འཕགས་པ་འཇམ་དཔལ་གྱི་རྩ་བའི་རྒྱུད
ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་མཉྫུ་ཤྲཱི་མཱུ་ལ་ཏནྟྲ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๘๘ · หน้า 248b
གྲོང་ཁྱེར་རྒྱ་མཚོ་དང་། །ཤར་གྱི་ཡུལ་ནི་ཁོ་ར་ཡུག །དེར་གནས་པ་ལ་འགྲུབ་པར་འགྱུར། །འབིགས་བྱེད་རི་ནང་གནས་པ་དང་། །ཡུལ་ནི་མཆོག་དབང་ཁོར་ཡུག་ཏུ། །སྨིན་དྲུག་བུ་བཞིན་འཇམ་དཔལ་ནི། །ཁོར་ཡུག་ཏུ་གྲུབ་པ་ཡིན། །རི་རྩེ་ཚང་ཚིང་ནང་
དང་ནི། །རི་སུལ་དང་ནི་ནགས་བཅས་ལ། །ལོག་འདྲེན་བགེགས་ནི་བྱེད་པ་ཡི། །བཟླས་པ་དག་ནི་འགྲུབ་པར་འགྱུར། །གླང་པོའི་ཆ་བྱད་ཡང་དག་ལྡན། །མཆེ་བ་གཙིགས་པ་གཟི་བརྗིད་ཆེ། །དེ་བཞིན་རྟ་གཟུགས་དུ་མ་དང་། །དུ་མའི་རྣམ་པར་གྲགས་པ་ཡིན། །
ལྷ་ནི་དབང་དང་ལྡན་པའི་བུ། །རྣམ་པ་སྣ་ཚོགས་བགེགས་བྱེད་པ། །དེ་བསྟན་སྔགས་དང་ལྡན་པ་ཡི། །གྲུབ་པའི་ཞིང་དུ་རབ་ཏུ་སྣང་། །མ་མོ་མི་བཟད་རྣམ་སྣ་ཚོགས། །གཟའ་ཉིད་ཤིན་ཏུ་མི་བཟད་དང་། །ཡི་དགས་སྐྱེ་གནས་བསྟན་པ་ཡིན། །མི་ཡི་ཟས་བྱེད་བདེན་བྲལ་
དང་། །ཡི་དགས་རྒྱལ་པོར་བསྟན་པ་དང་། །དེ་དག་ཞིང་དུ་གྲུབ་པར་གསུངས། །དེ་ལ་སོགས་པའི་འབྱུང་པོ་ཀུན། །གྲུབ་པའི་ཞིང་དུ་གསུངས་པ་ཡིན། །རྡོ་རྗེ་ཁྲོ་བོ་བརྩོན་འགྲུས་ཆེ། །དེ་དག་ཕྱོགས་སུ་གྲུབ་པ་ཡིན། །ལྷ་མིན་སྔགས་ཀྱི་གཙོ་བོ་དང་། །གང་གཞན་དེ་བཞིན་
འཇིག་རྟེན་པའི། །སྔགས་རྒྱུད་ལྷོ་ཕྱོགས་དག་ཏུ་ནི། །བརྟེན་པ་དག་ལ་འགྲུབ་པར་འགྱུར། །རྟག་ཏུ་ཡི་དགས་རྒྱལ་པོ་དང་། །གཤིན་རྗེས་ཀྱང་ནི་བསྟན་པ་དང་། །ཞི་བ་ཁྱབ་འཇུག་གིས་བསྟན་པའི། །སྔགས་གཞན་དག་ཀྱང་འགྲུབ་པར་འགྱུར། །གདུག་ཅིང་གདུག་
པའི་ལས་དག་ནི། །ལྷ་ཡི་གནས་སུ་བསྟན་པ་ཡིན། །སྔགས་རྣམས་གདུག་པའི་ལས་རྣམས་ནི། །ལག་ན་རྡོ་རྗེས་བསྟན་པ་དག །ལྷོ་ཡི་ཕྱོགས་ལ་བསྟེན་ན་ནི། །སྡིག་པའི་ལས་ནི་འགྲུབ་པར་འགྱུར། །དེ་དག་གི་ནི་ཕྱོགས་དག་ཏུ། །མྱུར་དུ་ཡང་དག་འགྲུབ་པར་སྣང་། །
ཉི་མས་བཤད་པའི་སྔགས་རྣམས་ནི། །ཉི་མའི་སྔགས་ཞེས་རབ་ཏུ་བསྒྲགས། །ནུབ་ཕྱོགས་ན་ནི་གང་ཡོད་པ། །སྔགས་དང་རྒྱུད་ནི་རབ་ཏུ་འགྲུབ། །གནོད་སྦྱིན་དབང་པོ་རྫུ་འཕྲུལ་ཆེའི། །དེར་ནི་རང་སྔགས་འགྲུབ་པར་འགྱུར། །བྱིས་པ་རྣམས་ནི་རྨོངས་པ་ཡི། །འབྱུང་
เล่ม ๘๘ · หน้า 249a
པོ་ཀུན་ལ་ནོར་སྦྱིན་ཞིང་། །ཆོ་ག་མཐོང་བའི་རྒྱུ་ཡིས་ནི། །སྐྱེ་བོ་རྣམས་ལ་ནོར་སྦྱིན་བྱེད། །ལོངས་སྤྱོད་ལྡན་ཞིང་མཛོད་འཕེལ་བ། །ནུབ་ཀྱི་ཕྱོགས་སུ་འགྲུབ་པར་འགྱུར། །ནོར་སྦྱིན་ཞེས་བྱའི་མིང་གིས་ནི། །ས་ཡི་སྟེང་དུ་རྣམ་པར་གྲགས། །གནོད་སྦྱིན་
ལག་ན་རྡོ་རྗེ་རང་། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། །སྔགས་པ་མཆོག་ནི་དམ་པ་སྟེ། །རང་ཉིད་ས་བཅུའི་བདག་པོ་ཡིན། །རྡོ་རྗེ་པདྨའི་རིགས་དག་གི། །དེ་དག་སྔགས་ནི་གྲུབ་པ་ཡིན། །དེ་བཞིན་རིགས་བརྒྱད་སྔགས་དག་ནི། །ཕྱོགས་བརྒྱད་དག་ཏུ་གནས་
པ་ཡིན། །རྒྱལ་བའི་རིགས་ཀྱི་སྔགས་དག་ནི། །བྱང་གི་ཕྱོགས་སུ་འགྲུབ་པ་ཡིན། །པདྨའི་རིགས་ལས་བྱུང་བའི་སྔགས། །དེ་བཞིན་ཤར་གྱི་ཕྱོགས་སུ་འགྲུབ། །ལྷོ་ཡི་ཕྱོགས་སུ་གནས་པ་ལ། །རྡོ་རྗེའི་རིགས་ནི་འགྲུབ་པར་འགྱུར། །ནུབ་ཕྱོགས་སུ་ནི་
མཛོད་འགྲུབ་གསུངས། །ཕྱོགས་མཚམས་དག་ཏུ་རིན་ཆེན་རིགས། །དེ་བཞིན་ནུབ་བྱང་མཚམས་སུ་ནི། །དེ་དག་འགྲུབ་པར་རབ་ཏུ་བརྟགས། །ལྷོ་ནུབ་ཀྱི་ནི་མཚམས་དག་ཏུ། །དེ་བཞིན་གནོད་སྦྱིན་རིགས་ཀྱང་འགྲུབ། །ཤར་ལྷོ་དག་གི་ཆ་དག་ཏུ། །ཉན་ཐོས་
རྣམས་ནི་གཟི་བརྗིད་ཆེ། །དེ་དག་རིགས་སུ་སྣང་བ་ནི། །དེར་གནས་པ་ལ་འགྲུབ་པར་འགྱུར། །བྱང་ཤར་དག་གི་ཆ་དག་ཏུ། །རང་རྒྱལ་རྣམས་སུ་ཡང་དག་འབྱུང་། །རིགས་ནི་འཇིག་རྟེན་ཀུན་གྱིས་མཆོད། །དེ་དག་དེར་ནི་འགྲུབ་པ་ཡིན། །འོག་གི་ཕྱོགས་ཀྱི་
ཆ་དག་ཏུ། །འཇིག་རྟེན་པ་ཡི་སྔགས་རྣམས་འགྲུབ། །ས་འོག་འཇུག་པར་གྱུར་པའི་སྔགས། །རིགས་བརྒྱད་ཀུན་ལ་འགྲུབ་པར་འགྱུར། །དེ་བཞིན་འཇིག་རྟེན་འདས་པའི་སྔགས། །གཙུག་ཏོར་ལ་སོགས་རབ་བསྒྲགས་པ། །སྟེང་དུ་འགྲོ་བའི་གྲུབ་པར་ནི། །རྒྱལ་བ་འཁོར་
ལོ་སྒྱུར་བས་གསུངས། །ཐད་ཀར་ཀུན་ནས་ཁོར་ཡུག་ཏུ། །རྡོ་རྗེ་ཅན་གྱི་འགྲུབ་པ་ཡིན། །དེ་བཞིན་གཞན་ཡང་སྔགས་རྒྱལ་ཀུན། །པདྨའི་རིགས་ལས་བྱུང་བ་ནི། །ཐམས་ཅད་དུ་ནི་ཐམས་ཅད་འགྲུབ། །སྔགས་རྣམས་ཀུན་ཀྱང་ལོངས་སྤྱོད་སྟེར། །རྡོ་རྗེ་པདྨའི་རིགས་དག་ཀྱང་། །
เล่ม ๘๘ · หน้า 249b
དུས་རྣམས་ཀུན་ཏུ་འགྲུབ་པར་འགྱུར། །འདི་དག་ཞིང་དུ་བསྟན་པ་སྟེ། །དེ་ཡི་དུས་ནི་ཡོངས་སུ་བསྟན། །རྒྱལ་བའི་རིགས་ཀྱི་སྔགས་གྲུབ་པ། །སངས་རྒྱས་རྣམས་ལ་སྔོན་བྱུང་བའོ། །པདྨ་རྡོ་རྗེའི་རིགས་དག་ནི། །སངས་རྒྱས་རྣམས་ཀྱི་བར་མའི་དུས། །གཞན་གྱི་དུས་སུ་
སྔགས་དག་ནི། །དེ་ལས་གཞན་པའི་རིགས་འགྲུབ་ཡིན། །དེ་དག་གྲུབ་པའི་དུས་སུ་གསུངས། །དུས་གཞན་རབ་ཏུ་བསྟན་མ་ཡིན། །དཀའ་ཐུབ་ཀྱིས་ནི་གྲུབ་པ་མཆོག །སྐྱེ་བ་གསུམ་གྱིས་ཐོབ་པར་འགྱུར། །རྟག་ཏུ་སྔགས་རྣམས་ཟློས་པ་དང་། །དེར་དང་ཡིད་ནི་དེར་
སེམས་དང་། །རྒྱལ་སྲས་རྣམས་ལ་རབ་དང་བ། །སྐྱེ་བ་འདི་ལའང་འགྲུབ་པར་འགྱུར། །དཀོན་མཆོག་གསུམ་ལ་གུས་པ་དང་། །བྱང་ཆུབ་སེམས་ཀྱིས་བརྒྱན་པ་དང་། །ཤེས་རབ་ཆེ་ཞིང་སྡོམ་ལ་གནས། །སྔགས་དང་རྒྱུད་ལ་འཇིགས་པ་མེད། །བྱང་ཆུབ་སྡོམ་ལ་
གནས་པ་དག །འབད་པ་མེད་པར་སྔགས་རྣམས་འགྲུབ། །སེམས་ཅན་རྣམས་ཀྱིས་ལས་གྲུབ་དང་། །བདག་ཀྱང་གྲུབ་པར་ཉེར་བསྟན་པ། །རྟག་ཏུ་སྔགས་ཉིད་གྲུབ་པ་ཡིན། །རྨོངས་པའི་སེམས་ཅན་འགྲུབ་པ་མེད། །དེ་ཉིད་ཕྱིར་ན་རྒྱལ་དབང་གིས། །ཆོ་གའི་རྒྱལ་
པོ་གསུངས་པ་ནི། །སངས་རྒྱས་གཙོ་བོ་བདུན་པ་ཡིས། །སྔགས་རྣམས་རྒྱ་ཆེའི་ལས་དག་བསྟན། །སངས་རྒྱས་སྲས་ཀྱི་ཐུ་བོ་ནི། །འཇམ་པའི་དབྱངས་ནི་གཟི་ཆེན་ལ། །ཐུབ་པའི་ཟླ་བ་རྫུ་འཕྲུལ་ཆེ། །དེས་ནི་གསུང་མཆོག་རབ་ཏུ་བསྟན། །སྔགས་རྣམས་ཀྱི་ནི་མཐར་
ཐུག་མཐུ། །གཞོན་ནུ་རབ་ཏུ་ཉོན་ཅིག་དང་། །གང་ཚེ་སངས་རྒྱས་རྟག་ཏུ་ནི། །འཇིག་རྟེན་འདྲེན་པ་བཞུགས་གྱུར་པ། །དེ་ཚེ་དེ་བཞིན་གྲུབ་པ་ནི། །གཙུག་ཏོར་ལ་སོགས་རབ་གྲགས་པ། །དེ་བཞིན་འཁོར་ལོས་སྒྱུར་བ་དང་། །གཟི་བརྗིད་ཕུང་པོར་རབ་བསྟན་དང་། །རྒྱལ་
བ་གཙུག་ཏོར་གདུགས་དཀར་པོ། །རྒྱལ་བས་མང་པོར་གསུངས་པ་ནི། །དེ་ལ་སོགས་པའི་གཙུག་ཏོར་ནི། །དེ་ཡི་ཚེ་ནི་འགྲུབ་པར་འགྱུར། །གང་ཚེ་འཁོར་ལོས་སྒྱུར་བ་ནི། །འཛམ་བུའི་གླིང་དུ་འབྱུང་འགྱུར་ཞིང་། །ཆོས་ཀྱི་རྒྱལ་པོ་རྫོགས་སངས་རྒྱས། །རྐང་གཉིས་དམ་
เล่ม ๘๘ · หน้า 250a
པ་བཞུགས་པ་ན། །སྔགས་རྣམས་མ་ལུས་བཤད་པ་དག །དེ་ཡི་ཚེ་ན་འགྲུབ་པར་འགྱུར། །འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། ཞིང་དང་དུས་ཀྱི་ཆོ་ག་ངེས་པའི་ལེའུ་
རབ་འབྱམ་ལས། ཉི་ཤུ་རྩ་བཞི་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གཞན་ཡང་གནས་གཙང་མའི་གཞལ་མེད་ཁང་ལ་གཟིགས་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་རས་རིས་ནི་སྔར་བསྟན་ཏེ།
སེམས་ཅན་ལ་ཡོད་པའི་སྤྱོད་པ་དགེ་བ་དང་མི་དགེ་བའི་མཚན་མ་རྣམས་ནི་བཤད་པར་བྱ་ཡི་ཉོན་ཅིག །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་བཏུད་ནས་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་
སེམས་ཅན་རྣམས་ནི་གཞན་གྱི་ལུས་ལ་འཇུག་པའི་སེམས་ཅན་རྣམས་ཏེ། འཕགས་པ་དང་ལྷའི་སྐྱེ་གནས་དང་གྲུབ་པ་དང་དྲི་ཟ་དང་གནོད་སྦྱིན་དང་སྲིན་པོ་དང་ཤ་ཟ་དང་ལྟོ་འཕྱེ་ཆེན་པོ་ལ་སོགས་པ་ལས་སྣ་ཚོགས་ཀྱིས་བྱས་པའི་ལུས་རྣམ་པ་སྣ་ཚོགས་ལ་བརྟེན་ཅིང་གནས་པ། ཆ་བྱད་
རྣམ་པ་སྣ་ཚོགས་དང་རྟགས་སྣ་ཚོགས་དང་མི་དང་མི་མ་ཡིན་པ་དང་འབྱུང་པོ་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་བཅོམ་ལྡན་འདས་བསྟན་པའི་དུས་ལགས། བདེ་བར་གཤེགས་པ་བསྟན་པའི་དུས་ནི་ལགས་ཏེ། དེའི་དུས་ལ་བབ་པར་མཁྱེན་ན་ལེགས་པར་བཤད་དུ་གསོལ། དེ་
སྐད་ཅེས་རྒྱལ་བའི་མཆོག་འཇིག་རྟེན་གྱི་འདྲེན་པ་གཽ་ཏ་མ་བདུན་པ་ལ་གསོལ་བ་བཏབ་ནས། འཇམ་དཔལ་གཞོན་ནུར་གྱུར་པ་ཅང་མི་སྨྲ་བར་གྱུར་ཏེ། རང་གི་སྟན་ལ་འདུག་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་སེམས་ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པ་དང་
མཚན་མ་ཤེས་པ་དང་རྟགས་དང་དུས་གསུངས་པ། གཞན་གྱི་ལུས་ཞུགས་སེམས་ཅན་ནི། །སྔགས་ཀྱི་སྦྱོར་བས་དྲང་བར་བྱ། །ཁ་ཅིག་ཟས་ལ་ཆགས་པ་ཡི། །ས་སྟེང་མི་ནི་འཛིན་པར་བྱེད། །གཞན་དག་ཁྲོ་ལྡན་སེམས་ཀྱིས་ནི། །ས་སྟེང་དག་ཏུ་མི་བཟད་པས། །
เล่ม ๘๘ · หน้า 250b
རྟག་ཏུ་ཆགས་དང་བྲལ་བ་དག །སྙིང་རྗེའི་དམ་ཚིག་དག་གིས་ནི། །མི་ཡི་འཇིག་རྟེན་དག་འཇུག་པ། །དགེ་བའི་མི་ལ་འཛིན་པར་བྱེད། །རབ་བསྔགས་དགེ་དང་གཡོ་བ་མེད། །མི་རྣམས་ཀྱི་ནི་མདོག་ཀྱང་སྒྲུབ། །ཉི་མ་དག་ནི་འཆར་བ་ལ། །དེ་དག་འཇུག་པར་བརྗོད་པ་
ཡིན། །མི་རྣམས་ཉི་མ་ནུབ་པ་ཡི། །དེ་ཡི་དུས་སུ་འཇུག་པར་འགྱུར། །མཚན་མོའི་ཐུན་གྱི་དང་པོ་ལ། །ཡར་ངོ་ལ་ནི་སྣང་བར་འགྱུར། །རབ་བསྔགས་དགེ་བའི་ལས་དག་དང་། །རྟག་ཏུ་གང་ཞིག་ཆོས་ལྡན་མི། །གང་ཞིག་ཤེས་ཉེན་ལྡན་པ་ནི། །དེ་དག་ལ་
ནི་འཇུག་པར་སྣང་། །འདོད་ཆགས་བྲལ་བ་རྫུ་འཕྲུལ་ཆེ། །དེས་ན་མི་ལ་འཇུག་པ་ཡིན། །ཕྱོགས་གཙང་སྐྱེ་བོ་གཙང་བ་དང་། །རྒྱུ་སྐར་སྐར་མ་བཟང་བ་དང་། །ཉིན་ཞག་སྔགས་དང་ཟླ་རེས་བཟང་། །ཡར་ངོ་དགེ་བའི་ཉིན་ཞག་དང་། །གཟའ་བཟང་ཡང་དག་ལྡན་པ་དང་། །
ཚེས་གྲངས་རྫོགས་དང་ཡང་དག་ལྡན། །དེ་བཞིན་ཟླ་བ་ཉ་བ་ལ། །དེ་དག་ལ་ནི་འཇུག་པར་སྣང་། །ཆགས་བྲལ་རྫུ་འཕྲུལ་ཆེན་པོ་ནི། །འཇུག་པར་འགྱུར་བའི་མཚན་མ་ཡང་། །ནམ་མཁའ་ལ་ནི་ཏ་ལ་ཙམ། །ས་ལས་འཕགས་ཏེ་འདུག་པ་ཡིན། །དེ་ནི་སྐྱིལ་ཀྲུང་འདུག་
ནས་ཀྱང་། །ནམ་མཁའ་ལ་ནི་གནས་པར་སྣང་། །ཚིག་ཀྱང་བཟང་པོ་མཚུངས་མེད་དང་། །ཚངས་དབྱངས་དེ་བཞིན་རྣར་སྙན་དང་། །གང་དུ་འདོད་ཆགས་བྲལ་དེ་གནས། །སེམས་དཔའ་ཆེན་པོ་དེ་དག་སྨྲ། །གཙུག་ཏོར་ཕྱག་རྒྱས་དྲངས་པ་ཡི། །ས་ཡི་སྟེང་དུ་འདུག་པར་
གྱུར། །ས་སྟེང་དེ་ལ་འདུག་པ་ན། །དེ་ཡི་མོད་ལ་མཆོད་ཡོན་སྦྱིན། །སྣ་མའི་མེ་ཏོག་དག་ལ་ནི། །ཙནྡན་བཟང་པོ་གུར་གུམ་བསྲེས། །བསྲེས་པའི་ཆུ་དང་ཆུ་གཙང་ནི། །དེ་ཡི་མོད་ལ་དབུལ་བར་བྱ། །སྔགས་པས་ས་ལ་རབ་བཏུད་ནས། །ཕན་པའི་བློ་ཡིས་གསོལ་བ་གདབ། །
དཔའ་བའི་རང་བཞིན་སེམས་ཀྱིས་ནི། །སེམས་ཅན་དེས་ནི་གསོལ་བ་གདབ། །ཚིག་ནི་བཟང་པོ་འདོན་བྱེད་ཅིང་། །རྣར་སྙན་དེ་བཞིན་རྨོངས་པ་མེད། །སྔགས་ཤེས་ཆོ་ག་འཇིགས་མེད་པས། །དེ་ནས་ཇི་ལྟར་འདོད་པ་འདྲི། །འཇམ་དབྱངས་ཡང་དག་དྲན་ནས་ནི། །དེ་ཡི་དུས་སུ་
เล่ม ๘๘ · หน้า 251a
འཇིགས་མེད་བྱ། །གཙུག་པུད་ལྔ་པའི་ཕྱག་རྒྱ་འམ། །གཙུག་ཏོར་ལས་བྱུང་གཞན་པའང་བཅིང་། །དེ་ནས་ཕྱོགས་ནི་བཅིང་བྱ་སྟེ། །སྟེང་དང་འོག་ཏུའང་དེ་བཞིན་ནོ། །དེ་ནས་དེ་ཡི་འབྱུང་བ་ཀུན། །བར་དང་ཐ་མར་རབ་ཏུ་བརྗོད། །དེ་བཞིན་དང་པོ་བར་མའི་
དུས། །བྱུང་དང་མ་འོངས་དུས་དག་དང་། །དེ་བཞིན་ད་ལྟར་བྱུང་གྱུར་པ། །འོད་ལྡན་དེས་ནི་སྟོན་པར་འགྱུར། །དེ་བཞིན་འཛུམ་མེད་མིག་གིས་ནི། །ཆགས་བྲལ་དེས་ཟིན་རབ་ཏུ་ལྟ། །གང་ཡིན་དེས་བསྟན་ཚིག་གིས་ནི། །བདེན་པར་འགྱུར་གྱི་གཞན་དུ་མིན། །དེ་བཞིན་གྲུབ་
དང་བསྒྲུབ་བྱའི་རྫས། །གང་ཞིག་ཚོགས་ཀྱི་རྣམ་པ་དང་། །རང་རྒྱལ་བྱང་ཆུབ་དགྲ་བཅོམ་དང་། །ངེས་པར་བྱང་ཆུབ་ཆེན་པོའང་དེ། །ངེས་པར་སངས་རྒྱས་ཉིད་རིག་ཉིད། །དེ་བཞིན་བྱང་ཆུབ་སེམས་རིགས་དང་། །རིགས་མེད་ཉིད་དང་དུས་དང་ནི། །སེམས་ཅན་སྐལ་ལྡན་
བརྗོད་པའང་ཡིན། །དམ་ཚིག་གིས་ནི་མངོན་མཚོན་པས། །བདེན་པ་ཀུན་ནི་དེས་སྟོན་འགྱུར། །སྐད་ཅིག་ཙམ་སྟོན་རྣལ་འབྱོར་ལ། །དུས་རིང་དུས་སུ་སྡོད་མ་ཡིན། །སྐད་ཅིག་དེ་ལ་གང་ཅུང་ཟད། །ཡིད་ལ་བསམས་ཤིང་དོན་དུ་གཉེར། །མྱུར་དུ་སྔགས་གྲུབ་ཁོ་ན་ལ། །
དེ་དག་ཐམས་ཅད་སྟོན་པར་བྱེད། །ཅི་འདོད་མངོན་པར་རེ་བ་དག །ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ། །སྔགས་པས་སླར་ནི་གཤེགས་གསོལ་བ། །མྱུར་དུ་མཆོད་ཡོན་ཕུལ་ནས་འགྱེལ། །ཆོ་ག་མཐོང་བའི་ལས་ཀྱིས་ནི། །སྣོད་ནི་ཡང་དག་བསྲུང་བ་བྱ། །སེམས་ཅན་
ལུས་ནི་འགྱེལ་བ་ཡང་། །ས་ཡི་སྟེང་དུ་ཉལ་བ་ཉིད། །གཙུག་ཏོར་སྔགས་དང་ལྡན་པ་ཡི། །སྔགས་ནི་ཆོ་གར་གསུངས་པ་དག །དེ་ཉིད་ཀྱིས་ནི་བསྲུང་བ་དང་། །ཕྱག་རྒྱ་གཙུག་ཕུད་ལྔ་ཡིས་སོ། །དེ་ཚེ་ལུས་ནི་བདེ་ལེགས་འགྱུར། །ས་ཡི་སྟེང་ལས་ལྡང་བར་འགྱུར། །
སེམས་ཅན་ཀུན་ལའང་འཇུག་པ་ཡི། །སྲུང་བ་འདི་ནི་རབ་ཏུ་བརྟག །སྣོད་ལ་བརྟེན་ཏེ་འཚེ་བྱེད་པར། །གདུག་པའི་སེམས་ཅན་གྱིས་མི་ནུས། །སྐྱེ་བོ་སྣོད་དུ་གྱུར་པ་ལ། །འདི་ནི་སྲུང་བ་ཆེན་པོ་ཡིན། །དེ་ཡི་ཚིག་ནི་བར་མར་གནས། །དབུས་ཀྱི་ཡུལ་གྱིར་རབ་ཏུ་བསྒྲགས། །
เล่ม ๘๘ · หน้า 251b
ལྷ་ཡི་སྐྱེ་གནས་ལ་བརྟེན་པའི། །འོག་མིན་གཟུགས་དང་ལྡན་པ་དང་། །དེ་དང་དེ་ཡི་རྟགས་རྣམས་དང་། །གཟུགས་ནི་རབ་ཏུ་སྣང་བ་ཡིན། །འདོད་པའི་ཁམས་ཀྱི་དབང་ཕྱུག་དང་། །འདོད་དང་ལྡན་པའི་ལྷ་དག་དང་། །དེ་ལས་དམན་པའི་འགྲོ་བའི་རྟགས། །ཚིག་
ཉིད་ཀྱང་ནི་ཤིན་ཏུ་སྙན། །དེ་ནས་ས་ལ་གནས་པ་དང་། །གཞལ་མེད་ཁང་གནས་ལྷ་རྣམས་ཀྱི། །ཚིག་ནི་ཀུ་ཤའི་གྲོང་ཁྱེར་མཚུངས། །མ་ག་དྷཱ་ཡི་གནོད་སྦྱིན་ཚིག །དེ་བཞིན་ཨངྒའི་ཡུལ་གྱི་ཚིག །ལྟོ་འཕྱེ་ཆེན་པོར་རབ་ཏུ་བསྟན། །གཟི་བརྗིད་ཆེན་པོ་ནམ་མཁའ་
ལྡིང་། །དེ་དག་ཤར་ཕྱོགས་ཚིག་ཏུ་འགྱུར། །བང་གའི་ཡུལ་དུ་ཡང་དག་སྐྱེས། །གང་དག་ཚིག་ཏུ་བསྟན་པ་ནི། །དེ་བཞིན་མིའམ་ཅི་ཡི་ཚིག །དེ་ཡི་ཚིག་ཏུ་རབ་བརྟག་བྱ། །རྟག་ཏུ་པིཎྜའི་ཚིག་གྱུར་པ། །གྲུབ་དང་རལ་གྲིའི་རིག་པ་འཛིན། །དེ་ཚིག་རིག་པ་འཛིན་
པ་དང་། །དྲང་སྲོང་འདོད་པའི་གཟུགས་ཅན་ཡིན། །དེ་ཚིག་མངོན་ཤེས་ལྔ་དང་ནི། །དྲང་སྲོང་རྣམས་ཀྱིས་ཡོངས་སུ་བརྟགས། །གང་ཡང་ཡུལ་ཚིག་མ་ག་དྷཱ། །གང་ཡང་ཧ་རི་ཀི་ལའི་ཚིག །མི་གསལ་མི་དོད་ཉིད་དང་ནི། །ཡི་གེ་ཏ་ལ་ཤིན་ཏུ་བརྟེན། །ལ་ཡི་ཡི་གེ་
མང་བའི་ཚིག །ཤ་ཟའི་ཚིག་ཏུ་བརྗོད་པ་ཡིན། །ལས་ཚོན་ཞེས་བྱའི་གླིང་དང་ནི། །ན་ལི་ཀེ་ར་འབྱུང་བའི་གནས། །གླིང་ནི་རྩུབ་པར་བྱེད་ཉིད་དང་། །གཅེར་བུ་སྟོབས་ལྡན་བུ་གནས་ཀྱང་། །སེམས་ཅན་དག་བྱེད་གནས་པ་དག །དེ་བཞིན་འདི་དག་གླིང་ལས་བྱུང་། །
ཡི་གེ་ལ་མང་ཚིག་དག་དང་། །ཚིག་ནི་གསལ་བའི་རྣམ་པ་མེད། །མི་གསལ་བསྲི་བ་མེད་ཉིད་དང་། །ཁྲོ་བཅས་ཡི་དགས་སྐྱེ་གནས་ཚིག །ལྷོ་ཕྱོགས་པ་ཡི་ཚིག་དག་དང་། །ཨནྡྲ་ཀར་ཎ་དྲ་བི་ཌཱ། །སེམས་ཅན་ཀོ་ས་ལ་འབྲོག་གནས་དང་། །སིང་ག་ལ་ཡི་གླིང་
དག་ན། །ཡི་གེ་ག་དང་རར་བཅས་པ། །དེ་ནི་སྲིན་པོའི་ཚིག་ཏུ་ཤེས། །དེ་དག་གླིང་ལ་གནས་པ་དེའི། །མིང་ནི་གང་ཞིག་བརྗོད་པ་ཡང་། །མ་མོ་རྣམས་ནི་གཟི་བརྗིད་ཆེ། །དེ་ཡི་ཚིག་འདིར་གསུངས་པ་ཡིན། །ཚིག་ནི་ནུབ་ཕྱོགས་ཕྱོགས་མཚམས་དང་། །མ་ལ་བ་ཡི་ཚིག་
เล่ม ๘๘ · หน้า 252a
དག་དང་། །བེའུ་ཉ་དང་རྒྱ་མཚོའི་ཚིག །ཤུར་སེ་ཡི་རྣམ་བརྟགས་དང་། །རྒྱ་མཚོ་བཅུ་འདུས་ཆུ་བོ་འདུས། །དཔལ་མགྲིན་དང་ནི་ཀོ་ཛྭ་རི། །འདི་དག་ཚིག་ལྡན་འཇུག་པ་ནི། །ཉི་མ་ལ་སོགས་གཟའ་མཆོག་གདོན། །དེ་ལས་གཞན་གདོན་གཙོ་བོ་ནི། །
ཡུལ་ནི་བ་རི་ཡ་ཏྲའི་ཚིག །ཡུལ་ནི་ཨར་བུ་ཏ་ས་ཧྱ། །རི་ནི་མཱ་ལ་ཡར་གནས་དང་། །ལང་བའི་ཡུལ་དུ་ཡང་དག་སྐྱེས། །ཚིག་ནི་ཅི་འདྲ་ཡོད་པ་ཡི། །དེ་འདྲའི་ཚིག་ཏུ་སྨྲ་བ་ནི། །གྲུལ་བུམ་སྐྱེ་གནས་འཛིན་པ་ཡིན། །ཡི་གེ་ཤ་ཥ་ས་དང་ནི། །ར་ལ་བ་ལས་ཡང་དག་བྱུང་། །
ཡི་གེ་གྷ་དང་ལྡན་པའི་ཚིག །ལྷ་མ་ཡིན་དུ་ངེས་པར་བསྟན། །ཁ་ཆེའི་ཡུལ་ལས་བྱུང་བ་དང་། །སྐྱེ་བའི་གནས་ནི་ཀ་བི་ཤ། །གནོད་སྦྱིན་རྒྱལ་པོའི་རིགས་ལས་བྱུང་། །ཕྱག་ན་རྡོ་རྗེའི་རིགས་སུ་བསྟན། །དེ་དག་ལྔ་ཡི་གཙོ་བོ་ནི། །ཀུན་གྱི་ཚིག་ཏུ་འདོད་པ་ཡིན། །དེ་བཞིན་དབུས་
ཀྱི་ཕྱོགས་གནས་དག །པདྨའི་རིགས་ཀྱི་སྐྱེ་གནས་རྟེན། །ཚིག་དང་འགྲོས་དང་མཚན་མ་ཡང་། །པདྨའི་རིགས་སུ་སྣང་བ་ཡིན། །རྒྱལ་བའི་སྲས་ཀྱིས་རྣམ་བརྟགས་པ། །སྔ་མ་ཉིད་དུ་བསྟན་པ་ཡིན། །འདོད་ཆགས་བྲལ་བའི་མཚན་མ་གང་། །རྒྱལ་བའི་མཚན་མར་རབ་ཏུ་
འབྱུང་། །ཡུལ་ཕྱོགས་གང་གི་ཚིག་སྨྲ་བ། །དེར་གནས་འགྲོས་དང་སྤྱོད་པ་ཡིན། །དེར་བསྟན་སེམས་ཅན་ཉིད་དང་ནི། །འགྲོས་དང་མཚན་མའང་ཀུན་ཏུ་བསྟན། །ཁ་བ་ཅན་གྱི་ནང་གནས་པ། །དྲི་ཟ་དྲང་སྲོང་སྐྱེ་བོའི་ཚིག །གང་གཱའི་ངོགས་ཀྱི་བྱང་ཕྱོགས་པ། །གནོད་སྦྱིན་ཚིག་
ཏུ་རབ་ཏུ་སྣང་། །རི་ནི་འབིགས་བྱེད་ལ་གནས་པ། །གང་གཱའི་འགྲམ་གྱི་ལྷོ་ཕྱོགས་དང་། །དཔལ་གྱི་རི་བོར་སྐྱེས་གྱུར་དང་། །གང་ཡང་སྐྱེ་བོ་རྣམ་དག་ནི། །སྲིན་པོ་སྐར་མ་ཡི་དགས་དང་། །མ་མོ་ཆ་ལུགས་ངན་པ་དང་། །མི་བཟད་གཟུགས་ཅན་བགེགས་ཆེན་པོ། །གདོན་ནི་
ཤིན་ཏུ་མ་རུངས་པ། །བརྐམ་ཞིང་གཞན་གྱི་སྲོག་འཕྲོག་བྱེད། །དེ་ཡི་ཚིག་ནི་ཡང་དག་འབྱུང་། །གང་དག་ཡུལ་ནི་དེ་དག་བརྟག །དེ་དག་ཡུལ་གྱི་འགྲོས་དང་སྤྱོད། །དེ་དག་ཚིག་ཏུ་སྨྲ་བ་ནི། །མ་རུངས་གདོན་འཇུག་རྣམ་སྤྱོད་ཡིན། །འདི་དག་གཞན་ཡང་མང་པོ་ནི། །གང་གི་
เล่ม ๘๘ · หน้า 252b
སྤྱོད་འགྲོས་སྤྱོད་པ་དང་། །རྣམ་པ་སྣ་ཚོགས་ཚུལ་དང་ནི། །རྣམ་པ་སྣ་ཚོགས་མཚན་ཉིད་དང་། །རྣམ་པ་སྣ་ཚོགས་སེམས་ཅན་གཙོ། །རྣམ་པ་སྣ་ཚོགས་སྐྱེ་གནས་འདོད། །དེ་ལྟར་གདོན་འཇུག་མཚན་མ་ནི། །མཚན་ཉིད་འགྲོས་དང་སྤྱོད་པ་ཡིན། །མི་རྣམས་ཀྱི་ནི་བདེ་སྐྱེད་
པ། །སེམས་ཅན་དུ་ཡང་བྱ་བ་སྟེ། །གཞོན་ནུ་སྣ་ཚོགས་ཡང་དག་འབྱུང་། །བསྲུང་བའི་དོན་དུ་རབ་སྦྱར་བྱ། །ཡི་གེ་དྲུག་པས་བྱ་བ་ནི། །ཕྱག་རྒྱ་ཆེན་པོ་དང་ལྡན་པའི། །སྔགས་ཉིད་ཁོ་ན་བཟླས་བྱས་ན། །བསྲུང་བ་ཆེན་པོར་འགྱུར་བ་ཡིན། །འཕགས་པ་འཇམ་དཔལ་
གྱི་རྩ་བའི་ཆོ་ག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། གདོན་འཇུག་པའི་སྤྱོད་པའི་ཆོ་གའི་ལེའུ་རབ་འབྱམ་ལས། ཉི་ཤུ་རྩ་ལྔ་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས། གཞན་ཡང་གནས་གཙང་མའི་
གཞལ་མེད་ཁང་ལ་གཟིགས་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱི་སྔགས་རྣམས་རྒྱུད་ཐམས་ཅད་ལ་ཡང་དག་པར་འཇུག་པ། རིག་པ་ཐམས་ཅད་ལ་འོས་པ། དུས་དཔག་ཏུ་མེད་པའི་ཡོན་ཏན་མ་ལུས་པའི་འབྲས་བུ་འབྱུང་བ་ཡང་རྗེས་སུ་
འབྲེལ་བའི་མཚན་མའི་ཚད་ཡོད་དེ། དེ་འགྲུབ་པར་བྱ་བའི་རྒྱུར་བཤད་པ་ནི་འདི་ལྟ་སྟེ། སྐྱེ་བ་གཞན་གྱིས་འགྲུབ་པ་ཉིད། །དུས་ཀྱི་རྒྱུས་ནི་འགྲུབ་པ་མེད། །དེ་ཡི་ཚད་དང་སྦྱོར་བ་ནི། །སྔོན་བྱུང་རྒྱུ་ལས་བྱུང་བ་ཡིན། །རྩེ་གཅིག་བདག་གིར་བྱེད་པས་འགྲུབ། །གྲུབ་པ་རིགས་
པ་རྣམ་དཔྱོད་པའོ། །རིགས་པ་གཞོན་ནུ་ཁྱོད་བསྟེན་ན། །ལུས་ཅན་ཀུན་ལ་རབ་ཏུ་སྣང་། །མཐར་གྱིས་བྱས་པའི་ལས་རྣམས་ནི། །རིགས་པ་ཞེས་ནི་བྱ་བ་ཡིན། །དཔའ་བོའི་རིགས་ལྡན་དེ་སྦྱོར་བས། །གྲུབ་པ་མཆོག་ནི་ཐོབ་པར་འགྱུར། །གྲུབ་མེད་བསྒྲུབ་བྱའི་
ལས་རྣམས་མེད། །ལས་རྣམས་མེད་པར་འགྲུབ་པའང་མེད། །ལས་དང་བྱེད་པར་ཡང་དག་ལྡན། །ཡང་དག་ལྡན་པས་གྲུབ་པ་འཐོབ། །ཆོ་ག་ལྡན་པའི་རྒྱུ་ཡིས་ནི། །གནས་པ་མཆོག་ནི་ཐོབ་པར་འགྱུར། །སྔགས་པ་སྔགས་ནི་མི་སྒྲོགས་ན། །སྔགས་མིན་པ་ཡང་
เล่ม ๘๘ · หน้า 253a
སྔགས་པར་འགྱུར། །ཐུབ་པའི་ལས་ནི་ཡང་དག་སྤྱོད། །གྲུབ་པ་རྒྱས་པ་ཐོབ་པར་འགྱུར། །རིགས་ཀྱི་ས་བོན་ལ་བརྟེན་ན། །བློ་ཡི་མཆོག་ལ་གནས་པར་འགྱུར། །གནས་མཆོག་དམ་པར་ངེས་སྡོམ་ན། །དང་པོའི་བགྲོད་པ་ཐོབ་པར་འགྱུར། །བློ་དང་བསམ་
པ་ལེགས་གནས་ན། །ནད་མེད་གོ་འཕང་འཐོབ་པར་འགྱུར། །གང་གི་དུས་དང་མཚན་མ་ལས། །དུས་མིན་གྲུབ་པར་འདོད་པ་ནི། །མདོར་ན་བརྒྱ་བྱིན་ཡིན་ན་ཡང་། །དེ་ཡི་སྔགས་རྣམས་མི་འགྲུབ་བོ། །འབྱུང་པོ་སྐྱེ་བོ་མི་ཕན་དང་། །དུས་མིན་པར་ཡང་རྩོམ་པ་ཡང་། །
བདག་ཉིད་ཆེན་པོ་ཚངས་པ་ཡང་། །དེ་ལ་གྲུབ་པ་མི་སྣང་ངོ་། །སྙོམ་དང་སྲེད་དང་ཡང་དག་ལྡན། །དྲེགས་དང་ང་རྒྱལ་ལྡན་པ་དང་། །ལྷོད་དང་ཡུན་རིང་འཐབ་ལ་དགའ། །གྲོང་གི་སྐྱེ་བོ་ལ་རྟག་དགའ། །ལེ་ལོ་ཕན་ཚུན་སྦྱོར་བ་ལ། །འདི་ལ་གྲུབ་པ་ག་ལ་ཡོད། །གང་
ཡང་ལྷ་ཡི་བླ་མ་དང་། །གང་ཡང་རྟག་ཏུ་ལྷ་མིན་བླ། །སྔགས་རྣམས་དེ་དག་གིས་བསྒྲུབ་ཀྱང་། །ཆོ་ག་སྤངས་ན་ནུས་མེད་ཡིན། །དེ་བཞིན་ཆོ་གའི་ལས་ཉམས་ན། །སེམས་ནི་རྣམ་པར་རྨོངས་པར་བྱེད། །དེ་བས་སྔགས་ནི་བཟླ་མི་བྱ། །ཆོ་ག་མེད་པར་རིགས་པ་མིན། །བྱིས་
པ་རྣམས་ཀྱིས་མཐོང་བ་རྨོངས། །དེ་ལྟ་བུས་ནི་སྐྱེད་པར་འགྱུར། །དེ་བས་བྱིས་པ་རྨོངས་པ་ཡང་། །ཤིན་ཏུ་དཀའ་བའི་འགྲོ་བར་ལྷུང་། །དེ་ནས་དེ་དག་སྔགས་སྤྱོད་པ། །དེ་ལས་དེ་དག་དྲང་བ་ཡང་། །མཐར་གྱིས་དེ་དག་གྲུབ་པ་ནི། །དགེ་བ་འགྲོ་བ་རབ་ཏུ་འཐོབ། །དེ་ལས་
ཟློས་པའི་སྔགས་པས་ནི། །མི་གཡོ་ཞི་བའི་གནས་སུ་འཇོག །དེ་བཞིན་གཤེགས་པའི་སྔགས་བཟླས་པ། །དེ་ལྟར་སྔགས་རྣམས་དོན་ཡོད་དེ། །སེམས་ཅན་མིག་ཟུར་གྱིས་བལྟས་པའང་། །རྗེས་སུ་གཟུང་བ་ཉིད་དུ་འགྱུར། །དེ་དག་དགེ་བའི་བཤེས་གཉེན་ཏེ། །འདི་དག་
སེམས་ཅན་མཉེས་གཤིན་པའོ། །འདི་དག་གྲུབ་པར་བསྟན་པ་སྟེ། །ཐེག་གསུམ་མཉམ་པ་ཉིད་ཞི་བ། །དེ་བས་རྣམ་ཀུན་རབ་འབད་ནས། །མཉམ་པར་བཞག་ཅིང་སྔགས་ཟློས་བྱ། །སྔགས་ཟློས་རབ་ཏུ་སྦྱོར་བྱེད་པ། །སྔགས་ནི་ཆོ་ག་མེད་པར་སྤྱོད། །ཡུན་རིང་དུས་སུ་འཁོར་བ་ན། །
เล่ม ๘๘ · หน้า 253b
ནམ་ཞིག་ཅིག་ན་གྲུབ་པར་འདོད། །ཤིན་ཏུ་ཡུན་རིང་དུས་སོང་ནས། །སྔགས་རྣམས་གྲུབ་པར་སྣང་བའོ། །ཆོ་ག་ལྡན་པའི་སྔགས་ཀྱིས་ནི། །མྱུར་དུ་གྲུབ་པ་རབ་ཏུ་འཐོབ། །འབྲས་བུ་འགྲུབ་པར་མཐོང་བ་སྟེ། །འབྲས་མེད་སྔགས་ནི་གསུང་བ་མིན། །གསང་སྔགས་འབྲས་
བུ་ལྡན་པ་ནི། །ཚེ་འདི་ཉིད་ལ་གྲུབ་པར་གསུངས། །གྲུབ་བྱེད་འབྲས་བུ་ལས་མ་ཡིན། །ལས་མེད་པར་ཡང་འབྲས་མི་འདོད། །འབྲས་བུ་ལས་དང་ཡང་དག་ལྡན། །འབྲས་བཅས་ལས་སུ་བསྟན་པ་ཡིན། །དེ་བས་སྐྱེ་དང་རྒ་སྤངས་པ། །དེ་ལྟར་ཡང་དག་བྱུང་གྱུར་པ། །
འཇིག་རྟེན་ཞི་བར་གསུངས་པ་སྟེ། །ཞི་བ་སྲིད་ལས་རྣམ་གྲོལ་ཡིན། །བདག་ཉིད་ཆེན་པོ་དེར་འགྲོར་གཏོགས། །སངས་རྒྱས་ཆོས་ནི་རྗེས་སུ་བསྟན། །འཇིག་རྟེན་ཕྱིན་ཅི་ལོག་དུས་སུ། །དེ་ལ་གྲུབ་པ་རབ་ཏུ་སྣང་། །ཚེ་འདི་ཉིད་ལའང་གྲུབ་འགྱུར་ཏེ། །ཚེ་རབས་གཞན་
དུའང་འབྱུང་བར་འགྱུར། །ཞི་བའི་ལམ་ནི་འདུས་མ་བྱས། །མཐར་ཐུག་ཞི་བའི་བར་དུ་འགྱུར། །གང་དུ་འཇིག་རྟེན་རྣམ་བསྟན་པ། །ཞི་བའི་གནས་ནི་དྲི་མེད་བཟང་། །སངས་རྒྱས་ཉིད་ནི་ལེགས་བསྟན་པ། །རྒྱལ་བས་ཀུན་ཏུ་བསྟན་པ་ཡིན། །དེ་ལ་མཐར་ནི་དེ་དག་ཕྱིན། །
སྔགས་གྲུབ་པར་ནི་གསུངས་པ་ཡིན། །རང་རིག་སོ་སོའི་རྒྱལ་བ་ཡིས། །སྔགས་འདི་བསྟན་པ་མ་ཡིན་ཏེ། །ཐུབ་ཟླ་རྫུ་འཕྲུལ་ཆེན་པོ་ཡིས། །འཇིག་རྟེན་དག་ལ་སྔགས་བསྟན་ཏོ། །ཚེ་འདིར་ལུས་ཅན་རྣམས་ལ་ནི། །མངོན་སུམ་དུ་ནི་གྲུབ་པ་བསྟན། །དེ་ཉིད་སྟོང་པ་རིག་
པ་ཡིས། །སྔགས་ནི་སངས་རྒྱས་ཉིད་དུ་སྟོན། །རྩོད་དུས་ཐ་མའི་དུས་དག་ཏུ། །ཞི་བའི་དེ་ཉིད་ཁྱད་པར་དུ། །སྔགས་འགྲུབ་པར་ནི་མི་འགྲོ་ཞིང་། །མྱུར་བའི་ལས་ལའང་འགྲུབ་པ་མེད། །དེ་ཡི་དུས་སུ་སྦྱོར་བ་ནི། །ཆོ་ག་མཐོང་བའི་ལས་དག་གིས། །སྔགས་རྒྱུད་ཤེས་
པས་སྒྲུབ་བོ་ཞེས། །བསྟན་པ་འདི་ལ་ཐུབ་པས་གསུངས། །དེ་བཞིན་གཤེགས་པ་བཞུགས་པ་ན། །གྲུབ་མཆོག་མྱུར་དུ་གྲུབ་པར་འདོད། །དེ་བཞིན་བར་མའི་དུས་དག་ཏུ། །བར་མའི་གྲུབ་པ་ཉེ་བར་བསྟན། །ཐ་མའི་དུས་ལ་བརྟེན་ནས་ནི། །ཐ་མའི་གྲུབ་པར་གསུངས་
เล่ม ๘๘ · หน้า 254a
པ་ཡིན། །བཟང་པོ་ཡི་ནི་དུས་དག་ལ། །དེ་བཞིན་ནམ་མཁར་འགྲོ་བ་དང་། །སྔགས་རྣམས་ཀུན་ནི་རབ་འགྲུབ་པར། །འཇིག་རྟེན་འདྲེན་པས་བསྟན་པ་ཡིན། །དེ་དུས་རྒྱལ་བའི་དབང་པོ་ནི། །རིགས་ཀྱི་མཆོག་དེ་རབ་ཏུ་འགྲུབ། །པདྨའི་རིགས་ནི་
བར་མར་འགྲུབ། །དུས་ཀྱི་མཐའ་ལ་རྡོ་རྗེའི་རིགས། །ཁ་ཅིག་སྨོན་ལམ་དབང་གིས་ནི། །ཐམས་ཅད་དུ་ནི་སྔགས་རྣམས་འགྲུབ། །སྤྱན་རས་གཟིགས་དང་འཇམ་དཔལ་དང་། །སྒྲོལ་མ་ཁྲོ་གཉེར་གནོད་སྦྱིན་རྒྱལ། །རིན་ཆེན་རིགས་སྤྱོད་གནོད་སྦྱིན་ནི། །དུས་རྣམས་
ཀུན་ཏུ་འགྲུབ་པར་འགྱུར། །ལྷ་རྣམས་ཀུན་གྱི་སྔགས་གཞན་ནི། །གང་ཡང་ཆགས་ཅན་གྱིས་རབ་སྦྱར། །རྩོད་པའི་དུས་སུ་འགྲུབ་འགྱུར་ཞིང་། །འཇིག་རྟེན་པ་ཡི་བསྟན་པའང་འགྲུབ། །ལྷ་དང་མི་དང་ལྷ་མིན་གྱི། །དབང་པོ་གནོད་སྦྱིན་སྲིན་པོ་དང་། །དྲང་སྲོང་ནམ་
མཁའ་ལྡིང་དང་ནི། །ཤ་ཟ་འབྱུང་པོ་གཟའ་ཚོགས་དང་། །མི་དང་མི་མ་ཡིན་པ་དང་། །འདོད་པའི་ཁམས་ན་གནས་པ་ཡི། །བསོད་ནམས་ལྡན་པ་རྫུ་འཕྲུལ་ཆེ། །མ་རུངས་ལས་ནི་མི་བཟད་ལྡན། །བརྒྱ་བྱིན་ཚངས་པ་དྲག་པོ་དང་། །དབང་ལྡན་དེ་བཞིན་གཞན་དག་ཀྱང་། །
ཁྱབ་འཇུག་འབྱུང་པོ་ཐམས་ཅད་དང་། །རྫུ་འཕྲུལ་ཆེན་པོའི་སྔགས་བསྟན་པ། །དེ་དག་དུས་ཀྱི་ཐ་མ་ལ། །བཟླས་པས་འགྲུབ་པར་འགྱུར་བ་ཡིན། །དེ་དུས་འཇིགས་པ་ཆེན་པོ་ལ། །སྡང་བའི་ལས་ནི་དེ་བཞིན་འགྲུབ། །འབྱུང་པོ་དབང་དང་དགུག་བྱ་བ། །ས་སྟེང་ཤ་ཟའི་ལས་དག་
འགྲུབ། །དོན་མེད་གྲུབ་པར་སྣང་བ་སྟེ། །འཇིག་རྟེན་ཕ་རོལ་དག་ཏུ་སྨོད། །དེས་ན་རྒྱལ་བའི་དབང་པོ་ཡི། །དེ་དུས་འཇིགས་པ་ཆེན་པོ་ཡང་། །འཇམ་པའི་དབྱངས་ཀྱིས་ཡང་དག་བསྟན། །ཀུན་ལ་རྗེས་གཟུང་གཙོར་བྱས་ནས། །ཟློས་པ་ལ་ནི་སྔགས་གཟུགས་ཀྱིས། །
ཟློས་པ་བསྟན་པ་ལ་དད་ཅིང་། །དཀོན་མཆོག་གསུམ་ལ་མཆོད་བྱེད་ལ། །དེ་ཚེ་སེམས་ཅན་སྔགས་གཟུགས་ཀྱིས། །གདུལ་བར་བྱེད་པར་འགྱུར་བ་ཡིན། །འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས་
เล่ม ๘๘ · หน้า 254b
ཆོ་ག་ངེས་པར་སྡོམ་པའི་དུས་ཀྱི་ལེའུ་རབ་འབྱམ་ལས། ཉི་ཤུ་རྩ་དྲུག་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གཞན་ཡང་ཐམས་ཅད་དང་ལྡན་པའི་གནས་གཙང་མའི་གཞལ་མེད་ཁང་ལ་གཟིགས་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་
ཁྱོད་ཀྱི་ཆོ་གའི་རྒྱལ་པོ་ཆོས་ཀྱི་དབྱིངས་ཀྱི་མཛོད། དེ་བཞིན་གཤེགས་པའི་སྙིང་པོ། ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པའི་རྗེས་སུ་སྤྱོད་པ། མདོ་ཆེན་པོའི་མཆོག །རིན་པོ་ཆེའི་ལེའུ་དེ་བཞིན་གཤེགས་པའི་གསང་བའི་མཆོག་རྗེས་སུ་གནང་བ། སྔགས་ཀྱི་མཆོག་སྒྲུབ་པ་ལ་རྒྱུ་མཚན་
ཤེས་པ་དང་རྟགས་དང་དུས་གཞན་ཤེས་པའི་སྒྲུབ་པའི་ཐབས་རྣམས་ངེས་པར་བསྟན་ཅིང་ཡང་དག་པར་བསྟན་ནོ། །འབྱུང་པོ་ཐམས་ཅད་ཀྱི་སྒྲ་སྒྲོགས་པ་དང་སེམས་ཅན་དང་སེམས་ཅན་མ་ཡིན་པའི་མིང་གི་སྒྲར་འགྱུར་བ་ནི། སྒྲ་ལས་བྱུང་བའི་མིང་དུ་ཤེས་པ་དང་སྒྲ་ལས་བྱུང་བ་མ་
ཡིན་པར་བསྟན་པ་དང་དེ་བཞིན་དུ་འདྲེན་མ་དང་ལྡན་པའི་སྔགས་རྣམས་ནི་རྣམ་པ་གསུམ་དུ་བྱ་བ་ཡིན་ཏེ། སྒྲ་བཟང་ཡང་དག་ལྡན་པ་དང་། །རྟག་ཏུ་དོན་དང་རབ་ཏུ་འབྲེལ། །ཟུར་ཆག་ཚིག་དང་རྟག་ཏུ་བྲལ། །ལེགས་པར་སྦྱར་དོན་གྱིས་བརྒྱན་པ། །ཕྱི་རོལ་གྲུབ་མཐའ་ཡོད་མ་ཡིན། །
འཕགས་པའི་སྔགས་སུ་རབ་ཏུ་བསྒྲགས། །རྟག་ཏུ་ཚིག་དོན་ལྡན་པ་སྟེ། །རྣམ་པ་གསུམ་གྱི་དབྱེ་བར་འགྱུར། །རིང་དང་ཐུང་དང་དེ་བཞིན་དུ། །བར་མའི་ཡི་གེས་བརྒྱན་པའང་ཡིན། །སྔགས་ཀྱི་ལྷ་མོར་གྱུར་པ་ནི། །དབྱངས་ཡིག་སྡེབ་སྦྱོར་གྱིས་བརྒྱན་པ། །ངག་ནི་ལེགས་སྦྱར་
ལེགས་སྦྱར་མིན། །ཅི་སྟེ་དོན་དང་དོན་མེད་མིན། །དོན་ལྡན་ཚིག་དང་དོན་མེད་ཚིག །སྔགས་དོན་རྣམ་པར་གསུངས་པ་ཡིན། །རྣམ་རྟོག་མང་པོའི་ཚིག་དག་ནི། །འཇིག་རྟེན་པ་རྣམས་ཀུན་གྱི་སྔགས། །གཅིག་དང་གཉིས་ཀྱི་ཡི་གེ་དག །སྡེབ་སྦྱོར་དབྱངས་ཡིག་བཟང་པོའི་གཞི། །
གསུམ་དང་བཞི་དང་ལྔ་དང་དྲུག །དེ་བཞིན་བདུན་པ་བརྒྱད་པ་ཡིན། །དགུ་པ་བཅུ་པ་དེ་བཞིན་དུ། །ཡི་གེ་དག་ནི་གྲུབ་པར་འདོད། །ཡི་གེ་བཅུ་དང་ཡང་དག་ལྡན། །ཡི་གེ་རྣམས་ཀྱི་གནས་པ་མཉན། །ཇི་སྲིད་འདི་དག་བཅུ་འགྱུར་ནི། །ས་སྟེང་འདི་ལ་ཡི་གེ་མཐོང་། །ཡི་གེ་དྲུག་
เล่ม ๘๘ · หน้า 255a
དང་ཉི་ཤུ་དང་། །ཡི་གེ་གཅིག་གི་བར་དུ་འགྱུར། །འདི་ཙམ་ཚད་ཀྱི་ཡི་གེ་ནི། །སྔགས་ཀྱི་ཚིག་ནི་རྟག་ཏུ་སྦྱར། །རྐང་པ་བཞི་དང་ཡང་དག་ལྡན། །སྔགས་ནི་དོན་ཀུན་སྒྲུབ་པའོ། །མཆོག་ནི་རབ་མཆོག་དོན་ལྡན་པ། །སྔགས་ནི་གང་ཞིག་རྒྱལ་བས་གསུངས། །
དེ་སྲས་རྒྱལ་བའི་སྲས་དག་གིས། །གསུངས་པ་དག་ནི་བར་མ་ཡིན། །འཇིག་རྟེན་ཀུན་གྱིས་བསྟན་པ་ཡི། །སྔགས་ནི་ཐ་མར་གྱུར་པ་ཡིན། །བདེན་བྲལ་གྱིས་བསྟན་ངན་པའང་ཡིན། །བཅྭ་བརྒྱད་བདུན་ནམ་ཉི་ཤུ་འམ། །བརྒྱ་དང་ལྔ་བཅུ་དག་གི་བར། །འདི་ཙམ་
ཚད་ཀྱི་སྔགས་རྣམས་ནི། །རྒྱལ་བ་འཕགས་པས་གསུངས་པ་ཡིན། །གཅིག་དང་གཉིས་ཀྱི་ཡི་གེ་དང་། །ལྔ་བརྒྱའི་ཡི་གེའི་བར་འགྱུར་བ། །དེ་ཙམ་ཚད་ཀྱི་སྔགས་རྣམས་ནི། །བྱང་ཆུབ་སེམས་དཔས་རབ་ཏུ་གསུངས། །དེ་ནང་ཚིག་ནི་དགོད་པ་དང་། །སྔགས་དང་ལྡན་
པར་བརྗོད་པ་ཡིན། །སྡེབ་སྦྱོར་ལྡན་ཞིང་དབྱངས་ཡིག་ལྡན། །ཁམས་ཀྱི་དོན་གྱིས་རྣམ་པར་བརྒྱན། །ཚིག་དང་ལེགས་པར་རབ་ལྡན་དང་། །རྒྱུད་དང་རིགས་པར་ལྡན་པ་དང་། །སྒྲ་དང་དབྱངས་ཡིག་རྣམ་བྲལ་བ། །ནམ་ཞིག་ན་ནི་གྲུབ་པར་འགྱུར། །ལེགས་པར་རབ་ལྡན་སྒྲ་རྣམས་
ཀྱང་། །སྐྱེ་བོ་དྲོད་གནས་རྐན་དང་ནི། །སོ་མཆུ་ལྐོག་མའི་སྒྲ་དག་ནི། །སྦྱར་བ་བཞིན་དུ་རིམ་གྱིས་འབྱུང་། །མི་གསལ་བརྗོད་ལས་ལྡོག་གྱུར་པ། །ལེགས་པར་རབ་ལྡན་བརྗོད་པ་ཡིན། །ཡོངས་རྫོགས་ཚིག་དང་སྒྲ་དག་དང་། །ཡང་དག་ལྡན་པས་བསྒྲུབ་པར་འགྱུར། །སྒྲུབ་
པ་ཉམས་དང་བྱ་བ་ཉམས། །སྒྲ་དང་དོན་དང་རྣམ་བྲལ་ན། །མྱུར་དུ་སྔགས་རྣམས་མི་འགྲུབ་སྟེ། །ཡུན་རིང་དུས་སུ་འགོར་བ་ཡིན། །དེ་ལ་གྲུབ་པ་ཡོང་མེད་མིན། །ལོག་པར་ཡང་ནི་དེ་མི་བྱེད། །སྐྱེ་བ་གཞན་དུའང་སྣང་བ་སྟེ། །སྔགས་གྲུབ་མཆོག་ཀྱང་སྟེར་བར་འགྱུར། །
ཡུན་རིང་དུས་སུ་བཟླས་པ་ཡི། །དེ་ཡི་སྔགས་ཀྱི་མཐུ་ཡིས་ནི། །སྔགས་རིག་སྐྱེ་བོའི་སྔགས་དེ་ནི། །དོན་མེད་ལས་ནི་བྱེད་མ་ཡིན། །སྔགས་རྣམས་ཀུན་ཀྱི་ཐ་མ་ནི། །མི་མ་ཡིན་པའི་འཇིག་རྟེན་པ། །འབྱུང་པོ་ཀུན་ནི་སེར་སྣར་བཅས། །གང་ཡིན་དེས་ནི་སྔགས་བསྟན་པའོ། །ཡི་
เล่ม ๘๘ · หน้า 255b
གེ་གང་དག་དེས་བསྟན་པ། །གཅིག་དང་གཉིས་ཀྱི་གྲངས་དག་དང་། །རྣམ་པ་སྣ་ཚོགས་ཀླ་ཀློའི་སྐད། །ཡུལ་གྱི་སྐད་དུ་བསྟན་པ་སྟེ། །ཕྲེང་དུ་བསྡེབས་དང་ལྡན་པ་དང་། །སྒྲ་ནི་འདྲེས་པར་གྱུར་པ་ཡིན། །དེ་དག་ཡི་གེ་གཅིག་པ་ནས། །རྩ་བརྒྱད་སྟོང་གི་བར་དུ་འོ། །
ཚིག་རྐང་བཞི་དང་རྐང་མེད་དང་། །རྐྱང་པ་ཚིགས་སུ་སྦྱར་དེས་བསྟན། །ཚིགས་བཅད་རྒྱུན་ཆགས་ཆ་དག་དང་། །ཚིགས་བཅད་ཚིགས་སུ་བརྗོད་པ་ཡིན། །ཡང་དང་ཡང་ནི་བརྗོད་དོན་ལྡན། །གསལ་བའི་དོན་གྱིས་བརྒྱན་པ་ཡིན། །ཟུར་ཆག་ལེགས་སྦྱར་སྒྲ་
ཉམས་ཀྱང་། །དོན་ནི་རབ་ཏུ་བརྟག་པ་ཡིན། །མི་གསལ་གསལ་བ་མེད་པ་དང་། །ཡི་གེ་ཉམས་ཀྱང་འདོད་པ་ཡིན། །འགྲོ་བ་ཡུལ་དང་རྣམ་བྲལ་བ། །དེ་ལའང་སྔགས་ནི་འགྲུབ་པར་བརྗོད། །དེ་ལྟར་སྔགས་རྣམས་ཀུན་ལ་ནི། །རྟག་ཏུ་ཕན་པས་རིགས་པར་གསུངས། །ཟག་
མེད་ཟག་བཅས་ཐམས་ཅད་ཀྱི། །སྔགས་རྣམས་འདི་ཡི་མཚན་འདི་ཡིན། །གང་ལ་ཡི་གེ་ས་མང་ཞིང་། །ཨོྃ་ནི་ཏ་ཡིས་བརྒྱན་པ་ནི། །དེ་ལས་དེ་ཡི་མོད་ལ་ནི། །དེ་དག་ལ་ནི་ངེས་འགྲུབ་འགྱུར། །དང་པོ་སྔགས་ནི་ཡི་གེ་ཨོྃ། །མཐའ་ན་ཡི་གེ་མ་ཡོད་ལ། །ཡི་གེ་ས་ནི་རྐང་པར་
ལྡན། །དེ་བཞིན་ཏ་ཡིས་བར་མཛེས་ཤིང་། །ཏ་ཡི་རྣམ་པ་ཟུར་བཞིར་ལྡན། །མཐའ་གནས་ཡི་གེ་རྣམ་པར་སྤངས། །ར་གཉིས་ལྡན་པ་ཡི་གེ་ཏ། །སྔགས་རྣམས་ཀྱི་ནི་གྲུབ་པ་བྱེད། །དང་པོར་ར་གཉིས་མང་བ་དང་། །ཡི་གེ་ཧཱུྃ་གི་ཡོན་ཏན་ཡོད། །ཡི་གེ་ཙ་ནི་གྲུ་བཞིར་སྣང་། །དེ་
དག་ཡི་གེ་སྒྲུབ་པར་བརྗོད། །ཡི་གེ་བྷ་ནི་རར་ལྡན་ཞིང་། །ཡིག་མཐར་མ་དང་ཡི་གེ་གནས། །དང་པོར་མ་དང་མང་ཡི་གེ། །དེ་ནི་སྔགས་ཀྱི་མཆོག་ཏུ་བསྟན། །གང་ཡང་ཡི་གེ་ན་མང་ཞིང་། །རྒྱུད་རྣམས་ཀུན་ལ་སྣང་བ་ཡིན། །སྔགས་དེ་དག་ནི་ཞི་བར་གསུངས། །གཤིན་རྗེ་ཧཱུྃ་
གིས་བརྒྱན་པ་ཡིས། །ཡི་གེ་བྷ་ནི་མང་བ་དེ། །དབང་པོ་རླུང་གི་ཕྱོགས་སུ་གསུངས། །ཡི་གེ་བ་ནི་ཆུ་ལྷར་གསུངས། །འཇིག་རྟེན་ཕན་ཞིང་རྒྱས་བྱེད་ཡིན། །སྔགས་གང་ཡི་གེ་ཨེ་མང་བ། །དབང་ཆེན་དེ་ནི་རབ་ཏུ་སྣང་། །དང་པོ་དཀོན་མཆོག་གསུམ་སྐྱབས་འགྲོ། །གང་
เล่ม ๘๘ · หน้า 256a
ཡིན་སྔགས་ནི་དེ་བཞིན་དུ། །ཕྱག་འཚལ་བ་ལ་རབ་འཇུག་དང་། །ཞི་བའི་རྒྱུ་དང་བདེ་བ་བྱེད། །དེ་ལས་གཞན་པའི་ལྷ་རྣམས་ལའང་། །ཕྱག་འཚལ་དོན་དུ་རབ་ཏུ་སྦྱར། །སྔགས་དང་རྒྱུད་ལ་རང་གི་སྔགས། །རང་སྔགས་ལས་ནི་ཐམས་ཅད་པ། །གང་
ལ་ཡི་གེ་ར་མང་ཞིང་། །མཐའ་ན་ཡི་གེ་ཕཊ་ཧཱུྃ་བཅས། །འདི་དག་སྔགས་ནི་གདུག་པ་ཆེ། །གཟི་བརྗིད་ལྡན་ཞིང་གཟི་མདངས་ཆེ། །མི་ཞི་སྲོག་གཅོད་བྱེད་པ་སྟེ། །གདུག་པའི་སེམས་ཅན་དག་ལ་སྦྱར། །ཁྱད་པར་དུ་ནི་སྡིག་ཡོད་པས། །དེ་བས་ལས་དེ་མི་བྱའོ། །རྟག་
ཏུ་ཐུབ་པས་སྤངས་པས་ན། །འབད་དེ་ཟློས་པོས་སྤང་བར་བྱ། །སྔགས་ནི་ཞི་དང་རྒྱས་པ་དག །གཉིས་ཀྱི་དོན་ནི་འགྲུབ་འགྱུར་ཏེ། །ལས་ལ་ཇི་སྲིད་གསུངས་པ་དག །སྐད་ཅིག་གིས་ནི་ཐམས་ཅད་འགྲུབ། །འདི་དག་སྔགས་ནི་ལེགས་བཟླས་ན། །གཟི་བརྗིད་ལྡན་ཞིང་རྫུ་
འཕྲུལ་ཆེ། །རྒྱལ་བས་གསུངས་པའི་སྔགས་ཀྱིས་ནི། །ཞི་བའི་ལས་ནི་བྱ་བ་ཡིན། །རིན་ཆེན་རིགས་ཀྱི་བྱ་བ་ནི། །རྒྱས་པའི་ལས་ནི་ཐམས་ཅད་དོ། །གང་དག་སྡིག་པའི་ལས་རྣམས་ཀུན། །མངོན་སྤྱོད་ལ་ནི་རབ་ཏུ་སྦྱར། །མངོན་པར་སྤྱོད་པའི་ལས་རྣམས་ནི། །རྡོ་རྗེའི་རིགས་
ཀྱིས་བྱ་བ་ཡིན། །འཇིག་རྟེན་མགོན་གྱིས་བཀག་ན་ཡང་། །གནོད་སྦྱིན་དབང་ལ་རབ་ཏུ་བསྟན། །སེམས་ཅན་རྣམས་ནི་གདུལ་བའི་ཕྱིར། །སྔགས་ཀྱི་ཆེ་བའི་བདག་ཉིད་གསུངས། །རིགས་གསུམ་ཉིད་ཀྱིས་ཐམས་ཅད་དུ། །རྣམ་པ་གསུམ་དུ་བསྟན་པ་ཡིན། །ཐུབ་པ་ཉིད་ཀྱིས་
རིགས་དག་ནི། །གང་ཡང་བརྒྱད་དུ་ཡང་དག་བསྟན། །གྲུབ་པ་དེ་དག་རྣམ་གསུམ་འགྱུར། །རྣམ་པ་གསུམ་དུ་ཡང་དག་བསྟན། །མཆོག་དང་བར་མ་ཐ་མ་ནི། །དེ་དག་རྣམ་པ་གསུམ་འབྱེད་པ། །ཞི་དང་རྒྱས་པ་དག་དང་ནི། །མངོན་སྤྱོད་པར་ནི་འདོད་པ་ཡིན། །སྔགས་
དང་ལྡན་པ་ཉིད་དག་དང་། །རྒྱུད་དང་ལྡན་པ་ཁོ་ནར་བསྟན། །སྔགས་ཀྱི་འགྲོ་བའི་བདག་ཉིད་ཆེ། །མངོན་པར་སྤྱོད་ལ་སྦྱར་བ་ཡིན། །འདི་དག་ལས་ནི་མི་འདོད་དེ། །ཐུབ་པ་མཆོག་གིས་སྨད་པ་ཡིན། །ཤིན་ཏུ་ཉམ་ངར་གྱུར་ཀྱང་ནི། །སྲོག་ལ་གནོད་ལས་མི་བྱའོ། །
เล่ม ๘๘ · หน้า 256b
མདོར་བསྡུ་ན་ནི་མ་འདྲེས་པར། །ལས་ཀྱི་བདག་ཉིད་ཆེན་པོར་བསྟན། །དེར་ནི་རིགས་དང་ཆོ་ག་སྔགས། །ལས་ནི་རྒྱ་ཆེ་རྒྱ་ཆེ་བ། །ཆོ་གའི་རྒྱལ་པོ་འདི་ལ་གསུངས། །རྒྱུད་གཞན་དག་ལའང་སྣང་བ་ཡིན། །ལས་ཉམས་རྣམས་ནི་མི་བསྟེན་ཅིང་། །སྔགས་རྣམས་ཀུན་ལ་
རིགས་པར་ལྡན། །འཇིག་རྟེན་སྔགས་རྣམས་ཇི་སྙེད་པ། །དེ་བཞིན་ཆ་བཅས་ཆ་མེད་པའོ། །འཇིག་རྟེན་འདས་པ་ཐམས་ཅད་ཀྱང་། །འདི་འདྲའི་ཡོན་ཏན་ཤེས་པར་བྱ། །སྔགས་གྲུབ་གྲངས་ནི་མེད་གྱུར་ཀྱང་། །དེ་གྲངས་ཡོངས་སུ་བརྗོད་པར་བྱ། །དང་པོ་གྲངས་གཅིག་
འབྱུང་བ་སྟེ། །དེ་བཞིན་ཉི་ཤུའང་ལྡན་པར་འབྱུང་། །དེ་ནས་མདོར་ན་སུམ་ཅུ་སྟེ། །དེ་ལས་གཞན་ཡང་བཞི་བཅུ་ཡིན། །དེ་ཕྱེད་བསྣན་ན་དྲུག་ཅུ་སྟེ། །དེ་བཞིན་བཅུས་བསྣན་བདུན་ཅུ་ཡིན། །དེ་སྟེང་བཅུས་ནི་བསྣན་པ་ལ། །བརྒྱད་ཅུའི་གྲངས་སུ་གསུངས་པ་ཡིན། །དེ་ལ་བཅུས་
བསྣན་དགུ་བཅུར་གསུངས། །བཅུ་གཞན་གྱིས་བསྣན་བརྒྱ་ཡིན་ཏེ། །བརྒྱ་ཡི་གྲངས་ཀྱིས་བགྲང་བ་ཡི། །དེ་དག་བཅུ་ལ་སྟོང་ཕྲག་གཅིག །སྟོང་ཕྲག་བཅུ་ལ་ཁྲི་ཡིན་ཏེ། །ཁྲི་བཅུ་ལ་ནི་འབུམ་ཕྲག་གཅིག །འབུམ་ཕྲག་བཅུ་ལ་ས་ཡ་སྟེ། །ས་ཡ་བཅུ་ལ་བྱེ་བ་ཡིན། །བྱེ་བ་
བཅུ་ལ་དུང་ཕྱུར་སྟེ། །དུང་ཕྱུར་བཅུ་ལ་ཐེར་འབུམ་ཡིན། །དེ་བཅུ་ཐེར་འབུམ་ཆེན་པོར་བསྟན། །དེ་བཅུ་ལ་ནི་ཤུ་རྡོག་སྟེ། །ཤུ་རྡོག་བཅུ་ལ་མཆོག་ཉལ་ཡིན། །མཆོག་ཉལ་བཅུ་ལ་རྐྱང་ཕྱེ་སྟེ། །རྐྱང་ཕྱེ་ཆེན་པོ་དེ་བཅུ་ཡིན། །དེ་བཅུ་ལ་ནི་ཁྱད་ཕྱིན་ཡིན། །ཁྱད་ཕྱིན་ཆེན་པོ་དེ་བཅུ་
ཡིན། །དེ་དག་བཅུ་ལ་སྒྱུ་མར་བརྗོད། །སྒྱུ་མ་ཆེན་པོ་དེ་བཅུ་ཡིན། །དེ་བཅུ་ལ་ནི་མཚོ་ཡས་ཞེས། །འཇིག་རྟེན་འདྲེན་པས་གསུངས་པ་ཡིན། །མཚོ་ཡས་ཆེན་པོ་དེ་དག་བཅུ། །མཚོ་ཡས་ཆེན་པོ་དེ་བཅུ་ལ། །དུག་ཆེན་པ་ཡི་རྒྱ་མཚོ་ཡིན། །དེ་དག་ཉི་ཤུའི་ཕྱེད་ལ་ནི། །དུག་
ཆེན་རྒྱ་མཚོ་ཆེན་པོ་ཡིན། །དུག་ཆེན་རྒྱ་མཚོ་བཅུ་ལ་ནི། །མཆོག་ཡས་ཞེས་ནི་བརྗོད་པ་ཡིན། །མཆོག་ཡས་བཅུ་ཞེས་བསྟན་པ་ནི། །བན་བུན་དག་ཏུ་རབ་ཏུ་བསྟན། །བན་བུན་དེ་དག་བཅུ་ལ་ནི། །དེ་ནི་མ་ལུས་པ་ཞེས་བརྗོད། །དེ་དག་ཉི་ཤུ་ཕྱེད་ལ་ནི། །མ་ལུས་ཆེན་པོ་ཞེས་
เล่ม ๘๘ · หน้า 257a
སུ་བརྗོད། །དེ་ཚེ་གྲངས་ཀྱི་ཚད་དུ་ནི། །འཇིག་རྟེན་འདྲེན་པས་གསུངས་པ་ཡིན། །བཅུ་ཡི་གྲངས་ཀྱིས་བཅུར་བྱས་ན། །གྲངས་ནི་གྲངས་མེད་ཅེས་སུ་བརྗོད། །གྲངས་མེད་བཅུར་ནི་བསྒྱུར་བྱས་ན། །དེ་ལས་གཞན་དུ་དཔག་མེད་ཡིན། །དཔག་མེད་སྟོང་དུ་བསྒྱུར་
བྱས་ན། །འཇིག་རྟེན་ཞེས་ནི་ཡོངས་སུ་བསྟན། །འཇིག་རྟེན་དེ་བཅུ་འཇིག་རྟེན་ཆེ། །འཇིག་རྟེན་ཆེན་པོ་བསྒྲེས་བྱས་ན། །དེ་འོག་མུན་པ་ཞེས་སུ་བརྗོད། །མུན་པ་ལས་ནི་སྣང་བར་བརྗོད། །སྣང་བ་ཆེན་པོ་དེ་དག་བཅུ། །དེ་བཅུ་ལ་ནི་ཕུང་པོར་བརྗོད། །ཕུང་པོ་དེ་བཅུ་བསྒྲེས་
ན་ནི། །ཕུང་པོ་ཆེན་པོར་དེ་བརྗོད་དོ། །ཕུང་པོ་ཆེན་པོ་དེ་བཅུ་ལ། །འདི་ནི་ཟབ་པ་ཞེས་བརྗོད་དོ། །ཟབ་པ་ལས་ནི་བརྟན་པར་བརྗོད། །བརྟན་པ་ལ་ནི་རབ་བརྟན་འགྲོ། །དེ་ནས་གོང་དུ་མང་ལྡན་ཡིན། །མང་པོར་འདོད་པ་གནས་སུ་བརྗོད། །རྩིས་ཤེས་དམ་པས་གནས་སུ་བརྗོད། །
དེ་ནས་གནས་ནི་ཆེན་པོར་འགྲོ། །ཆེན་པོའི་གནས་ཞེས་འདོད་པ་ཡིན། །དཔག་དང་དཔག་མེད་མཉམ་བྱས་ནས། །དེ་དོན་ཆེན་པོར་ཡོངས་སུ་བསྒྲགས། །དོན་ཆེན་རབ་འབྱོར་གནས་དང་ནི། །དེ་ནས་རྒྱ་མཚོ་ཆེན་པོར་འགྲོ། །དང་པོ་རྒྱ་མཚོ་ཆེན་པོར་བསྟན། །དང་པོའི་དང་པོར་ཕན་
པ་དང་། །དང་པོ་མཆོག་ཅེས་བྱ་བར་བསྟན། །མཆོག་ལས་གཙོ་བོར་བརྗོད་པ་སྟེ། །གཙོ་ལས་ཁྱིམ་གྱི་མིང་ཡིན་ནོ། །དེ་ནི་བསམ་མི་ཁྱབ་པར་བརྗོད། །བསམ་མི་ཁྱབ་ལས་མི་བཟད་གཟུགས། །མི་བཟད་གཟུགས་ལས་རྒྱལ་ཐབས་འདོད། །རྒྱལ་ཐབས་ལས་གཞན་
གཏེར་ཡིན་ཏེ། །དེ་ཡི་འོག་མ་དགེ་བ་ཡིན། །དགེ་བའི་ཕ་རོལ་སེམས་ལས་བྱུང་། །དེ་ལས་གཞན་པ་སེམས་བྱུང་ཆེ། །སེམས་ལས་སེམས་ནི་རྣམ་པར་གཡེང་། །བརྗོད་པ་ཞེས་ནི་དེ་ལ་བྱ། །བརྗོད་པ་ལས་ནི་བརྗོད་མེད་ནས། །བསྙད་ཡས་སུ་ཡང་བརྗོད་པ་ཡིན། །བསྙད་
ཡས་ལས་གཞན་བསྙད་ཡས་ཆེ། །དེ་ཚེ་ཕྱར་ཕྱུར་ཞེས་ཀྱང་བརྗོད། །ཕྱར་ཕྱུར་ལས་ནི་ཕྱར་ཕྱུར་ཆེ། །ཤུ་རྡོག་དེ་བཞིན་ཤུ་རྡོག་ཆེ། །རྩིས་ཀྱི་ཕ་རོལ་ཕྱིན་པའི་གནས། །དགེ་ཞིང་ཞི་བ་ཞེས་སུ་བསྟན། །དེ་ནས་བགེགས་ཆེན་མཐོང་བ་སྟེ། །ཆུ་འབྱུང་ཞེས་ནི་དེ་ལས་བརྗོད། །
เล่ม ๘๘ · หน้า 257b
ཆུ་འབྱུང་དེ་ལས་སེམས་འཕྲུལ་ནས། །དེ་ལས་གཞན་པ་དམ་པ་ཡིན། །དེ་ལས་ཕ་རོལ་སངས་རྒྱས་ཡུལ། །དེ་ལས་གཞན་ནི་འཕེལ་བྱེད་ས། །འཇིག་རྟེན་མི་ཡི་རྩིས་དག་ནི། །བགྲང་བར་ཡང་ནི་མི་ནུས་སོ། །དེ་ལས་གཞན་དུ་སངས་རྒྱས་ཀྱི། །གོ་འཕང་དང་ནི་སྤྱོད་
ཡུལ་ཡིན། །སངས་རྒྱས་ཞིང་ནི་གང་གཱའི་ཀླུང་། །བྱེ་མ་སྙེད་དུ་བརྗོད་པ་ནི། །བསྡུས་ནས་རྡུལ་གྱི་ཚོགས་དག་ནི། །འདྲེན་པས་བསྟན་པ་མཛད་པ་ཡིན། །འདི་དག་དཔེར་ནི་བྱས་པ་སྟེ། །ཚད་མ་ཤེས་པའི་སྤྱོད་ཡུལ་མིན། །རྒྱུ་ཡིས་དངོས་པོ་བསྒྲུབ་བྱ་སྟེ། །རྩིས་ཀྱི་ཕ་
རོལ་ཕྱིན་མི་ནུས། །འདི་ཙམ་རྫོགས་པའི་སངས་རྒྱས་ལ། །སྔོན་ནི་ང་ཡིས་བསྙེན་བཀུར་བྱས། །དཔག་མེད་བསྐལ་པ་དག་ཏུ་ནི། །དེ་དག་ལ་ནི་མཉེས་བྱས་ནས། །དེ་ཙམ་དུས་ཀྱི་མཐར་ཐུག་པར། །ང་ནི་བྱང་ཆུབ་སེམས་དཔར་གྱུར། །སེམས་ཅན་དོན་ནི་བསྒྲུབ་བྱའི་
ཕྱིར། །སངས་རྒྱས་ཉིད་དུའང་ཡང་དག་བསྟན། །དེ་དང་དེར་ནི་བདག་གི་སྔགས། །ཆོ་ག་རྒྱ་ཆེན་བསྟན་པ་ཡིན། །ཆོ་ག་ཡི་ནི་རབ་མཆོག་འདི། །སངས་རྒྱས་འདི་དག་ཀུན་གྱིས་གསུངས། །འདི་ཙམ་ཚད་ཀྱི་སངས་རྒྱས་ཀྱིས། །སྔོན་ཆད་འདི་ནི་གསུངས་པ་ཡིན། །
དུས་ཀྱི་ཐ་མའི་སྐྱེ་བོ་ལ། །གཞོན་ནུ་ང་ཡང་ང་ཡིས་བསྟན། །ཇི་སྙེད་འཇིག་རྟེན་སྔགས་རྣམས་དང་། །ཆོ་གའི་རྒྱལ་པོའི་སྣོད་དང་ནི། །དེ་བཞིན་འཇིག་རྟེན་འདས་པ་དང་། །མི་དང་ལྷ་དང་ལྷ་མིན་དང་། །ཐམས་ཅད་ཀུན་གྱི་སྔགས་རྣམས་ནི། །རྒྱུད་དང་རིགས་པར་རབ་
ཏུ་བསྟན། །ཆོ་གའི་རྒྱལ་པོ་རྫུ་འཕྲུལ་ཆེ། །གང་དུ་ཀུན་གྱིས་ཡོངས་སུ་བཀུར། །དེ་དག་ཆོ་ག་ཞིབ་མོ་ཡིས། །འཇམ་པའི་ངག་ནི་འགྲུབ་པར་འགྱུར། །འཇམ་པའི་དབྱངས་ཀྱི་ཆོ་ག་ནི། །འདི་ཉིད་ཀྱི་ནི་ཞིབ་མོ་ཞེས། །དེ་དག་འགྲུབ་པར་གསུངས་པ་སྟེ། །ཐམས་
ཅད་ཀུན་པས་མཐུ་ལྡན་འགྱུར། །གང་ཡང་མི་ཡི་འཇིག་རྟེན་དང་། །གང་གཞན་སྔགས་ཀྱི་ལྷ་མོ་དང་། །འཇིག་རྟེན་འདས་པའི་སྔགས་ཀུན་དང་། །འཇིག་རྟེན་རྫུ་འཕྲུལ་ཆེ་དང་བཅས། །འདི་ཉིད་ཚུལ་གྱི་ཆོ་ག་ཡིས། །ཆོ་གའི་རྒྱལ་པོས་འགྲུབ་པ་ཉིད། །སྔགས་
เล่ม ๘๘ · หน้า 258a
རྣམས་ཀུན་དང་ཆོ་ག་ཀུན། །འདི་ཡི་དབང་དུ་འགྱུར་བར་བསྟན། །ཆོ་གའི་རྒྱལ་པོ་བླ་མེད་འདི། །གང་དུ་འཇམ་དཔལ་གྱིས་རབ་བཞེད། །གང་ཡང་བཟོ་ནི་རྣམ་པར་ཤེས། །འཇིག་རྟེན་པ་ཡི་འཇིག་རྟེན་འདོད། །རྒྱུ་མཚན་ཤེས་དང་ལ་ཉེ་བཟང་། །སྐར་མའི་
དཔྱད་ཀྱི་རྟགས་དང་ནི། །རྒྱུ་མཚན་ཤེས་དང་སྤྱོད་པ་དང་། །སྒྲ་སྐད་དགེ་དང་མི་དགེ་དང་། །འབྱུང་པོ་ཀུན་གྱི་སྐད་ཤེས་དང་། །སྤྱོད་དང་སེམས་ཀྱི་སྤྱོད་པ་དང་། །ཟུར་གྱིས་ཤེས་པ་དག་ཀྱང་བཤད། །དེ་བཞིན་གཏེར་ལྟ་ནོར་སྒྱུར་བྱེད། །རྩིས་དང་བརྡ་སྤྲོད་
བསྟན་བཅོས་དང་། །གོས་ཀྱི་རིམ་པའི་ཆོ་ག་དང་། །ནང་རིག་གསོ་བ་རིག་པ་དང་། །དེ་ཉིད་ཐམས་ཅད་ཕན་དང་བདེ། །གཏན་ཚིགས་ལུགས་ཀྱི་བསྟན་བཅོས་དང་། །གཞན་ཡང་སྒྲ་ཡི་བསྟན་བཅོས་བསྟན། །སྡེབ་སྦྱོར་རིག་བྱེད་དྲི་ཟའི་གླུ། །སྤོས་སྦྱོར་དག་ཀྱང་
བསྟན་པ་ཡིན། །བདག་གིས་བྱང་ཆུབ་སེམས་ཀྱིས་ནི། །སེམས་ཅན་དོན་ཕྱིར་བཤད་པ་ཡིན། །བདག་ནི་བྱང་ཆུབ་སེམས་སྔོན་གྱུར། །འཁོར་བའི་རྒྱ་མཚོར་སྔར་གནས་ཚེ། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །བདག་གིས་སུ་ནི་བཤད་པ་ཡིན། །འཁོར་བའི་དགོན་པའི་
ཚང་ཚིང་དུ། །བདག་ནི་ཡུན་རིང་དུས་སུ་གནས། །ཇི་ལྟར་གདུལ་བྱའི་སེམས་ཅན་ལ། །དེ་ལྟར་བདག་གིས་དེ་བཞིན་བྱས། །ཇི་ལྟ་ཇི་ལྟར་སེམས་ཅན་རྣམས། །ཕན་པའི་ལས་ནི་ལེན་པ་དག །ཕན་དོན་ལས་ཀྱིས་དགེ་བའི་གཞི། །དེ་ལྟ་དེ་ལྟར་འདི་དག་བྱས། །སྣ་ཚོགས་ལས་
ཀྱིས་བསྒྱུར་བ་ཡི། །སེམས་ཅན་འགྲོ་བའི་སྐྱེ་གནས་དག །འདི་དག་བྱ་བ་སྣ་ཚོགས་བྱས། །སྣ་ཚོགས་སྐྱེ་གནས་རབ་ཏུ་བསྟན། །ལས་རྣམས་སྣ་ཚོགས་ལྡན་པ་ཡིས། །སྣ་ཚོགས་དོན་གྱི་བསྟན་བཅོས་བསྟན། །རྣམ་པ་སྣ་ཚོགས་གཟུགས་ལྡན་པས། །འདི་ལ་དེ་བཞིན་
བྱས་པ་ཡིན། །སྣ་ཚོགས་འགྲོ་བའི་སྐྱེ་གནས་སུ། །བདག་གིས་དེ་བཞིན་ཆ་བྱད་བྱས། །ཕན་པའི་བསམ་པས་སེམས་ཅན་ལ། །སྣ་ཚོགས་གཟུགས་ནི་བདག་གིས་སྤྲུལ། །དབང་ཕྱུག་བརྒྱ་བྱིན་ཚངས་པ་སོགས། །ཁྱབ་འཇུག་ནོར་སྦྱིན་བདེན་བྲལ་དང་། །སྣ་ཚོགས་གཟའ་ཡི་
เล่ม ๘๘ · หน้า 258b
གཟུགས་སོགས་ཀྱང་། །དེ་ཚེ་སྔོན་ནི་ང་ཡིས་སྤྲུལ། །ཐུགས་རྗེ་ཆེན་པོའི་དབང་གྱུར་ཐུགས། །སེམས་ཅན་བསམ་པའི་སྤྱོད་ཡུལ་ཅན། །དེ་དག་ལ་ནི་རིམ་གྱིས་སུ། །ཞི་བའི་གནས་ལ་བཞག་པ་ཡིན། །འཁོར་བར་ཕན་ཚུན་འགྲོ་བ་ན། །ཡུན་རིང་དུས་སུ་ཐོགས་པ་ནི། །
སེམས་ཅན་རྣམས་ཀྱི་དོན་བསྒྲུབ་ཕྱིར། །སྔགས་ཀྱི་ཚུལ་གྱིས་བསྟན་པ་ཡིན། །ཡུན་རིང་འཁོར་བའི་སྐྱེ་བར་ངས། །སངས་རྒྱས་རིགས་ལ་བརྟེན་ནས་ནི། །ཡེ་ཤེས་སྔགས་དང་ཆོ་ག་ནི། །མཐར་གྱིས་བསྟན་པར་བྱས་པ་ཡིན། །བྱེད་པ་དང་ནི་བདག་པོའང་རུང་། །ང་ལ་
གང་ཡང་ཡོད་མིན་ཏེ། །ངེས་པའི་རིགས་ལ་བརྟེན་ནས་ནི། །ང་ནི་སངས་རྒྱས་བྱང་ཆུབ་མཆོག །བདེ་བ་ནད་མེད་ཡང་དག་ཞི། །དྲི་མེད་མྱ་ངན་མེད་ཞི་བ། །ངས་ཐོབ་མྱ་ངན་འདས་ཞི་བ། །སྐྱེ་བའི་འཆིང་ལས་ང་རབ་གྲོལ། །ཡང་ན་འཁོར་ལོ་རབ་བསྐོར་ཞིང་། །ཡང་དག་
མཐའ་ལ་བརྟེན་ནས་ནི། །སྔགས་ཀྱི་ཚིག་ནི་རྒྱ་ཆེན་དང་། །ཆོ་ག་འདི་ནི་ང་ཡིས་བསྟན། །ལས་དང་ཆོ་ག་རྒྱ་ཆེ་བ། །ཟློས་པས་དོན་མེད་མི་བྱའོ། །འཇིག་རྟེན་ཇི་སྙེད་སྔགས་རྣམས་དང་། །ཆོ་ག་དག་ཀྱང་རབ་བསྟན་པ། །དེ་ཀུན་མཆོད་ཅིང་རི་མོར་བྱ། །དེ་དག་ལ་ནི་བརྙས་
པ་སྤང་། །ཆོ་ག་རྒྱ་ཆེན་དེ་དག་ཀྱང་། །དེས་ན་སྔགས་པས་བརྙས་མི་བྱ། །རྒྱུ་མཚན་ཤེས་དང་རིག་པ་དང་། །སྐར་མའི་དཔྱད་ཤེས་སྐད་ཤེས་པ། །འདི་དག་དོན་མེད་མི་བྱ་སྟེ། །བཀྲ་ཤིས་དོན་དུ་བསྟན་པ་ཡིན། །མཐོང་བའི་ཆོས་ཀྱི་དོན་དུ་ཡང་། །གྲུབ་པའི་རྫས་སོགས་
སྨན་དང་ནི། །ཟང་ཟིང་བཅས་པར་མིག་སྨན་འགྲུབ། །དེ་ལས་བཀྲ་ཤིས་འགྲུབ་པ་ཡིན། །རབ་བསྔགས་རྒྱལ་བའི་ཚིགས་བཅད་དང་། །བདེ་ལེགས་ཚིགས་བཅད་ཀྱིས་བརྒྱན་པ། །རབ་བསྔགས་ཞག་ནི་བཟང་པོ་དག །ཡར་ངོ་དག་གིས་ལེགས་མཚན་པ། །གཟའ་
མཆོག་དཀར་བ་དག་ལྡན་ལ། །སྔགས་སྒྲུབ་པ་ནི་བརྩམ་པར་བྱ། །དེ་ལ་སོགས་པའི་དགེ་དང་ལྡན། །མི་དགེ་དག་ཀྱང་སྤང་བྱ་བ། །ང་ཉིད་ཀྱིས་ནི་སྔོན་བསྟན་ཏེ། །དེ་བས་ཟློས་པས་གཟུང་བར་བྱ། །འཇིག་རྟེན་ཇི་སྙེད་གང་སུ་དག །སྐར་མའི་དཔྱད་ལ་མཁས་པ་དང་། །
เล่ม ๘๘ · หน้า 259a
གཞན་གྱི་རྒྱུད་ལ་མཁས་པ་དང་། །ལུགས་ཀྱི་བསྟན་བཅོས་གཏན་ཚིགས་བཅས། །རིག་པའི་བསྟན་བཅོས་ལེགས་འབྲེལ་བ། །སེམས་ཅན་རྣམས་ལ་ཕན་བྱེད་གང་། །དེ་ཀུན་ང་ཡིས་སྔོན་གསུངས་ཏེ། །སྔགས་ཟློས་པས་ནི་གཟུང་བར་བྱ། །ལམ་འདི་
གྲུབ་པའི་རྒྱུ་ཡིན་པར། །དེ་ཉིད་གཟིགས་པས་བསྟན་པ་ཡིན། །གྲུབ་པའི་མཐའ་ནི་མཐའ་དག་ཀུན། །གང་ཡིན་ཐར་པའི་རྒྱུར་གསུངས་པ། །སྔགས་ཀྱི་ལམ་གྱི་གྲུབ་པའི་རྒྱུར། །ང་ཉིད་ཀྱིས་ནི་བྱས་པ་ཡིན། །སྔགས་ཀྱི་རིག་པ་མཐའ་དག་ནི། །ཟློས་པས་དོན་
མེད་མི་བྱའོ། །འཇིག་རྟེན་པ་ཡི་སྔགས་ཀུན་དང་། །དམ་པར་ཡང་ནི་རབ་བསྟན་དང་། །དེ་བཞིན་འཇིག་རྟེན་འདས་བཟང་པོ། །ཐམས་ཅད་ཀུན་ལ་རབ་སྦྱར་བྱ། །སེམས་ནི་ལོག་པར་མི་བྱ་སྟེ། །ཡིད་ཀྱིས་ནམ་ཡང་སུན་མི་དབྱུང་། །སྔགས་རྣམས་ཀུན་ལ་མཆོད་
བྱེད་པ། །དམ་ཚིག་ཤེས་པས་རབ་ཏུ་བསྟན། །སངས་རྒྱས་དགོངས་ཤིང་ཕན་པ་ཡིན། །དེ་བཞིན་སྟོན་པའི་བསྟན་པ་ལ། །རབ་ཞུགས་རྒྱལ་བའི་སྲས་རྣམས་ཀྱང་། །ཞུགས་པར་རབ་ཏུ་ཤེས་པ་ཡི། །ཐུབ་ཟླའི་དཀྱིལ་འཁོར་དག་ལ་ནི། །འདི་ནི་དམ་ཚིག་ཤེས་
པར་གསུངས། །རྟག་ཏུ་སྔགས་རྣམས་དོན་ཡོད་དེ། །ཡང་དག་བསམས་པ་ཐོབ་པ་ཡིན། །གཞན་དབང་ངས་ནི་མ་བྱས་ཏེ། །བརྙས་པ་དག་ཀྱང་སྤྱད་མ་ཡིན། །སྔགས་རྣམས་འཕགས་པ་མ་ཡིན་པའང་། །དེ་དག་དོན་མེད་བྱས་མིན་བརྗོད། །འཇིག་རྟེན་ཇི་སྲིད་
སྔགས་རྣམས་སམ། །ཡང་ན་གཟུགས་སུ་བྱུང་བའང་རུང་། །ཀུན་ནས་ཉོན་མོངས་མཐོང་ལམ་མཐའ། །དེ་དག་འབྲས་བུ་ཡོད་པར་བསྟན། །ཁྲོས་དང་ཞེ་སྡང་ལྡན་པ་ཡིས། །དོན་མེད་པར་ནི་མི་བྱའོ། །མི་འདོད་གུས་པ་མེད་པ་ཡི། །ལས་ནི་མི་བྱ་འབྲས་བུ་མེད། །དེ་དང་
འབྲེལ་བའི་སེམས་ལ་ནི། །ནམ་ཡང་དེ་ལ་སྦྱིན་མི་བྱ། །རྟག་ཏུ་མཉམ་པར་བཞག་ནས་ནི། །སྔགས་ཚིག་ལྡན་པར་བཟླས་བྱས་ཤིང་། །ཆོ་ག་ཇི་བཞིན་གཟུང་བྱས་ན། །འབྲས་བུ་མཐའ་དག་ཐོབ་པར་འགྱུར། །ཡིད་ནི་གཡོ་མེད་བྱས་ནས་ཀྱང་། །སྔགས་གཅིག་དེ་ནི་བཟླ་བར་བྱ། །སྔགས་
เล่ม ๘๘ · หน้า 259b
ནི་དོན་ཀུན་སྒྲུབ་པ་སྟེ། །རྩེ་གཅིག་སེམས་ཀྱིས་འགྲུབ་པར་འགྱུར། །རྨོངས་པའི་བདག་ཉིད་གཡེང་བའི་སེམས། །དེ་ལ་གྲུབ་པ་འགྲུབ་མི་འགྱུར། །གང་ལ་ཡིད་ནི་དག་པ་དང་། །བསྟན་པ་ལ་ནི་རབ་དད་པ། །འབྲས་བུ་མཐའ་དག་འགྲུབ་པ་སྟེ། །འགྲོ་བ་དམ་པ་འཐོབ་པར་
འགྱུར། །དཀོན་མཆོག་གསུམ་ལ་དད་པ་ནི། །འདོད་པའི་གྲུབ་པར་ཉེ་བར་བསྟན། །འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། ལས་དང་བྱ་བ་དང་ཆོ་ག་དང་རྒྱུ་མཚན་ཤེས་པའི་ལེའུ་རབ་འབྱམ་
ལས། ཉི་ཤུ་རྩ་བདུན་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གཞན་ཡང་གནས་གཙང་མའི་གཞལ་མེད་ཁང་ལ་གཟིགས་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱི་ཕྱག་རྒྱ་དང་སྔགས་རབ་འབྱམ་མཆོག་ཏུ་ཤིན་
ཏུ་གསང་བ་ཉོན་ཅིག །མ་དད་པའི་སེམས་ཅན་དང་། དེ་བཞིན་གཤེགས་པའི་བསྟན་པ་ལ་མངོན་པར་དད་པ་མེད་པ་དང་། དམ་ཚིག་མེད་པ་དང་། གནང་བ་མེད་པ་དང་། དཀོན་མཆོག་གསུམ་གྱི་གདུང་རྒྱུན་གཅོད་པར་བྱེད་པ་དང་། མི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་
ཟིན་པ་དང་། བསོད་ནམས་མི་འདོད་པ་དང་། སྐྱེ་བོ་སྡང་བ་དང་། འགྲོགས་ཤིང་འདྲེས་པ་དང་། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ་དང་། སངས་རྒྱས་དང་ཆོས་ལས་ཐག་རིང་དུ་གྱུར་པ་དང་། ཆོ་ག་འདི་ལ་འབྲས་བུ་མེད་པར་གྱུར་པ་དང་། སློབ་དཔོན་གྱི་མན་ངག་མེད་པ་དང་།
གཞོན་ནུ་ཁྱོད་ཀྱི་གསང་བའི་དཀྱིལ་འཁོར་ལ་དབང་མ་བསྐུར་བ་དང་། དེ་བཞིན་གཤེགས་པའི་རིགས་ལ་དམ་ཚིག་མ་མཐོང་བ་དང་། སྐྱེ་བོ་མངོན་པར་མི་འདོད་པ་དང་། སྣོད་དུ་མ་གྱུར་པའི་སེམས་ཅན་རྣམས་ལ་བསྟན་པར་མི་བྱའོ། །སངས་རྒྱས་ཆོས་ལ་མ་དད་དང་། །བྱང་ཆུབ་ལམ་ནི་
རིང་གྱུར་ལ། །དེ་ལ་ཕྱག་རྒྱ་མི་སྦྱིན་ཞིང་། །རྒྱུད་ཉིད་ཀྱང་ནི་བསྟན་མི་བྱ། །བག་མེད་རྨོངས་པར་གྱུར་པའམ། །ཡང་ན་གལ་ཏེ་ཆགས་པས་བྱིན། །ཟློས་པ་ཕྱིན་ཅི་ལོག་བྱེད་ལ། །དེ་ལ་སྔགས་ནི་མི་འགྲུབ་བོ། །ཕྱག་རྒྱ་ཉེ་བར་མི་འགྱུར་ཞིང་། །སྔགས་ཉིད་ཀྱང་ནི་གཞན་དུ་
เล่ม ๘๘ · หน้า 260a
འགྱུར། །མྱུར་དུ་གྲུབ་པ་མི་འཐོབ་ཅིང་། །དེ་ཡི་ལུས་ཀྱང་ཉམས་པར་འགྱུར། །ཞི་ཞིང་དད་པའི་སེམས་ལྡན་དང་། །དེར་ནི་དམ་ཚིག་མཐོང་བ་དང་། །རྒྱུད་དང་སྔགས་ལ་རབ་ཞུགས་ལ། །ཕྱག་རྒྱ་རྒྱུད་ནི་བསྟན་པར་བྱ། །དཀོན་མཆོག་གསུམ་ལ་
མཆོད་བྱེད་དང་། །རྒྱལ་བའི་བསྟན་ལ་རབ་དད་དང་། །ཆོ་གའི་སྦྱོར་བ་མཐོང་བ་དག །དེ་དག་ལ་ནི་ཕྱག་རྒྱ་བསྟན། །བྱང་ཆུབ་སེམས་ཀྱི་ཆོ་ག་ཤེས། །བྱང་ཆུབ་སེམས་ཀྱིས་རྣམ་པར་བརྒྱན། །རྟག་ཏུ་བྱང་ཆུབ་ལམ་ལ་གནས། །དེ་དག་ལ་ནི་ཕྱག་རྒྱ་བསྟན། །
སྔགས་དང་རྒྱུད་ལ་རབ་བརྩོན་ཞིང་། །ཕན་ཚུན་བརྒྱུད་པས་དམ་ཚིག་མཐོང་། །བྱང་ཆུབ་ཆེན་པོར་དམ་བཅས་པ། །དེ་ལ་ཕྱག་རྒྱ་རབ་ཏུ་བསྟན། །རྒྱལ་བའི་སྲས་པོ་དག་དང་ནི། །དེ་བཞིན་ཉན་ཐོས་རང་རྒྱལ་དང་། །མཐོང་བའི་ཆོས་ཀྱི་འབྲས་ཐོབ་གང་། །དེ་
ལ་ཕྱག་རྒྱ་རབ་ཏུ་བསྟན། །ཆོས་རྣམས་ལ་ནི་རྣམ་རྟོག་མེད། །དད་ཅིང་སེར་སྣ་བྲལ་བ་དང་། །སྟོན་པའི་བཀའ་ལ་རིགས་པར་ཤེས། །དེ་ལ་ཕྱག་རྒྱ་རབ་ཏུ་བསྟན། །རྩ་བརྒྱད་བརྒྱ་ཡི་ཚད་དུ་ནི། །འདི་དག་ཕྱག་རྒྱ་ཕྱག་རྒྱས་བཏབ། །ལྷག་དང་ཉུང་བ་མ་ཡིན་པར། །
མངོན་སུམ་སངས་རྒྱས་ཀྱིས་རབ་བཤད། །འཇམ་དཔལ་གང་གི་ཆོ་ག་ལ། །སྔགས་ཀྱང་དེ་དང་མཉམ་པ་ཡིན། །བརྒྱད་བཅས་བརྒྱ་ཞེས་གསུངས་པ་དང་། །སྔགས་རྣམས་དེ་དང་མཉམ་པར་བསྟན། །ཕྱག་རྒྱའང་བརྒྱ་ནི་རྩ་བརྒྱད་དུ། །ཐུབ་པ་མཆོག་གིས་
སྔོན་གསུངས་སོ། །འདི་ཙམ་ཚད་དུ་ཆོ་ག་ལ། །ཕྱག་རྒྱ་སྔགས་ནི་ཡང་དག་འབྱུང་། །སངས་རྒྱས་ཀུན་གྱི་མཛོད་ཉིད་ནི། །སྔགས་ཀྱི་མཛོད་དུ་ཉེ་བར་བསྟན། །ཕྱག་རྒྱ་སྔགས་ནི་མཉམ་ལྡན་ན། །ཡང་དག་ལྡན་པས་ལས་མྱུར་བྱེད། །འཁོར་ལོ་མེད་པའི་ཤིང་རྟ་ནི། །
རིགས་པར་འགྲོ་བར་མི་འབྱུང་སྟེ། །དེ་བཞིན་སྔགས་རྣམས་མ་ལུས་པ། །ཕྱག་རྒྱ་མེད་པར་ལས་མི་བྱེད། །སྔགས་དང་ཕྱག་རྒྱ་མཉམ་ལྡན་ཞིང་། །ཡང་དག་ལྡན་པས་མྱུར་ལས་བྱེད། །ལྷ་དང་ལྷ་མིན་བཅས་པ་ཡི། །འཇིག་རྟེན་གསུམ་ཀུན་འགུགས་བྱེད་ན། །ལས་
เล่ม ๘๘ · หน้า 260b
གཞན་དག་གིས་ལེགས་སྦྱར་བའི། །མི་ཡི་འཇིག་རྟེན་སྨོས་ཅི་དགོས། །མཐོང་ཆོས་འབྲས་བུ་འདི་དག་གི། །ཕྱག་རྒྱ་སྔགས་ལ་སྣང་བ་ཡིས། །གཉི་ག་ལྡན་ཞིང་དག་པ་དང་། །ཆོ་ག་ལྡན་པའི་དོན་བསྟན་ན། །རྒྱལ་བ་མཆོག་དང་སྲས་རྣམས་དང་། །འབྱུང་པོ་རྣམས་ནི་
འགུགས་པར་བྱེད། །སྔགས་དང་ཕྱག་རྒྱ་དཀའ་ཐུབ་ཉིད། །རྣམ་གསུམ་ལས་ནི་ལེགས་གནས་དང་། །ཅི་འདོད་ཕུན་སུམ་ཚོགས་པ་ཀུན། །དེ་བཞིན་ཟློས་པས་ཐོབ་པར་འགྱུར། །སྔགས་རྣམས་ཕྱག་རྒྱས་ཕྱག་རྒྱ་བཏབ། །སྔགས་ཀྱིས་ཀྱང་ནི་དེ་རྒྱ་བཏབ། །སྔགས་ནི་ཕྱག་
རྒྱ་མེད་པས་མིན། །སྔགས་ཀྱང་ཕྱག་རྒྱ་སྤངས་པས་མིན། །ཕྱག་རྒྱ་སྔགས་ནི་མཉམ་ལྡན་ན། །ཡང་དག་ལྡན་པས་ལས་ཀུན་བྱེད། །འདི་དག་ཕན་ཚུན་འབྲས་བུ་སྟེ། །ཕན་ཚུན་འབྲས་བུ་འབྱུང་བ་ཡིན། །སྒྲུབ་པས་རིགས་ལྡན་སྦྱར་བྱས་ན། །བསྒྲུབ་བྱ་མིན་པའི་ལས་རྣམས་མེད། །
ཕྱག་རྒྱ་ལྡན་པའི་ཟློས་པ་པོས། །སྔགས་རྣམས་མ་ལུས་འགྲུབ་པར་འགྱུར། །ཆོ་ག་མཐོང་བས་རབ་བརྩོན་ཞིང་། །སྔགས་དང་ཕྱག་རྒྱ་ཀུན་བྱས་ན། །གང་དུ་འགུགས་འགྱུར་མི་འགྲུབ་པ། །དེ་གནས་དེ་ནི་ཡོད་མ་ཡིན། །སྲིད་རྩེ་མནར་མེད་བར་དང་ནི། །འཇིག་རྟེན་ཁམས་ཀྱི་འགྲོ་
བ་གཞན། །གང་དུ་མི་འབེབས་མི་འགུགས་དང་། །བསྒྲུབ་བྱ་མ་ཡིན་གང་ཡང་མེད། །སེམས་ཅན་སྐྱེ་གནས་ལས་སྐྱེས་དང་། །བྱང་ཆུབ་སེམས་དཔའ་མི་སྣང་བའང་། །ཆོ་གས་བསྐུལ་ནས་མི་འགུགས་པ། །དེ་ནི་གང་ཡང་ཡོད་མ་ཡིན། །སྲུང་བའི་ཆོ་གའི་རྒྱུད་དག་གམ། །ལས་
འགྲུབ་བཟློག་པར་བྱ་བ་ལ། །ས་བཅུ་ལ་ནི་གནས་པ་ཡི། །བྱང་ཆུབ་སེམས་དཔས་ཀྱང་མི་ནུས། །སྔགས་དང་ཕྱག་རྒྱ་ལ་གནས་ལ། །འབྱུང་པོ་ཀུན་གྱིས་མི་ཚུགས་སོ། །དཀའ་ཐུབ་བཟླས་པ་ཆོ་གའི་ལམ། །སྦྱིན་སྲེག་ལས་ལ་རབ་སྦྱར་ན། །འདི་ལས་སྐྱེ་ཞིང་དེ་ལས་གྲུབ། །
ཕྱག་རྒྱ་སྔགས་ལ་སྣང་བ་ཡིན། །ཟློས་པ་རྟག་ཏུ་འབད་བརྩོན་ཞིང་། །རྟག་ཏུ་དེ་དག་ལ་གནས་ན། །སྔགས་རྣམས་གྲུབ་པར་འགྱུར་བ་སྟེ། །དོན་ཡོད་འགྱུར་བར་ཐུབ་པའི་བཀའ། །སངས་རྒྱས་ཀུན་གྱི་གསུང་དག་ནི། །དེ་དག་གིས་ནི་གཞན་དུ་བྱེད། །སྔགས་དང་རྒྱུད་ནི་རིགས་
เล่ม ๘๘ · หน้า 261a
པ་ལ། །གང་ཞིག་རྟག་ཏུ་མི་འཇུག་པའོ། །སྔགས་དང་ཕྱག་རྒྱ་མཐའ་དག་ནི། །གང་ཞིག་ཆོ་ག་ལྡན་བྱེད་པའོ། །འཇམ་དཔལ་གཞོན་ནུ་འདི་དག་ནི། །ཡང་དང་ཡང་དུ་བསྟན་པ་ཡིན། །སྔགས་ཀྱི་རིག་པ་མཐའ་དག་ནི། །ཕྱག་རྒྱས་སྔགས་ནི་
ཕན་པ་འབྱུང་། །དེ་སྲིད་ལས་ལ་ཆོ་གའི་རྒྱལ། །འདིས་ནི་འབྲས་བུ་རྒྱ་ཆེན་འབྱུང་། །འཇིག་རྟེན་གསང་མཆོག་ཕན་པ་དང་། །སྔགས་དང་ཕྱག་རྒྱས་དམ་བཅས་པ། །དེ་ནས་རིགས་ལྡན་འཇམ་དཔལ་ཏེ། །ཁྱབ་པར་བྱེད་པ་བྱིས་པའི་གཟུགས། །ཅུང་ཟད་འཛུམ་པའི་བཞིན་
གྱུར་གནས། །གཞོན་ནུ་སྣ་ཚོགས་ཡང་དག་འབྱུང་། །བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེ། །ས་བཅུ་ལ་ནི་གནས་པ་ཡིས། །སངས་རྒྱས་ཉི་མའི་གཉེན་གྱུར་པ། །ཐུབ་པ་མཆོག་ལ་རབ་ཏུ་ཞུས། །བཅོམ་ལྡན་སྔགས་ཀྱི་རྒྱུད་དག་ནི། །གང་ཡིན་འདི་ནི་འཇིག་རྟེན་
བསྟན། །སྔོན་གྱི་སངས་རྒྱས་དག་གིས་ཀྱང་། །དེ་ཡང་བདག་ལ་གསུངས་པ་ཡིན། །དེ་ལྟར་ཤཱཀྱ་སེང་གེ་ཡིས། །ཅི་ཡི་ཕྱིར་ན་རབ་ཏུ་གསུངས། །བདག་ནི་དེ་ལྟར་ཐེ་ཚོམ་འཚལ། །ཐུབ་པ་མཆོག་གིས་བདག་ལ་གསུངས། །བློ་ལྡན་ཀ་ལ་པིང་ཀའི་སྐད། །ཚངས་པ་ཡི་ནི་
གསུང་དབྱངས་ཀྱིས། །ས་བཅུ་ལ་ནི་རབ་གནས་པའི། །བྱང་ཆུབ་སེམས་དཔའ་ལ་གསུངས་པ། །སྔོན་ནི་བསྐལ་པ་མང་པོ་རུ། །ང་ནི་འཁོར་བར་འཁོར་བ་ན། །ཐུབ་དབང་མེ་ཏོག་ཀུན་སྐྱེས་ལས། །ཆོ་གའི་རྒྱལ་པོའང་ང་ཡིས་ཐོབ། །དེ་དང་དེར་ནི་སེམས་ཅན་ལ། །ཕན་པ་
མང་པོ་བྱས་པ་ཡིན། །ཐུགས་རྗེའི་དབང་དུ་སོང་ནས་ནི། །དེ་ཚེ་བདག་གི་སྨོན་ལམ་བྱས། །སངས་རྒྱས་མཆོག་ཏུ་དེ་ཚེ་བདག །དུས་ཀྱི་མཐར་ནི་ཡང་དག་བྱུང་། །ཆོས་ཀྱི་འཁོར་ལོ་བསྐོར་ནས་ནི། །བསྟན་པའི་དོན་ནི་བྱས་པ་ཡིན། །ཕྱི་མ་ཡི་ནི་དུས་དག་ཏུ། །དེ་ཚེ་ང་ནི་མྱ་
ངན་འདའ། །དེ་ན་ཆོ་གའི་རྒྱལ་དབང་པོ། །ཁྱོད་ཀྱི་དྲུང་དུ་ང་ཡིས་བསྟན། །ང་ཡང་འཇིག་རྟེན་མྱ་ངན་འདས། །འཛམ་བུའི་གླིང་ནི་རབ་སྟོངས་ཤིང་། །དེ་བཞིན་སྟོན་པའི་ཆོས་ཀྱི་མཛོད། །རྩོད་དུས་ཐག་རིང་གྱུར་པ་ན། །སེམས་ཅན་རྣམས་ལ་བསྟན་པའི་དོན། །ཆོ་གའི་རྒྱལ་
เล่ม ๘๘ · หน้า 261b
པོ་གཅིག་བྱེད་འགྱུར། །ཆོ་གའི་རྒྱལ་པོ་རྒྱ་ཆེན་ལ། །དེ་བཞིན་འདི་ནི་ཡང་དག་འཇུག །སེམས་ཅན་རྣམས་ནི་དོན་ལ་བརྩོན། །དེ་ཡི་ཚེ་ན་འབྱུང་བར་འགྱུར། །དེ་དུས་འཇིགས་སུ་རུང་བ་ཡི། །དེ་ཚེ་སེམས་ཅན་ཆོས་ལྡན་མིན། །རྟག་ཏུ་ལུས་ལ་མི་གནས་ཤིང་། །
རྒྱལ་པོ་རྣམས་ནི་མ་རུངས་ཡིད། །མི་དང་མི་མ་ཡིན་རྣམས་ནི། །ཀུན་ཀྱང་བསྟན་ལ་རྣམ་པར་སྡང་། །ངས་བཤད་ཆོས་ཀྱི་མཛོད་རྣམས་ནི། །ང་ཡི་ཐམས་ཅད་འཇིག་པར་འགྱུར། །དེ་དག་གདུལ་བའི་དོན་གྱི་ཕྱིར། །སྔགས་ཀྱི་མཛོད་ནི་ཉེ་བར་བསྟན། །བསྐལ་པ་བསམ་མི་
ཁྱབ་པར་སྔོན། །གཞོན་ནུ་ཁྱོད་ཀྱི་སྨོན་ལམ་འདི། །སངས་རྒྱས་ཇི་སྙེད་གང་སུ་དག །འཇིག་རྟེན་གཉེན་གྱུར་མྱ་ངན་འདས། །དེ་དག་བསྟན་པའི་དོན་དུ་ནི། །དུས་དང་དུས་སུ་བྱའོ་ཞེས། །བདག་ནི་བྱིས་པ་གཞོན་ནུའི་གཟུགས། །དུས་ཀུན་ཏུ་ནི་རྣམ་པར་སྤྱོད། །སྔགས་
ཀྱི་གཟུགས་ཀྱིས་སེམས་ཅན་ལ། །དེ་དང་དེར་ནི་རྣམ་པར་འདུལ། །གཞོན་ནུ་ཁྱོད་ཀྱི་སྨོན་ལམ་འདི། །སྔོན་ཆད་དུ་ནི་བྱས་པ་ཡིན། །ང་ནི་བྱིས་པའི་གཟུགས་ཐོབ་གྱུར། །དེས་ན་ཁྱོད་ལ་བཤད་པར་བྱ། །སྐྱེ་བོ་སྐྱབས་ནི་མེད་པ་དང་། །སངས་རྒྱས་ཞིང་ནི་སྟོངས་པ་ན། །
སྔགས་ཀྱི་གཟུགས་ཀྱིས་སེམས་ཅན་ལ། །བྱིས་པའི་ཚུལ་གྱིས་ཡང་དག་ཤོད། །སེམས་ཅན་མང་པོ་འདུལ་བྱེད་ཅིང་། །ཕུན་སུམ་ཚོགས་པ་སྦྱིན་བྱེད་པ། །དུས་ཀྱི་ཐ་མ་དེ་ལ་ནི། །སེམས་ཅན་ཀུན་ལ་མཆོག་སྦྱིན་བྱེད། །འཇིག་རྟེན་ང་ནི་མྱ་ངན་འདས། །ས་ཡི་སྟེང་ནི་སྟོངས་
གྱུར་ན། །ཁྱོད་ཉིད་བྱིས་པའི་གཟུགས་ཀྱིས་ནི། །སངས་རྒྱས་མཛད་པ་བྱེད་པར་འགྱུར། །དེ་ཚེ་དགོན་ཆེན་རབ་དགའ་བ། །ཁ་བ་ཅན་ནང་ཡོད་པ་ཡི། །ཆུ་བོ་གསེར་དང་ལྡན་འགྲམ་དུ། །ང་ནི་མྱ་ངན་འདའ་བར་འགྱུར། །འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་བྱང་ཆུབ་
སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། ཕྱག་རྒྱ་བསྐུལ་བའི་ཆོ་ག་འཇམ་དཔལ་གྱིས་ཡོངས་སུ་ཞུས་ཤིང་བསྟན་པའི་ལེའུ་རབ་འབྱམ་ལས། ཉི་ཤུ་རྩ་བརྒྱད་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གཞན་ཡང་གནས་གཙང་
เล่ม ๘๘ · หน้า 262a
མའི་གཞལ་མེད་ཁང་ལ་གཟིགས་ནས། དེ་བཞིན་གཤེགས་པའི་ཕྱག་རྒྱའི་མཛོད་ཡང་དག་པར་བསྐུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་མ་ཐག་ཏུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཛོད་སྤུ་ནས་འོད་ཟེར་དུ་མ་བྱེ་བ་ཁྲི་ཕྲག་
བརྒྱ་སྟོང་གྲངས་མེད་པའི་འཁོར་དང་བཅས་པ་བྱུང་སྟེ། །འོད་ཟེར་གྱི་དྲ་བ་དུ་མ་དེས་སངས་རྒྱས་ཀྱི་ཞིང་དུ་མ་གསལ་བར་བྱས་ནས། སངས་རྒྱས་ཐམས་ཅད་ལ་ཡང་དག་པར་བསྐུལ་ནས། ཕྱིར་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཛོད་སྤུར་ཞུགས་པར་གྱུར་ཏོ། །
སངས་རྒྱས་བཅོམ་ལྡན་འདས་ལ་ཡང་དག་པར་བསྐུལ་མ་ཐག་ཏུ་ནམ་མཁའི་ངོ་བོ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། གནས་གཙང་མའི་སྟེང་གི་ནམ་མཁའི་དཀྱིལ་དུ་བཞུགས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་སངས་རྒྱས་ཐམས་ཅད་ལ་
མཆོད་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་ཕྱག་རྒྱའི་ལེའུའི་ཆོ་གའི་མཛོད་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པ་བཤད་ཀྱིས་ཉོན་ཅིག །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་སངས་རྒྱས་ཐམས་ཅད་ཀྱི་ཞབས་ལ་བཏུད་དེ་ཕྱག་
འཚལ་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཛོད་ཀྱི་ཕྱག་རྒྱ་མཆོག་ཏུ་ཤིན་ཏུ་གསང་བ་གང་ཡིན་པ་དེ་དུས་ལ་བབ་པར་མཁྱེན་ན། བཅོམ་ལྡན་འདས་དེ་ནི་ལེགས་ཏེ་བཤད་དུ་གསོལ། སྐྱེ་བོ་མང་པོ་ལ་
ཕན་པ་དང་སྐྱེ་བོ་མང་པོ་ལ་བདེ་བ་དང་འཇིག་རྟེན་ལ་སྙིང་བརྩེ་བ་དང་སྐྱེ་བོའི་ཚོགས་མང་པོའི་དོན་དང་ཕན་པ་དང་བདེ་བའི་ཕྱིར་དང་ལྷ་དང་མི་རྣམས་དང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་དང་བདེ་བའི་རྣམ་པར་སྨིན་པར་འགྱུར་བའི་སླད་དུའོ། །དེ་ནས་བཅོམ་ལྡན་འདས་
ཤཱཀྱ་ཐུབ་པ་ལ་འཇམ་དཔལ་གཞོན་ནུར་གྱུར་པས་གསོལ་བ་བཏབ་ནས། ཕྱག་རྒྱ་ཐམས་ཅད་ལ་གཟིགས་ཤིང་སངས་རྒྱས་ཐམས་ཅད་ལ་མཁྱེན་པར་བྱས་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་རབ་ཏུ་དགའ་བར་བྱེད་པ། འཕགས་པ་ཉན་ཐོས་དང་རང་སངས་རྒྱས་
เล่ม ๘๘ · หน้า 262b
ཐམས་ཅད་ཡང་དག་པར་ཚིམ་པར་བྱེད་པ། འཕགས་པའི་སྔགས་རྣམས་ལ་ཡིད་བརྩོན་པར་བྱེད་པ་ལ་ཡང་དག་པར་གཟེངས་སྟོད་པ། མ་རུངས་པ་ཐམས་ཅད་ཟློག་པར་བྱེད་པ། འཇིགས་པ་ཐམས་ཅད་དབུགས་འབྱིན་པར་བྱེད་པ། འཁོར་བར་གནས་པ་དག་ལ་བདེ་
བ་དང་ཤིས་པ་དང་མྱ་ངན་ལས་འདས་པ་ལ་རབ་ཏུ་འཇོག་པར་བྱེད་པ། སེམས་ཅན་སྡུག་བསྔལ་བ་ཐམས་ཅད་ལ་བདེ་བའི་དོན་གྱི་ཕྱིར་ཕྱག་རྒྱའི་ལེའུའི་ཆོ་ག་ངས་བཤད་ཀྱིས་འཇམ་དཔལ་གཞོན་ནུ་ཉོན་ཅིག །དང་པོ་གཙུག་ཕུད་ལྔ་པ་ནི། །དེ་ནི་ཕྱག་རྒྱ་ཆེན་པོར་འདོད། །
གཉིས་པ་གཙུག་ཕུད་གསུམ་པ་ཡིན། །རལ་པ་གཅིག་པ་གསུམ་པ་སྟེ། །བཞི་པ་ཨུཏྤ་ལར་གསུངས་པ། །རྐང་གཉིས་དམ་པ་རྫོགས་སངས་རྒྱས། །ལྔ་པ་བཀྲ་ཤིས་ལྡན་དུ་བརྗོད། །དྲུག་པ་རྒྱལ་མཚན་ཞེས་སུ་བརྗོད། །བདུན་པ་གང་བ་ཞེས་བསྟན་ཏེ། །སྔགས་
ཤེས་དག་ལ་ལེགས་མཛེས་ཤིང་། །བརྒྱད་པ་སྲོག་ཤིང་ཞེས་བརྗོད་པ། །སྔགས་ཤེས་དག་ལ་ལེགས་མཛེས་ཡིན། །དགུ་པ་གདུགས་ཞེས་བསྟན་པ་སྟེ། །བཅུ་པ་མདུང་དུ་བརྗོད་པ་ཡིན། །དེ་བཞིན་བཅུ་གཅིག་སངས་རྒྱས་ཀྱིས། །ཁ་སྦྱར་ཞེས་ནི་ཡང་དག་བསྟན། །
བཅུ་གཉིས་པ་ནི་ཕུབ་ཅེས་གསུངས། །བཅུ་གསུམ་པ་ནི་ད་པུས་ཡིན། །བཅུ་བཞི་པ་ནི་རལ་གྲིར་བཤད། །དེ་བཞིན་དྲིལ་བུ་བཅྭ་ལྔ་པ། །བཅུ་དྲུག་པ་ནི་ཞགས་པར་བསྟན། །བཅུ་བདུན་པ་ནི་ལྕགས་ཀྱུར་ཤེས། །བཅྭ་བརྒྱད་པ་ནི་བཟང་པོའི་གདན། །བཅུ་དགུ་པ་ནི་གདན་
དུ་བརྗོད། །ཉི་ཤུར་བསྟན་པ་རྨ་བྱའི་གདན། །ཉི་ཤུ་གཅིག་པ་པཊྚི་སཾ། །རྟགས་གཅིག་ཉི་ཤུ་གཉིས་པ་སྟེ། །རྟགས་གཉིས་ཉི་ཤུ་གསུམ་པ་ཡིན། །དེ་བཞིན་ཕྲེང་བ་ཉི་ཤུ་བཞི། །ཉི་ཤུ་ལྔ་པ་གཞུ་ཡིན་ཏེ། །ཉི་ཤུ་དྲུག་པར་གསུངས་པ་ནི། །ལྕགས་མདའ་དག་ཏུ་རྣམ་
པར་བརྟགས། །ཉི་ཤུ་བདུན་པར་གསུངས་པ་ནི། །རྟགས་ཀུན་དག་ཏུ་རབ་ཏུ་བསྟན། །ཉི་ཤུ་བརྒྱད་པ་གསལ་ཤིང་སྟེ། །ཉི་ཤུ་དགུ་པ་ཐོ་བ་ཡིན། །སུམ་ཅུ་པ་ནི་མདའ་བོ་ཆེ། །སུམ་ཅུ་གཅིག་པ་མཆེ་བར་བསྟན། །སུམ་ཅུ་གཉིས་པ་དེ་བཞིན་ཁ། །སུམ་ཅུ་གསུམ་པ་རས་
เล่ม ๘๘ · หน้า 263a
ཀྱི་གོས། །སུམ་ཅུ་བཞི་པ་བུམ་པ་སྟེ། །སུམ་ཅུ་ལྔ་པ་འཁར་གསིལ་ཡིན། །སུམ་ཅུ་དྲུག་པ་བྱ་མ་བུམ། །སུམ་ཅུ་བདུན་པ་གཏུན་ཤིང་སྟེ། །སུམ་ཅུ་བརྒྱད་པ་སྐྱིལ་ཀྲུང་ཡིན། །སུམ་ཅུ་དགུ་པ་པ་ཊ་ཧ། །བཞི་བཅུ་པར་ནི་རབ་བསྟན་པ། །ཆོས་ཀྱི་དུང་ཞེས་
ཉེ་བར་བསྟན། །བཞི་བཅུ་དག་ནི་གཅིག་པ་ཡང་། །ལྕགས་ཐག་ཅེས་ནི་ཡོངས་སུ་བསྒྲགས། །གཉིས་པར་འདོད་པ་མང་པོར་གསུངས། །གསུམ་པ་ཡིད་ལ་རེ་བ་རྫོགས། །བཞི་པ་སྐྱེད་བྱེད་སྣང་བ་སྟེ། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །ལྔ་པ་མ་མོ་ཞེས་བཤད་
པ། །རྐང་གཉིས་རྫོགས་པའི་སངས་རྒྱས་ཀྱིས། །དྲུག་པ་རྟ་བབས་ཞེས་བྱར་གསུངས། །བདུན་པ་རྟ་བབས་བཟང་པོ་ཡིན། །བརྒྱད་པ་སྒྲ་སྐད་དག་ཏུ་བསྟན། །དགུ་པ་རྒྱལ་བའི་སྒྲ་ཡང་ཡིན། །ལྔ་བཅུ་པ་ནི་རྔ་བོ་ཆེ། །ལྔ་བཅུ་གཅིག་པ་ཆོས་ཀྱི་རྔ། །ལྔ་བཅུ་གཉིས་པ་
བ་ལང་བཤད། །གསུམ་པ་ལག་པ་མཆོག་ཡིན་ཏེ། །ལྔ་བཅུ་བཞི་པར་ཤེས་བྱ་བ། །ཕྱག་རྒྱ་དེ་ནི་འཁྲུལ་མེད་ཡིན། །ལྔ་བཅུ་ལྔ་པ་མཇུག་རིངས་ཡིན། །ལྔ་བཅུ་དྲུག་པ་མདའ་ཡིན་ཏེ། །བདུན་པ་དག་ནི་དགྲ་སྟར་བསྟན། །བརྒྱད་པ་འཇིག་རྟེན་གྱིས་མཆོད་ཡིན། །
ལྔ་བཅུ་རྩ་དགུར་ཤེས་བྱ་བ། །མདོར་ན་མཚོན་ནི་རྩེ་གཅིག་ཡིན། །དྲུག་ཅུ་པར་ནི་འགྱུར་བ་ཡང་། །མདོར་ན་གཤོལ་དུ་ཤེས་པར་བྱ། །དྲུག་ཅུ་གཅིག་པ་པདྨ་སྟེ། །དྲུག་ཅུ་གཉིས་པ་རྡོ་རྗེར་བཤད། །ཆོས་ཀྱི་འཁོར་ལོ་སྐོར་བྱེད་པ། །འཇིག་རྟེན་དྲུག་ཅུ་གསུམ་པར་
གསུངས། །དྲུག་ཅུ་བཞི་པར་ཤེས་བྱ་བ། །མདོར་ན་པདྨ་དཀར་པོ་ཡིན། །དྲུག་ཅུ་ལྔ་པར་ཤེས་བྱ་བ། །ཕྱག་རྒྱ་མཆོག་སྦྱིན་དམ་པ་ཡིན། །དེ་ནས་དྲུག་ཅུ་དྲུག་པ་ནི། །ཐེག་པའི་ཕྱག་རྒྱར་སངས་རྒྱས་གསུངས། །དྲུག་ཅུ་བདུན་པར་འཇིག་རྟེན་དུ། །མཁས་པས་མདུང་དུ་
བསྟན་པ་ཡིན། །དྲུག་ཅུ་བརྒྱད་པར་བྱ་བ་ནི། །རྡོ་རྗེ་དབྱུག་པའི་ཕྱག་རྒྱར་གསུངས། །དྲུག་ཅུ་རྩ་དགུར་འགྱུར་བ་ནི། །དགྲ་འཇོམས་བྱེད་པར་རབ་ཏུ་བསྟན། །བདུན་ཅུ་པར་ནི་ཤེས་བྱ་བ། །མདོར་ན་ཀླུ་ཡི་ཕྱག་རྒྱ་ཡིན། །བདུན་ཅུ་གཅིག་པར་གསུངས་པ་ནི། །གཞལ་མེད་
เล่ม ๘๘ · หน้า 263b
ཕྱག་རྒྱ་མཆོག་བཟང་ཡིན། །བདུན་ཅུ་གཉིས་པ་མདོར་བསྡུ་ན། །ཤིང་རྟ་ཞེས་ནི་དེ་ལ་བརྗོད། །མདོར་ན་བདུན་ཅུ་གསུམ་པ་ནི། །འཇིག་རྟེན་མགོན་གྱི་གདན་དུ་གསུངས། །དེ་བཞིན་བདུན་ཅུ་བཞི་དང་ནི། །བདུན་ཅུ་ལྔ་རུ་བསྟན་པ་དག །ཚེས་བརྒྱད་ཟླ་བ་པི་
བང་དག །ཕྱག་རྒྱ་གཉིས་སུ་བསྟན་པ་ཡིན། །བདུན་ཅུ་རྩ་དྲུག་འཇིག་རྟེན་དུ། །ཕྱག་རྒྱ་པདྨ་འདྲ་བ་ཡིན། །བདུན་ཅུ་བདུན་པའི་ཕྱག་རྒྱ་མཆོག །ཨུཏྤ་ལ་ནི་འབྱུང་བའི་གནས། །བདུན་ཅུ་བརྒྱད་པའི་ཕྱག་རྒྱ་ནི། །ཕྱག་འཚལ་བ་ཞེས་བསྟན་པ་ཡིན། །བདུན་
ཅུ་རྩ་དགུ་མཆོད་ཡོན་རྒྱ། །དགྲ་བཅོམ་ཕྱག་རྒྱ་བརྒྱད་ཅུ་པ། །མར་མེ་བརྒྱད་ཅུ་གཅིག་པར་ཤེས། །ཐལ་སྦྱར་བརྒྱད་ཅུ་གཉིས་པར་འདོད། །གསུམ་པ་ཕྲེང་བ་ཞེས་བྱ་བའོ། །བཞི་པ་གདན་ཞེས་གསུངས་པ་ཡིན། །ལྔ་པ་གནས་ཀྱི་ཕྱག་རྒྱར་བསྟན། །དྲུག་པ་རབ་
གནས་གསུངས་པ་སྟེ། །བདུན་པ་དབང་གི་ཕྱག་རྒྱར་བརྗོད། །བརྒྱད་ཅུ་བརྒྱད་པ་མཆོག་ཏུ་འདོད། །དགུ་དང་དགུ་བཅུའི་གྲངས་དག་ནི། །ཕྱག་རྒྱ་གཉིས་ནི་དགེ་བ་མཆོག །ཁ་སྦྱར་ཟུང་གི་ཕྱག་རྒྱ་སྟེ། །གྲངས་ནི་དགུ་བཅུ་འབྱུང་བ་སྟེ། །དགུ་བཅུ་རྩ་གཅིག་ཅེས་གསུངས་
པ། །མེ་ཏོག་གི་ནི་ཕྱག་རྒྱར་བསྟན། །གཉིས་པ་གཏོར་མའི་ཕྱག་རྒྱ་སྟེ། །གསུམ་པ་རྟག་ཏུ་སྤོས་ཀྱི་ཡིན། །བཞི་པ་དྲི་ཡི་ཕྱག་རྒྱ་སྟེ། །ལྔ་པ་མར་མེར་ཤེས་པར་བྱ། །དྲུག་པ་སྦྱོར་བར་ཤེས་པར་བྱ། །བདུན་པ་སྐྱིལ་ཀྲུང་ཕྱེད་ཀྱི་གནས། །བརྒྱད་པ་དག་ནི་བོང་བ་སྟེ། །
དགུ་པ་དག་ནི་གཤེགས་སུ་གསོལ། །དེ་བཞིན་བརྒྱ་རྫོགས་ཕྱག་རྒྱ་ནི། །ཐམས་ཅད་པ་ཡི་ལས་ཤེས་བྱ། །བརྒྱ་ལས་རྩ་གཅིག་གསུངས་པ་ནི། །ཕྱག་རྒྱ་ཆེན་པོ་ཞེས་བྱ་སྟེ། །གཙུག་ཏོར་འཇིག་རྟེན་མགོན་པོ་ནི། །རྟག་ཏུ་བླ་མ་འཁོར་ལོས་སྒྱུར། །ཕྱག་རྒྱ་དེ་ནི་དང་པོར་
གསུངས། །གཉིས་པ་གདུགས་དཀར་ལས་བྱུང་ཡིན། །གསུམ་པ་རྩ་བའི་ཕྱག་རྒྱ་སྟེ། །འཇམ་པའི་དབྱངས་སུ་སྣང་བ་ཡིན། །བཞི་པ་ཆོས་ཀྱི་མཛོད་ཀྱི་གནས། །ཆོས་ཀྱི་ཕྱག་རྒྱར་ཤེས་པར་བྱ། །ལྔ་པ་དགེ་འདུན་ཞེས་བྱ་སྟེ། །དེ་ནི་ཕྱག་རྒྱ་ཆེན་པོའང་ཡིན། །དྲུག་པ་འབྱུང་
เล่ม ๘๘ · หน้า 264a
པོ་ཞི་བྱེད་པ། །རང་རྒྱལ་ལག་པའི་ཕྱག་རྒྱ་ཉིད། །བདུན་པ་བྱང་ཆུབ་སེམས་དཔའ་ནི། །ས་བཅུ་དག་ལ་ཞུགས་པ་ཡི། །ཕྱག་རྒྱ་པདྨའི་ཕྲེང་བ་སྟེ། །ཕྱག་རྒྱ་ཆེན་པོར་དེ་ཤེས་བྱ། །འཇིག་རྟེན་པ་ནི་ཐམས་ཅད་ཀྱི། །ཕྱག་རྒྱ་སྔགས་རྣམས་མཆོག་སྦྱིན་
བྱེད། །མཐུ་ཆེན་གཙོ་བོ་ཆེན་པོ་སྟེ། །གཙོ་བོ་འཇིག་རྟེན་གསུམ་གྱིས་མཆོད། །བརྒྱད་པ་ཡང་དག་རབ་སྦྱར་བ། །ཕྱག་རྒྱ་སྲིད་གསུམ་སྐྱེ་གནས་ཡིན། །ཕྱག་རྒྱ་རྣམས་ཀྱི་གྲངས་བསྟན་པ། །རྒྱུད་འདི་ལས་ནི་རབ་འབྱུང་བ། །བརྒྱ་གཅིག་དེ་བཞིན་རྩ་བརྒྱད་དུ། །ཕྱག་
རྒྱའི་གྲངས་སུ་བརྟགས་པ་ཡིན། །རྫོགས་སངས་རྒྱས་ཀྱིས་འདི་ཚད་དུ། །ས་སྟེང་སྔོན་ནི་བསྟན་པ་ཡིན། །སྟོན་དང་བསྟན་པ་འཇིག་པ་ན། །ལུས་ཅན་རྣམས་ནི་རབ་སྤྱོད་འགྱུར། །དང་པོ་རེ་ཞིག་ལག་པ་གཉིས། །ཐལ་མོ་སྦྱར་ཏེ་རྩེ་མོ་སྤྲད། །སོར་མོ་ཕན་ཚུན་ནང་དུ་གཤིབ། །
སོར་མོ་ཕན་ཚུན་སྦྱར་ནས་ནི། །དེ་ནས་ཡང་དག་སྦྱར་ནས་ཀྱང་། །ལག་གཉིས་ཡང་དག་ལྡན་པ་ལ། །གཙུག་པུད་ལྔས་ནི་ལེགས་མཚན་བྱ། །སོར་མོ་རྣམས་ཀྱི་རྩེ་མོ་དག །དེ་ནས་དེ་དག་རྣམ་བཟློག་པ། །ཕྱག་རྒྱ་གཙུག་པུད་ལྔར་ཤེས་བྱ། །གཙུག་པུད་ལྔ་པ་ཉིད་དག་ནི། །
ཕྱག་རྒྱ་ཆེན་པོ་ཞེས་སུ་བསྒྲགས། །བྱང་ཆུབ་སེམས་དཔའི་དབུ་ལ་ཡོད། །འདི་ནི་ཕྱག་རྒྱ་མཐུ་བོ་ཆེ། །རབ་སྦྱར་ལས་ཀུན་བྱེད་པ་ཡིན། །འཇམ་དཔལ་གྱི་ནི་སྔགས་དག་གམ། །སྙིང་པོ་ཉིད་ནི་རབ་ཏུ་སྦྱར། །སྐྲ་ཅན་མ་ཡི་སྔགས་དག་གམ། །རྩ་བའི་སྔགས་ཀྱིས་རྟག་ཏུ་བྱ། །ཆོ་
ག་མཐོང་བས་སྦྱར་བའམ། །སྔགས་རྣམས་ཀུན་གྱིས་བྱས་ན་ནི། །ལས་རྣམས་ཀུན་ནི་དོན་ཡོད་པར། །ཐུབ་པའི་བཀས་ནི་བསྟན་པ་ཡིན། །དེ་བཞིན་ལག་པ་རྣམ་བཀོད་ནས། །དེ་ཡི་ལག་པ་ཁ་སྦྱར་བྱ། །དེ་བཞིན་རྩེ་མོ་གསུམ་བྱ་སྟེ། །སོར་མོ་རྣམས་ནི་རབ་སྦྱར་ནས། །ལག་
གཉིས་མཐེ་བོ་སྤྱོད་པ་དང་། །རབ་ཏུ་ཕྱུང་སྟེ་དྲང་པོར་བྱ། །གུང་མོ་དང་ནི་སྲིན་ལག་དག །ཕྱིན་ཅི་ལོག་ཏུ་འབྲེལ་པ་བྱ། །འདི་ནི་གཙུག་པུད་གསུམ་ཞེས་བྱ། །རལ་པ་གསུམ་པ་ཞེས་བྱའང་ཡིན། །འཇམ་པའི་དབྱངས་ནི་བློ་ལྡན་གྱི། །ཕྱག་རྒྱ་འདི་ནི་ཕྱག་རྒྱ་ཆེ། །གང་དག་ཆོ་ག་
เล่ม ๘๘ · หน้า 264b
མཐོང་བ་ཡི། །ལས་རྣམས་ཀུན་ནི་བྱེད་པ་ཡིན། །འཇམ་དཔལ་གསང་སྔགས་གང་ཡིན་པ། །དེ་དག་ཀུན་ལ་སྦྱར་བར་བྱ། །ཟློས་པ་ཡིད་ལ་གང་འདོད་པ། །དོན་དེ་མྱུར་དུ་གྲུབ་པར་བྱེད། །ལག་པ་དེ་བཞིན་རྣམ་བཀོད་ནས། །དེ་བཞིན་གཙུག་པུད་གཅིག་པར་བྱ། །
སོར་མོ་གུང་མོ་ཡང་དག་སྦྱར། །ངེས་པར་གཙུག་པུད་གཅིག་པར་འགྱུར། །རྒྱ་འདི་ཕྱག་རྒྱ་ཆེན་པོ་སྟེ། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །གཞོན་ནུའི་སྔགས་ནི་རབ་བཀོད་དང་། །གང་ཡང་འཇིག་རྟེན་ཀུན་གྱི་ཡང་། །དེ་དང་སྦྱར་ན་འགྲུབ་འགྱུར་ཏེ། །
མྱུར་བ་ཉིད་དུ་འགྲུབ་པར་འགྱུར། །དེ་བཞིན་འདི་ཡིས་བསྒྲུབ་བྱ་ནི། །སྔགས་མཆོག་རྒྱལ་བས་བཤད་པ་ཡིན། །ཆོ་ག་མཐོང་བའི་ལས་ཀྱིས་ནི། །འདི་དོན་མྱུར་དུ་བསྒྲུབ་པར་བྱ། །དེ་བཞིན་ལག་པ་ཡང་དག་སྦྱར། །སོར་མོའི་རྩེ་མོ་དགུག་ཅིང་དགོད། །མཛུབ་མོ་
གཉིས་ནི་རྩེ་སྤྲད་དགུག །སོར་མོ་གཞན་ནི་རང་བཞག་ལ། །མཐེ་མོ་གཉིས་ནི་རབ་གཤིབ་ནས། །གུང་མོ་གཉིས་ནི་རབ་བརྐྱང་བྱ། །སྲིན་ལག་གཉིས་ནི་རྩེ་སྤྲད་བཀུག །ཨུཏྤ་ལ་རུ་བསྟན་པ་ཡིན། །འདི་ནི་བྱང་ཆུབ་སེམས་དཔའ་ཡི། །རྩ་བའི་སྔགས་ནི་བརྗོད་ཅིང་བྱ། །
གཙུག་པུད་ལྔ་པར་བསྟན་པ་ཡི། །ལས་རྣམས་གང་ཡིན་དེ་དག་ཉིད། །དེ་ཀུན་ཨུཏྤ་ལ་ཡིས་ནི། །མྱུར་དུ་སྒྲུབ་པར་བྱེད་པ་ཡིན། །འདི་ནི་མཆོག་སྦྱིན་ཕྱག་རྒྱ་སྟེ། །མྱུར་དུ་ལོངས་སྤྱོད་སྒྲུབ་བྱེད་པའོ། །རྩ་བའི་སྔགས་དང་ལྡན་བྱས་ན། །མྱུར་དུ་ནོར་ནི་བྱེད་པར་འགྱུར། །ལག་
གཉིས་དེ་བཞིན་སྦྱར་བྱས་ནས། །ལག་པ་གཉིས་པོ་རབ་བཀན་ལ། །ཁོ་ར་ཡུག་ཏུ་སོར་མོ་ཡིས། །དེ་ཉིད་ཁ་ནི་ཡང་དག་སྦྱར། །བཀྲ་ཤིས་ལྡན་པའི་རྣམ་པར་འབྱུང་། །མཛེས་པའི་རྣམ་པར་དགོད་པར་བྱ། །གུང་མོའི་སོར་མོའི་དབུས་སུ་ནི། །མཐེའུ་ཆུང་གཉིས་ནི་
ཡང་དག་སྦྱར། །མཐེ་བོ་གཉི་ག་རྣམ་སྦྱར་བ། །ཕྱག་རྒྱ་བཀྲ་ཤིས་ལྡན་དུ་བརྗོད། །དོན་ཀུན་བྱེད་པའི་ཕྱག་རྒྱ་འདི། །ཞི་བའི་ལས་ལ་རབ་ཏུ་སྦྱར། །སྙིང་པོའམ་ཡི་གེ་དྲུག་ལྡན་པས། །ལས་རྣམས་ཀུན་ནི་བྱེད་པར་འགྱུར། །དེ་བཞིན་ལག་གཉིས་སྦྱར་ནས་ནི། །སོར་མོ་ཕན་ཚུན་རབ་སྦྱར་བ། །
เล่ม ๘๘ · หน้า 265a
འགྲོ་བའི་ཁྱད་པར་མཁྱེན་པ་ཡིས། །གང་བ་བཟང་ཞེས་གསུངས་པ་ཡིན། །རྩེ་མོའི་ཕྱོགས་ཀྱི་སོར་མོ་རྣམས། །ཀུན་ནས་ཡོངས་སུ་འགྱེད་བྱས་པ། །གང་བ་བཟང་ཞེས་སངས་རྒྱས་ཀྱིས། །ཟློས་པ་རྣམས་ལ་གསུངས་པ་ཡིན། །དེ་འདི་སྡུག་བསྔལ་དག་དང་ནི། །དབུལ་
བའི་སྡུག་བསྔལ་རབ་ཞི་བྱེད། །རྩ་བའི་སྔགས་ཀྱིས་བསྐུལ་བྱས་ན། །མྱུར་དུ་ནོར་གྱིས་ཕྱུག་པར་བྱེད། །འཇིག་རྟེན་མཁྱེན་ཅིང་ལེགས་སྤྱོད་པས། །ཕྱག་རྒྱ་གཞན་ཡང་གསུངས་པ་ནི། །ལག་གཉིས་དེ་བཞིན་བྱས་ནས་ནི། །གཡོན་པ་ཕབ་ཅིང་དེ་ལ་བརྟེན། །ལག་པ་གཡས་
པས་བྱ་བ་ནི། །དེ་ཡི་སོར་མོ་དགུག་ཅིང་གཞག །མཛུབ་མོ་གུང་མོ་ཉིད་དག་ནི། །བསྒྲེང་བ་རྒྱལ་མཚན་ཞེས་བརྗོད་དེ། །རྒྱལ་མཚན་ཕྱག་རྒྱ་ཞེས་གྲགས་པ། །བསྒྲེང་བས་དགྲ་ནི་ཟློག་པར་བྱེད། །ཕྱག་རྒྱ་འདི་ཡི་བྱ་བ་ནི། །རིམ་གྱིས་གཏོར་མ་སྦྱིན་སྲེག་སོགས། །ཕྱག་རྒྱ་
འདི་ཡིས་བྱ་བ་ནི། །རྩ་བའི་སྔགས་ཀྱིས་རབ་བསྐུལ་ན། །འདི་ནི་ལས་ཀུན་བྱེད་པ་ཡིན། །ལག་པ་དེ་བཞིན་རྣམ་སྦྱར་བ། །ཐལ་མོ་སྦྱར་བའི་ཕྱག་རྒྱ་སྟེ། །བགེགས་རྣམས་མ་ལུས་རྣམ་འཇིག་ཅིང་། །སྔགས་ཤེས་མཉམ་པར་བརྗོད་པ་ནི། །རིམ་གྱིས་ལས་རྣམས་བྱེད་པར་འགྱུར། །
ཆོ་ག་མཐོང་བའི་ལྡན་པས་ནི། །མྱུར་དུ་དོན་ནི་སྒྲུབ་པར་བྱེད། །འཇམ་པའི་དབྱངས་ཀྱི་སྙིང་པོ་ནི། །སྙིང་གི་གནས་ལས་ཡང་དག་བྱུང་། །འཇིག་རྟེན་མ་ལུས་བསམ་པ་ཡི། །ལས་རྣམས་ཡང་དག་ལྡན་པས་བྱེད། །ལག་པ་དེ་བཞིན་སྦྱར་བྱས་ནས། །གཡོན་པའི་སྟེང་དུ་གཡས་པ་
བཞག །གཡས་ཀྱི་མཛུབ་མོ་བླངས་ནས་ནི། །གཡོན་པའི་མཛུབ་མོ་བསྒྲེང་བྱས་པ། །འདི་ནི་སྲོག་ཤིང་ཕྱག་རྒྱ་ཡིན། །དགྲ་རྣམས་ཀུན་ནི་ཟློག་བྱེད་ཅིང་། །མི་བཟད་ཤིན་ཏུ་འཇིགས་རུང་བའི། །བགེགས་རྣམས་ཐམས་ཅད་ཞི་བར་བྱེད། །སྔགས་ཟློས་པ་ཡིས་བསྟན་པ་ནི། །
མ་རུངས་ཐམས་ཅད་གསད་དོན་ཕྱིར། །རྩ་བའི་སྔགས་དང་ཡང་དག་ལྡན། །མྱུར་དུ་ལས་ནི་བྱེད་པར་འགྱུར། །དེ་བཞིན་ལག་པ་སྦྱར་བྱས་ལ། །སྲོག་ཤིང་འདྲ་བར་བཙུགས་བྱས་ནས། །དེ་སྟེང་ལག་གཡས་བརྐྱང་བྱས་པ། །ཕྱག་རྒྱ་གདུགས་ཞེས་བྱ་བར་བརྗོད། །ཕྱག་རྒྱ་
เล่ม ๘๘ · หน้า 265b
འདི་ཡིས་བྱ་བ་ནི། །བདག་གི་སྤྱི་བོར་བསྲུང་བར་བྱ། །སྔགས་རྣམས་ཀུན་གྱིས་བྱེད་པ་སྟེ། །ལས་ནི་སྲུང་བར་བྱེད་པ་ཡིན། །དགྲ་རྣམས་ཀྱི་ནི་གདོང་འགེབས་ཤིང་། །མི་འདོད་པ་དག་རེངས་པར་བྱེད། །མི་མ་ཡིན་དང་མ་རུངས་པ། །ཅི་ལྟར་འདོད་པར་བྱེད་པ་
ཡིན། །གདུགས་ཀྱི་ཕྱག་རྒྱ་དེ་མཐོང་བས། །བགེགས་རྣམས་ཀུན་ནི་རྣམ་པར་འཇིག །ལག་གཉིས་དེ་བཞིན་བྱས་ནས་ནི། །ལག་པ་དག་ནི་མཛེས་སྦྱར་ནས། །མཐེ་བོ་མཛུབ་མོ་རྩེ་སྤྲད་ལྡན། །གུང་མོ་གཉིས་ནི་རབ་བརྐྱང་ཞིང་། །སྲིན་ལག་གཉིས་ནི་རྩེ་སྤྲད་
བཀུག །གུང་མོའི་ཚིགས་གཉིས་སྦྱར་བར་བྱ། །དེ་ཉིད་མདུང་གི་ཕྱག་རྒྱར་བསྟན། །མ་རུངས་ཐམས་ཅད་ཟློག་པར་བྱེད། །སྲིན་པོ་གདོན་རྣམས་འཇིག་བྱེད་ནས། །འཇིག་རྟེན་མགོན་གྱིས་གསུངས་པ་ཡིན། །ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད། །ཁྲོས་པས་རབ་
ཏུ་བསྟན་པ་ཡིན། །མི་བཟད་སྡིག་པའི་ལས་བྱེད་པའི། །འཇིག་རྟེན་ལ་ནི་རབ་མྱུར་བྱེད། །སྲོག་ལ་གནོད་པར་བྱེད་པའི་ལས། །སངས་རྒྱས་རྣམས་ཀྱིས་སྤངས་པ་ཡི། །ལས་འདི་དག་ནི་མི་བྱ་སྟེ། །འཇིག་རྟེན་དམ་པས་བཀག་པ་ཡིན། །ཡང་ན་ཀུན་འགྲོའི་སྔགས་
སྦྱར་བའི། །མདུང་གི་ཕྱག་རྒྱ་དམ་པ་ཡིན། །གང་དག་འཇིག་རྟེན་སྔགས་རྣམས་དང་། །དེ་བཞིན་རྒྱལ་བས་རབ་བཤད་པ། །དེ་དག་གི་ནི་སྔགས་རྣམས་སྦྱར། །མདུང་གི་ཕྱག་རྒྱ་ལེགས་མཉམ་བཞག །སྔགས་ཀྱི་མཆོག་ནི་མི་བཟད་མཐོང་། །བདེན་བྲལ་ཐམས་
ཅད་འཇིག་པར་འགྱུར། །ཤ་ཟ་སྐར་མ་ཡི་དགས་དང་། །སྲུལ་པོ་དང་ནི་མ་མོ་དང་། །བྱིས་པའི་གདོན་དང་མི་སྡུག་གཟུགས། །བྱིས་པ་རྣམས་ལ་གནོད་བྱེད་པ། །གང་དག་གདུག་པའི་ལས་ལྡན་པ། །མ་རུངས་ཐམས་ཅད་འཇོམས་པར་བྱེད། །དེ་བཞིན་ལག་
ནི་སྦྱར་བྱས་ནས། །ཐལ་མོའི་རྣམ་པར་བྱས་པ་དག །དེ་ཉིད་རྣམ་པར་བཟློག་བྱ་སྟེ། །སོར་མོ་ཕན་ཚུན་འབྱར་བ་ནི། །རྫོགས་སངས་རྒྱས་པ་ཞེ་སྡང་བྲལ། །དེ་ཉིད་ཁ་སྦྱར་ཞེས་ནི་གསུངས། །ཡི་གེ་གཅིག་པའི་སྔགས་དང་ནི། །ཕྱག་རྒྱ་འདི་ཡི་ལས་ཀྱིས་བྱ། །འདི་
เล่ม ๘๘ · หน้า 266a
ཉིད་ཕྱག་རྒྱས་ཕྱོགས་ཀུན་བཅིང་། །དེ་ནི་ཕྱོགས་བཅིང་ཞེས་བྱའོ། །ཕྱག་རྒྱ་འདི་ནི་བསྲུང་བ་ཆེ། །ཁ་སྦྱར་བྱས་ནས་འདུག་པ་ཡིན། །གཞན་ཡང་གང་དག་གནོད་བྱེད་པའི། །མ་རུངས་ཐམས་ཅད་འཇིག་པར་བྱེད། །ལུས་དང་སེམས་ཅན་འཁོར་
དང་ནི། །སྤྱོད་ཡུལ་དག་ཀྱང་འཛིན་པར་བྱེད། །གང་དུ་ཟློས་པ་རྟག་གནས་པ། །མ་ལུས་ཚོགས་ནི་སྲུང་བར་བྱེད། །དེ་ལ་སྡིག་པ་ཅི་ཡང་མེད། །ཕན་པ་མེད་པའང་འབྱུང་མི་འགྱུར། །བདེ་དང་ལོ་ལེགས་ནད་མེད་ན། །ཕ་རོལ་དམག་ཚོགས་འཇིགས་པ་གང་། །
དེ་ནས་ལག་གཉིས་ཡང་སྦྱར་ནས། །བཟློག་པར་ཡང་ནི་བྱ་བ་ཡིན། །གཡས་པ་འོག་ཏུ་བྱས་ནས་ནི། །གཡོན་པའང་སྟེང་དུ་བཀན་པར་བྱ། །ལག་གཉིས་ཕན་ཚུན་བསྣོལ་བ་འདི། །རྒྱལ་བ་མཆོག་གིས་མཆོག་སྦྱིན་གསུངས། །སྡིག་པ་ཡང་དག་འབྱུང་བྱེད་པའི། །མ་
རུངས་དགྲ་རྣམས་ཟློག་པར་བྱེད། །ཡི་གེ་གཅིག་གཉིས་གསུམ་དག་གི། །ཡི་གེ་ལྡན་པ་བརྗོད་པ་དང་། །སྔགས་ནི་འདོད་པ་དང་ལྡན་པས། །འདི་ནི་མྱུར་དུ་ལས་རྣམས་བྱེད། །དགྲ་ལས་བྱུང་བའི་སྡིག་དག་ལ། །དོན་གྱི་ལས་རྣམས་སྣ་ཚོགས་བྱེད། །རྩ་བའི་སྔགས་
དང་ལྡན་པ་ཡིས། །སྦྲུལ་གྱི་དུག་ནི་སེལ་བར་བྱེད། །ཡང་ན་གཞན་གྱིས་སྦྱར་བ་ཡི། །ལུས་ཅན་སྐྱོན་ནི་སེལ་བར་བྱེད། །སངས་རྒྱས་རྐང་གཉིས་མཆོག་དག་གིས། །འདི་ནི་ཕྱག་རྒྱ་མཆོག་ཏུ་གསུངས། །ལག་པ་དེ་བཞིན་སྦྱར་བྱས་ནས། །སོར་མོ་རྣམས་ནི་སྦྱར་
བ་ལས། །དེ་ཚེ་ད་པུས་འདྲ་བྱ་བ། །རྩ་བར་ཡང་ནི་བཅིང་བ་སྟེ། །མཐེ་བོ་གཉིས་ཀྱི་དབུས་སུ་ནི། །མཐེའུ་ཆུང་དག་གིས་ལེགས་པར་དཀྲི། །སོར་མོ་དྲུག་གིས་བྱ་བ་ནི། །རྩེ་མོ་སྦྱར་ཏེ་ལེགས་མཛེས་བྱ། །འདི་ནི་ད་པུས་ཕྱག་རྒྱར་གསུངས། །ལྷ་མིན་ཐམས་
ཅད་འཇོམས་པར་བྱེད། །ལྷ་མ་ཡིན་དང་གདུག་སེམས་ལྡན། །མཐོང་བས་སེམས་ནི་ཞི་འགྱུར་ཞིང་། །ཕྱག་རྒྱ་བརྗོད་ན་འཇིག་པར་འགྱུར། །ད་པུས་ཕྱག་རྒྱ་ལེགས་མཆོད་པ། །རྩ་བའི་སྔགས་ནི་རབ་སྦྱར་ན། །མྱུར་དུ་དོན་རྣམས་བྱེད་ཅིང་ཞི། །དེ་བཞིན་རལ་གྲི་
เล่ม ๘๘ · หน้า 266b
བསྟན་པ་ཡང་། །སྲིན་ལག་མཛུབ་མོ་བཀུག་པས་སོ། །དེ་བཞིན་ལག་གཉིས་བྱས་ནས་ནི། །རབ་བརྐྱང་དང་པོ་དགུག་པར་བྱ། །སོར་མོ་དག་གིས་འཁོར་ཡུག་ཏུ། །ཁམ་ཕོར་མཉམ་པའི་དབྱིབས་སུ་བྱ། །དྲིལ་བུར་སངས་རྒྱས་ཀྱིས་མཁྱེན་ཅིང་། །ལུས་ཅན་རྣམས་ལ་ཡང་
དག་བསྟན། །ལག་གཉིས་དེ་བཞིན་སྦྱར་ནས་ནི། །གཉི་ག་ཁ་སྦྱར་རབ་བཅིངས་ནས། །ཕན་ཚུན་བསྲེ་བ་བྱས་ནས་ནི། །དེ་བཞིན་གུང་མོའི་སོར་མོ་གཉིས། །དཀྱིལ་འཁོར་འདྲ་བར་བྱས་པ་ཡིས། །ཞགས་པ་འདྲ་བར་འབྱུང་བ་ནི། །དེ་ནས་མཛུབ་མོ་གཉིས་པོ་དག །དབུ་མའི་ཚིགས་སུ་
བཅིང་བྱ་བ། །འདི་ནི་ཞགས་པ་ཞེས་བྱ་སྟེ། །རྒྱ་འདི་སངས་རྒྱས་ཀྱིས་སྤྲུལ་པའོ། །སེམས་ཅན་རྣམས་ནི་གདུལ་དོན་དུ། །མི་བཟད་འཆིང་བ་བྱེད་པར་གསུངས། །གང་ཡང་མ་རུངས་གདུག་པའི་གཟའ། །གང་ཡང་གནོད་སྦྱིན་སྲིན་པོ་རྣམས། །འདི་ནི་ཅུང་ཟད་རབ་བསྐུལ་
བས། །འདིར་ནི་མ་མོར་བཅས་པ་འཆིང་། །ཆིངས་ཤིག་ཆིངས་ཤིག་ཅེས་བརྗོད་པས། །བརྒྱ་བྱིན་བཅས་པའང་འདིར་འཆིང་ན། །ཤ་ཟ་ཤ་ནི་ཟ་བ་དང་། །མི་ཡི་འཇིག་རྟེན་སྨོས་ཅི་དགོས། །ལག་གཉིས་དེ་བཞིན་བྱས་ནས་ནི། །དེ་ནི་གཉི་ག་མཉམ་བྱས་ནས། །དེ་བཞིན་
ལག་པ་གཡས་པ་ནི། །གཡོན་པའི་སྟེང་དུ་ཡོངས་སུ་གཞག །གུང་མོ་དང་ནི་མཛུབ་མོ་དག །དེ་ཉིད་ལྕགས་ཀྱུ་འདྲ་བར་བྱ། །ཚིགས་ནི་བར་མ་ལ་བརྟེན་ནས། །མཛུབ་མོ་ཉིད་ནི་ལྕགས་ཀྱུར་བྱ། །རྩ་བའི་སྔགས་ལ་འདི་རབ་སྦྱར། །ལྕགས་ཀྱུར་འདི་ནི་རབ་ཏུ་བྱ། །ཡིད་ལ་གང་
ཞིག་ཟློས་པར་འདོད། །མྱུར་དུ་ལས་ནི་རབ་ཏུ་བྱེད། །མྱུར་དུ་ལྷ་དབང་ཚངས་པ་སོགས། །བརྒྱ་བྱིན་བཅས་པའང་འགུགས་པར་བྱེད། །ཕྱག་རྒྱ་གཙོ་མཆོག་རབ་སྦྱར་བ། །ལྕགས་ཀྱུ་འགུགས་པ་དགེ་བ་ཡིན། །ལག་གཉིས་དེ་བཞིན་རབ་སྦྱར་ནས། །བཟློག་པའི་རྣམ་པས་ནང་
བཅིངས་ལ། །གཡོན་པའི་ལག་པའི་སོར་མོ་ནི། །གུང་མོ་སྲིན་ལག་དགུག་པར་བྱ། །གཡས་པའི་ལག་པའི་སོར་མོ་ནི། །གུང་མོ་སྲིན་ལག་རྣམ་པར་དགུག །མཛུབ་མོ་མཐེའུ་ཆུང་དག་ཀྱང་ནི། །གཉི་ག་སྡིགས་མཛུབ་བྱ་བ་ནི། །དེ་ནས་རྣམ་བཟློག་བཞག་པ་ལ། །མཐེ་བོ་གཉིས་ནི་
เล่ม ๘๘ · หน้า 267a
དགུག་ཅིང་སྦྱར། །དེ་ཉིད་བཟང་པོའི་གདན་གསུངས་པ། །ཕྱག་རྒྱ་མཆོག་ནི་དགེ་བ་ཡིན། །སངས་རྒྱས་ཀུན་གྱི་གདན་ཡིན་ཏེ། །ཁྲོ་ལྡན་སེམས་ཅན་ཟློག་པ་ཡིན། །རྒྱལ་བ་མཆོག་གི་རིགས་ལས་བྱུང་། །སྔགས་རྣམས་ཀུན་ལ་རབ་ཏུ་སྦྱར། །སངས་རྒྱས་
བྱང་ཆུབ་སེམས་དཔའ་ཀུན། །རྫུ་འཕྲུལ་ཆེན་པོ་འཇོམས་བྱེད་ཅིང་། །ལྷ་དང་བཅས་པའི་འཇིག་རྟེན་དག །ཐམས་ཅད་གཡོ་བ་མེད་བྱེད་པའོ། །བཟང་པོའི་སྟན་ནི་དེ་ཉིད་ལ། །གུང་མོ་ལ་ནི་ཡང་དག་བརྟེན། །སྟེང་དུ་རྣམ་པར་དགོད་པ་ནི། །གུང་མོ་སྲིན་ལག་རབ་བརྐྱང་བའོ། །
དེ་ཉིད་གདན་དུ་གསུངས་པ་ནི། །ཐུབ་པ་དགྲ་རྒྱལ་སེང་གེས་སོ། །དེ་བཞིན་ལག་གཉིས་སྦྱར་ནས་ནི། །སོར་མོ་རྣམས་ནི་བཅིང་བར་བྱ། །དེ་ནས་ཡལ་ག་འདྲ་བར་ནི། །འོག་ཏུ་མཐེའུ་ཆུང་རྩེ་མོར་སྦྱར། །གུང་མོ་ཡང་དག་དགུག་བྱ་ཞིང་། །པདྨའི་འདབ་ལྟར་ཡངས་པ་བྱ། །
མཐེ་བོ་གཉིས་ཀ་སྦྱར་བཞག་ནས། །རྟག་ཏུ་བསྒྲེང་སྟེ་བཞག་པ་ཡིན། །ཞེ་སྡང་བྲལ་བའི་སངས་རྒྱས་ཀྱིས། །འདི་ནི་རྨ་བྱའི་གདན་དུ་གསུངས། །འདི་ནི་བློ་ལྡན་འཇམ་པའི་དབྱངས། །བྱང་ཆུབ་སེམས་དཔའ་འདི་ཡི་ནི། །བྱིས་པ་རྟག་ཏུ་རྩེ་བྱེད་པའི། །གདན་དུ་ཐུབ་པ་
མཆོག་གིས་གསུངས། །མཐུ་ཆེན་ཕྱག་རྒྱ་ཆེན་པོ་འདི། །རང་བྱུང་རྣམས་ཀྱིས་སྔོན་བཤད་པའོ། །འཇམ་དབྱངས་སྔགས་ཀྱིས་རབ་བསྐུལ་ན། །རྣམ་པ་སྣ་ཚོགས་ལས་རྣམས་བྱེད། །ཤ་ཟ་ཤ་ནི་ཟ་བ་རྣམས། །གདུག་པ་རྣམས་ནི་འཇིག་པར་བྱེད། །ཉི་ཤུ་དེ་བཞིན་ཚང་བར་
ནི། །དེ་དག་ཕྱག་རྒྱར་འདོད་པ་སྟེ། །རྫོགས་སངས་རྒྱས་པ་རྐང་གཉིས་མཆོག །འཇིག་རྟེན་གཙོ་བོས་གསུངས་པ་ཡིན། །དེ་ནས་གཞན་ཡང་བཤད་བྱ་བ། །ཕྱག་རྒྱ་རྣམས་ཀྱི་ཆོ་ག་རྣམས། །ལག་པ་དགེ་ཞིང་དག་པ་དང་། །དྲི་མེད་ཆུ་ཡིས་བཀྲུས་པ་དང་། །ཙནྡན་དཀར་དང་
ག་པུར་དང་། །གུར་གུམ་ཆུ་དང་ལྡན་པ་ཡི། །དྲི་ཡི་ཁྱད་པར་མང་པོ་ཡིས། །བྱུགས་ཤིང་མེ་ལ་བསྐམས་པ་ཡི། །ལག་པ་མ་ཉམས་གཙང་བ་དང་། །མ་སྨད་ཤུ་བ་མེད་པ་ཡིས། །དང་པོར་ཕྱག་བྱ་རྐང་གཉིས་མཆོག །དེ་ཡི་ཕྱག་རྒྱ་བཅིང་བར་བྱ། །ས་ལ་མེ་ཏོག་ཀུན་སྐྱེས་
เล่ม ๘๘ · หน้า 267b
དང་། །འོད་དཔག་མེད་དང་རིན་ཆེན་ཏོག །དཔག་མེད་ཚེ་ཤེས་མི་གཡོ་དབང་། །འཇིག་རྟེན་མགོན་པོ་ཉིན་བྱེད་དང་། །བདེ་བྱེད་འཇིག་རྟེན་མགོན་པོ་དང་། །སྤྱན་བཟང་ཆོས་ཀྱི་ཏོག་དང་ནི། །འོད་ཀྱི་ཕྲེང་བ་ཞེས་གྲགས་པ། །གཙོ་བོ་མཆོག་ནི་དམ་པ་དག །འདི་དག་ག་
པུར་སངས་རྒྱས་ནི། །རྐང་གཉིས་མཆོག་ལ་ཕྱག་བྱས་ནས། །གཙང་བའི་གནས་སུ་གཙང་བྱས་ནས། །ཟློས་པའི་དུས་སུ་ཕྱག་རྒྱ་བཅིང་། །སློབ་དཔོན་ལ་ནི་ཡང་དག་དྲིས། །ཐེ་ཚོམ་དོན་ལས་རྣམ་པར་གྲོལ། །དེ་འདྲའི་སྤྱོད་པ་དེ་ལྡན་ན། །ཅི་ལྟར་བདེ་བར་ཕྱག་རྒྱ་
བཅིང་། །རྣམ་སྦྱངས་རྣམ་པར་དབེན་པ་དང་། །གནས་ཀྱང་མངོན་པར་བསྔགས་བྱས་པ། །ཁྲོས་མིན་ཟས་ལྷག་བཅས་པ་མིན། །གཞན་དག་གིས་ནི་སེམས་གཡེང་མིན། །སོལ་བ་ཐལ་བའི་ནང་དག་ཏུ། །ནམ་ཡང་ཕྱག་རྒྱ་བཤད་མི་བྱ། །གཞན་གྱི་བུད་མེད་ལ་ཆགས་དང་། །
གཞན་ནོར་ཆགས་ལའང་བཤད་མི་བྱ། །ལངས་དང་ཉལ་བ་དག་ལ་ནི། །ཕྱག་རྒྱ་བདེ་འབྱུང་བཤད་མི་བྱ། །ལྷོར་བལྟས་འདུག་ལའང་མ་ཡིན་ཏེ། །ནུབ་ཏུ་བལྟས་ཏེ་འདུག་པར་མིན། །སྟེང་དང་འོག་གི་ཕྱོགས་དག་ཏུའང་། །ཕྱག་རྒྱ་བཅིང་བར་མི་བྱའོ། །བྱང་དང་ཤར་དུ་བལྟས་
པ་དང་། །ཕྱོགས་མཚམས་དག་ནི་དེ་དག་ཏུ། །དཀྱིལ་འཁོར་བདག་པོའི་སྔགས་དྲན་ནས། །སྔགས་ཤེས་པས་ནི་ཕྱག་རྒྱ་བཅིང་། །ཕྱག་རྒྱ་མ་ལུས་བཅིང་བ་ལ། །ཆོ་ག་མཆོག་འདི་འདོད་པ་ཡིན། །དེ་ཡི་འོག་ཏུ་བརྗོད་བྱ་བ། །ཕྱག་རྒྱ་ཉི་ཤུ་གཅིག་པ་ཡིན། །ལག་གཉིས་མཉམ་
པར་བྱས་ནས་ནི། །སོར་མོ་རྣམས་ནི་སྦྱར་བར་བྱ། །དེ་ནས་སོར་མོ་གུང་མོ་ནི། །རྩེ་མོ་སྦྱར་བར་བྱ་བ་ཡིན། །མཛུབ་མོ་དང་ནི་མཐེའུ་ཆུང་གི། །རྩེ་མོ་ཚིགས་ནི་བར་མར་གཞག །ཕྱག་རྒྱ་ཤེས་པས་རྟག་བྱ་བ། །མཐེ་བོང་གཉིས་ནི་བཀུག་རྟེན་ཅིང་། །རྩེ་མོ་གསུམ་སྦྱར་
ཡང་དག་ལྡན། །པཊྚི་སཾ་དུ་མཁས་པས་ཤེས། །ཕྱག་རྒྱ་འདི་ནི་མཆོག་ཡིན་ཏེ། །མྱུར་དུ་གཞན་གྱི་སྔགས་རྣམས་གཅོད། །དེ་ནས་གཞན་གྱི་ཕྱག་རྒྱ་གཅོད། །མ་རུངས་སེམས་ཅན་ལ་སྦྱར་བྱ། །གཟའ་དང་མ་མོ་སྲུལ་པོ་ཡི། །འབྱུང་པོ་ཀུན་ནི་སྐྲག་པར་བྱེད། །ལས་རྣམ་སྣ་
เล่ม ๘๘ · หน้า 268a
ཚོགས་བྱེད་པ་སྟེ། །ཞི་བའང་མྱུར་དུ་འགུགས་པར་བྱེད། །དྲག་པོ་ཁྱབ་འཇུག་ཚངས་པ་དག །གང་དག་རང་གིས་སྨྲས་པའི་སྔགས། །ཆོ་ག་མཐོང་བའི་ལས་ཀྱིས་ནི། །སྔགས་ཤེས་པས་ནི་དེ་དག་གཅོད། །བདག་ཉིད་ཆེན་པོ་པཊྚི་སའི། །ཕྱག་རྒྱ་དང་ནི་ལྡན་པ་
དང་། །རྒྱལ་བའི་ཞལ་ནས་བྱུང་བ་ཡི། །སྔགས་ཉིད་དང་ཡང་ལྡན་གནས་ན། །རྣམ་པ་སྣ་ཚོགས་ལས་བྱེད་དེ། །དེ་བཞིན་གཅོད་དང་དྲལ་བའི་ལས། །སེམས་ཅན་གཞན་གྱིས་བྱས་པའི་སྐྱོན། །མ་ལུས་མཐའ་དག་འཇིག་པར་བྱེད། །ལག་གཉིས་དེ་བཞིན་སྦྱར་ནས་ནི། །གུང་མོ་སྲིན་
ལག་བསྒྲེང་བྱ་སྟེ། །ལག་གཉིས་ཡང་དག་ལྡན་པ་ནི། །མཚན་དང་འདྲ་བར་ཡང་དག་འབྱུང་། །སོར་མོ་བཞི་ནི་ཡང་དག་ལྡན། །མཚན་གྱི་ཕྱག་རྒྱ་ཞེས་འདོད་དོ། །ལྷ་ཡི་བུ་ནི་དབང་ཕྱུག་ཆེ། །རང་གི་རྒྱས་ནི་ཕྱག་རྒྱ་བཏབ། །ཐུབ་པས་སྔོན་ནི་བཀུག་པ་ལ། །རྒྱུད་འདི་ལས་
ནི་གསུངས་པ་ཡིན། །ཆོ་ག་མཆོག་འདིར་དམ་ཚིག་དང་། །བདག་ཉིད་སྔགས་ནི་མ་ལུས་དག །དེ་བཞིན་ཕྱག་རྒྱ་རྒྱ་ཆེར་བཅས། །བཀུག་ནས་རབ་ཏུ་བསྟན་པ་ཡིན། །ཕྱག་རྒྱ་ཡི་ནི་རབ་མཆོག་འདི། །འཇིག་རྟེན་དག་ལ་རབ་ཏུ་བསྟན། །ཕྱག་རྒྱ་དག་ནི་གང་ཇི་སྙེད། །
དྲག་པོས་ས་སྟེང་རབ་བསྟན་པ། །དེ་དག་གི་ནི་བདག་པོ་མཆོག །ཕྱག་རྒྱ་འདི་ནི་རྟགས་གཅིག་ཡིན། །འཇམ་པའི་དབྱངས་ནི་བློ་ལྡན་པ། །བྱང་ཆུབ་སེམས་དཔའི་མཐུ་ཡིས་ནི། །དཀྱིལ་འཁོར་འདིར་ནི་བསྡུས་པ་སྟེ། །སྦྱིན་སྲེག་ལས་ནི་རབ་སྒྲུབ་པའོ། །གང་དག་ཇི་སྙེད་
གདུག་པ་པ། །ས་ཡི་སྟེང་ན་རྒྱུ་བ་ཡི། །གདོན་དང་ཤ་རྗེན་ཤ་ཟ་དང་། །མ་མོ་དང་ནི་ལུས་སྲུལ་པོ། །དྲག་པོས་བགེགས་ནི་བྱས་པ་དག །དེ་དག་བཟློག་པའི་དོན་ཆེད་དུ། །མཚན་མོ་གཏོར་མའི་ལས་དག་ལ། །ཕྱག་རྒྱ་མཆོག་འདི་གསུངས་པ་ཡིན། །སངས་རྒྱས་བྱིན་རླབས་རྫུ་
འཕྲུལ་གྱིས། །ལས་རྣམས་མ་ལུས་བྱེད་པར་འགྱུར། །དེ་བཞིན་དེ་ནི་རྣམ་གཉིས་བྱས། །རྟགས་ནི་གཉིས་སུ་ཡང་དག་བསྟན། །དེ་བཞིན་སོར་མོ་ཕྲེང་བར་བྱས། །ཕྲེང་བ་ཞེས་ནི་ཡོངས་སུ་བསྒྲགས། །དེ་ཉིད་ཕྲེང་བ་ཡང་དག་བསྡུས། །ཁ་སྦྱར་འདྲ་བར་ཡང་དག་འབྱུང་། །མཛུབ་མོ་
เล่ม ๘๘ · หน้า 268b
གཉིས་ཀྱི་རྩེ་སྤྲད་པ། །གཞུ་དང་འདྲ་བར་བྱ་བ་ཡིན། །མཐེ་བོ་གཉིས་ནི་ཆང་པར་གནོན། །དེ་ནི་གཞུ་ཡི་ཕྱག་རྒྱར་མཚོན། །དེ་བཞིན་སོར་མོ་བྱས་ནས་ནི། །གཡས་པའི་མཛུབ་མོ་ངེས་པར་བརྐྱང་། །གཡོན་པའི་མཛུབ་མོའང་བརྐྱང་བྱས་ཏེ། །མཐེ་བོའི་ཚིགས་ནི་ཆང་
པས་གནན། །ལྕགས་མདའི་ཕྱག་རྒྱ་ཞེས་བསྟན་ཏེ། །མཚན་མ་མཉམ་པར་ཡང་བརྗོད་དོ། །དེ་བཞིན་ལག་གཉིས་བྱས་ནས་ནི། །སོར་མོ་རྣམས་ནི་ཕན་ཚུན་བཅིང་། །མཛུབ་གཉིས་བསླང་བར་ཡང་དག་སྦྱར། །མདུང་དང་འདྲ་བར་བྱས་པ་ཡང་། །མ་རུངས་ཐམས་ཅད་
རྗེས་སྐྲག་པ། །འདི་ནི་མདུང་ཞེས་རབ་ཏུ་གསུངས། །དེ་བཞིན་ལག་གཉིས་བྱས་ནས་ནི། །གཉི་གའང་ཁུ་ཚུར་བཅིང་བྱ་ཞིང་། །མཐེ་བོ་གཉིས་ནི་བསྒྲེང་བྱས་པ། །ཐོ་བའི་ཕྱག་རྒྱར་བསྟན་པ་ཡིན། །ཁ་སྦྱར་ཐོ་བ་དེ་ཉིད་ལས། །ཅུང་ཟད་རབ་ཏུ་བསྐྱོད་པ་ནི། །མདའ་ཆེན་མཆོག་
ཏུ་གསུངས་པ་སྟེ། །ཕྱག་རྒྱ་དགྲ་ནི་འཇིག་བྱེད་པའོ། །དེ་ནས་ཨུཏྤལ་བཅིངས་བྱས་ཏེ། །དེ་བཞིན་མཐེའུ་ཆུང་སོར་མོ་གཉིས། །མཐེ་བོའི་འོག་གི་ནང་དག་ཏུ། །དགོད་ཅིང་མཛུབ་མོ་བསྟན་པར་བྱ། །འདི་ནི་མཆེ་བ་ཞེས་གསུངས་ཏེ། །རྣམ་པར་བྱེ་བ་ཞལ་ཞེས་བརྗོད། །སོར་མོ་
དག་ནི་ཀུན་ནས་ཀྱང་། །དེ་དག་མཉམ་པར་བྱས་ནས་སུ། །གཡས་པའི་ལག་པའི་དཀྱིལ་དག་ཏུ། །གཡོན་པའི་ལག་བཞག་བ་དན་བརྗོད། །ལག་པ་དག་ནི་གཉི་ག་ཡང་། །ཁ་སྦྱར་དག་ནི་མཛེས་པར་གཞག །སོར་དང་སོར་མོ་དག་ཀྱང་ནི། །ཕན་ཚུན་རྩེ་མོ་དག་སྦྱར་བྱ། །
དེ་ནས་སྲིན་ལག་རྩེ་གཉིས་དགུག །བུམ་པའི་ཕྱག་རྒྱར་ཡང་དག་བསྟན། །དེ་ཉིད་ཁུ་ཚུར་སྦྱར་ནས་ནི། །མཛུབ་མོ་གཉིས་ནི་སྔོན་དུ་བསྒྲེང་། །རྩེ་མོ་དགུག་པའི་རྣམ་པར་བྱ། །འཁར་གསིལ་འདྲ་བར་འགྱུར་བ་ཡིན། །ཕྱག་རྒྱ་འདི་ནི་ཡང་དག་བསྟན། །འཁར་གསིལ་སྒྲ་ནི་
སེལ་བར་བྱེད། །འཁར་གསིལ་དེ་ཉིད་ཅུང་ཟད་ཙམ། །ལེགས་པར་རབ་ཏུ་བཏུད་པ་ནི། །མཐེ་བོ་གཉིས་ལ་རྣམ་པར་སྦྱར། །དེ་འདིར་བྱ་མ་བུམ་དུ་བརྗོད། །མཛུབ་མོ་དང་ནི་སྲིན་ལག་གཉིས། །བསྒྲེང་བར་ཡང་ནི་བྱ་བ་སྟེ། །དེ་དག་གི་ནི་རྩེ་བཞི་སྤྲད། །གཏུན་ཤིང་འདྲ་བར་ཡང་
เล่ม ๘๘ · หน้า 269a
དག་འགྱུར། །སྔགས་ཤེས་ཡང་དག་ལྡན་པ་ཡིས། །གཏུན་ཤིང་གི་ནི་ཕྱག་རྒྱར་བཤད། །ལག་གཉིས་དེ་བཞིན་སྦྱར་ནས་ནི། །གུང་མོ་སྲིན་ལག་འོག་དང་ནི། །སྟེང་དུ་དེ་དག་རྣམ་པར་དགོད། །གཡས་པས་གཡོན་པ་བཅིང་བར་བྱ། །སོར་མོ་མཛུབ་མོ་
མཐེའུ་ཆུང་དག །ཕན་ཚུན་དུ་ནི་ཡང་དག་སྦྱར། །ཁོར་ཡུག་སྐྱིལ་ཀྲུང་འདྲ་བ་ཡི། །ཕྱག་རྒྱར་དེ་བཞིན་གཤེགས་པས་གསུངས། །འདི་ནི་སྐྱིལ་ཀྲུང་ཕྱག་རྒྱ་ཞེས། །འཇིག་རྟེན་ཀུན་ཏུ་གྲགས་པ་ཡིན། །ཕྱག་རྒྱ་འདི་དང་ལྡན་པ་དང་། །དེ་བཞིན་སྔགས་དང་རབ་ལྡན་པ། །
རྒྱལ་བ་ཀུན་གྱིས་གསུངས་པ་དང་། །རྡོ་རྗེ་པདྨའི་རིགས་ལས་བྱུང་། །འདི་དག་གི་ནི་སྔགས་ལྡན་འདི། །ཞི་བའི་ལས་ཀུན་བྱེད་པ་ཡིན། །གཏུན་ཤིང་ལ་སོགས་མདུང་གི་བར། །གང་ཡང་ཕྱག་རྒྱ་དེ་བཞིན་གསུངས། །ཐམས་ཅད་ཁྲོ་བོའི་རྒྱལ་པོ་ནི། །གཤིན་རྗེ་གཤེད་འདིའི་
བསྟན་པ་ཡིན། །མཚོན་ཆ་དྲག་པོ་འདི་དག་ནི། །ཐམས་ཅད་གདུལ་ཕྱིར་སྤྲུལ་བ་ཡིན། །བྱང་ཆུབ་སེམས་དཔའི་མཐུ་ཡིས་ནི། །དེ་ཚེ་བསྒྲུབ་བྱ་སྒྲུབ་པ་ཡིན། །གདུལ་བྱ་གདུག་པ་ཐམས་ཅད་ལ། །བུམ་པ་ལ་སོགས་ཕྱག་རྒྱ་གསུངས། །ལག་གཉིས་དེ་བཞིན་བཀོད་ནས་ནི། །
པ་ཊ་ཧ་ཡི་རྔ་འདྲ་བྱ། །སོར་མོ་རྣམས་ནི་མཉམ་པར་སྦྱར། །ཐམས་ཅད་ཀྱིས་ཀྱང་རིམ་པར་བསྣོལ། །མཐེ་བོང་ཡང་ནི་རིམ་པར་བྱ། །དེ་ནས་ལག་པའི་ནང་དུ་གཞུག །གུང་མོ་མཛུབ་མོ་གཉིས་པོ་ནི། །གྱེན་དུ་བསྒྲེང་བ་དག་ཏུ་བྱ། །འདི་ནི་པ་ཊ་ཧ་ཞེས་བས་བསྟན། །ཕྱག་རྒྱ་མ་རུངས་
ཟློག་བྱེད་པའོ། །ལག་གཉིས་དེ་བཞིན་བྱས་ནས་ནི། །སོར་མོ་རྣམས་ནི་ལེགས་པར་སྦྱར། །གདུབ་ཀོར་འདྲ་བར་མཛེས་པ་ཡི། །མཛུབ་མོ་གཉིས་ནི་རྣམ་བཀུག་ལ། །མཐེ་བོ་གཉིས་ནི་འོག་མཐར་བྱ། །མཐེ་བོ་གཉིས་ཀྱང་སྨད་པར་བྱ། །གུང་མོ་སྦྱར་ལ་རབ་གཞུག་གཞག །དུང་
ནི་མཛེས་པར་འགྱུར་བ་ཡིན། །འདི་ནི་ཆོས་ཀྱི་དུང་ཞེས་པའི། །ལག་པའི་ཕྱག་རྒྱར་རབ་ཏུ་བསྟན། །ཐུབ་མཆོག་གསུངས་པའི་སྔགས་ལྡན་ན། །ལས་ནི་ཐམས་ཅད་བྱེད་པ་ཡིན། །རྣམ་པ་སྣ་ཚོགས་ལས་བྱེད་པ། །རྩ་བའི་སྔགས་དང་རབ་སྦྱར་ན། །མཆེ་བའི་དུག་ཅན་ཐམས་ཅད་
เล่ม ๘๘ · หน้า 269b
དང་། །སྦྲུལ་གྱི་དུག་རྣམས་ཐམས་ཅད་སེལ། །རིག་པའི་རྒྱལ་པོ་རྫུ་འཕྲུལ་ཆེ། །ཕྱག་རྒྱ་དུང་ནི་འབུད་བཞིན་བཟླས། །དུག་གིས་བརྒྱལ་བའི་སྐྱེ་བོ་ནི། །མྱུར་དུ་དུག་ནི་མེད་པར་འགྱུར། །ཕྱག་རྒྱ་མཆོག་ནི་རྫུ་འཕྲུལ་ཆེ། །བཞི་བཅུ་དག་ནི་ཡང་དག་བསྟན། །དེ་ནས་གཞན་
ཡང་ཕྱག་རྒྱ་ཡི། །མཚན་ཞིང་ཡང་དག་བཤད་བྱ་བ། །ལག་གཉིས་དེ་བཞིན་རྣམ་བཀོད་པ། །སོར་མོའི་རྩེ་མོ་ལེགས་པར་སྦྱར། །གཡོན་མིན་ལག་པའི་ནང་དུ་ནི། །འབད་པས་ལག་གཡོན་གཞུག་པར་བྱ། །ཐམས་ཅད་འོག་ཏུ་བྱས་པ་ཡི། །ལུ་གུ་རྒྱུད་དུ་བསྟན་པ་ཡིན། །
འདི་ནི་ཕྱག་རྒྱ་རབ་མཆོག་སྟེ། །གདུག་པ་མ་ལུས་འཆིང་བར་བྱེད། །ཐུབ་པ་མཆོག་གིས་གསུངས་པ་ཡི། །སྔགས་འདི་དག་དང་ལྡན་བྱས་ན། །གཟའ་དང་མ་མོ་སྡིག་ལྡན་རྣམས། །འབྱུང་པོ་མ་ལུས་འཆིང་བར་འགྱུར། །ལག་གཉིས་དེ་བཞིན་ཀུན་བསྡུས་ནས། །བཀྲོལ་ཞིང་རིམ་
པར་ཡང་དག་བསྒྲེང་། །གུང་མོའི་ཚིགས་སུ་མཐེ་བོ་ནི། །འདི་ཉིད་ཆོ་གས་གཞག་པར་བྱ། །མཐེ་བོ་གཉིས་ཀྱི་རྩེ་མོ་ཡང་། །གུང་མོའི་བར་ཚིགས་ཡང་དག་སྦྱར། །མེ་ལ་མངོན་ཕྱོགས་བསྟན་བྱས་ནས། །མེ་ཡི་སྔགས་དང་ལེགས་པར་སྦྱར། །མེ་ཡི་ལས་ལ་ཐམས་ཅད་དུ། །
མེ་ལ་སྤྱན་ནི་དྲང་བྱ་སྟེ། །མེ་ཡི་ཕྱག་རྒྱ་རབ་སྦྱར་ན། །མྱུར་དུ་མེ་ནི་སྤྱན་དྲང་འགྱུར། །ཕྱག་རྒྱ་སྔགས་ཀྱིས་གཤེགས་སུ་གསོལ། །མཛུབ་མོའི་རྩེ་མོ་ཉིད་ལ་ནི། །མཐེ་བོའི་རྩེ་མོ་རབ་སྦྱར་བས། །མེ་ཡི་ལྷ་ནི་གཤེགས་གསོལ་བའི། །ཕྱག་རྒྱ་འདི་ནི་ཀུན་གྱིས་བཞེད། །མེ་ཡི་ལས་
ནི་རབ་སྒྲུབ་པའོ། །ཟློས་པ་སྔགས་ནི་གང་འདོད་པའི། །ལྷ་རྣམས་དག་ནི་སྤྱན་དྲང་འགྱུར། །ཕྱག་རྒྱ་ཀུན་གྱི་བཞེད་པ་འདི། །སངས་རྒྱས་བྱིན་བརླབ་གསུངས་པ་ཡིན། །སྔགས་མཆོག་དང་ནི་ལྡན་པ་ཡིས། །ལས་རྣམས་རྣམ་པ་སྣ་ཚོགས་བྱེད། །ལག་གཉིས་དེ་བཞིན་བྱས་ནས་ནི། །
སོར་མོ་ཚང་བར་སྦྱར་ནས་ནི། །སོར་མོའི་རྩེ་མོའི་མཐོང་དབྱེ་ཞིང་། །ལྷོད་ཅིང་ཟླུམ་པར་ཡང་དག་བྱ། །དེ་ནས་པདྨ་ཡོངས་རྫོགས་པ། །ཁ་ནི་བྱེ་བར་མ་གྱུར་བྱ། །འདི་ནི་རེ་བ་རྫོགས་བྱེད་པའི། །ཕྱག་རྒྱ་དོན་ཀུན་སྒྲུབ་བྱེད་ཅེས། །ཕྱག་རྒྱ་འདི་ནི་རབ་མཆོག་སྟེ། །སྔོན་གྱི་དེ་བཞིན་
เล่ม ๘๘ · หน้า 270a
གཤེགས་པས་གསུངས། །སེམས་ཅན་རྣམས་ལ་ཕན་འདོད་ནས། །འཇམ་པའི་དབྱངས་ཀྱིས་སྦྱར་བ་ཡིན། །སེམས་ཅན་ཡིད་ལ་འདོད་པ་དག །ཡིད་ལ་རེ་བའི་ཕན་འདོད་གང་། །རྫུ་འཕྲུལ་ཆེན་པོ་སྔགས་ལྡན་པས། །མྱུར་དུ་དེ་དག་སྒྲུབ་པར་བྱེད། །ཕྱག་རྒྱ་
འདི་ནི་རབ་མཆོག་སྟེ། །ཡིད་ལ་རེ་བ་རྫོགས་ཞེས་བརྗོད། །འདི་ནི་ཕྱག་རྒྱ་རབ་མཆོག་སྟེ། །ལས་ཀུན་རབ་ཏུ་སྒྲུབ་བྱེད་པའོ། །མྱུར་དུ་སྔགས་རྣམས་སྒྲུབ་བྱེད་ཅིང་། །རྒྱ་ཆེ་ཉིད་ཀྱི་རྫས་དང་བཅས། །ཐུབ་པའི་ཟླ་བ་དེ་ཡིས་ནི། །ཟླ་བའི་འོད་ལ་རབ་ཏུ་བསྟན། །ཟླ་བས་
པདྨའི་རིགས་དག་ལ། །དེས་ནི་ཕྱག་རྒྱ་འདི་ལ་སྦྱར། །སྔགས་མཁན་ཇི་ལྟར་འདོད་པ་བཞིན། །རྣམ་པ་སྣ་ཚོགས་ལས་རྣམས་བྱེད། །ལག་གཉིས་དེ་བཞིན་བསྡུ་བྱས་ནས། །མཛུབ་མོ་གཉིས་ནི་བསྒྲེང་བར་བྱ། །གུང་མོའི་སོར་མོའི་རྩེ་མོ་གཉིས། །ཅུང་ཟད་སྨད་པ་རྟ་བབས་
ཡིན། །དེ་ཉིད་ཡང་དག་བསྒྲེང་བྱས་ན། །རྟ་བབས་བཟང་པོར་གསུངས་པ་ཡིན། །དེ་ཉིད་ཕན་ཚུན་སྦྱར་བྱས་པ། །སངས་རྒྱས་རུ་དུང་སྒྲ་རུ་བསྟན། །མཐེ་བོའི་གཙོ་བོ་བསྒྲེང་བྱས་པ། །མཁས་པས་རྒྱལ་བའི་སྒྲ་རུ་ཤེས། །ལག་གཉིས་དེ་བཞིན་ཡང་དག་སྦྱར། །མཛུབ་མོའི་
རྩེ་མོ་ཡང་དག་དགུག །སོར་མོ་ཐམས་ཅད་སྦྱར་བྱས་ལ། །ཅུང་ཟད་ཡངས་པར་འབྱུང་བ་ནི། །དེ་ནི་སངས་རྒྱས་རྔ་ཆེན་མཁྱེན། །ཆོས་ཀྱི་རྔ་ནི་བསྒྲེང་བྱས་པའོ། །དེ་ནས་ལག་གཅིག་ཐལ་མོ་ནི། །གཡས་པ་གཡོན་པའི་སྟེང་དུ་བསྒྲེང་། །འོག་ཏུ་རབ་ཏུ་སྦྱར་བ་ནི། །གླང་པོའི་
རྣམ་པར་ཡང་དག་སྦྱར། །གཡས་པའི་གུང་མོའི་སོར་མོ་ནི། །གླང་པོའི་སྣ་འདྲར་རབ་ཏུ་བྱ། །འཁོར་བའི་ཕ་རོལ་ཕྱིན་པ་ཡིས། །ཕྱག་རྒྱ་དེ་ནི་གླང་པོར་བསྟན། །ཕྱག་རྒྱ་འདི་ནི་ཕྱག་རྒྱ་ཆེ། །རྫོགས་སངས་རྒྱས་ཀྱིས་རབ་ཏུ་བསྟན། །ལས་རྣམས་མཐའ་དག་བྱེད་པ་སྟེ། །
འཇིག་རྟེན་ཀུན་གྱིས་མཆོད་པ་ཡིན། །ལག་གཡས་བརྐྱང་ཞིང་རབ་བསྒྲེང་བ། །དེ་ནི་མི་འཇིགས་སྦྱིན་པར་བརྟགས། །ལག་པ་གཡོན་པ་བརྐྱང་བྱས་པའི། །མཁྲིག་མའི་ཚིགས་ལ་རབ་བཞག་པའོ། །གུང་མོ་མཛུབ་མོ་སྦྱར་བྱས་ལ། །མཐེ་བོ་གཉིས་ནི་བར་དུ་གཞུག །
เล่ม ๘๘ · หน้า 270b
གུང་མོ་གཉིས་ནི་བསྒྲེང་བར་བྱ། །འཁྲུལ་པ་མེད་པའི་རྒྱ་དེ་ཡིན། །དེ་ཉིད་སོར་མོ་རྣམ་སྦྱར་ཞིང་། །མཐེ་བོ་སྟེང་དུ་གནས་བྱས་ཏེ། །ཚིགས་ཀྱི་འོག་ཏུ་རབ་བཞག་པ། །མཇུག་རིངས་ཀྱི་ནི་རྒྱ་ཞེས་བས་བསྟན། །དེ་ཉིད་མཛུབ་རྩེ་རབ་བསྒྲེང་བ། །མདའ་ཡི་ཕྱག་རྒྱར་བསྟན་པ་ཡིན། །
མཛུབ་རྩེ་གཉིས་ནི་ཡང་དག་ལྡན། །ཕན་ཚུན་རྩེ་མོ་རྣམ་སྤྲད་ཅིང་། །དེ་གཉིས་ཚིགས་སུ་མཐེབ་གཉིས་སྦྱར། །མཐེའུ་ཆུང་གཉིས་ནི་ཡང་དག་བརྐྱང་། །དེ་ཉིད་དགྲ་སྟར་བསྟན་པ་སྟེ། །ཕྱག་རྒྱ་དོན་ཀུན་སྒྲུབ་བྱེད་པའོ། །ཐམས་ཅད་ཡང་དག་བསྡུ་བ་ཡང་། །ཕྱག་རྒྱ་ཀུན་
གྱིས་མཆོད་པ་ཡིན། །དེ་བཞིན་དུ་ནི་རབ་བསྒྲེང་བ། །མཛུབ་གཉིས་རྩེ་མོ་སྦྱར་བྱས་པ། །དེ་ནི་མཚོན་ཆ་རྩེ་གཅིག་རྒྱ། །དེ་བཞིན་འཁོར་ལོ་མདའ་ཆེན་གཤོལ། །མཛུབ་མོ་འཁོར་ལོ་བཞིན་བྱ་དང་། །ཕྱག་རྒྱ་དམ་པ་གཤོལ་ཡང་བྱ། །ཕྱག་རྒྱ་དྲུག་ཅུ་འདི་དག་ནི། །ཆོ་ག་དང་
བཅས་གསུངས་པའང་ཡིན། །འདི་དག་མ་ལུས་མཚོན་ཆའི་རྒྱ། །སྔགས་དང་ཡང་དག་ལྡན་པར་གསུངས། །དམན་པ་ཀུན་གྱིས་བྱས་པའི་སྐྱོན། །གཟའ་དང་གྲུལ་བུམ་མ་མོ་དང་། །སྲིན་མོ་ཀུན་གྱི་གཙོ་བོ་རྣམས། །བྱིས་པའི་སེམས་ཅན་འཇིགས་བྱེད་པ། །ཕྱག་རྒྱའི་མཚོན་ཆ་
ལས་བྱུང་བས། །དེ་དག་ཐམས་ཅད་དེས་འཇིག་འགྱུར། །ཕྱག་རྒྱ་དྲུག་ཅུ་འདི་དག་གི། །མཚན་ཉིད་ཉེ་བར་བསྟན་པ་ཡིན། །དེ་ནས་གཞན་ཡང་བཤད་བྱ་བ། །ཕྱག་རྒྱའི་ཆོ་ག་ཡང་དག་འབྱུང་། །ལག་གཉིས་དེ་བཞིན་རྣམ་བཀོད་པ། །པདྨ་འདྲ་བར་ཡང་དག་བསྒྲེང་། །སོར་མོ་
ཐམས་ཅད་ཀྱིས་བསྒྲུབས་པ། །ཕྱག་རྒྱ་པདྨ་ཞེས་བྱའོ། །ཕྱག་རྒྱ་འདི་ནི་མཆོག་ཅེས་བྱ། །པདྨའི་རིགས་ལ་ཡང་དག་སྦྱར། །པདྨའི་རིགས་ནི་ཇི་སྙེད་པ། །སྔགས་དང་ལྡན་པས་དགེ་བར་འགྱུར། །སངས་རྒྱས་བྱིན་རླབས་ལས་བྱུང་བ། །མྱུར་དུ་ལས་རྣམས་བྱེད་པར་བརྗོད། །
ཇི་སྙེད་པདྨའི་རིགས་གསུངས་པ། །སྔགས་རྣམས་མ་ལུས་སྒྲུབ་པར་བྱེད། །པདྨ་རྣམས་ཀྱི་ཕྱག་རྒྱ་འདི། །ཕྱག་རྒྱའི་པདྨ་ཞེས་སུ་བརྗོད། །ལག་གཉིས་ཡང་དག་སྦྱར་ནས་ནི། །མཛུབ་མོ་གཉིས་ནི་ཡང་དག་བསྒྲེང་། །གུང་མོའི་སོར་མོ་སྦྱར་བྱས་ནས། །རྡོ་རྗེ་རྩེ་གསུམ་ཡང་དག་འབྱུང་། །
เล่ม ๘๘ · หน้า 271a
གུང་མོའི་སོར་མོའི་ཚིགས་དབུས་སུ། །མཐེ་བོ་གཉིས་ཀྱི་རྩེ་མོ་སྦྱར། །དེ་ཉིད་རྡོ་རྗེ་ཞེས་གསུངས་ཏེ། །ཕྱག་རྒྱ་དམ་པ་ཐ་མ་ཡིན། །ཇི་སྙེད་རྡོ་རྗེའི་རིགས་ཀྱི་སྔགས། །དེ་དག་ཕྱག་རྒྱ་འདི་སྒྲུབ་འགྱུར། །ཆོ་ག་ལྡན་པར་རབ་ཞུགས་ན། །མྱུར་བ་ཉིད་དུ་འགྲུབ་པར་འགྱུར། །
སྒྲུབ་པ་ལས་དང་ཡང་དག་ལྡན། །བསྒྲུབ་བྱ་རྟག་ཏུ་སྒྲུབ་པ་ན། །གྲུབ་མཆོག་ཐ་མ་བར་མ་ནི། །དེ་ལ་རྟག་ཏུ་འགྲུབ་པར་འགྱུར། །འཇིག་རྟེན་སྔགས་རྣམས་མ་ལུས་པའང་། །ཐེ་ཚོམ་མེད་པར་འགྲུབ་པར་འགྱུར། །ལག་གཉིས་ཡང་དག་སྦྱར་བྱས་ནས། །གུང་མོ་གཉིས་ནི་ཡང་
དག་བསྒྲེང་། །སྲིན་ལག་མཐེ་བོ་དག་ཀྱང་དགུག །མཐེའུ་ཆུང་གཉིས་ནི་སྦྱར་བྱས་ལ། །མཛུབ་གཉིས་རྩེ་མོ་སྤྲད་ནས་ནི། །མཛུབ་མོའི་དབུས་ཚིགས་གཉིས་དགུག་བྱ། །གུང་མོ་གཉིས་ཀྱི་རྩེ་མོ་སྦྱར། །འཁོར་ལོ་འདྲ་བར་ཡང་དག་འབྱུང་། །འདི་ནི་ཆོས་ཀྱི་འཁོར་ལོ་སྟེ། །འདིར་
ནི་ཕྱག་རྒྱའི་རྒྱལ་པོར་བསྟན། །དེ་ཚེ་ཆོས་རྒྱལ་གྱིས་གསུངས་ཏེ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཐུབ་པའི་ཟླ་བ་བདུན་པ་ཡིས། །དེ་ཚེ་ཞི་བའི་འཁོར་ལོར་གསུངས། །ཕྱག་རྒྱའི་རྒྱལ་པོ་རབ་སྦྱར་ནས། །དུས་གསུམ་རྒྱུན་མི་ཆད་བཟླས་ན། །འཇིག་རྟེན་པ་ཡི་སྔགས་
ཀུན་དང་། །ཁྱབ་འཇུག་དབང་ལྡན་གྱིས་བཤད་པ། །ཟློས་པ་ཕྱག་རྒྱར་ཡང་དག་ལྡན། །མཐོང་བ་ཙམ་གྱིས་དེ་དག་གཅོད། །འདི་ནི་ཕྱག་རྒྱ་རབ་མཆོག་སྟེ། །ཆོས་ཀྱི་དབྱིངས་ལས་རྣམ་པར་བྱུང་། །སེམས་ཅན་རྣམས་ནི་ཅི་འདོད་པ། །ཐམས་ཅད་ལས་ནི་བྱེད་པར་འགྱུར། །
ཆོས་ཀྱི་རྒྱལ་པོས་ཞི་དོན་དུ། །ཕྱག་རྒྱ་འདི་ནི་ཡང་དག་བསྟན། །ཆོ་གའི་རྒྱལ་བའི་མཆོག་འདི་ནི། །ལས་རྣམས་མ་ལུས་རབ་ཏུ་སྒྲུབ། །འཇམ་པའི་དབྱངས་ཀྱིས་བསྟན་པ་ལ། །ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་འདིའོ། །མ་ཞི་བ་ཡི་ཕྱག་རྒྱ་ཀུན། །ཞི་བའི་ལས་ལ་རབ་ཏུ་སྦྱར། །
སྔགས་པས་རྟག་ཏུ་མགོ་བོར་ནི། །འཁོར་ལོའི་ཕྱག་རྒྱ་བརྟག་པར་བྱ། །ལག་གཉིས་དེ་བཞིན་བྱས་ནས་ནི། །ཁ་སྦྱར་འདྲ་བར་བྱ་བ་ཡིན། །སོར་མོ་ལྷོད་ཅིང་ཡངས་པར་བྱ། །ལག་གཉིས་སོར་མོའི་རྩེ་དགུག་པ། །འདི་ནི་པདྨ་དཀར་པོ་ཡི། །ཕྱག་རྒྱ་སེམས་ཅན་དོན་སྒྲུབ་ཤེས། །
เล่ม ๘๘ · หน้า 271b
དེ་ལས་ལག་པ་གཅིག་བཏང་ནས། །ཁུ་ཚུར་ཕྱེ་ཞིང་སོར་མོ་བསྲིངས། །ལག་པ་བརྐྱང་བ་ལྟ་བུ་ནི། །མཆོག་སྦྱིན་གྱི་ནི་ཕྱག་རྒྱར་བརྗོད། །ལག་གཉིས་ཀྱང་ནི་དེ་བཞིན་བྱས། །ཀུན་ནས་སོར་མོ་རྣམས་ཀྱིས་ནི། །ཕྲེང་བ་བཞིན་དུ་གཤིབ་བྱས་པ། །རྒྱལ་བའི་ཕྱག་རྒྱར་འདི་
བརྗོད་དོ། །དེ་བཞིན་ལག་གཉིས་སྦྱར་ནས་ནི། །གུང་མོ་མཛུབ་མོ་གཉིས་དག་ནི། །ཁབ་ཀྱི་རྣམ་པར་བྱ་བ་ཡིན། །དེ་ལས་གཞན་པའི་སོར་མོ་ནི། །ཅུང་ཟད་དགུག་པར་བྱ་བ་ཡིན། །དེ་ནས་མཛུབ་མོ་གཉིས་དག་ནི། །གནས་པའི་རྣམ་པར་ལེགས་དགོད་བྱ། །དེ་ཡང་ཡང་
དག་སྦྱར་བྱས་ཏེ། །སྲིན་ལག་གི་ནི་ཚིགས་སུ་བརྟེན། །འཇིག་རྟེན་མང་པོའི་འདྲེན་པས་ནི། །རུས་སྦལ་ཕྱག་རྒྱར་འདི་བསྟན་ཏོ། །དེ་བཞིན་ལག་གཉིས་རྣམ་པར་དགོད། །སོར་མོ་དག་ནི་ཀུན་ནས་ཀྱང་། །གཉི་ག་ཁུ་ཚུར་མཉམ་བྱས་ནས། །མཛུབ་མོ་གཉིས་ནི་སྦྱར་བྱ་བ། །
མཁས་པས་ཕྱག་རྒྱ་དེ་ཉིད་ནི། །རྡོ་རྗེ་དབྱུག་པར་ཡང་དག་བརྗོད། །ལག་གཉིས་དེ་བཞིན་ཡང་དག་པར། །ཁ་སྦྱར་འདྲ་བར་བྱས་ནས་ནི། །ཕན་ཚུན་སྦྱར་བ་ལ་བརྟེན་ནས། །སོར་མོའི་ཐལ་མོར་རྣམ་པར་དགོད། །མཐེ་བོང་གཉིས་ནི་ནང་གཞུག་པ། །དགྲ་འཇིག་ཕྱག་རྒྱར་
བརྗོད་པ་ཡིན། །དེ་ནས་ལག་གཉིས་མཉམ་བྱས་ཏེ། །དེ་ནས་ཐལ་མོར་བྱས་ནས་ནི། །ཀུན་ནས་གཞོལ་བར་རབ་ཏུ་བྱ། །གྲུ་ཡི་བཞོན་པར་རབ་ཏུ་འབྱུང་། །འཇིག་རྟེན་གསུམ་གྱི་སྐྱོབ་པ་ཡིས། །གྲུ་ཡི་ཕྱག་རྒྱར་འདི་རབ་བསྟན། །འཁོར་བའི་རྒྱ་མཚོ་ཆེན་པོ་ལས། །འབྱུང་པོ་
རྣམས་ནི་ཡང་དག་སྒྲོལ། །སོར་མོ་དེ་ཉིད་བསྒྲེང་ནས་ནི། །དེ་ཚེ་ལག་གཉིས་སྣ་ཚོགས་བྱ། །ཕྱག་རྒྱ་གཞལ་མེད་ཁང་ཞེས་བྱ། །སེམས་ཅན་སྟེང་དུ་རྗེས་སུ་འཛུད། །དེ་བཞིན་ལག་གཉིས་ཡང་དག་བསྡུས། །ཤིང་རྟ་ཞེས་ནི་དེ་ལ་བརྗོད། །ཐེག་གསུམ་འགྲོ་བའི་གཙོ་བོ་སྟེ། །སྐྱོབ་
པ་རྣམས་ཀྱིས་ཤིང་རྟར་གསུང་། །ཟློས་པ་སྔགས་ནི་འདོད་པ་ལ། །འབྱུང་པོ་ཀུན་ནི་འདྲེན་པར་བྱེད། །ཐེག་པ་མཆོག་ལ་བརྟེན་ནས་ནི། །སངས་རྒྱས་གོ་འཕང་འཐོབ་པར་བྱེད། །དེ་ཉིད་ལག་གཉིས་རབ་བསྒྲེད་ནས། །གཉི་ག་ཡང་ནི་ཁ་སྦྱར་བྱ། །ལག་མཐིལ་གཉིས་ནི་མཉམ་བྱས་
เล่ม ๘๘ · หน้า 272a
བརྐྱང་། །ལན་ཀན་འདྲ་བར་ཡང་དག་འབྱུང་། །འདི་ནི་ཕྱག་རྒྱ་རབ་མཆོག་སྟེ། །འཇིག་རྟེན་མགོན་གྱིས་ལེགས་མཆོད་པའོ། །སངས་རྒྱས་ཀུན་གྱི་གནས་རྣམས་སུ། །ཐུབ་པའི་ཟླ་བས་ཡང་དག་གསུངས། །གང་དུ་འདས་པའི་སངས་རྒྱས་དང་། །མ་འོངས་ད་
ལྟར་བཞུགས་པ་དང་། །མྱ་ངན་འདས་པའི་དབྱིངས་ལ་བཞུགས། །གང་དུ་གནས་མལ་ལ་བཞུགས་པ། །ཕྱག་རྒྱ་གནས་མལ་ཞེས་བྱ་བར། །འཇིག་རྟེན་འདྲེན་པས་དེ་འདིར་མཁྱེན། །ལག་གཉིས་དེ་བཞིན་བྱས་ནས་ནི། །སོར་མོ་རྣམས་ནི་ཡང་དག་སྦྱར། །ཁ་སྦྱར་དུ་ནི་
རྣམ་པར་དགོད། །གཡས་པའི་མཛུབ་མོ་གཅིག་གིས་ནི། །གཡོན་པའི་རྩེ་མོར་གཏུག་བྱ་བ། །དེ་ནི་ཟླ་བ་ཕྱེད་དུ་བརྗོད། །ལག་གཉིས་དེ་བཞིན་བྱས་ནས་ནི། །གཡས་པའི་སོར་མོས་ཁུ་ཚུར་བྱ། །ལག་པ་གཡོན་ལ་ཡོད་པ་ཡི། །སོར་མོ་ཀུན་ནི་མཉམ་བསྒྲེང་སྟེ། །སོར་མོའི་
རྩེ་མོས་ཁུ་ཚུར་བཅིང་། །གཡས་དང་གཡོན་པ་ལྡན་པ་ཡི། །སོར་མོ་རྣམས་ནི་སྦྱར་བྱས་ནས། །མཐེའུ་ཆུང་གཉིས་ནི་བརྐྱང་བྱས་པ། །པི་བང་ཕྱག་རྒྱར་ཉེ་བར་བསྟན། །ལག་གཉིས་དེ་བཞིན་བྱས་ནས་ནི། །སོར་མོ་ཅུང་ཟད་ཁ་བྱེ་ཡང་། །མཐེ་བོ་གཉིས་ཀྱི་བར་དུ་ནི། །མཛུབ་མོ་
གཉིས་ནི་བརྟེན་པར་བྱ། །འདི་ནི་པད་མཚོའི་ཕྱག་རྒྱ་སྟེ། །རྫོགས་སངས་རྒྱས་ཀྱིས་འགྲོ་ལ་གསུངས། །རྟག་ཏུ་མཐེ་བོ་གཉིས་བརྐྱང་བ། །ཨུཏྤ་ལ་ཡི་ཕྱག་རྒྱ་ཞེས། །རྐང་གཉིས་དམ་པ་སངས་རྒྱས་ཀྱིས། །འཇིག་རྟེན་དུ་ནི་གསུངས་པ་ཡིན། །དེ་ཉིད་ཐལ་མོ་སྦྱར་བྱས་པ། །
འགྲོ་བ་ཕྱག་འཚལ་འདྲ་བ་སྟེ། །བླ་མ་ཕྱག་འཚལ་རྒྱ་འདི་ཞེས། །འཇིག་རྟེན་ཀུན་ཏུ་རྣམ་པར་གྲགས། །རྒྱ་དེ་ཉིད་ནི་བསྔམ་བྱས་ན། །ལག་གཉིས་ཟུང་དུ་ཡང་དག་འབྱུང་། །རྒྱ་འདི་ལག་པ་གཉིས་གཟུང་ཞེས། །འཇིག་རྟེན་གསུམ་དུ་རྣམ་པར་གྲགས། །ཅུང་ཟད་མཐེ་བོ་རྩར་
བཞག་སྟེ། །མཐེབ་རྩར་ཕན་ཚུན་ལེགས་གནོན་པ། །དེ་ནི་ཁ་སྦྱར་རྒྱ་རུ་འགྱུར། །མྱ་ངན་འཁྲུག་པ་རྣམ་པར་འཇིག །གང་དག་མཚོན་ཆ་ལས་བྱུང་རྣམས། །ཕྱག་རྒྱ་འདི་དག་གསུངས་པ་ཡིན། །མེ་ཏོག་གདན་དང་བཞོན་པ་དང་། །གཞན་ཡང་གདོན་ནི་འཇིགས་བྱེད་པ། །
เล่ม ๘๘ · หน้า 272b
ཐམས་ཅད་ལས་ཀུན་བྱེད་ལྡན་པ། །སྐྱོབ་པའི་སྔགས་ཀུན་ཐམས་ཅད་ཡིན། །ཚེས་གྲངས་དང་ནི་རྒྱུ་སྐར་དང་། །སྨྱུང་བ་དག་ཀྱང་མི་བྱ་སྟེ། །ཕྱག་རྒྱ་སྔགས་སུ་རབ་ལྡན་ན། །ལས་རྣམས་མྱུར་དུ་གྲུབ་པར་བྱེད། །ཟློས་པ་དཀའ་ཐུབ་ལྡན་པ་དང་། །སྔགས་ཟློས་པ་ལ་མཁས་
པ་དང་། །ཕྱག་རྒྱ་སྔགས་སུ་རབ་ལྡན་ན། །བསྒྲུབ་བྱ་མིན་པའང་ཅུང་ཟད་མེད། །ལག་པ་གཉིས་པོ་བྱ་བ་ནི། །ཕན་ཚུན་ཐལ་མོ་ཡང་དག་སྦྱར། །མཐེའུ་ཆུང་སྲིན་ལག་མཐེ་བོ་ཡི། །ཚིགས་ནི་བར་མ་སྦྱར་བར་བྱ། །གུང་མོ་སྦྱར་བའི་ཚིགས་གསུམ་པར། །མཛུབ་མོ་
བཀུག་སྟེ་སྦྱར་བར་བྱ། །རིགས་གསུམ་གྱི་ནི་སྤྱི་ལ་ཡང་། །མཆོད་ཡོན་གྱི་ནི་ཕྱག་རྒྱར་བསྟན། །སོར་མོ་ཟུང་ནི་གསུམ་པོ་དག །དེ་བཞིན་ཕན་ཚུན་ཡང་དག་སྦྱར། །མཛུབ་མོའི་རྩེ་གཉིས་ཡང་དག་སྤྲད། །མཐེ་བོ་གཉིས་ཀྱི་འགྲམ་དུ་བསྐུམ། །ཐལ་མོ་འདྲ་བར་ཡང་
དག་ལྡན། །མེ་ཏོག་ཕྱག་རྒྱར་བསྟན་པ་ཡིན། །ལག་པའི་ཐལ་མོ་བཀན་བྱས་ནས། །མཐེའུ་ཆུང་སྦྱར་བྱས་རྒྱབ་ཏུ་ནི། །སྲིན་ལག་ཡང་དག་སྦྱར་བར་བར་བྱ། །དེ་ཡི་རྒྱབ་ཏུ་གུང་མོ་སྦྱར། །མཛུབ་མོ་གཉིས་ནི་སྦྱར་བར་བྱ། །ས་ལ་ཐལ་སྦྱར་བྱ་བ་ཡིན། །མཐེ་བོ་གཉིས་
ནི་འགྲམ་བཞག་པ། །ཆོས་ཀྱི་ཕྱག་རྒྱར་བསྟན་པ་ཡིན། །ཐལ་མོ་གཞན་གྱི་སྦྱོར་བ་ཡིས། །མཛུབ་གཉིས་ཅུང་ཟད་བཀུག་པ་ནི། །གཏོར་མ་སྤྱི་ཡི་ཕྱག་རྒྱ་རུ། །འཇིག་རྟེན་སྐྱོབ་པས་དེ་གསུངས་སོ། །ཇི་ལྟར་ཆོ་ག་བཞིན་དུ་ནི། །ནང་དུ་མེ་ཏོག་གཞུག་བྱས་ན། །གཏོར་
མ་ཀུན་གྱི་ལས་ལ་ནི། །གསང་སྔགས་ཀུན་ལ་བྱིན་པར་འགྱུར། །གཡས་པ་མི་འཇིགས་སྦྱིན་པའི་ལག །གཡོན་པའང་དེ་བཞིན་བྱ་བ་ཡིན། །མཁྲིག་མར་སྦྱོར་བའི་བྱ་བ་ཡིས། །གཡས་གཡོན་དག་ནི་བསྣོལ་བར་བྱ། །འདི་ནི་སྔགས་རྣམས་མ་ལུས་པའི། །དྲི་ཡི་ཕྱག་
རྒྱར་བརྗོད་པ་ཡིན། །ལག་གཡས་ཁུ་ཚུར་བཅིངས་ནས་ནི། །མཐེ་བོ་དང་ནི་གུང་མོ་གཉིས། །དེ་ནས་རབ་ཏུ་སྦྱར་བར་བྱ། །མར་མེའི་ཕྱག་རྒྱར་བརྗོད་པ་ཡིན། །སྲིན་ལག་དང་ནི་མཐེ་བོ་ཉིད། །བགྲང་ཕྲེང་དག་ཏུ་ཡང་དག་གནས། །རྟག་ཏུ་མཐེའུ་ཆུང་རྣམ་པར་བརྐྱང་། །དེ་འོག་
เล่ม ๘๘ · หน้า 273a
གུང་མོའང་བརྐྱང་བར་བྱ། །མཛུབ་མོ་བསྐུམས་ཏེ་བཞག་པ་ལ། །བགྲང་ཕྲེང་གི་ནི་ཕྱག་རྒྱར་བརྗོད། །དེ་ནས་ཐལ་སྦྱར་ནང་དུ་ནི། །སྔགས་རིག་པས་ནི་ཕྲེང་བ་གཞུག །ཅི་འདོད་སྔགས་ནི་བཟླ་བྱས་ན། །མྱུར་དུ་གྲུབ་པའི་མཆོག་རབ་སྟེར། །ཆོ་ག་འདི་ནི་རྟག་མཐོང་
ན། །སྔགས་རྣམས་ཀུན་ནི་སྤྱོད་པར་བྱེད། །མེ་ལ་ལག་པ་གཡས་པ་ནི། །མི་འཇིགས་སྦྱིན་པའི་ཕྱག་རྒྱར་བྱ། །མེ་ལ་མངོན་དུ་བལྟས་བཞག་ནས། །མཛུབ་མོ་རྟག་ཏུ་དགུག་པར་བྱ། །མཐེ་བོ་ལག་པའི་དབུས་སུ་ནི། །བཀུག་ནས་ཡང་དག་རབ་ཏུ་དགོད། །མེ་ནི་
ཡོངས་སུ་སྤྱན་དྲང་བའི། །ཕྱག་རྒྱར་འདི་ནི་བསྟན་པ་ཡིན། །མཛུབ་མོ་ཡི་ནི་རྩེ་མོ་དང་། །མཐེ་བོ་གཅིག་ཏུ་སྦྱར་བྱ་བ། །མེ་དང་ལས་རྣམས་ཀུན་ལ་ནི། །གཤེགས་སུ་གསོལ་བར་རབ་ཏུ་སྣང་། །སྔགས་རྣམས་ཀུན་ལ་མཁས་པ་ཡིས། །སྦྱིན་སྲེག་ལས་ལ་བྱ་བ་
ཡིན། །རྒྱ་འདི་དག་དང་ལྡན་པ་ཡིས། །སྔགས་ནི་མེ་ལ་ལེགས་པར་སྦྱར། །ཕྱག་འཚལ་ཐལ་མོ་བྱས་པ་ལས། །སོར་མོ་ཀུན་ནས་ནང་དུ་གཞུག །དེ་ཉིད་རྣམ་པར་བཟློག་བྱས་ནས། །མཐེ་བོ་གཉིས་ཀྱང་གཤིབ་པར་བྱ། །མཛུབ་མོ་ཕྱི་རོལ་ཡང་དག་བཀུག །གུང་མོ་
དག་ལ་ཡང་དག་བརྟེན། །ཕྱག་རྒྱ་འདི་ནི་མཆོག་ཏུ་གསུངས། །མཆོད་པའི་ལས་ལ་སྦྱར་བར་བྱ། །སྔགས་རྣམས་ཀུན་ལ་ཕྱག་འཚལ་དང་། །སྔགས་ཀྱི་མགོན་པོ་རྒྱལ་སྲས་སྦྱར། །སྔགས་རྣམས་ཀུན་ལ་སྦྱང་བ་དང་། །གདན་དག་ལ་ཡང་རབ་ཏུ་སྦྱར། །མེ་ཏོག་
མེད་པར་གྱུར་ན་ཡང་། །ཕྱག་རྒྱ་བཅིངས་ལ་མཆོད་པར་བྱ། །ཆོ་ག་འདི་ཡིས་མཆོད་ན་ནི། །སྔགས་རྣམས་དོན་ཀུན་སྒྲུབ་པར་བྱེད། །མཆོད་ཡོན་ཕྱག་རྒྱ་བྱས་པས་ནི། །མཆོད་པ་བཟང་པོ་བྱས་པར་འགྱུར། །གཉིས་པ་སེམས་ཀྱི་མཆོད་པ་སྟེ། །མེ་ཏོག་ཅི་འདྲ་
ཡོད་པས་སོ། །རྫོགས་སངས་རྐང་གཉིས་དམ་པ་ཡིས། །མཆོད་པའི་ཆོ་ག་འདི་གསུངས་སོ། །མེ་ཏོག་མེད་པར་གྱུར་ན་ཡང་། །མཆོད་པ་རྣམ་པ་གཉིས་སུ་བརྗོད། །སྔགས་རྣམས་རབ་ཏུ་འགྲུབ་བྱའི་ཕྱིར། །ལས་རྣམས་ཀུན་ལ་སྦྱར་བར་བྱ། །སྔགས་ཀུན་བྱེད་
เล่ม ๘๘ · หน้า 273b
པའི་ཕྱག་རྒྱ་ནི། །སངས་རྒྱས་ཀུན་གྱིས་གསུངས་པའང་ཡིན། །གནས་དང་མལ་དང་བཞོན་པ་དང་། །ཁྲུས་དང་བཏུང་དང་བཟའ་བ་དང་། །མར་མེ་སྤོས་དང་སྔགས་ཁྲུས་དང་། །དཀྱིལ་འཁོར་དག་ནི་བྱེད་པ་ལ། །སྔགས་རྣམས་ཀུན་གྱི་དམ་ཚིག་དང་། །སྔགས་
པ་རྣམས་ཀྱིས་བྱིན་རླབས་བྱེད། །འཇིག་རྟེན་མགོན་གྱིས་གསུངས་པ་ཡི། །ཕྱག་རྒྱ་འདི་ནི་ལས་ཀུན་བྱེད། །ཕྱག་རྒྱ་རྣམས་ཀྱི་ངེས་བྱུང་བ། །ཡོངས་རྫོགས་བརྒྱར་ནི་གསུངས་པ་ཡིན། །དེ་ནས་གཞན་ཡང་བཤད་བྱ་བ། །ཕྱག་རྒྱ་དག་ནི་བརྒྱད་པོ་སྟེ། །ལག་
གཉིས་དེ་བཞིན་སྦྱར་ནས་ནི། །གཉི་ག་ཀུན་ནས་མཉམ་བྱས་ལ། །དེ་དག་ཉིད་ལས་མཛུབ་མོ་དང་། །གུང་མོ་གཉིས་ནི་སྦྱར་བར་བྱ། །མཐེ་བོ་གཉིས་ཀྱི་སེན་མོ་ནི། །གསུམ་པའི་ཚིགས་ཆར་སྦྱར་བར་བར་བྱ། །ཅུང་ཟད་ནང་དུ་བཀུག་ནས་ནི། །རབ་ཏུ་སྦྱར་བ་དག་ཏུ་བྱ། །
བདག་ཉིད་ཆེན་པོ་འཁོར་ལོ་ཅན། །སྔགས་ཀྱི་བདག་པོའི་ཕྱག་རྒྱ་ཡིན། །འདི་ཉིད་ལས་ནི་མཛུབ་མོ་དགུག །གུང་མོ་དག་ནི་མཉམ་པར་སྦྱར། །སྲིན་ལག་གཉིས་ཀྱི་སེན་མོ་ནི། །སྦྱར་བའི་རྣམ་པར་དགོད་པར་བྱ། །འདི་ནི་གཙུག་ཏོར་ཕྱག་རྒྱར་ནི། །རྒྱལ་བའི་དབང་པོས་
གསུངས་པ་ཡིན། །ལག་གཉིས་དེ་བཞིན་བཀོད་ནས་ནི། །གུང་མོའི་སོར་མོ་བཅིངས་བྱས་པ། །མཐེའུ་ཆུང་སོར་དང་ཡང་དག་ལྡན། །གདུགས་དཀར་པོ་ལས་རྒྱ་འདི་བྱུང་། །གུང་མོ་མཉམ་པར་བྱས་ནས་ནི། །སོར་མོ་གཉིས་ནི་ཡང་དག་སྦྱར། །གདུབ་ཀོར་ཟླུམ་པོ་འདྲ་བ་
ནི། །ཕྱག་རྒྱ་ཆེན་པོར་དེ་ལ་བརྗོད། །དེ་ཉིད་ལས་ནི་མཛུབ་མོ་ཡི། །ཚིགས་ནི་སྐམ་ཁ་ལྟ་བུར་བྱ། །དེ་ནས་གུང་མོ་སྦྱར་ཏེ་དགོད། །ལག་པའི་འོག་གི་ཆར་སྦྱར་ནས། །དེ་ལས་གསུམ་པའི་ཚིགས་དག་ཏུ། །མཐེ་བོའི་སོར་མོས་གནོན་པར་བྱ། །འཇམ་པའི་དབྱངས་ནི་བློ་ལྡན་གྱི། །
འདི་ནི་ཕྱག་རྒྱ་མཆོག་ཏུ་གསུངས། །ལག་གཉིས་དེ་བཞིན་བཀོད་ནས་ནི། །ཆོ་ག་མཐོང་ལ་ཡང་དག་གནས། །སོར་མོ་དེ་ཉིད་ཀུན་གྱིས་ནི། །ཀུན་ནས་གང་བའི་མཛོད་ལྟར་གནས། །ལག་པ་གཉིས་ནི་རྣམ་བསྐྱེད་ནས། །ལག་སོར་བརྒྱད་ནི་རབ་ཏུ་བརྐྱང་། །སྐྱེས་བུ་བརྒྱད་པོ་དེ་ཉིད་
เล่ม ๘๘ · หน้า 274a
ཤེས། །ཟུང་བཞི་དག་ཏུ་གྱུར་པ་ནི། །རྫོགས་སངས་རྐང་གཉིས་དམ་པ་ཡིས། །དེ་ཉིད་དགེ་འདུན་ཞེས་ཀྱང་གསུངས། །དེ་ཉིད་འཕགས་པའི་དགེ་འདུན་རྒྱར། །སྲིད་པའི་གནས་འདིར་གསུངས་པ་ཡིན། །ཕྱག་རྒྱ་འདི་ནི་རབ་མཆོག་སྟེ། །ཕྱག་རྒྱ་མ་ལུས་
རབ་ཏུ་སྒྲུབ། །ལག་གཉིས་དེ་བཞིན་ཁ་སྦྱར་ཏེ། །ཐལ་མོ་སྦྱར་བའི་རྣམ་པར་གནས། །མཛུབ་མོ་གཅིག་ནི་རབ་བརྐྱང་བ། །ལག་པ་གཡས་པ་ཡང་དག་བརྐྱང་། །དེ་འདི་འབྱུང་པོ་ཞི་བྱེད་པར། །དེ་ཉིད་གཟིགས་པ་རྣམས་ཀྱིས་བསྟན། །ཕྱག་རྒྱ་འདི་ནི་མཆོག་ཅེས་བྱ། །
ལས་རྣམས་ཀུན་གྱི་དོན་སྒྲུབ་བྱེད། །ལག་གཉིས་དེ་བཞིན་སྦྱར་ནས་ནི། །སོར་རྩེ་རིམ་བཞིན་མཚན་པ་ཡི། །བསྡུས་ནས་ཁ་སྦྱར་དག་ཏུ་བྱ། །མཐེ་བོ་གཉིས་ནི་བསྒྲེང་ནས་བསྐུམ། །དེ་འདི་པདྨའི་ཕྲེང་བ་ཞེས། །དང་པོའི་སངས་རྒྱས་དག་གིས་གསུངས། །ལག་པ་དག་ནི་
དེ་གཉིས་ཀྱིས། །སོར་མོ་ཀུན་ནས་བཀན་ལ་བརྐྱང་། །སོར་མོ་གསུམ་གཉིས་བསྒྲེང་ནས་ནི། །མེ་ཏོག་ཁ་བྱེའི་རྣམ་པར་བྱ། །གཉིས་པའི་ཚིགས་ལ་བཞག་པ་ནི། །མཐེ་བོ་དང་ནི་མཛུབ་མོ་གཉིས། །དེ་འདིར་སྲིད་པ་གསུམ་གནས་ཀྱི། །ཕྱག་རྒྱར་རྫོགས་སངས་རྒྱས་ཀྱིས་
གསུངས། །ཕྱག་རྒྱ་འདི་ནི་ཕྱག་རྒྱ་ཆེ། །ལས་ཀུན་བྱེད་ཀྱི་ཕྱག་རྒྱ་བརྒྱད། །མཐུ་མཉམ་བརྩོན་འགྲུས་ཆེན་པོར་ནི། །རྫོགས་སངས་རྒྱས་ཀྱིས་ཡང་དག་གསུངས། །མུཥྚི་གཏམས་ཕྲག་བྱེ་བ་ནི། །སྟོང་ཕྲག་བརྒྱད་ཅུ་ཡང་དག་འབྱུང་། །ཐུབ་མཆོག་གྲངས་མེད་འདས་པ་
ཡིས། །ཕྱག་རྒྱ་འདི་དག་རབ་ཏུ་གསུངས། །ཕྱག་རྒྱ་ཆོ་ག་ཡང་དག་འབྱུང་། །རྩ་བརྒྱད་བརྒྱ་ནི་རབ་ཏུ་གསུངས། །འདི་དག་ཀུན་གྱི་སྔགས་ཀུན་དང་། །ལས་རྣམས་དག་ཀྱང་གྲུབ་པ་ཡིན། །སངས་རྒྱས་རྫུ་འཕྲུལ་ཆེ་ཀུན་གྱི། །ཕྱག་རྒྱ་འདི་ནི་བཞེད་ཅིང་གསུངས། །
ཆོ་ག་འདི་དག་སྦྱར་བ་ཡིས། །དོན་རྣམས་མྱུར་དུ་སྒྲུབ་པར་བྱེད། །ཤཱཀྱ་སེང་གེ་མི་ཡི་མཆོག །ཐུབ་པ་མཆོག་གིས་དེ་གསུངས་ནས། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། །འཇམ་པའི་དབྱངས་ལ་དེ་བཞིན་གསུངས། །འཇམ་དཔལ་གྱི་ནི་ཆོ་ག་འདི། །ཕྱག་རྒྱ་དག་ནི་ཡང་
เล่ม ๘๘ · หน้า 274b
དག་བྱུང་། །ས་སྟེང་བསྟན་པ་བསྲུང་དོན་དུ། །ཕྱག་རྒྱ་འདི་ནི་རབ་ཏུ་གཏད། །དུས་མཐའ་ཉེ་བར་འོད་འགྱུར་ཞིང་། །དུས་མཐར་མྱ་ངན་འདས་པ་ན། །ང་ཡི་བསྟན་པ་བསྲུང་དོན་དུ། །ང་ཡིས་འདི་དག་ཐམས་ཅད་བཤད། །སྔགས་རྣམས་དག་ནི་རྒྱ་ཆེར་བཅས། །
ཕྱག་རྒྱ་རྣམས་ཀྱི་མཚན་ཉིད་བཤད། །འཇིག་རྟེན་ཀུན་ལ་གསང་བ་དང་། །ཤིན་ཏུ་གསང་བའང་བརྗོད་པ་ཡིན། །མདོ་འདིར་ཆོ་ག་ལྷག་པ་སྟེ། །ཡོན་ཏན་རྒྱ་ཆེན་གསལ་བར་བྱས། །སྔགས་རྣམས་དུ་མའི་ཚིག་དང་ནི། །ཡོན་ཏན་བརྗོད་པ་ཡང་དག་འབྱུང་། །ཕྱག་རྒྱ་
རྣམ་པ་མང་པོར་ལྡན། །རིགས་པའི་རྒྱུད་ནི་རབ་ཏུ་བསྟན། །མཐུ་དང་ཡོན་ཏན་གྲུབ་མཐའ་དང་། །ཟློས་པའི་རྒྱུ་ནི་ཡང་དག་འབྱུང་། །འགྲོ་བའི་སྐྱེ་གནས་སེམས་ཅན་གྱི། །དགེ་བའི་འབྲས་བུ་འབྱུང་བའང་གསུངས། །གཞོན་ནུ་ཁྱོད་ཀྱི་སྔགས་རྣམས་ཀྱི། །གྲུབ་པའི་
གཏན་ཚིགས་རབ་ཏུ་སྦྱར། །དེ་སྐད་གསུངས་ནས་འཇམ་དཔལ་ནི། །གཞོན་ནུ་ནམ་མཁར་གནས་པ་ཡིས། །འཇིག་རྟེན་མགོན་པོ་འོད་བྱེད་པ། །རྫོགས་སངས་རྒྱས་ལ་མགོས་ཕྱག་འཚལ། །དབུགས་རིང་ཕྱུང་ནས་སྙིང་རྗེས་བརླན། །མཆི་མ་དེ་ནས་ཕྱིས་ནས་ཀྱང་། །
སངས་རྒྱས་ཞབས་དྲུང་གནས་ནས་ཀྱང་། །དེ་ལ་མྱུར་དུ་ཞུས་པ་ནི། །བཅོམ་ལྡན་འཇིག་རྟེན་འདས་པ་ན། །སྔགས་ཀྱི་མཛོད་འདི་ས་སྟེང་དུ། །བདག་ཉིད་ཆེན་པོའི་སེམས་ཅན་ལ། །དེ་ཚེ་ཇི་ལྟར་འབྱུང་བར་འགྱུར། །དེ་སྐད་གསུངས་ནས་སངས་རྒྱས་ཀྱིས། །དེ་ཚེ་འཇམ་
པའི་དབྱངས་ལ་གསུངས། །གཞོན་ནུ་ཁྱོད་ཀྱིས་ཡོངས་ཞུས་པ། །བུ་ཁྱོད་འཇམ་དཔལ་རབ་ཏུ་ཉོན། །ང་ནི་འཇིག་རྟེན་མྱ་ངན་འདས། །ས་སྟེང་སྟོངས་པར་གྱུར་པ་དང་། །ཆོས་ཀྱི་མཛོད་ཀྱང་འཇིག་པ་དང་། །ཉན་ཐོས་རྣམས་ཀྱང་འདས་པ་ན། །རྐང་གཉིས་དམ་པ་སྟོན་
པ་ཡི། །གཟུགས་བརྙན་མཆོད་རྟེན་དག་ཀྱང་བྱ། །སྤོས་དང་དྲི་དང་བྱུག་པ་ཡིས། །མཆོད་དང་བསྙེན་བཀུར་བྱ་བ་དང་། །རྣམ་པ་སྣ་ཚོགས་གོས་མཆོག་དང་། །གཞན་ཡང་ནོར་བུའི་གདུབ་ཀོར་རྒྱན། །རྣམ་པ་སྣ་ཚོགས་བཟའ་དང་བཅའ། །ཡང་དག་སྦྱར་བ་དབུལ་བར་བྱ། །
เล่ม ๘๘ · หน้า 275a
རྣམ་པ་སྣ་ཚོགས་ཕུན་སུམ་ཚོགས། །ཅི་འདོད་ཁ་ཟས་བྱས་པ་ལ། །དེ་བཞིན་སྔགས་ནི་བཟླས་བྱས་དབུལ། །སེམས་ཅན་དགེ་བའི་སྐྱེས་གནས་འགྱུར། །དམ་པའི་འགྲོ་བའི་སྐྱེ་གནས་སུ། །གྲོང་མཆོག་དག་ཏུ་སྐྱེ་བར་འགྱུར། །མཐར་ནི་བྱང་ཆུབ་གཞོལ་
འགྱུར་ཞིང་། །ཕྱི་ནས་ཞི་བར་དེ་དག་འགྲོ། །དེ་སྐད་གསུངས་ནས་འཇམ་དཔལ་ནི། །སངས་རྒྱས་ཀྱིས་ནི་གསུངས་ལ་དགའ། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། །བློ་ལྡན་དེ་ནས་ཅང་མི་སྨྲ། །ཆོས་ཀྱི་འཁོར་ལོ་སྐོར་བྱེད་པའི། །སངས་རྒྱས་འདུས་པར་སངས་རྒྱས་ཀྱི། །
གཙང་བའི་གནས་ཀྱི་སྟེང་གནས་ནས། །འདི་དག་སངས་རྒྱས་སྔ་མས་གསུངས། །དེ་ཚེ་ཆོས་ཀྱི་འཁོར་ལོ་བསྐོར། །ཡུན་རིང་དུས་སུ་འདས་པ་ཡིན། །འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས།
ཕྱག་རྒྱའི་ཆོ་གའི་ལེའུ་རབ་འབྱམ་ལས། ཉི་ཤུ་རྩ་དགུ་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གཞན་ཡང་གནས་གཙང་མའི་གཞལ་མེད་ཁང་ལ་གཟིགས་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་མཆོག་ཏུ་རབ་ཏུ་གསང་
བ་ཁྱོད་ཀྱི་ཕྱག་རྒྱ་དང་ལྡན་པའི་ཕྱག་རྒྱའི་མཚན་ཉིད་འཁོར་དང་བཅས་པ་ཡོད་དེ། ལས་ཐམས་ཅད་ལ་ཉེ་བར་སྦྱར་བ་ཕུན་སུམ་ཚོགས་པ་ཐམས་ཅད་སྦྱིན་པར་བྱེད་པ། འབྲས་བུ་དང་བཅས་པ། སྔགས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ། ལས་ཐམས་ཅད་སྒྲུབ་པ། མདོར་ན་འཇམ་དཔལ་
ཉོན་ཅིག །དང་པོར་རེ་ཞིག་ཐལ་མོ་རབ་ཏུ་བརྐྱང་ལ་མཛུབ་མོ་དང་མཐེའུ་ཆུང་གཉིས་རྩེ་སྤྲད་དེ་ཚིགས་བར་མ་བཏུད་ནས་སོ་སོ་སོ་སོར་རྗེས་སུ་བཅུག་པ་ཡིན་ཏེ། དེ་ལ་འདི་ནི་འཇམ་དཔལ་ཁྱོད་ཀྱི་རྩ་བའི་ཕྱག་རྒྱ་ཞེས་བྱ་བ་ལས་ཐམས་ཅད་བྱེད་པར་འགྱུར་བའོ། །ལག་པ་གཉིས་དེ་
བཞིན་དུ་བྱས་ལ་སྲིན་ལག་གཉིས་སྦྱར་ལ་དེ་བཞིན་དུ་གུང་མོ་དང་མཛུབ་མོ་ཡང་བྱ་ཞིང་མཐེའུ་ཆུང་གཉིས་ཀྱི་རི་མོ་གོང་མ་ལ་མཐེ་བོའི་རྩེ་མོ་བཞག་པ་སྟེ། འཇམ་དཔལ་འདི་ནི་ཁྱོད་ཀྱི་གདོང་གི་ཕྱག་རྒྱ་ཞེས་བྱ་བ་སྟེ་གཉིས་པའོ། །ཕན་ཚུན་དུ་སོར་མོ་བསྣོལ་བ་ཁུ་ཚུར་དུ་བྱས་ལ་གུང་
เล่ม ๘๘ · หน้า 275b
མོའི་སོར་མོ་གཉིས་རྣམ་པར་བཀྲོལ་ལ་རྩེ་མོ་སྦྱར་ཏེ། དེའི་འགྲམ་གཉིས་སུ་མཛུབ་མོ་གཉིས་དཀྲི་ཞིང་མཐར་གཞག་པར་བྱའོ། །དེ་ལ་འདི་ནི་འཇམ་དཔལ་ཁྱོད་ཀྱི་མཆེ་བའི་ཕྱག་རྒྱ་ཞེས་བྱ་བ་གཞན་ཡིན་ནོ། །མཆེ་བའི་ཕྱག་རྒྱའི་འགྲམ་དུ་མཐེ་བོ་གཉིས་བཞག་པའི་ཕྱག་རྒྱ་
འདི་ནི་མངོན་སུམ་དུ་འཇམ་དཔལ་གཞོན་ནུ་ཁྱོད་ཉིད་ཡིན་ནོ། །གནས་དེ་དང་ལག་པའི་ཁ་སྦྱར་དེར་ཉེ་བར་བཞུགས་ཤིང་དམ་ཚིག་གིས་བྱིན་གྱིས་རློབ་པར་བྱེད་དོ། །ལག་པའི་སོར་མོ་ཕན་ཚུན་ཁུ་ཚུར་དུ་བྱས་ལ་མཛུབ་མོ་གཉིས་བཀྲོལ་ཏེ། མཐེ་བོ་གཉིས་གུང་མོའི་ནང་དུ་ཆུང་
བར་བྱས་པ་འདི་ནི་འཇམ་དཔལ་ཁྱོད་ཀྱི་གཙུག་པུད་ཀྱི་ཕྱག་རྒྱ་ཞེས་བྱ་བ་སྟེ། གཞན་ཡིན་ནོ། །ཐལ་མོའི་ཚིགས་རྣམས་བརྐྱང་བ་བྱས་ལ་སྲིན་ལག་དང་། མཛུབ་མོ་གཉིས་ཀྱི་རྩེ་མོ་གུང་མོའི་ནང་དུ་རྩེ་སྤྲད་དེ་བཞག་པ་འདི་ནི་འཇམ་དཔལ་མངོན་སུམ་ཁྱོད་ཉིད་ཀྱི་རྩ་བའི་སྔགས་སུ་
བསྟན་པ་ཡིན་ནོ། །འདི་ཉིད་ཀྱི་ཕྱག་རྒྱ་ལ་མཛུབ་མོ་གཉིས་བརྐྱང་བར་བྱས་པ་སྟེ། དེ་ལ་འདི་ནི་འཇམ་དཔལ་ཁྱོད་ཀྱི་ཕྱག་རྒྱར་འགྱུར་རོ། །མཐེའུ་ཆུང་དང་སྲིན་ལག་གཉིས་བསྣོལ་བ་བྱས་ནས་ལག་པ་ཁ་སྦྱར་གྱི་ནང་དུ་བཞག་ལ་གུང་མོའི་ཕྱི་རོལ་ཏུ་མཛུབ་མོའི་རྩེ་མོ་ཡོངས་
སུ་བཀུག་ལ། མཐེ་བོ་གཉིས་ཀྱི་རྩེ་མོ་ཡང་དག་པར་བཅར་བའོ། །གཞན་འདི་ཡང་འཇམ་དཔལ་ཁྱོད་ཀྱི་ཞལ་གྱི་ཕྱག་རྒྱ་ཡིན་ནོ། །ལས་ཐམས་ཅད་པ་ཡང་ཡིན་ཏེ་འདི་ཉིད་ཀྱི་རིམ་གྱིས་སོར་མོ་རེ་རེ་བཀྲོལ་བ་མཐེ་བོ་དང་བཅས་པ་བྱས་ན་མ་རུངས་པའི་གདོན་ཐམས་ཅད་རབ་ཏུ་
འབྱེར་བར་འགྱུར་རོ། །དེ་བཞིན་དུ་རྣ་བ་དང་མགྲིན་པ་དང་ལག་ངར་དང་སྙིང་དང་ལག་པ་དང་ལྐོག་མ་དང་རྐེད་པ་དང་ལྟེ་བ་དང་བརླ་དང་བྱིན་པ་དང་རྐང་པ་དང་མིག་དང་ཁ་དང་ལྕེ་རྣམས་ཏེ། དེ་ལྟར་སོར་མོ་བཅུ་རྣམས་མཐར་གྱིས་བརྐྱང་ན། རིམ་བཞིན་དུ་ཕྱག་རྒྱའི་མཚན་ཉིད་དུ་
འགྱུར་ཏེ། མཐར་གྱིས་ཀྱང་ལས་བྱེད་དོ། །ཞལ་གྱི་ཕྱག་རྒྱས་ནི་ཁ་འཆིང་བར་བྱེད་དོ། །མཆེ་བའི་ཕྱག་རྒྱས་ནི་གདོན་མ་རུངས་པ་ལས་གྲོལ་ལོ། །ལྕེའི་ཕྱག་རྒྱས་ནི་ཚིག་ངན་པ་ཟློག་པར་བྱེད་དོ། །སྙིང་གི་ཕྱག་རྒྱས་ནི་མིའི་བདག་པོའི་ཁྲོ་བ་སེལ་བར་བྱེད་པའམ། སེམས་ཅན་
เล่ม ๘๘ · หน้า 276a
གཞན་ལྷ་དང་ལྷ་མ་ཡིན་དང་མི་དང་མི་མ་ཡིན་པ་དང་འགྲོ་བ་རྣམ་པ་སྣ་ཚོགས་ལ་བརྟེན་པའི་ཁྲོས་པ་རྣམས་ཀྱི་ཁྲོ་བ་འཇིག་པར་འགྱུར་ཏེ། དེ་བཞིན་དུ་མཐར་གྱིས་ཐམས་ཅད་དུ་ལས་ཐམས་ཅད་བྱེད་པར་འགྱུར་རོ། །དེ་ལྟར་རིམ་པ་འདིས་ཕྱག་རྒྱ་
གྲངས་མེད་པར་འགྱུར་ཏེ། །ལས་གྲངས་མེད་པ་དག་ཀྱང་བྱེད་པར་འགྱུར་རོ། །འཇམ་དཔལ་ཁྱོད་ཀྱིས་རྣམ་པ་ཐམས་ཅད་དུ་ཕྱག་རྒྱ་ཐམས་ཅད་ཁོ་ན་ལས་ཐམས་ཅད་བྱེད་པར་འགྱུར་རོ། །དཔའ་བོ་ཆེན་པོ་དེ་བཞིན་གཤེགས་པ་གྲངས་ལས་འདས་པ་དག་གིས་ཕྱག་
རྒྱ་འདི་དག་བཅིངས་སོ། །ཕྱག་རྒྱ་ཆེན་པོ་དཔའ་བོ་ཆེན་པོ་ས་ཆེན་པོ་ལ་གནས་པས་ཀྱང་བཅིངས་སོ། །གང་དུ་གཏམས་པ་ཕྲག་བྱེ་བ་སུམ་ཅུ་རྩ་གསུམ་མམ་བརྒྱད་ཅུའམ་དགུ་བཅུ་རྩ་ལྔའམ་ཁྲི་ཕྲག་དྲུག་ཅུའི་གྲངས་ལ་སོགས་པ་འཇིག་རྟེན་ལས་འདས་པའི་ཡང་འདས་
པས་ཕྱག་རྒྱ་བཅིངས་སོ། །འཇིག་རྟེན་བྱ་བ་གང་གཞན་ནི། །ཀུན་ཀྱང་ཕྱག་རྒྱ་རྣམས་སུ་འདུས། །འདི་དག་གང་ཡང་རུང་བ་ཡི། །ཕྱག་རྒྱས་དོན་ཀུན་སྒྲུབ་བྱེད་པའོ། །དཀྱིལ་འཁོར་བསྒྲུབ་པའི་དུས་དག་ཏུ། །ལག་པ་གཉིས་ཀྱིས་བཅིང་བར་བྱ། །སྔོན་དུ་བསྙེན་
པ་ལ་བརྩོན་པས། །སྦྱིན་སྲེག་བཟླས་པ་དག་ལའང་བྱ། །འདུག་པའམ་འགྲེང་བ་དག་གིས་ཀྱང་། །ཟློས་པས་ཅི་འདོད་བར་དུ་བཟླ། །སྲུང་བ་ཆེན་པོའི་ཆོ་གས་ཀྱང་། །མྱུར་དུ་གྲུབ་པ་ཐོབ་པར་འགྱུར། །དུས་ཀུན་ཕྱག་རྒྱ་ཀུན་གྱིས་ནི། །ལས་རྣམས་ཀུན་ནི་བྱ་བ་
ཡིན། །འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། ཕྱག་རྒྱའི་ཆོ་གའི་ལེའུ་རབ་འབྱམ་གཉིས་པ་ལས། སུམ་ཅུ་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གཞན་ཡང་
གནས་གཙང་མའི་གཞལ་མེད་ཁང་ལ་གཟིགས་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱི་རྩ་བའི་ཆོ་ག་ལ་ཕྱག་རྒྱ་མཆོག་ཏུ་ཤིན་ཏུ་གསང་བ་གཞན་ཡང་ཡོད་དེ། ཕྱག་རྒྱ་དང་རྒྱུད་ཐམས་ཅད་ཀྱི་ཆོ་ག་སྔགས་ཐམས་ཅད་ཀྱི་མངོན་པར་འདོད་
เล่ม ๘๘ · หน้า 276b
པ། སྔགས་ཐམས་ཅད་དང་ལྷན་ཅིག་ཡང་དག་པར་སྦྱར་ན། ལས་ཐམས་ཅད་རབ་ཏུ་སྒྲུབ་པར་བྱེད་པ། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་རྣམ་པར་སྦྱོར་བར་བྱེད་པ། སེམས་ཅན་ཐམས་ཅད་ཀྱི་ལམ་དུ་གྱུར་པ་ཡིན་ནོ། །མཛུབ་མོ་གཉིས་ཀྱི་རྩེ་མོ་དང་གུང་མོ་
གཉིས་ཀྱི་རྩེ་མོ་དག་ཡོངས་སུ་སྦྱར་བ་ནི་གཙུག་ཏོར་འཕགས་པ་ཞེས་བྱ་བའི་ཕྱག་རྒྱ་ཡིན་ཏེ། འདིར་སྔགས་ནི། ཨོཾ་ཛྭཱ་ལ་ཛྭཱ་ལ་དཱིཔྟོད་ག་ཏོཥྞཱི་ཥ་དཱུ་ར་དཱུ་ར་ཧཱུྃ་ཧཾ། སྲིན་ལག་དེ་ཉིད་བཀུག་པ་དང་གུང་མོ་སྦྱར་བ་དེ་གཉིས་ཀྱི་སོར་མོའི་རྩེ་མོའི་སེན་མོ་གཤིབས་ལ། རྣ་ཆ་གདུབ་ཀོར་
ཟླུམ་པོ་ལྟར་བྱ་བ་ནི་གཙུག་ཏོར་གདུགས་དཀར་པོའི་ཕྱག་རྒྱ་ཡིན་ཏེ། འདིར་ཡང་སྔགས་སུ་འགྱུར་བ་ནི། ཨོྃ་མ་མ་མ་མ་ཧཱུྃ་ནི། མཛུབ་མོ་དེ་ཉིད་ཕན་ཚུན་མཉམ་པར་སྦྱར་ལ་གུང་མོ་གཉིས་སྦྱར་བ་ནི་གཟི་བརྗིད་ཕུང་པོའི་ཕྱག་རྒྱའོ། །འདིར་སྔགས་ནི། ཨོྃ་ཏ་ཐཱ་ག་ཏོཥྞཱི་ཥཱ་བ་ལོ་
ཀི་ཏེ། མཱུརྟྟི་ཏེ་ཛོ་རཱ་ཤི་ཧཱུྃ་ཛྭཱ་ལ་ཛྭཱ་ལ། དྷ་ཀ་དྷ་ཀ། ད་ར་བི་ད་ར། ཙྪིནྡ་ཙྪིནྡ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། མཛུབ་མོ་དེ་ཉིད་ཡང་དག་པར་སྦྱར་བ་དཀྱིལ་འཁོར་ལྟ་བུར་བྱ་བ་ནི་རྒྱལ་བའི་གཙུག་ཏོར་གྱི་ཕྱག་རྒྱའོ། །འདིར་སྔགས་སུ་འགྱུར་བ་ནི། ཨོཾ་ཛ་ཡ་ཛ་ཡོ་ཥྞཱི་ཥ་ཛྭཱ་ལ་ཛྭཱ་ལ་བནྡྷ་བནྡྷ་ད་མ་ད་མ།
ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧ་ན་ཧཱུྃ། རྒྱལ་བའི་གཙུག་ཏོར་གྱི་སྔགས་སོ། །མཛུབ་མོ་དེ་གཉིས་ཀྱི་རྩེ་མོ་བཏུད་པ་བྱས་པ་གུང་མོ་སྦྱར་བ་ལ། མཛུབ་མོའི་སེན་མོ་གུང་མོའི་ཚིགས་གསུམ་པའི་ཆར་སྦྱར་བ་ནི་འཁོར་ལོས་སྒྱུར་བའི་ཕྱག་རྒྱའོ། །ཨོྃ་ན་མོ་ཨ་པྲ་ཏི་ཧ་ཏ་ཏ་ཐཱ་ག་ཏོཥྞཱི་ཥཱ་ཡ། ཨ་ན་བ་ལོ་ཀི་ཏེ་མཱུརྡྷ་ན་ཙཀྲ་
བརྟི་ཧཱུྃ་ཛྭཱ་ལ་ཛྭཱ་ལ། དྷ་ཀ་དྷ་ཀ། དྷུ་ན་དྷུ་ན། བི་དྷུ་ན་ཏྲཱ་ས་ཡ་མཱ་ར་ཡོ་ཏ་སཱ་དྷ་ཡ། ཧ་ན་ཧ་ན། ཨཱཾ་ཨཱཾ་ཨཱ། ཀ་ཀ། དྲོ་ཁི་ཎི་དྲོ་ཁི་ཎི། ཀུཎྜ་ལི་ནི། ཨ་པ་རཱ་ཛི་ཏཱ་ཏྲ་པ་རི་ཎི་ཧཱུྃ་ཕཊ། འཁོར་ལོས་སྒྱུར་བའི་སྔགས་སོ། །མཛུབ་མོ་དེ་ཉིད་ཀྱི་རྩེ་མོ་མདུད་པ་བྱས་ལ། གུང་མོ་སྦྱར་བ་བྱས་པ་ལ་མཛུབ་མོ་
སེན་མོའི་འོག་གི་གསུམ་པའི་ཆ་ལ་སྦྱར་བ་ནི་སྔགས་ཀྱི་བདག་པོ་འཁོར་ལོས་སྒྱུར་བའི་ཕྱག་རྒྱའོ། །མཛུབ་མོ་དེ་ཉིད་ཀྱི་རྩེ་མོ་ཡང་དག་པར་བཀུག་པ་གུང་མོར་སྦྱར་བའི་འོག་ཏུ་ཡང་དག་པར་བཅར་བ་ནི་སྔགས་ཀྱི་བདག་པོའི་ཕྱག་རྒྱའོ། །མཛུབ་མོ་དེ་ཉིད་ཀྱི་རྩེ་མོ་ཡང་དག་པར་བཀུག་ལ་
เล่ม ๘๘ · หน้า 277a
གུང་མོ་སྦྱར་བའི་སེན་མོ་དང་ཚིགས་ནང་དུ་ཡང་དག་པར་སྦྱར་བ་ནི་འཁོར་ལོས་སྒྱུར་བ་ཆེན་པོའི་ཕྱག་རྒྱའོ། །མཛུབ་མོ་དེ་ཉིད་ཀྱི་རྩེ་མོ་གཉིས་ཡང་དག་པར་བཀུག་ལ་གུང་མོ་སྦྱར་ཞིང་འོག་ཏུ་ཡང་དག་པར་སྦྱར་ཏེ། གདུབ་ཀོར་ལྟར་བྱས་པ་ནི་འཁོར་ལོས་སྒྱུར་བ་ཆེན་པོའི་ཕྱག་
རྒྱའོ། །མཛུབ་མོ་དེ་ཉིད་ཀྱི་རྩེ་མོ་ཡང་དག་པར་བཀུག་ལ་གུང་མོའི་ཚིགས་གསུམ་པའི་ནང་དུ་ཡང་དག་པར་སྦྱར་བ་ནི་སྔགས་ཀྱི་བདག་པོ་འཁོར་ལོས་སྒྱུར་བ་ཆེན་པོའི་ཕྱག་རྒྱ་སྟེ། སྲིད་པའི་ལས་ཐམས་ཅད་རྣམ་པར་འཇིག་པར་བྱེད་པ། སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བ་ཚེ་དང་
ནད་མེད་པ་དང་དབང་ཕྱུག་དང་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ། སེམས་ཅན་ཐམས་ཅད་ཡོངས་སུ་དགའ་བར་བྱེད་པ། སེམས་ཅན་ཐམས་ཅད་ཀྱི་ཡིད་ལ་མངོན་པར་འདོད་པ་འབྲས་བུ་དང་བཅས་པར་
བྱེད་པ། ལས་ཐམས་ཅད་བྱེད་པ། སྔགས་ཐམས་ཅད་རབ་ཏུ་སྒྲུབ་པར་བྱེད་པ། ཕྱག་རྒྱ་དང་སྔགས་ཐམས་ཅད་དང་ལྡན་པ་ཡིན་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་ཁྱོད་དེ་ཉོན་ཅིག །དང་པོ་རེ་ཞིག་གཙུག་ཏོར་གྱི་མཚན་ཉིད་དུ་གྱུར་པ་ནི། ལག་པ་གཉིས་མཉམ་པོར་བཀན་ཅིང་བརྐྱང་
བར་བྱའོ། །མཐེ་བོ་དང་སྲིན་ལག་གཉིས་ལག་པའི་དཀྱིལ་དུ་སེན་མོས་བཟུང་ཞིང་མཐེ་བོའི་རྩེ་མོ་སྦྱར་བར་བྱའོ། །མཐེའུ་ཆུང་གཉིས་ཀྱི་རྩེ་མོ་གཏུག་ཅིང་སྦྱར་བར་བྱའོ། །དེ་བཞིན་དུ་གུང་མོ་གཉིས་ཀྱི་སེན་མོ་དང་རྩེ་མོ་གཉིས་སྦྱར་བར་བྱ་ཞིང་མཛུབ་མོ་དང་མཛུབ་མོ་ཡང་སྦྱར་བར་བྱའོ། །
ཀུན་ཏུ་སྣང་བའི་གཙུག་ཏོར་གྱི་མཚན་ཉིད་ཆེན་པོ་ཞེས་བྱ་བའི་ཕྱག་རྒྱ་ཡིན་ཏེ། འདིར་སྔགས་ནི། ཨཾ་མུ་ཧྃ། མཛུབ་མོ་དེ་ཉིད་ཡང་དག་པར་བཀུག་སྟེ། སེན་མོ་དང་སེན་མོའི་རྩེ་མོའི་དཀྱིལ་འཁོར་ལྟར་སྦྱར་བས་ནི། ལྟ་བ་ངན་པའི་ཟུག་རྔུའི་ཕྱིན་ཅི་ལོག་སེལ་བ་ཞེས་བྱ་བ་ཆོས་ཀྱི་འཁོར་ལོ་
ཆེན་པོའི་ཕྱག་རྒྱའོ། །འདིར་སྔགས་སུ་འགྱུར་བ་ནི། ཨོཾ་བཛྲཱ་ཤ་ནི་ཧཱུྃ་ཕཊ། འདི་ནི་སྐྱིལ་ཀྲུང་གི་ཕྱག་རྒྱ་སྟེ། སྔགས་དང་ཡང་དག་པར་ལྡན་ན་ལས་ཐམས་ཅད་བྱེད་པ། ཇི་ལྟར་སྟོན་ཀའི་སྤྲིན་བཞིན་དུ་བགེགས་ཐམས་ཅད་འཇིགས་པར་བྱེད་པ། གང་ཡང་བདུད་བཞིས་བྱམས་པ་དང་གང་ཡང་ལྷ་
ที่มาและสัญญาอนุญาต
ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด