རལ་པ་གྱེན་བརྫེས་ཀྱི་རྟོག་པ་ཆེན་པོ

ชื่อสันสกฤต (อักษรทิเบต ตามตัวบท) ཨཱུརྡྷ་ཛ་ཊཱ་མ་ཧཱ་ཀལྤ་མ་ཧཱ་བོ་དྷི་སཏྭ་བི་ཀུརྦྦ་ཎ་པ་ཊ་ལ་བི་ས་རཱད་བྷ་ག་བ་ཏཱ་ཨཱརྱ་ཏཱ་རཱ་མཱུ་ལ་ཀལྤ་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๙๔ · หน้า 142b

མཆོག་ཡན་ལག་བཤད། །གི་བང་ཐིག་ལེ་རྣམ་པར་བཀྲ །ཡན་ལག་དམ་པ་ཡོངས་འདུ་བའི། །དགའ་བ་མཆོག་གི་ཡན་ལག་དང་། །ལུས་མེད་གཞོམ་པའི་ཆེད་དུ་བྱས། །ཡན་ལག་ཆགས་པ་བྱས་མཐའ་ལས། །ཁྲུས་ནི་སྟུག་པོས་མི་འཕོ་བས། །གཞན་དུ་

འཆི་མེད་ལེགས་པ་ནི། །དེ་འོག་ཐལ་མོ་སྦྱར་བ་ཡི། །དུག་གིས་བཏབ་པ་སྨད་པ་ལྟར། །དེ་བཞིན་གཤེགས་པའི་མཆོག་བརྗོད་པའི། །ཆར་ལྡན་ཁྱོད་ཀྱི་ཞལ་དུ་ནི། །སྔོན་ལས་ཁྱོད་ནི་ལམ་གྱི་མགོ། །དྲི་མ་བཞིན་དུ་སྤངས་པ་ཡང་། །མེ་ཏོག་ལྡན་པའི་ཟླ་བ་ལ། །

རྣམ་པར་ཚར་ཕྱིན་ལོངས་སྤྱོད་ལྡན། །བཅིངས་པ་ལྟ་བུར་འདི་རྣམས་ཉིད། །བཙོས་ནས་སྔར་མེད་ཆོ་ག་ཡིས། །བཅུ་པར་ཁྱོད་ནི་ཞི་བ་སྟེ། །མགོན་མེད་འགྲོ་བ་མཐའ་ཡས་ལས། །གང་ཕྱིར་སྲིད་པ་མཐའ་མེད་ཅིང་། །དྲི་མས་ལྷ་དང་ལྷ་མིན་ཡང་། །དེ་ཡི་བརྟུལ་

ཞུགས་ཕན་ཚུན་དུ། །དམ་པའི་སྤྱན་གྱི་འོད་ཀྱིས་སྣང་། །འཁྱིལ་པ་སྤྱན་ཡངས་ཡན་ལག་མཆོག །ཕྱོགས་སུ་ལྷ་རྣམས་གནས་པ་དང་། །མི་རྣམས་བྱང་ཆུབ་རྣམ་སངས་རྒྱས། །རབ་ཏུ་བྱེད་འགྱུར་ཞེས་པ་ནི། །མི་རྣམས་འབྱུང་དང་སྡུད་པའི་ལས། །དེ་ཕྱིར་

རྣམ་པད་ཆུ་སྐྱེས་ནི། །ལྷ་ཡི་ཡན་ལག་དམ་པར་སོན། །དཔའ་བོའི་ཡན་ལག་དཀྲིས་ཆགས་བྲལ། །འཆི་བཞིན་ས་ཡི་ལུས་ཀྱང་འཁོད། །ཀུན་ནས་གཏོད་དང་ཀུན་ནས་སྡུད། །ཡང་དག་ས་དང་ཕྱོགས་དང་ལྡན། །རྣམ་བཞི་མཉམ་པར་བྱང་ཆུབ་ལྡན། །བྱང་ཆུབ་ཤིང་

དྲུང་བདུད་དཔུང་ལས། །རྣམ་པར་རྒྱལ་བ་ཐོབ་པ་དང་། །སངས་རྒྱས་གོ་འཕང་འཕོ་མེད་དང་། །ཀླུ་ཡི་ཤིང་གི་རྩ་བ་རུ། །ཞེ་སྡང་རྩུབ་པོའི་ནགས་རྣམས་ཀྱིས། །རྐང་པ་སྟོང་བུ་མེ་ཡི་ཆེད། །རྨོངས་མུན་དྲི་མ་སྣང་བྱེད་པ། །ཁྲོ་བོའི་མེ་ནི་འབར་བ་ལ། །མི་གཡོ་

རབ་ཏུ་སྦྱིན་པར་བྱེད། །ཕྱག་རྒྱ་རྡོ་རྗེ་ལྟ་བུ་སྒོམ། །གཞལ་བའི་འཁྲི་ཤིང་གཟུགས་བརྙན་བརྟན། །དམར་པོའི་མེ་ནི་འབར་བ་ནི། །འཇིགས་པའི་ཉི་ལྟར་རྣམ་མཛེས་པ། །ཡན་ལག་སྟོབས་བསྐྱེད་ཕྱག་འཚལ་བསྟོད། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

เล่ม ๙๔ · หน้า 143a

སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་རྣམས་ཀྱིས་མངོན་པར་བསྟོད་ནས་རང་གི་སྟན་ལ་འཁོད་དེ། བྱང་ཆུབ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་ཀུན་ཏུ་གཟིགས་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་མ་

ཐག་ཏུ་སེམས་དཔའ་ཆེན་པོའི་ཞལ་གྱི་སྒོ་ནས་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་བྱུང་སྟེ་འོད་ཟེར་དེ་རྣམས་ཀྱིས་གང་གཱའི་བྱེ་མ་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་རྣམས་ཀུན་ཏུ་སྣང་བར་བྱས་པར་གྱུར་ཏོ། །དམྱལ་བ་པའི་སེམས་ཅན་ཐམས་ཅད་ཀྱང་སྐད་ཅིག་དེ་དང་ཡུད་ཙམ་དེ་

ལ་སྡུག་བསྔལ་ཐམས་ཅད་དང་བྲལ་བར་གྱུར་ཏོ། །གང་སངས་རྒྱས་ཀྱི་ཞིང་དེ་རྣམས་སུ་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་ལེགས་སོ། །སེམས་དཔའ་ཆེན་པོ་སྨྲོས་

ཤིག །མཐུ་ཆེན་པོ་སེམས་ཅན་སྡིག་པ་ཅན་ཐམས་ཅད་དཀྱིལ་འཁོར་དུ་དབང་བསྐུར་བ་སྨྲོས་ཤིག །གང་གིས་དེ་ལྟ་བུ་དེ་རྣམས་ཕྱོགས་བཅུ་མཐའ་ཡས་པ་མུ་མེད་པ་རྣམས་སུ་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ཀྱི་ཚོགས་ཀྱིས་ཡོངས་སུ་

བསྐོར་བ་དང་། ལྷན་ཅིག་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་གནང་བ་དང་། ས་ཆེན་པོ་རི་དང་། ནགས་དང་། ཕུག་ཏུ་བཅས་པ་འདི་རབ་ཏུ་གཡོས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་

དབང་ཕྱུག་བྱང་ཆུབ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་སྔགས་བཤད་པར་བརྩམས་སོ། །དང་པོར་རེ་ཞིག་བཅོམ་ལྡན་འདས་མའི་དཀྱིལ་འཁོར་གྱི་སློབ་དཔོན་དམ་ཚིག་མཐོང་བས་སློབ་དཔོན་དང་མཚུངས་

པའི་རྗེས་སུ་གནང་བ་ཐོབ་ཅིང་དད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ། སེམས་ཅན་རྣམས་ཀྱི་སྟོབས་དང་། སྟོབས་མ་ཡིན་པ་ཤེས་པ། སེར་སྣ་མེད་ཅིང་གཡོ་སྒྱུ་མེད་པས་ནག་པོ་མེད་ཅིང་ཧ་ཅང་མི་སྦོམ། ཧ་ཅང་མི་ཕྲ་བ་དྲི་ངན་པ་མེད་པས་དབང་པོ་མ་ཚང་བ་མ་ཡིན་པ། མཛེས་

เล่ม ๙๔ · หน้า 143b

པ། སྙིང་སྟོབས་དང་ལྡན་པས་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། སྙིང་རྗེ་དང་ཡང་དག་པར་ལྡན་པར་གྱུར་པ། སེམས་ཅན་གྱི་དགོངས་པ་དང་། བསམ་པ་ཤེས་པ་དང་། སངས་རྒྱས་

དང་། ཆོས་དང་། དགེ་འདུན་ལ་མངོན་པར་དང་བ། ཆ་མང་པོ་མངོན་པར་ཤེས་པ། གསལ་ཞིང་གསལ་བར་སྨྲ་བ། དཀྱིལ་འཁོར་བྲི་བའི་ལས་ལ་བྱང་བ། རིག་གསུམ་གང་ཡང་རུང་བའི་རིག་པ་ལ་སོགས་པས་སྔོན་དུ་བསྙེན་པ་བྱས་པ། ཕྱག་དང་

དཀྱིལ་འཁོར་གྱི་རབ་ཏུ་སྦྱོར་བ་ཤེས་པ། མཆོད་རྟེན་གྱི་ལས་བྱས་པ། ཧ་ཅང་མི་རྒན་བྱིས་པ་དང་། རིགས་དམའ་བར་སྐྱེས་པ་མ་ཡིན་པ། གཞོན་ཞིང་ལང་ཚོ་དང་ལྡན་པ་དང་། ཚུལ་བཟང་པོའི་སྒྲུབ་པ་པོས་གསང་བའི་དཀྱིལ་འཁོར་བྲི་བར་བྱའོ་ཞེས་སོ། །

དེ་ནས་འདི་ལྟ་བུའི་སློབ་དཔོན་གྱིས་བཅོམ་ལྡན་འདས་མའི་དཀྱིལ་འཁོར་གྱི་ཆོ་ག་བརྩམ་པར་བྱ་སྟེ། ནུས་མེད་འདུལ་ཉེས་མ་ཡིན་པ། །དཀྱིལ་འཁོར་ཡང་དག་རབ་སྦྱར་བྱ། །རྨོངས་པའི་སེམས་དང་ཆགས་ཅན་ལ། །དཀྱིལ་འཁོར་བསྟན་པར་ཡང་མི་བྱ། །གང་ཞིག་

བསླབ་ལ་ཡུད་ཙམ་ཡང་། །ལྷག་པར་འགྲོ་བའི་ལུས་ཅན་དེས། །མཐོ་རིས་ཐར་པ་ཡང་དག་འགྲུབ། །ཡིད་ཀྱི་དབང་ཕྱུག་ཐོབ་པར་འགྱུར། །བྱང་ཆུབ་སེམས་ནི་རྗེས་ཞིག་པའི། །དངོས་གྲུབ་དམིགས་པ་ཉིད་མི་འགྱུར། །བྱང་ཆུབ་རྩ་བར་རིག་ཐོབ་པའི། །

སེམས་དེ་ལས་ནི་ཡང་དག་བརྩམ། །དེ་ནས་དཀྱིལ་འཁོར་སློབ་དཔོན་གྱིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རབ་ཏུ་དང་བའི་སེམས་ཅན་རྣམས། །བདག་ཉིད་ཁོ་ནར་རབ་རྟོགས་བྱ། །དེ་ལ་བསྟན་བྱའི་དཀྱིལ་འཁོར་བྲི། །དེ་ནས་དཀྱིལ་འཁོར་སློབ་

དཔོན་གྱིས། །སྟོབས་ཀྱིས་སྔོན་འདུལ་སི་ཐའི་ལུས། །ཆོ་འཕྲུལ་གྱི་ནི་ཟླ་ཕྱེད་ལ། །གྲོང་དང་གྲོང་ཁྱེར་གྲོང་རྡལ་དང་། །ལྗོངས་རྣམས་སུ་ནི་བྱང་ཤར་གྱི། །ཕྱོགས་ཀྱི་ཆ་རུ་མཆོད་ཡོན་བྱིན། །ས་ཡི་མཐིལ་དུ་དེ་ཇི་ལྟར། །ས་ཕྱོགས་སྔགས་ལ་སྔགས་འགྱུར་བ། །

เล่ม ๙๔ · หน้า 144a

སྣུན་དང་ལྗོན་ཤིག་མེ་ཏོག་བཟང་། །འབྲས་བུ་ཡང་དག་མང་པོ་ཅན། །རྒྱུན་མི་འཆད་པར་འབབ་པའི་ཕྱོགས། །དཀར་དང་སེར་བའི་ས་གཞི་ལ། །གྱོ་མོ་བོང་བ་གསེག་མ་བྲལ། །རྔ་བོ་ཆེ་ཡི་སྒྲ་དབྱངས་དང་། །ལམ་གྱི་བཞི་མདོ་དུར་ཁྲོད་དང་། །

ལྷ་གཞན་ཡོངས་སུ་བཟུང་བ་དང་། །ཤིས་ཤིང་སྡུག་བསྔལ་རྫོགས་སྤངས་ལ། །གང་དུ་ཀུན་ནས་རྒྱང་གྲགས་ལྔའི། །ཚད་དུ་ཆུ་ཀླུང་ལྟེང་ཀ་དང་། །མཚོ་ཕན་ཆུ་བོ་རབ་འབབ་པ། །ལྗོན་ཤིང་མཆོད་རྟེན་ལྷ་ཁང་དང་། །མེ་ཏོག་ཉིད་ནི་དུས་རྒྱུན་དུ། །ཤིན་ཏུ་

རྒྱ་ཆེན་ཡང་དག་ལྡན། །ཆོ་འཕྲུལ་ཕྱོགས་ནི་གང་རུང་ལ། །དེ་ནས་བཅོམ་ལྡན་འདས་མ་ཡི། །དཀྱིལ་འཁོར་སློབ་དཔོན་ས་ཕྱོགས་དེར། །ཉི་མ་གུང་ལ་སོང་ནས་ནི། །རལ་པ་གཅིག་མའི་སྙིང་པོ་ཡི། །མངོན་པར་མཛེས་པའི་ལས་བྱའོ། །ཐོག་མར་རབ་

དག་སེམས་ཅན་ཀུན། །བྱམས་དང་སྙིང་རྗེ་དང་ལྡན་པས། །དཀྱིལ་འཁོར་གནས་དེར་ཡིད་ཀྱིས་དམིགས། །དགེ་བའི་རིག་པ་གདོན་པར་བྱ། །སྒྲོལ་མའི་སྙིང་པོ་དམ་པ་དང་། །དེ་བཞིན་དབྱངས་ནི་རྗེས་སུ་གདོན། །འདིར་ནི་སངས་རྒྱས་མཆོད་དོན་དུ། །དཀྱིལ་

འཁོར་ལུས་ཅན་ཀུན་གྱིས་བྲི། །ཕྱོགས་ཀྱིས་འགྲོ་བའི་གནས་སུ་གནས། །ཐོག་མར་གཏོར་མ་བྱིན་བྱས་ནས། །དྲི་ཡི་ཡམ་ཤིང་ཡང་དག་ལྡན། །གནས་སུ་གནས་པས་ཀུན་ཟོས་ནས། །གོ་རིམས་བཞིན་དུ་སྤྱན་དྲང་བའི། །དབྱངས་ཀྱིས་ཚིག་འདི་བརྗོད་པར་

བྱ། །སློབ་དཔོན་མིང་ནི་ཆེ་གེ་བདག །བཅོམ་ལྡན་འཕགས་མ་སྒྲོལ་མ་ཡི། །དཀྱིལ་འཁོར་དག་ནི་བྲི་བར་འཚལ། །བདག་དང་སེམས་ཅན་ཀུན་གྱིས་གང་། །བདག་མཐར་གདུག་པའི་སེམས་མེད་པ། །བསྐྱེད་ཅིང་བཀུར་སྟིར་བྱེད་པ་དང་། །སངས་

རྒྱས་བསྟན་ལ་རབ་དད་པའི། །སེམས་ཅན་རྣམས་ལ་ཕྱིར་ཞིང་ནི། །མང་དུ་རབ་ཏུ་དད་པའི་ཆེད། །དཀྱིལ་འཁོར་བྲི་བར་བདག་འཚལ་ལོ། །དེ་ལྟར་ལན་གཉིས་ལན་གསུམ་བརྗོད། །དེ་ནས་སེམས་ཅན་དེ་རྣམས་ནི། །དཀྱིལ་འཁོར་གྱི་ནི་སློབ་དཔོན་

เล่ม ๙๔ · หน้า 144b

གྱིས། མཚན་མོ་མཐོང་བ་སྦྱིན་པར་བྱེད། །དེ་ནས་བྲིས་པའམ་གཞན་དུ་སོང་། །ཐོ་རངས་རྨི་ལམ་རྣམ་པར་སྤྱད། །ས་ཡི་ཕྱོགས་དེར་སོང་ནས་ནི། །ཁྲུ་བརྒྱ་ཡི་ནི་ཚད་དུ་ཡང་། །ཀུན་ནས་གྲུ་བཞི་པ་རུ་བྱ། །ཕྱི་རོལ་དཔག་ཏུ་མེད་པ་ཡི། །དཀོན་མཆོག་

གསུམ་གྱི་ཚད་སོང་ནས། །ས་ལ་ཤིང་དང་ཕུབ་མ་དང་། །ཐལ་བ་སོལ་བ་སོ་ཕག་དང་། །སྐྲ་དང་སེན་མོ་མཆོད་སྦྱིན་གྱི། །སོ་ཕག་ནག་པོ་ལ་སོགས་གང་། །གཞན་ཡང་དཀྱིལ་འཁོར་དགེ་བ་ཡི། །མི་དགེའི་ཟུག་རྔུ་ཐམས་ཅད་ཀུན། །ལྷག་མ་མེད་པར་

བས་ལ་ནས་ནི། །ས་ཡི་གོང་བུ་དེ་ཉིད་དུ། །གཞན་ཡང་ཆུ་ཀླུང་ཆེན་པོ་ཡི། །འགྲམ་གཉིས་ས་ནི་སྦྱང་བྱས་ནས། །རབ་ཏུ་བཅུག་སྟེ་ཐོབས་བརྡུང་། །ཙནྡན་ཆུ་ཡིས་ཡང་དག་གཏོར། །དེ་ལྟར་བྱས་ནས་མ་ལྟུང་བའི། །བ་བྱུང་ཙནྡན་ཆུ་བསྲེས་ནས། །ཁྲུ་བརྒྱད་

པ་ཡི་ཕྱོགས་སུ་ནི། །ཕྱི་རོལ་གྱིས་ཀྱང་ཁྲུ་བཅུ་ཡི། །ཚད་དུ་ཡོངས་སུ་སྦྱངས་པ་ལ། །གསོ་སྦྱོང་སྦྱིན་ནས་བྱུག་ཏུ་གཞུག །ཇི་སྲིད་ས་ཡི་ཕྱོགས་དེར་ནི། །ཤིན་ཏུ་འཇམ་ཞིང་ཤིན་ཏུ་ནི། །ལེགས་པར་རྫོགས་པར་སྐྱེས་ཀྱི་བར། །དེ་ལྟར་ཉི་མ་བདུན་དུ་ནི། །

དེ་ནས་ཁྲུ་བཞིའི་ཚད་དུ་ནི། །གྲྭ་བཞི་སེང་ལྡེང་ཕུར་བུ་བརྒྱད། །སོར་མོ་བཅུ་གཉིས་ཚད་དུ་བྱ། །གཞོན་ནུ་མས་བཀལ་སྲད་བུ་ནི། །ཚོན་སྣ་ལྔ་པ་ལེགས་འཇམ་པ། །ཤིན་ཏུ་སྲ་བ་བཅོམ་ལྡན་མའི། །རྩ་བའི་སྙིང་པོ་ལན་བདུན་གྱིས། །བསྔགས་པས་ཕུར་བུ་ལ་

དཀྲིས་ནས། །བདུན་བྱས་སྲོད་ལ་གདབ་པར་བྱ། །དེ་ནས་དཀྱིལ་འཁོར་སློབ་དཔོན་གྱིས། །གཙང་མའི་གོས་ནི་བགོས་པ་ཡིས། །དཀྱིལ་འཁོར་ས་ཡི་དབུས་དེ་རུ། །རྩ་བ་ནག་པོ་མེད་པ་ཡི། །བུམ་བླང་དྲི་ཡི་ཆུ་དང་ནི། །མེ་ཏོག་སྒྲོན་མས་བཀང་བ་ལ། །མགྲིན་པར་མེ་

ཏོག་ཕྲེང་བར་དཀྲིས། །ཨ་མྲའི་ཡལ་འདབ་ཁ་དགབ་བྱ། །པུས་མོ་དག་ནི་ངེས་བཙུགས་ནས། །རྩ་བའི་རིག་པ་བདུན་བྱས་ཏེ། །ཡང་ན་ཉི་ཤུ་རྩ་གཅིག་བརྗོད། །དེ་ནས་ཕྱོགས་བཅུར་ཀུན་བལྟས་ནས། །འདི་ནི་བསྒྲག་བྱ་ཆེ་གེ་དག །གནས་འདིར་སངས་རྒྱས་མཆོད་

เล่ม ๙๔ · หน้า 145a

པའི་ཕྱིར། །སེམས་ཅན་ཀུན་གྱི་ཏིང་འཛིན་ནི། །བསམ་བྱས་དཀྱིལ་འཁོར་བྲིས་པ་འདིར། །སངས་རྒྱས་ཕན་པར་མཛད་པ་ཀུན། །དཀྱིལ་འཁོར་དུ་ནི་བྱོན་པར་མཛོད། །ད་ལྟ་འདིར་ནི་བྱོན་ནས་ཀྱང་། །བདག་གི་མཆོད་ཡོན་བཞེས་སུ་གསོལ། །དེ་དབུས་ཉིད་དུ་བརྟག་བྱ་

བ། །གནས་སུ་བྲིས་པའི་བཅོམ་ལྡན་འདས། །སྤྱན་དྲང་བྱ་ཞིང་ལྷ་རྣམས་ཀྱི། །གནས་མདོར་བསྟན་ནས་བརྗོད་པར་བྱ། །དགའ་ལྡན་དུ་ནི་བྱང་ཆུབ་སེམས། །འཇིག་རྟེན་གཞན་དུ་གང་གནས་པ། །དེ་བཞིན་ཁ་བའི་གནས་སུ་དང་། །གང་ལྡན་པདྨའི་དབང་ཕྱུག་འབྱུང་། །ལྕང་

ལོ་ཅན་དུ་ནོར་དབང་ཕྱུག །ཏེ་སེ་རུ་ནི་བདེ་བྱེད་བཤད། །མཆོད་ཡོན་སྣོད་ནི་བཀང་བ་ཡིས། །དེ་རྣམས་གནས་ནི་རྣམ་བསམ་བྱ། །དེ་ནས་ཞལ་ནི་སྲུབ་བསྙེན་བཀུར། །དཀྱིལ་འཁོར་ལས་རྣམས་ཐམས་ཅད་ལ། །མིང་དང་གནས་ནི་ཡོངས་ཉམས་ན། །ཕྱིན་ཅི་ལོག་ཏུ་ལྡོག་

པར་འགྱུར། །དེ་ལྟར་ཉི་མ་བདུན་དུ་ནི། །ཉིན་རེ་ཉིན་རེ་ཙནྡན་གྱི། །ཆུ་ཡིས་བྱུག་ཏུ་གཞུག་པར་བྱ། །མཚན་མོའི་ཐུན་ལའང་དེ་བཞིན་བྱ། །བར་འདིར་ཡོ་བྱད་ཐམས་ཅད་ནི། །རྣམ་པར་འབྱོར་པར་འགྱུར་བ་ཡིན། །དེ་ལ་འདི་ནི་བརྗོད་བྱ་སྟེ། །དག་པའི་ཤེལ་དང་མཚུངས་པ་

ཡི། །ཕྱེ་མ་རྡོ་རྗེའི་རང་བཞིན་སྐྱེས། །ཛི་བའི་མེ་ཏོག་དང་མཚུངས་པའི། །ཕྱེ་མས་དཀྱིལ་འཁོར་ཀུན་ཏུ་བྲི། །པདྨ་རཱ་ག་ཨུཏྤ་ལ། །ཕྱེ་མ་མཐའ་དག་གིས་གདབ་བྱ། །གུར་གུམ་ཆུ་དང་མཚུངས་པ་དང་། །པུཥྤ་རཱ་ག་ཡི་དཀྱིལ་འཁོར། །ཟར་མའི་མེ་ཏོག་དང་མཚུངས་ཤིང་། །

དེ་བཞིན་མ་ར་ཀ་ཏས་ཀྱང་། །དེ་ཙམ་ཁ་དོག་རིན་ཆེན་མ། །ལྕགས་ཀྱང་རུང་སྟེ་མིང་ཅན་ལྔ། །ཡང་ན་དྲིས་བཏགས་ཕྱེ་མས་སམ། །ཇི་ལྟར་སྙེད་པ་རྣམ་སྤྲུལ་པས། །རབ་བཀུག་རིན་ཆེན་ཕྱེ་མ་ཡིས། །ཡང་དག་པ་ཡི་དངོས་གྲུབ་འདོད། །ནོར་བུ་མཆིང་བུ་མཚུངས་

མིན་གང་། །པདྨ་རཱ་གས་རྣམ་པ་ཀུན། །དཀྱིལ་འཁོར་ཡོ་བྱད་ཐམས་ཅད་ཀྱང་། །སློབ་དཔོན་གྱིས་ནི་གཞོན་ནུ་མའི། །ལག་པས་བྱེད་དུ་གཞུག་པར་བྱ། །བྲམ་ཟེ་རྒྱལ་རིགས་རིགས་སྐྱེས་པ། །བྱང་ཆུབ་སེམས་ནི་བསྐྱེད་པ་དང་། །མ་ནོར་སྐྱེས་པ་རབ་མཛེས་པ། །དབང་

เล่ม ๙๔ · หน้า 145b

པོ་མ་ཚང་མ་ཡིན་པ། །མདོར་ན་བུད་མེད་མཚན་ཉིད་དང་། །ཡང་དག་ལྡན་པར་སྐྱེས་པ་ཡིས། །འདི་འདྲའི་གཞོན་ནུ་མ་གཅིག་གཉིས། །གསུམ་ལ་གསོ་སྦྱོང་སྦྱིན་ནས་ནི། །འོ་མའི་ཟས་ཀྱིས་མངོན་དགའ་བར། །བྱས་ནས་དཀར་པོའི་གོས་བགོས་ཏེ། །དཀྱིལ་

འཁོར་ཡོ་བྱད་ཐམས་ཅད་ནི། །བྱེད་གཞུག་དཀྱིལ་འཁོར་ཡོ་བྱད་ཀུན། །ལེགས་བསགས་སོ་སོར་བརྟགས་པ་ཡིས། །ཆུ་དང་རྣམ་པར་དབེན་པ་དང་། །དགེ་སློང་འདུལ་བ་བྱས་པ་དང་། །ཡོངས་སུ་སྦྱང་བ་བྱས་པ་དང་། །གཙང་སྦྲའི་སྤྱོད་པ་སྔོན་འགྲོ་བས། །

སློབ་དཔོན་རང་གི་ལྷག་གནས་ཆེད། །ཕྱེ་མ་ཐམས་ཅད་བདུག་པ་བྲི། །གཏོར་མ་དང་ནི་མར་རྣམས་ནི། །ཆོ་ག་ཅན་གྱིས་བྱེད་དུ་གཞུག །དེ་ནས་སློབ་དཔོན་ཡོ་བྱད་ཀུན། །ཚོགས་ནས་དཀྱིལ་འཁོར་རང་ཉིད་བྲེ། །སློབ་མ་ཡོངས་སུ་བཟུང་བར་གྱིས། །དེ་

རྣམས་སངས་རྒྱས་ཆོས་དང་ནི། །དགེ་སློང་དགེ་འདུན་ལ་རབ་དང་། །ཡན་ལག་ཆ་ཤས་ཀུན་རྫོགས་པ། །བདེན་པར་སྨྲ་དང་སྤོམ་པ་མིན། །མཛེས་པ་མཐོང་དང་ཁ་དོག་གཙིགས། །གཟུང་བར་མི་བྱ་གཅིག་གཉིས་གསུམ། །བཅྭ་བརྒྱད་དང་ནི་གཞན་བཅུ་དྲུག །

དེ་རྣམས་སྐྱབས་གསུམ་ཡོངས་སུ་འཛིན། །བྱང་ཆུབ་སེམས་ནི་བསྐྱེད་པ་དང་། །འོ་མའི་སྟོན་མོ་བཟའ་བ་དང་། །འོ་མའི་ཤིང་ལས་བྱུང་བ་ཡི། །སོ་ཤིང་སོར་མོ་བརྒྱད་ཀྱི་ཚད། །བཅོམ་ལྡན་རྩ་བའི་སྙིང་པོ་ཡིས། །ལན་ནི་ཉི་ཤུ་རྩ་བདུན་དུ། །མངོན་པར་

བསྔགས་ནས་བ་ཡི་གཅིན། །རབ་སྦྱར་མཚན་མོའི་ཐུན་མཚམས་སུ། །དཀྱིལ་འཁོར་ས་གཞི་ཕྱི་རོལ་དུ། །ཤར་དུ་མངོན་ཕྱོགས་ཀུ་ཤ་ཡི། །ཁྲེས་ལ་རིམ་པས་ཉེར་འདུག་ནས། །སྙིང་པོ་རེ་རེ་ལག་པར་བྱིན། །རྩ་བའི་སྙིང་པོ་ལན་བདུན་བཟླས། །

གཙུག་ཏོར་བཅིང་ལའང་བདུན་བཟླས་བྱ། །དེ་ནས་སོ་ཤིང་དེ་རྣམས་ལ། །བྱིན་ནས་རང་རང་སོ་ཤིང་བཟའ། །རལ་གཅིག་མ་ཡི་སྙིང་པོ་ཡིས། །ལན་བདུན་བསྔགས་པའི་དྲི་ཡི་ཆུས། །སྤྱི་བོར་མངོན་པར་གཏོར་བར་བྱ། །དེ་ནས་དེ་རྣམས་ལ་བརྗོད་བྱ། །

เล่ม ๙๔ · หน้า 146a

བཅོམ་ལྡན་འཕགས་པ་སྤྱན་རས་གཟིགས། །དབང་ཕྱུག་མཆོག་གི་ཐུགས་རྗེ་ཅན། །ཆེན་པོའི་མཆོག་ནི་སྦྱིན་པ་པོ། །བསྒྲལ་དཀའ་སྒྲོལ་བ་དྲན་པར་གྱིས། །བཅོམ་ལྡན་འདས་མ་སྒྲོལ་མ་ཡང་། །རིག་པའི་རྒྱལ་མོ་ཆེན་མོ་སྟེ། །སངས་རྒྱས་བྱང་ཆུབ་

སེམས་དཔའ་ཀུན། །སྐྱེད་པར་བྱེད་མ་དྲན་པར་གྱིས། །དེ་ཡི་འོག་ཏུ་སློབ་དཔོན་གྱིས། །སློབ་མ་དེ་རྣམས་ཀུན་ལ་ནི། །འདོད་ཆགས་བྲལ་དང་ལྡན་པའི་ཆོས། །བརྟན་པར་བྱས་ནས་དེ་རྣམས་མདུན། །ཤེས་རབ་ཕ་རོལ་ཕྱིན་བཀླག་བྱ། །དེ་ལྟ་བུ་ཡི་ཆོ་ག་ཡིས། །བུད་

མེད་རྣམས་ཀྱང་ཡོངས་གཟུང་བྱ། །ལངས་ནས་བུ་མོས་བཀལ་བ་ཡིས། །སྲད་བུ་ཚོན་སྣ་ལྔ་པ་ནི། །མི་མཉམ་རྒྱུད་དུ་བསྒྲིམ་པ་ལ། །དྲི་ཡི་ཆུ་ཡིས་མངོན་བཀྲུས་ནས། །རེ་རེར་པདྨའི་བགྲང་ཕྲེང་གིས། །བསང་གཏོར་བྱས་ནས་རྩ་བ་ཡི། །སྙིང་པོ་ལན་གྲངས་ཉེར་གཅིག་

ཏུ། །མངོན་བསྔགས་དེ་ལ་འདིར་བརྗོད་བྱ། །དཔལ་གྱི་གཞི་ནི་ཡོད་པའི་ཕྱིར། །སངས་རྒྱས་རྣམས་ཀྱི་ཞབས་མཚན་མ། །བྱང་ཆུབ་སེམས་དཔའ་འབྱུང་བ་སྟེ། །པདྨའི་བགྲང་ཕྲེང་དེ་ཕྱིར་བསྔགས། །དེ་ནས་སློབ་དཔོན་རང་ཉིད་ཀྱིས། །སློབ་མ་རྣམས་ལ་ཆ་ཕྲ་མོས། །ལག་

པ་ལ་ནི་བཅིང་བར་བྱ། །སློབ་མ་རྣམས་ལ་གང་ཁོ་ན། །དེ་ཉིད་སློབ་མ་བདག་ཉིད་བྱ། །དེ་ནས་དཀྱིལ་འཁོར་ལྷག་གནས་པ། །ཤར་དུ་མངོན་ཕྱོགས་བླ་གོས་ནི། །ཕྲག་པ་གཅིག་ཏུ་བྱས་ནས་ནི། །པུས་མོ་གཡས་པའི་ལྷ་ང་ནི། །ས་ལ་རབ་ཏུ་བཙུགས་བྱས་ཏེ། །རྩ་བའི་

ཕྱག་རྒྱ་བཅིང་བ་དང་། །རྩ་བའི་རིག་པ་བཟླས་པར་བྱ། །སངས་རྒྱས་བྱང་ཆུབ་ཐམས་ཅད་དང་། །རང་རྒྱལ་འཕགས་པ་ཉན་ཐོས་དང་། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །ལྷ་མིའི་དྲི་དང་མེ་ཏོག་གི །ཕྲེང་བ་ཡོངས་སུ་འཛིན་པ་ཡིས། །ཀུན་ལ་གསོལ་བ་གདབ་པར་བྱ། །

དཀྱིལ་འཁོར་གྱི་ནི་སློབ་དཔོན་བདག །ཆེ་གེ་མོ་ཞེས་བྱ་བ་ཡིས། །བཅོམ་ལྡན་འཕགས་མ་སྒྲོལ་མ་ཡི། །དཀྱིལ་འཁོར་བྲི་བར་འཚལ་ལགས་ན། །དེ་དག་རང་ཉིད་བྱོན་པར་མཛོད། །སངས་རྒྱས་བཅོམ་ལྡན་འདས་ཀུན་དང་། །བྱང་ཆུབ་སེམས་དཔའ་རང་སངས་རྒྱས། །ཉན་

เล่ม ๙๔ · หน้า 146b

ཐོས་ལྷ་ཀླུ་གནོད་སྦྱིན་དང་། །དྲི་ཟ་ལྷ་མིན་ནམ་མཁའ་ལྡིང་། །མིའམ་ཅི་དང་ལྟོ་འཕྱེ་ཆེ། །རང་གི་རིག་པ་སྔགས་ཚོགས་ཀྱིས། །ཡོངས་བསྐོར་སེམས་ཅན་ཐམས་ཅད་ལ། །རྗེས་སུ་བརྩེ་བས་བྱོན་ནས་ཀྱང་། །བདག་ལ་རྗེས་སུ་གནང་བར་མཛོད། །དེ་ལྟར་ཡང་གཉིས་ཡང་

གསུམ་དུ། །དེ་ནས་དཀྱིལ་འཁོར་སློབ་དཔོན་གྱིས། །རྩ་བའི་རིག་པ་བཟླས་པ་དང་། །དཀྱིལ་འཁོར་ས་གཞི་ལ་བལྟས་ནས། །དབུས་སུ་མེ་ཏོག་ཕྲེང་བ་དོར། །གལ་ཏེ་མེ་ཏོག་ཕྲེང་གཡོ་བྱེད། །དེ་ནས་བྱོན་པར་ཤེས་པར་བྱ། །དེ་ནས་སངས་རྒྱས་བྱང་སེམས་ལ། །དྲི་ཡི་

ཆུ་ཡིས་མཆོད་ཡོན་དང་། །མེ་ཏོག་ཕུལ་ཅིག་དེ་ནས་ནི། །ཁྲུ་བརྒྱའི་ཕྱི་རོལ་ས་གཞི་ལ། །ཡོངས་སུ་སྦྱང་བ་བྱས་པ་རུ། །ཨ་པཱ་མརྒའི་ཡམ་ཤིང་གིས། །མེ་ནི་རབ་ཏུ་སྦར་བྱས་ནས། །ཤར་དུ་མངོན་ཕྱོགས་ཀུ་ཤ་ཡིས། །རྩ་བའི་སྙིང་པོ་སྦྲང་རྩི་ཞོ། །མར་གྱི་སྲེག་བླུགས་

བརྒྱད་བརྒྱར་དབུལ། །དེ་ནས་སངས་རྒྱས་བྱང་སེམས་དང་། །ལྷ་རྣམས་ལ་ཡང་མཆོད་ཡོན་དབུལ། །དེ་ནས་དཀྱིལ་འཁོར་ཕྱོགས་བཞི་རུ། །གསོ་སྦྱོང་ཡོངས་སུ་བླངས་པ་ཡིས། །སྐྱེས་བུ་སྲུང་བའི་ཕྲེང་བ་དང་། །དབང་པོ་ཚང་བ་གཞག་པར་བྱ། །དེ་ལ་འདིར་ནི་བརྗོད་བྱ་སྟེ། །གང་

ཞིག་རྣམ་པ་གཞན་བྱ་བ། །སྐྱོང་བ་བྲལ་བར་འགྱུར་བ་སྟེ། །དཀྱིལ་འཁོར་དམ་ཚིག་བརྒྱད་རྣམས་ནི། །ཡང་དག་འབྱུང་བར་མི་འགྱུར་རོ། །དེ་ཕྱིར་ཆོ་ག་བྱས་པ་ཡིས། །སློབ་མས་དམ་ཚིག་ཤེས་པར་འགྱུར། །དེ་ནས་དཀྱིལ་འཁོར་སློབ་དཔོན་གང་། །རབ་གནས་སློབ་མས་ཐབས་ཅིག་

ཏུ། །སོང་ནས་ཀུ་ཤ་བཏིང་བ་ལ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ཀུན་རྗེས་སུ་དྲན་པ་ཡིས། །གཡས་པའི་གཞོགས་ཀྱིས་ཉལ་བར་བྱ། །དེ་ནས་ཐོ་རངས་སློབ་དཔོན་གྱིས། །གཙང་མ་ཤར་དུ་ཁ་ཕྱོགས་པས། །རྨི་ལམ་རྣམ་པར་དཔྱད་པར་བྱ། །དེ་ལ་འདི་ནི་བརྗོད་

བྱ་སྟེ། །གང་ཞིག་ཙནྡན་བིལ་བ་སོགས། །ཨུ་དུམ་བཱ་ར་སོགས་ནྱ་གྲོ་དྷ། །རྒྱལ་མཚན་ཕྲེང་བས་ཁྱབ་པ་དང་། །རྨི་ལམ་རབ་ཏུ་དད་པའང་རུང་། །ཁ་ཅིག་མེ་ལྕེ་མཛེས་པ་དང་། །དེ་ལྟར་མཐོང་བ་དེ་དངོས་གྲུབ། །མཆོག་གི་བར་དུའོ་ངང་པ་དང་། །ཀཱ་རཎྜ་བ་ཀྲུང་ཀྲུང་དང་། །

เล่ม ๙๔ · หน้า 147a

རྨ་བྱ་རོ་ཧ་ཎ་རྣམས་ནི། །གང་ཞིག་དེ་ལྟ་བུ་མཐོང་འགྱུར། །རྨི་ལམ་བར་མའི་དངོས་གྲུབ་དེ། །མྱུར་བ་ཁོ་ནར་འབྱུང་བར་འགྱུར། །མ་འམ་ར་ཧ་ཎ་ཡང་རུང་། །དེ་བཞིན་པི་ཝང་ཐོགས་པ་དང་། །ཀུཎྜ་ལ་སོགས་པ་ཡང་རུང་། །དེ་བཞིན་ཨ་སོགས་དྷི་མཐོང་ན། །

གང་ཡང་རྨི་ལམ་མཐོང་བྱེད་པ། །མི་རྣམས་ཐ་མའི་དངོས་གྲུབ་དེ། །སྒྲོལ་མའི་རྟོག་པར་ངེས་པར་བསྟན། །གཏུམ་པོ་ཁྱི་ཡི་ལག་པ་རྣམས། །གང་གིས་མཐོང་བར་གྱུར་པ་དང་། །བོང་བུ་རྔ་མོ་ཤིང་རྟ་སོགས། །མཐོང་དང་རིག་པ་ཉིད་སོགས་སམ། །རྒྱ་སྐྱེགས་ཏིལ་མར་

གྱིས་རེག་པ། །གང་གིས་རྨི་ལམ་དུ་འཇུག་པ། །དེ་ཡི་དངོས་གྲུབ་ངེས་པར་གནས། །དམ་ཚིག་ཙམ་དུ་འབྱུང་བར་འགྱུར། །དེ་ལྟ་བུ་སོགས་ཡོན་ཏན་ལྡན། །རྨི་ལམ་བློ་ཡིས་རྣམ་དཔྱད་ནས། །དེ་ལྟར་རབ་བློ་གང་ཤེས་ནས། །སློབ་མ་དེ་ལ་རྨི་ལམ་གྱི། །ལུང་དུ་ཡང་

ནི་བསྟན་པར་བྱ། །དེ་ནས་དཀྱིལ་འཁོར་སློབ་དཔོན་ནི། །གལ་ཏེ་ཁྱིམ་གནས་གྱུར་པའམ། །དགེ་སློང་དགེ་སློང་མ་དང་ནི། །དགེ་བསྙེན་དགེ་བསྙེན་མ་ཡང་རུང་། །ཆེན་པོ་དེ་རྣམས་གསོ་སྦྱོང་ནི། །བཟུང་སྟེ་ཕྱི་ནས་སློབ་མ་རྣམས། །གསོ་སྦྱོང་ཡང་དག་གུས་པར་བྱ། །

སློབ་མ་རྨི་ལམ་མི་དགེ་བ། །བསྟན་བྱ་སྔོན་དུ་སྦྱིན་སྲེག་བྱ། །དེ་ནས་དཀྱིལ་འཁོར་སློབ་དཔོན་ནི། །སྔ་མ་ཁོ་ན་རས་དང་ནི། །རས་རིས་མཐར་ནི་ཨ་ལཱ་ས། །ཟངས་ལས་འབྱུང་བར་བ་ཞུགས་ཏེ། །ཡང་དག་འཇོག་པར་བྱེད་དུ་གཞུག །དེ་ནས་དཀྱིལ་འཁོར་ས་གཞི་ལ། །ཙནྡན་

ཆུ་ཡིས་ལེགས་པར་བྱུག །སློབ་མ་ཐམས་ཅད་གནས་ཅིག་ཏུ། །སྙིང་པོས་བསྲུང་བ་བྱས་ནས་ནི། །དཀྱིལ་འཁོར་ཕྱི་ཡི་གནས་གཅིག་ཏུ། །ཉེར་འདུག་དམ་ཚིག་ཤེས་པ་རྣམས། །ནང་དུ་རབ་ཏུ་གཞུག་པར་བྱ། །དེ་ནས་ཉི་མ་ནུབ་དུས་སུ། །དཀྱིལ་འཁོར་ཐིག་ནི་གདབ་པར་བྱ། །

བུ་མོས་བཀལ་བའི་སྲད་བུ་ནི། །ཚོན་སྣ་ལྔ་པ་རྩ་བ་ཡི། །སྙིང་པོ་ལན་བདུན་བསྔགས་བྱས་ཏེ། །དབང་ལྡན་ཕྱོགས་ནས་བརྩམས་ནས་ནི། །ཕུར་བུ་དེ་རྣམས་སྲད་བུས་བཅིངས། །དེ་དག་ཐམས་ཅད་ཁྲུ་ཡི་ཚད། །གསུམ་བྱས་སྲད་བུས་ཡོངས་དཀྲི་བྱ། །ཕྱི་ནས་

เล่ม ๙๔ · หน้า 147b

ཀུན་ཏུ་དུང་དང་ནི། །རྔ་བོ་ཆེ་དང་རྫ་རྔ་དང་། །འཁར་རྔ་རྣམ་པ་སྣ་ཚོགས་པའི། །འཁར་བ་དང་ནི་ཕེག་རྡོབ་རྣམས། །ཀུན་ནས་འཁྲོལ་བར་བྱེད་དུ་གཞུག །གདུགས་དང་རྒྱལ་མཚན་བ་དན་སོགས། །ཕྱི་རོལ་དུ་ནི་དགྲམ་པར་བྱ། །དཀྱིལ་འཁོར་གྲུ་བཞི་སྒོ་བཞི་པ། །ཚོན་སྣ་ལྔ་

པའི་ཐིག་སྐུད་ཀྱིས། །ཁྲུ་བརྒྱར་བྱས་ནས་ཐིག་གདབ་བྱ། །དེ་ལམ་དཀྱིལ་འཁོར་གཉིས་པ་སྟེ། །དེ་ནས་ཁ་དོག་ཐམས་ཅད་པ། །རྩ་བའི་ཕྱག་རྒྱ་བཅིངས་ནས་ནི། །རྩ་བའི་རིག་པ་བརྒྱད་བརྒྱར་བཟླས། །དེ་ནས་དཀྱིལ་འཁོར་སློབ་དཔོན་ནི། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །

རང་སངས་རྒྱས་དང་འཕགས་པ་ཡི། །ཉན་ཐོས་དགེ་འདུན་རྣམས་ལ་ནི། །ཕྱག་བྱས་དཀྱིལ་འཁོར་ཁོར་ཡུག་ཏུ། །རྒྱང་གྲགས་ལྔ་པ་ལྷག་གནས་ཆེ། །རལ་པ་གཅིག་པའི་སྙིང་པོ་ཡིས། །གདུག་པའི་སེམས་ཅན་ཐམས་ཅད་ཀྱི། །སེམས་ནི་བཅིང་བར་བྱ་བའོ། །དཀྱིལ་འཁོར་

ཡང་ནི་ཐམས་ཅད་ཀྱི། །སློབ་དཔོན་གྱི་ནི་ཡོ་བྱད་རྣམས། །རལ་གཅིག་སྙིང་པོ་ཉིད་ཀྱིས་ནི། །ཐོག་མར་བསྲུང་བ་བྱས་ནས་ནི། །བྱང་ཤར་ཕྱོགས་ནས་བརྩམས་བྱས་ཏེ། །ཚངས་པའི་ཐིག་ནི་གདབ་པར་བྱ། །རྩ་བའི་རིག་པ་ཟློས་པ་ཉིད། །དཀྱིལ་འཁོར་ཐམས་ཅད་མཁས་པས་བྲིས། །

ཡོངས་སུ་བཅད་ཅིང་ལུས་དཀར་བའི། །སློབ་དེ་དེ་བཞིན་གཤེགས་རྣམས་ལ། །ཕྱག་བྱ་རིན་ཆེན་ཕྱེ་མས་སོ། །པདྨའི་རིགས་ལ་ཕྱག་བྱས་ཏེ། །ཕྱེ་མ་སེར་པོས་བཅོམ་ལྡན་མ། །འཕགས་མ་སྒྲོལ་མ་ཕྱག་བྱས་ནས། །ལྗང་གུ་རྣམས་ཀྱིས་ཉན་ཐོས་ཀུན། །རང་སངས་རྒྱས་ཀུན་ཕྱག་བྱས་ནས། །

ནག་པོས་རྡོ་རྗེའི་རིགས་ལའོ། །དེ་ལྟར་དང་པོས་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་བའི་སྙིང་པོར་རོ། །ཕྱི་ནས་གཉིས་ལ་ཁྲུ་གཉིས་ཀྱི་ཚད་དུ་རབ་ཏུ་འཇུག་པར་བྱེད་པའོ། །གསུམ་པ་མཐོ་གང་པ་དེའི་ཉིས་འགྱུར་རོ། །དེ་ལྟར་ཐམས་ཅད་དུ་རིམ་གྱིས་བྲིས་ནས་ནང་གི་དཀྱིལ་འཁོར་དུ་བྲི་བར་འདོད་པས་སངས་རྒྱས་

བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་དང་རང་སངས་རྒྱས་ཐམས་ཅད་དེར་རང་བྱོན་པར་མཛད་དུ་གསོལ། །འབྲུ་ཐམས་ཅད་དང་རིན་པོ་ཆེ་ཐམས་ཅད་དང་སྨན་ཐམས་ཅད་དང་། དྲི་དང་མེ་ཏོག་ཐམས་ཅད་དང་། ཙནྡན་གྱི་ཆུས་ཡོངས་སུ་བཀང་བ། མཱ་ཥའི་ཡལ་འདབ་ཀྱིས་ཁ་བཀབ་པ། དུ་ཀུ་ལའི་རས་

เล่ม ๙๔ · หน้า 148a

དཀར་པོས་མགྲིན་པ་བཅིངས་པ། གསེར་དང་དངུལ་ལས་བྱུང་བ། དཀྱིལ་འཁོར་དེའི་ཡོ་བྱད་ཐམས་ཅད་རིས་གཉིས་པའི་མཐར་མེ་ཏོག་གི་ཕྲེང་བས་དཀྲིས་ནས་རྩ་བའི་རིག་པས་བསྔགས་པ་དེ་རྣམ་པར་རྒྱལ་བའི་བུམ་པ་ཞེས་བྱ་བ་སྟེ། སྙིང་པོའི་དཀྱིལ་འཁོར་

གྱི་དབུས་སུ་གཞག་པར་བྱའོ། །དེ་ལ་འདི་བརྗོད་པར་བྱ་སྟེ། དམ་ཚིག་དོན་དང་བསོད་ནམས་དོན། །འདོད་དོན་སོ་སོར་དམིགས་བྱེད་དུ། །སྡོམ་པ་གཟུང་བར་བྱས་གྱུར་ནས། །གང་དུ་གནས་པ་ཐམས་ཅད་ནས། །དཀྱིལ་འཁོར་མཆོག་འདི་བྲི་བར་བྱ། །གཞན་གྱིས་མི་ཐུབ་

ཐུགས་རྗེ་ཆེ། །སངས་རྒྱས་བྱམས་པ་སྤྱན་མར་བཅས། །འདི་རྣམས་མིང་ནི་ཀུན་དྲངས་ནས། །དེ་བཞིན་གཤེགས་པ་བྲི་བར་བྱ། །འཇིག་རྟེན་གསུམ་རྒྱལ་དཀར་མོར་གྲགས། །དེ་བཞིན་དུ་ནི་ཁྲོ་གཉེར་ཅན། །ཁྲོས་མ་ཞེས་ནི་གྲགས་པ་སྟེ། །འདི་རྣམས་མིང་ནི་ཀུན་དྲན་

ནས། །སྤྱན་རས་གཟིགས་ནི་བྲི་བར་བྱ། །རིག་པ་མཆོག་ལས་སླར་འཇིགས་བྱེད། །རྡོ་རྗེ་སེར་སྐྱ་རྡོ་རྗེ་ནི། །དྲག་པོར་བཞེད་དང་སེང་གེ་དང་། །དེ་བཞིན་རྡོ་རྗེ་ཁུ་ཚུར་ཉིད། །འདི་རྣམས་མིང་ནི་ཀུན་ནས་ནི། །ཕྱག་ན་རྡོ་རྗེ་ཀུན་ཏུ་བྲི། །དེ་ནས་དཀྱིལ་འཁོར་སློབ་དཔོན་

གྱིས། །སྙིང་པོའི་དཀྱིལ་འཁོར་གྱི་དབུས་སུ་ཕྱེ་མ་དཀར་པོ་དང་། ཡུངས་ཀར་དཀར་པོ་བསྲེས་པས་སངས་རྒྱས་བཅོམ་ལྡན་འདས་རིན་པོ་ཆེའི་སེང་གེའི་གདན་ལ་ཉེ་བར་བཞུགས་པ་ཆོས་སྟོན་པར་མཛད་བཞིན་པ། འོད་ཀྱི་དཀྱིལ་འཁོར་འོད་ཀུན་ཏུ་འཕྲོ་བ། གཙུག་ཏོར་ནས་འོད་

ཟེར་འབྱུང་བཞིན་པའི་བཅོམ་ལྡན་འདས་རྣམ་པ་མཆོག་ཐམས་ཅད་དང་ལྡན་པ་སྐྱེས་བུ་ཆེན་པོའི་མཚན་གྱིས་བརྒྱན་པ་དང་པོར་བྲིས་ཤིང་། བཅོམ་ལྡན་འདས་ཀྱི་སྟེང་གི་གཞོགས་གཉིས་སུ་ཕྱེ་མ་སེར་པོ་དང་། པདྨ་གེ་སར་ཕན་ཚུན་བསྲེས་པས་གཙུག་ཏོར་གྱི་རྒྱལ་པོ་རྣམས་ཀུན་

ནས་འབར་བའི་ཕྲེང་བས་འཁྲུགས་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོའི་གཟུགས་དང་། ཆ་བྱད་དང་། དབྱིབས་ཀྱི་རྣམ་པ་ཅན་རབ་ཏུ་དང་བའི་སྐུ་དེ་བཞིན་གཤེགས་པ་ལ་མངོན་པར་ཕྱོགས་པ། ས་བོན་གྱིས་གང་བ་དང་། འབྲས་བུ་ཕྱག་ན་བསྣམས་པ་ལ་འདི་ལྟ་སྟེ། བཅོམ་

เล่ม ๙๔ · หน้า 148b

ལྡན་འདས་རྒྱལ་བའི་གཙུག་ཏོར་དང་། འཁོར་ལོས་སྒྱུར་བ་དང་། ཀུན་ནས་འབར་བའི་གཙུག་ཏོར་དང་། གདུགས་དཀར་པོ་དང་། གཟི་བརྗིད་ཕུང་པོ་དང་། ནོར་བུའི་ཕུང་པོ་དང་། གསེར་གྱི་ཕུང་པོ་དང་། རྣམ་པར་གྲགས་པའི་ཕུང་པོ་དང་། ཀུན་ནས་ཕུང་པོ་དང་། ཉོན་

མོངས་པ་དང་། ཉེ་བའི་ཉོན་མོངས་པའི་ཕུང་པོ་དང་། མ་ནོར་བ་དེ་བཞིན་ཉིད་ཀྱི་ཕུང་པོ་དང་། རྟག་པའི་ཕུང་པོ་དང་། དངོས་པོ་མེད་པའི་རང་བཞིན་གྱི་ཕུང་པོ་དང་། ཐམས་ཅད་ཕུང་པོ་དང་། སྒྲ་དབྱངས་སྙན་པའི་ཕུང་པོ་དང་། འཇིག་རྟེན་གསུམ་པའི་ཕུང་པོ་དང་། མཐའ་

ཡས་ཕུང་པོ་དང་། བསོད་ནམས་ཕུང་པོ་དང་། ལྷའི་ཕུང་པོ་ཞེས་པ་འདི་རྣམས་གཡས་ཀྱི་གཞོགས་སུ་ཉེ་བར་བཞུགས་པའོ། །གཡོན་དུ་འདི་ལྟ་སྟེ། བཅོམ་ལྡན་འདས་རྒྱལ་བའི་གཙུག་ཏོར་དང་། མངོན་པར་འཕགས་པ་དང་། རྣམ་པར་རྒྱལ་བའི་གཙུག་ཏོར་དང་།

མངོན་པར་མཐོ་བ་དང་། སའི་འདབ་མ་དང་། འདབ་མ་བརྒྱ་པ་དང་། འདབ་མ་སྟོང་པ་དང་། འོད་ཟེར་དང་། འོད་ཟེར་ཆེན་པོ་དང་། དྲི་མ་མེད་པའི་འོད་ཟེར་དང་། བཀོད་པའི་འོད་ཟེར་དང་། དཀར་པོའི་འོད་ཟེར་དང་། པདྨའི་འོད་ཟེར་དང་། བཀོད་པའི་གཙུག་ཏོར་དང་།

བདུད་བཞིའི་རྣམ་པར་འདུལ་བའི་གཙུག་ཏོར་དང་། གཙུག་ཏོར་མངོན་པར་འཕགས་པ་དང་། བསམ་གྱིས་མི་ཁྱབ་པའི་གཙུག་ཏོར་ཞེས་པ་འདི་རྣམས་དང་། དེ་བཞིན་གཤེགས་པའི་ནུས་པ་དང་། ལུང་བསྟན་པ་ཞེས་གཙུག་ཏོར་གྱི་རྒྱལ་པོ་འདི་རྣམས་གཡོན་གྱི་སྟེང་དུ་བྲི་

བར་བྱའོ། །གཙུག་ཏོར་འཁོར་ལོས་སྒྱུར་བའི་ཉེ་ལོགས་སུ་ཕྲེང་གཅིག་ལ་བརྟེན་པའི་རིག་པའི་རྒྱལ་མོ་ཆེན་མོ་བརྒྱད་བྲི་སྟེ། བཅོམ་ལྡན་འདས་མ་སྤྱན་མ་དང་། མཛོད་སྤུ་དང་། ཟླ་བ་དང་། སྙིང་རྗེ་མ་དང་། བྱམས་པ་མ་དང་། མི་འཇིགས་མ་དང་། ལུང་བསྟན་མ་དང་།

དེ་བཞིན་གཤེགས་པའི་ནུས་པ་ཞེས་བྱ་བ་འདི་རྣམས་པདྨའི་གདན་ལ་གནས་པ། འབར་བའི་ཕྲེང་བའི་འཁྲུགས་པ་རབ་ཏུ་དང་བའི་སྐུ་དེ་བཞིན་གཤེགས་པའི་དྲི་མ་དང་། དེ་བཞིན་གཤེགས་པའི་འོད་ཀྱི་དྲ་བ་དང་། དེ་བཞིན་གཤེགས་པའི་ཀུན་ཏུ་སྣང་བ་དང་། དེ་བཞིན་གཤེགས་

เล่ม ๙๔ · หน้า 149a

པའི་སྙིང་པོ་དང་། དེ་བཞིན་གཤེགས་པའི་ཉེ་བའི་སྙིང་པོ་ཞེས་པ་འདི་རྣམས་པདྨའི་གདན་ལ་གནས་པ་འབར་བའི་ཕྲེང་བས་འཁྲུགས་པ། རབ་ཏུ་དང་བའི་སྐུ་ཅུང་ཟད་དེ་བཞིན་གཤེགས་པ་ལ་ངེས་པར་རྟོག་བཞིན་པ། རང་གི་གཟུགས་ལས་རབ་ཏུ་སྣང་བའི་སྐུ་

བྲིའོ། །གཙུག་ཏོར་འཁོར་ལོས་སྒྱུར་བའི་འོག་ཏུ་དེ་བཞིན་གཤེགས་པའི་ཁྲོ་བོ་གཞན་གྱིས་མི་ཐུབ་པ་ཆེན་པོ་ཁྲོ་བོའི་གཟུགས་ཅན་པདྨའི་གདན་ལ་བཞུགས་པ། ཀུན་ནས་འོད་ཀྱི་དཀྱིལ་འཁོར་ཅན། རྩེ་གསུམ་དང་ཞགས་པས་ཕྱག་བྲེལ་བ། ཅུང་ཟད་དེ་བཞིན་གཤེགས་

པའི་གཟུགས་བརྙན་ལ་བལྟ་བའོ། །གཞན་དུ་རྒྱལ་བའི་གཙུག་ཏོར་གྱི་ཉེ་ལོགས་སུ་ཕྲེང་གཅིག་ལ་བརྟེན་པའི་རིག་པའི་རྒྱལ་མོ་ཆེན་མོ་བརྒྱད་ལ་འདི་ལྟ་སྟེ། བཅོམ་ལྡན་འདས་མ་གཞན་གྱིས་མི་ཐུབ་མ་དང་། ཕྱི་ནས་དགེ་སྦྱོང་མ་དང་། དེ་བཞིན་གཤེགས་པའི་མཛེས་

མ་དང་། སངས་རྒྱས་དཀར་མོ་དང་། དེ་བཞིན་གཤེགས་མ་སེམས་མ་དང་། དེ་བཞིན་གཤེགས་པ་ལྕགས་ཀྱུས་འགུགས་མ་ཞེས་པ་འདི་རྣམས་པདྨའི་གདན་ལ་གནས་པ། འོད་ཀྱི་དཀྱིལ་འཁོར་གྱི་སྐུའོ། །དེ་བཞིན་གཤེགས་པ་ལ་མངོན་པར་ཕྱོགས་པའོ། །

འདི་རྣམས་ཀྱི་སྟེང་དུ་གསང་སྔགས་ཀྱི་རྒྱལ་པོ་བརྒྱད་ལ་འདི་ལྟ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་མཐའ་དང་། དེ་བཞིན་གཤེགས་པའི་ཀུན་ཏུ་སྣང་བ་དང་། དེ་བཞིན་གཤེགས་པའི་མཁྱེན་པ་དང་། དེ་བཞིན་གཤེགས་པའི་འཇིག་རྟེན་གསུམ་དང་། དེ་བཞིན་

གཤེགས་པའི་འདུས་པ་དང་། དེ་བཞིན་གཤེགས་པའི་སྐུ་དང་། དེ་བཞིན་གཤེགས་པའི་སྤྲུལ་པ་དང་། དེ་བཞིན་གཤེགས་པའི་འཇིག་རྟེན་ཞེས་པ་འདི་རྣམས་ཀུན་ནས་འོད་ཀྱི་དཀྱིལ་འཁོར་གྱིས་ཡོངས་སུ་བསྐོར་བ། པདྨའི་གདན་ལ་གནས་པ། རབ་ཏུ་དང་བའི་སྐུ་དེ་བཞིན་

གཤེགས་པའི་གཟུགས་བརྙན་ལ་ལྟ་བར་གྱུར་པའོ། །རྒྱལ་བའི་གཙུག་ཏོར་གྱི་འོག་ཏུ་དེ་བཞིན་གཤེགས་པའི་ཡན་ལག་དང་ལྡན་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཀུན་ནས་འོད་པདྨའི་གདན་ལ་གནས་པ། ཕྱག་ན་པདྨ་སྟེ། དེ་རྣམས་ཐམས་ཅད་ལྷའི་གཟུགས་གཡས་པས་ས་

เล่ม ๙๔ · หน้า 149b

བོན་གྱིས་གང་བ་དང་། ཕྱག་གཡོན་པས་མཆོག་སྦྱིན་པ། རང་གི་ཆ་བྱད་ཀྱིས་ཀུན་ཏུ་གནས་པར་ཡང་ངོ་། །གཙུག་ཏོར་གྱི་རྒྱལ་པོའི་སྟེང་དུ་རང་སངས་རྒྱས་བརྒྱད་ཇི་ལྟར་རིག་པར་བྲི་བར་བྱའོ། །འདི་ལྟ་སྟེ། བཅོམ་ལྡན་འདས་སྙན་གྲགས་ཞེས་བྱ་བའི་རང་སངས་རྒྱས་དང་།

སྟེང་གི་དྲང་སྲོང་དང་། དྲང་སྲོང་ཆེན་པོ་དང་། ལྷའི་དྲང་སྲོང་དང་། མཱ་ད་ར་དང་། བརྩེགས་པ་དང་། ལེགས་པར་བརྩེགས་པ་དང་། བརྩེགས་པ་ཆེན་པོ་ཞེས་པ་རང་སངས་རྒྱས་བརྒྱད་པོ་འདི་རྣམས་པདྨའི་གདན་ལ་སྐྱིལ་མོ་ཀྲུང་གིས་ཉེ་བར་འདུག་པ། ཏིང་ངེ་འཛིན་

ལ་སྙོམས་པར་ཞུགས་པ། འབར་བའི་ཕྲེང་བས་འཁྲུགས་པ། བླ་གོས་སེར་པོ་ཅན་ནོ། །བཅོམ་ལྡན་འདས་ཀྱི་འོག་ཏུ་ཡིད་བཞིན་གྱི་ནོར་བུའི་ཕྱག་རྒྱའོ། །གཡོན་དུ་སྣམ་སྦྱར་རོ། །མདུན་གྱི་འོག་ཏུ་ཆོས་ཀྱི་འཁོར་ལོ་རྩི་བས་བཅུ་གཉིས་པ་ཀུན་ནས་འབར་བའི་ཕྲེང་

བས་འཁྲུགས་པ། པདྨའི་འདབ་མ་བརྒྱད་པ་ལ་གནས་པའོ། །དེའི་ཡང་ཉེ་ལོགས་སུ་ཁྲོ་བོའི་རྒྱལ་པོ་སྒྲོལ་མས་ནོན་པ་ཞེས་བྱ་བ་རལ་པའི་ཅོད་པན་འཆང་བ། པདྨའི་གདན་ལ་གནས་པ་དང་། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་བཀའ་ནོད་པར་བྱེད་བཞིན་པའི་

འོག་ཏུ་པདྨ་རིགས་མཛེས་མ་ཞེས་བྱ་བའི་རིག་པའི་རྒྱལ་མོ་བྲི་བར་བྱའོ། །པདྨའི་གདན་ལ་ཉེ་བར་འདུག་པ། རལ་པའི་ཅོད་པན་འཆང་བ། དར་ལ་དང་། རས་ཀྱི་སྨད་གཡོགས་དང་སྟོད་གཡོགས་ཅན། ཐལ་མོ་སྦྱར་བ་བྱས་པ་ཅུང་ཟད་སྒྲོལ་མའི་གཟུགས་ལ་ལྟ་བར་གྱུར་

པ། བཀའ་ནོད་པར་བྱེད་བཞིན་པའོ། །དེའི་གོང་དུ་པདྨ་ཆེན་པོ་ཞེས་བྱ་བའི་ཁྲོ་བོ་མདོག་དམར་པོ་ཀུན་ནས་འབར་བའི་ཕྲེང་བས་འཁྲུགས་པ། པདྨའི་གདན་ལ་ཉེ་བར་འདུག་པ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་བཀའ་ནོད་པར་བྱེད་བཞིན་པའོ། །ཁྲོ་བོའི་རྒྱལ་

པོ་དེ་རྣམས་ཐམས་ཅད་ཀུན་ནས་འབར་བ་ཆེན་པོའི་འོད་ཀྱི་དཀྱིལ་འཁོར་དང་རྣམ་པར་འགྱུར་བའི་གཟུགས་འཆང་བ། དར་དང་རས་ཀྱི་སྨད་གཡོགས་ཅན། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པའི་ལུས་སུ་བྱའོ། །སྒྲོལ་མའི་གཡོན་གྱི་གཞོགས་སུ་བྱང་ཆུབ་སེམས་དཔའ་

เล่ม ๙๔ · หน้า 150a

མཐུ་ཆེན་ཐོབ་སྐུ་མདོག་དཀར་པོ་རལ་པའི་ཅོད་པན་འཆང་བ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། དར་ལའི་སྟོད་གཡོགས་ཅན། དར་ལ་དང་རས་ཀྱི་སྨད་གཡོགས་ཅན། པདྨའི་གདན་ལ་གནས་པ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་བཞིན་

པའོ། །སྤྱན་རས་གཟིགས་དབང་ཕྱུག་གི་པདྨའི་འོག་ཏུ་བྱང་ཆུབ་སེམས་དཔའ་དྲི་མ་མེད་པར་འགྲོ་བ་ཞེས་བྱ་བ་པྲི་ཡང་ཀུ་ལྟར་སྔོ་བསངས་ཅུང་ཟད་འཛུམ་པའི་བཞིན་དང་། པདྨའི་གདན་ལ་ཉེ་བར་འདུག་པ། རལ་པའི་ཅོད་པན་འཆང་བ། གཡོ་བ་དང་བཅས་པའི་སྨད་གཡོགས་དང་།

དར་ལའི་སྟོད་གཡོགས་འཆང་བ། ཤིན་ཏུ་དང་བའི་སྐུ། འོད་ཟེར་འབར་བ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་བཞིན་པའོ། །དྲི་མ་མེད་པ་འགྲོ་བའི་སྟེང་གི་གཡོན་དུ་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་དབྱུག་པ་དང་། རིལ་བ་སྤྱི་བླུགས་དང་། བགྲང་

ཕྲེང་དང་། གཡང་གཞི་ནག་པོ་ཅན་དང་། རབ་ཏུ་དང་བའི་སྐུ་འབར་བའི་ཕྲེང་བས་འཁྲུགས་པ་བྱའོ། །དེའི་འོག་ཏུ་འདོད་པ་ཕུན་ཚོགས་བྱེད་པ་པདྨའི་གདན་ལ་གནས་པ་སྐུ་དཀར་པོ་པདྨའི་སྡོང་བུས་དཀྲིས་པའི་ལུས་ཅན། ཕྱག་གཡོན་པས་པདྨ་དང་། གཡས་པས་ཡིད་བཞིན་

གྱི་ནོར་བུ་ཕྱག་ཏུ་བཀོད་པ། འབར་བའི་ཕྲེང་བས་འཁྲུགས་པ། ཅུང་ཟད་འཛུམ་པའི་བཞིན་རས་ཅན། ཕྱག་ན་རྡོ་རྗེའི་གཡས་ཀྱི་སྣམ་བུ་གཅིག་ལ་རིག་པའི་རྒྱལ་པོ་ཆེན་པོ་བྲི་བར་བྱའོ། །འདི་ལྟ་སྟེ། བཅོམ་ལྡན་འདས་རིག་པ་མཆོག་དང་། ཉལ་བ་དང་། ལེགས་པར་འགྲུབ་

པར་བྱེད་པ་དང་། རྡོ་རྗེ་སྡེ་དང་། དཔུང་བཟང་དང་། རལ་པ་གྱེན་བརྫེས་དང་། རིག་པ་བཟང་པོ་དང་། ལེགས་འགྲུབ་དང་། སྡེ་བཟང་དང་། སྟོབས་པོ་ཆེ་དང་། རྣམ་པར་འཇོམས་པ་དང་། ཀི་ལཱི་ཀི་ལ་དང་། མཆོག་དང་། ལེགས་འདུལ་དང་། འགྲོ་ལྡིང་བ་དང་། སྔོན་

རབས་དང་། རིན་ཆེན་ཀེ་ལཱི་དང་། བྱིས་པའི་ཀེ་ལཱི་དང་། ལེགས་པར་ཀེ་ལཱི་དང་། ལེགས་པར་གང་པ་དང་། གང་བ་ཆེན་པོ་དང་། ལྷ་མཐར་བྱེད་དང་། རྡོ་རྗེ་ཆེན་པོ་དང་། འབར་བ་ཞེས་པ་ཉི་ཤུ་རྩ་བཞི་པོ་འདི་རྣམས་སྔགས་ཀྱི་རྒྱལ་པོ་ཆེན་པོ་སྟེ། ཀུན་ནས་འབར་བའི་ཕྲེང་བས་

เล่ม ๙๔ · หน้า 150b

འཁྲུགས་པ། རྨ་བྱ་ལ་ཉེ་བར་འདུག་པ། ཨུཏྤལ་ལྟར་སྔོ་བསངས། བཞིན་ཅུང་ཟད་ཁྲོ་གཉེར་དུ་བྱས་པ། ཕྱག་གཡོན་པས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་བར་བྱེད་བཞིན་པའོ། །འདི་དག་གི་འོག་ཏུ་རིག་པའི་རྒྱལ་མོ་ཆེན་མོ་བྲི་བར་བྱ་སྟེ། འདི་ལྟ་སྟེ་བཅོམ་

ལྡན་འདས་མཱ་མ་ཀཱི་དང་། རྡོ་རྗེ་ལྕགས་ཀྱུ་མ་དང་། རྡོ་རྗེ་ལྕགས་སྒྲོག་མ་དང་། རྡོ་རྗེ་རྒྱལ་མ་དང་། རྡོ་རྗེ་རྣམ་པར་རྒྱལ་མ་དང་། དམར་པོ་ལྡན་མ་དང་། གྲགས་ལྡན་མ་དང་། བི་ཤི་ནི་རྡོ་རྗེ་སྤྱན་མ་དང་། རྡོ་རྗེ་ཁྲོ་གཉེར་མ་དང་། རྡོ་རྗེ་ཁུ་ཚུར་མ་དང་། རྡོ་རྗེ་མི་འཇིགས་མ་

དང་། རྡོ་རྗེ་ཕྲེང་བ་མ་དང་། རྡོ་རྗེ་སྒྲ་ལྡན་མ་དང་། རྡོ་རྗེ་དགེ་ལེགས་མ་དང་། རྡོ་རྗེ་འཛིན་མ་དང་། རྡོ་རྗེ་མ་མོ་དང་། རྡོ་རྗེ་གཞན་གྱིས་མི་ཐུབ་མ་དང་། རྡོ་རྗེ་གནམ་ལྕགས་མ་དང་། དུས་ཀྱི་རྡོ་རྗེ་མ་དང་། རྡོ་རྗེ་གཙུག་ཕུད་མ་དང་། རྡོ་རྗེ་བཀའ་བསྒོ་ཆེན་མོ་དང་། རྡོ་རྗེ་འོད་དང་། རྒྱལ་བ་ལྡན་མ་དང་།

རྡོ་རྗེ་གཟུགས་ལྡན་མ་དང་། རྡོ་རྗེ་སྤྱན་མ་ཞེས་པ་ཉི་ཤུ་རྩ་བཞི་པོ་འདི་རྣམས་རྡོ་རྗེའི་རིགས་ཀྱི་རིག་པའི་རྒྱལ་མོ་ཆེན་མོ་སྟེ། རྨ་བྱ་ལ་ཉེ་བར་འདུག་པ། ཨུཏྤལ་ལྟར་སྔོ་བསངས་ཀུན་ནས་འབར་བའི་ཕྲེང་བས་འཁྲུགས་པ་ཅུང་ཟད་བཞིན་ཁྲོ་གཉེར་དང་ལྡན་པར་བྱས་པ་དང་། དར་དང་རས་ཀྱི་ཤམ་

ཐབས་དང་། དར་ལའི་སྟོད་གཡོགས་མནབས་པ། གཡོན་པ་རྡོ་རྗེ་དང་། གཡས་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་བཞིན་པ། ལྷས་བསྟོད་པའི་གཟུགས་འཆང་བའོ། །དེ་རྣམས་དེ་བཞིན་གཤེགས་པའི་གཟུགས་བརྙན་ལ་ལྟ་བར་གྱུར་པ། རང་གི་གཟུགས་

དང་ཆ་བྱད་དང་དབྱིབས་བཞིན་དུ་བྲི་བར་བྱའོ། །བཅོམ་ལྡན་འདས་ཀྱི་གཡས་ཀྱི་གཞོགས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟོན་ཀའི་སྤྲིན་ལྟར་དཀར་བ། རལ་པའི་ཅོད་པན་འཆང་བ། འོད་དཔག་མེད་དབུས་སུ་བཞུགས་པ། དར་ལའི་སྟོད་གཡོགས་ཅན། དར་ལ་

དང་རས་ཀྱི་ཤམ་ཐབས་ཅན། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ཕྱག་གཡོན་པས་པདྨའི་ཕྱག་རྒྱ། གཡས་པས་བཅོམ་ལྡན་འདས་ལ་རྔ་ཡབ་གཡོབ་པར་བྱེད་པ། པདྨའི་གདན་ལ་སེམས་དཔའ་ཆེན་པོའི་མཚན་གྱིས་བརྒྱན་པར་བྱས་པའི་ལུས་ཅན། ཅུང་ཟད་དེ་

เล่ม ๙๔ · หน้า 151a

བཞིན་གཤེགས་པའི་གཟུགས་བརྙན་ལ་ལྟ་བའོ། །བཅོམ་ལྡན་འདས་ཀྱི་གཡོན་དུ་འཕགས་པ་ཕྱག་ན་རྡོ་རྗེ་ཨུཏྤ་ལ་སྔོན་པོའི་འདབ་མའི་ཁ་དོག་ཅན། པདྨའི་གདན་ལ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། རབ་ཏུ་དང་བའི་སྐུ། དར་དང་རས་ཀྱི་ཤམ་ཐབས་

ཅན། སྟོད་གཡོགས་དམར་པོ་མནབས་པ། ཕྱག་གཡས་པས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་བཞིན་པ། ཕྱག་གཡོན་པས་རྔ་ཡབ་ཀྱིས་བྲེལ་བ། འབར་བས་འཁྲུགས་པའི་སྤྱན་ཅུང་ཟད་དེ་བཞིན་གཤེགས་པའི་གཟུགས་བརྙན་ལ་ལྟ་བར་གྱུར་པའོ། །སྤྱན་

རས་གཟིགས་དབང་ཕྱུག་གི་གཡས་སུ་བཅོམ་ལྡན་འདས་མ་སྒྲོལ་མ་ཆེན་པོ་པྲི་ཡང་ཀུ་ལྟར་སྔོ་བསངས་མ། ཀུན་ནས་འབར་བའི་ཕྲེང་བས་འཁྲུགས་པ། རབ་ཏུ་དང་བའི་སྐུ། པདྨའི་གདན་ལ་གནས་པ། ཅུང་ཟད་འཛུམ་བཞིན་པ། དར་དང་རས་ཀྱི་ཤམ་ཐབས་ཅན། སྟོད་གཡོགས་

དམར་པོ་མནབས་པ། ཕྱག་གཡོན་པས་ཨུཏྤལ་ཡོངས་སུ་བཟུང་ནས་གཡས་པས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་བཞིན་པ། ལུས་ཅུང་ཟད་འདུད་པ། ལང་ཚོ་དང་པོ་ཅན། ཧ་ཅང་མི་སྦོམ། ཧ་ཅང་མི་ཕྲ་བའི་བཅོམ་ལྡན་འདས་མ་སྒྲོལ་མ་བྲི་བར་བྱའོ། །འཕགས་

པ་སྤྱན་རས་གཟིགས་ཀྱི་གཡས་སུ་ཕྲེང་གཅིག་ལ་བརྟེན་པའི་རིག་པའི་རྒྱལ་པོ་ཆེན་པོ་བཅོ་བརྒྱད་ལ་འདི་ལྟ་སྟེ། བཅོམ་ལྡན་འདས་ཕྱག་མཐའ་ཡས་པ་དང་། ཕྱག་སྟོང་པ་དང་། ཕྱག་བརྒྱ་པ་དང་། ཕྱག་བཅུ་གཉིས་པ་དང་། ཕྱག་དྲུག་པ་དང་། ཕྱག་བཞི་པ་དང་། ཞབས་

སྟོང་པ་དང་། ཞབས་བརྒྱ་པ་དང་། ཞབས་བཅུ་གཉིས་པ་དང་། ཞབས་དྲུག་པ་དང་། ཞབས་བཞི་པ་དང་། རྟ་མགྲིན་དང་། དོན་ཡོད་ཞགས་པ་དང་། འོད་ཟེར་སྟོང་གིས་རྣམ་པར་སྣང་བ་དང་། མགྲིན་པ་དཀར་པོས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དང་། མཐའ་

ཡས་རྣམ་རྒྱལ་དང་། རྣམ་རྒྱལ་ཆེན་པོ་དང་། ལྷའི་མཐའ་དང་། མཐའ་དཔག་ཏུ་མེད་པ་དང་། ཡིད་ཀྱི་ཤིང་རྟ་དང་། མི་འཇིགས་པ་སྦྱིན་པ་ཞེས་པ་རིག་པའི་རྒྱལ་པོ་ཆེན་པོ་འདི་རྣམས་པདྨའི་རིགས་ཀྱི་གཙོ་བོ་སྲིད་པར་འཇུག་པ་ཉེ་བར་སྤྱོད་པར་བྱེད་པ། ཀུན་ནས་འབར་

เล่ม ๙๔ · หน้า 151b

བའི་ཕྲེང་བས་འཁྲུགས་པ། པདྨའི་ལུས་ཀྱིས་ཉེ་བར་བསྐོར་བའི་ལུས་ཕྱག་ན་པདྨ་དང་། གཡས་པས་མཆོག་སྦྱིན་པ། ཅུང་ཟད་སྒྲོལ་མ་ལ་ལྟ་བར་གྱུར་པའོ། །བཅོམ་ལྡན་འདས་འཕགས་མ་སྒྲོལ་མའི་ཉེ་ལོགས་སུ་གོས་དཀར་མོ་པདྨའི་གདན་ལ་ཉེ་བར་འདུག་པ། རབ་ཏུ་དང་བའི་སྐུ། རལ་

པའི་ཅོད་པན་འཆང་བ། དེ་བཞིན་གཤེགས་པའི་གཟུགས་བརྙན་ལ་ལྟ་བར་གྱུར་པ། ཕྱག་ན་པདྨ་རབ་ཏུ་རྒྱས་པ་དང་། གཡས་པས་བགྲང་ཕྲེང་བསྣམས་པའོ། །དེའི་ཡང་གཡས་སུ་ཕྲེང་གཅིག་ལ་བརྟེན་པའི་པདྨའི་རིགས་ཀྱི་ལས་ཀྱི་གཙོ་མོ་བཅུ་བཞི་བྲི་བར་བྱ་བ་ལ་འདི་ལྟ་སྟེ།

བཅོམ་ལྡན་འདས་མ་ཁྲོ་གཉེར་ཅན་དང་། དཀར་མོ་དང་། དཀར་མོ་ཆེན་མོ་དང་། དཔལ་མདུན་མ་དང་། པདྨ་གོ་བོ་རིག་དང་། གྲགས་ལྡན་མ་དང་། སངས་རྒྱས་དཔའ་བའི་ཟླ་བ་མ་དང་། ལོངས་སྤྱོད་ལྡན་མ་དང་། བདེ་ལྡན་མ་དང་། གྲགས་པ་ལྡན་མ་དང་། ཤེས་རབ་གོས་

ཅན་མ་དང་། སྟོབས་གཅིག་མ་དང་། སྟོབས་མང་པོ་དང་། སྟོབས་བཅུ་མ་དང་། སངས་རྒྱས་ཀྱི་ཡུམ་དང་། བྱང་ཆུབ་ཀྱི་ཡན་ལག་གི་ཡུམ་ཞེས་པ་འདི་རྣམས་རིག་པའི་རྒྱལ་མོ་ཆེན་མོ་སྟེ། ཀུན་ནས་འབར་བའི་ཕྲེང་བས་འཁྲུགས་པ། པདྨའི་གདན་ལ་གནས་པ། རྒྱན་

ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ལྷའི་བུད་མེད་ཀྱི་ཆ་བྱད་འཆང་བ། རབ་ཏུ་དང་བའི་སྐུ། ཅུང་ཟད་སྒྲོལ་མའི་གཟུགས་བརྙན་ལ་ལྟ་བར་གྱུར་པའོ། །པདྨ་བསྣམས་ཞིང་གཡས་པས་མཆོག་སྦྱིན་པ། རང་གི་གཟུགས་སུ་བྲི་བར་བྱའོ། །སྒྲོལ་མའི་འོག་ཏུ་ཅི་བགྱི་ཞེས་བྱ་

བ་བཅོམ་ལྡན་འདས་ལས་འཕགས་མ་སྒྲོལ་མའི་ཁྲོ་བོ་ཆེན་པོ་ཞལ་བཞི་པ། ཕྱག་བཞི་པ། པདྨའི་གདན་ལ་གནས་པ། ལུས་བརྟན་པ། ནག་པོ་མཐར་བྱེད་པའི་གཟུགས་ཅན། ཁྲོ་གཉེར་དུ་བྱས་པ། མཆེ་བ་གཙིགས་པ། ཞལ་གཅིག་གིས་དྲག་ཏུ་བཞད་པས་གདངས་བཞིན་

པ། གཉིས་པ་དེ་བཞིན་གཤེགས་པ་ལ་ལྟ་བཞིན་པ། དང་པོས་སྒྲོལ་མ་ལྟ་བའོ། །ཕྱག་དང་པོས་རིན་པོ་ཆེ་མཐོང་བ་འབྱིན་པར་བྱེད་བཞིན་པ། གཡོན་དང་པོས་ཞགས་པ་བསྣམས་པ། བཅོམ་ལྡན་འདས་མ་སྒྲོལ་མའི་བཀའ་ནོད་པར་བྱེད་བཞིན་པའོ། །དེའི་ཡང་གཡས་

เล่ม ๙๔ · หน้า 152a

སུ་ཁྲོ་བོ་ཆེན་པོ་སྒྲོལ་མས་ནོན་པ་ཞེས་བྱ་བ་ལྷ་ཆེན་པོ་ལ་ཉེ་བར་འདུག་པ། པདྨའི་ཆུ་བས་དཀྲིས་པའི་ལུས་ཅན། ཨུཏྤལ་ལྟར་སྔོ་བསངས། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་བཀའ་ནོད་པར་བྱེད་བཞིན་པ་བྲི་བར་བྱའོ། །འཇུག་པ་དང་དབང་བསྐུར་བའི་ཆོ་ག་

ཐམས་ཅད་སྔར་བརྗོད་པ་ཁོ་ནའོ། །རལ་པ་གྱེན་བརྫེས་ཀྱི་རྒྱུད་ཕྱི་མའི་དཀྱིལ་འཁོར་ཆེན་པོའི་ཆོ་གའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རལ་པ་གྱེན་

བརྫེས་ཀྱི་རྟོག་པའི་རྒྱལ་པོ་ཆེན་པོར་རང་གི་སྙིང་པོ་སྦྱིན་པར་བགྱིའོ། །གང་གིས་བརྗོད་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་མངོན་དུ་འགྱུར་རོ། །འཇིགས་པ་དང་། ཉེ་བར་འཚེ་བ་དང་། ནད་འགོ་བ་ཐམས་ཅད་རབ་ཏུ་ཞི་བར་བྱེད་དོ། །དེ་ནས་བཅོམ་ལྡན་

འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། སྤྱན་རས་གཟིགས་དབང་ཕྱུག་ལེགས་སོ། །ཁྱོད་ཀྱིས་སྨྲོས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་རང་གི་སྙིང་པོའི་

དཀྱིལ་འཁོར་འདི་གསུངས་སོ། །དེ་ནས་འདི་ལས་དཀྱིལ་འཁོར་ཆེ། །དམ་པ་ཡང་དག་རབ་འཆང་བྱེད། །དཀྱིལ་འཁོར་ཆེན་པོའི་རྣམ་པ་རུ། །ཕྱི་ཡི་དཀྱིལ་འཁོར་ཀུན་ཏུ་བྲི། །དེ་ཡི་དབུས་སུ་སྲད་བུ་མཉམ། །གྲུ་བཞི་ཡོངས་སུ་བསྐོར་བར་བྱ། །གཉིས་པར་འཇོམས་པ་པོ་

སོང་སྟེ། །དཀྱིལ་འཁོར་དམ་པ་བྲི་བར་བྱ། །དཀྱིལ་འཁོར་བརྒྱད་ཀྱི་ཚུལ་གྱིས་ནི། །རི་མོ་བཞི་པོ་རྣམས་ཀྱང་ངོ་། །པདྨ་འདབ་བརྒྱད་བྲི་བར་བྱ། །པདྨ་ཡི་གེ་ཟེ་འབྲུ་ལ། །འཇིག་རྟེན་མགོན་པོ་དགོད་པར་བྱ། །པདྨའི་འདབ་མའི་ཕྲེང་བ་རྣམས། །སངས་རྒྱས་གཟུགས་བརྙན་

ཀུན་ཏུ་བྲི། །དེ་རུ་སློབ་དཔོན་རབ་བཞུགས་ནས། །པདྨ་ཆེན་པོའི་ཕྱག་རྒྱ་མཆོག །དཀྱིལ་འཁོར་གནས་ལ་ཉེར་འདུག་པས། །མཉམ་པར་བཞག་པས་མཉམ་པར་དགོད། །ཇི་ལྟར་ཆུ་ལ་པདྨ་གང་། །གནས་ཀྱི་ཉེས་པ་མང་པོས་ཀྱང་། །གོས་པར་མི་འགྱུར་དེ་བཞིན་འདིར། །

เล่ม ๙๔ · หน้า 152b

འགྲོ་ལ་ཆགས་པས་ཡང་དག་བྱེད། །ལན་ཅིག་འདི་གསུངས་དཔེར་བརྗོད་ནས། །དེ་ནས་ལྕགས་ཀྱུ་མཆོག་དག་གིས། །ཡང་དག་བཀུག་ནས་པདྨ་ཆེ། །སྤྱན་རས་གཟིགས་དབང་གྲོལ་བར་འགྱུར། །དེ་ལ་འདི་ནི་པདྨའི་ལྕགས་ཀྱུ་ཆེན་པོའོ། ཨོྃ་མ་ཧཱ་པདྨོ་ཧཱུྃ་ཛ་ཧྲཱི། དེ་ནས་

བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འོངས་ནས་སློབ་དཔོན་ལ་མཐོད་པ་སྦྱིན་པར་བྱེད་དོ། །ཡང་ན་འོད་ཟེར་གཏོང་བར་བྱེད་དོ། །དེ་ནས་འདི་ཉིད་ཀྱི་ཕྱག་རྒྱས་སློབ་མ་རབ་ཏུ་གཞུག་པར་བྱ་སྟེ། དར་དཀར་པོས་གོས་དཀར་པོ་དང་། གཙུག་ཏོར་དཀར་པོས་

མགོ་བོ་དཀྲི་བར་བྱའོ། །འདི་ཉིད་འཇིག་རྟེན་དུ་རབ་ཏུ་བརྗོད་ནས་དེ་ནས་སྨྲོས་ཤིག་ཅེས་སོ། །དེ་ནས་པདྨ་ལག་པ་གཡོན་དུ་བྱིན་ནས་གཡས་པས་ཆུ་སྣོད་བྱིན་ཏེ་འདི་སྐད་ཅེས་བརྗོད་པར་བྱའོ། །སངས་རྒྱས་ཐམས་ཅད་པདྨ་ཆེ། །པདྨའི་དཀྱིལ་འཁོར་དམ་པ་ནི། །འཕགས་པ་སྤྱན་

རས་གཟིགས་དབང་ཕྱུག །དེ་ཉིད་ལྷན་ཅིག་བརྟག་པར་བྱ། །ཞེས་སོ། །དེ་ནས་ཕྱག་རྒྱ་ཆེན་པོ་བཅིང་བ་དང་ཏིང་ངེ་འཛིན་ཡང་བསླབ་པར་བྱའོ། །དེ་བཞིན་གཤེགས་པའི་པདྨ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོའོ། །དེ་ནས་པདྨའི་དཀྱིལ་འཁོར་འབྱུང་སྟེ། དེ་བཞིན་དུ་དཀྱིལ་

འཁོར་བྲིས་ནས་དབུས་ཀྱི་ཟེ་འབྲུ་ལ་ཉེ་བར་འདུག་སྟེ་སྟོང་ཕྲག་བརྒྱ་བཟླས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་ནི་པདྨའི་འདབ་མ་རྒྱས་པ་དེ་ལ་ཀུན་ཏུ་གཟིགས་པར་བྱེད་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཉིད་ཐོབ་པར་བྱེད་དོ། །ཞེས་པདྨའི་དཀྱིལ་

འཁོར་རོ། །དེ་ནས་དམ་ཚིག་གི་དཀྱིལ་འཁོར་འབྱུང་སྟེ། དེ་བཞིན་ཁོ་ནས་དཀྱིལ་འཁོར་བརྟག་པར་བྱས་ནས་དབུས་སུ་པདྨ་སྟོང་དགོད་དུ་གཞུག་གོ། །དེ་ནས་པདྨ་སྟོང་པོ་དེ་བཅོམ་ལྡན་འདས་ལ་དབུལ་བར་བྱ་སྟེ། ལན་རེ་ལན་རེ་ཡོངས་སུ་བཟླས་ནས་སོ། །དེ་ནས་སློབ་མ་རབ་

ཏུ་བཅུག་ནས་དམ་ཚིག་བརྗོད་པར་བྱའོ། །བུ་དང་སློབ་མའི་ཆེད་དུ་ཡང་། །དམ་ཚིག་ཉམས་པར་མི་བྱ་སྟེ། །དམ་ཚིག་བདག་ལ་བརྗོད་པར་བྱ། །གང་ཕྱིར་པདྨའི་རྣམ་པ་ལས། །འདོད་པའི་འདོད་ཆགས་ཐམས་ཅད་དག །དམ་ཚིག་གི་ནི་དཀྱིལ་འཁོར་རོ། །ལས་ཀྱི་དཀྱིལ་

เล่ม ๙๔ · หน้า 153a

འཁོར་བྲི་བར་བྱ། །མཆོད་པ་རྣམ་པ་བཞི་ཡིས་ནི། །སངས་རྒྱས་ཐམས་ཅད་ཡིད་ཀྱིས་མཆོད། །ལུས་ཀྱིས་སྤྱན་རས་གཟིགས་མགོན་ལ། །ངག་གིས་ཕྱག་ན་རྡོ་རྗེ་ལ། །ལས་ལས་ནམ་མཁའི་སྙིང་པོར་སྐྱེས། །ཇི་ལྟར་སྒྲུབ་ཐབས་ཆོ་གར་འགྱུར། །

བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རི་རབ་ལྷུན་པོའི་རིའི་རྩེ་མོར་འཁོད་པ་རང་གི་ཏིང་ངེ་འཛིན་གྱིས་ཀུན་ཏུ་གནས་པའི་སྐུ་ཐམས་ཅད་ནས་དེ་བཞིན་གཤེགས་པའི་སྐུ་བརྒྱད་དོ་ཞེས་སོ། །དེ་ནས་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ནས་བརྩམས་ཏེ། རྟག་

ཏུ་ཐམས་ཅད་དག་པའི་ཏིང་ངེ་འཛིན་གྱིས་རྒྱུན་དུ་བཟླས་པས་ཇི་སྲིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མངོན་དུ་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་བཞིན་གཤེགས་པའི་སྐུ་རྣམས་འཕྲོས་ནས་སྒྲུབ་པ་པོའི་པདྨའི་དབུས་སུ་འཁོད་དེ་སླར་ཡང་དེ་ནས་སངས་རྒྱས་ཀྱི་སྐུ་

གཞན་འབྱུང་སྟེ་སྒྲུབ་པ་པོ་ལ་མངོན་པར་དབང་བསྐུར་བ་གནས་ཤིང་བརྟན་པར་འགྱུར་རོ། །དེ་ནས་བདག་གི་དངོས་པོ་ཐམས་ཅད་སྤྱན་རས་གཟིགས་དབང་ཕྱུག་དང་མཚུངས་པ་སྐད་ཅིག་དེ་ལ་བདེ་བ་དང་ལྡན་པ་དང་། ཇི་སྲིད་དུ་འཕུར་བར་བྱེད་དོ། །སེམས་ཅན་ཐམས་ཅད་

དབང་དུ་འགྱུར་ཞིང་ཚེ་དཔག་ཏུ་མེད་པར་འགྱུར་རོ་ཞེས་སོ། །དེ་ནས་སྒྲུབ་པ་གཞན་དང་ལས་ཆེན་པོ་ཐམས་ཅད་འབྱུང་སྟེ། འབུམ་བཟླས་པས་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །འབུམ་ཕྲག་གཉིས་བཟླས་པས་མཚམས་མེད་པ་ལ་སོགས་པའི་སྡིག་པ་

ཐམས་ཅད་ལྷག་མ་མེད་པར་ཟད་པར་འགྱུར་རོ། །འབུམ་ཕྲག་གསུམ་བཟླས་པས་བསོད་ནམས་ཐམས་ཅད་མངོན་དུ་འགྱུར་རོ། །དེ་ནས་གནོད་སྦྱིན་གྱི་དངོས་གྲུབ་ཐམས་ཅད་དང་། དེ་བཞིན་གཤེགས་པ་ལ་སོགས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ནི་འབུམ་ཕྲག་སུམ་ཅུ་

རྩ་ལྔ་བཟླས་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་མངོན་དུ་འགྱུར་རོ། །དེ་ནས་ཕྱག་རྒྱ་ཆེན་པོ་ནི་མཆོད་རྟེན་སྟོང་ཕྲག་བརྒྱ་བྱས་ནས་མཐར་ཆོ་གས་མཚན་ཐོག་ཐག་ཏུ་བཟླས་པ་བྱའོ། །དེ་ནས་ཐོ་རངས་དེ་བཞིན་གཤེགས་པ་ཐམས་ཅད་བྱོན་ནས་སྙིང་ཁར་རབ་ཏུ་འཇུག་པར་བྱེད་

เล่ม ๙๔ · หน้า 153b

དོ། །དེ་ནས་བྱང་ཆུབ་སེམས་དཔའ་སོ་སོར་རྙེད་དོ། །དེ་ནས་ཞལ་དུ་རབ་ཏུ་འཇུག་པར་བྱེད་དོ། །དེ་ནས་སྤྱན་རས་གཟིགས་དབང་ཕྱུག་སོ་སོར་རྙེད་དོ། །མ་བསྒྲུབས་པར་ཡང་ལས་ཐམས་ཅད་དུ་འགྱུར་རོ། །ཐོག་མར་བརྗོད་པས་གཞན་གྱི་གྲོང་དང་གྲོང་ཁྱེར་སྲུང་བ་དང་།

མཛེས་པར་སྤྱན་དྲངས་པས་ཐམས་ཅད་བྱའོ། །འབེབས་པ་ལ་ཙནྡན་གྱི་བདུག་པས་གདོན་འབེབས་སོ། །ཤི་རཱི་ཥའི་མེ་ཏོག་གིས་སེམས་ཅན་དབང་དུ་བྱེད་དོ། །དྲི་བཟང་པོའི་མེ་ཏོག་གིས་སེམས་ཅན་ཐམས་ཅད་རེངས་པར་བྱེད་དོ། །ས་དཀར་པོས་བུད་མེད་དོ། །

དྲི་ཞིམ་པོའི་མེ་ཏོག་གིས་ཆོམ་རྐུན་རེངས་པའོ། །ཡུངས་ཀར་དཀར་པོའི་སྦྱིན་སྲེག་གིས་རི་དགས་དང་བྱ་རེངས་སོ། །ཡུངས་ཀར་དཀར་པོ་གཏོར་བས་མིག་འཕྲུལ་སྟོན་པར་བྱེད་དོ། །རྨ་བྱའི་ནུ་མས་རྨི་ལམ་སྟོན་པར་བྱེད་དོ། །དུས་གསུམ་དུ་བཟླས་པས་རྨི་ལམ་ངན་པ་

འཇོམས་པར་བྱེད་དོ། །ཏིལ་གྱི་སྦྱིན་སྲེག་གིས་སེམས་ཅན་ཐམས་ཅད་རེངས་པར་བྱེད་དོ། །བྱ་གག་གི་གཤོག་པའི་སྦྱིན་སྲེག་གིས་རྒྱལ་པོ་དབང་དུ་བྱེད་དོ། །རྒྱལ་པོ་འཁྱིལ་པའི་མེ་ཏོག་གི་སྦྱིན་སྲེག་གིས་འདོད་པ་ཐམས་ཅད་དབང་དུ་བྱེད་དོ། །བཅོམ་ལྡན་འདས་

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་བྱས་ནས་མཚན་མོ་བརྒྱད་སྨྱུང་བར་གནས་པས་བཟླས་པ་བྱའོ། །དེ་ནས་འདོད་པ་ཐམས་ཅད་ཐོབ་པར་འགྱུར་རོ། །རྒྱལ་པོའི་བཙུན་མོའི་མཆོག་དབང་དུ་བྱེད་པ་ལ་བུད་མེད་ཀྱི་དབང་པོའི་སྤུའི་སྦྱིན་སྲེག་གིས་སོ། །

བུ་མོ་དབང་དུ་བྱེད་པ་ལ་ཡང་ངོ་། །དོན་གཞན་ལ་ཡང་སྦྱིན་སྲེག་དང་བཅས་པས་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་ཉི་མ་རེ་རེར་དུས་གསུམ་དུ་བཟླས་པ་བྱའོ། །རལ་པ་གྱེན་བརྫེས་ཀྱི་རྒྱུད་ཕྱི་མར་ལས་ཆེན་པོ་ཐམས་ཅད་ཀྱི་སྒྱུ་འཕྲུལ་ལོ།། །།དེ་ནས་སེམས་

དཔའ་ཆེན་པོ་དེ་ཏིང་ངེ་འཛིན་དེ་ཉིད་སྒོམ་བཞིན་དུ་ཁྲོ་བོའི་རྒྱལ་པོ་སྒྲོལ་མས་ནོན་པའི་མཉམ་པར་འཛིན་པའི་གསང་བའི་དཀྱིལ་འཁོར་གསུངས་སོ། །ཁྲུ་ལྔ་པ་དང་སྒོ་བཞི་དང་། །སྒོ་ཁྱུད་རྟ་བབས་ངེས་གནས་པ། །ཕྱི་རོལ་པདྨའི་རྣམ་པར་བྱ། །དེ་ནས་ཀུན་ནས་གྲྭ་རྣམས་

เล่ม ๙๔ · หน้า 154a

སུའང་། །དེ་ནི་ལེགས་པར་བསམས་བྱས་ནས། །ནང་གི་དཀྱིལ་འཁོར་བྲི་བར་བྱ། །སྔར་བརྗོད་སྙིང་པོ་འདི་ཡིས་ནི། །ཟློས་བཞིན་འདི་ནི་བསྲུང་བ་དང་། །དཀར་པོ་དམར་པོ་སེར་པོ་དང་། །ནག་པོ་ལྗང་གུའི་ཚོན་སྣ་ལྔའི། །ཕྱེ་མ་འཇམ་པོ་རྣམས་

ཀྱིས་ནི། །སྒྲོལ་མའི་རིག་པས་མངོན་བསྔགས་པས། །བསྒྲུབ་བྱ་བཅོམ་ལྡན་འདས་ནི་བྱ། །ཁྲོ་བོའི་རྒྱལ་པོ་མདུན་དུ་སྟེ། །གཡོན་དུ་རལ་པ་གཅིག་མ་བྱ། །གཡས་སུ་འདམ་སྐྱེས་ཕྱི་རོལ་གྱི། །སྒོ་ཁྱུད་སྙིང་པོར་ཇི་རིགས་གྲུབ། །ཡོངས་སུ་འདོད་པས་རྡོ་རིགས་བྱ། །

དྲི་ཡི་ཕྱེ་མས་ཡོངས་སུ་བྱང་། །རྡོ་རྗེ་ཁུ་ཚུར་སྟོབས་པོ་ཆེ། །གང་དུ་འཇིག་རྟེན་གསུམ་ཆོ་ག །རྡོ་རྗེ་འཆང་ཆེན་འདོད་པ་ཡིས། །འདས་པས་རྣམ་པར་ཐིམ་པར་འགྱུར། །ཁུ་ཚུར་རྡོ་རྗེ་ཁུ་ཚུར་བཅས། །དེ་ནི་གཡས་ཀྱི་སྒོ་ཁང་དུ། །སྟོབས་པོ་ཆེ་ནི་རབ་བཞག་ནས། །

ཉ་ཡིས་མགྲིན་པར་སྟོབས་པོ་ཆེ། །ནུབ་ཕྱོགས་སུ་ནི་བྱ་བའོ། །གཡས་ཀྱི་ཕྱི་ཡི་སྒོ་ཁང་དུ། །དེ་བཞིན་དབང་ཕྱུག་ཆེན་པོ་བྱ། །དེ་ལ་མདུང་གི་ཕྱག་རྒྱ་དགོད། །ཇི་འདྲའི་ཨུ་མ་བྲི་བར་བྱ། །ལྷོ་ཡི་གྲྭ་གཉིས་སུ་བྱ་བ། །ཕྱག་རྒྱ་རྣམ་པ་སྣ་ཚོགས་པའོ། །ནུབ་དང་

བྱང་གི་གྲྭ་རྣམས་སུ། །ལོག་འདྲེན་ཕྱག་རྒྱ་རྡོ་རྗེའོ། །བྱང་གི་གྲྭ་གཉིས་རྣམས་སུ་ནི། །མཁས་པས་རིགས་ཀྱི་ཕྱག་རྒྱ་བྱ། །ཤར་གྱི་གྲྭ་གཅིག་རྣམས་སུ་ནི། །མ་མོ་ཚོགས་ཀྱི་ཕྱག་རྒྱ་དགོད། །བྷྲྀང་གི་རི་ཊ་ལོག་འདྲེན་བཅས། །དེ་ནས་ཇི་ལྟར་འབྱོར་བ་ཡི། །ཆོ་

གས་ཇི་བཞིན་ལྷ་རྣམས་མཆོད། །ཁྲོ་བོ་སྟོབས་ཆེན་སྒྲོལ་མས་ནོན། །བཟླས་པས་བདག་ཉིད་བསྲུང་བར་བྱ། །ཀ་ར་བཱི་ར་ཏ་ལ་ནི། །བླངས་ནས་རང་གནས་སྨྱུང་གནས་པས། །མཁས་པས་བྱང་གི་སྒོ་ཁང་དུ། །གཙང་མ་གང་དུ་རབ་འཇུག་བྱ། །བློ་དང་ལྡན་པས་སྤྱན་དྲང་

བྱ། །ཁྲོ་བོའི་རྒྱལ་པོས་ཐམས་ཅད་ནས། །ཇི་ལྟར་རིག་པའི་ཆོ་ག་ཡིས། །ཚར་བཅད་རྗེས་སུ་འཛིན་པའི་མཆོག །གདོན་དང་ལུས་ཀྱི་ལས་རྣམས་ནི། །དེ་ཉིད་དུ་ནི་ངེས་པར་བྱ། །ཚར་བཅད་དམ་ཚིག་བདེ་བ་འདྲི། །གདོན་འཕོ་བྱེད་དང་ཟ་བྱེད་དང་། །གང་ཞིག་ལ་ལ་གསོད་

เล่ม ๙๔ · หน้า 154b

པ་དང་། །དེ་བཞིན་སྒྲིབ་པ་སྦྱང་བ་དང་། །སེམས་ཅན་རྣམས་ནི་ཐམས་ཅད་ཉིད། །སྒྲུབ་ཐབས་བྱ་དང་འཁྲུལ་འཁོར་ནི། །ཇི་འདྲ་བ་ཡི་བྱ་བ་དང་། །མཁས་པས་ལས་ནི་སྟོང་དག་དང་། །གདོན་རྣམས་བོད་པར་བྱེད་པ་དང་། །རང་གི་རིགས་དང་གཞན་རིགས་ཀྱི། །

ཕྱག་རྒྱ་ཉེ་བར་མཚོན་པར་བྱ། །འདི་ཡི་དཀྱིལ་འཁོར་ཐམས་ཅད་ནས། །འབྱུང་པོའི་ཚོགས་ལ་སོགས་པ་ཀུན། །དེ་ནས་གཏོར་མ་བདུག་པ་སོགས། །རྒྱས་པས་མངོན་པར་མཆོད་བྱར་གྱིས། །དེ་ཡིས་གདོན་མཐོང་དེ་མཆོད་བྱ། །ཕྱིས་ཀྱི་དབང་ལས་དུལ་བ་ཐོབ། །སྐྱེ་

བོས་བཏུང་བ་སྦྱིན་སྲེག་ལ། །སོགས་པ་རྣམ་པར་གཞོམ་པར་བྱ། །ཤི་ཥ་ལཱན་ཙ་ན་བླངས་ནས། །གདོན་ཐོབ་པ་ནི་འཕོ་བར་བྱ། །སྲིན་པོ་རྣམས་ཀྱིས་བྱིན་པའི་མཆུ། །མཐོང་བ་དེ་འདྲའི་ཚོན་རྣམས་དང་། །ཤ་ཟ་རྣམས་ལ་རི་བོང་ཅན། །མིག་མི་འཛུམས་པར་འཛག་

པ་ཡི། །འཇིགས་པ་མཐོང་ན་སྣ་ཚོགས་པ། །ཀུན་ཏུ་རྣམ་པར་ལྟ་བར་བྱེད། །སྐེམ་བྱེད་གདོན་གྱི་རྣམ་འགྱུར་གང་། །ནུས་དང་དཔུང་པ་བརྟེན་པ་ཡི། །དགྲ་བོ་རྣམས་ནི་ཐམས་ཅད་དུ། །ལྷ་དང་མཚོན་ཆའི་བྱ་བ་ནི། །པདྨ་བྱེད་དང་རལ་པ་དང་། །དབྱུག་གུ་བགྲང་

ཕྲེང་འཇིགས་པའི་གནས། །རིལ་བ་སྤྱི་བླུགས་མི་ཐུབ་ཉིད། །ཕྱག་རྒྱ་བྲམ་ཟེ་ཅན་ཞེས་བཤད། །རྩེ་གསུམ་ཀུན་དང་ཟླ་ཕྱེད་དང་། །རལ་པ་མིག་ལ་སོགས་པ་དང་། །ཁྱུ་མཆོག་སྒྲ་དང་དྲག་པོ་དང་། །དབང་ལྡན་རྣམས་ཏེ་བདུན་དུ་གྲགས། །ཤཀྟི་གདེངས་ཀ་བ་

དན་དང་། །ཁྱིམ་བྱ་དེ་བཞིན་རྨ་བྱའི་མཇུག །ཕྱག་རྒྱ་གཞོན་ནུ་མ་ཅན་བཤད། །འཁོར་ལོ་དུང་དང་བེ་ཅོན་ཉིད། །རལ་གྲི་ཕུབ་ཉིད་ནམ་མཁའ་ལྡིང་། །མགོ་ཉིད་ཕྱག་རྒྱ་ཁྱབ་འཇུག་བཤད། །ཆེ་བ་སྤྲིན་ནི་ལྷ་ཆེན་པོའི། །བུམ་པ་གཏུན་ཤིང་དེ་བཞིན་དུ། །དང་

པའང་གཡོན་གཞོགས་ཕྱག་རྒྱ་སྟེ། །ཕྱག་རྒྱ་ལ་ཧི་རི་ཀར་བཤད། །ནམ་གྲུ་རྣམས་དང་གཏོར་ཟན་དང་། །རྒན་པོ་གཏུམ་པོ་མཐོང་བ་ནི། །ནམ་གྲུ་དཀར་པོ་རྣམས་ཀྱི་རྒྱ། །རང་གི་གཟུགས་ཉིད་མཐོང་བ་ནི། །མདངས་འཕྲོག་རྣམས་ཀྱི་ལྷུང་བཟེད་དང་། །འདེགས་

เล่ม ๙๔ · หน้า 155a

པར་བྱེད་པ་གྲོལ་བའོ། །དེ་ནས་མཆོག་ཏུ་གསང་བའི་དཀྱིལ་འཁོར་འབྱུང་སྟེ། བྱེད་པ་ཐམས་ཅད་དགེ་བ་ལ། །ཤིང་གཅིག་གམ་ནི་དུར་ཁྲོད་དམ། །ཁང་སྟོང་གཙང་མ་ཚ་སྒོ་མེད་པའི་ས་གཞི་མཐོང་ནས་སྒྲུབ་པ་པོ་ཁྲོས་པས་ས་ལ་མ་ལྷུང་བའི་བ་ལང་གི་ལྕི་བས་

དཀྱིལ་འཁོར་ཉེ་བར་བྱུགས་ཏེ་རེ་ཁཱ་གསུམ་དེར་བྱའོ། །ཀུན་ནས་ཁྲུ་བཞི་པ་ལ་དང་པོར་ཐལ་བའི་རེ་ཁཱའོ། །གཉིས་པ་རིའི་བཙག་གིས་སོ། །གསུམ་པ་སོལ་བའི་ཕྱེ་མས་རབ་ཏུ་འབར་པས་བྲི་བར་བྱའོ། །བྱང་ངམ་ནུབ་ཏུ་ཡང་སྒོ་གཅིག་བྱེད་དུ་གཞུག་གོ། །སྒོའི་དབུས་སུ་ཡང་ལྷ་ཆེན་

པོ་ལག་ན་མདུང་ཐོགས་པ་བྱའོ། །སྣམ་བུའི་ནང་དུ་སངས་རྒྱས་བདེན་པར་རྨད་དུ་བྱུང་བའི་བདག་ཉིད་ཅན་བྱའོ། །སངས་རྒྱས་གཡས་ཀྱི་གཞོགས་སུ་སྒྲོལ་མས་ནོན་པ་རྣམ་པར་དགོད་པར་བྱའོ། །གཡོན་དུ་དཔའ་མོ་ཆེན་མོ་སྟོབས་མོ་ཆེ་མ་རལ་པ་གཅིག་མ་བཞག་ནས། བདེ་

བར་གཤེགས་པའི་སྐུ་རྒྱབ་ཏུ་དགོད་པར་བྱ་བ་ནི་ཀླུའི་རྒྱལ་པོ་མཐའ་ཡས་དང་། དེ་བཞིན་དུ་འཇོག་པོ་དང་། དཔའ་བོ་ཆེན་པོ་སྟོབས་ཀྱི་རྒྱུ་ཡང་དགོད་པར་བྱའོ། །དེ་བཞིན་དུ་པདྨ་དང་། པདྨ་ཆེན་པོ་དང་། དུངསྐྱོང་དང་། རིགས་ལྡན་སྟོབས་པོ་ཆེའི་ནང་དུ་མངོན་པར་བརྗོད་པའོ། །

ལྷ་དེ་རྣམས་ནི་འཁོར་དང་བཅས་པ་སྣམ་བུ་གང་བར་དགོད་པར་བྱའོ། །འདི་ཐམས་ཅད་ནས་མ་མོའི་ཚོགས་རྣམ་པར་མེད་པར་བྱ་སྟེ། དཔལ་ལྡན་མ་ནི་སྣམ་བུའོ། །སྒོ་རུ་སྤྲེའུ་དང་། ར་དང་། བུ་མ་རྣམ་ཡང་སྒོའི་སྤྱན་པར་བ་ཡི་ཡང་ངོ་། །ནག་པོའི་བརྒྱད་པ་ལ་ལྷ་རྣམས་ལྟོ་འཕྱེ་

ཆེན་པོ་ལས་མ་འདས་པ་ཡང་དག་པར་མཆོད་དེ། སྟོང་ཕྲག་བཟླས་པར་བྱའོ། །ཤེས་རབ་ཅན་སྔགས་ཀྱི་རྒྱལ་པོ་གྲུབ་པར་འགྱུར་རོ། །རིམས་དང་གདོན་ཐམས་ཅད་ལས་འབྱིན་པ་དང་། རྩོད་པ་ཡང་རྣམ་པར་འཇོམས་པར་བྱེད་དོ། །རང་གནས་སུ་འཇུག་གོ། །དེ་ནས་གསང་

སྔགས་འདི་ཡང་རྟག་ཏུ་བཟླས་པའི་གུ་གུལ་གྱི་ཆུའམ་ཀུ་ཤས་གཞན་གྱིས་མི་ཐུབ་པ་དང་། ཞི་བ་ཅན་དང་། རྒྱས་པ་ཅན་དང་། མངོན་པར་མཛེས་པ་ཅན་ཉིད་སྤྱད་པ་ཇི་ལྟར་འདོད་པ་བཞིན་རབ་ཏུ་བྱས་པར་གྲུབ་སྟེ། ཐམས་ཅད་འཇོམས་པ་སྒྲོལ་མས་ནོན་པ་གང་ཡིན་པ་དེ་ནི་གསང་བའི་

เล่ม ๙๔ · หน้า 155b

སྒྲུབ་ཐབས་ཀྱི་དཀྱིལ་འཁོར་རོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བདག་གིས་

མངོན་པར་ཤེས་པ་སྟེ། དེ་བཞིན་གཤེགས་པ་རིན་ཆེན་ཏོག་ལ་མངོན་སུམ་དུ་ཐོས་པ་དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཧ་ལ་ཧ་ལ་ཞེས་བྱ་བའི་སྙིང་པོ་རལ་པ་གྱེན་བརྫེས་ཀྱི་རྒྱུད་ཕྱི་མར་སེམས་ཅན་གྱི་དོན་གྱི་ཕྱིར་དང་། སྒྲོལ་མའི་མཐུ་བསྟན་

པའི་ཕྱིར་དང་། ཐབས་ལ་མཁས་པའི་སྙིང་རྗེ་བདག་གིས་བཤད་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་སྨྲོས་ཤིག །ན་མཿསརྦྦ་ཏ་ཐཱ་ག་ཏེ་བྷྱོ། མ་ཧཱ་བུ་རུ་ཥ་རི་ཥ་བྷེ་བྷྱཿན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་མ་ཧཱ་སྠཱ་མ་པྲཱ་པྟ་མཻ་ཏྲི་ཡ་མཉྫུ་ཤྲཱི་བཛྲ་པཱ་ཎི་

པྲ་བྷི་ཏི་བྷྱོ་མ་ཧཱ་ས་ཏྭེ་བྷྱཿ། དེ་རྣམས་ལ་ཕྱག་བྱས་ནས་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཁྱོད་ཀྱི་སྙིང་པོ་འདོད་པ་ཐམས་ཅད་རབ་ཏུ་སྒྲུབ་པར་བྱེད་པ་སེམས་ཅན་ཐམས་ཅད་ཀྱིས་མི་ཚུགས་པ་སྲིད་པའི་ལམ་རྣམ་པར་འཇོམས་པར་བྱེད་པ་བརྗོད་པར་བགྱིའོ། །

སཱདྱ་ཐེ་དཾ། ཧེ་བོ་དྷི་སཏྭཱ། མ་ཧཱ་སཏྭཱ། ཧེ་ཧ་ལེ། ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། པ་ར་མ་མ་ཏྲི་ཙིཏྟ་ཧི་ཏ་ཙིཏྟ་ཀཱ་རུ་ཎི་ཀཱ་མཱཾ། ག་མ་བི་ཡ་ཏི། མ་ཧཱ་བི་ཡ་ཏི། དྷུ་རུ་དྷུ་རུ། དྷུ་རུ་ཙ་ལེནྟྲ། བ་ལ་ན་མ་སྟེ་སྟུ། སརྦྦ་སཏྭཱ། བྷ་ཡ་པྲ་ཏ། ཧ་རི་ཧ་རི་ཧ་རི་བཱ་ཧ་ནོརྦྦ་བ། བྷ་བཱ་ན་ཁ། ཏུ་རུ་

ཏུ་རུ། གྷུ་རུ་གྷུ་རུ། སུ་རུ་སུ་རུ། སུ་པྲ་ཤཱ་སི། པཱ་མ་ལ་མཱུརྟི། ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། ཀྲྀཥྞཱ་ཛི་ན། ཛ་ཊཱ་མུ་ཀུ་ཊཱ་བ་ལ་མུ་ཏྲཱ་ལ་མཱ་ལ་བ་ལ་མ་ལ་མ་ལ། ཀ་ལ་ཀ་ལ། ན་ལ། ཧ་ལ་ཧ་ལ། ཧུ་ལུ་ཧུ་ལུ། ཧེ་བོ་དྷི་སཏྭཱ། པྲི་ཡ་བོ་དྷི་སཏྭཱ། མ་ཧཱ་བོ་དྷི་སཏྭཱ། ན་མ་ཏེ་རུ། ཀུ་རུ་ཀུ་རུ།

ཧྲྀ་ད་ཡཾ། མ་ནུ་སྨ་ར། ཨི་དཾ་ཙ་མེ། ཀཱརྱ་ཀུ་རུ་སྭཱ་ཧཱ། འདི་ནི་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཧ་ལ་ཧ་ལ་ཞེས་བྱ་བའི་སྙིང་པོ་སྟེ། ཉི་མ་སོ་སོར་ཐོ་རངས་ལངས་ནས་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་

เล่ม ๙๔ · หน้า 156a

བྱས་ཏེ་དྲི་དང་མེ་ཏོག་ལ་སོགས་པ་མངོན་པར་བཀྲམ་ནས། དེ་ནས་ལན་བཅུ་གསུམ་བརྗོད་པར་བྱའོ། །དེ་ནས་ནད་ཐམས་ཅད་ཉེ་བར་ཞི་བར་བྱེད་དོ། །ཟླ་བ་དྲུག་ཁོ་ནར་བྱས་པས་ཇི་ལྟར་འདོད་པ་བཞིན་དུ་ཡིད་ཀྱི་ཤིང་རྟ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་བཞིན་

དུ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་སྨྲས་པ། གལ་ཏེ་མཚམས་མེད་པ་བྱས་པས་ཀྱང་མ་གྲུབ་པ་ན་དེའི་ཚེང་མཚམས་མེད་པ་བྱས་པ་དང་། བདག་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་བསླུས་པར་གྱུར་ཅིག་ཅེས་སོ། །དེ་ནས་

བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་རྗེས་སུ་སྐྱེས་པ། བཅོམ་ལྡན་འདས་མའི་རྟོག་པ་ཆེན་པོའི་རྒྱུད་ཕྱི་མར་འཇིགས་པ་ཐམས་ཅད་ཀྱི་རིག་པ་

སྲིང་མོ་བཞི་གོང་ནས་གོང་དུ་རབ་ཏུ་འཇུག་བཞིན་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རྣམ་པར་གཟིགས་པར་གྱུར་པ། རྟོག་པ་བཞིར་སྐྱེས་པ། ཐུང་ངུའི་གཟུགས་ཅན། ནམ་མཁའ་ལ་འགྲོ་བ། ས་འོག་དང་། མི་སྣང་བ་དང་། རོ་ལངས་དང་། འཐབ་རྩོད་དང་།

རྐང་པས་རབ་ཏུ་བགྲོད་པ་དང་། རྒྱས་པ་ཅན་དང་། མངོན་སྤྱོད་ཅན་དང་། དབང་དུ་བྱེད་པ་དང་། སྐལ་བ་བཟང་པོ་ཉིད་རབ་ཏུ་སྦྱིན་པ་པོ་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་ལ་སོགས་པ་རྣམས་ཀྱིས་གསུངས་པ་ལས་བཟློག་པ། རང་བཞིན་གྱི་

མཚན་ཉིད་ཅན་གྱིས་ལྷག་པའི་ཆ་ཁྱིམ་དུ་སྐྱེས་པ་ཀུན་ཏུ་སྟོན་པར་བྱེད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཁྱེན་པའི་མཐུའི་དོན་གྱིས་ཆེད་སྟོང་ཕྲག་པས་ཀྱང་སྟོང་ཕྲག་བརྒྱ་པོ་དེས་ཀྱང་ལན་ཅིག་གཞོམ་པ་ཙམ་དང་། དཔེ་ཙམ་དུ་བྱང་ཆུབ་སེམས་དཔའི་ཡུལ་འཇིག་རྟེན་

དུ་མའི་འབྱུང་གནས་རང་བཞིན་དུ་གནས་པ་ལ་ལྟོས་ནས་རལ་པ་གྱེན་བརྫེས་ཀྱི་རྒྱུད་ཕྱི་མར་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་རྗེས་སུ་སྦྲུབ་པ་འདི་རྣམས་གསུངས་པ་ནི། བཅོམ་ལྡན་འདས་ཡིད་དབང་དུ་གྱུར་པ་དངོས་གྲུབ་རབ་ཏུ་སྩོལ་བར་མཛད་པར་གྱུར་ཏོ། །

เล่ม ๙๔ · หน้า 156b

ཏདྱ་ཐཱ། ན་མོ་ཨ་མི་ཏཱ་བྷཱ་ཡ། ན་མོ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། ཨོྃ་ཛ་ཡེ་སྭཱ་ཧཱ། རྒྱལ་མ་ཞེས་བྱ་བའོ། །ཏདྱ་ཐཱ། ན་མོ་ཨ་མི་ཏཱ་བྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། ཨོཾ་བི་ཛ་ཡ་སྭཱ་ཧཱ། རྣམ་པར་རྒྱལ་བ་ཞེས་བྱ་བའོ། །

ཏདྱ་ཐཱ། ན་མོ་ཨ་མི་ཏཱ་བྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། ཨོྃ་ཨ་ཛི་ཏེ་སྭཱ་ཧཱ། མི་ཐུབ་མ་ཞེས་བྱ་བའོ། །ན་མོ་ཨ་མི་ཏཱ་བྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། ཨོྃ་ཨ་པ་རཱ་ཛི་ཏེ་སྭཱ་ཧཱ། གཞན་གྱིས་མི་ཐུབ་མ་ཞེས་བྱ་བའོ་ཞེས་པ་དེ་ལྟ་བུ་

སྲིང་མོ་བཞིའོ། །ལྔ་པ་མིང་པོ་ནི། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏདྱ་ཐཱ། ཨཪྷ་ཏེ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། ཨོྃ་ཀི་ནི་ཀི་ནི་སརྦ་ཏ་ཐཱ་ག་ཏཱ་ཨུཏྦྷ་བ་ཤཱནྟེ། བ་ར་དེ། ཨུཏྟ་མ་ཏ་ཐཱ་ག་ཏཱ་ཨུཏྦྷ་བ་ཧཱུྃ་ཕཊ་སྭཱ་ཧཱ། མིང་པོ་ཏུམ་བུ་རུ་ཞེས་པའོ། །

སྔགས་ཀྱི་རྒྱལ་པོ་ཡོངས་སུ་བསྒྲགས། །མདོར་ན་ང་རྒྱལ་ཅན་རློམ་པ། །ཕྱི་མའི་རྒྱུད་ཀྱི་ལས་རྣམས་ནི། །ཇི་ལྟ་ཇི་ལྟར་རབ་སྦྱར་བ། །དེ་ལྟ་དེ་ལྟར་སྒྲུབ་པར་བྱེད། །དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་རང་གི་རྫུ་འཕྲུལ་ཡང་དག་པར་བསྟན་

པར་འདོད་པས། སྟན་ལས་ལངས་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ལན་གསུམ་བསྐོར་བ་བྱས་ཏེ། རང་གི་རྡོ་རྗེ་ཡང་དག་པར་སྐུལ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་བྱང་ཆུབ་

སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །བྱང་ཆུབ་སེམས་དཔའ་བདག་ཀྱང་རྟོག་པའི་རྒྱལ་པོ་རྒྱུད་ཕྱི་མ་འདིར་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་མཐུ་ཀུན་ཏུ་བསྟན་པའི་དོན་དུ་འཇིག་རྟེན་པ་ཐམས་ཅད་ཀྱི་མཆོད་རྟེན་

རྣམས་ཀྱིས་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་རྗེས་སུ་སྤྱོད་པ་སྦྱིན་པར་བགྱིའོ། །དེ་ལ་རྗེས་སུ་ཡི་རང་བའི་སེམས་དཔའ་ཆེན་པོ་ཕྱི་མའི་དུས་ཀྱི་ཚེ་མཆོག་གི་གྲུབ་པ་དང་། མཆོག་གི་ལས་བྱེད་པ་ཚུལ་ཁྲིམས་འཆལ་བ་རྣམས་ཀྱང་ཁྱད་པར་དུ་འགྲུབ་

เล่ม ๙๔ · หน้า 157a

བར་འགྱུར་རོ། །འཕགས་མ་སྒྲོལ་མའི་རྗེས་སུ་སྤྱོད་པ་བོས་གང་རྟུལ་བ་ལས་བྱུང་བ་འདི་རྣམས་རིགས་དང་། ཕ་རོལ་གནོན་པར་བྱེད་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བྱང་

ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །ཕྱག་ན་རྡོ་རྗེ་གསུངས་ཤིག །དེ་ནས་ཕྱག་ན་རྡོ་རྗེས་སླར་ཡང་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཕྱག་ན་རྡོ་རྗེ་སྙོམས་པར་ཞུགས་པ་དེ་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་

ཁམས་འདི་ཀུན་ཏུ་སྣང་བར་བྱས་སོ། །དེ་ནས་ཕྱག་ན་རྡོ་རྗེས་ཕྱག་གི་སོར་མོ་རབ་ཏུ་བརྐྱང་སྟེ། རྡོ་རྗེ་རབ་ཏུ་འཇོམས་པ་ཞེས་བྱ་བ་དང་། རྡོ་རྗེ་ཁུ་ཚུར་དང་། རྡོ་རྗེ་དམར་པོ་དང་། རྡོ་རྗེ་མཐར་ཕྱིན་དང་། རྡོ་རྗེ་ནག་པོ་སྟེ་གཡོན་པའི་ཕྱག་ལས་བྱུང་བ་འདི་

རྣམས་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་སྤུན་རྣམས་སོ། །དེ་ནས་དེ་རྣམས་བཅོམ་ལྡན་འདས་ལ་ཕྱག་འཚལ་བར་བྱེད་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང་། སྤྱན་རས་གཟིགས་དབང་ཕྱུག་ལ་ཡང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་

གཞོན་ནུའི་སྤུན་ལྔ་པོ་རྣམས་ལ་ལེགས་སོ་ཞེས་བཀའ་སྩལ་བ་སྟེ། སེམས་ཅན་རྣམས་ཀྱི་བསོད་ནམས་འབྱུང་བར་འགྱུར་བ་དང་། དངོས་གྲུབ་སྦྱིན་པར་བྱེད་པ་སྒྲོལ་མའི་རྟོག་པར་དོན་ཆེན་པོ་སྦྱིན་པ་ཕྱག་ན་རྡོ་རྗེའི་རིགས་ལས་བྱུང་བ་པདྨའི་ཕྱག་ལ་མངའ་

བདག་ཏུ་གྱུར་པའོ། །དེ་ནས་ཕྱག་ན་རྡོ་རྗེས་དཀྱིལ་འཁོར་གསུངས་པར་གྱུར་ཏོ། །གཅིག་གཉིས་གསུམ་བཞི་ལྔ་དང་ནི། །ཇི་སྲིད་ཁྲུ་ནི་བརྒྱད་ཀྱི་བར། །ནོར་འདོད་པ་ཡིས་ཁྲུ་གཅིག་སྟེ། །བུ་འདོད་པ་ཡིས་ཁྲུ་གཉིས་སོ། །དགྲ་ཉམས་བྱེད་

བས་ཁྲུ་གསུམ་མོ། །བཟླས་པ་ཉིད་ཀྱིས་ཁྲུ་བཞིའོ། །ལྔ་པ་དངོས་གྲུབ་ཐམས་ཅད་ལ། །བརྒྱད་པ་མཁའ་ལ་འགྲོ་བ་ཡིས། །ས་འོག་དོན་དང་འབབ་ཆུ་དང་། །རྒྱ་མཚོ་དང་ནི་དངོས་གྲུབ་གནས། །ཁྱིམ་དུའང་རུང་སྟེ་གཙང་མ་ཡི། །གཞན་དུ་

เล่ม ๙๔ · หน้า 157b

གཡོགས་པར་བྱས་པ་དང་། །ལས་ལ་ཤིས་པ་གང་རུང་གིས། །ཐིག་གིས་དཀྱིལ་འཁོར་ཐིག་གདབ་བྱ། །གྲུ་བཞི་པ་ལ་གྲྭ་བཞི་པ། །སྒོ་བཞི་རྟ་བབས་རྒྱན་གྱིས་བརྒྱན། །དཀྱིལ་འཁོར་ཆ་གསུམ་བྱས་པ་ཡིས། །སྟེང་གི་ཆ་རུ་བཅོམ་ལྡན་འདས། །

སངས་རྒྱས་པདྨའི་གདན་གནས་པ། །ཆོས་སྟོན་པར་ནི་མཛད་བཞིན་པ། །གཡས་སུ་སྤྱན་རས་གཟིགས་དབང་ཕྱུག །ཚངས་པའི་དབྱུག་པ་སྤྱི་བླུགས་ཕྱག །གཡོན་དུ་འཕགས་པ་ཕྱག་རྡོ་རྗེ། །རྡོ་རྗེའི་ཕྱག་གམ་དེ་གཞོགས་སུ། །ཁྱབ་འཇུག་

དུང་དང་འཁོར་ལོ་སྟེ། །བེ་ཅོན་ཕྱག་ན་འཁོར་ལོའོ། །དབུས་ཀྱི་ཆ་རུ་གྲུ་ལ་ཞོན། །གྲུ་ཡི་སྲོག་ཤིང་སྒྲེང་བའོ། །དང་བོར་རྡོ་རྗེ་རབ་འཇོམས་དང་། །སྒྱུ་འཕྲུལ་དང་ནི་ཏུམ་བུ་རུ། །གཉིས་པར་རྡོ་རྗེ་ཁུ་ཚུར་དང་། །རྒྱལ་མར་བཅས་པའོ་གསུམ་པ་

རུ། །ལུས་དམར་དང་ནི་རྣམ་རྒྱལ་བཅས། །བཞི་པར་རྡོ་རྗེ་བསགས་མཐའ་དང་། །མི་ཐུབ་མར་བཅས་ལྔ་པ་རུ། །ལྟོ་ནག་གཞན་མི་ཐུབ་དང་བཅས། །ལྗང་གུ་དཀར་པོ་དམར་པོ་དང་། །སེར་པོ་ནག་པོ་གོ་རིམས་བཞིན། །ལྷ་རྣམས་དགོད་

པར་བྱས་ནས་ནི། །དཀར་པོའི་གོས་དང་དཀར་པོའི་རྒྱན། །བེ་ཅོན་རྡོ་རྗེ་གཏུན་ཤིང་དང་། །གཞུ་དང་རལ་གྲི་མཚོན་ཆའི་ཕྱག །དབུས་སུ་ཟླ་ཉི་པདྨ་ལ། །ལྷ་རྣམས་མངོན་སུམ་དགོད་པར་བྱ། །གྲུ་ཡི་འོག་ཏུ་མེ་དང་ནི། །ཆུ་ཡི་གཏེར་ནི་གནས་པར་

བྱ། །དུང་དང་ཉ་དང་ཆུ་སྲིན་གྱིས། །རྣམ་པར་བརྒྱན་པའི་ཤར་དང་ལྷོ། །ནུབ་དང་བྱང་དུ་དབང་པོ་དང་། །གཤིན་རྗེ་ཆུ་ལྷ་ལུས་ངན་རྣམས། །བཞོན་པ་བཅས་ཤིང་ཕྱག་རྒྱར་བཅས། །ལེགས་པར་དཀྲིས་པའི་བུམ་པ་ནི། །དྲི་ཡི་ཆུ་ཡིས་ཡོངས་སུ་བཀང་། །

ཡལ་འདབ་ཀྱིས་ནི་ཉེ་བར་མཛེས། །གྲྭ་རྣམས་སུ་ནི་དགོད་པར་བྱ། །འདིར་ནི་བུམ་པ་ལྔ་པ་ནི། །རིན་ཆེན་གྱིས་བརྒྱན་འཇམ་པ་ཡི། །གོས་ཀྱིས་མགྲིན་པ་དཀྲིས་པ་དང་། །ས་ཧ་ཀ་རའི་ཡལ་འདབ་ཀྱིས། །ཁ་ནི་དགབ་པར་བྱས་པ་དང་། །གདུགས་

เล่ม ๙๔ · หน้า 158a

སྒྲེང་མེ་ཏོག་ཕྲེང་བ་དཔྱངས། །ཤར་གྱི་སྒོ་རུ་དགོད་པར་བྱ། །དཀྱིལ་འཁོར་ཕྱི་རུ་རྒྱ་མཚོ་བཞི། །དུང་དང་པདྨ་ལ་སོགས་ཀྱིས། །རི་ཡི་རྩེ་མོ་ཡིས་ཀྱང་བྱ། །རྒྱལ་མཚན་རྣམས་འཁྲུགས་བླ་རེ་བྲེས། །ཨིནྡྲ་ནཱི་ལ་གསེར་དང་ནི། །དངུལ་དང་ཟངས་

དང་ལྕགས་རྣམས་ཀྱི། །ཕྱེ་མས་དཀྱིལ་འཁོར་བྲི་བར་བྱ། །ལྷ་ཡི་མེ་ཏོག་བདུག་པས་བདུག །རྣམ་པ་སྣ་ཚོགས་གཏོར་མས་མཆོད། །དུས་ཀྱིས་ནོན་པའི་མེ་ཏོག་འབྲས། །དབྱིག་གསེར་སྣ་ཚོགས་རིན་ཆེན་དང་། །བཟའ་བ་ཕྱི་རོལ་གཅལ་དུ་དགྲམ། །རི་

བོའི་སྟེང་དུ་རབ་འཇུག་བྱ། །སྙིང་པོ་ཕྱི་མས་སྤྱན་དྲང་སོགས། །ལས་རྣམས་ཀུན་དང་གཤེགས་སུ་གསོལ། །དེ་ནས་གང་གིས་དཀོན་མཆོག་གསུམ། །དད་པས་བྱང་ཆུབ་སེམས་བསྐྱེད་དེ། །བུད་མེད་སྐྱེས་པ་གཞོན་ནུ་ཡི། །བསྙེན་གནས་བྱས་པ་གོས་

ཀྱིས་ནི། །གདོང་ནི་ཉེ་བར་བཅིངས་པ་ཡིས། །དམ་ཚིག་གིས་ཀྱང་མཉན་པར་གྱིས། །དབྱིག་དང་གསེར་གྱི་མེ་ཏོག་གིས། །ལག་པ་ཡིས་ཀྱང་དོར་བར་བྱ། །དེ་ནི་གང་དུ་ལྷུང་གྱུར་པ། །དེ་ཡི་རིགས་འགྱུར་དེ་ནས་ནི། །གདོང་ཕྱེ་ལྷ་རྣམས་བསྟན་པར་བྱ། །

སྔགས་དང་ཕྱག་རྒྱ་རྣམས་ཀྱང་འགྱུར། །ཡང་ན་ཉིན་དང་མཚན་མོ་རུ། །དཀྱིལ་འཁོར་དེ་བྲི་མཉེས་པར་འགྱུར། །དེ་ནས་གཟུགས་བརྙན་འབྱུང་སྟེ། ཨ་ཤྭཏྠ་དང་། ནྱ་གྲོ་དྷ་དང་། ཨུ་དུམ་བཱ་ར་ཞི་བ་ཅན་དང་། ཙཱུ་ཏ་དང་། ཙམ་པ་ཀ་དང་། ནཱ་ག་གེ་སར་

གྱིས་རྒྱས་པ་ཅན་དང་། བིལ་བ་དང་། ཨ་རིཥྚ་དང་། ཀོ་ཋ་ཡིས་མངོན་སྤྱོད་ཅན་ནོ། །དབང་དུ་བྱེད་པ་དང་སྐལ་བ་ངན་པ་རྣམས་ལ་བད་ཀན་མཐར་བྱེད་དང་། ཤསྨ་ལི་དང་། དཱིརྒྷ་བིཏྟ་འོ། །སྨྱོ་བར་བྱེད་པ་ལ་ཙནྡན་དང་། མྱ་ངན་མེད་པའི་ཤིང་དང་། སྦྲང་རྩི་དང་། མྱོས་བྱེད་

རྣམས་སོ། །སྐལ་བ་བཟང་པོ་ཉིད་ལ་ཨསྠི་དཏྟ་ལས་བྱུང་བ་རྣམས་སོ། །ལས་ཐམས་ཅད་པ་ལ་གསེར་ལས་བྱུང་བའོ། །རྒྱལ་སྲིད་འདོད་པས་ནི་དངུལ་ལས་བྱུང་བའོ། །ཟངས་ནི་སྐལ་བ་བཟང་པོའི་ཆེད་དུའོ། །ལྕགས་ལས་བྱུང་བ་ནི་མངོན་སྤྱོད་ཅན་ནོ། །

เล่ม ๙๔ · หน้า 158b

ཉམས་པར་བྱེད་པ་ལ་ཙམ་པ་ཀ་དང་། ནཱ་ག་གེ་སར་དང་། བ་གུ་ལ་དང་། ཨ་ཏི་མུཀྟ་ཀའོ། །ནོར་འདོད་པ་ཡིས་ནི་སྣ་མ་དང་། ཡུ་ཐི་ཀ་དང་། མལླི་ཀ་དང་། མྱོས་བྱེད་དང་། གསེར་ཤིང་དང་། མཱ་ལི་ཀ་རྣམས་སོ། །སྐལ་བ་བཟང་པོ་འདོད་པས་ནི་པདྨ་

དང་། །ཀུ་མུ་དའོ། །ཞི་བ་ཅན་ལ་ཨུཏྤ་ལ་དང་། སོའུ་གནྡྷི་ཀའོ། །རྒྱས་པ་ཅན་དང་། གཞན་ལ་ཡང་དྲི་བཟང་པོ་ཅན་གྱི་མེ་ཏོག་གོ། །རྒྱས་པ་ཅན་གང་ལ་དྲིས་དམན་པའི་མེ་ཏོག་གོ། །མངོན་སྤྱོད་ཅན་དང་ཉམས་པར་བྱེད་པ་ལ་སོགས་པ་ལ་ནི་ཙནྡན་ལ་སོགས་

པའི་དྲི་འཕྲོག་པའོ། །ཞི་བ་ཅན་དང་། རྒྱས་པ་དང་། དབང་དུ་བྱེད་པ་དང་། སྐལ་བ་བཟང་པོ་ཉིད་ལ་དེ་ལྟ་བུའི་བདུག་པ་ལག་པ་སྦྱར་ནས་སྙིང་པོའི་སྔགས་འདི་རྣམས་ཀྱི་ལས་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པཱ་བ་ཏ་ཡེ།

ན་མཤྩ་ཏུཪྣཱཾ་བྷ་གི་ནཱི་ནཱཾ། ན་མོ་དེ་བ་ཏུམྦུ་རུ་སཱཪྠ་ཀཱ་ཧ་ཡ། ཛམྦྷ་ནི། ཛམྦྷི་ཀ་རོ་ཏི་ཨ་མི་ཏྲཾ། སྟཾ་བྷ་ནི། སྟཾ་བྷི་ཀ་རོ་ཏྱ། མི་ཏྲཾ། མོ་ཧ་ནི། མོ་ཧཱི་ཀ་རོ་ཏྱ་མི་ཏྲཾ། ཨནྡྷ་ནི། ཨིནྡྷི་ཀ་རོ་ཏྱ་མི་ཏྲཾ། ཛ་ཡེ་ཨཱ་གཙྪ་བི་ཛ་ཡ་ཨཱ་གཙྪ་ཛམྦྷ་ནི་ཨཱ་གཙྪ་སྟམྦྷ་ནི་ཨཱ་གཙྪ།

བ་ལི་བ་ལི། པུཥྤ། དྷཱུ་པ། ཨུ་པ་ཧཱ་རཾ། པྲ་ཏི་གྲྀཧྞ་ཐཱ། ས་མཱ་ཡ་ཡུ་པཱ་ལཱ་ཡཱ་ཐཱ། སུ་ཊུ་ཊུ་སུ་སླ་བཛྲ་བྷཉྫ་ནཱི་ཡ་སྭཱ་ཧཱ། རིག་པ་འདི་ནི་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་འགྱུར་ཏེ། འདི་ལྟ་སྟེ། ནམ་མཁའ་ལ་འགྲོ་བ་དང་། ཕུག་ཏུ་རབ་ཏུ་འཇུག་པ་དང་།

གཏེར་འཕོ་བར་བྱེད་པ་དང་། རིག་པ་འཛིན་པ་ཉིད་དང་། མིག་སྨན་ལྡོང་རོས་སྒྲུབ་པ་དང་། དབང་དུ་བྱེད་པ་དང་། ཉམས་པར་བྱེད་པ་དང་། གཞན་རབ་ཏུ་འཇོམས་པ་དང་། རང་གི་ཡུལ་སོ་སོར་སྐྱོང་བ་དང་། དུག་དང་། ཕོ་ཉ་དང་། ནད་འགོ་བ་དང་།

མཆེ་བ་རབ་བསྣམས་ལ་ཡང་དག་པར་གནས་པ་དང་། སེམས་ཅན་ཐམས་ཅད་ཀྱི་དཀྱིལ་འཁོར་བཅིང་བ་དང་། ཁྲོས་པས་རྒྱལ་པོའི་ཁབ་རབ་ཏུ་སྒྲུབ་པ་སྟེ། དེ་ལྟ་བུ་ལ་སོགས་པའི་ལས་གཞན་རྣམས་ཀྱང་རང་གི་འདོད་པས་བསྒྲུབ་པར་བྱའོ། །སྲིང་

เล่ม ๙๔ · หน้า 159a

མོ་བཞིའི་སྙིང་པོ་རྫོགས་སྷོ།། །།དེ་ནས་སླར་ཡང་དཀྱིལ་འཁོར་གསུངས་པ་ཁྲུ་བཞི་པ་གྲུ་བཞི་པ་སྒོ་བཞི་པ། ཀུན་ནས་རྟ་བབས་ཀྱིས་བརྒྱན་པ། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་རྣམས་བཞོན་པ་དང་བཅས་མཚོན་ཆ་དང་བཅས་

པའི་སྒོ་སྐྱོང་དང་གསུམ་བྱེད་དུ་གཞུག་གོ། །བྱང་གི་རབ་ཏུ་ཐོབ་པར་བྱ་སྟེ་ཆ་གསུམ་བྱས་ནས་སྟེང་གི་ཆ་རུ་བཅོམ་ལྡན་འདས་མ་སྒྲོལ་མའོ། །འཕགས་པ་ཕྱག་ན་རྡོ་རྗེ་ཡང་ཕྱག་གཡོན་པས་རྡོ་རྗེ་དང་གཡས་པས་མཆོག་སྦྱིན་པ། ཀུན་ནས་འབར་བ་བྲི་བར་བྱའོ། །

རྡོ་རྗེ་འཛིན་པའི་གཡོན་དུ་རྡོ་རྗེ་ལྕགས་ཀྱུ་ལག་ན་ཐོགས་པ། གཞན་དུ་རྡོ་རྗེ་ལྕགས་སྒྲོག་ལྕགས་སྒྲོག་ལག་ན་ཐོགས་པ། ཐམས་ཅད་ཀྱང་རིའི་རྩེ་མོ་ལ་ཡང་དག་པར་གནས་པར་བྱའོ། །དབང་ལྡན་གྱི་ཕྱོགས་ལ་བརྟེན་པའི་ལྷ་ཆེན་པོ་ཆུང་མ་དང་བཅས་པ།

ཁྱུ་མཆོག་དང་བཅས་པ་ཡང་དག་པར་བྲིའོ། །གཞན་རྣམ་པ་གསུམ་རིམ་གྱིས་མཚོན་ཆ་དང་། གནས་དང་བཅས་པ་ཇི་ལྟ་བ་བཞིན་དུ་བྲི་བར་བྱའོ། །བྷྲྀང་གི་རི་ཏི་དང་། ནག་པོ་ཆེན་པོ་རྣམས་སོ། །ནུབ་ཏུ་མི་སྦྱིན་དང་། ཏུམ་བུ་རུ་དང་། འོད་སྲུང་དང་། སྣ་

ཚོགས་བཤེས་གཉེན་ལག་པ་རྣམས་རིལ་བ་སྤྱི་བླུགས་དང་། ཆུ་སྣོད་ཕྱག་ན་བསྣམས་པའོ། །ཁྲོན་པ་དང་སྲོག་ཤིང་སྒྲེང་བ་དང་། ཏ་ཏ་སྤུ་བྲིའོ། །སྟོད་གཡོགས་ལྗང་གུ་ཅན་ལག་ན་བེ་ཅོན་ཐོགས་པ་ཅོད་པན་གྱིས་བརྒྱན་པ་ཕྱག་ན་ཏོག་སྐྱོང་བསྣམས་པ།

རྣ་བ་ལ་རྒྱ་སྐྱེགས་ཀྱིས་བརྒྱན་པའོ། །རྒྱལ་བ་དཀར་པོ་ཕྱག་ན་རྡོ་རྗེ་ཐོགས་པ། སྟོད་གཡོགས་དང་སྨད་གཡོགས་ཅན་ནོ། །རྣམ་པར་རྒྱལ་བ་ལུས་དམར་པོ་ཕྱག་ན་གཏུན་ཤིང་ཐོགས་པ། གོས་དམར་པོའི་སྟོད་གཡོགས་ཅན། གསེར་གྱི་ཁ་དོག་ཅན་

གྱི་གཞུ་ཕྱག་ན་བསྣམས་པའོ། །གཞན་གྱིས་མི་ཐུབ་པ་ནག་མོ་གོས་ཁྲ་བོའི་སྟོད་གཡོགས་ཅན། གོས་ནག་པོའི་ཤམ་ཐབས་ཅན་ཕྱག་ན་རལ་གྲི་ཐོགས་པ་གྲུ་ལ་ཞོན་པའོ། །དེ་ནས་ཟླ་བ་དང་། ཉི་མ་དང་། ལྷ་རྣམས་དང་། ནང་དུ་པདྨ་རབ་ཏུ་གཏོར་བ་

เล่ม ๙๔ · หน้า 159b

བྲི་བར་བྱའོ། །བྱང་གི་སྒོ་རུ་ལོག་འདྲེན་ཆེན་པོ་གཡས་ཀྱི་གཞོགས་སུ་ཆུ་བོ་རབ་མེད་ཁོར་ཡུག་ཏུ་རྡོ་རྗེ་དང་། དུང་དང་། ལ་ད་དང་། དཔལ་བེའུ་རྣམས་ཀྱང་ཀུན་ཏུ་བྲིའོ། །དེ་ལྟར་ཐམས་ཅད་ཡང་དག་པར་བྲིས་ཏེ་དེ་ནས་ཇི་ལྟར་འབྱོར་པའི་གཏོར་མ་དང་། ཐུག་

པ་རྣམ་པ་ལྔ་ལྔ་དང་། བཟའ་བ་རྣམ་པ་ལྔ་དང་། ཀྟྲཉྩ་མང་པོ་དང་། བཟའ་དཀྲིས་པའི་བག་ཟན་དང་། ཛམྦུ་ལི་ཀ་དང་། ཞོ་དང་། བུ་རམ་དང་། མར་དང་། སྦྲང་རྩི་ཇི་ལྟར་རིགས་པ་དབུལ་བར་བྱའོ། །ཆུའི་བུམ་པ་བཞི་ཇི་ལྟར་འདོད་པའི་ཡལ་འདབ་

ཀྱིས་ཁ་བཀབ་པ་དང་། བུམ་པ་དྲིའི་ཆུ་ཐམས་ཅད་ཀྱིས་ཡོངས་སུ་བཀང་བ་ས་བོན་ཐམས་ཅད་དང་། སྨན་ཐམས་ཅད་དང་། ཡལ་འདབ་དང་། གོས་ཀྱིས་མགྲིན་པ་དཀྲིས་པ། དབྱིག་དང་། གསེར་དང་རིན་པོ་ཆེ་རྣམས་དང་། ཡལ་འདབ་ཀྱིས་བརྒྱན་

པའི་བུམ་པ་རྣམ་པ་ལྔ་ལྔ་རྣམས་དང་། ཕྱི་རུ་རིན་པོ་ཆེ་རྣམས་ཀྱིས་མངོན་པར་བཀྲམ་པའོ། །དེ་ལྟ་བུ་ལ་སོགས་པའི་བཀྲ་ཤིས་པ་རྣམས་བྱས་ནས་ཕྱི་ནས་བཟླས་པར་བྱའོ། །དེ་ནས་སྔོན་དུ་སློབ་མ་རབ་ཏུ་གཞུག་པར་བྱ་སྟེ། འདི་ལས་གཞན་པའི་སྔགས་

སུ་འགྱུར་བ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མཤྩ་ཏུཪྦྷ་གི་ནཱི་ནཱཾ་མ་མ་ཛ་ཡཱ་ཡ། མཱ་ཧེ་ཏི་སྭཱ་ཧཱ། སྔགས་འདི་རྣམ་པ་བརྒྱད་ཀྱིས་སེམས་ཅན་ཐམས་ཅད་དབང་དུ་བྱེད་དོ། །མེ་ཏོག་དང་། ཡུངས་ཀར་དང་།

ལན་ཚྭ་དང་། ཆུ་དང་ཐལ་བས་དྲི་མེད་ཉིད་སུན་འབྱིན་པའི་ཆ་བྱད་ཀྱིས་ཀྱང་ངོ་། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩ་ཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བི་ཛ་ཡཱ་ཡ། ཧ་ཧ། དྷ་ལི། ཀུ་མཱ་ར་ནི་པིཥྞུ་མུ་ཁེ་ར་ཊེ་ཤ་སྭཱ་ཧཱ། རིག་པ་འདི་འབུམ་བཟླས་

པས་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །དེ་ནས་བརྒྱ་བྱིན་གྱི་གནམ་ལྕགས་ཕོག་པའི་ཤིང་བླངས་ནས་མཚན་མོ་གསུམ་དུ་སྨྱུང་བར་གནས་པར་གྱུར་ནས། གང་དུ་མཆོད་རྟེན་རིང་བསྲེལ་དང་བཅས་པ་དེར་སོང་ནས་བུམ་པ་བཞི་པོ་ཐམས་ཅད་ཀྱང་མེ་ཏོག་དང་

เล่ม ๙๔ · หน้า 160a

ཡལ་འདབ་ཀྱིས་ཁ་བརྒྱན་པ་བཞག་པར་བྱའོ། །དེ་ནས་ཀུ་ཤ་བཏིང་ཞིང་བཀྲམ་པའི་དཀྱིལ་འཁོར་ལྕགས་གསུམ་བཅིངས་པའི་ཕུར་བུའམ་རྐང་པ་གཡོན་པ་ལག་པ་གཡོན་པས་མནན་ཏེ། ཇི་སྲིད་དུ་ལག་པ་མི་སྣང་བར་གྱུར་པ་དེ་སྲིད་དུ་

བཟླས་པར་བྱའོ། །ལག་པ་གཏང་བར་ཡང་མི་བྱའོ། །དེ་ནས་ཕུར་བུ་དེ་དགོན་པར་གདབ་པར་བྱ་སྟེ། ཕུར་བུ་ཁྱིམ་དུ་འབྱུང་ངོ་། །ཆོ་ག་འདི་ཉིད་ཀྱིས་བཏབ་ནས་ཕུར་བུ་རྐང་པ་གཡོན་པས་ཡང་དག་པར་མནན་ནས་དབང་དུ་གྱིས་ཤིག །གྲོང་ཁྱེར་འཇིག་པའི་

ལག་པ་བཙིར་བས་ཕྱག་རྒྱ་ཐམས་ཅད་དང་། དུག་བྱས་པ་རྣམས་ཀྱང་འཇོམས་པར་བྱེད་དོ། །སྐྱེ་བོའི་ནང་དུ་ཡང་གདབ་པར་བྱསྟེ་ཐམས་ཅད་དུ་འགྱུར་རོ། །གཞན་ལ་ཡང་ཇི་ལྟར་འདོད་པ་བཞིན་དུ་ལས་རྣམས་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་

པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མ་ཤྩ་ཏ་སྲྀ་ཎཱཾ། བྷ་གི་ནཱི་ནཱཾ། ན་མ་སྟུམྦུ་རུ་སརྦྦ་བ་ཧ་སྱ། མ་ཧཱ་ཀཪྞ་སྱ། པི་ཙི་པི་ཙི། ཨ་མུ་ཀཱ་ཡ། བྷཪྒ་པྲ་པ་ཏཱནྟུ་སྭཱ་ཧཱ། ནག་པོའི་བརྒྱད་པའམ་ནག་པོའི་བཅུ་བཞི་པ་ལ་མཚན་མོ་གསུམ་དུ་སྨྱུང་བར་གནས་

པས་སྔགས་འདི་ཐོད་པར་ཁྲག་གིས་བྲི་བར་བྱའོ། །སྟོང་ཕྲག་བརྒྱད་དུ་མངོན་པར་བསྔགས་པར་བྱས་ནས་ཆུ་ལ་དོར་བར་བྱའོ། །རྣམ་པ་ཐམས་ཅད་པའི་ངག་ཏུ་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མཤྩ་

ཏ་སྲྀ་ཎཱཾ་བྷ་གི་ནཱི་ནཱཾ། ན་མོ་ཛམྦྷ་ནི་ཙཱ་ཊུ་ཙཱ་ཊུ་ཙཱ་ཊུ་ཙཱ་ཊུ་སྭཱ་ཧཱ། རིག་པ་འདིས་རྒྱལ་གྱི་ཟླ་བ་ལ་མྱ་ངན་མེད་པའི་ཤིང་གི་འོག་ཏུ་ན་ལེ་ཤམ་གསུམ་ཁར་བཅུག་སྟེ། སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །དེ་ནས་ན་ལེ་ཤམ་གཅིག་ཁར་རབ་ཏུ་བཅུག་སྟེ། གང་

མིག་མི་འཛུམས་པར་ལྟ་བར་བྱེད་པ་དེ་དབང་དུ་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མཤྩ་ཏི་སྲྀ་ཎཱཾ་བྷ་གི་ནཱི་ནཱཾ། ན་མསྟུ་མྦུ་རུ་མ་ཧཱ་སཱཪྠ་བཱ་ཧཱ་ཡ། ན་མོ་ཛ་ཡེ་བི་ཛ་ཡེ་ཨ་ཇི་ཏེ་ཨ་པ་རཱ་ཛི་ཏེ་སྭཱ་ཧཱ། རིག་

เล่ม ๙๔ · หน้า 160b

པ་འདིས་ཇི་ལྟར་འདོད་པ་བཞིན་དུ་སྔོན་དུ་བསྙེན་པ་བྱས་ནས་ནག་པོའི་བརྒྱད་པའམ། ནག་པོའི་བཅུ་བཞི་པ་ལ་ཉིན་མཚན་དུ་སྨྱུང་བར་གནས་པས་གོས་གཙང་མ་བགོས་ནས། མར་མེ་དང་རྒྱལ་མཚན་དང་ཕྲེང་བ་ལ་སོགས་པ་ཕུལ་ཏེ་མཆོད་པ་རྒྱ་ཆེན་པོ་བྱས་ཏེ་ཆུ་རང་

ཉིད་ཀྱིས་བླངས་ནས་ཟངས་ཀྱི་སྣོད་དུ་བཞག་སྟེ་ཐུན་གཅིག་ཏུ་བཟླས་པར་བྱའོ། །དེ་འཐུངས་ཤིང་ཁྲུས་བྱས་ནས་ཆོ་ག་དེ་ཉིད་ཀྱིས་ཐོ་རངས་དགེ་འདུན་གྱིས་བསྟན་པའི་སློང་མོ་ཟོས་ནས་དེ་ལྟ་བུ་བརྒྱད་ཟློས་ཤིག །དེ་ནས་ཕྱོགས་བཞིར་རིག་པའི་གནས་རྣམས་

ཁ་རུ་རབ་ཏུ་འཇུག་པར་བྱེད་དེ་ཐོས་པ་འཛིན་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ནམཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་བ་ཏ་ཡེ། ན་མཤྩ་ཏ་སྲྀ་ཎཱཾ་བྷ་གི་ནཱི་ནཱཾ། ཏནྟྲི་མི་ལི་མི་ལི་སྭཱ་ཧཱ། རིག་པ་འདིས་རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་ཞུགས་ཏེ་ལག་པ་

གཡས་པས་ཁུ་ཚུར་བྱས་ནས་ཉི་མ་བཅུ་གསུམ་དུ་བཟླས་པར་བྱའོ། །དུག་དང་མཆེ་བས་ཤི་བ་ཐམས་ཅད་སློང་བ་འཇུག་པར་བྱེད་དོ། །ཁུ་ཚུར་གྱིས་གདོན་རྣམས་འབེབས་པར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་

ཏ་ཡེ། ན་མཤྩ་ཏ་སྲྀ་ཎཱཾ་བྷ་གི་ནཱི་ནཱ། ན་མསྟུ་མྦུ་རུ། སརྦྦ་མ་ཧཱ་ཡ། སུ་ཊུ་སུ་ཊུ་བཛྲ་པྲ་བྷཉྫ་ནཱི་ཡེ་སྭཱ་ཧཱ། སྔགས་འདིས་བ་བྱུང་གི་དཀྱིལ་འཁོར་ཁྲུ་བཞི་པ་བྱས་ནས་དེར་བ་ཤ་ཀའི་ཡམ་ཤིང་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པ་སྦྱིན་སྲེག་སྟོང་

ཕྲག་བརྒྱད་གྱིས་ཤིག །ནག་པོའི་བརྒྱད་པ་ནས་བརྩམས་ཏེ་ཇི་སྲིད་བཅོ་ལྔ་པའི་བར་དུའོ། །གང་འདོད་པ་དེ་འགུགས་པར་བྱེད་དོ། །འདིས་ཀྱང་ཁྲོས་པས་རྒྱལ་པོའི་ཕོ་བྲང་རབ་ཏུ་བསྒྲུབ་པར་བྱ་སྟེ། ཀུན་ཏུ་རྒྱུ་རབ་ཏུ་ཞུགས་ནས་དེ་ལ་སོལ་བས་

མངོན་པར་བྲིས་ཏེ་རྐང་པ་གཡོན་པས་མནན་ནས་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །དེ་ནས་ཁྲོ་བ་དང་བྲལ་བར་འགྱུར་རོ། །དེ་ནས་ཕྱག་རྒྱ་རབ་འཆད་བྱེད། །དགེ་བའི་ལག་པ་ལས་ཀུན་ལ། །ལས་གང་ཅུང་ཟད་བྱ་བ་དེ། །ཀུན་ལ་ལག་པ་གཡོན་སྦྱར་བྱ། །

เล่ม ๙๔ · หน้า 161a

མཐེ་བོང་ཅན་ལ་བཟུང་བ་ཡི། །ཕྱག་རྒྱ་ལྷ་ཡིར་ཡོངས་སུ་བསྒྲགས། །སྡིགས་མཛུབ་ཅན་ནི་གནོད་སྦྱིན་ལ། །དྲི་ཟ་ལ་ནི་གུང་མོ་སྟེ། །འབྱུང་པོ་རྣམས་ལ་མིང་མེད་དོ། །ཀླུ་ལ་ལག་པ་མཐེའུ་ཆུང་། །སྲིན་པོ་རྣམས་ལ་མཐིལ་དུའོ། །དབྱུག་པའི་

ཕྱག་རྒྱ་ཡི་དགས་རྣམས། །ཕྱག་རྒྱ་རྣམ་པ་བརྒྱད་དུ་བཤད། །མཐེ་བོང་རྡོ་རྗེ་རབ་འཇོམས་པ། །སྡིགས་མཛུབ་རྡོ་རྗེ་ཁུ་ཚུར་ཏེ། །གུག་མོ་རྡོ་རྗེ་ལུས་དམར་ལ། །མཐེ་ཆུང་ནག་པོའི་ཡན་ལག་ཅན། །མཐེ་བོང་ཏུམྦུ་རུ་ཞེས་འདི། །རང་གི་གཟུགས་ཀྱིས་རང་རང་ལ། །

ཕྱག་རྒྱ་ལྔ་པོ་རྣམ་པར་དགོད། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་མགོ་བོས་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ཅན་སེམས་ཅན་ཐམས་ཅད་ལ་ཕན་

པར་མཛད་པ་རྟོག་པའི་རྒྱལ་པོ་ཆེན་པོ་རལ་པ་གྱེན་བརྫེས་ཀྱི་རྒྱུད་ཕྱི་མས་ཇི་ལྟར་བཅོམ་ལྡན་འདས་རིག་པའི་སྔགས་ཀྱི་སྤྱོད་པ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་ཆེད་དུ་ཇི་ལྟར་བྱ་བ་བསྟན་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

རིགས་ཀྱི་བུ་ལེགས་སོ། །དེས་ན་གང་རིག་པ་འཛིན་པ་བཀྲུས་བཞིན་པ་རིག་པ་དེ་རྗེས་སུ་དྲན་པར་བྱས་ནས་རིག་པ་མེད་པར་ཁྲུས་བྱ་བ་དང་། རྣམ་པར་དབེན་པའི་ཕྱོགས་མ་ཡིན་པར་བཟློག་པ་ཉིད་དེ་རྣམས་ནི་ལུས་རྩུབ་པ་དང་། སྟོབས་ཆུང་བར་འགྱུར་རོ། །གང་

ལམ་དུ་འགྲོ་བ་གྲོང་པའི་ཆོས་ཀྱིས་གོས་པ་རྣམས་ལ་ཡིད་ཀྱིས་བཟླས་པ་བྱེད་དོ། །རྟག་ཏུ་སེམས་གཡོ་བ་དང་། ནད་མང་བར་འགྱུར་རོ། །གང་ཡང་ཡང་ནས་ཡང་དུ་རིག་པ་ཐུན་མོང་དུ་འཕོ་བ་དང་། གནས་མ་ཡིན་པ་རྣམས་ལ་རབ་ཏུ་སྦྱོར་བར་བྱེད་པ་དང་།

སྦྱིན་སྲེག་དང་བྲལ་བས་བཟླས་པ་བྱེད་པ་ནི་རྟག་ཏུ་དོན་ཉམས་པ་དང་། གྲོགས་ཉམས་པར་ཡང་འགྱུར་རོ། །གང་ཞིག་སླར་ཡང་རིག་པ་འཛིན་པ་རང་གི་རིག་པ་ལ་བརྙས་པ་བྱེད་པ་དང་། ལྷ་ལ་སྤྱོད་པར་བྱེད་པ་ནི་ལོག་པར་འདྲེན་པ་དང་སྐྲག་པར་བྱེད་དོ། །རྟག་ཏུ་འཇིག་རྟེན་

เล่ม ๙๔ · หน้า 161b

དགའ་བར་མི་འགྱུར་རོ། །རྟག་ཏུ་ཡོངས་སུ་བརྙས་པར་འགྱུར་རོ། །རྟག་ཏུ་ཡང་རིག་པ་འཛིན་པས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ཀྱིས་གསུངས་པའི་རིག་པའི་སྔགས་རྣམས་མེ་ཏོག་དང་བདུག་སྤོས་ལ་

སོགས་པ་རྣམས་ཀྱིས་མཆོད་པར་བྱ་བཀུར་སྟིར་བྱའོ། །དམ་ཚིག་མེད་པ་དང་སྲོག་གཅོད་པར་བྱེད་པ་དང་། སྔགས་བྱེད་པ་དང་། དགེ་སློང་མ་སུན་འབྱིན་པར་བྱེད་པ་དང་། མཚམས་མེད་པ་བྱེད་པ་དང་། ཚུལ་དང་བྲལ་བས་དགེ་འདུན་གྱི་རྫས་ལ་ཡོངས་སུ་

ལོངས་སྤྱོད་པ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་ལ་ཡོངས་སུ་འགྲོ་བ་དང་། དགེ་སློང་ངམ་དགེ་སློང་མ་གསོད་པར་བྱེད་པ་དང་། ཟས་ལ་རྐང་པས་རྫི་བར་བྱེད་པ་དང་། དམ་ཚིག་མེད་པར་ཁྲོ་བས་ཟས་རྫི་བར་བྱེད་པ་དང་། འཐོར་བར་བྱེད་པ་དང་། དམ་

ཚིག་མེད་པ་ཤི་བ་མཐོང་ནས་འགྲོ་བར་མི་བྱེད་པ་དང་། དམ་ཚིག་མེད་པ་དང་། དཀྱིལ་འཁོར་དུ་མ་ཞུགས་པ་ལ་ཕྱག་རྒྱ་དང་། སྔགས་སྦྱིན་པར་བྱེད་པ་དང་། དེ་ལའང་དམ་ཚིག་མེད་པར་སྨན་རྐང་པས་རྫི་བར་བྱེད་པ་དང་། དམ་ཚིག་ལས་ཉམས་པར་བྱེད་པ་དང་། སངས་རྒྱས་

དང་བྱང་ཆུབ་སེམས་དཔའ་རྣམས་དང་། ལྷ་གཞན་རྣམས་ལ་ཡང་དྲི་མེད་ཉིད་ཀྱིས་འགོམ་པར་བྱེད་པ་དང་། དམ་ཚིག་མེད་པར་དུང་དང་། འཁོར་ལོ་དང་། རྩེ་གསུམ་ཁ་གདེངས་དང་། བེ་ཅོན་དང་། མདུང་དང་། རྡོ་རྗེ་དང་། ཕུབ་དང་། གཞུ་དང་། གཤོལ་དང་།

གཏུན་ཤིང་དང་། མདའ་དང་། མདུང་ཐུང་དང་། གླང་པོ་ཆེ་དང་། ཁྱུ་མཆོག་དང་། བོང་བུ་དང་། ཕག་དང་། ཤ་ར་བྷ་དང་། སེང་གེ་དང་། བྱ་གག་དང་། རྨ་བྱ་དང་། མ་ཧེ་དང་། རྔ་མོ་དང་། ངང་པ་དང་། མི་དང་། ལྷའི་བཞོན་པ་དང་། མཚོན་ཆ་སྣ་

ཚོགས་པ་རྣམས་ཀྱང་འགོམ་པར་བྱེད་པ་དང་། སྣ་ཚོགས་བྱེད་པ་མཐོང་ནས་རྐང་པས་གནོན་པར་བྱེད་པ་དང་། རྣམ་པ་གཞན་དུ་ལོག་པར་འདྲེན་པ་དང་དངོས་གྲུབ་སྟེར་བར་མི་བྱེད་དོ། །བཟའ་བའི་ཆོ་ག་ཡང་འདིར་ཏིལ་དང་། ཤ་དང་། པརྤ་ཊ་དང་། ཛམྦུ་ལི་ཀ་དང་། ཉ་དང་

เล่ม ๙๔ · หน้า 162a

སྤུ་པ་ལི་ཀ་མང་པོ་དང་། ཏིལ་གྱི་ཐུག་པ་དང་། ལྷ་བཤོས་དང་། དྲི་མེད་ཉིད་བཟའ་བ་ཡང་སྤང་བར་བྱའོ། །ལྷའི་དྲི་མེད་ཉིད་གནོན་པ་དང་། པདྨ་གནོན་པ་དང་། ཆུ་ལ་གནས་པ་དང་ལྡན་པ་དང་། ཨུཏྤལ་གནོན་པ་དང་། ནགས་ཀྱི་བདག་པོ་གཅོད་པ་དང་། རྩ་

པ་འབྱིན་པར་བྱེད་པ་ཡང་སྤང་བར་བྱའོ། །རིག་པ་རྗེས་སུ་དྲན་པར་བྱེད་པ་ཉིད་ཀྱིས་རྟག་ཏུ་གོས་གཙང་མ་བགོས་པས་བྱ་བ་ཐམས་ཅད་ལ་བསྟན་པ་ཉིད་དང་། གཞན་རིག་པའི་ཆོ་ག་ཐམས་ཅད་ལ་མཆོད་པར་བྱེད་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སླར་ཡང་བྱང་ཆུབ་སེམས་

དཔའི་ཚོགས་རྣམས་ལ་བཀའ་སྩལ་པ། གྲོགས་པོ་ཁྱེད་རྣམས་ཉོན་ཅིག །བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་རིག་པའི་ཡི་གེ་རྣམས་ཐབས་དང་བཅས་པས་བདེ་བླག་ཏུ་སྒྲུབ་པར་བྱེད་པ། སེམས་ཅན་ཐམས་ཅད་ལ་ཕན་པ་བྱེད་པ། རལ་པ་གྱེན་བརྫེས་ཀྱི་རྒྱུད་ཕྱི་མར་

ཡིད་ཀྱིས་གྲུབ་པའི་སྔགས་ཀྱི་ཚིག་རྣམས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། གྷུ་ནི་གྷུ་ནི་ལ་ལ་ལ་སིདྡྷེ་སིདྡྷེ། པཱ་ར་ཀྲ་མ་སྭཱ་ཧཱ། ཨ་མི་ཏཱ་བྷཱ་སུ་ཏ་སྭཱ་ཧཱ། སརྦྦཻ་ཤྩ་ཨཱརྱ་ཨ་བ་ལོ་ཀི་ཏེ་སྭཱ་ཧཱ། འདི་ནི་འཕགས་མ་ཟླ་བ་མ་

ཞེས་བྱ་བ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་ནུ་མོ་སྟེ་ལས་ཐམས་ཅད་བྱེད་པའོ། །སྒྲུབ་པ་པོས་རྟག་ཏུ་གཙུག་པུད་བཅིང་བ་དང་། ཕྱག་རྒྱ་བཅིང་བ་ཡང་བྱའོ། །བགེགས་ཐམས་ཅད་རྣམ་པར་འཇོམས་པར་བྱེད་པའོ། །དེ་ལ་འདི་ནི་ཐོ་རངས་ལངས་ནས་གཙང་མར་གྱུར་

པས་དཀྱིལ་འཁོར་བྱས་ནས་མེ་ཏོག་ལ་སོགས་པ་གཏོར་ཏེ། ལྔ་བརྩོན་པས་བརྒྱད་བརྒྱར་བཟླས་པར་བྱའོ། །མངོན་པར་འདོད་པའི་དོན་རྫོགས་པར་བྱེད་དོ། །ཡང་ན་གང་འདོད་པ་དེ་དབང་དུ་བྱེད་དོ། །དེ་ནས་དཀྱིལ་འཁོར་དུ་ཙེ་ཏྲཱ་ཛི་ཀཾ་རབ་ཏུ་གཏོར་ནས་གང་འདོད་པ་དེ་སྐྲོད་པར་བྱེད་

པར་འགྱུར་རོ། །བཀླགས་པས་གྲུབ་པ་གང་ཡིན་པ་དེ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱ་བར་འགྱུར་རོ། །ཡང་འདིར་རྣམ་གྲངས་ཀྱི་གཏེར་འདིར་དེ་དག་གཅིག་ཏུ་རེག་པ་དེ་དྲན་པར་བྱེད་དོ། །དེ་ནས་གཤེད་བྱེད་སྐྱེད་པར་བྱེད་པར་འདོད་ན་དུར་ཁྲོད་དུ་སོང་ནས་དུར་ཁྲོད་ཀྱི་ཤིང་གིས་མེ་

เล่ม ๙๔ · หน้า 162b

རབ་ཏུ་སྦར་ཏེ་དར་ཆེན་པོས་བསྐོར་ལ། ཇི་ལྟར་སྐྱེས་པའི་ཁྲག་གིས་སྦྱིན་སྲེག་གྱིས་ཤིག །ཉི་མ་བདུན་པ་ལ་འཇིགས་པའི་ང་རོ་ཅན་གྱི་གཤེད་བྱེད་མཚན་མོ་ཕྱེད་ནས་ལང་བར་བྱེད་དོ། །ཡང་དག་པར་བསྔགས་པས་ཇི་ལྟར་བརྗོད་པའི་གནས་སུ་ཡང་བྱིན་གྱིས་བརླབས་པ་སྦྱིན་པར་

བྱའོ། །འདི་ནི་བཅོམ་ལྡན་འདས་མའི་བྱིན་གྱིས་བརླབས་པས་ཇི་ལྟར་བདེ་བར་མངོན་པར་བདེ་བར་བྱེད་དོ། །དེ་ནས་གནས་ཁ་ཅིག་ཏུ་མི་རྣམས་འཆི་བ་དང་། གནས་ཁ་ཅིག་ཏུ་མེ་འབར་བར་མཐོང་བ་དང་། གནས་ཁ་ཅིག་ཏུ་ལྕགས་སྒྲོག་བཅིངས་པ་མཐོང་ངོ་། །དེ་ལྟར་

གཤེད་བྱེད་དེ་རྣམ་པར་རྒྱུ་བར་བྱེད་དོ། །དེ་ཞི་བའི་དོན་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་པདྨ་སྟོང་ཕྲག་བརྒྱད་དབུལ་བར་བྱའོ། །མཆོག་ཏུ་ཞི་བར་འགྱུར་རོ། །དགྲ་རྣམས་སྐྱེད་པར་བྱེད་པར་འདོད་ན་དུར་ཁྲོད་དུ་སོང་ནས་དུར་ཁྲོད་ཀྱི་ཤིང་གི་མེ་རབ་ཏུ་སྦར་ཏེ་ཡུངས་ཀར་དཀར་པོ་ལ་

ཏིལ་ནག་པོའི་ཏིལ་མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །འགྲོ་བར་བྱེད་དོ། །དེ་ནས་རིམས་ཀྱིས་འཛིན་པར་འདོད་ན་དུར་ཁྲོད་ཀྱི་མེ་ལ་དུར་ཁྲོད་ཀྱི་ཐལ་བ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །རིམས་ཆེན་པོས་འཛིན་ཏོ། །ཞི་བའི་དོན་དུ་ཆུ་ལ་བརྒྱ་

རྩ་བཟླས་ཏེ་མགོ་བོར་སྦྱིན་པར་བྱའོ། །རིམས་ལས་གྲོལ་ལོ། །མགོ་བོ་ཟུག་རྔུས་འཛིན་པར་འདོད་ན་བ་བྱུང་གི་གཟུགས་བརྙན་ལ་མི་རུས་ཀྱི་ཕུར་བུ་ལ་སྟོང་ཕྲག་བརྒྱད་བཟླས་ལ་མགོ་བོར་ཕུར་བུས་གདབ་བོ། །མགོ་བོ་ཟུག་རྔུ་ཆེན་པོས་འཛིན་ཏོ། །ཕུར་བུ་བཏོན་པས་ཞི་

པར་འགྱུར་རོ། །དབང་པོ་ལ་བཏབ་ན་མ་ནིང་དུ་འགྱུར་རོ། །བཏོན་ན་ཐར་རོ། །སྙིང་གར་བཏབ་ན་གཟེར་ཆེན་པོར་འགྱུར་རོ། །བཏོན་ན་ཐར་རོ། །སེང་ལྡེང་གི་ཕུར་བུ་ཤ་དང་ཁྲག་གིས་བཏགས་པ་སྲད་བུས་དཀྲིས་པ་ལ་བརྒྱད་བརྒྱ་བཟླས་པ་མི་རུས་ཀྱི་ཕུར་བུའི་མགོ་

བོར་གདབ་པར་བྱའོ། །དགྲའི་སྒོར་བཏབ་ན་ཐོ་རངས་འབྲོས་པར་བྱེད་དོ། །ཇི་སྲིད་ཕུར་བུ་བཏོན་པར་མ་གྱུར་གྱི་བར་དུ་གང་དུའང་གནས་པར་མི་བྱེད་དོ། །རྒྱལ་པོ་སྐྱེད་པར་འདོད་ན་ལྷ་ཆེན་པོའི་ཁང་པར་སོང་ནས་ལྷ་ལ་དུག་དང་ཁྲག་གིས་བྱུགས་ཏེ་ཤ་ཆེན་པོའི་བདུག་པ་དབུལ་

เล่ม ๙๔ · หน้า 163a

བར་བྱའོ། །ནིམ་པའི་འདབ་མས་ཀྱང་མཆོད་པར་བྱའོ། །དེ་ནས་དུག་དང་། ཁྲག་དང་། སྐྱེ་ཚེ་རྣམས་གཅིག་ཏུ་བྱས་ནས་བརྒྱད་བརྒྱར་སྦྱིན་སྲེག་གྱིས་ཤིག །བརྒྱད་བརྒྱ་དང་པོས་རང་གི་ཤའོ། །གཉིས་པས་མེ་ཏོག་གོ། །གསུམ་པས་བཙུན་མོའི་

འཁོར་རོ། །བཞི་པས་མཚོན་ཆ་ཆེན་པོའོ། །ལྔ་པས་གླང་པོ་ཆེའོ། །དྲུག་པས་མ་ཧེ་སྟེ། ཁྲོ་བོ་ཆེན་པོས་བཀྲིས་པའི་ལས་སོ། །བློ་བཟང་པོ་ཉིད་ཉམས་པར་བྱེད་པར་འདོད་ན། ནིམ་པའི་ཤིང་གིས་མེ་སྦར་ནས་ནིམ་པའི་ལོ་མ་དང་། དུར་ཁྲོད་ཀྱི་ཐལ་བ་ཕན་ཚུན་བསྲེས་པས་

སྲེག་བླུགས་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །སྐད་ཅིག་ལ་ཉམས་པར་འགྱུར་རོ། །དེ་ནས་ལྐུགས་པར་བྱེད་པར་འདོད་ན། ཀ་ས་མ་ཡའི་གཟུགས་བརྙན་བྱས་ནས་ཟངས་ཀྱི་ཕུར་བུ་ལ་བརྒྱད་བརྒྱ་བཟླས་ཏེ་དགྲ་བོ་ཡིད་ལ་བྱས་ནས་ཁ་ལ་ཕུར་བུ་གདབ་པར་བྱའོ། །ལྐུགས་

པར་འགྱུར་རོ། །ཕུར་བུ་བཏོན་ན་ཐར་རོ། །མངོན་སྤྱོད་ཅན་རྫོགས་སོ།། །།མ་བསྒྲུབས་པར་ལས་རྣམས་འབྱུང་སྟེ། སོ་ཤིང་ལ་ལན་བདུན་བཟླས་ནས་བཟའ་བར་བྱའོ། །མ་བླངས་པར་བཟའ་བ་རྙེད་དོ། །བརྒྱད་བརྒྱར་བཟླས་ནས་མགོ་བོ་ལ་བྱུགས་པས་སྐྱེ་

བོ་ཐམས་ཅད་དགའ་བར་འགྱུར་རོ། །གོས་ལ་ལན་བདུན་མངོན་པར་བསྔགས་ནས་གོན་ན་སྐལ་བ་བཟང་པོར་འགྱུར་རོ། །མིག་སྨན་ལ་མངོན་པར་བསྔགས་ནས་མིག་ལ་བསྐུས་ན་ཁྲོ་བས་དཀྲིས་པ་རྣམས་ཀྱིས་མཐོང་ན་དགའ་བར་འགྱུར་རོ། །ལམ་དུ་ཟློས་བཞིན་པར་སོང་

མ་ཆོམ་རྐུན་རྣམས་ཀྱིས་འཇོམས་མི་ནུས་སོ། །སོར་མོ་ལ་ལན་བདུན་བཟླས་པས་མཆེ་བ་ཅན་ཐམས་ཅད་རེངས་པར་འགྱུར་རོ། །གསེག་མ་ལ་བརྒྱད་བརྒྱར་བཟླས་ནས་ཆུ་ལ་གཏོར་ན་ཆུ་ལ་རྒྱུ་བ་ཐམས་ཅད་རེངས་པར་བྱེད་པར་འགྱུར་རོ། །བཅིངས་པ་ལམ་འགག་པ་ལ་བཟླས་

ན་ཐར་རོ། །ཀ་ར་བཱི་རའི་ལྕུག་མ་ལ་ལན་བདུན་བཟླས་པས་དཀྱིལ་འཁོར་དུ་ཉེ་བར་བྱུགས་ནས་ས་ལ་མཚོན་ཆ་སྦྱིན་པར་བྱའོ། །གང་དུ་འདོད་པ་དེར་འཕོ་བར་བྱེད་དོ། །ཁྱོར་བའི་ཆུ་ལ་བསྔགས་ནས་སྟེང་དུ་གཏོར་བར་བྱ་སྟེ་དུས་མ་ཡིན་པའི་ཆར་རེངས་པར་བྱེད་དོ། །ཐལ་བ་ལ་བརྒྱད་

เล่ม ๙๔ · หน้า 163b

བརྒྱར་བཟླས་ན་ཐལ་པ་འདེབས་པར་འགྱུར་རོ། །ལྕགས་ཀྱི་ཕྱེ་མ་རྡོའི་ར་བར་འགྱུར་རོ། །སྒྲོན་མ་གསུམ་གྱིས་མར་མེའི་ར་བར་འགྱུར་རོ། །བིལ་བའི་འདབ་མས་བིལ་བའི་ར་བར་འགྱུར་རོ། །བརྒྱད་བརྒྱར་བཟླས་པའི་ཆུས་ཆུའི་ར་བར་འགྱུར་རོ། །མདོར་བསྡུས་ན་བཅོམ་

ལྡན་འདས་གཙུག་ཏོར་གྱི་རྒྱལ་པོ་རྟོག་པ་གཞན་གྱི་ཆོ་གས་ཇི་ལྟ་ཇི་ལྟར་རབ་ཏུ་སྦྱར་བ་དེ་ལྟ་དེ་ལྟར་ལས་བྱེད་དོ། །རིག་པ་བསྒྲུབས་པ་ལས་མཚམས་མེད་པ་ལས་གྲོལ་ནས་བྱང་ཆུབ་ཀྱི་སེམས་རྙེད་དོ། །ཨོྃ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ། ཨ་ནཱ་བ་ལོ་ཀི་ཏེ་མུརྡྷ་ནི་ཏེ་ཛོ་རཱ་ཤི་ཧཱུྃ། ཛྭཱ་ལ་ཛྭཱ་ལ།

དྷ་ཀ་དྷ་ཀ །ད་ར་བི་དར། ཚིནྡ་ཚིནྡ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། གཟི་བརྗིད་དང་ཕུང་པོར་རྣམ་པར་བཤད་དེ། འདབ་མ་ཆུང་ངུའི་རྒྱབ་ཏུ་གནས་པར་བྱའོ་ཞེས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་གྱི་རྒྱུད་ཆུང་ངུ་ལས་བྲིས་པ་འདབ་མ་སོ་སོ་ལ་རྫོགས་པར་བྱ་བའི་ཕྱིར། གཞོན་

ནུ་མས་བཀལ་བའི་སྲད་བུ་ལ་རས་བྱེད་དུ་བཅུག་ནས་སམ། ཡང་ན་དཔའ་བོའི་རིན་གྱིས་ཉོས་པ་སྟེ་ཇི་ལྟར་རྙེད་པའི་རས་ཁ་ཚར་མ་བཅད་པ་སྐྲ་དང་བྲལ་བ་ལ་རི་མོ་མཁན་གསོ་སྦྱོང་ཅན་དབང་པོ་མ་ཚང་བ་མིན་པས་ཁ་ཤར་དུ་ཕྱོགས་པས་རས་རྣམས་འཁྲུལ་འཁོར་ལ་བཞག་སྟེ།

དེའི་མདུན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ཐམས་ཅད་དང་། ཁྱད་པར་དུ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་སྤྱན་དྲང་བར་བྱས་ནས། དེ་ནས་ཨརྒའི་ཤིང་གིས་མེ་རབ་ཏུ་སྦར་ནས་ཡུངས་ཀར་དཀར་པོ་ལ་མར་གྱིས་བཏགས་པ་རལ་པ་གཅིག་མའི་

སྙིང་པོས་རས་རིས་ཀྱི་སྤྱན་སྔར་ཁྲུ་བཞི་པའི་ཚད་ཀྱི་དཀྱིལ་འཁོར་དུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །རས་རིས་འདྲི་བཞིན་པ་ན་བགེགས་མེད་པར་འགྱུར་རོ། །དེ་ནས་ཚེས་གྲངས་དང་། བྱེད་པ་དང་། རྒྱུ་སྐར་དང་། ཡུད་ཙམ་དགེ་བ་ལ་སྣོད་སར་པར་བཞག་པ་ཁ་

དོག་མ་འདྲེས་པ་ཤིན་ཏུ་སོ་སོར་བཏགས་པའི་ཁ་དོག་གི་ཆུས་སྦྱར་ནས་བ་ལང་གི་སྤུའི་པིར་གྱིས་བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཤིང་ནི་སྣ་ཚོགས་པའི་གནས་རབ་ཏུ་བསྔགས་པ། བྱའི་ཚོགས་སྐད་འབྱིན་པ། དཔག་བསམ་གྱི་ཤིང་དང་མཚུངས་པ་བྱའོ། །དེ་བཞིན་གཤེགས་པ་འོད་དཔག་

เล่ม ๙๔ · หน้า 164a

མེད་འདྲིར་གཞུག་པར་བྱའོ། །ཆོས་སྟོན་པར་མཛད་བཞིན་པ། སྐྱིལ་མོ་ཀྲུང་གིས་ཉེ་བར་བཞུགས་པ། སྐྱེས་བུ་ཆེན་པོའི་མཚན་གྱིས་བརྒྱན་པའི་སྐུ། མཛེས་པར་སྣང་བཞིན་པའི་ལུས། གཙུག་ཏོར་ནས་འོད་ཟེར་ཆེན་པོ་གསེར་གྱི་ཁ་དོག་ཅན་འཕྲོ་བ། པདྨ་དཀར་

པོ་ལ་བཞུགས་པ་འདྲིར་གཞུག་པར་བྱའོ། །བཅོམ་ལྡན་འདས་ཀྱི་གཡོན་གྱི་གཞོགས་སུ་དཀར་པོ་རྒྱན་གྱིས་རྣམ་པར་བརྒྱན་པ། ཁ་དོག་ལྔ་པའི་གོས་ཀྱི་སྟོད་གཡོགས་པ་གོས་པ། ཕྱག་ན་རྔ་ཡབ་ཐོགས་པའོ། །གཞན་དུ་རྒྱུ་སྐར་མེ་བཞི་ལ་འཕགས་པ་དྲི་མ་མེད་པ་འགྲོ་བ་

ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་འདྲིར་གཞུག་པར་བྱ་སྟེ། བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་སུ་ཐམས་ཅད་དཀར་པོ་གསེར་གྱི་རྒྱན་གྱིས་བརྒྱན་པ། རལ་པའི་ཚོགས་དང་། ཕྱག་ན་རིལ་པ་སྤྱི་བླུགས་དང་། དབྱུག་གུའི་ཤིང་བསྣམས་པ། མཆོད་ཕྱིར་ཐོགས་པ་ཕྲག་པ་

ལ་འཕྱང་བ། གོས་དཀར་པོ་བགོས་པ། མཆོག་ཏུ་སྐྱེས་པ། སྒྲུབ་པ་པོའི་སྟེང་དུ་ཕྱག་བརྐྱང་བ། ཕྱག་བཞི་པ། བདེ་བར་གཤེགས་པའི་མཐོ་གང་གི་ཚད་ལ་འཕགས་པ་དྲི་མ་མེད་པར་འགྲོ་བ་ཅུང་ཟད་མངོན་པར་ལྷགས་པའོ། །བཅོམ་ལྡན་འདས་ལས་ཅུང་ཟད་དམན་

པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདྲིར་གཞུག་པར་བྱའོ། །དེའི་གཡས་ཀྱི་གཞོགས་སུ་པྲི་ཡང་ཀུ་ལྟར་སྔོ་བསངས། གསེར་དང་རིན་པོ་ཆེས་རབ་ཏུ་གསལ་བར་བྱེད་པའི་ལུས་ཅན། ཅོད་པན་གྱིས་བརྒྱན་པ། རྣམ་པར་བཀྲ་བའི་གོས་བགོས་པ། རིན་པོ་ཆེའི་

སྟོད་གཡོགས་ཅན། ལུས་ཅུང་ཟད་འདུད་པ། བཅོམ་ལྡན་འདས་ལ་ལག་པ་ཁ་སྦྱོར་བྱས་པས་ཨུཏྤ་ལ་སྔོན་པོ་ཡོངས་སུ་བཟུང་བ་ཕྱག་མཆོག་ཏུ་སྐྱེས་པ་དང་པོར་བཅོམ་ལྡན་འདས་ལ་རྟོག་པར་བྱེད་བཞིན་པའི་སྒྲོལ་མ་འདྲིར་གཞུག་པར་བྱའོ། །དེའི་འོག་ཏུ་པདྨའི་མཚོ་བྱའོ། །དེ་ནས་

རྩ་བའི་པདྨ་ལ་བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བྱའོ། །གཡོན་དུ་འཕགས་པ་དྲི་མ་མེད་པར་འགྲོ་བའོ། །གཞན་དུ་བཅོམ་ལྡན་འདས་མ་སྒྲོལ་མའི་གཡས་སུ་ཀླུའི་རྒྱལ་པོ་མཐའ་ཡས་མགོ་བདུན་པ། ཕྱག་ན་པདྨའི་སྡོང་པོ་བསྣམས་

เล่ม ๙๔ · หน้า 164b

པ། ཐམས་ཅད་དཀར་བ་རྣམ་པར་བཀྲ་བའི་གོས་དང་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་འདྲིར་གཞུག་པར་བྱའོ། །གཡོན་དུ་ཀླུའི་རྒྱལ་པོ་རྒྱ་མཚོ་སྔོ་བསངས་ཕྱག་ན་པདྨའི་སྡོང་བུ་བསྣམས་པ། འདི་འདྲ་བ་འདྲིར་གཞུག་པར་བྱའོ། །བཅོམ་ལྡན་འདས་ཀྱི་

གཡས་ཀྱི་གཞོགས་སུ་རྩ་དང་ཉེ་བར་དཀར་མོ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། རིན་པོ་ཆེའི་སྟོད་གཡོགས་ཅན་རིན་པོ་ཆེ་དང་། ཙངྒ་ཊ་ཀ་ཕྱག་ན་བསྣམས་པ། པུས་མོ་ས་ལ་བཙུགས་པའི་ལྷ་མོ་འདྲིར་གཞུག་པར་བྱའོ། །བཅོམ་ལྡན་འདས་མ་སྒྲོལ་མའི་

གཡས་ཀྱི་གཞོགས་སུ་རྩ་བ་དང་ཉེ་བར་འཁོད་པའི་ཐམས་ཅད་དཀར་མོ་གཞོན་ནུའི་གཟུགས་ཅན། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ཐལ་མོ་ཁ་སྦྱར་དུ་བྱས་པ། བཅོམ་ལྡན་འདས་མ་དང་། བཅོམ་ལྡན་འདས་ལ་ངེས་པར་རྟོག་བཞིན་པའི་བདེ་ལྡན་འདྲིར་གཞུག་

པར་བྱའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་ཀྱི་དྲུང་དུ་སྒྲུབ་པ་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་ལྟ་བར་གྱུར་པ་གོས་དཀར་པོའི་སྟོད་གཡོགས་དང་། སྨད་གཡོགས་ཅན་དང་། དབྱིབས་དང་། རྣམ་པའི་ཁྱད་པར་ཇི་འདྲ་བ་པུས་མོ་གཉིས་བཙུགས་

པ་ལག་པ་སྤོས་ཕོར་ཐོགས་པ་བྱའོ། །ལྷའི་བུ་རྔ་བོ་ཆེ་རྡུང་བར་བྱེད་བཞིན་པ་བྱའོ། །སྤྲིན་ལས་གློག་དང་བཅས་པ་བྱའོ། །ཕྱོགས་བཞི་དང་ཕྱོགས་བྲལ་དུ་ཡང་བྱའོ། །གཡས་སུ་རས་རིས་ཀྱི་སྟེང་དུ་གནས་གཙང་མའི་རིས་ཀྱི་ལྷའི་བུ་མེ་ཏོག་འཐོར་བར་བྱེད་བཞིན་པ་འདྲིར་

གཞུག་པར་བྱའོ། །སྟེང་དུ་ཟླ་བ་དང་ཉི་མ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་འདྲིར་གཞུག་པར་བྱའོ། །སྟེང་དུ་དུང་དང་རྔ་བོ་ཆེ་དག་གོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཡས་སུ་ནག་མོ་གསུས་པ་འཕྱང་བ། རྒྱན་ཐམས་ཅད་པ། མཆེ་བ་གཙིགས་པ།

སྟག་གི་པགས་པའི་ཤམ་ཐབས་ཅན། གོ་ཞེས་བྱ་བའི་པགས་པས་དཀྲིས་པ། གཙུག་ཕུད་ལ་ཐོད་པའི་ཕྲེང་བ་འཕྱང་བ། རྡོ་བ་ལ་རབ་ཏུ་བཞུགས་པ། སྦྲུལ་གྱི་མཆོད་ཕྱིར་ཐོགས་པ། ཕྱག་བཞི་པ་གཡས་ཀྱི་ཕྱག་གིས་དགྲ་སྟ་ཡོངས་སུ་བསྣམས་པ། ཕྱག་གཡོན་པའི་དང་

เล่ม ๙๔ · หน้า 165a

པོས་ཁྲག་གིས་ཡོངས་སུ་གང་བའི་སྣོད་དང་། ཕྱོགས་དང་ལྡན་པའི་ལུས་ལ་སྨིན་མ་དང་སྐྲར་ལྡན་པ། བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་བ་བྱས་པ། སེན་མོ་རིང་པོ་ཅན་གླང་པོ་ཆེའི་པགས་པས་སྟོད་གཡོགས་པ། བྱང་ཆུབ་སེམས་དཔའ་ཆེན་པོའི་བཀའ་རབ་

ཏུ་ནོད་པར་བྱེད་བཞིན་པར་གྱུར་པའི་འཕགས་མ་སྒྲོལ་མའི་སྲིང་མོ་ཆེན་མོ་འདྲིར་གཞུག་པར་བྱའོ། །དེ་ལྟར་རས་རིས་འདྲིར་བཅུག་ནས་གཙང་མའི་ཕྱོགས་སུ་དག་པ་དང་། སྐྱོང་བ་དང་། ཚད་མ་ཉིད་ཀྱི་ཡན་ལག་རྣམ་པར་སྤངས་པ། རིན་པོ་ཆེ་དང་ཆུ་ཀླུང་གི་འགྲམ་མམ། གཞན་

དུ་ཡང་རུང་སྟེ་གཙང་མའི་གན་དུའོ། །དེ་ནས་དུ་བ་འཐུལ་བས་ནི་དབང་དུ་བྱེད་དོ། །གང་ཐབས་ཅིག་གསང་སྔགས་བྱེད་པ་དེའོ། །ལྷ་ཐམས་ཅད་གསལ་བར་བྱེད་པར་འདོད་པས་དཀར་པོའི་བརྒྱད་པ་ཡང་རུང་སྟེ། ལས་བརྩམ་པར་བྱའོ། །གཙང་མའི་སའི་ཕྱོགས་སུ་གཞུའི་

ཚད་ཀྱི་ཐང་ལ་ཡོངས་སུ་བྱུག་པར་བྱ་སྟེ། དེའི་དབུས་སུ་སོ་ཕག་གཞག་པར་བྱའོ། །ཕྱོགས་བཞི་རྣམས་སུ་ས་ལས་བྱུང་བའི་རྩ་བ་ནག་པོ་མེད་པའི་ཆུའི་བུམ་པ་བཞི་ལ་བརྒྱད་བརྒྱར་བསྔགས་པ་གཞག་པར་བྱའོ། །གཞོན་ནུ་མས་བཀལ་བའི་སྲད་བུ་ཚོན་སྣ་ལྔ་ལས་ལེགས་པར་

དཀྲིས་པའོ། །དྲི་ཞིམ་པའི་ཕྱེ་མས་དཀྱིལ་འཁོར་བྱས། ཕྱོགས་བཞིར་ཆང་དང་ཤ་མེད་པའི་གཏོར་མ་དབུལ་བར་བྱའོ། །དྲི་བཟང་བའི་མེ་ཏོག་གི་མཆོད་པ་བྱའོ། །གུ་གུལ་གྱི་བདུག་པ་དབུལ་ལོ། །ཟངས་ཀྱི་སྣོད་མར་གྱིས་བཀང་བ་གཞན་ནས་འགྲམ་གྱི་ཕྱེ་མ་རྣམས་ལ་ཉེ་

བར་གཞག་པར་བྱའོ། །ཤར་དུ་མངོན་པར་ཕྱོགས་པས་ཕྱི་རོལ་དུ་དཀྱིལ་འཁོར་དུ་རལ་པ་གཅིག་མ་ལ་མཆོད་པ་དང་། གཏོར་མ་དབུལ་བར་བྱའོ། །དེ་ནས་ཀུ་ཤ་ལྗང་ཁུ་བླངས་ནས་གོས་དཀར་པོ་གཅིག་འཆང་བར་བྱས་ཏེ། ཇི་སྲིད་དུ་རྐང་པ་གཉིས་ཀྱི་བར་དེ་སྲིད་དུ་བྱ་བ་

བར་བྱའོ། །དེ་ནས་མར་གྱི་སྣོད་ཀྱི་སྟེང་དུ་ཀུ་ཤ་དེས་དོར་བར་བྱའོ། །དེ་ནས་མར་ཆུང་ངུ་དེ་ལ་གལ་ཏེ་དྲི་མ་དང་སེན་མོ་དང་སྐྲ་མཐོང་ན་གང་དང་གང་གཅིག་ཏུ་བྱའོ། །ཇི་སྲིད་དུ་རང་འདོད་པ་དང་སྨྲ་བ་ལྷག་པར་སྐྱེས་ཀྱི་བར་དུའོ། །དེ་ནས་བུམ་པ་རེ་རེ་བླངས་ཏེ་ཟློས་བཞིན་པས་

เล่ม ๙๔ · หน้า 165b

གཞག་པར་བྱའོ། །སྦྱངས་པའི་སྣོད་ངེས་པར་གནས་པ་བྱས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱེད་དུ་གཞུག་གོ། །འདི་ལ་ཡང་འདིའི་སྐུ་མཉེ་སྦྱིན་པར་བྱའོ། །པྲི་ཡང་ཀུ་དང་། ནཱ་ག་གེ་སར་དང་། སྦྲང་རྩི་ཅན་དང་། ཏུ་རུཥྐ་རྣམས་

གཅིག་ཏུ་བྱས་ནས་ལན་བདུན་མངོན་པར་བསྔགས་པ་བྱས་ཏེ་བསྐུ་བར་བྱའོ། །བའི་མར་དང་བསྲེས་པའི་བཟའ་བ་མཆོག་བཟའ་བར་བྱའོ། །ནད་མེད་པར་འགྱུར་རོ། །གཞོན་ནུ་མས་བཀལ་བའི་སྲད་བུ་སྔོན་པོར་བཙོས་པ་ལ་ལན་བདུན་མངོན་པར་བསྔགས་པར་བྱས་ནས་

བཅིང་བར་བྱ་སྟེ་མིག་གི་ནད་ཞིའོ། །མགྲིན་པ་ལ་བཅིངས་ན་སྐྱུགས་པ་སེལ་བར་བྱེད་དོ། །སྲད་བུ་འདི་ཉིད་ཀྱི་རས་ཡུག་འཐག་ཏུ་གཞུག་པར་བྱའོ། །སྟོང་ཕྲག་བརྒྱད་དུ་མངོན་པར་བསྔགས་པ་གྱད་ཀྱི་ལུས་ལ་བཅིང་བར་བྱ་སྟེ། གཡུལ་དུ་གཞན་གྱིས་མི་ཐུབ་པར་

འགྱུར་རོ། །ཁྲུ་བཞི་པའི་ཚད་ཀྱི་དཀྱིལ་འཁོར་ཉེ་བར་བྱུགས་ཏེ་བཅོམ་ལྡན་འདས་མ་ལ་དྲི་བཟང་པོའི་མེ་ཏོག་གིས་མཆོད་པ་བྱས་ནས་བའི་མར་གྱི་སྒྲོན་མེ་དབུལ་བར་བྱའོ། །དེ་ནས་བྱང་ཆུབ་ཤིང་གི་མེ་སྦར་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་པས་ལན་བདུན་མངོན་པར་

བསྔགས་པའི་སྲ་རྩི་པོག་གིས་སྲེག་བླུགས་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །ཉི་མ་བདུན་ལ་གང་འདོད་པ་དེའི་ནད་ཡུན་རིང་པོར་ཉེ་བར་ཞི་བར་བྱེད་དོ། །བགེགས་ཐམས་ཅད་ཉེ་བར་ཞི་བར་བྱེད་པར་འདོད་པ་རྒྱ་མཚོར་འགྲོ་བའི་ཆུ་ཀླུང་གི་འགྲམ་གཅིག་

གིས་བླངས་ནས་རྣམ་པ་སྣ་ཚོགས་པའི་སེང་གེ་དང་། སྟག་གི་མདོག་ཅན་གྱི་བགེགས་རྣམས་ཉི་ཤུ་རྩ་གཅིག་ལྷག་པའི་བརྒྱ་བྱའོ། །དེ་ནས་ནག་པོའི་བརྒྱད་པ་ལ་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་གཙང་མའི་ཕྱོགས་སུ་ཁྲག་སྒྲུབ་པར་བྱེད་པ་ཉེ་བར་ཐོགས་ཏེ་ལས་

བརྩམ་པར་བྱའོ། །དེའི་འོག་ཏུ་ཕྱོགས་བཞིན་རྒྱ་སྐྱེགས་ཀྱི་ལོ་མ་ལ་འདུག་པའི་བགེགས་རྣམས་གཞག་པར་བྱའོ། །བགེགས་རྣམས་ཀྱི་དབུས་སུ་བགེགས་ཆེན་པོ་ལོག་པར་འདྲེན་པ་གཞག་པར་བྱའོ། །ལན་ཅིག་མངོན་པར་བསྔགས་པའི་ཚོན་སྣ་ལྔའི་ཕྱེ་མ་དེ་རྣམས་ཀྱིས་

เล่ม ๙๔ · หน้า 166a

ཐོག་མར་དཀྱིལ་འཁོར་བདུན་བྱའོ། །མེ་ཏོག་དམར་པོ་དང་དྲི་དམར་པོས་མངོན་པར་མཆོད་པར་བྱའོ། །ཕྱོགས་བཞིར་མར་གྱི་མར་མེ་དབུལ་བར་བྱའོ། །རྒྱ་སྐྱེགས་ཀྱི་ཁུ་བ་ཕྱོགས་བཞིར་གཏོར་བར་བྱའོ། །དེ་ནས་བཅོམ་ལྡན་འདས་མ་སྟོང་ཕྲག་བརྒྱད་

དུ་མངོན་པར་བསྔགས་པའམ་བརྒྱད་བརྒྱར་མངོན་པར་བསྔགས་པའི་སྲེད་བུ་དམར་པོས་བགེགས་ཐམས་ཅད་ལ་གཡས་སྐོར་དུ་དཀྲི་བར་བྱའོ། །དེ་ནས་བགེགས་ཀྱི་རྒྱལ་པོ་ཆེན་པོ་བཅིང་བར་བྱ་སྟེ། དེ་རྣམས་ཀྱི་དབུས་སུ་ཨུ་དུམ་བཱ་རའི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་བགེགས་

བཅིང་བར་བྱའོ། །ཞེས་བརྗོད་ནས་སྭཱ་ཧཱའི་ཡི་གེས་བེའུའི་ལྕི་བ་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པའི་མཚན་མོ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །དེ་ནས་སྒྲུབ་པ་པོ་དེའི་བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་བཅིང་བར་འགྱུར་རོ། །རིག་པ་ཐམས་ཅད་སྒྲུབ་པར་

བྱེད་བཞིན་པ་ན་བགེགས་མེད་པར་འགྱུར་རོ། །དེ་རྣམས་ནི་དེ་རྣམས་ཀྱིས་བྱ་བས་བས་ལོག་པར་འདྲེན་པ་ཆེན་པོ་གཅིག་ཏུ་བཞག་ནས་བགེགས་རྣམས་ཐམས་ཅད་ལ་མེ་ཏོག་ཐམས་ཅད་དབུལ་ལོ། །སྲུང་བ་ཐམས་ཅད་ཀྱང་ངོ་། །བདུག་པ་ནི་ལོག་འདྲེན་ཆེན་པོ་རྣམས་ལ་

ཀ་ར་བཱི་ར་དམར་པོ་དང་། ཙནྡན་དམར་པོ་དབུལ་ལོ། །གེགས་ཐམས་ཅད་དང་། ཉེ་བར་འཚེ་བ་ཐམས་ཅད་ལ་མཆོད་ཡོན་དབུལ་ལོ། །ལོག་པར་འདྲེན་པ་དང་བཅས་པ་ལ་གུ་གུལ་དང་མར་བསྲེས་པས་མཆོད་ཡོན་དབུལ་ལོ། །དེ་ནས་ལྟེ་བའི་ཚད་དུ་དོང་བརྐོ་བར་བྱའོ། །

དེ་སོ་སོ་སོ་སོར་བཅུག་ནས་སླར་ཡངས་པའི་སར་བྱའོ། །དེ་ལྟར་རིག་པ་འཛིན་པའི་བགེགས་ཐམས་ཅད་མེད་པར་འགྱུར་རོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུས་ལ་མ་ལྷུང་བའི་བ་བྱུང་གིས་དཀྱིལ་འཁོར་ཉེ་བར་བྱུགས་ཏེ་དྲི་དང་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་པ་བྱས་

ནས། ཨུ་དུམ་བཱ་རའི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ཏེ་ཚངས་པའི་ཡམ་ཤིང་གིས་ཐུན་གསུམ་དུ་སྦྱིན་སྲེག་སྟོང་ཕྲག་བརྒྱད་གྱིས་ཤིག །ཉི་མ་བརྒྱ་ཕྲག་གཅིག་གམ། ཉི་མ་བརྒྱ་ཕྲག་གཉིས་སུ་ཙཱ་རུ་བཟའ་བས་ཡིད་གཞུངས་པར་འགྱུར་རོ། །ཁྲུ་བཞིའི་ཚད་ཀྱིས་དཀྱིལ་འཁོར་

เล่ม ๙๔ · หน้า 166b

ཉེ་བར་བྱུགས་ཏེ་འོ་མ་ཅན་གྱི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་འོ་མའི་སྦྱིན་སྲེག་གྱིས་ཤིག །བྲམ་ཟེ་དབང་དུ་འགྱུར་རོ། །ཙཱ་རུའི་སྲེག་བླུགས་གྱིས་ཤིག །རྒྱལ་རིགས་དབང་དུ་འགྱུར་རོ། །ཞོའི་སྲེག་བླུགས་གྱིས་ཤིག །རྗེ་རིགས་དབང་དུ་འགྱུར་རོ། །ནས་ཀྱི་སྲེག་

བླུགས་གྱིས་ཤིག །དམངས་རིགས་དབང་དུ་འགྱུར་རོ། །ཐམས་ཅད་དུ་བསྒྲུབ་བྱ་སྒྲུབ་པའི་དོན་དུ་ཉི་མ་བརྒྱ་ཕྲག་གཅིག་གོ། །དགྲ་ལ་བལྟས་ནས་བཟླས་པར་བྱ་སྟེ་རེངས་པར་འགྱུར་རོ། །མ་ཤ་ཀའི་ཡམ་ཤིང་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པ་རྣམས་ཐུན་གསུམ་

དུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །གང་ལ་བལྟས་ནས་བཟླས་པ་དེ་ལས་སུ་མི་རུང་བར་འགྱུར་རོ། །ཆུ་ལ་ལན་བདུན་མངོན་པར་བསྔགས་པས་དུག་ཐམས་ཅད་སེལ་བར་བྱེད་དོ། །དུག་ཐམས་ཅད་ལ་འདོད་པས་བྱ་བ་པར་བྱའོ། །ཞུ་མཁན་གྱི་རིལ་བུ་ལ་ལན་བདུན་

མངོན་པར་བསྔགས་ནས་མིག་དག་པར་བྱ་སྟེ། མིག་ནད་ཉེ་བར་ཞི་བར་བྱེད་དོ། །བྱིས་པ་གདོན་གྱིས་ཟིན་པ་ལ་སྲད་བུ་ལ་ལན་བདུན་མངོན་པར་བསྔགས་པ་བྱས་ནས་བཅིང་བར་བྱ་སྟེ། གྲོལ་བར་བྱེད་དོ། །ནད་པ་ལ་བཅིང་བར་བྱ་སྟེ། གདོན་ཐམས་ཅད་མཐུ་མེད་པར་འགྱུར་

རོ། །ཐལ་བ་ལ་ལན་བདུན་བཟླས་པས་དཀྱིལ་འཁོར་བཅིང་བའོ། །བུ་མ་ཐོན་པ་ལ་ཏིལ་མར་ལ་ཡོངས་སུ་བཟླས་ནས་སྦྱིན་པར་བྱ་སྟེ་བདེ་བར་བཙའ་བར་འགྱུར་རོ། །རྨོངས་པ་མངལ་གྱི་དུས་ཚོད་ལ་བཟླས་པ་ལ་ཁྲུས་བྱས་ནས་རྒྱུད་མཚུངས་པའི་མར་ལ་ལན་བདུན་མངོན་པར་

བསྔགས་པར་བྱས་ནས་བཏུང་བར་སྦྱིན་ནོ། །བཟའ་བ་མཆོག་དང་ལྡན་པ་བཟའ་བར་བྱའོ། །བུ་སྐྱེ་བར་བྱེད་དོ། །དེ་ནས་བུ་མོ་མང་པོ་ཅན་གྱིས་ཡམ་ཤིང་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །ཐལ་བ་དེ་བུམ་པ་བཞི་ཆུས་ཀུན་ཏུ་བཀང་ནས་བརྒྱད་བརྒྱར་མངོན་པར་བསྔགས་པ་དཀྱིལ་

འཁོར་དུ་གསུམ་གཞག་པར་བྱའོ། །སྐལ་བ་བཟང་པོར་འགྱུར་རོ། །འདིའི་བུ་འཆི་བ་ཡང་མེད་དོ། །ཤུ་དག་ལ་བརྒྱད་བརྒྱར་མངོན་པར་བཟླས་ཏེ་ལག་པ་གཡོན་ལ་བཅིངས་ན་སྨྲ་བ་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་རོ། །གཞན་གྱིས་མི་ཐུབ་པའི་མེ་ཏོག་ཐུན་གསུམ་དུ་སྟོང་

เล่ม ๙๔ · หน้า 167a

ཕྲག་སྦྱིན་སྲེག་གྱིས་ཤིག །ཕྱོགས་གཅིག་ལ་གཡུལ་དུ་གཞན་གྱིས་མི་ཐུབ་པར་འགྱུར་རོ། །གཞོན་ནུ་མས་བཀལ་བའི་སྲད་བུ་ལ་བརྒྱད་བརྒྱར་མངོན་པར་བསྔགས་པ་བྱས་ནས་མདུད་པ་བདུན་བྱའོ། །ལག་པ་ལ་བཅིངས་ནས་བརྟན་པ་དང་གཡོ་བའི་དུག་

མཐུ་མེད་པར་འགྱུར་རོ། །དེ་ནས་མི་བཟད་པའི་སྦྲུལ་གྱི་མཆེ་བའི་དུག་ལ་སྭཱ་ཧཱའི་ཡི་གེའི་བར་དུ་ཁྱོར་བའི་ཆུ་བླངས་ནས་བརྒྱད་བརྒྱར་བ་སྔགས་ཏེ་བཏུང་བ་སྦྱིན་པར་བྱའོ། །དུག་ཉལ་བ་ཡང་སློང་བར་བྱེད་དོ། །དེ་ནས་མ་ལངས་ན་ཕྱོགས་བཞི་རྣམས་སུ་མངོན་པར་བསྔགས་པ་

བྱས་ཏེ་བཏུང་བ་སྦྱིན་པར་བྱའོ། །འཇོག་པོས་ཀྱང་མཆེ་བའི་དུག་སློང་བར་བྱེད་དོ། །སྟན་གནྟི་ཀ་ལ་ལན་བདུན་མངོན་པར་བསྔགས་པས་ལ་བྱུག་པ་སྦྱིན་པར་བྱའོ། །མ་བཅིངས་པར་ཡང་དེ་ཉིད་དུ་སྐམ་པར་བྱེད་དོ། །ཚོར་བ་མེད་པར་བྱེད་དོ། །ཡམས་ཀྱིས་ཉེ་བར་འཚེ་

བ་རྣམས་ལ་གྲོང་ངམ་གྲོང་ཁྱེར་གྱི་དབུས་སུ་མཚན་མོ་ཕྱེད་ནས་བ་ལང་གི་པགས་པའི་ཚད་ཀྱི་ཐང་ལ་ཉེ་བར་བྱུག་པ་བྱ་སྟེ། དཀར་གསུམ་གྱི་གཏོར་མ་བྱིན་ནས་དྲི་དང་མེ་ཏོག་ལག་པའི་གཏོར་མ་བྱིན་ཏེ་ལོ་མའི་ཤིང་གིས་མེ་རབ་ཏུ་སྦར་ནས་འོ་མའི་སྲེག་བླུགས་སྟོང་ཕྲག་བརྒྱད་

སྦྱིན་སྲེག་གྱིས་ཤིག །ཉི་མ་གསུམ་གྱི་གྲོང་གསུམ་གྱི་དང་། ཉི་མ་བདུན་གྱིས་ཁོང་བའི་ཡམས་ཉེ་བར་ཞི་བར་བྱེད་དོ། །དེ་ནས་ཉེ་བར་ཞི་བར་མ་གྱུར་ན་འདིར་ཉི་མ་བདུན་དུ་བད་ཀན་མཐར་བྱེད་ཀྱི་ཡམ་ཤིང་གིས་མེ་སྦར་ནས། ཨཀྵའི་ཏིལ་མར་གྱིས་བཏགས་པའི་འབྲས་

ཡོས་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །ཉི་མ་གསུམ་ལ་འཕྲལ་གྱི་ཡམས་ཉེ་བར་ཞི་བར་བྱེད་དོ། །ཐལ་བས་འགྲམ་བཅིངས་ཏེ་ཟློས་བཞིན་པས་གང་མཐོང་བ་དེ་དགའ་བར་འགྱུར་རོ། །གང་མ་བསྒྲུབས་པར་ཡང་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་རས་རིས་

ཀྱི་སྤྱན་སྔར་འགྱུར་རོ། །ཆོ་ག་གཞན་ནི་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་གཟུགས་བརྙན་གྱི་སྤྱན་སྔར་ཟླ་བ་ཉ་ལ་གཟུགས་བརྙན་ལ་དང་པོར་ནག་པོ་ཕྱོགས་ལ་མཆོད་པ་རྒྱ་ཆེན་པོ་བྱ་སྟེ། ཨརྒའི་ཡམ་ཤིང་གིས་མེ་སྦར་ནས་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པས་ཐུན་

เล่ม ๙๔ · หน้า 167b

གསུམ་དུ་མཛུབ་མོའི་ཚད་ཀྱི་སྦྱིན་སྲེག་སྟོང་ཕྲག་བརྒྱད་ཇི་སྲིད་བཅོ་ལྔ་པའི་བར་དུ་གྱིས་ཤིག །དེ་ནས་གྲུབ་པར་འགྱུར་རོ། །དེ་ལྟ་བུའི་སྦྱོར་བས་སྟོང་ཕྲག་གསུམ་དུ་བཟླས་པར་བྱའོ། །སྟོང་ཕྲག་གསུམ་དུ་བཟླས་པ་བྱ་སྟེ་ལས་གཞན་རྣམས་སུ་འགྱུར་རོ། །འདིས་

སྔོན་དུ་བསྙེན་པ་བྱས་པས་གྲུབ་པར་འགྱུར་རོ། །དེ་ནས་རྒྱལ་པོའམ་རྒྱལ་པོའི་བློན་པོ་དབང་དུ་བྱེད་པར་འདོད་ན། བཅོམ་ལྡན་འདས་མ་ལ་མཆོད་པ་བྱས་ནས། བྱང་ཆུབ་ཤིང་གི་ཡམ་ཤིང་ལ་ཨིངྒུ་དའི་ཏིལ་མར་གྱིས་བཏགས་པ་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་

གྱིས་ཤིག །ཉི་མ་བདུན་ལ་དབང་དུ་འགྱུར་རོ། །ཆོ་ག་འདི་ཉིད་ཀྱིས་གྲུལ་བུམ་དབང་དུ་འགྱུར་རོ། །ཏིལ་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །འབྱུང་པོ་དབང་དུ་འགྱུར་རོ། །དུར་ཁྲོད་དུ་རོ་བསྲེགས་པའི་དུམ་བུ་ཅན་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་

ཤིག །ཤ་ཟ་དབང་དུ་འགྱུར་རོ། །ཝ་ཊའི་ཤིང་གི་ཡམ་ཤིང་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །གནོད་སྦྱིན་དབང་དུ་འགྱུར་རོ། །བལ་གྱི་སྲེག་བླུགས་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །འོ་ཐུག་དང་། ཙཱ་རུ་དང་། ཏིལ་གྱི་ཐུག་པ་རྣམས་ཀྱི་སྦྱིན་སྲེག་གྱིས་

ཤིག །རིགས་བཞི་དབང་དུ་བྱེད་ཅིང་དབང་དུ་འགྱུར་རོ། །གུ་གུལ་གྱི་རིལ་བུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །ལྷ་ཆེན་པོ་རྗེས་སུ་འབྲང་བའི་གདོན་དབང་དུ་འགྱུར་རོ། །མཚན་མོ་གཙང་མར་ལངས་ནས་སྟོང་ཕྲག་བརྒྱད་སྦྱིན་སྲེག་དང་བཟླས་པ་གྱིས་ཤིག །ཕྱོགས་

གཅིག་ལ་འཆིང་བ་ལས་གྲོལ་བར་འགྱུར་རོ། །ཟླ་བས་འཆིང་བ་ཆེན་པོ་ལས་གྲོལ་བར་བྱེད་དོ། །ཏིལ་དང་པིཎྡྱ་ཀའི་སྦྱིན་སྲེག་གིས་ཁྲོ་བ་ཉེ་བར་ཞི་བར་བྱེད་དོ། །ཡང་ན་ཏིལ་གྱི་སྦྱིན་སྲེག་གིས་སོ། །གོས་འདོད་པས་དཱུར་བའི་མྱུ་གུའི་སྦྱིན་སྲེག་གྱིས་ཤིག །གོས་ཟུང་

བརྒྱ་རྙེད་དོ། །ཐུན་མོང་བའི་སྐྱེས་བུ་དབང་དུ་བྱེད་པ་ལ་གོ་བེ་ཏྲཾ་གི་སྦྱིན་སྲེག་གྱིས་ཤིག །སྦྲང་བུམ་ཆུ་རིངས་ཀྱི་མཆུ་བཅིང་བ་ལ་སཱ་ལའི་འདབ་མའི་སྦྱིན་སྲེག་གྱིས་ཤིག །སྟག་གི་མཐུ་བཅིང་བ་ལ། གི་རི་ཀཪྞི་ཀའི་སྦྱིན་སྲེག་གྱིས་ཤིག །སེང་གེའི་མཆུ་བཅིང་བ་ལ་སིང་

เล่ม ๙๔ · หน้า 168a

ཧ་ཀཪྞི་ཀའི་སྦྱིན་སྲེག་གྱིས་ཤིག །སྤྲུལ་རྣམས་ལ་ནཱ་ག་གེ་སར་གྱི་སྦྱིན་སྲེག་གྱིས་ཤིག །ཞི་བའི་དོན་དུ་སཱ་ལའི་ལོ་མ་དང་། འོ་མ་ཅན་གྱི་ཡམ་ཤིང་གིས་ཇི་ལྟར་མངོན་པར་འདོད་པའི་དོན་ཐམས་ཅད་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པ་ཐུན་གསུམ་དུ་

ཉི་མ་བདུན་ནམ་ཟླ་བ་ཕྱེད་དུ་སྦྱིན་སྲེག་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ལུས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པ་བྱས་ནས་འབུམ་བཟླས་པར་བྱའོ། །མ་གྲུབ་པ་སྒྲུབ་པར་བྱེད་དོ། །གཞན་གྱིས་བསྒྲུབས་པ་ཡང་རྣམ་པར་འཇོམས་པར་བྱེད་དོ། །ཀླུ་ལ་

སོགས་པའི་གདོན་རྣམས་ལ་ཕྱོགས་བཅིང་བ་དང་། དཀྱིལ་འཁོར་བཅིང་བ་ལ་སོགས་པ་བཟླས་པ་ཉིད་ཀྱིས་བྱེད་དོ། །མཚན་མོ་བདུན་དུ་ཐུན་གསུམ་དུ་ཚེར་མའི་སྦྱིན་སྲེག་གྱིས་ཤིག །དགྲ་བཅོམ་པར་བྱེད་དོ། །ནིམ་པའི་ཡམ་ཤིང་ཚ་བའི་ཏིལ་མར་གྱིས་བཏགས་པ་

སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །མཚན་མོ་བདུན་གྱིས་སྐྱེ་བར་འགྱུར་རོ། །སྐྲ་ལས་ཁྱད་པར་དུ་ཕུང་བར་བྱེད་པ་ལ་ཨ་རིཥྚའི་ཡམ་ཤིང་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །སྐྱེས་པའི་ཤ་དང་། སྨྱོ་བྱེད་ལ་རྟག་ཏུ་བཟླས་པར་བྱ་སྟེ། ཐམས་ཅད་ཕྱིར་ལྡོག་པར་

མི་འགྱུར་རོ། །གི་ཝང་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས་ཐིག་ལེ་བྱས་ཏེ་རྒྱལ་པོའི་སྒོ་རུ་དང་། ཤུ་དག་ལ་སྟོང་ཕྲག་བརྒྱད་མངོན་པར་བསྔགས་པར་བྱས་ནས། ལག་པ་ལ་བཅིངས་ནས། གང་བླངས་པ་དེ་རྙེད་དོ། །གདོན་འབྲོས་པར་བྱེད་པས་

མིའི་རུས་པ་བླངས་ནས། སོར་བརྒྱད་པའི་ཚད་བྱས་ནས་བརྒྱད་བརྒྱར་མངོན་པར་བསྔགས་པ་གདོན་གྱི་གནས་སུ་གདབ་པར་བྱ་སྟེ། གདོན་འབྲོས་པར་བྱེད་དོ། །མེ་ཏོག་དང་། དྲི་དང་། འབྲས་བུ་ལ་སོགས་པ་བརྒྱད་བརྒྱར་མངོན་པར་བསྔགས་པར་བྱས་ནས་གང་

བྱིན་པ་དེ་དབང་དུ་བྱེད་དོ། །རིག་པས་བགེགས་རྣམ་པར་གཞོམ་པའི་དོན་དུ་སེང་ལྡེང་གི་ཡམ་ཤིང་གི་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །ཉི་མ་གསུམ་ནས་བགེགས་མེད་པར་འགྱུར་རོ། །དེ་ལྟ་བུ་ལ་སོགས་པའི་ཐབས་ཐམས་ཅད་བྱེད་དོ། །ཐམས་ཅད་དུ་གསོ་སྦྱོང་ཅན་གྱིས་

เล่ม ๙๔ · หน้า 168b

རས་རིས་ཀྱི་སྤྱན་སྔར་བསྒྲུབ་པར་བྱ་སྟེ། ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ། །སྟོང་ཕྲག་བླངས་ནས། གཡས་ཀྱི་གཞོགས་སུ་བཞག་སྟེ། རེ་རེ་ལ་ལན་བདུན་མངོན་པར་བསྔགས་པ་བྱས་ནས་མེ་ལ་སྦྱིན་སྲེག་བྱའོ། །བར་སྐབས་འདིར་རས་རིས་རབ་ཏུ་འགུལ་

བར་བྱེད་པ་དང་། མར་མེའི་རྩེ་མོ་འཕེལ་བར་བྱེད་པ་དང་། ནམ་མཁའ་ལ་ལྷའི་རྔ་བོ་ཆེའི་སྒྲ་སྒྲོགས་པ་དང་། དྲི་ཞིམ་པོའི་རླུང་ལྡང་བ་དང་། ས་རབ་ཏུ་གཡོ་བའོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ཅན་བྱང་ཆུབ་སེམས་དཔའ་དང་། རིག་

པའི་ཚོགས་དུ་མས་ཡོངས་སུ་བསྐོར་བ། རིལ་བ་སྤྱི་བླུགས་དང་། དབྱུག་གུའི་ཤིང་། གཡང་གཞི་ནག་པོ་ཐོགས་པ། རལ་པའི་ཅོད་པན་འཕྱང་བ་འབྱོན་པར་བྱེད་དོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་ལས་འོད་ཟེར་བྱུང་སྟེ། རྣམ་པར་འཕྲོ་བའི་འོད་ཟེར་

དེ་རྣམས་ཀྱིས་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ཐམས་ཅད་ཡུད་ཙམ་གྱིས་ཚོར་བ་ལས་ཉམས་སོ། །རང་ཉིད་ཐུགས་རྗེ་ཆེན་པོ་ཅན་སེམས་ཅན་ཐམས་ཅད་ལ་རྗེས་སུ་བརྩེ་བའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཐོང་བར་བྱེད་དོ། །སྒྲུབ་པ་

པོ་པུས་མོ་གཉིས་བཙུགས་པས་ཤར་དུ་བཞག་པའི་རྣམ་རྒྱལ་བུམ་པས་མཆོད་ཡོན་དབུལ་ལོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་གསུངས་པ། མཆོག་ཅི་འདོད་པ་དེ་སྦྱིན་པར་བྱེད་དོ། །གང་བླངས་པ་དེ་རྙེད་དོ། །རིག་པ་འཛིན་པའི་འཁོར་ལོས་སྒྱུར་

བ་ཉིད་དང་། རྒྱལ་སྲིད་ཆེན་པོ་དང་། ཚེ་རིང་པོ་ཉིད་དང་། ཐོས་པ་འཛིན་པ་ཉིད་དམ། ལུས་ལ་དབང་པོ་མ་ཚང་བ་མེད་པ་ཉིད་དང་། གསོ་དཀའ་བའི་ནད་འཇོམས་པའམ། གཏེར་འཕོ་བར་བྱེད་པ་དང་། ཕུག་ཏུ་འཇུག་པར་བྱེད་པའམ། རིག་པ་ཐམས་ཅད་ཀྱི་དངོས་

གྲུབ་བམ། མི་སྣང་བ་ཉིད་དང་། ས་ཆེན་པོའི་དབང་ཕྱུག་གམ། གང་བླངས་པ་དེ་རྙེད་དོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་གང་འདོད་པ་དེར་ཡང་འགྲོའོ། །འདིས་ཚེ་བསྐལ་པར་འགྱུར་རོ། །དེའི་ཚེ་བཅོམ་ལྡན་འདས་མ་སྒྲུབ་པར་བྱེད་

เล่ม ๙๔ · หน้า 169a

པ་ནི་རིག་པ་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བ་ཉིད་དང་། མང་དུ་འདོད་པ་དང་། ཐོགས་པ་མེད་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་ཐམས་ཅད་ཀྱིས་མངོན་པར་འདོད་པ་སྒྲུབ་

པ་བདུན་པ་ལ་མཚམས་མེད་པ་བྱེད་པས་ཀྱང་འགྲུབ་པར་འགྱུར་རོ། །ཞེས་པ་དེ་ལྟ་བུ་ཁོ་ནས་ཀུན་ཏུ་རྟོགས་པར་བྱའོ། །ཞེས་པ་སྒྲུབ་པ་ཆེན་པོ་དང་པོའི་ཆོ་ག་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་རྩ་བ་དང་པོ་ལས་བཏུས་པ་རྫོགས་སོ།། །།རས་རིས་

ཀྱི་ཞལ་ཤར་དུ་ཕྱོགས་པར་བཞག་ནས་དེ་ནས་ཆོ་འཕྲུལ་གྱི་ཕྱོགས་ཀྱི་དཀར་པོའི་བརྒྱད་པའམ། ཆོ་འཕྲུལ་གྱི་ཕྱོགས་བཅུ་པ་ལ་ལས་བརྩམ་པར་བྱ་སྟེ། ལོ་མ་དང་། ནས་ཟན་དང་། མེ་ཏོག་དང་། འབྲས་བུ་དང་། ཙཱ་རུ་དང་། འདམ་པ་དང་། ཞོ་དང་། འོ་མ་དང་།

ཕྱེ་དང་། དྲི་ཟའི་བཟའ་བའམ། སློང་མོ་བསླངས་པའི་བཟའ་བས་ཀྱང་རུང་སྟེ། གསོ་སྦྱོང་ཅན་གྱིས་བྱམས་པ་དང་། སྙིང་རྗེ་ཆེན་པོ་དང་ལྡན་པས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། སེམས་ཅན་རྣམས་ཀྱི་དོན་རྗེས་སུ་བསམས་ནས་ཉི་མ་སོ་སོར་འཕེལ་བཞིན་

པའི་མཆོད་པ་བྱེད་ཅིང་ཀུ་ཤ་བཏིང་བའི་མལ་སྟན་ལ་ཁྲུས་ལན་གསུམ་དུ་བྱེད་ཅིང་གོས་ལན་གསུམ་དུ་བརྗེས་ཏེ་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་ནས། ཉི་མ་རེ་རེ་ལ་ཇི་ལྟར་འབྱོར་པས་འཕེལ་བར་བྱེད་བཞིན་པས་སློང་མོ་བཟའ་བར་བྱའོ། །རྐང་པ་གཡོན་པས་བགྲོད་པ་ལ་

སོགས་པ་བྱེད་ཅིང་འབུམ་ཕྲག་བཅུ་དྲུག་བཟླས་པར་བྱའོ། །དེ་ལྟར་སྔོན་དུ་བསྙེན་པ་བྱས་པས་དཀར་པོའི་བརྒྱད་པའམ་བཅུ་བཞི་པ་ལ་སྒྲུབ་པ་བརྩམ་པར་བྱ་སྟེ། དགེ་སློང་གི་དགེ་འདུན་འདྲ་བ་རྣམས་ཀྱིས་བཙལ་བར་བྱའོ། །དེ་ནས་རས་རིས་ཀྱི་ཕྱོགས་བཞིར་ས་ལས་བྱུང་བ་

བུམ་པ་རྩ་བ་དང་ནག་པོ་མེད་པ་བཞི་བཅུ་དང་བཅས་པ། ཨ་མྲའི་ཡལ་འདབ་ཀྱིས་ཁ་བཀབ་པ། ས་བོན་ཐམས་ཅད་ཀྱིས་ཡོངས་སུ་བཀང་བའི་བུམ་པ་གཞག་པར་བྱའོ། །རས་རིས་ཀྱི་སྤྱན་སྔར་ཁྲུ་བཞི་པའི་ཚད་ལ་ཟངས་དང་གསེར་དང་དངུལ་ལས་བྱུང་པའམ། ས་ལས་བྱུང་བའི་བུམ་

เล่ม ๙๔ · หน้า 169b

པ་ཆེན་པོ་རྣམ་པ་སྣ་ཚོགས་པའི་འདབ་མ་དང་འཁྲི་ཤིང་གིས་སྤྲས་པ་དག་པའི་ཆུས་ཡོངས་སུ་གང་བ་སྨྲ་བ་ཐམས་ཅད་དང་། སྨན་ཐམས་ཅད་དང་། རོ་དང་། དྲི་དང་། རིན་པོ་ཆེའི་སྙིང་པོ་མེ་ཏོག་གི་ཕོན་པོས་ཁ་བཏབ་པ་དུ་གུ་ལའི་རས་མཉམས་པས་མགྲིན་པ་བཅིངས་

པ་རྣམ་པར་རྒྱལ་བ་ཞེས་བྱ་བའི་བུམ་པ་གཞག་པར་བྱའོ། །རས་རིས་ཀྱི་གཡོན་གྱི་གཞོགས་ན་གནས་པའི་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་གཞག་པར་བྱའོ། །དེ་ནས་དྲི་ཞིམ་པོའི་མེ་ཏོག་གི་ཕྲེང་བ་བཅུ་དྲུག་རས་རིས་ལ་དབུལ་བར་བྱའོ། །མདུན་དུ་དྲི་

བཟང་པོའི་ཙནྡན་གྱི་ཆུས་ཡོངས་སུ་བཀང་བ་དང་། འོ་མས་བཀང་བའི་བརྒྱད་པོ་དེ་རྣམས་སོ། །བའི་མར་གྱི་མར་མེ་བརྒྱད་དབུལ་བར་བྱའོ། །ཙཱ་རུ་དང་། འོ་ཐུག་དང་། ཏིལ་གྱི་ཐུག་པ་དང་། ཟན་དྲོན་དང་། པཎྜ་ཀ་དང་། བཅའ་བར་བྱ་བ་རྣམས་ཀྱིས་ཁམ་

ཕོར་བཀང་ནས་རས་རིས་ཀྱི་ཕྱོགས་བཞིར་དབུལ་བར་བྱའོ། །ཐམས་ཅད་དུ་རས་རིས་ལ་བྲིས་པའི་ལྷ་རྣམས་ལ་དཀར་གསུམ་གྱི་གཏོར་མ་དང་། ལྷ་བཤོས་དང་། ཕྱི་རོལ་དུ་གཏོར་མ་དབུལ་པར་བྱའོ། །དེ་ནས་འབྲུ་ཐམས་ཅད་དང་། འབྲས་བུ་ཐམས་ཅད་ཇི་ལྟར་རྙེད་

པས་རས་རིས་ཀྱི་ཕྱོགས་བཞིར་གཏོར་མ་དབུལ་ལོ། །ཨ་ག་རུ་ནག་པོའི་བདུག་སྤོས་དབུལ་བར་བྱའོ། །དེ་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་ཡིད་རྩེ་གཅིག་པས་ཕྱོགས་སུ་ལས་བརྩམ་པར་བྱའོ། །འོ་མ་ཅན་གྱི་ཤིང་གི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་ཨ་ག་རུ་ནག་པོའི་

ཡམ་ཤིང་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །སེམས་ཅན་ཐམས་ཅད་ཀུན་ཏུ་གཟིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ཡང་ཏིང་ངེ་འཛིན་ལས་ལངས་ནས་ཐམས་ཅད་དང་ལྡན་པའི་འཇིག་རྟེན་གྱི་

ཁམས་ལ་ལྷའི་སྤྱན་གྱིས་ཀུན་ཏུ་གཟིགས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ་ལ་སྨྲས་པ། རིགས་ཀྱི་བུ་ཉོན་ཅིག །རིག་པའི་རྒྱལ་མོ་ཆེན་མོ་མ་བསྒྲུབས་པར་ཡང་ལས་ཐམས་ཅད་འགྱུར་བ་རྗེས་སུ་དྲན་པ་ཙམ་གྱིས་བདག་ཉིད་སྲུང་བ་ལ་ལན་

เล่ม ๙๔ · หน้า 170a

ཅིག་བརྗོད་པས་གཙུག་པུད་བཅིངས་པ། གཉིས་བཟླས་པས་སྲུང་བ་ཆེན་མོ་དང་། གསུམ་བཟླས་པས་དཀྱིལ་འཁོར་བཅིངས་པ། བཞི་བཟླས་པས་ཆུ་བཅིང་བ་དང་། ལྔ་བཟླས་པས་རྐང་གཉིས་པ་དང་། རྐང་བཞི་པ་སྲུང་ཞིང་དབང་དུ་བྱེད་པ་དང་། དྲུག་

བཟླས་པས་དུར་ཁྲོད་དུ་འཇུག་པ་དང་། བདུན་བཟླས་པས་སེམས་ཅན་ཐམས་ཅད་དབང་དུ་བྱེད་དོ། །ཞི་བ་བྱེད་པར་འདོད་པས་རས་རིས་ཀྱི་སྤྱན་སྔར་སྤྱན་རས་གཟིགས་དབང་ཕྱུག་གི་དྲུང་དུ་ཨ་རིཥྚ་དང་། འོ་མ་ཅན་གྱི་ཤིང་གི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་འབྲས་ཡོས་

ཀྱི་སྲེག་བླུགས་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །ཉི་མ་གསུམ་ལ་གཅིག་གིས་དང་། བདུན་གྱིས་སྐྱེ་བོ་ཆེན་པོ་དང་། ཕྱོགས་ཀྱི་གྲོང་དང་། གྲོང་ཁྱེར་གྱི་དང་། ཟླ་བས་ཡུལ་འཁོར་ཆེན་པོ་ཞི་བར་འགྱུར་རོ། །རྒྱས་པར་འདོད་ན་རས་རིས་ཀྱི་སྤྱན་སྔར་

འོ་མ་ཅན་གྱི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་འབྲུ་དང་འབྲས་ཐུག་པོ་ཆེའི་ཐུན་གསུམ་དུ་སྦྱིན་སྲེག་སྟོང་ཕྲག་བརྒྱད་གྱིས་ཤིག །ཉི་མ་བདུན་ཕྲག་གསུམ་གྱིས་རྒྱས་པར་འགྱུར་རོ། །ཉི་མ་བདུན་གྱིས་རྒྱས་པར་འགྱུར་རོ། །ཉི་མ་བདུན་གྱིས་རྒྱས་པ་ཆེན་པོར་འགྱུར་རོ། །ཨ་མྲའི་ཡམ་ཤིང་གིས་མེ་རབ་ཏུ་སྦར་

ནས་དཱུར་བའི་མྱུ་གུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །སྨྲ་བ་རྣམས་ལ་སྨྲ་བའི་མཆོག་ཏུ་འགྱུར་རོ། །ཉི་མ་ཤར་བ་ནས་ཇི་སྲིད་ནུབ་ཀྱི་བར་དུ་ཨརྒའི་ཤིང་གི་མེ་ལ་མིང་ནས་སྨོས་ཏེ་ལག་པ་གཡོན་པས་ལན་བདུན་དུ་ཕུབ་མའི་སྦྱིན་སྲེག་གྱིས་ཤིག །དབང་དུ་འགྱུར་རོ། །བྱང་

ཆུབ་ཤིང་གི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་མེ་ཏོག་བརྒྱ་པ་དང་། ཤ་ཏ་བ་རི་དང་། ཤུ་དག་དཀར་པོ་དང་། ཡུངས་ཀར་དང་། ནས་རྣམས་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་ལན་ཉི་ཤུ་རྩ་གཅིག་ཏུ་སྦྱིན་སྲེག་གྱིས་ཤིག །ཉི་མ་བདུན་གྱིས་སྐྱེས་བུ་ཆེན་པོ་དབང་དུ་བྱེད་

དོ། །མར་གྱི་སྦྱིན་སྲེག་གིས་རྐང་གཉིས་པ་དང་། རྐང་བཞི་པ་དབང་དུ་བྱེད་དོ། །རྒྱལ་པོའི་ཨརྒའི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་ཚ་བའི་ཏིལ་མར་གྱིས་བཏགས་པའི་རྒྱ་སྐྱེགས་ཀྱི་ལོ་མ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །ཉི་མ་བདུན་ལ་དམག་སྡེ་འཇིག་པར་བྱེད་

เล่ม ๙๔ · หน้า 170b

དོ། །སེང་ལྡེང་གི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་ཀུ་ཤ་ལྗང་གུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །ཕྱོགས་ཀྱི་དགྲའི་འགྲོ་བ་གཅོད་པར་བྱེད་དོ། །འོ་མ་ཅན་གྱི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་ལྷའི་ཤིང་གི་ཡམ་ཤིང་དུས་གསུམ་དུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་

ཤིག །ཟླ་བ་གཅིག་ལ་འོག་གི་ལྷ་མོ་རྣམས་དབང་དུ་བྱེད་དོ། ཙཱ་རུ་བཟའ་ཞིང་ཀླུའི་ཤིང་གིས་མེ་རབ་ཏུ་སྦར་ནས་ནཱ་ག་གེ་སར་ལ་མར་གྱིས་བཏགས་པ་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །ཉི་མ་སོ་སོར་འཕེལ་བཞིན་མཆོད་པ་བྱ་སྟེ། ཉི་མ་བདུན་ནམ།

ཟླ་བ་གཅིག་ལ་སྟེང་དུ་འགྲོ་བའི་ལྷ་མོ་རྣམས་དབང་དུ་བྱེད་དོ། །ཙཱ་རུ་བཟའ་ཞིང་བྱང་ཆུབ་ཤིང་གི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་ཞོ་དང་སྦྲང་རྩི་དང་། མར་གྱིས་བཏགས་པའི་ཡུངས་ཀར་རྒྱལ་པོའི་སྲེག་བླུགས་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །ཉི་མ་གསུམ་ལ་

རྒྱལ་པོའི་བཙུན་མོ་དབང་དུ་བྱེད་དོ། །གང་སྨྲས་པ་དེ་ཐམས་ཅད་རྫོགས་པར་བྱེད་དོ། །འདོད་པས་ཉེ་བར་བཞག་པ་ནི་མ་གཏོགས་སོ། །བྱང་ཆུབ་ཤིང་གི་ཡམ་ཤིང་གིས་མེ་སྦར་ནས་ཨ་མྲའི་འདབ་མ་རྣམས་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །ཁྱིམ་

གྱི་གནོད་པ་ཉེ་བ་ཞི་བར་བྱེད་དོ། །རས་རིས་ཀྱི་སྤྱན་སྔར་མདའ་རྒྱང་གི་ཚད་ཀྱི་ཐང་ལ་ཉེ་བར་བྱུགས་ཏེ། ནས་ཀྱི་རིལ་བུ་སྟོང་ཕྲག་བརྒྱད་ལ་གཟུགས་བརྙན་བྱས་ནས་ལན་བདུན་མངོན་པར་བསྔགས་པའི་མཚོན་རྣོན་པོས་གཏུབ་ཅིང་གཏུབ་ཅིང་སྲེག་བླུགས་སྟོང་ཕྲག་བརྒྱད་སྦྱིན་

སྲེག་བྱའོ། ཇི་སྲིད་རྐང་བའི་བར་མིང་ནས་སྨོས་ནས་ཁུ་ཚུར་བཅིངས་ཏེ་འདུག་པའི་སྟེང་དུ་ལག་པས་དབུལ་ལོ། དེ་ནས་ཁྱིམ་མེད་པར་ཀུན་ཏུ་སྣང་བའི་ཆེད་དུ་རྟོག་པར་བྱའོ། དེའི་མདུན་དུ་ཁུ་ཚུར་དགྲོལ་བར་བྱ་སྟེ་ཞི་བ་ཉིད་དབང་དུ་འགྱུར་རོ། དེ་ལྟར་ཉི་མ་བདུན་ལ་

འབངས་ཉིད་ཀྱིས་ཉེ་བར་གནས་སོ། ཨརིཥྚའི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་ཤིང་ཏཱ་ར་བརྟའི་ཞོགས་པ་རྣམས་ལ་ལན་བདུན་བཟླས་པས་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །ཕྱོགས་ཀྱི་བཟའ་བ་རྒྱུན་མི་འཆད་པར་སྐྱེའོ། པ་ལཱ་ཤའི་ཡམ་ཤིང་གི་མེ་

เล่ม ๙๔ · หน้า 171a

རབ་ཏུ་སྦར་ནས་ཨ་པཱ་མརྒའི་ཡམ་ཤིང་གིས་བཏགས་པ་ཐུན་གསུམ་དུ་མིང་ནས་སྨོས་ཏེ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །ཉི་མ་བདུན་ལ་གང་འདོད་པ་དེ་དབང་དུ་འགྱུར་རོ། །བ་བྱུང་གི་གཟུགས་བརྙན་བྱས་ནས་ལན་བདུན་མངོན་པར་བསྔགས་པ་

བྱས་པའི་མཚོན་རྣོན་པོས་མགོ་བོ་ནས་བརྩམས་ནས་རྐང་པའི་བར་དུ་གཏུབས་ནས་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག །ཉི་མ་བདུན་ལ་ང་རྒྱལ་ཆེན་པོ་དབང་དུ་འགྱུར་རོ། །དཀར་པོའི་བཅོ་ལྔ་ལས་ལ་མ་ལྷུང་བའི་བ་བྱུང་གིས་བ་ལང་གི་བསམ་པའི་ཚད་ཀྱི་ཐང་ཉེ་བར་བྱུགས་ཏེ་

རིང་བསྲེལ་དད་བཅས་པའི་མཆོད་རྟེན་དུ་རས་རིས་བཞུགས་ནས་གསེར་རམ། དངུལ་ལམ། ཟངས་ཀྱི་སྣོད་དུ་སེར་སྐྱ་རྒྱུད་མཚུངས་པའི་འོ་མ་གཞོན་ནུ་མས་བསྲུབས་པའི་མར་བླངས་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ། ཨ་ཤྭཏྠའི་འདབ་མའི་ནང་ལ་སྣོད་བྱས་ནས་

གཡས་སུ་བསྐོར་བ་བཞི་རབ་ཏུ་བཞག་ནས་ལག་པ་གཡོན་པས་མནན་ཏེ་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་བཟླས་པ་བྱའོ། །ཉི་མ་བརྒྱད་པ་ལ་ལག་པ་གཡས་པའི་མིང་མེད་ཀྱི་སོར་མོས་དཀྲུགས་ཏེ་ཇི་སྲིད་དུ་དྲོ་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་བཏུང་བར་

བྱ་སྟེ། གོ་ཆ་བཅིང་བ་ཡང་བཅོམ་ལྡན་འདས་མ་ཉིད་ཀྱིས་བྱའོ། །ཡིད་གཞུངས་པར་འགྱུར་རོ། །རལ་པ་གྱེན་བརྫེས་ཀྱི་རྒྱུད་ཕྱི་མར་ཟླ་བའི་ཆོ་གའི་ཉེ་བར་སྤྱོད་པའོ། །སྒྲོལ་མའི་སྒྲུབ་ཐབས་ཀྱི་རིག་པ་ཐམས་ཅད་ལས་ལ་མ་ལྷུང་བའི་སེར་སྐྱའི་བ་བྱུང་གིས་གཙང་མའི་

ཕྱོགས་སུ་དཀྱིལ་འཁོར་གྲུ་བཞི་བ་བྱའོ། །བ་བྱུང་དེས་ཡང་དག་པར་རྫོགས་པར་བྱ་སྟེ། དཀྱིལ་འཁོར་དེར་སངས་རྒྱས་ཀྱི་གཟུགས་བརྙན་གཞག་པར་བྱའོ། །དེ་ནས་བིལ་བའི་མགོ་བོའི་འདབ་མ་རྣམས་བྱས་ནས། ཏིལ་དང་། ཏིལ་གྱི་ཐུག་པ་དང་། ཏིལ་མར་དང་།

སྨྱོ་བྱེད་དང་། འོ་ཐུག་དང་། བུ་རམ་དང་། གང་བ་ཅན་དང་། ནས་ཟན་བཟའ་སྟེ་མ་རྙེད་པས་ཨ་ག་རུའི་བདུག་པ་སྲེག་གོ། །དེ་ལྷོ་དང་། ནུབ་ཏུ་ཡང་ཕྱོགས་བཞིར་སྔར་བརྗོད་པའི་གནོད་སྦྱིན་མོ་རྣམས་ཀྱི་མིང་སྨོས་ནས་བརྗོད་པར་བྱའོ། །འོངས་པ་དང་། དྲི་དང་།

เล่ม ๙๔ · หน้า 171b

མེ་ཏོག་དང་། བདུག་པ་དང་། གཏོར་མ་སོ་སོར་བཞེས་པ་དང་། འདི་ལྟ་བུའི་མིང་གི་རིག་པ་བཟླས་སོ། །དེར་བུ་རམ་དང་། གང་བ་དང་། འོ་ཐུག་ཀྱང་ཤར་གྱི་ཕྱོགས་སུ་གཞག་པར་བྱའོ། །དྲི་ཟ་རྣམས་ལ་གཏོར་མ་དང་། ཏིལ་དང་ཏིལ་གྱི་ཐུག་པ་དང་། ཆང་གིས་

བཀང་བ་ཅན་ལྷོའི་ཕྱོགས་སུ་གཞག་པར་བྱའོ། །གནོད་སྦྱིན་དང་། གྲུལ་བུམ་རྣམས་ལ་གཏོར་མ་འོ་མས་བཀང་བ་དང་། འོ་ཐུག་ནུབ་ཀྱི་ཕྱོགས་སུ་གཞག་པར་བྱའོ། །ཀླུ་དང་འདབ་བཟང་རྣམས་ལ་གཏོར་མ་རྩབ་མོས་བཀང་བ་དང་། ཞོས་བཀང་བ་དང་། ཟན་ཡང་བྱང་གི་ཕྱོགས་སུ་

གཞག་པར་བྱའོ། །གནོད་སྦྱིན་མོ་རྣམས་ལ་གཏོར་མ་དང་དར་བས་བཀང་བ་དང་། ཆུ་དང་བསྲེས་པའོ། །བཅོམ་ལྡན་འདས་མ་ལ་དཀར་གསུམ་གྱི་གཏོར་མ་ཕུལ་ནས་མེ་ཏོག་ཐམས་ཅད་ཀྱིས་ཀྱང་མཆོད་པར་བྱའོ། །དེའི་ཕྱོགས་བཞི་རུ་གུ་གུལ་གྱི་བདུག་པ་དབུལ་ལོ། །ཨ་

ག་རུ་དང་། ཏུ་རུ་ཥྐ་དང་། ག་པུར་རམ་དྲིའི་སར་ཛ་རའི་གཏོར་མའམ། ཟན་དྲོན་དང་ཕྱེ་ཕྱོགས་བཞིར་གཞག་པར་བྱའོ། །ཡོད་བཞིན་པ་མ་ཡིན་པས་ཇི་ལྟར་འབྱོར་པ་དང་། ཇི་ལྟར་ཡོད་པའི་གཏོར་མ་དབུལ་བར་བྱའོ། །བཅོམ་ལྡན་འདས་མ་ལ་ཡང་མར་གྱི་མར་མེ་

དབུལ་ལོ། །དེ་ནས་མྱུར་དུ་རིལ་བ་སྤྱི་བླུགས་གཡས་ཀྱི་གཞོགས་སུ་གཞག་པར་བྱའོ། །རས་རིས་སམ་བདུན་པའམ། ཀུ་ཤ་བླངས་ནས་ལན་བརྒྱ་མངོན་པར་བསྔགས་པ་བྱས་ནས་ཁ་ཤར་དུ་ཕྱོགས་ཏེ་རིག་པ་བཞི་ལན་ཉི་ཤུ་རྩ་གཅིག་ཏུ་བོར་བར་བྱའོ། །བརྒྱད་

བརྒྱར་མཚོན་ལས་རྒྱལ་བར་འགྱུར་རོ། །དེའི་མིང་ནས་སྨོས་པ་ཉིད་ཀྱི་དུས་གསུམ་དུ་བཟླས་པར་བྱའོ། །དེ་ནས་མཚུངས་པར་འདོར་བཞིན་པ་བྱས་པ་ལ་བཅོམ་ལྡན་འདས་ལ་གང་མེ་ཏོག་དང་། བདུག་པ་དང་། མར་མེ་ཡང་དོར་ནས་རྣམ་པ་གཞན་གྱི་གཏོར་མ་

ཐམས་ཅད་བླངས་ཏེ་འཕང་བར་བྱའོ། །རྫིང་སྐམ་པོ་དང་། ཁྲོན་པར་གཞུག་པར་བྱའོ། །ཡང་ན་གཞན་ཡང་གཙང་མའི་ཕྱོགས་བླ་གབ་དང་བཅས་པ་ཡང་རུང་སྟེ། རྣམ་པར་དོར་བར་བྱའོ། །གང་དུ་ཝ་དང་། ཅེ་སྦྱང་དང་། ཁྱི་རྣམས་ཀྱིས་མི་ཟ་བར་རོ། །རྐང་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด