་ནས་ཉིན་ཞག་གཞན་ལ་ཡར་ངོའི་ཚེས་ནས་བརྩམས་ཏེ་ལས་བྱའོ། །ཤིང་ཨ་ཤྭཏྠའི་ཡམ་ཤིང་གི་མེ་རབ་ཏུ་སྦར་ལ་དུ་བ་མེད་པར་

མཐོང་ན་མེ་སྤྱན་དྲང་བར་བྱ་སྟེ། ཨཱ་གཙྪ་ཧ་རི་པིངྒ་ལ། དཱིཔྟ་ཛི་ཧྭ་ལོ་ཧི་ཏཱཀྵ། དེ་ཧི་ད་དཱ་པ་ཡ་སྭཱ་ཧཱ། སྔགས་འདིས་སྲེག་བླུགས་གསུམ་དབུལ་ལོ། །དེ་ནས་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་སྤྱན་དྲང་བར་བྱ་སྟེ། ཨཱ་གཙྪ། ཨཱ་གཙྪ། ཀུ་མཱ་ར་བྷཱུ་ཏ་སརྦ་སཏྭཱརྠ་

เล่ม ๘๘ · หน้า 240b

མུ་དྱ་ཏོ྅་ཧཾ། སཱ་ཧཱ་ཡྻེཀལྤ་ཡ། གནྡྷཾ་དྷཱུ་པཾ་ཙ་པྲ་ཏི་གྲྀཧྞ་སྭཱ་ཧཱ། གང་སྦྱིན་པར་བྱེད་པ་དེ་སྔགས་འདིས་སྦྱིན་པར་བྱའོ། །བྱོན་ན་མཆོད་ཡོན་དྲི་ཞིམ་པོའི་མེ་ཏོག་དང་ཆུ་དབུལ་བར་བྱ་སྟེ་དེ་ནས་སྦྱིན་སྲེག་བྱའོ། །སྲེག་བླུགས་ལ་ལན་བདུན་བཟླས་ཏེ་ལན་ཅིག་གཏོར་རོ། །

དེ་བཞིན་དུ་ཉི་མ་བདུན་གྱི་བར་དུ་མར་དང་འབྲས་ཐུག་པོ་ཆེའི་ཆན་གྱིས་ཚིམ་པར་བྱའོ། །སྐབས་འདིར་ངེས་པར་འཇམ་དཔལ་གཞོན་ནུའི་གཟུགས་མཐོང་བར་འགྱུར་རོ། །ཙནྡན་གྱི་ཡམ་ཤིང་སོར་གཉིས་ཙམ་གྱི་ཚད་ཀྱིས་སྟོང་རྩ་བརྒྱད་བྱས་ན་རྒྱལ་པོ་དབང་དུ་འགྱུར་རོ། །

མེ་ཏོག་པདྨ་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་ནས་སྦྱིན་སྲེག་སྟོང་རྩ་བརྒྱད་བྱས་ན་ནོར་རྙེད་པར་འགྱུར་རོ། །ཤིང་ཤྲི་ཤའི་མེའི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ལ་ཏིལ་གྱི་སྦྱིན་སྲེག་བྱས་ན་ནོར་གྱི་བདག་པོར་འགྱུར་རོ། །རྟག་ཏུ་ཆུས་ཆུ་ལ་སྦྱིན་སྲེག་བྱས་ཏེ་ནང་པར་ལངས་ན་

སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །ཤིང་ཨརྐའི་ཡམ་ཤིང་དང་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་ལ་སྦྱིན་སྲེག་འབུམ་བྱས་ན། གང་བསོད་སྙོམས་སྟོང་དང་ལྡན་པ་ཐོབ་བོ། །ཤིང་བ་ཧུ་པུ་ཏྲི་ཀ་ཞེས་བྱ་བས་སྦྱིན་སྲེག་བྱས་ན་བུ་མོ་གང་འདོད་པ་དེ་རྙེད་དོ། །ཤིང་ཨ་པ་

མརྒས་སྦྱིན་སྲེག་བྱས་ན་ནད་རྣམས་རབ་ཏུ་ཞི་བར་འགྱུར་རོ། །འོ་མ་ཅན་གྱི་ཤིང་གི་མེ་རབ་ཏུ་སྦར་ལ་ཏིལ་གྱི་སྦྱིན་སྲེག་བྱས་ན་གང་སེམས་པར་བྱེད་པ་དེ་ཐོབ་བོ། །ཡུལ་འདོད་པས་པདྨའི་སྦྱིན་སྲེག་འབུམ་བྱས་ན་ཡུལ་རྙེད་པར་འགྱུར་རོ། །ནང་གི་སྦྱིན་སྲེག་འབུམ་བྱས་ན་ཟས་མི་ཟད་

པ་ཐོབ་པར་འགྱུར་རོ། །གུ་གུལ་དང་མེ་ཏོག་པྲི་ཡང་ཀུ་མར་དང་ལྷན་ཅིག་སྦྱིན་སྲེག་བྱའོ། །ཤིང་ཨརྐ་དང་སྣ་མའི་མེ་ཏོག་གིས་ཆུ་ལ་སྦྱིན་པ་བྱས་ན་ཞག་བདུན་གྱིས་གྲོང་ཐོབ་པར་འགྱུར་རོ། །སྣ་མའི་མེ་ཏོག་གི་ཆུ་ལ་མེ་ཏོག་རེ་རེ་བླངས་ཏེ་སྦྱིན་པ་བྱས་པ་དང་ལྷག་མ་དཀྱིལ་

འཁོར་ལ་བཞག་ན། གང་ལ་སྣོམ་དུ་བཅུག་པ་དེ་བསྣམས་པ་ཙམ་གྱིས་དབང་དུ་འགྱུར་རོ། །གུར་གུམ་དང་གླ་རྩི་དང་ལི་ཤིའི་མེ་ཏོག་ཁར་བཅུག་སྟེ། བཟླས་པ་བྱས་ན་གང་དང་ལྷན་ཅིག་གཏམ་བྱེད་པ་དེ་དབང་དུ་འགྱུར་རོ། །ན་ལེ་ཤམ་ལ་སྟོང་རྩ་བརྒྱད་མངོན་པར་བསྔགས་པ་བྱས་

เล่ม ๘๘ · หน้า 241a

ཏེ་ཁར་བཅུག་ན་ཁྲོས་པ་ཡང་ཚིག་གིས་དགའ་བར་འགྱུར་རོ། །གཙུག་པུད་ལ་འདི་ཉིད་ཀྱི་སྔགས་ཀྱིས་བཅིངས་ན་མི་སྣང་བར་འགྱུར་རོ། །ཡིད་ལ་རྗེས་སུ་དྲན་ན་དགྲས་མཐོང་ན་ཡང་ཁྲོ་བ་མེད་པར་འགྱུར་རོ། །རྟག་ཏུ་བཟླས་པ་བྱས་ན་སྐྱེ་བོ་ཐམས་

ཅད་དགའ་བར་འགྱུར་རོ། །ཐོ་རངས་ཆེན་པོ་ནས་ལངས་ནས་གཙང་བའི་ཕྱོགས་སུ་སྣ་མའི་མེ་ཏོག་དང་ལྡན་པར་ཆུ་ལ་སྦྱིན་པ་བྱས་ན་ཚིག་བཙུན་པར་འགྱུར་བའི་བློན་པོར་འགྱུར་རོ། །འཇིགས་པ་ཡང་དག་པར་བྱུང་བར་གྱུར་ན་ཡིད་ལ་བྱས་པས་འཇིགས་པ་མེད་པར་འགྱུར་

རོ། །ཕ་རོལ་ཁྲོས་པར་གྱུར་པ་ལ་ཡང་བྱམས་པ་བསྒོམས་ནས་རྗེས་སུ་དྲན་ཞིང་གདོང་ལ་རྣམ་པར་བལྟས་ན་ཁྲོ་བ་མེད་པར་འགྱུར་རོ། །དྲི་ཞིམ་པོའི་མེ་ཏོག་གིས་སྦྱིན་སྲེག་བྱས་ན་གང་གི་ཆེད་དུ་བྱས་པ་དེ་དབང་དུ་འགྱུར་རོ། །ཐོ་རངས་ལན་བདུན་ཆུ་ལ་བསྔགས་ཏེ་

འཐུངས་ན་ངེས་པར་མྱོང་བར་འགྱུར་བའི་ལས་ཀྱང་ཟད་པར་འགྱུར་རོ། །ལན་བདུན་བསྔགས་པའི་ཆུས་གདོང་རབ་ཏུ་བཀྲུས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །མེ་ཏོག་ལ་ལན་བདུན་བསྔགས་པས་གཞན་ལ་བྱིན་ན་དེ་དབང་དུ་འགྱུར་རོ། །འབྲས་ཐུག་པོ་ཆེས་

སྦྱིན་སྲེག་འབུམ་ཕྲག་གཅིག་བྱས་ན་སློབ་དཔོན་ཉིད་དུ་འགྱུར་རོ། །ཏིལ་གྱི་སྦྱིན་སྲེག་གིས་ནི་ཡུལ་གྱི་བདག་པོར་འགྱུར་རོ། །པདྨའི་སྦྱིན་སྲེག་སྟོང་བྱས་ན་ཏི་ན་ར་སྟོང་ཐོབ་པར་འགྱུར་རོ། །གུ་གུལ་དང་སྲ་རྩི་པོག་དང་གན་ད་ར་ས་དང་ག་པུར་རྣམས་དཔའ་བོའི་ཉོ་ཚོང་གིས་

ཉོས་ནས་གཅིག་ཏུ་བྱས་ལ། སྦྱིན་སྲེག་བྱས་ཏེ་ཚེས་ལྔ་ལྔ་ཞིང་ཟླ་བ་དྲུག་ཡོངས་སུ་ཚང་བར་བྱས་ན་སྟོང་འགྱུར་ཐོབ་པར་འགྱུར་རོ། །དྲི་ཐམས་ཅད་པའི་གཟུགས་བརྙན་བྱས་ཏེ་མཚོན་རྣོན་པོ་སོ་གཅིག་པས་སྐྱེས་པ་ཡི་ནི་རྐང་པ་གཡས་པ་བུད་མེད་ཀྱི་ནི་རྐང་པ་གཡོན་པ་བཅད་

ཅིང་སྦྱིན་སྲེག་བྱས་ན་གང་འདོད་པ་དེ་དབང་དུ་འགྱུར་རོ། །ཞག་བདུན་ལ་དུས་གསུམ་དུ་དར་དུ་ར་ཀའི་མེ་ཏོག་གིས་སྦྱིན་སྲེག་བྱས་ན་བ་རྣམས་ཐོབ་པར་འགྱུར་རོ། །ཨརྐའི་མེ་ཏོག་གིས་བྱས་ན་འབྲུ་རྣམས་ཐོབ་པར་འགྱུར་རོ། །ཤྲི་ཤའི་མེ་ཏོག་གིས་བྱས་ན་རྟ་རྣམས་ཐོབ་པར་འགྱུར་རོ། །

เล่ม ๘๘ · หน้า 241b

ཤིང་མྱ་ངན་མེད་ཀྱིས་བྱས་ན་གསེར་ཐོབ་པར་འགྱུར་རོ། །ནད་འཇོམས་པར་བྱེད་པའི་མེ་ཏོག་གིས་བྱས་ན་གོས་རྣམས་ཐོབ་པར་འགྱུར་རོ། །གང་དང་གང་འདོད་པ་དེ་དང་དེ་ཐམས་ཅད་ནི་སྣ་མའི་མེ་ཏོག་གི་སྦྱིན་སྲེག་བྱས་ན་བྱེད་པར་འགྱུར་ཏེ། མེ་ཏོག་ཅི་འདྲ་བའི་ཁ་དོག་གིས་ཆུ་

ལ་ཉི་མ་ཤར་བའི་དུས་སུ་སྦྱིན་སྲེག་བྱས་ན་དེ་དང་ཁ་དོག་འདྲ་བའི་གོས་ཐོབ་པར་འགྱུར་རོ། །མིག་སྨན་ལ་ལན་བདུན་བཟླས་པ་བྱས་ཏེ། སློང་མོ་ལ་འགྲོ་ན་སློང་མོ་མི་ཟད་པ་ཐོབ་བོ། །རྨི་ལམ་ངན་པ་མཐོང་ནས་ལངས་ཏེ་བདག་ཉིད་ཀྱིས་བཟླས་པ་བྱས་ནས་ཡང་ཉལ་ན་རྨི་ལམ་

བཟང་པོ་མཐོང་བར་འགྱུར་རོ། །དེ་ནས་རྒྱལ་པོ་དབང་དུ་བྱེད་པར་འདོད་ན་དེའི་རྐང་པའི་རྡུལ་རྣམས་བླངས་ཏེ། ཡུངས་ཀར་དང་ཏིལ་དང་བསྲེས་ནས་ཞག་བདུན་ལ་དུས་གསུམ་དུ་སྦྱིན་སྲེག་བྱེད་ན་དབང་དུ་འགྱུར་རོ། །རྒྱལ་མོ་དབང་དུ་བྱེད་པར་འདོད་ན་ལྕམ་པའི་ལོ་མ་

དང་ཤུད་ཏི་དང་སྨན་བ་ར་ཧི་རྣམས་གཅིག་ཏུ་བྱས་ཏེ། ཞག་བདུན་ལ་དུས་གསུམ་དུ་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །བློན་པོ་དབང་དུ་བྱེད་པར་འདོད་ན་གོ་བྱེ་དང་ཏིལ་དང་ཤུ་དག་རྣམས་ཀྱིས་གཟུགས་བརྙན་བྱས་ཏེ། ཞག་བདུན་ལ་དུས་གསུམ་དུ་སྦྱིན་སྲེག་བྱས་ན་

དབང་དུ་འགྱུར་རོ། །མདུན་ན་འདོན་དབང་དུ་བྱེད་པར་འདོད་ན་སྤོས་པྲ་མ་ཙ་རི་དང་ཤུ་ཏི་གཅིག་ཏུ་བྱས་ཏེ། ཞག་བདུན་ལ་དུས་གསུམ་དུ་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །བྲམ་ཟེ་རྣམས་དབང་དུ་བྱེད་པར་འདོད་ན་ནི། འོ་ཐུག་མར་དང་ལྷན་ཅིག་པས་ཞག་བདུན་ལ་

དུས་གསུམ་དུ་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །དེ་ནས་རྒྱལ་རིགས་དབང་དུ་བྱེད་པར་འདོད་ན། འབྲས་སཱ་ལུའི་ཆན་མར་དང་ལྡན་པས་ཞག་བདུན་ལ་དུས་གསུམ་དུ་སྦྱིན་སྲེག་བྱའོ། །རྗེའུ་རིགས་དབང་དུ་བྱེད་པར་འདོད་ན། ནས་ཆན་ཁྱོར་གང་བུ་རམ་དང་ལྡན་པས་

ཞག་བདུན་ལ་དུས་གསུམ་དུ་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །ཏིལ་གྱི་ཚིགས་སམ་མར་གྱིས་སྦྱིན་སྲེག་བྱས་ན་དམངས་རིགས་དབང་དུ་འགྱུར་རོ། །ཐམས་ཅད་གཅིག་ཏུ་བྱས་ཏེ་སྦྱིན་སྲེག་བྱས་ནས་བཞི་མདོའམ་ཁང་སྟོང་ངམ་ཤིང་གཅིག་པ་དག་ཏུ་གཏོར་མ་བཏང་ན་ནད་པ་

เล่ม ๘๘ · หน้า 242a

དེ་དེ་ལས་རྣམ་པར་གྲོལ་བར་འགྱུར་རོ། །གདོང་ལ་བལྟས་ཏེ་བཟླས་པ་བྱས་ན་ནད་དང་བྲལ་བར་འགྱུར་རོ། །བརྒྱ་རྩ་བརྒྱད་བཟླས་ནས་གཙུག་པུད་ལ་བཅིངས་ན་ནད་ཐམས་ཅད་ལས་ཡོངས་སུ་གྲོལ་ལོ། །ནད་ཐམས་ཅད་ལ་ནི་སྐུད་པ་ལ་མདུད་པ་བྱ་

ཞིང་གཙུག་པུད་བཅིང་བ་བྱས་ཏེ། བཟླས་པ་བྱས་ན་ནད་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །ནད་ཀྱིས་བཏབ་པ་ལ་ནི་བཟླས་པ་ཙམ་གྱིས་ཡོངས་སུ་ཐར་བར་འགྱུར་རོ། །མགུལ་པའི་ནད་ལ་ནི་གྲོག་མཁར་གྱི་ས་ལ་བཟླས་པ་བྱས་ཏེ། འདེ་གུས་བྱུག་པ་བྱས་ན་ནད་

ལས་གྲོལ་བར་འགྱུར་རོ། །མིག་གི་ནད་ལ་ནི་ཟར་མའི་མེ་ཏོག་གི་སྦྱིན་སྲེག་བྱས་ན་ཉེ་བར་ཞི་བར་འགྱུར་རོ། །རས་རིས་ཀྱི་ཆོ་གའི་ལས་གཞན་ཡང་སྔར་བསྟན་པའི་ཆོ་གས་རས་མ་ཉམས་པ། སྐྲ་མེད་པ་ལ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་འདྲིར་གཞུག་པར་

བྱ་སྟེ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཁ་དོག་དམར་བ། གཞོན་ནུའི་གཟུགས་ཅན། པདྨའི་གདན་ལ་བཞུགས་པ། གཡས་ངོས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག །གཡོན་ངོས་སུ་ཀུན་ཏུ་བཟང་པོ་འཕགས་པ་འཇམ་དཔལ་ལས་ཅུང་ཟད་ཆུང་བ།

རས་རིས་དེ་བཞག་ལ་བཟླས་པ་བྱེ་བ་བྱས་ན་རྒྱལ་པོར་འགྱུར་རོ། །ཙནྡན་གྱི་ཡམ་ཤིང་ལ་གུར་གུམ་གྱིས་བཏགས་པས་སྦྱིན་སྲེག་འབུམ་བྱས་ན་རྒྱལ་པོར་འགྱུར་རོ། །སྣ་མའི་མེ་ཏོག་མར་གྱིས་བཏགས་པས་སྦྱིན་སྲེག་བྱེ་བ་བྱས་ན་རྒྱལ་པོར་འགྱུར་རོ། །གང་གི་ཚད་

དང་ལྡན་པའི་པདྨའི་ཚོགས་ཀྱིས་སྦྱིན་སྲེག་བྱས་པ་དེའི་ཚད་ཀྱི་ཏི་ན་རའི་ཚོགས་རྙེད་པར་འགྱུར་རོ། །ཇི་སྲིད་དུ་བཟླས་པ་དེ་ཙམ་གྱི་ཚད་དང་ལྡན་པའི་ཏི་ན་ར་མ་བླངས་པ་དེ་ནི་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བར་འགྱུར་རོ། །གོ་བྱེའི་སྦྱིན་སྲེག་འབུམ་བྱས་ན་ཏི་ན་ར་སྟོང་

སྦྱིན་པར་བྱེད་དོ། །ནད་འཇོམས་པར་བྱེད་པའི་འབྲས་བུས་སྦྱིན་སྲེག་འབུམ་བྱས་ན་ནོར་བདག་ཆེན་པོར་འགྱུར་རོ། །གུ་གུལ་གྱི་ཡམ་ཤིང་སྟོང་རྩ་བརྒྱད་ཀྱིས་སྦྱིན་སྲེག་བྱས་ན་ནོར་དང་འབྲུ་རྣམས་ཐོབ་པར་འགྱུར་རོ། །རྟག་ཏུ་ཏིལ་གྱིས་སྦྱིན་སྲེག་བྱས་ན་འབྲུ་རྒྱུན་མི་ཆད་

เล่ม ๘๘ · หน้า 242b

པར་རྙེད་པར་འགྱུར་རོ། །བ་གླང་གི་ལྕི་བ་ལས་བྱུང་བའི་འབྲས་ཐུག་པོ་ཆེ་ཞོ་དང་བཅས་པས་སྦྱིན་སྲེག་འབུམ་བྱས་ན་བ་སྟོང་ཐོབ་པར་འགྱུར་རོ། །བོ་དེ་ཙེའི་འབྲས་བུ་དང་ཤོ་མའི་འབྲས་བུ་གཅིག་ཏུ་བྱས་ཏེ་སྦྱིན་སྲེག་བྱས་ན་གང་འདོད་པའི་བུ་མོ་རྙེད་པར་འགྱུར་རོ། །ཤོ་

མའི་ལོ་མས་སྦྱིན་སྲེག་བྱས་ན་འདོད་པ་ཐམས་ཅད་སྟེར་བར་འགྱུར་རོ། །ཟར་མའི་མེ་ཏོག་ལ་འོ་མས་བཏགས་པས་སྦྱིན་སྲེག་བྱ་བ་ནི་བྲམ་ཟེ་དབང་དུ་བྱ་བ་ལའོ། །ཤིང་ཀ་ར་བཱི་རའི་མེ་ཏོག་ལ་ཤིང་འོ་མ་ཅན་འོ་མ་མེད་པས་སྦྱིན་སྲེག་བྱ་བ་ནི་རྒྱལ་རིགས་དབང་དུ་བྱ་བ་

ལའོ། །དོང་ཀའི་མེ་ཏོག་གིས་སྦྱིན་སྲེག་བྱ་བ་ནི་རྒྱལ་པོ་དབང་དུ་བྱ་བ་ལའོ། །དྷ་དུ་རའི་མེ་ཏོག་གིས་སྦྱིན་སྲེག་བྱ་བ་ནི་དམངས་རིགས་དབང་དུ་བྱ་བ་ལའོ། །ཤིང་ཨརྐའི་མེ་ཏོག་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པས་སྦྱིན་སྲེག་འབུམ་བྱས་ན་ནད་ཐམས་ཅད་ལས་

ཡོངས་སུ་གྲོལ་བར་འགྱུར་རོ། །འདི་ཉིད་ཀྱི་ཆོ་གས་མེ་ཏོག་དྲི་ཞིམ་པ་ལ་ལན་འབུམ་བཟླས་ཏེ། ཞབས་ཀྱི་དྲུང་དུ་བཞག་ན་རྟག་ཏུ་བདེ་བར་འགྱུར་རོ། །ཤིང་ཨ་ཤྭཏྠའི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ལ་ཤ་མའི་མེ་ཏོག་གིས་སྦྱིན་སྲེག་བྱས་ན། རྒྱུ་སྐར་གྱི་གནོད་པ་ཉེ་བར་ཞི་

བར་འགྱུར་རོ། །གི་ཝང་ལ་སྔགས་མངོན་པར་བྲིས་ཏེ་སྤྱི་བོ་ལ་བཅིངས་ནས་གཡུལ་དུ་འཇུག་ན། མཚོན་གྱིས་རེག་པར་མི་འགྱུར་རོ། །བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པའི་རས་རིས་གླང་པོ་ཆེའི་མཚོག་མ་ལ་བཞག་སྟེ། དཔུང་གི་ཚོགས་ཀྱི་སྔོན་དུ་བཏང་

ན་མཐོང་བ་ཙམ་གྱིས་གཞན་གྱི་དཔུང་འཇིག་པར་འགྱུར་རོ། །གཞོན་ནུའི་གཟུགས་ཅན་གསེར་གྱི་རྨ་བྱའི་གདན་ལ་བཞུགས་པ་བྱ་སྟེ། རྒྱལ་མཚན་གྱི་རྩེ་མོར་བཏགས་ནས་གཡུལ་དུ་ཞུགས་ན་མཐོང་བ་ཉིད་ཀྱིས་གཞན་གྱི་དཔུང་འཇིག་པར་འགྱུར་རོ། །སྣ་མའི་མེ་ཏོག་ལ་ལན་

འབུམ་བཟླས་ཏེ་ཞབས་དྲུང་དུ་བཞག་ལ་དེ་ཉིད་དུ་ཀུ་ཤ་བཏིང་བའི་སྟན་བྱས་ན་རྨི་ལམ་དུ་འདི་ལ་ཇི་ལྟར་འདོད་པ་སྟོན་པར་འགྱུར་རོ། །མར་མེ་སྟོང་ལ་དེ་བཞིན་དུ་མར་མེ་རེ་རེ་ལ་ཡང་པདྨའི་སྐུད་པའི་སྙིང་པོ་བྱས་ཏེ། ཤིང་མངར་གྱིས་དཀྲི་བ་བྱས་ལ་མེ་རབ་ཏུ་སྦར་ནས་ཕུལ་ན། ངེས་པར་

เล่ม ๘๘ · หน้า 243a

འཇམ་དཔལ་གཞོན་ནུར་གྱུར་པ་ཇི་ལྟ་བ་མཐོང་བར་འགྱུར་རོ། །རས་རིས་ཀྱི་ཆོ་ག་གཉིས་པ་རྫོགས་སོ།། །།གསེར་རམ་དངུལ་ལས་གཞོན་ནུའི་གཟུགས་བྱས་ཏེ་ཕྱག་གཡས་པ་མཆོག་སྦྱིན་པ་དང་། གཡོན་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་མའི་གླེགས་བམ་འཛིན་པ་འདི་ལྟ་བུ་སྐུ་གདུང་གི་ཟ་མ་ཏོག་མདུན་དུ་བཞག་ལ་ཡི་གེ་གཅིག་པའི་བཟླས་པ་འབུམ་བྱའོ། །མཆོད་པ་རྣམས་ནི་ཉིན་པར་བྱའོ། །ཞབས་གཡོན་པའི་མདུན་དུ་བུ་མོ་ལ་ཁ་ཟས་སྦྱིན་པར་བྱའོ། །གླུ་དང་རོལ་མོ་དང་གླེགས་བམ་བཀླག་

པར་ཡང་བྱའོ། །བཟླས་པ་ཡོངས་སུ་རྫོགས་པ་དང་མེ་ཏོག་གསུམ་གྱིས་མཆོད་ཡོན་གསོལ་ཏེ་སླར་གཤེགས་སུ་གསོལ་ལོ། །ཆོ་ག་སྔ་མ་བཞིན་དུ་སྤྱན་དྲང་བ་དང་གཤེགས་སུ་གསོལ་བར་བྱའོ། །པདྨའི་ཕྱག་རྒྱ་བཅིངས་ནས་ནི་བཟླས་པ་བྱའོ། །རྒྱ་མཚན་གྱི་ཕྱག་

རྒྱས་ནི་སྤྱན་དྲང་བར་བྱའོ། །བཀྲ་ཤིས་ལྡན་གྱི་ཕྱག་རྒྱས་ནི་བཞུགས་སུ་གསོལ་ལོ། །གང་བའི་ཕྱག་རྒྱས་ནི་མཆོད་ཡོན་ནོ། །རྟགས་གཅིག་པའི་ཕྱག་རྒྱས་ནི་མེ་ཏོག་དབུལ་ལོ། །ཡིད་ལ་རེ་བའི་ཕྱག་རྒྱས་ནི་མར་མེའོ། །གཡོ་བའི་ཕྱག་རྒྱས་ནི་སྤོས་སོ། །

རྨ་བྱའི་གདན་གྱི་ཕྱག་རྒྱས་ནི་དྲིའོ། །སྲོག་ཤིང་གི་ཕྱག་རྒྱས་ནི་བཤོས་སོ། །ཆོ་ག་འདི་ཉིད་ཀྱིས་མཚན་མོ་དང་ཉི་མ་རེ་རེ་ཞིང་ཇི་སྲིད་བཟླས་པ་རྫོགས་ཀྱི་བར་དུ་བྱའོ། །ཕྱི་ནས་ནི་ལས་རྣམས་བྱའོ། །སྣ་མའི་མེ་ཏོག་གིས་རྒྱ་མཚོར་འགྲོ་བའི་ཆུ་བོ་ལ་འབུམ་གྱིས་གཏོར་ན་ཡུལ་

ཐོབ་པར་འགྱུར་རོ། །མཚན་མོ་སྣ་མའི་མེ་ཏོག་གི་ཚོགས་བཅོམ་ལྡན་འདས་ཀྱི་མདུན་དུ་བྱས་ནས་ཉལ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཡོངས་སུ་བསྐོར་བ་ཆོས་འཆད་པ་མཐོང་བར་འགྱུར་རོ། །གང་གི་དོན་དུ་བྱེད་པ་དེ་ཉིད་ཀྱི་ལས་བྱའོ། །གསོ་སྦྱོང་བྱས་

ཤིང་ཡར་ངོའི་ཚེས་ནས་བརྩམས་ཏེ། ག་པུར་སྦྲང་རྩི་དང་བསྲེས་པའི་སྤོས་ཀྱིས་སྦྱིན་སྲེག་བྱས་ན་རྒྱལ་ཐབས་ཐོབ་པར་འགྱུར་རོ། །བཟླས་པ་བྱེ་བ་བྱས་ན་འཇམ་དཔལ་རང་ཉིད་མཐོང་བར་འགྱུར་རོ། །ཆོས་འཆད་པར་ཡང་མཛད་དེ། དེ་དང་ལྷན་ཅིག་སྨྲ་བ་དང་མངོན་སུམ་དུ་སྣང་

เล่ม ๘๘ · หน้า 243b

བར་ཡང་འགྱུར་རོ། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔར་འགྱུར་རོ། །རས་རིས་ཀྱི་ཆོ་ག་གསུམ་པ་རྫོགས་སོ།། །།ཙནྡན་དམར་པོ་ལས་བྱས་པའི་གཞོན་ནུའི་གཟུགས་ཅན་ཕྱོགས་གཅིག་ན་གནོད་སྦྱིན་དགའ་བར་བྱེད་པ། ཕྱོགས་གཉིས་པ་ན་ནི་འཕྲོག་

མ་ཤིང་མྱ་ངན་མེད་ཀྱི་རྩ་ན་འདུག་པ་དེ་འདྲ་བ་བཞག་ལ། ལན་ཚྭ་དང་ཡུངས་ཀར་དང་སྐེ་ཚེ་དང་བསྲེས་པའི་ཙནྡན་དམར་པོའི་གཟུགས་བརྙན་བྱས་ནས་བཅད་ཅིང་བཅད་ཅིང་སྦྱིན་སྲེག་བྱས་ན་གང་གི་མིང་བཟུང་བ་དེ་དབང་དུ་འགྱུར་རོ། །ཤིང་ཨུ་དུམ་བཱ་རའི་འབྲས་བུས་གང་

གི་མིང་བཟུང་ཞིང་སྦྱིན་སྲེག་བྱས་ན་དེ་དབང་དུ་འགྱུར་རོ། །རྒྱ་ཤུག་གི་འབྲས་བུས་སྦྱིན་སྲེག་བྱས་ན་གང་གི་མིང་བཟུང་བ་དེ་དབང་དུ་འགྱུར་རོ། །ཁྭ་དང་འདྲ་བའི་ཤིང་ཨུ་དུམ་བཱ་རས་སྦྱིན་སྲེག་བྱས་ན་གང་གི་མིང་བཟུང་བ་དེ་དབང་དུ་འགྱུར་རོ། །ཤིང་སྲིང་ག་ཏ་གས་སྦྱིན་སྲེག་

བྱ་བ་ནི་བྲམ་ཟེ་དབང་དུ་བྱ་བ་ལའོ། །པདྨའི་རྩ་བ་ནི་རྒྱལ་རིགས་དབང་དུ་བྱ་བ་ལའོ། །ཨུཏྤ་ལའི་རྩ་བས་སྦྱིན་སྲེག་བྱ་བ་ནི་དམངས་རིགས་དབང་དུ་བྱ་བ་ལའོ། །ལན་ཚྭ་དང་ཤ་ཁ་རས་སྦྱིན་སྲེག་སྟོང་རྩ་བརྒྱད་ཉི་མ་བདུན་ལ་དུས་གསུམ་དུ་བྱས་ན་གང་གི་མིང་གིས་སྦྱིན་སྲེག་བྱས་

པ་དེ་དབང་དུ་འགྱུར་རོ། །ནིམ་པའི་ལོ་མ་ལ་ཡུངས་མར་གྱིས་བཏགས་པའི་སྲེག་བླུགས་ཀྱི་སྦྱིན་སྲེག་སྟོང་རྩ་བརྒྱད་ཞག་བདུན་ལ་དུས་གསུམ་དུ་བྱས་ན་གང་གི་མིང་གིས་བྱས་པ་དེ་དབང་དུ་འགྱུར་རོ། །ཐམས་ཅད་ཀྱི་སྦྱིན་སྲེག་བྱས་ན་ཐམས་ཅད་དབང་དུ་འགྱུར་རོ། །སྨན་བྲི་ཧ་ཏིའི་མེ་ཏོག་

གིས་སྦྱིན་སྲེག་འབུམ་བྱས་ན་གསེར་རྙེད་པར་འགྱུར་རོ། །ཤིང་ཀ་ལཉྫཱ་རི་ཀའི་མེ་ཏོག་ལ་སྦྱིན་སྲེག་སྟོང་རྩ་བརྒྱད་བྱས་ན་གྲོང་ཆེན་པོ་ཐོབ་པར་འགྱུར་རོ། །བ་ཏ་ལའི་མེ་ཏོག་གིས་སྦྱིན་སྲེག་བྱས་ན་འབྲུ་མི་ཟད་པ་ཐོབ་པར་འགྱུར་རོ། །བིལ་བའི་མེ་ཏོག་གིས་སྦྱིན་སྲེག་བྱས་ན་

གསེར་རྙེད་པར་འགྱུར་རོ། །ཤུ་དག་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་ཏེ་སྦྱིན་སྲེག་བྱས་ན་རྒོལ་བ་ཐམས་ཅད་ལ་ལན་འདེབས་ནུས་པར་འགྱུར་རོ། །སྨན་བྲམ་ཧིའི་ཁུ་བཅུད་མར་དང་ལྡན་པ་ཟངས་མའི་སྣོད་དུ་བཞག་ལ། བཟླས་པ་ཁྲི་རྫོགས་པའི་བར་དུ་བཟླས་ནས་དེ་ནས་འཐུངས་

เล่ม ๘๘ · หน้า 244a

ན་རྒོལ་བ་ཐམས་ཅད་ལས་རྣམ་པར་རྒྱལ་བར་འགྱུར་རོ། །ཤིན་ཏུ་ཞེ་སྡང་བ་ལ་ནི་སྟོང་རྩ་བརྒྱད་བོང་བ་ལ་མངོན་པར་བསྔགས་ཏེ་ཁྲོས་པའི་མདུན་དུ་བོར་ན་ཁྲོ་བ་མེད་པར་འགྱུར་རོ། །རས་རིས་ཀྱི་ཆོ་ག་བཞི་པ་རྫོགས་སོ།། །།རས་མཉམ་པ་སྐྲ་མེད་པ་ལ་

རི་མོ་མཁན་གསོ་སྦྱོང་བྱས་པ། ཚོན་མ་འདྲེས་པ་དག་གིས་འཕགས་པ་འཇམ་དཔལ་པདྨའི་གདན་ལ་བཞུགས་ཤིང་ཆོས་འཆད་པ་འདྲིར་གཞུག་པར་བྱའོ། །གཡོན་ཕྱོགས་སུ་འཕགས་པ་འོག་པག་ཆེན་མོ། གཡས་ཕྱོགས་སུ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

གཟུགས་ཅན་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གོས་དཀར་པོ་བགོས་པ་བྲི་བར་བྱའོ། །དེའི་འོག་ཏུ་པདྨའི་མཚོ་མེ་ཏོག་རྣམ་པ་སྣ་ཚོགས་ཀྱིས་ཁྱབ་པ་ན་ཀླུའི་རྒྱལ་པོ་གཉིས་རོ་སྟོད་ཆུའི་ནང་ནས་བྱུང་བ། པདྨའི་སྡོང་བུ་ལ་ལག་པས་འཛིན་པའོ། །འཕགས་པ་གཞན་གྱིས་

མི་ཐུབ་མ་ཕྱོགས་གཅིག་ཏུ་བྲི་བར་བྱ་སྟེ། ལོག་འདྲེན་གྱི་བགེགས་འཇིགས་པར་བྱེད་པ། མེ་འབར་བར་མངོན་པར་འབྱིན་པ། སྤྱན་ཁྲོ་གཉེར་ཅན་དུ་བྱས་པ། ཕྱོགས་གཞན་དུ་རི་ཁྲོད་མ་ལོ་མ་གྱོན་པ། ཞགས་པ་དང་དགྲ་སྟ་ལག་ན་ཐོགས་པ། ཁ་དོག་ནག་པ། མིག་

དམར་བ། རྨ་བྱའི་རྒྱབ་ཏུ་ཞོན་པ། སྒྲུབ་པ་པོ་ལ་སྲུང་བར་བྱེད་པ་བྲི་བར་བྱའོ། །སྒྲུབ་པ་པོ་ཡང་པདྨའི་ཕྲེང་བ་ལག་ན་ཐོགས་ཤིང་། བཅོམ་ལྡན་འདས་འཇམ་དཔལ་གྱི་ཞལ་ལ་རྣམ་པར་བལྟ་བར་བྱའོ། །སྟེང་དུ་ནི་རྔ་ཡབ་དང་མེ་ཏོག་གི་ཕྲེང་བ་དང་རྔ་འཛིན་པའི་ལྷའི་བུ་རྣམས་བྲི་

བར་བྱའོ། །རས་རིས་དེ་ནུབ་ཏུ་བསྟན་ཏེ་བཞག་ལ་སྐུ་གདུང་དང་བཅས་པའི་མཆོད་རྟེན་གྱི་མདུན་དུ་བཟླས་པ་བྱེ་བ་བྱའོ། །བཟླས་པའི་མཐའ་མར་མེའི་མཆོད་པ་ཆེན་པོ་བྱ་ཞིང་། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་བཀླགས་ལ་བཟླས་པ་སྟོང་ཕྲག་བཅུ་འཇམ་

དཔལ་གཞོན་ནུའི་ཞལ་ལ་ལྟ་ཞིང་བཟླས་པ་བྱའོ། །དེ་ནས་རས་རིས་འགུལ་བར་གྱུར་ན་རྒྱལ་སྲིད་ཐོབ་པར་འགྱུར་རོ། །ལྷའི་མིག་ཐོབ་ཅིང་རིག་པ་འཛིན་པར་འགྱུར་རོ། །འཁོར་ལོས་སྒྱུར་བ་ཆེན་པོར་ཡང་འགྱུར་རོ། །བཟླས་ཤིང་བཟླས་ན་བྱང་ཆུབ་སེམས་དཔའི་

เล่ม ๘๘ · หน้า 244b

ས་དང་པོ་ཐོབ་པར་འགྱུར་རོ། །འདིའི་ཆོས་སྟོན་པ་ཡང་ཐོབ་པར་འགྱུར་རོ། །རས་རིས་དེ་ཉིད་ཀྱི་མདུན་དུ་བ་སེར་མོ་བེའུ་ཡོད་པའི་མར་ཁུ་བླངས་ལ་ཟངས་མའི་སྣོད་དུ་བཞག་ནས་ཇི་སྲིད་དུ་དྲོ་བར་འགྱུར་བ་དང་དུ་བ་འཐུལ་བར་འགྱུར་བ་དང་རབ་ཏུ་འབར་བར་འགྱུར་བ་དེ་སྲིད་དུ་

བཟླས་པ་བྱས་ན། དྲོ་བར་གྱུར་པ་ན་འཐུངས་ན་ནི་མཆོག་ཏུ་ཡིད་གཞུངས་པ་དང་ཐོས་པ་འཛིན་པར་འགྱུར་རོ། །དུ་བ་འཐུལ་བ་ན་འཐུངས་ན་ནི་མི་སྣང་བར་འགྱུར་རོ། །རབ་ཏུ་འབར་བ་ན་འཐུངས་ན་ནི་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །ཁམ་ཕོར་སོ་མ་བཏང་བ་ཁ་

སྦྱར་ལ་ཤུ་དག་སྣ་མའི་མེ་ཏོག་གིས་དཀྲིས་པ་བཞག་ལ། ཇི་སྲིད་མྱུ་གུ་འབྱུང་བ་དེའི་བར་དུ་བཟླས་བརྗོད་བྱ་སྟེ་དེ་ཟོས་ན་ཐོས་པ་འཛིན་པར་འགྱུར་རོ། །བཟླས་བརྗོད་གཞན་བྱེ་བ་བྱས་ན་འཇམ་དཔལ་མངོན་སུམ་དུ་མཐོང་ཞིང་ཆོས་སྟོན་པ་ཡང་ཐོས་ལ་དེ་ལ་དད་པར་ཡང་འགྱུར་རོ། །

གསེར་གྱི་པདྨ་འདབ་མ་བརྒྱར་བྱ་སྟེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཇི་སྲིད་འབར་གྱི་བར་དུ་བཟླས་པ་བྱས་ན་དེ་བླངས་པ་ཙམ་གྱིས་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བར་འགྱུར་རོ། །གཞན་གྱིས་མི་ཐུབ་པར་འགྱུར་རོ། །ལྡོང་རོས་སམ་བ་བླའམ་ལིག་

བུ་མིག་གམ་བིལ་བའི་ལོ་མ་ཆུ་ལ་བཅུག་སྟེ་ཇི་སྲིད་ཁུ་ལ་ཁུ་ལ་ཞེས་བྱ་བའི་སྒྲ་བྱེད་པ་དེ་སྲིད་དུ་བཟླས་ན། དེ་བླངས་པ་ཙམ་གྱིས་ས་ལ་སྤྱོད་པའི་སྲིན་པོ་དང་ཤ་ཟ་རྣམས་ཀྱི་བདག་པོ་དང་མི་སྣང་བར་འགྱུར་རོ། །མཚན་ཉིད་དང་ལྡན་པ་རྨ་མེད་ཅིང་མ་འདྲེས་པའི་རལ་གྲི་བླངས་ལ་ཇི་སྲིད་

སྦྲུལ་གྱི་གདེངས་ཀ་བཞིན་དུ་བྱས་ཏེ། འདུག་པ་དེ་སྲིད་དུ་བཟླས་པ་བྱས་ལ་དེ་ནས་དེ་བླངས་ན་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བར་འགྱུར་རོ། །བསྐལ་པར་ཚེ་གནས་པ་དང་གཞན་གྱིས་མི་ཐུབ་པར་འགྱུར་རོ། །ལྡོས་རོས་ལྕགས་གསུམ་གྱིས་དཀྲི་བ་བྱས་ཏེ་ཁར་བཅུག་ལ་ཇི་

སྲིད་ཙུ་ལུ་ཙུ་ལུའི་སྒྲ་བྱུང་བ་དེ་སྲིད་དུ་བཟླས་པ་བྱས་ན་ཐུབ་པ་མེད་པར་འགྱུར་རོ། །དགྲ་ཐམས་ཅད་འཇོམས་པར་བྱེད་པར་འགྱུར་རོ། །རིགས་ཐམས་ཅད་དབང་དུ་བྱེད་དེ་འདོད་པ་དབང་དུ་བྱེད་པ་ནི་མ་གཏོགས་སོ། །ཤིང་ཤ་མི་ལས་སྐྱེས་པའི་ཤིང་ཨ་ཤྭཏྠའི་སྙིང་པོ་བླངས་ལ། ལྕགས་

เล่ม ๘๘ · หน้า 245a

གསུམ་གྱིས་དཀྲི་བ་བྱས་ནས་ཁར་རབ་ཏུ་བཅུག་ན་ཇི་སྲིད་ཙུ་ལུ་ཙུ་ལུའི་སྒྲ་འབྱུང་བ་དེ་སྲིད་དུ་བཟླས་པ་བྱས་ན་མི་སྣང་བར་འགྱུར་རོ། །ལོ་སྟོང་དུ་འཚོ་བར་འགྱུར་རོ། །དངུལ་གྱི་འཁོར་ལོ་བྱས་ཏེ་ལྷ་མ་ཡིན་གྱི་ཁུང་བུའི་སྒོར་བཞག་ལ། ཇི་སྲིད་དུ་འཁོར་ལོས་ལྷ་

མ་ཡིན་གྱི་འཁྲུལ་འཁོར་བཅད་ནས་རབ་ཏུ་འཇུག་པ་དེའི་བར་དུ་བཟླས་པ་བྱས་ན་དེའི་མོད་ལ་ལྷ་མ་ཡིན་གྱི་ན་ཆུང་རྣམས་བྱུང་ནས། དེ་དང་ལྷན་ཅིག་རབ་ཏུ་ཞུགས་ནས་བསྐལ་པར་གནས་པར་འགྱུར་རོ། །ལྕགས་ལས་བྱས་པའི་མདུང་རྩེ་གསུམ་བྱས་ཏེ། ཁུང་བུ་དེ་དག་གི་སྒོར་

བཟླས་པ་བྱེད་ན། དེར་འཁྲུལ་འཁོར་ཐམས་ཅད་འཇིག་པར་འགྱུར་ཞིང་། ཇི་སྙེད་སྒྲུབ་པའི་གྲོགས་མཆོག་དང་ལྷན་ཅིག་འདོད་པ་དེ་སྙེད་དང་ལྷན་ཅིག་རབ་ཏུ་འཇུག་ཅིང་བསྐལ་པར་གནས་པར་འགྱུར་རོ། །བྱམས་པ་ཡང་བཞུགས་ཤིང་དེ་མཐོང་བར་ཡང་འགྱུར་རོ། །རས་

རིས་ཀྱི་ཆོ་ག་ལྔ་པའོ།། །།ཤིང་ཨརྐ་དཀར་པོ་ལས་མཐེ་བོ་ཙམ་གྱི་བཅོམ་ལྡན་འདས་འཇམ་དཔལ་བྱས་ལ། ཤིང་ཨརྐའི་མེ་ཏོག་འབུམ་ཕུལ་ན་བློན་པོ་ཆེན་པོ་ཐོབ་པར་འགྱུར་རོ། །ཤིང་ཀ་ར་བཱི་ར་དཀར་པོའི་རྩ་བ་ལས་མཐེ་བོ་ཙམ་བྱས་ཏེ། འདི་ཉིད་ཀྱི་མེ་ཏོག་བྱེ་བ་གཅིག་

ཕུལ་ན་བཀའ་ལ་གཏོགས་པར་འགྱུར་རོ། །ཤིང་ཀ་ར་ཧཱ་ཊ་ལས་མཐོ་གང་གི་ཚད་ཙམ་དུ་བྱས་ལ་དེའི་མེ་ཏོག་འབུམ་ཕུལ་ན་དམག་དཔོན་ཐོབ་པར་འགྱུར་རོ། །ཙནྡན་དཀར་པོ་ལས་མཐོ་ཕྱེད་ཙམ་གྱི་བཅོམ་ལྡན་འདས་འཇམ་དཔལ་བྱས་ལ་སྣ་མའི་མེ་ཏོག་འབུམ་ཕུལ་ན་མདུན་ན་

འདོན་ཐོབ་པར་འགྱུར་རོ། །ཤིང་ཨ་ཤྭཏྠ་ལས་སོར་གཅིག་ཙམ་གྱི་ཚད་དུ་བྱས་ལ། རྙོག་པ་མེད་པའི་ཆུས་བུམ་པ་བཀང་བ་ཕུལ་ན་སྐྱེ་བོ་མང་པོས་བཀུར་བར་འགྱུར་རོ། །དྲི་ཐམས་ཅད་ལས་བྱས་ལ་མེ་ཏོག་ཐམས་ཅད་ཕུལ་ན་གང་འདོད་པ་དེ་ཐོབ་པར་འགྱུར་རོ། །

རྟག་ཏུ་ཡུལ་མ་ག་དྷཱའི་ཡམ་ཤིང་མ་ཉམས་པས་སྦྱིན་སྲེག་བྱས་ན་བློན་པོ་སྐྱེ་བོ་མང་པོས་བཀུར་བར་འགྱུར་རོ། །རྟག་ཏུ་བཟླས་པ་བྱས་ན་མཚམས་མེད་པ་ལྔ་ཡང་འབྱང་བར་འགྱུར་རོ། །ཤི་བའི་དུས་སུ་ཡང་འཇམ་དཔལ་གྱི་ཞལ་མཐོང་བར་འགྱུར་རོ། །འདི་ལ་ཆོས་སྟོན་པར་

เล่ม ๘๘ · หน้า 245b

ཡང་མཛད་དོ། །ལངས་ཤིང་ལངས་ཤིང་བརྒྱ་རྩ་བརྒྱད་བཟླས་ན་སེམས་ཅན་ཐམས་ཅད་ཀྱིས་མི་ཐུབ་པར་འགྱུར་རོ། །མིག་ལ་ཡོངས་སུ་བཟླས་ན་བདག་པོ་མཐོང་ཞིང་བཀའ་དྲིན་སྩོལ་བར་འགྱུར་རོ། །གང་གི་ཆེད་དུ་ལས་བྱས་པ་ཉིན་ཞག་བདུན་གྱིས་དེ་དབང་དུ་འགྱུར་རོ། །

གྲོང་གཞན་དུ་གནས་པ་ལ་ནི་ཞག་ཉི་ཤུ་རྩ་གཅིག་གིས་སོ། །ཡུལ་གཞན་ལ་གནས་པ་ལ་ནི་ཟླ་བ་གཉིས་སོ། །གཞོན་ནུའི་བདག་པོའི་ཆོ་གས་ཡིན་གྱི། །སྔགས་གཞན་གྱི་ཆོ་གས་མ་ཡིན་ན། ལས་མ་ལུས་པར་བྱེད་པར་འགྱུར་རོ། །འདོད་པ་དང་མངོན་སྤྱོད་དབང་དུ་

བྱེད་པ་ནི་མ་གཏོགས་སོ། །ཆོ་ག་དྲུག་པ་འདི་བསྟན་པ། །དུས་ཀྱི་མཐའ་ལ་སེམས་ཅན་རྣམས། །བསོད་ནམས་ཆུང་ལ་ཕན་དོན་དུ། །ཐུབ་པས་སྔོན་ནི་བསྟན་པ་ཡིན། །ཤཱཀྱ་སེང་གེ་སྐྱོབ་པ་ཡི། །བསྟན་པ་ནུབ་པར་གྱུར་པ་ན། །དུས་ནི་མི་བཟད་འཇིགས་པ་

ན། །དེ་ཚེ་གྲུབ་པར་འགྱུར་བ་ཡིན། །ཆོ་གའི་རྒྱལ་པོ་བདེ་བྱེད་པ། །བདུན་པ་འདིར་ནི་བཤད་པར་བྱ། །དེ་ཚེ་དུས་ནི་མི་བཟད་ལ། །ཆོ་ག་འདི་ནི་ང་ཡིས་བཤད། །སེམས་ཅན་བསོད་ནམས་ཆུང་བ་ལ། །ལམ་ནི་འདི་དག་རབ་ཏུ་བསྟན། །བྱང་ཆུབ་ཚོགས་ཀྱི་རྒྱུ་དོན་

དུ། །ཐེག་གསུམ་ལམ་ལ་རབ་ཏུ་གཞོལ། །དེ་ཡི་དུས་སུ་སེམས་ཅན་ལ། །ཐབས་ལ་མཁས་པ་བསྟན་པ་ཡིན། །སྲེད་པས་རྨོངས་པའི་སེམས་ཅན་དང་། །འདོད་ཆགས་ཞེ་སྡང་གིས་འཁྲུགས་པ། །སྲིད་པ་མཐར་ནི་གཏུག་བྱའི་ཕྱིར། །དེ་དག་ལ་བསྟན་ལམ་འདི་

ཡིན། །སྲེད་པའི་འཆིང་བས་བཅིངས་པ་ལ། །དགེ་བའམ་དགེ་བའི་ལས་ཀྱི་རྒྱུར། །གྲུབ་དང་སྒྲུབ་དང་དེ་བཞིན་རྫས། །སྔགས་དང་རྒྱུད་ནི་ང་ཡིས་བསྟན། །སྒྲུབ་པ་ཟློས་པ་རྣམས་ལ་འདིར། །ཆོ་གའི་རྒྱལ་པོ་བདག་ཉིད་ཆེ། །སེམས་ཅན་རྣམས་ནི་གདུལ་དོན་དུ། །

འཇིག་རྟེན་འདྲེན་པ་རྣམས་ཀྱིས་གསུངས། །ཤཱཀྱ་སེང་གེ་མི་ཡི་མཆོག །ཐུབ་པ་མཆོག་གིས་དེ་གསུངས་ནས། །དེ་ཚེ་དུས་ཀྱི་ཐ་མ་ལ། །གྲུབ་པ་དོན་ཡོད་བསྟན་པ་དང་། །སྔགས་དང་རྒྱུད་ཀྱི་སྟོབས་དང་ནི། །བརྩོན་འགྲུས་རྒྱ་ཆེ་ལྡན་བསྟན་ནས། །དེ་ཚེ་གནས་

เล่ม ๘๘ · หน้า 246a

གཙང་ལྷ་ཚོགས་ལ། །རྒྱལ་བ་མཆོག་གིས་གསུངས་པ་ནི། །ཆོ་གའི་རྒྱལ་པོ་རྒྱ་ཆེ་བ། །འཇིག་རྟེན་ཀུན་ལ་ཕན་པའི་ཕྱིར། །འཇམ་པའི་དབྱངས་ཀྱིས་བསྟན་པ་ལ། །གྲོགས་པོ་དེ་ནི་ང་ཡིས་བསྟན། །འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་

ག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། ཆོ་གའི་བྱ་བ་འཇམ་དཔལ་གྱི་ཆོ་ག་རབ་འབྱམ་ལས། ལེའུ་ཉི་ཤུ་རྩ་གཉིས་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གཞན་ཡང་གནས་གཙང་མའི་གཞལ་མེད་

ཁང་ལ་གཟིགས་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱི་ལས་ཀྱི་ཆོ་གའི་ལེའུ་ལས་རས་རིས་ཀྱི་ཆོ་ག་བདུན་པ་ཡོད་དེ། གང་གིས་དུས་ཀྱི་མཐའ་མ་དེ་ལ་བསྒྲུབ་པར་གྱུར་ན་དེ་ལ་དོན་ཡོད་པར་འགྲུབ་པར་འགྱུར་ཏེ། འབྲས་བུ་དང་བཅས་པ་བདེ་

བ་འབྱུང་བ། བདེ་བར་རྣམ་པར་སྨིན་པ། མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ། ངན་སོང་ཐམས་ཅད་ལས་ཟློག་པར་བྱེད་པ། ངེས་པར་བྱང་ཆུབ་ལ་གཞོལ་བར་བྱེད་པ་འགྲུབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་འཇམ་དཔལ་གཞོན་ནུར་གྱུར་པའི་སྙིང་པོ་གསུངས་

པ་ནི། ཡི་གེ་དྲུག་པ་འགྲོ་བ་དྲུག་ལས་གྲོལ་བར་བྱེད་པའི་བདག་ཉིད་བསམ་གྱིས་མི་ཁྱབ་པ། མི་མཉམ་པ། ཟླ་མེད་པ། རྫུ་འཕྲུལ་ཆེ་བ། སྲིད་པའི་རྒྱ་མཚོ་ཐམས་ཅད་དང་སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ལས་གྲོལ་བར་བྱེད་པ། འབྱུང་པོ་ཐམས་ཅད་ཀྱིས་བཟོད་པར་དཀའ་བ།

འཇིག་རྟེན་ཐམས་ཅད་ཀྱིས་མ་གོས་པ། འབྱུང་པོ་ཐམས་ཅད་ཀྱིས་མི་ཐུབ་པ། སྲེད་པའི་ལས་ཐམས་ཅད་རྣམ་པར་སྦྱོང་བར་བྱེད་པ། སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པར་བྱེད་པ། མ་རུངས་པ་ཐམས་ཅད་ཟློག་པར་བྱེད་པ། སངས་རྒྱས་ཐམས་ཅད་ཀྱིས་རྗེས་སུ་ཡི་རང་བར་

མཛད་པ། ཕུན་སུམ་ཚོགས་པ་ཐམས་ཅད་བྱེད་པ། འཇམ་དཔལ་གྱི་བསྟན་པ་ལ་སྔགས་ཐམས་ཅད་ཀྱི་མཆོག་དེ་གང་ཞེ་ན། ཨོྃ་བཱ་ཀྱེ་དྃ་ན་མཿ། འདིའི་ཆོ་གར་འགྱུར་བ་ནི། ཚོད་རྔད་དམ། ནས་ཆན་ཁྱོར་གང་ངམ། སློང་མོའི་ཟས་ཀྱིས་འཚོ་ལ། དུས་གསུམ་དུ་ཁྲུས་

เล่ม ๘๘ · หน้า 246b

བྱེད་ཅིང་གོས་ལན་གསུམ་བརྗེ་བས་ཡི་གེ་འབུམ་བྱས་ན་སྔར་བསྙེན་པ་བྱས་པར་འགྱུར་རོ། །ཁ་ཚར་གྱི་རྩེ་མོ་མ་བཅད་པའི་རས་ལ་རི་མོ་མཁན་གསོ་སྦྱོང་བྱས་པས། ཚོན་མ་འདྲེས་པ་དག་གིས་འཕགས་པ་འཇམ་དཔལ་པདྨའི་གདན་ལ་ཆོས་འཆད་ཅིང་བཞུགས་པ། རྒྱན་

ཐམས་ཅད་ཀྱིས་བརྒྱན་པ། གཞོན་ནུའི་གཟུགས་སུ་འདུག་པ་བླ་གོས་ཕྲག་པར་གཟར་བ་འདྲིར་གཞུག་པར་བྱའོ། །གཡོན་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཕྱག་ན་པདྨ་བསྣམས་པ། གཡས་སུ་ནི་འཕགས་པ་ཀུན་ཏུ་བཟང་པོ། །སྟེང་དུ་ནི་རིག་པ་འཛིན་པ་

གཉིས་ཕྲེང་བ་ཐོགས་ཤིང་སྤྲིན་གྱི་ནང་ནས་བྱུང་བ་བྲི་བར་བྱའོ། །འོག་ཏུ་ནི་སྒྲུབ་པ་པོ་ལག་ན་སྤོས་སྣོད་ཐོགས་པའོ། །ཁོར་ཡུག་ཏུ་ནི་རིའི་རྩེ་མོའི་འོག་ཏུ་ནི་པདྨའི་མཚོ་འདྲིར་གཞུག་པར་བྱའོ། །སྐུ་གདུང་དང་བཅས་པའི་མཆོད་རྟེན་དང་རས་རིས་ནུབ་ཏུ་བསྟན་ཏེ་རབ་ཏུ་བཞག་

ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་མར་གྱི་མར་མེ་ཡང་རབ་ཏུ་སྦར་ཞིང་སྣ་མའི་མེ་ཏོག་ལ་རེ་རེ་ལ་ཡང་མངོན་པར་བཟླས་ནས་མེ་ཏོག་སྟོང་རྩ་བརྒྱད་འཇམ་དཔལ་གྱི་ཞལ་ལ་གཏོར་རོ། །དེ་ནས་ཟབ་པ་ཆེན་པོའི་ཡི་གེ་ཧཱུྃ་གི་སྒྲ་ཐོས་པའམ་རས་རིས་རབ་ཏུ་འགུལ་བར་འགྱུར་རོ། །ཡི་གེ་ཧཱུྃ་གི་

སྒྲས་ནི་ས་ཀུན་ལ་དབང་བའི་རྒྱལ་པོར་འགྱུར་རོ། །རས་རིས་འགུལ་བས་ནི་རྒོལ་བ་ཐམས་ཅད་ལ་ལན་འདེབས་ནུས་པ་དང་། འཇིག་རྟེན་པ་ཐམས་ཅད་ཀྱི་བསྟན་བཅོས་ཤེས་པར་འགྱུར་རོ། །ཅི་སྟེ་མ་གྲུབ་ཀྱང་ལས་ཐམས་ཅད་ལ་ནུས་པ་དང་ལྡན་པར་འགྱུར་རོ། །འདི་ནི་ཆོ་ག་དང་

པོའོ། །ཨ་ག་རུའི་ཡམ་ཤིང་སོར་ཕྱེད་དང་གཉིས་ཀྱི་ཚད་ལ། ཏུ་རུཥྐའི་ཐང་ཆུས་སིལ་ཧ་རས་བཏགས་པས་སེང་ལྡེང་གི་མདག་མ་དུ་བ་མེད་པ་ལ་མཚན་ཐོག་ཐག་ཏུ་སྦྱིན་སྲེག་བྱས་ན། སྐྱ་རེངས་འཆར་བ་ཙམ་ན་འཕགས་པ་འཇམ་དཔལ་མཐོང་བར་འགྱུར་ཞིང་། དེ་ཅི་འདོད་པའི་

མཆོག་སྩོལ་བར་འགྱུར་ཏེ། འདོད་པ་དབང་དུ་བྱ་བ་ནི་མ་གཏོགས་སོ། །དེ་ཉིད་ཀྱི་རས་རིས་ཀྱི་མདུན་དུ་ཙནྡན་གྱི་སྤོས་ཀྱི་རྒྱུན་ཆད་པ་མེད་པར་མཚན་ཐོག་ཐག་ཏུ་བདུགས་ཏེ། བཟླས་པ་བྱས་ན་དེའི་འོག་ཏུ་འཕགས་པ་འཇམ་དཔལ་མངོན་སུམ་དུ་གཤེགས་ཏེ་ཟབ་མོའི་ཆོས་

เล่ม ๘๘ · หน้า 247a

སྟོན་པ་དེ་ལ་མོས་པར་འགྱུར་རོ། །མོས་ནས་ཀྱང་ནད་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར། དབང་ཐོབ་པར་འགྱུར། བྱང་ཆུབ་སེམས་དཔའི་ས་རྗེས་སུ་ཐོབ་པར་འགྱུར་རོ། །ཙནྡན་དམར་པོ་ལས་བྱས་པའི་པདྨ་རྩ་ལག་དང་བཅས་པ་སོར་དྲུག་ཙམ་

ཙནྡན་དམར་པོའི་འདེ་གུས་བསྐུས་ནས། ལན་སྟོང་བསྔགས་ཤིང་དགང་གཟར་གྱིས་ལན་སྟོང་བླུག་པ་བྱས་ལ། ཟླ་བ་ཉ་ལ་རས་རིས་ཀྱི་མདུན་དུ་པདྨའི་སྣོད་བཞག་ལ་ལག་པས་བཟུང་ནས་ཇི་སྲིད་རབ་ཏུ་འབར་བ་དེ་སྲིད་དུ་བཟླས་པ་བྱས་ན། དེ་བཟུང་བས་ལོ་བཅུ་དྲུག་གི་ན་ཚོད་

དང་མདོག་གསེར་བཙོ་མ་འདྲ་བ་དང་ཉི་མ་བས་ལྷག་པའི་གཟི་བརྗིད་དང་ལྡན་པ་དང་ལྷ་གཞོན་ནུ་ལྟ་བུར་འགྱུར་བ་དང་རིག་པ་འཛིན་པ་ཐམས་ཅད་ཀྱིས་ཕྱག་བྱས་པ་དང་བསྐལ་པ་ཆེན་པོར་འཚོ་བར་འགྱུར་རོ། །ལུས་ཞིག་ནས་མངོན་པར་དགའ་བར་སྐྱེ་བར་འགྱུར་རོ། །ཟླ་བ་གཟས་

ཟིན་པ་ལ་ཤུ་དག་དཀར་པོ་བླངས་ལ་བའི་རྣམ་ལྔས་བཀྲུས་ཏེ། ཤིང་ཨ་ཤྭཏྠའི་ལོ་མས་བཀབ་པ་བྱས་ལ་ཇི་སྲིད་དྲོད་དང་དུ་བ་འཐུལ་བ་དང་འབར་བ་དེ་སྲིད་ཀྱི་བར་དུ་བཟླས་པ་བྱས་ན། དྲོ་བ་བྱུང་བས་ནི་སྐྱེ་བོ་ཐམས་ཅད་དབང་དུ་འགྱུར་བ་དང་རྒོལ་བ་ཐམས་ཅད་ལས་རྒྱལ་བར་

འགྱུར་རོ། །དུ་བ་འཐུལ་བས་ནི་མི་སྣང་བ་དང་སྟོང་ཕྲག་སུམ་ཅུར་འཚོ་བར་འགྱུར་རོ། །འབར་བས་ནི་ནམ་མཁའ་ལ་འགྲོ་བ་དང་བསྐལ་པ་ཆེན་པོར་འཚོ་བར་འགྱུར་རོ། །བ་སེར་སྐྱའི་བེའུ་དང་བཅས་པའི་མར་ཁུ་བླངས་ལ། ཟངས་མའི་སྣོད་དུ་ཤིང་ཨ་ཤྭཏྠའི་ལོ་མ་བདུན་གྱིས་བཀབ་སྟེ་

བཞག་ལ། ཇི་སྲིད་གྲུབ་པ་རྣམ་གསུམ་ཐོབ་པ་དེ་སྲིད་ཀྱི་བར་དུ་བཟླས་པ་བྱས་ལ་དེ་འཐུངས་ན་ཐོས་པ་འཛིན་པ་དང་མི་སྣང་བར་འགྱུར་བ་དང་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །སྨན་པུ་སྐར་མཱུ་ལའི་ས་བོན་ཟླ་བ་གཟས་ཟིན་པ་ལ་ཁར་བཅུག་ན་ཇི་སྲིད་དུ་ཙུ་ལུ་ཙུ་ལུ་ཞེས་བྱ་བའི་སྒྲ་འབྱུང་བ་དེ་སྲིད་

དུ་བཟླས་པ་བྱས་ལ། སྨན་དེ་ཕྱུང་ནས་ལྕགས་གསུམ་གྱིས་ཡོངས་སུ་དཀྲི་བ་བྱས་ལ་ཡང་ཁར་རབ་ཏུ་བཅུག་ན་མི་སྣང་བར་འགྱུར་རོ། །སྨན་དེ་སྐྱུགས་ན་ནི་སྣང་བར་འགྱུར་རོ། །ལི་ཤི་དྲི་ཞིམ་པོ་ཁར་བཅུག་ལ་བཟླས་པ་འབུམ་བྱས་ན་གང་དང་སྨྲ་བ་དེ་དབང་དུ་འགྱུར་རོ། །འོ་མ་དང་ནས་ཆན་ཁྱོར་

เล่ม ๘๘ · หน้า 247b

གང་ཟ་ཞིང་བཟླས་པ་འབུམ་ཕྲག་བཅུ་གཉིས་བྱས་ན་རིག་པ་འཛིན་པར་འགྱུར་རོ། །སློང་མོའི་ཟས་ཀྱིས་འཚོ་ལ་ཤིང་བཞིན་དུ་མི་སྨྲ་བའི་དཀའ་ཐུབ་བྱེད་ཅིང་བཟླས་པ་འབུམ་བྱེད་ན་མི་སྣང་བར་འགྱུར་རོ། །བཟླས་པ་བྱ་བ་བྱས་ན་ཇི་ལྟར་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་འཕགས་

པ་འཇམ་དཔལ་ཆོས་སྟོན་པ་དེ་བཞིན་དུ་འགྱུར་རོ། །རྟག་ཏུ་བཟླས་པ་བྱས་ན་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །གང་གི་གཟུགས་བརྙན་དྲི་ཐམས་ཅད་པས་བྱས་ལ་བཅད་ཅིང་སྦྱིན་སྲེག་བྱས་ན་ཞག་བདུན་གྱིས་དབང་དུ་འགྱུར་རོ། །གུ་གུལ་གྱི་རིལ་བུ་རྒྱ་ཤུག་གི་ཚིག་གུའི་

ཚད་ཙམ་ལ་མར་གྱིས་བཏགས་པས་བརྒྱ་ཕྲག་སྟོང་གི་སྦྱིན་སྲེག་བྱས་ན་རྒྱལ་པོ་དབང་དུ་འགྱུར་རོ། །ཏིལ་ལ་ཞོ་དང་མར་གྱིས་བཏགས་པས་སྦྱིན་སྲེག་འབུམ་ཕྲག་སྟོང་བྱས་ན་ཐམས་ཅད་ཀྱི་དམ་པའི་ཁྱིམ་གྱི་བདག་པོ་ཆེན་པོར་འགྱུར་རོ། །བའི་ལྕི་བ་ས་ལ་མ་ལྷུང་བས་དཀྱིལ་འཁོར་

བྱས་ལ། དེ་ལ་མེ་ཏོག་གིས་གཅལ་དུ་བཀྲམ་སྟེ། བཟླས་པ་བརྒྱ་རྩ་བརྒྱད་བྱས་ལ་དེ་ནས་དམ་པའི་ཆོས་ཀྱི་གླེགས་བམ་བཀླག་པར་བྱས་ན། ཟླ་བ་གཅིག་གིས་མཆོག་ཏུ་ཡིད་གཞུངས་པར་འགྱུར་རོ། །གི་ཝང་ལ་བརྒྱ་རྩ་བརྒྱད་བཟླས་ཏེ་དཔྲལ་བར་ཐིག་ལེ་བྱས་ན་སྐྱེ་བོ་ཐམས་ཅད་

དགའ་བར་འགྱུར་རོ། །གཙུག་པུད་ལ་ལན་བདུན་བཟླས་པ་བྱས་ན་སེམས་ཅན་ཐམས་ཅད་ཀྱི་གནོད་པ་མེད་པར་འགྱུར་རོ། །མེ་ཏོག་གི་རི་མ་ལས་སྦྱིན་སྲེག་འབུམ་བྱས་ན་ནད་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །ཉིན་རེ་ཞིང་བཟླས་པ་བདུན་བདུན་བྱས་ན་ངེས་པར་མྱོང་བར་འགྱུར་

བའི་ལས་རྣམས་ཟད་པར་འགྱུར་རོ། །བཟླས་པ་བརྒྱ་རྩ་བརྒྱད་བྱས་ན་འཆི་བའི་དུས་ཀྱི་ཚེ་འཕགས་པ་འཇམ་དཔལ་གྱི་ཞལ་ཐམས་ཅད་མཐོང་བར་འགྱུར་རོ། །ལེའུ་བདུན་པའི་རས་རིས་ཀྱི་ཆོ་གའོ།། །།འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་

ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས་འཇམ་དཔལ་གྱི་རས་རིས་ཀྱི་ཆོ་གའི་ལེའུ་རབ་འབྱམ་ལས། ཉི་ཤུ་རྩ་གསུམ་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གཞན་ཡང་གནས་གཙང་མའི་གཞལ་མེད་ཁང་ལ་གཟིགས་ནས་འཇམ་དཔལ་གཞོན་ནུར་གྱུར་པ་

เล่ม ๘๘ · หน้า 248a

ལ་བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱི་སྔགས་དང་རྒྱུད་དང་རིག་པའི་རྒྱལ་པོ་དང་འཁོར་ལོས་སྒྱུར་བ་ལ་སོགས་པ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ལ་སོགས་པ་དང་སྔགས་ཐམས་ཅད་ཀྱི་གྲུབ་པའི་གནས་ཡོད་དེ། དེ་ཡང་མདོར་ན་བྱང་ཕྱོགས་

སུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིག་པའི་རྒྱལ་པོ་འགྲུབ་པར་འགྱུར་ཏེ། རྒྱ་དང་རྒྱ་ནི་ཆེ་ཉིད་ལ། །འཇམ་པའི་དབྱངས་ནི་རབ་འགྲུབ་འགྱུར། །གང་ཡང་དེ་ཡི་སྔགས་རྣམས་ནི། །དེར་ནི་རབ་ཏུ་འགྲུབ་པར་འགྱུར། །གཙུག་ཏོར་རྒྱལ་པོ་ཐམས་ཅད་དང་། །དེ་དག་

ཏུ་ནི་གྲུབ་པར་སྣང་། །ཀཱ་བི་ཤེ་དང་བག་ཁ་ལ། །ཨོ་ཊི་ཡ་ནི་འཁོར་ཡུག་ཡུལ། །ཁ་ཆེ་དང་ནི་སིན་དྷུའི་ཡུལ། །ཁ་བ་ཅན་གྱི་མཚམས་ཀུན་དང་། །བྱང་ཕྱོགས་སུ་ནི་གནས་བརྟེན་ལ། །དགེ་བའི་སྔགས་ནི་འགྲུབ་པར་འགྱུར། །གང་ཡང་སངས་རྒྱས་སྔོན་གསུངས་

དང་། །ད་ལྟར་ཡང་ནི་གསུངས་པ་དང་། །མ་འོངས་སངས་རྒྱས་རྣམས་ཀྱིས་ཀྱང་། །ཞི་བའི་རྒྱུར་ནི་གསུངས་པ་སྟེ། །ཁ་བ་ཅན་རིའི་ནང་བྱུང་བ། །དེར་ནི་ཐམས་ཅད་འགྲུབ་པར་འགྱུར། །སྐྱེ་བོ་སྐལ་ལྡན་བཟང་པོ་ནི། །ཞི་བའི་ལས་ནི་རྩོམ་པར་བྱེད། །དེ་བཞིན་

སྔགས་ནི་ཡུལ་དབུས་སུ། །པདྨའི་རིགས་ནི་འགྲུབ་པར་འགྱུར། །མཛོད་དང་ནོར་བུའི་རིགས་དག་ཀྱང་། །དེར་ནི་འགྲུབ་པར་རབ་ཏུ་སྣང་། །གནོད་སྦྱིན་ལྔས་རྩེན་དག་དང་ནི། །འཕྲོག་མ་གནོད་སྦྱིན་སྐྱེ་གནས་དང་། །གང་དག་དྲི་ཟའི་སྔགས་རྣམས་ནི། །དེ་

དག་ཏུ་ནི་གྲུབ་པར་གསུངས། །དེ་ནས་རྟག་ཏུ་ཀུ་ཤའི་གྲོང་། །མ་ག་དྷཱ་ནི་ཁོར་ཡུག་དང་། །ངོགས་དགའ་ཆུ་བོ་སྣར་མ་དང་། །བང་གའི་ཡུལ་ནི་ཐམས་ཅད་དུ། །དེ་བཞིན་ནོར་བུའི་རིགས་གསུངས་པའི། །ཛམ་བྷ་ལ་ནི་འགྲུབ་པར་འགྱུར། །རྒྱ་མཚོ་དང་ན་གླིང་

ངོགས་དང་། །ཆུ་ཡི་གཟི་ནི་ཐམས་ཅད་དང་། །དགའ་བའི་གྲོང་ཁྱེར་སིང་ཧ་ལར། །སྔགས་ཀྱི་ལྷ་ནི་འགྲུབ་པར་འགྱུར། །སྒྲོལ་མ་ཁྲོ་གཉེར་ཅན་དག་དང་། །དཔལ་ཆེན་མ་དང་གྲགས་ཆེན་མ། །གདུགས་དཀར་རྣམས་ཀྱི་སྔགས་རྣམས་དང་། །ཟླ་བའི་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด